ཀུན་མཁྱེན་ཀློང་ཆེན་པའི་ལུགས་ལ་ཐལ་རང་གི་ཁྱད་པ།
ཀུན་མཁྱེན་ཀློང་ཆེན་པའི་ལུགས་ལ་ཐལ་རང་གི་ཁྱད་པར་ནི།
ཡིད་བཞིན་མཛོད་འགྲེལ་ལས། དབུ་མ་རང་རྒྱུད་པ་དག་ནི་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱིས་དབྱེ་བས། ཡོད་མེད་ཀྱི་སྤྲོས་པ་འགོག་ཅིང༌། དོན་དམ་པ་རང་བཞིན་གྱིས་རྣམ་པར་དག་པ་དང༌། ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པའི་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ན་ཡང༌། ད་དུང་རང་གི་ཕྱོགས་སྒྲུབ་པའི་ཁས་ལེན་ལ་ཞེན་པ་ཡོད་པས། རབ་ཏུ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དབུ་མ་ལས་གཞན་དུ་རྣམ་པར་བཞག་གོ། །ཞེས་གསུངས་པ་དང༌། རང་རྒྱུད་གོང་འོག་གི་འདོད་པ་དགག་པའི་སྐབས་སུ། དེ་ལས། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་མ་ཡིན་ཏེ། ཚངས་པ་ཁྱད་པར་ཅན་སེམས་ཀྱི་ཞུས་པའི་མདོ་ལས། རྫུན་པའམ་ནི་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །ལྟ་བ་འཛིན་པར་དེ་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །ཅེས་སོགས་ལུང་མང་དུ་དྲངས་ནས་དགག་པ་དང༌། དེ་ལས། དེས་ན་ཚུལ་འདི་ཡང་སྒྲོ་བཏགས་ཀྱི་གཟེབ་ལས་མ་འདས་པ་ཉིད་དེ། སྣང་སྟོང་ལ་བདེན་ཞེན་གྱི་ཆ་མ་བྲལ་བའི་ཕྱིར་རོ། །རིགས་པ་དྲུག་ཅུ་པའི་འགྲེལ་བ་ལས། གང་ཡང་ཀུན་རྫོབ་ཏུ་ཡོད་པས་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་ཁས་བླངས་པ་དེའི་ཚེ་ཆད་པར་འགྱུར་བའི་ཕྱིར། ཞེས་སོ། །རྟག་ཆད་དུ་ལྟ་བ་ནི་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་པས་བཀག་པ་ཡིན། ཞེས་པས་རང་རྒྱུད་གོང་མ་སློབ་དཔོན་ཡེ་ཤེས་སྙིང་པོ་དང༌། ཞི་བ་འཚོ་དང༌། ཀ་མ་ལ་ཤཱི་ལ་སོགས་རྟག་ཆད་དུ་ལྟུང་བར་བཤད་པ་ དང༌། ཐལ་འགྱུར་བའི་སྐབས་སུ། དེ་ལས། ཐུབ་པ་བཅོམ་ལྡན་འདས་ཀྱི་དགོངས ་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་དབུ་མ་ཐལ་འགྱུར་བ་ཡིན་ལ། དེའི་ཤིང་རྟ་འདྲེན་པའི་སྲོལ་འབྱེད་ཐོག་མ་ནི། བཅོམ་ལྡན་འདས་ཀྱིས་རྔ་བོ་ཆེ་ཆེན་པོའི་མདོར་ལུང་བསྟན་པ་འཕགས་པ་ཤེས་རབ་ཀྱི་ཉི་མ་དྲི་མ་མེད་པས་ལྟ་བ་ངན་པའི་ཐིབས་པོ་སེལ་བར་མཛད་པ་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། ཞེས་སོགས་ཀྱི་རང་རྒྱུད་པ་རྟག་ཆད་ཀྱི་མཐར་ལྟུང་བ་ དང༌། རྒྱལ་བའི་དགོངས་པ་མཐར་ཐུག་སྟོན་པ་ཐལ ་འགྱུར་བ་ཡིན་པར་གསུངས་པས་ཐལ་རང་གི་ལྟ་བ་ལ་མཐོ་དམན་ཡོད་པར་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ཡིན་པར་སྣང་ངོ། །གཞུང་དེར་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་བཞག་པ་དང༌། སྒོ་མང་ཡིག་ཆར་སངས་རྒྱས་བསྐྱངས་བཞག་པ་དང༌།བློ་གསལ་གླིང་གི་ཡིག་ཆར་ཟླ་བ་གྲགས་པ་བཞག་གོ། །