མཚན་བརྒྱད་གཅིག་དྲིལ།
མི་འགྱུར་རྡོ་རྗེ།
༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པའི་སྐོར་ལས་མཚན་བརྒྱད་གཅིག་དྲིལ་བཞུགས་སོ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་སྒྲུབ་པ་ནི༔ རབ་འབྲིང་ཐ་གསུམ་སྒྲུབ་པ་གསུམ༔ དང་པོ་རབ་ཀྱི་སྒྲུབ་པ་བཤད༔ ས་ཕག་གྲུ་བཞིའི་སྟེང་དུ་ནི༔ འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ༔ དེ་ཡི་ཕྱི་ནས་མཚོ་སྐྱེས་ནི༔ འདབ་བརྒྱད་ཕྱི་རིམ་རྡོ་མེ་བྱ༔ འཁོར་ལོ་རྩིབས་བརྒྱད་ནང་དུ་ནི༔ སྔགས་འདི་བགོ་ནས་འགོད་པར་བྱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱུྃཿགཏོར་མ་དཔེའུ་རིས་ལྟར་བཅའ༔ བསྙེན་པ་འདི་ཉིད་བཟླ་བར་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་མ་ཧཱ་གུ་རུ་སྭཱ་ཧཱ༔ དེ་ནས་སྒྲུབ་པ་འབྲིང་བཤད་དོ༔ དཀྱིལ་འཁོར་མེད་ཅིང་གཏོར་མ་ནི༔ བླ་མའི་གཏོར་མ་རིན་ཆེན་འབར༔ གང་རུང་བཅའ་བས་དོན་ཚང་ངོ་༔ དེ་ནས་སྔགས་ནི་འདི་ཉིད་དོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱུྃཿདེ་ནས་སྒྲུབ་པ་བསྡུས་པ་བཤད༔ གཏོར་མ་མེད་ཅིང་དཀྱིལ་འཁོར་མེད༔ དམིགས་པ་འདི་ལྟར་བསྒོམ་པས་འགྲུབ༔ རང་ཉིད་པདྨ་འབྱུང་གནས་དཀར༔ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔ རྒྱལ་བསེན་ཀླད་པ་ཆེམས་ཆེམ་དཀྲུགས༔ གཡོན་པས་བྷནྡྷ་ལྟེ་བར་འཛིན༔ བདུད་རྩི་སྣ་ཚོགས་ཞལ་དུ ་སྟོབ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ སེམས་ཉིད་སྟོང་པ་དེ་ཡི་ངང་༔ གྲུ་མོ་ཁཱ་ཊཱཾ་སྦས་ཚུལ་བརྟེན༔ གསང་ཡུམ་རྩེ་གསུམ་ཚུལ་དུ་སྦས༔ དབུ་ལ་པདྨའི་ཞྭ་དམར་གསོལ༔ སངས་རྒྱས་ཀུན་གྱི་སྐུ་ཡོན་རྫོགས༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ དགེ་སློང་པདྨ་སམ་བྷའི་ཚུལ༔ སྐུ་ཆིངས་བར་ན་ཕུར་བ་གཙུགས༔ སྔགས་པ་བློ་ལྡན་མཆོག་སྲེད་ཚུལ༔ སྐུ་ལ་དར་སྔོན་བེར་ཆེན་གསོལ༔ རྒྱལ་པོ་པདྨའི་མཚན་ཅན་ཚུལ༔ ཞལ་འཛུམ་སྤྱན་ནི་བགྲད་པ་སྟེ༔ བདུད་འཇོམས་རྡོ་རྗེ་གྲོ་ལོད་ཚུལ༔ སྐུ་ནང་རྔུལ་གཟན་སེང་ལྤགས་མནབས༔ ཁྲོ་ཆེན་སེང་གེ་སྒྲ་སྒྲོག་ཚུལ༔ དབུ་ཞྭའི་ནང་ན་གཙུག་ཏོར་མཚན༔ སྟོན་པ་བཅོམ་ལྡན་འདས་ཀྱི་ཚུལ༔ སྐུ་མདོག་དཀར་ལ་སེར་བའི་མདོག༔ གཡས་ཕྱོགས་ཡེ་ཤེས་མཚོ་རྒྱལ་བཞུགས༔ རྣལ་འབྱོར་ཉི་མ་འོད་ཟེར་ཚུལ༔ རང་གི་ཐུགས་ཀར་གསེར་གྱི་ནི༔ འཁོར་ལོ་རྩིབས་བརྒྱད་ནང་དུ་ནི༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ བདེ་བ་དང་ལྡན་སྡུག་བསྔལ་བྲལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱས་བསྡུས་འབྲིང་གསུམ་གང་ལ་ཡང་༔ དམིགས་པ་འདི་ཉིད་སྦྱར་བ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་ཕོ་སྤྲེལ་གྱི་ལོ་བྱ་ཟླའི་ཉི་ཤུ་བཞིའི་དགུང་མོ་ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་གིས་དངོས་སུ་བཀའ་བསྩལ་ཏོ༔ བཀྲ་ཤིས་དཔལ་འབར་གྱི་ཉི་མས་གདུལ་བྱའི་སེམས་ཅན་ཀུན་ལ་གསལ་བར་ཁྱབ་པར་གྱུར་ཅིག༔ མཆན། མ་དཔེ་བཀའ་འབུམ་ཁོང་དག་ཡིན། ༈ བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྟ་པྲ་ཏི་ཙྪ་སྭཱ་ཧཱ། ཧྲཱི༔ སྐྱེ་དགའ་ནད་འཆིས་སྐྱོན་གྱིས་མ་གོས་པ༔ ཕ་མེད་མ་མེད་པདྨའི་སྦུབ་ནས་འཁྲུངས༔ རིས་མེད་རིགས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷནྡྷ་འཛིན་ལ་ཕྱག་འཚལ་བསྟོད༔