Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།

6 occurrences of བརྒྱུད་གསུམ་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
གཉིས་པ་ཐབས་གང་ལས།
  
  
  
 
  
  
  
expand section
expand section


6 occurrences of བརྒྱུད་གསུམ་
[Clear Hits]

 
previousགཉིས་པ་ཐབས་གང་ལས།next

གཉིས་པ་ཐབས་གང་ལས།

གཉིས་པ་ཐབས་གང་ལས་ནི།

ཉ་ཊཱིཀ་ལས། ལ༷མ་གསུམ་བདེན་པའི་སྐྱེ་མེད་དུ་ཤེ༷ས་པ་སྙིང་རྗེ་ལ་སོགས་པའི་ཐབས་དང་བཅས་པ་ཉི༷ད་ཀྱི༷ས་སོ། །ཞེས་པ་ལྟར་རོ། །གསུམ་པ་དོན་གང་སྒྲུབ་པ་ནི། འཇི༷ག་པ་ལ་བརྟེ༷ན་པའམ་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ཏེ་བཅུད་ཀྱི་སེམས་ཅན་ལ་ཕན་པའི་དོ༷ན་མངོན་མཐོ་ངེས་ལེགས་ཇི་ལྟར་འོས་པ་བཞིན་དུ་དངོས་དང་ བརྒྱུད་པའི་སྒོ་ནས་སྒྲུ༷བ་པའམ་རྫོགས་པར་མཛ༷ད་པ༷འོ། །འདིར་ལམ་ཤེས་ནི་སྔར་བཤད་ལྟར་དང་ལམ་གསུམ next hit་ཕྱིན་ཅི་མ་ལོག་པར་ཇི་བཞིན་ཤེས་པའི་རྗེས་ཐོབ་གཉིས་ཀ་གཟུང་སྟེ། ཏིང་འཛིན་རྒྱལ་བོར། བདུད་རྩི་འཐོབ་བྱེད་ལམ་ནི་འདི་ཡིན་གྱི། །ལམ་ངན་སྤོངས་ལ་ལམ་བཟང་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་འདོམས་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་པ་ལྟར་རོ། །དེས་ན་བྱང་སེམས་འཇིག་རྟེན་གྱི་དོན་བསྒྲུབ་པ་ཆོས་ཅན། ལམ་ཤེས་ཀྱི་འབྲས་བུའི་ཐ་སྙད་བྱར་རུང་སྟེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་སོ། །རྟགས་གྲུབ་སྟེ། རིམ་བཞིན་དུ་ལམ་གསུམ་ཤེས་ན་བསྟན་ནུས་ལ་སྙིང་རྗེ་སོགས་ཡོད་ན་བསྟན་འདོད་དེ་ལམ་བསྟན་པས་མངོན་མཐོ་ངེས་ལེགས་ལ་འགོད་པས་སོ། །སེམས་འགྲེལ་དུ། རང་ཉིད་ངེས་པ་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་སོ། །ཡང་རང་གིས་ལམ་མི་ཤེས་ན་བསྟན་མི་ནུས་ལ་སྙིང་རྗེ་སོགས་མེད་ན་བསྟན་མི་འདོད་དེ། ཇི་སྐད་དུ། རང་གི་རྟོགས་པའི་རྗེས་འབྲང་བས། །ཇི་ཙམ་ཞིག་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་འགྲེལ་ཆེན་དུ་དྲངས་སོ། །ལམ་ཤེས་ཁོ་ནས་འཇིག་རྟེན་གྱི་དོན་བསྒྲུབ་པར་མི་རིགས་ཏེ། གཞི་ཤེས་དང་རྣམ་མཁྱེན་གྱིས་ཀྱང་སྒྲུབ་པས་སོ་ཞེ་ན། བྱང་སེམས་འཇིག་རྟེན་གྱི་དོན་སྒྲུབ་པའི་དངོས་ཀྱི་རྒྱུ་ཚོགས་སུ་གྱུར་པའི་ཐབས་ལམ་ཤེས་ཁོ་ནར་འདོད་ཀྱི་འཇིག་རྟེན་གྱི་དོན་སྒྲུབ་བྱེད་ཐམས་ཅད་ལམ་ཤེས་ཁོ་ནར་མི་སྨྲའོ། །ཞེས་ཉ་ཊཱིཀ་ལས་གསུངས་སོ། །ཡང་སྔོན་མེད་ལེགས་བཤད་ལས། རྫོགས་སྨིན་སྦྱང་གསུམ་མ་བྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ལས་ཅན་ཞེས་གསུངས་པ་ལྟར་ལམ་ཤེས་ནི་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །རྫོགས་སྨིན་སྦྱང་གསུམ་བྱེད་ཚུལ་ནི། ཉ་ཊཱིཀ་ལས། དེ་ཡང་ཉན་རང་གི་སྤངས་རྟོགས་དང་པོར་རྫོགས་གསུངས་ཏེ། ས་དང་པོ་ཡན་དུ་ཉོན་མོངས་སྤང་བྱ་མེད་པར་འགྱུར་ཏེ། ཉན་རང་དགྲ་བཅོམ་གྱི་སྤངས་བ་དེར་རྫོགས་པས་སོ། །ཁྱབ་པ་ཡོད་དེ། ཐེག་དམན་དགྲ་བཅོམ་གྱིས་ཉོན་སྒྲིབ་སྤངས་བར་ཐེག་པ་ཆེ་ཆུང་ཀུན་ལས་བཤད་པས་སོ། །སྤྱོད་འཇུག་ཏུ། ཉོན་མོངས་སྤངས་ཀྱང་དེ་དག་ལ། །ཞེས་དང༌། རྣམ་འགྲེལ་དུ་ཡང༌། ཉོན་མོངས་མེད་དང་ཞེས་དང༌། སྤེལ་མར་བསྟོད་པར། བསེ་རུའི་རྭ་དང་འདྲ་གང་དང༌། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབ། །གྲོལ་བ་ཙམ་དུ་ཁྱོད་དང་མཚུངས། །རྨད་བྱུང་ཡོན་ཏན་ཚོགས་ཀྱིས་མིན། །ཞེས་སོ། །མདོར། དགྲ་བཅོམ་པ། ཟག་པ་ཟད་པ། ཞེས་སོགས་ཏེ་ལུང་མཐའ་ཡས་སོ། །རྒྱུན་དུ་ཞུགས་པ་དང་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ། །ཞེས་མདོར་གསུངས་ཤིང༌། ཨཱརྱས། བཟོད་པ་གང་ཡིན་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་སོ། །གནོད་འཇོམས་སུ། མི་སྐྱེ་བའི་བཟོད་པ་ས་བརྒྱད་པ་ལ་བཤད་ནས་དེར་རྫོགས་གསུངས་ཏེ། དད་རྗེས་འབྲང་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ནོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཆེ་བ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ཀྱི། ས་བརྒྱད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་གི་ཤེས་པ་དང་སྤོང་བ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ། །དེ་ཕན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་དོ། །ཞེས་བཤད་པས། རྫོགས་པའི་དོན་ས་བརྒྱད་པར་ཐོབ་པའི་སྤངས་རྟོགས་དེ་བས་ལྷག་པ་ཉན་རང་དགྲ་བཅོམ་ལ་མེད་ཀྱི་དེར་དེའི་སྤངས་རྟོགས་ཀྱི་རིགས་རྫོགས་པའམ་དེ་ཐོབ་པས་དེ་དག་གི་སྤངས་རྟོགས་ཀྱི་དོན་མཐར་ཕྱིན་པ་ཙམ་ལ་དེ་སྐད་ཟེར་རོ། །དེས་ན་ཨཱརྱའི་ལྟར་མི་ལེགས་ཀྱི་གནོད་འཇོམས་ལྟར་ཤིན་ཏུ་ལེགས་སོ། །ཨཱརྱ་ལྟར་ན་ས་དང་པོ་ཡན་དུ་ཉོན་མོངས་སྤང་རྒྱུ་མེད་པར་འགྱུར་པའི་སྐྱོན་འོང་བར་སྣང་ངོ༌། །འོད་ཟེར་མགོན་པོ་ནི་རྟོགས་པ་ས་དང་པོར་རྫོགས། སྤངས་པ་ས་བརྒྱད་པར་རྫོགས་ཞེས་སོ། །རལ་གྲི་ནི། རྟོགས་པ་ས་དང་པོ་དང་སྤངས་པ་ས་བཅུ་བར་འདུས་ཟེར་རོ། །ཟླ་གྲགས་ནི། རང་སངས་རྒྱས་རྣམས་ཐུབ་དབང་དབྱངས་སྐྱེས་བཅས། །རྫོགས་པའི་བྱང་སེམས་དང་པོ་ལ་གནས་པས། །བསོད་ནམས་དབང་གིས་ཐུལ་ཞིང་རྣམ་པར་འཕེལ། །རིང་དུ་སོང་བར་དེ་ནི་བློས་ཀྱང་ལྷག །ཅེས་ས་བདུན་པ་མ་ཐོབ་བར་དུ་རྟོགས་པས་ཟིལ་གྱིས་གནོན་མི་ནུས་གསུངས་སོ། །ཐེག་ཆེན་སློབ་པའི་སྤངས་རྟོགས་ཀྱི་ངོ་བོ་ཙམ་ཅི་རིགས་པ་ས་དང་པོར་རྫོགས་ཤིང་མ་ལུས་པ་རྒྱུན་མཐར་རྫོགས་གསུངས་བུ་སྟོན་རིན་པོ་ཆེ་སོ། །ཞིང་སྡུད་ཚིག་གོ །བྱང་སེམས་ཆུ་མིག་སམ། ལམ་གསུམ་པོ་དེ་དག་གིས་ཡང་དག་པའི་མཐའ་ཆོས་ཉིད་དྲི་བྲལ་གྱི་འགོག་པ་མཐར་ཐུག་མངོན་སུམ་དུ་ནི་མི་བྱའོ། །གཏན་ནས་མི་བྱའམ་ཞེ་ན། དམིགས་བསལ་སྟོན་པ་ནི་གཞན་དོན་བརླབས་ཅན་སྒྲུབ་པའི་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང༌། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་ལ་སྨིན་པ་ཉིད་དུ་བསྟན། །ཞེས་པ་ལྟར་གདུལ་བྱའི་སེམས་ཅན་རྣམས་སྒྲིབ་པ་ཅི་རིགས་སྤོང་རུང་དང་གཉེན་པོ་སྐྱེ་རུང་དུ་བྱས་པ་ནི་ཡོངས་སུ་སྨིན་པ་ཡིན་དེ་ལྟར་མ་བྱས་པ་དང༌། རང་འཚང་རྒྱ་བའི་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་མི་བྱ་ཞེས་དངོས་སུ་བསྟན་པས་རྫོགས་སྨིན་སྦྱངས་ནས་བྱ་ཞེས་འཕངས་སོ། །ཞིང་སྦྱོང་བ་ནི། གང་དུ་སངས་རྒྱས་ན་ཞིང་དེའི་སེམས་ཅན་མཐའ་ཡས་པས་མངོན་མཐོ་ངེས་ལེགས་ཐོབ་པར་བྱེད་ནུས་པའི་སྣོད་བཅུད་ཅན་ཞིག་ལ་ཟེར་གྱི། དག་པའི་ཞིང་ཁོ་ནར་བྱས་པ་མི་དགོས་ཏེ་གཞན་དུ་མ་དག་པའི་ཞིང་མེད་པར་འགྱུར་རོ། །དག་པའི་ཞིང་ལ་ཡང་ཐེག་དམན་དང་བུད་མེད་ཀྱི་མིང་ཡང་མི་གྲག་པ་འཇམ་དཔལ་གྱི་ཞིང་ལྟ་བུ་དང༌། ཉན་ཐོས་ཡོད་ཅིང་བུད་མེད་ཀྱི་དངོས་པོ་མེད་པ་བདེ་བ་ཅན་ལྟ་བུ་དང༌། བུད་མེད་ཡོད་པ་མངོན་དགའ་ལྟ་བུའོ། །མ་དག་པའི་ཞིང་ལ་ཡང་སྙིགས་མ་ལྔ་དང་ལྡན་མི་ལྡན་གཉིས་ལས་ཕྱི་མ་ན་སེམས་ཅན་དེ་དག་ཡོངས་སུ་རྒུད་པར་འགྱུར་བ་མེད་དོ་ཞེས་སོ། །འདིར་ཁ་ཅིག་ཡང་དག་མཐའ་ངོ་བོ་ཉིད་སྐུ་མིན་ཏེ། ཚོགས་མ་རྫོགས་པར་དེ་མངོན་དུ་བྱེད་མི་ནུས་པས་མི་བྱ་ཞེས་དགག་མི་དགོས། ནུས་ན་དེ་ལས་འཕྲིན་ལས་འབྱུང་བས་མི་དགོས་པས་སོ། །དེས་ན་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡིན་ཏེ། དེ་དམིགས་བསལ་མ་རྫོགས་པར་མངོན་དུ་བྱས་ན་མྱང་འདས་ཆད་པའི་མཐར་ལྟུང་ཞེས་ཟེར་རོ། །མི་རིགས་ཏེ་དྲི་མ་ཐམས་ཅད་བྲལ་བའི་ཆོས་ཉིད་དང༌། ངོ་བོ་ཉིད་སྐུ་ལ་ཁྱད་མེད་དེ། རྒྱན་དུ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །ཞེས་སོགས་མཐའ་ཡས་སོ། །ངོ་བོ་ཉིད་སྐུ་མངོན་དུ་བྱས་ན་ཇི་ལྟར་བྱས་ཀྱང་རུང་སྟེ་སངས་རྒྱས་པ་ཡིན་ཞེས་པའི་ལན་དེ་ལེགས་སོ། །ཆད་པའི་ཡང་དག་མཐའ་ཡང་མིན་ཏེ་རྫོགས་སྨིན་སྦྱངས་ཀྱང་མངོན་དུ་མི་བྱེད་པས་སོ། །དེས་ན་ངོ་བོ་ཉིད་སྐུ་ཡིན་ནོ། །ཁ་ཅིག་གཉལ་ཆུ་བུ་སྟོན་ཆོས་ཅན་ཡང་དག་མཐའ་དང་ཆོས་ཉིད་ཡང་དག་མཐའ་གཉིས་ཏེ་རྟོགས་པ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡིན་ཞེས་མདོ་དང་སྦྱོར་བ་ནི། མདོའི་དགོངས་པ་མིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་སྟེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པས་ཆོས་ཅན་ཡང་དག་མཐའ་བསྟན་པར་བཞེད་པ་ནི་མི་འཐད་དེ། འདིར་དེ་བཞིན་གཤེགས་པའི་སྐུ་ཞེས་པ་དོན་དམ་ངོ་བོ་ཉིད་སྐུ་ཡིན་ལ་དེ་ཡང་དག་མཐས་ཕྱེ་བ་སྟེ་དེ་ཉིད་ཤེར་ཕྱིན་ཞེས་པ་རང་བཞིན་གྱི་ཤེར་ཕྱིན་ལ་དགོངས་ཀྱི་ཀུན་རྫོབ་པ་མིན་ནོ། །དེ་ལྟ་མིན་ན། འདུས་བྱས་ཀྱི་རྟོགས་པ་ཆོས་སྐུ་ཆོས་ཅན། དོན་དམ་ཆོས་དབྱིངས་སོགས་ཡིན་པར་ཐལ། ཡང་དག་མཐའ་མཚན་ཉིད་པ་ཡིན་པས་སོ། །མ་ཁྱབ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །ཞེས་པ་ནས། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དབུས་མཐར་བཤད་ཅིང་རྒྱས་འབྲིང་བསྡུས་པར་ཡང་དེ་རྣམས་རྣམ་གྲངས་སུ་བཤད་ཅིང༌། ཐེག་ཆེན་གྱི་མདོ་ཀུན་ལས་ཀྱང་ངོ༌། །འདིར་རྫོགས་སྨིན་མ་སྦྱངས་པར་ཡང་དག་མཐའ་མངོན་དུ་མི་བྱ་སྟེ་དེ་བྱེད་པ་ལ་ངེས་པར་རྫོགས་སྨིན་སྦྱང་དགོས་པའི་ཕྱིར་ཞེས་པའི་དོན་ཙམ་དུ་མངོན་ནོ། །ཁ་ཅིག་རྫོགས་སྨིན་སྦྱངས་པ་གསུམ་འདིར་དམིགས་བསལ་དུ་འདོད་པ་ནི་རྣམ་པར་འཁྲུལ་བ་སྟེ། འོ་ན་དེ་གསུམ་སྦྱངས་ན་ཡང་དག་མཐའ་མངོན་དུ་མི་བྱེད་ཅེས་པར་འགྱུར། ཞེས་སོགས་ངག་ལས་ཤེས་སོ། །ཞེས་གསུངས་སོ། །དེ་ལས་ས་བརྒྱད་པར་ཉན་རང་གི་སྤངས་རྟོགས་རྫོགས་པར་གསུངས་པ་མི་འཐད་པར་ཐལ། ས་དང་པོར་ཉན་རང་གི་སྤངས་རྟོགས་རྫོགས་པའི་ཕྱིར། དེར་ཐལ། རྒྱུད་བླ་དོལ་ཊཱིཀ་ལས། ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་འཕ༷གས་པ༷འི་ཚོགས་མ་ལུས་པར་རང་དབང་མེད་པར་འཆི༷་བའི་སྡུག་བསྔལ་ད༷ང༌། ན༷་བ༷འི་སྡུག་བསྔལ་ད༷ང་རྒ༷་བ༷འི་སྡུ༷ག་བསྔ༷ལ་རྣམས་རྩ༷་བ་ན༷ས་སྤ༷ངས་བ་ཡིན་ཏེ། དེ་དག་གི་རྒྱུན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལ༷ས་ད༷ང་ཉོ༷ན་མོ༷ངས་པ་དང་དེའི་དབ༷ང་གི༷ས་འཁོར་བར་སྐྱེ༷་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ༷་ལ༷་ནི་རྒྱུ་དེ༷་རྣམས་མེ༷ད་པའི་ཕྱི༷ར་འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེ༷་ཡང་མེ༷ད་དོ། །ཞེས་དང༌། སྔོན་མེད་ལེགས་བཤད་ལས། ལམ་དེ་རྒྱུད་ལ་སྐྱེས་པ་དང་འཁོར་བའི་ལུས་ངག་ཡིད་གསུམ་སྤངས་པ་དང༌། མཚན་དཔེ་རྗེས་མཐུན་ཅན་གྱི་ཡིད་ལུས་ཐོབ་པ་དངོས་གྲུབ་པ་དང༌། ཉན་རང་གི་སྤངས་རྟོགས་ཐམས་ཅད་རྫོགས་པ་དུས་མཉམ། ཕྱི་ནས་མཐོང་ལམ་དེ་རྗེས་ཐོབ་ལའང་ཡུན་རིང་དུ་གནས་པ་སྲིད་དེ། དེ་དག་མཐོང་ལམ་ཉིད་དུ་རྟོགས་སོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། དེ་དག་ཀྱང་གཙོ་ཆེར་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་སྟེ། ཐེག་པ་ཆེན་པོའི་ལུགས་ལ་ནི་ཉོན་མོངས་པའི་སྒྲིབ་པ་རྣམས་མཐོང་སྤང་དང༌། ཤེས་བྱའི་སྒྲིབ་པ་རྣམས་སྒོམ་སྤང་ཞེས་ཀྱང་འཆད་པར་འགྱུར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཆེད་དུ་མི་སྤོང་ལམ་བསྒྱུར་མ་གཏོགས་པའི། །ཁམས་གསུམ་གཏོགས་པའི་ཉོན་མོངས་ཐམས་ཅད་དང༌། །མཐོང་སྤང་རིགས་གྱུར་ཤེས་བྱ་སྙོམས་འཇུག་སོགས། །སྒྲིབ་མང་ས་བོན་སྐབས་དེར་ཟློག་པར་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། མཐོང་ལམ་མན་ཆད་ཉོན་མོངས་སྒྲིབ་སྤངས་ནས། །སྒོམ་ལམ་ས་བཅུར་ཤེས་བྱའི་སྒྲིབ་པ་སྤངས། །ཞེས་དང༌། ཐེག་མཆོག་ཟིན་བྲིས་རབ་བྱེད་ལྔ་བ་ལས། འདིར་བདེན་པ་མཐོང་བ་ཞེས་པ་ཡང༌། མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ནམ་ཐོབ་པ་དེའི་ཚེ་ནི། འཕེན་བྱེད་ཀྱི་ལས་གསར་བ་བསགས་པ་ལྟ་ཞོག ཁམས་གསུམ་འཁོར་བའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པས། ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ལ། ཞེས་དང༌། དེ་ལས། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པ་རང་ལུགས་སུ་བཞེད་པ་ཡིན་ཞིང༌། གཞན་དག་འདོད་པ་ལྟར་ས་བརྒྱད་པ་ཐོབ་པའི་ཚེ་དེ་སྤོང་བ་དང༌། ཡང་འགའ་ཞིག་ཤེས་སྒྲིབ་དང་ལྷན་ཅིག་ས་བཅུའི་རྒྱུན་གྱི་ཐ་མར་སྤོང་བར་འདོད་པ་སོགས་ཁས་མི་ལེན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་འཐད་པར་ཐལ། ཐེག་མཆོག་དབུ་མ་ལས། ཏིང་འཛིན་འབུམ་ཕྲག་བཅུ་ནི་བདུན་པར་ཐོབ། །སྤྱོད་ཡུལ་ཤེས་པས་ཉན་རང་ཀུན་ཟིལ་གནོན། །དབང་བསྒྱུར་མ་གཏོགས་ཉོན་སྒྲིབ་བག་ལ་ཉལ། །ཐམས་ཅད་ས་འདིར་ཤིན་ཏུ་རྣམ་པར་དག །ཅེས་དང༌། རྒྱན་གྱི་ས་འགྲེལ་ལས། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་མཐོང་བའི་ལམ་གྱིས་ཞོར་ལ་ཤེས་སྒྲིབ་ཀུན་བཏགས་རྣམས་ཀྱང་སྤོང་མོད་ཀྱི། སྤང་བྱའི་གཙོ་བོ་ཉེས་སྤྱོད་ཆེན་པོའི་རྐྱེན་དུ་གྱུར་པ་ཀུན་བཏགས་ཉོན་མོངས་པའི་སྒྲིབ་པ་རྣམས་ཐམས་ཅད་སྤངས་ཏེ་ཡང་དག་པར་ཟད་པར་བྱས་ནས་སྒོམ་པའི་ལམ་གྱིས་ཉོན་སྒྲིབ་ལྷན་སྐྱེས་རྣམས་ཀྱང་སྤོང་མོད་ཀྱི། གཙོ་ཆེར་ཤེས་བྱའི་སྒྲིབ་པ་ལྷན་སྐྱེས་རྣམས་སྤང་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་ཏེ་སྒོམ་པ་ལ་ནི་རབ་ཏུ་སྦྱོར་རོ། །ཞེས་ གསུངས་པའི་ཕྱིར་ཟེར་ན་བརྟག་པར་བྱའོ། །


previousགཉིས་པ་ཐབས་གང་ལས།next