གཉིས་པ་མཐའ་རགས་ཙམ་དཔྱད་པ།
གཉིས་པ་མཐའ་རགས་ཙམ་དཔྱད་པ་ལ།
འཕགས་པའི་ལུགས་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུའི་གསུམ་པ་དང་བཞི་བ་ལ་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་བ་གཉིས་ཀྱི་མིང་ཅན་གཉིས་བཞག་དགོས་པར་ཐལ། ཉ་ཊཱིཀ་ལས་སྔར་བཤད་པ་ལྟར་རྩ་བའི་དད་དང་མཐོང་ཐོབ་ཅེས་པའི་ཚིག་དོན་དང་མདོ་གཉིས་ཀ་དེ་འདྲའི་འབྲས་བུ་བར་བ་གཉིས་ཀྱི་མིང་ཅན་ལ་སྦྱར་བའི་ཕྱིར་ཞེ་ན། དེ་མི་འཐད་དེ། དགེ་འདུན་ཉི་ཤུའི་གྲངས་ལ་ཞུགས་པའི་མིང་ཅན་ལྔ་བགྲང་དགོས་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། འཕགས་པ་སོགས་ལྟར་ན། ཞུགས་པའི་མིང་ཅན་ལྔ། ཞེས་གསུངས་པའི་ཕྱིར་རོ། །ཉ་ཊཱིཀ་ལས། ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་རྣམས་སུ་བྱང་སེ་དབང་བོ་རྟུལ་བོར་གྱུར་པ་དེ་ནི་དད་པས་རྗེས་འབྲང་ཞེས་བརྗོད་དེ། ཞེས་པ་ལ་བཅུ་དྲུག་པ་ཞེས་སྒྲ་རང་སོར་བཞག་ལ། སེང་བཟང་གི་འགྲེལ་བ་དོན་གསལ་ལས། མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཞེས་སྒྲས་ཟིན་ཀྱང་བཅོ་ལྔ་གང་རུང་ཞེས་དགོངས་པ་བླང་བའི་རྒྱུ་མཚན་ལ་དཔྱད། སྐབས་འདིའི་རྒྱལ་སྲས་རྣམས་ལ་ཕྱིར་མི་ལྡོག་པ་ཡིན་པས་མ་ཁྱབ་སྟེ། མདོ་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས། ཞེས་དང༌། ཉ་ཊཱིཀ་ལས། ཕྱིར་མི་ལྡོག་པ་མ་གཏོགས་པར་དབང་བོ་རྟུལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེའི་ཕྱིར་མི་ལྡོག་ཞེས་པ་ས་བརྒྱད་པ་ལ་བྱེད་པར་གཞུང་དུ་མར་གསུངས་པའི་ཕྱིར་དང༌། སྐབས་འདིར་རྒྱལ་སྲས་དེ་དག་ཐེག་ཆེན་སློབ་པའི་དགེ་འདུན་དཀོན་མཆོག་ཡིན་ལ། དེ་ཡིན་ན་ཕྱིར་མི་ལྡོག་ཡིན་དགོས་པ་གོང་དུ་བཤད་ཟིན་པའི་ཉ་ཊཱིཀ་གི་སངས་རྒྱས་མིན་པའི་སློབ་པ་ཐེག་ཆེན་དགེ་འདུན་གྱི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། ། མདོ་ལས། ལྷ་ཚེ་རིང་བོའི་ནང་དུ་སྐྱེས་ཤིང༌། ཞེས་བྱང་སེམས་དེར་སྐྱེ་བ་ཡོད་མེད་དཔྱད། སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་དང༌། ཀུན་བཏུས་འགྲེལ་གོང་དུའང་བཤད་བར་བྱང་སེམས་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་གནས་མིན་པའི་ཕྱིར། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ་ཞེས་པ་དང་འགལ་ཞེ་ན། དེ་ནི་མཐུ་ཐོབ་པ་བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་ལ། འདིར་དབང་རྟུལ་སོ་སྐྱེའི་དབང་དུ་བྱས་པས་འགལ་བ་མེད་དོ། །ཞེས་དབང་རྟུལ་སྐྱེ་བ་ཡོད་མེད་དང༌། གཟུགས་མེད་ཁམས་ན་གཟུགས་ཡོད་ན་དབང་རྣོན་དེར་སྐྱེ་བ་ཡོད་མེད་དཔྱད། ཡང་ཉ་ཊཱིཀ་ལས། པནྚི་ཏ་དག་གིས། དེ་བགྲང་བ་ཙམ་ཞིག་མ་དྲན་པར་ཟད་དོ། །ཞེས་མི་འཐད་པར་ཐལ། ལོ་པཎ་རྣམས་དེ་བགྲང་བའི་ཕྱིར་ཏེ། ཡུམ་གསུམ་བམ་ཚད་ཀྱིས་བཤད་པའི་ཕྱིར། འབུམ་ལ་བམ་པོ་སུམ་བརྒྱ། ཉི་ཁྲི་ལྔ་སྟོང་ལ་བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤོ་ལོ་ཀ་བརྒྱ། ཁྲི་བརྒྱད་སྟོང་བ་བམ་པོ་དྲུག་ཅུ་ཡོད་པར་སྐབས་དུ་མར་གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །ཡང་ཉ་ཊཱིཀ་ལས། དགྲ་བཅོམ་ཞུགས་པའི་བྱང་སེ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་ས་བཅུ་བ་བར་ཆད་མེད་ལམ་པ་སྟེ། ཞེས་སོགས་དགེ་འདུན་ཉི་ཤུའི་སྐབས་གོང་འོག་དུ་མར་བྱང་སེམས་ཀྱི་སྒོམ་སྤང་ཉོན་མོངས་རིམ་གྱིས་སྤངས་པ་ལྟ་བུར་གསུངས་པ་མི་རིགས་ཏེ། ཉ་ཊཱིཀ་རང་ལས། དེས་ན་ཨཱརྱའི་ལྟར་མི་ལེགས་ཀྱི་གནོད་འཇོམས་ལྟར་ཤིན་ཏུ་ལེགས་སོ། །ཨཱརྱ་ལྟར་ན་ས་དང་པོ་ཡན་དུ་ཉོན་མོངས་སྤང་རྒྱུ་མེད་པར་འགྱུར་བའི་སྐྱོན་འོང་བར་སྣང་ངོ༌། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱ་བའི་གནས་སོ། །སྐབས་འདིར་བསྟན་པའི་རྒྱལ་སྲས་ལ་སོ་སྐྱེ་ཡོད་དེ། ཉ་ཊཱིཀ་མཆན་ལས། སོ་སྐྱེར་གསལ། ཞེས་དང༌། ཉ་ཊཱིཀ་ལས། དེས་ན་མདོ་ལྟར་ན། བྱང་སེ་སྐྱེ་འཕགས་གཉིས་ཀ་ཡོད་ཅིང༌། ཞེས་གསུངས་སོ། །ཞེ་ན། དེ་མི་རིགས་ཏེ། འདིར་བསྟན་པའི་རྒྱལ་སྲས་ཐམས་ཅད་འཕགས་པ་ཡིན་དགོས་པའི་ཕྱིར་ཏེ། ཉི་ཁྲིའི་བཤད་པ་རྫོགས་ལྡན་ལས། རྒྱལ་སྲས་བཞི་བཅུ་རྩ་ལྔ་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པའི་དགེ་འདུན་དཀོན་མཆོག་དངོས་ཡིན་ལ། ཞེས་དང༌། ཐེག་པ་གཉིས་ཀྱིས་བསྡུས་པའི་དགེ་འདུན་ལ་འཕགས་པ་དྲུག་ཅུ་རྩ་ལྔར་གསུངས་སོ། །ཞེས་གསུངས་པའི་ཕྱིར་ཞེ་ན་བརྟག་དགོས་སོ། །ཡང་ཉ་ཊཱིཀ་ལས། དེས་ན་བཏགས་པ་བ་སྟེ། འདོགས་པའི་རྒྱུ་མཚན་ནི། དེ་དང་དེར་སྤྲུལ་བ་དང་སྒྲ་འཇུག་པའི་རྒྱུ་མཚན་ཆོས་འགའ་འདྲ་བ་སྟེ།ཐེག་པ་རླབས་པོ་ཆེས་ནི་སྐྲག་གྱུར་ཅིང༌། །ཞེས་གསུངས་པ་ལ་སྤྲུལ་སོགས་ཆོས་འགའ་འདྲ་ན་དེའི་མིང་ཅན་གྱི་བྱང་སེམས་ཡིན་དགོས་པར་འདོད་པའི་ཕྱིར། འདོད་ན། འོ་ན་བྱང་སེམས་ཡིན་ན་ཐེག་དམན་དགེ་འདུན་ཉི་ཤུ་བོ་རེ་རེའི་མིང་ཅན་ཡིན་དགོས་པར་ཐལ། དེ་ཡིན་ན་ཆོས་འགའ་འདྲ་བ་ཡོད་པས་ཁྱབ་པའི་ཕྱིར་ཞེ་ན་འཕགས་པ་དང་རང་ལུགས་གཉིས་ཀ་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡང་ཐེག་པ་རླབས་པོ་ཆེས་ནི་སྐྲག་གྱུར་ཅིང༌། །ཞེས་པས་རྒྱུ་མཚན་བསྟན་པ་མ་ཡིན་པར་ཐལ། མདོ་ལུགས་མ་ལས་དགོས་པ་ལས་རྒྱུ་མཚན་ལ་མ་སྦྱར་བའི་གནད་ཅིག་ཡོད་པའི་ཕྱིར་ཏེ། མདོ་ལུགས་མ་ལས། དགོས་པ་ནི་མདོ་ལས་ཇི་སྐད་དུ། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང༌། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་འགྱུར། ། རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་གསུངས་སོ། །ཡང་ཉ་ཊཱིཀ་ལས། བཏགས་པའི་དགོས་པ་ནི། དག་ལྡན་དུ།དེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ་ཞེས་སོ། །ཞེས་གསུངས་པ་ལ་ཡིད་ཆེས་ཚུལ་ཐེག་དམན་དགེ་འདུན་དུ་ཡིད་ཆེས་ནས་འཇུག་པ་ཡིན་ནམ། ཐེག་ཆེན་དགེ་འདུན་ཡིད་ཆེས་ནས་འཇུག་པ་ཡིན། དང་པོ་ལྟར་ན་དེ་འདྲའི་གང་ཟག་ཐེག་ཆེན་ལམ་དུ་ཞུགས་པ་ལ་ཐེག་ཆེན་གྱི་ལམ་དེ་ཐེག་དམན་གྱི་ལམ་དུ་ཡིད་ཆེས་དགོས་པར་འགྱུར་རོ། །གཉིས་པ་མི་འཐད་དེ། ཐེག་དམན་དགེ་འདུན་དེ་དག་གི་མིང་གིས་བསྟན་ན་ཐེག་ཆེན་གྱི་དགེ་འདུན་ཡིད་ཆེས་པའི་གནས་མེད་དོ། །ཞེས་སྔོན་གྱི་མཁས་པ་ཁ་ཅིག་གིས་བཤད་པ་ལྟར་དཔྱད་ན་དཔྱོད་ལྡན་རྣམས་ཀྱིས་དྲི་མ་མེད་པའི་ལན་གྱིས་ཚིམ་པར་བྱའོ། །རང་ལུགས་ལ་རྒྱལ་སྲས་ཞེ་ལྔ་ཐེག་དམན་གྱི་དགེ་འདུན་ཉི་ཤུའི་མིང་གིས་བཏགས་པའི་དགེ་འདུན་ཉི་ཤུར་བསྡུས་ནས་བཤད་པ་མི་རིགས་ཏེ། མདོ་ལུགས་མ་ལས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཐེག་པ་འོག་མ་ལ་སློབ་པའི་གང་ཟག་ཉི་ཤུའི་རྣམ་པར་བཞག་པ་ནི་དེ་ཡིན་ནོ། །ཉི་ཁྲི་སྣང་བ་ལ་སོགས་པ་རྣམས་ཀྱི་འཆད་ལུགས་ནི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་དང་འགལ་བའི་ཕྱིར་རོ། །སྐབས་འདིའི་གང་ཟག་ཉི་ཤུ་པོ་རྣམས་བཏགས་པ་པར་འཆད་པའི་ལུགས་ལ་ཐེག་པ་གསུམ་ལ་སློབ་པའི་གང་ཟག་གི་དངོས་པོར་སྟོར་ཏེ། སྔར་རྒྱལ་སྲས་ཞེ་ལྔའི་ངོ་བོ་སྟོར་ཞིང་འདིར་ཐེག་པ་འོག་མའི་གང་ཟག་ཉི་ཤུའི་ངོ་བོ་སྟོར་བའི་ཕྱིར་རོ། །དེ་རྣམས་ལས་མ་གཏོགས་པ་མདོ་འདིར་གསུངས་པ་མེད་པས་སོ། །དེས་ན་འདི་རྣམས་བཏགས་པ་བ་ཡིན་པ་ལ། དགོས་པ་ལ་སོགས་པའི་ཆོས་གསུམ་མེད་པའི་ཕྱིར་མི་རིགས་སོ། །གལ་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ་ཞེ་ན། དེར་བྱང་སེམས་ལ་བརྒྱད་པ་ལ་སོགས་པའི་མིང་གིས་གསུངས་པའི་དགོས་པ་ནི། མདོ་དེ་ཉིད་དུ་དེ་ལྟར་གསུངས་པའི་དགོས་པ་ཡིན་གྱི། མདོ་གཞན་དང་གཞན་དུ་གསུངས་པའི་དགོས་པ་ནི་མདོ་དེ་ཉིད་ཀྱི་ཡིན་པར་མི་རིགས་སོ། །གལ་ཏེ་རིགས་ན་དམ་ཆོས་པད་དཀར་སོགས་སུ་བཏགས་ནས་གསུངས་པའི་དགོས་པ་ཡང་མདོ་དེ་ཉིད་དུ་གསུངས་པའི་དགོས་པར་འགྱུར་བས་དགོས་པ་ལྷག་པོ་མེད་པ་དང༌། གདུལ་བྱ་གཅིག་ཏུ་ཐལ་བ་ལ་སོགས་པར་འགྱུར་རོ། །ཞེས་དང༌། གལ་ཏེ་སྔར་བྱང་སེམས་ཞེ་ལྔ་སྟོན་པའི་མདོ་དེ་ཉིད་ཉི་ཤུ་པོ་འདིའི་མདོ་ཡིན་པར་འདོད་ན། སྤངས་རྟོགས་དང་སྐྱོན་ཡོན་མི་འདྲ་བའི་ཁྱད་པར་ཕྱེ་བས་ཞེ་ལྔ་ལས་ཉུང་བར་བསྡུར་མི་རུང་བ་དེ་དག་ཇི་ལྟར་ཁྱད་པར་དེ་ཉིད་ཀྱི་སྒོ་ནས་ཉི་ཤུར་འདུས་པར་འགྱུར། རྒྱལ་བ་ དང༌། རྒྱལ་ཚབ་གཉིས་ཀྱང་དགོངས་པ་མི་གཅིག་པར་ཧ་ཅང་ཐལ ་བར་འགྱུར་རོ། །དེས་ན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ནི་རྒྱལ་སྲས་ཞེ་ལྔ་ཉིད་ཡིན་ལ། གདམས་ངག་གི་ནང་ན་མེད་ཅིང་ཞར་ལ་གསུངས་པའི་ཉི་ཤུ་བོ་འདི་ནི་ཐེག་དམན་པ་ཉིད་ཡིན་ནོ། །ཉི་ཁྲི་སྣང་བ་དང་བསྡུས་དོན་འགྲེལ་པ་སོགས་སུ། རྒྱུན་ཞུགས་དང༌། འཕར་བ་དང༌། ཕྱེད་དུུ་འཕར་བ་དང་སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དང༌།བསེ་རུུ་ལྟ་བུ་སྟེ་དྲུག་པོ་འདི་རྣམས་སྟོན་པའི་མདོ་ཡིན་ཟེར་བ་བྱུང་བ་རྣམས། འབུམ་པ་དང༌། ཉི་ཁྲི་ལེ་མངས་དང༌། ཁྲི་བརྒྱད་སྟོང་པ་རྣམས་ན་མེད་པས་མདོ་སྡེ་དེ་ལྟ་བུ་རྣམས་གང་ནས་རྙེད་པར་ཡིན་ཞེས་མཁས་པ་རྣམས་ཀྱིས་རྩད་གཅད་པར་བྱའོ། །གལ་ཏེ་འབུམ་ལ་སོགས་པ་ལ་མདོ་དེ་རྣམས་སྔར་ཡོད་ཀྱང་ཡི་གེ་ཉམས་པས་ཕྱིས་མེད་དོ་ཞེ་ན། དེ་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་དུ་རྒྱུན་ཞུགས་ལ་སོགས་པའི་མདོ་དེ་རྣམས་མ་བྱུང་བས་དེའི་གོང་དུ་ཡི་གེ་ཉམས་ཟིན་པར་འགྱུར་རོ། །དེ་ལྟར་ཡིན་ན་ཁྱེད་རྣམ་པས་གང་ནས་རྙེད་དེ་ཁུངས་བསྟན་དགོས་སོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱིས་མ་རྙེད་པའི་མདོ་སྡེ་ལྷག་པོ་དེ་རྣམས་རྒྱལ་བ་དང༌། རྒྱལ་ཚབ་དང༌། འཕགས་པ་ཐོགས་མེད་གསུམ་པོ་ལས་གང་ཞིག་གོ་མ་ཆོད་ནས་ཉམས་པ་དེ་ཁྱེད་ཀྱིས་རྙེད་པ་ནི་ངོ་མཚར་དུ་རྩིའོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱལ་སྲས་ཞེ་ལྔའི་རྣམ་བཞག་ལོགས་སུ་བྲིས་ཡོད་པས་དེར་ཤེས་པར་བྱའོ། །སྨྲས་པ།རིག་གྲོལ་མངའ་བདག་ཚོགས་མཆོག་དགེ་འདུན་གྱི། །རྣམ་དབྱེ་རྒྱལ་སྲས་ཉན་རང་འཕགས་པའི་སྡེ། །ཡུམ་གྱི་མདོ་དང་མངོན་པ་གོང་འོག་གི། །བཤད་ཚུལ་པདྨ་དཀར་བོའི་ཕྲེང་བས་མཛེས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡན་གྱིས་གདམས་ངག་དང་ཞར་བྱུང་དགེ་འདུན་ཉི་ཤུ་དང་བཅས་པ་བཤད་ཟིན་ཏོ། །