ཟབ་མོ་ཡང་ཏིག་ལས། གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ།
ཟབ་མོ་ཡང་ཏིག་ལས། གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ་བཞུགས་སོ། ༈ གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་ཅན། །མཛད་པའི་ཕྲིན་ལས་སྐྱེ་དགུ་ཀུན་གྱི་དཔལ། །ལྷར་བཅས་འཇིག་རྟེན་ཡོངས་ཀྱི་གཉེན་གཅིག་པོ། །
དཔལ་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་སྐལ་བ་ལྡན་པའི་རྣལ་འབྱོར་པས། །ཡིད་དང་མཐུན་པའི་གནས་སུ། །མཆོད་པ་དང་གཏོར་མ་ཅི་འབྱོར་བ་བཤམས་ཏེ། བླ་མའི་སྐུ་འདྲ་ཡོད་ནའང་བཀྲམ་ལ། མཎྜལ་འབུལ་ཞིང་ཡི་གེ་བརྒྱ་པས་རྒྱུད་སྦྱངས་པའི་འོག་ཏུ། གདན་བདེ་བ་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། སྐད་ཅིག་གིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའི་དཀྱིལ་ལྟར་བསྒོམས་པའི་ངང་ལས། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རབ་ཏུ་དགྱེས་པའི་ཞལ་འཛུམ་མདངས་དང་ལྡན་ཞིང་། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་དེ། གཡོན་པས་གཡུའི་དྲིལ་བུ་དཀུར་བརྟེན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་དུ ་བཞུགས་པའི་སྐུ་སྟོད་དང་དབུ་ལ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་། སྐུ་སྨད་ལ་དར་གྱི་ཤམ་ཐབས་གསོལ་བ། སྐུ་སྣང་ལ་རང་བཞིན་མེད་པ། འོད་
ཟེར་སྣ་ཚོགས་འཕྲོ་བའི་སྤྱི་གཙུག་ཏུ་སྣ་ཚོགས་པདྨ་དང་། ཟླ་བ་དང་། ཉི་མའི་སྟེང་དུ་གུ་རུ་བི་མ་ལ་པཎྜི་ཏའི་ཆ་བྱད་ཅན། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་དབྱེར་མེད་པར་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་སོང་བས། རྒྱ་ནག་རི་བོ་རྩེ་ལྔ་ནས་གུ་རུ་བི་མ་ལ་འཁོར་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བྱ་ངང་པའི་ཁྱུ་ལྡིང་བ་བཞིན་སྟེང་གི་ནམ་མཁར་བྱོན་པ་ལ་བློས་སྤྲུལ་པའི་མཆོད་པས་མཆོད་དེ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་རང་གི་སྤྱི་བོར་བསྐྱེད་པའི་བི་མལ་ལ་ཐིམ་པས། སྣང་སྲིད་ཐམས་ཅད་འོད་དུ་འབར་ཞིང་ལྷ་དང་ལྷ་མོའི་རང་བཞིན་གྱིས་གང་བ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཞིང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་། མཆོད་པའི་ཆར་ཆེན་པོ་འབེབས་པར་བསམ་མོ། །དེ་ལས་གུ་རུ་བི་མ་ལའི་སྐུ་ལས་འོད་དང་བདུད་རྩིའི་ཐིགས་པ་བབས་པས། རང་གི་སྤྱི་བོའི་གཙུག་ནས་རྐང་མཐིལ་གྱི་བར་ཁྱབ། ལུས་ངག་ཡིད་གསུམ་གྱི་སྡིག་པ་ཐམས་ཅད་དག །ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱས་ཤིང་། དབང་དང་དངོས་གྲུབ་ཐམས་
ཅད་ཐོབ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་བཛྲ་སཏྭ། དྷརྨཱ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླས་ཏེ། ཐུན་འཇོག་ཁར་གུ་རུ་བི་མ་ལ་འཁོར་དང་བཅས་པ་ཐམས་ཅད་དང་། ཕྱི་ནང་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། །རང་ཉིད་ཀྱང་གཞི་རྫོགས་པ་ཆེན་པོའི་ངང་དུ་ཐིམ་ནས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ངང་ལ་ལྷོད་ཀྱིས་གློད་ལ་བཞག་གོ། །རྗེས་ལ་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོའོ། །དེ་ལྟར་ཞག་ལྔའམ། བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་བྱས་པས། རྨི་ལམ་མམ་དངོས་སུ་འཇའ་དང་ཐིག་ལེ་དང་། ཤེལ་དང་། མཆོད་རྟེན་དང་། གདུང་དང་། རིང་བསྲེལ་དང་། ཁྱེའུ་དང་། བུ་མོ་དང་། ཉི་ཟླ་དང་། བླ་མ་རྣམས་བྱུང་ན་འགྲུབ་པའི་མཚན་མའོ། །དེས་ནི་རྫོགས་པ་ཆེན་པོའི་ཆོས་འཆད་པ་དང་། དབང་བསྐུར་བ་དང་། སྒོམ་པ་ལ་དབང་ཞིང་མཁའ་འགྲོ་ཐམས་ཅད་ཀྱིས་སྟོང་གྲོགས་བྱེད་པར་འགྱུར་རོ། །དུས་ཐམས་ཅད་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བླ་མར་མོས་པ་ལ། གང་སྣང་རང་གྲོལ་གྱི་སྤྱོད་པ་བྱ་ཞིང་། ཅི་ཟ་ཅི་འཐུང་
དང་། གོས་དང་རྒྱན་གྱི་ཕུད་ཀྱིས་བླ་མ་ལ་མཆོད་ཅིང་། རང་གྲོལ་ཆོས་ཉིད་ཀྱི་ངང་ནས་འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། ལྡང་བ་དང་། བཟའ་བ་དང་། བཏུང་བ་ལ་སོགས་བྱའོ། །གཞན་ཡང་སྣོད་གཙང་མར་གཏོར་མ་སྤེལ་སྦྱོང་ལ་སོགས་ཀུན་དང་མཐུན་པར་བྱས་ལ། མདུན་གྱི་ནམ་མཁའ་གུ་རུ་བི་མ་ལ་བསམས་ལ། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ་བས་ལྗགས་ལས་འོད་ཟེར་བྱུང་ནས་གཏོར་མ་གསོལ་ཞིང་མཉེས་པར་བསམས་ལ། བསྔོ་བ་དང་སྨོན་ལམ་བྱས་ཏེ། གཏོར་མའི་མགྲོན་རང་གི་སྤྱི་གཙུག་ཏུ་ཐིམ་པར་བསམ་མོ། །འདི་ལྟ་བུའི་རིམ་པས་དུས་བཞིའམ། གསུམ་དུ་བྱས་ན། སྣང་བ་ཐམས་ཅད་དབང་དུ་འདུ་ཞིང་། ཚེ་དང་དཔལ་དང་ཏིང་འཛིན་ཁྱད་པར་ཅན་སྐྱེས་ཏེ། མཐར་སྐྱེ་ཤི་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་འགྱུར་རོ། །གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ། བྱར་མེད་ཀློང་ཡངས་ཀྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། མཆིམས་ཕུ་དཔལ་གྱི་དབེན་གནས་སུ་བཀོད་པ་འདིས། །སེམས་ཅན་མང་
པོ་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།