Nitartha Digital Library
Tibetan
 
previousདངོས་གཞི་བྱང་ཆུབ་ཀྱི་སེམས།next

དངོས་གཞི་བྱང་ཆུབ་ཀྱི་སེམས།

གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་ལ། དོན་དམ་དང་ཀུན་རྫོབ་གཉིས་ལས། གང་ཟག་གཅིག་གི་རྒྱུད་ལ་མཉམ་རྗེས་ཀྱི་རིམ་པས་འདི་ལྟར་བསྟན་ཏོ། །ཐོག་མར་དོན་དམ་བྱང་སེམས་སྦྱང་བ་ལ་མཉམ་རྗེས་གཉིས་སོ། །མཉམ་བཞག་སྦྱོར་དངོས་རྗེས་གསུམ། སྦྱོར་བ་ལྷའི་ཁང་པར་ཡན་ལག་བདུན་པ་བྱ། ལྷ་དང་བླ་མ་ལ་གསོལ་བ་བཏབ། བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་སྟེ། དབུགས་ཕྱིར་འགྲོ། ནང་འགྲོ་ཉི་ཤུ་རྩ་གཅིག་བགྲང་ངོ་། །དེས་ལུས་ངག་ཡིད་གསུམ་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་པའོ། །དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་གྱི་ཕན་ཡོན་གྱིས་ཁྱད་པར་དུ་བྱས་པ་སྔོན་དུ་བྱའོ། །དངོས་གཞི་ནི། འདི་ཀུན་ཅིག་ཅར་དུ་འཇུག་པའི་ལུགས་ཡིན་པས་བདག་གཞན་ཐམས་ཅད་དུས་གཅིག་ཏུ་སྟོང་པར་བསྒོམ་ཡང་། སྦྱོར་བའི་དུས་ན་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རིམ་པས་རྩིས་ལ་གདབ། འདིས་ནི་ཞི་གནས་ཀྱི་རླན་ལ་རྟོགས་པའི་མྱུ་གུ་སྐྱེ་བའི་དགོས་པ་ཡོད་གསུངས། དེ་ནས་ཐོག་མར་བཟུང་བ་རང་བཞིན་མེད་པར་བསྒོམ་པ་ནི། །ཆོས་རྣམས་རྨི་ལམ་ལྟ་བུར་བསླབ། །ཅེས་པས་བསྟན་ཏེ། འདི་ལྟར་སྣང་བའི་རང་བཞིན་ཕྱི་ནང་སྣོད་བཅུད་འདི་ཐམས་ཅད་རང་གི་སེམས་ཉིད་འཁྲུལ་པའི་སྣང་བ་ཙམ་ལས་སེམས་ལས་ཐ་དད་པའི་དོན་རྡུལ་ཙམ་དུ་ཡེ་ནས་གྲུབ་པ་མེད། དེ་ལྟར་དཔྱད་ན་ཀུན་རྫོབ་ཙམ་དུ་ཡང་རིག་པའི་དོན་བདེན་པའི་དོན་དུ་གྲུབ་པ་གང་ཡང་མི་འདུག་ཨང་སྙམ་དུ་བསམ། དེ་ནས་འཛིན་པ་ རང་བཞིན་མེད་པར་བསྒོམ་པ་ནི། མ་སྐྱེས་རིག ་པའི་གཤིས་ལ་དཔྱད། །ཅེས་པས་བསྟན་ཏེ། དེ་ལྟར་ཡུལ་རང་བཞིན་མེད་པ་སྟོང་པར་བྱེད་མཁན་གྱི་རང་སེམས་འདི་ཡང་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་ནི་ཆ་གསུམ་དང་ལྡན་ཞིང་ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ལུས་ཀྱི་ཆ་ཤས་འདི་ན་གནས་བྱ་བའི་གནས་ས་མེད་པས། དཔྱད་ན་ངོས་བཟུང་ཐམས་ཅད་དང་བྲལ་བ་ཡེ་ནས་མ་སྐྱེས་པར་འདུག་ཨང་སྙམ་དུ་བསམ། དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ་པ་ནི། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་པས་བསྟན་ཏེ་དེ་ལྟར་ལུས་དང་སེམས་ཐམས་ཅད་སྟོང་པ་ཉིད་དུ་སྤྱོད་པའི་གཉེན་པོའི་བྱ་བ་བྱེད་པའི་སེམས་འདི་ཉིད་ཀྱང་མ་གྲུབ་སྟེ། ཡུལ་དང་སེམས་གཉིས་སུ་ཤེས་བྱ་ཐམས་ཅད་འདུས་ལ། སེམས་སྤྱི་དུས་ན་རང་བཞིན་མེད་པར་གྲུབ་པ་གོང་དུ་དཔྱད་པས་ཡེ་ནས་བདེན་པར་མ་གྲུབ་པར་འདུག་ཨང་སྙམ་དུ་བསམ་ལ། དེའི་མོད་ལ་སེམས་ཉིད་རྟོག་པ་དང་བྲལ་ལ་རང་བཞིན་དུས་གསུམ་དུ་ཅིར་ཡང་མི་འཛིན་པའི་ངང་ལ་སློད་ལ་གསལ་སིང་ངེ་བྱིང་རྒོད་ཀྱི་དབང་དུ་མ་སོང་བ་བྱས་ལ་བཞག་གོ །དེ་ཉིད་བསྟན་པ་ནི་ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག ཅེས་ཏེ། ཐ་མལ་གྱི་སེམས་ངོས་བཟུང་ལ་དགག་སྒྲུབ་དང་བྲལ་བར་བཞག རྣམ་ཤེས་ཚོགས་བདུན་པོ་སེམས་རྟོག་པ་ཡིན་པས་སྤངས། ཡུལ་དང་ཡུལ་ཅན་གྱི་རྟོག་པས་མ་སླད་པར་བྱ་བ་གནད་ཡིན་ནོ། །ཕྱིས་རྟོག་པ་སྐྱེས་ཚད་རིག་པས་རིག་པ་ལ་ལྟས་ལ་ཆོས་ཉིད་ཀྱི་ངང་དུ་ཀློད་ཅིང་བཞག་གོ །དེ་ནི་དངོས་གཞི་འོད་གསལ་བགྱི་བ་ལགས་པས། དོས་དྲག་ལ་ཡུན་ཐུང་བར་བྱས་ཏེ། སྒོམ་ཐུན་གཅིག་ལ་ཐུན་དུ་མར་བཅད་དོ། །ཐུན་ཆེ་ཆུང་ནི་ཐུན་ཞབས་རུ་མ་དང་བཅས་ཤིང་བཟང་གྱེས་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མཇུག་དམིགས་པ་བཏང་ནས་དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོ་བསྒོམ་སྟེ། གནས་ལུགས་ཕྱིན་ཅི་མ་ལོག་པའི་དོན་དེ་ལ་དགོད་པར་བྱའོ་སྙམ་དུ་བསམས་ནས་དགེ་བ་གཞན་དོན་དུ་བསྔོ་བར་བྱའོ། །དེ་ནས་དལ་གྱི་སྐྱིལ་མོ་ཀྲུང་བཤིག་སྟེ། ལྷའི་ཁང་པར་ཡན་ལག་བདུན་པ་བྱའོ། །རྗེས་ཇི་ལྟར་བསླབ་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་པས་བསྟན་ཏེ། རྗེས་ནི་མཉམ་བཞག་གི་ཉམས་མ་དོར་བར་བསྐྱང་དགོས་པས། རང་གཞན་སྣོད་བཅུད་སྣ་ཚོགས་སྣང་ཡང་འཁྲུལ་ནས་མེད་པའི་དོན་སྣང་བ་ཡིན་པས། སྒྱུ་མའི་རྟ་གླང་དང་ཁྱད་པར་མེད་སྙམ་དུ་བསམས་ལ་ཐམས་ཅད་ལ་བདེན་ཞེན་སྤང་ངོ་། །རང་ཉིད་ཀྱང་ཕུང་པོ་ལྔའི་ངོ་བོར་སྣང་ཡང་རྟེན་འབྲེལ་ཚོགས་པའི་སྣང་བ་ཙམ་ལས་གང་ཟག་གི་བདག་རྟག་པ་དང་གཅིག་པུའི་ངོ་བོར་གྲུབ་པ་བྱ་བ་མེད་དོ། །སྒྱུ་མའི་སྐྱེས་བུ་འགྲོ་འོང་བྱེད་ཅིང་ཡུལ་ལ་ལོངས་སྤྱོད་པ་ལྟ་བུར་བསམ་མོ། །ཅི་བསམ་ཆ་མེད་པར་མི་བྱ། དྲན་པས་ཟིན་པར་བྱས་ལ་དབང་པོའི་ཡུལ་དུ་གྱུར་ཚད་ཐམས་ཅད་ཀྱང་འཕྲལ་འཕྲལ་དུ་དེ་འཕྲོག་ལ་འདི་ཡང་སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཡིན་སྙམ་དུ་ཐ་སྙད་ལ་བརྟེན་ནས་སྦྱང་བར་བྱའོ། །དེ་ལྟར་བལྟས་པས་རྗེས་ལ་མཉམ་བཞག་གི་ཉམས་རྨི་ལམ་ལྟ་བུའི་བློ་དེ་དང་མ་བྲལ་བས་ཐུན་མཚམས་ཀྱི་དགེ་སྦྱོར་ཐམས་ཅད་ཀྱང་ལམ་དུ་གཞུག་པར་བྱའོ། །དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་མཉམ་བཞག་གི་ཉམས་མ་དོར་བར་ཟུང་འཇུག་ཆེན་པོའི་ངང་ལ་གནས་པར་བྱའོ། །ཞེས་སྨྲ་བ་ནི། དེ་ལྟར་སྒྲུབ་པ་ཐམས་ཅད་ཀྱང་། །དངོས་འཛིན་ཞེན་པས་མ་སླད་པར། །མཁའ་བཞིན་སྟོང་པ་ཆེན་པོ་ཁྱེར། །འཆི་མེད་བདེ་ཆེན་ངང་དུ་འགྲོ། །ཞེས་དོན་དེ་རྣམས་ཀྱི་ཉམས་ལེན་ཕན་ཡོན་དང་བཅས་པ་གསུངས་སོ། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་བ་སྟོན་ཏེ། འདི་ནི་ཞི་བ་ལྷས་གསུངས་ཏེ། གང་གིས་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབས་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་འང་བདེ་བ་མེད། །དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བ་དང་། །གཞན་རྣམས་བདག་བཞིན་བསྲུང་བར་བྱ། །ཅེས་གསུངས་སོ། །འདི་ལ་ཡང་མཉམ་རྗེས་གཉིས་ལས། མཉམ་བཞག་ཏུ་ཉམས་སུ་བླང་བ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །ཞེས་པས་བསྟན་ཏེ། སྟན་བདེ་བ་ལ་བསྡད་ལ། བརྩེ་བའི་མ་མདུན་དུ་གསལ་བར་དམིགས་ཏེ། ཐོག་མར་བྱམས་པ་དང་སྙིང་རྗེ་བསྒོམ་པ་ནི། མ་འདིས་ཐོག་མ་ཁོ་ནར་དལ་འབྱོར་གྱི་ལུས་བྱིན་ནས་ཆུད་མ་ཟོས་པར་བསྐྱངས་པས། སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་བདེ་བའི་སྣ་ཁ་ནས་བཟུང་དུ་བྱུང་བས་ཕན་བཏགས། ལྟོ་ན་གནས་པ་དང་བཙས་པའི་དུས་ཐམས་ཅད་དུ་ནུས་པ་མ་སྲིད་པར་བསྐྱངས་པས་ཕན་བཏགས། དེ་ཙམ་དུ་མ་ཟད། འཁོར་བ་ཐོག་མ་མེད་པའི་དུས་ནས་ཀྱང་བྱམས་པའི་མིག་གིས་བལྟ་བལྟ་བ། བརྩེ་བའི་སེམས་ཀྱིས་འཛིན་འཛིན་པ། གནོད་པ་དང་མི་ཕན་པ་ལས་སྐྱོབ་སྐྱོབ་པ། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཕན་འདོགས་པའི་དྲིན་ཅན་དུ་འདུག་པ་ཨང་སྙམ་དུ་བསམ་ལ། མིག་ནས་མཆི་མ་འཁྲུག་པའམ། ལུས་ལ་བ་སྤུ་ལྡང་བ་ཙམ་དུ་ཤེས་པ་ཉེ་དུངས་པ་བསྐྱེད་དོ། །དྲིན་ཅན་དུ་གྱུར་པའི་མ་འདི་ད་ལྟ་འཁོར་བ་མཐའ་མེད་དུ་བདག་གི་དོན་བྱེད་བྱེད་ནས་འཁྱམས་ནས་སྡུག་བསྔལ་སྣ་ཚོགས་དང་བཅས་པ་འདི་སྙིང་རྗེ་སྙམ་དུ་མི་བཟོད་པའི་བསམ་པ་བརྩེ་དུང་བ་བསྐྱེད་ལ། ད་ནི་ངས་ཀྱང་ལན་དུ་ཕན་པ་དང་། བདེ་བ་ཐམས་ཅད་ཀྱི་ཕན་གདགས། གནོད་པ་དང་མི་ཕན་པ་ཐམས་ཅད་ལས་བསྐྱབ་པར་བྱ་སྙམ་དུ་བསམ། འོ་ན་མ་རྒན་ལ་གང་གིས་གནོད་ན་སྡུག་བསྔལ་གྱིས་དངོས་སུ་གནོད། ཀུན་འབྱུང་གིས་བརྒྱུད་ནས་གནོད། དེ་ཐམས་ཅད་ངས་ཉམས་སུ་བླང་སྙམ་དུ་བསམས་ལ། མ་རྒན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཀུན་འབྱུང་ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་གྲིས་བཞར་བ་བཞིན་དུ། མ་རྒན་གྱི་རྒྱུད་ལས་སངས་ཀྱི་བླངས་ནས་རང་གི་སྙིང་གི་ནང་དུ་བླངས། དེ་ནི་བྱང་ཆུབ་ཀྱི་སེམས་བླང་བ་བསྒོམ་པ་ཡིན་ཏེ། ཡང་མ་རྒན་གྱི་བདེ་བ་ཐམས་ཅད་ངས་བསྒྲུབ་པར་བྱ་སྙམ་དུ་བསམས་ལ། རང་གི་ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་མ་རྒན་ལ་ལྟོས་པ་མེད་པར་འབུལ། དེ་ཡང་སྤྱོད་འཇུག་ལས། སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱིས་ནི་ལུས་སུ་བསྒྱུར། །ཞེས་པའི་དོན་ཡིན་པས། རང་གི་ལུས་ལོངས་སྤྱོད་དགེ་བ་རྣམས་ནོར་བུ་རིན་པོ་ཆེར་བསམས་ནས། དེ་རྣམས་ལ་མ་རྒན་གྱི་ཆོས་མཐུན་རྐྱེན་ཟས་སོགས་གནས་ཁང་། གཡོག་འཁོར། བླ་མ་བསྟེན་པ་ལ་སོགས་པ་བྱང་ཆུབ་བསྒྲུབ་པའི་རྒྱུ་རྐྱེན་ཅི་དགོས་པ་བྱུང་ནས། དེ་ལ་བརྟེན་ནས་མ་རྒན་ཚོགས་རྫོགས་ནས་སངས་རྒྱས་པར་བསམ། དེ་ནི་བྱང་ཆུབ་ཀྱི་སེམས་བཏང་བ་བསྒོམ་པ་ཡིན། དེ་ལྟར་བྱམས་སྙིང་རྗེ་སྔོན་དུ་སོང་ནས་གཏོང་ལེན་གཉིས་རེ་མོས་ཀྱིས་སྤེལ་ཞིང་ཉམས་སུ་བླང་བའི་སྒོ་ནས་སྔར་བས་ཤེས་པ་རླན་ཞིང་འཕེལ་བར་བྱ། དེ་ལྟར་སྦྱངས་པས་སྔར་གྱི་མ་རྒན་གྱི་སྡུག་བསྔལ་སྤོང་ཞིང་། བདེ་བ་བསྒྲུབ་པ་ལ་རང་གི་ཕྱོགས་ནས་རྩིས་ལ་མ་ཐེབས་པར་དངོས་སུ་བརྗེ་ནུས་པར་སོང་བ་ན་ཚད་དུ་ལོངས་པར་སོང་བ་ཡིན་ནོ། མ་དམྱལ་བར་སྐྱེ་བའི་ཚབ་མ་བཏུབ་ན་མེ་ནང་དེར་བག་ཚ་བ་མེད་པར་མཆོང་ནུས་པའི་ཚད་ཙམ་མོ། །དེ་ནས་ཐུན་གཉིས་པར་སྤོས་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་འདི་ལྟར་བསམས་ཏེ། ངས་སེམས་བསྐྱེད་པའི་དུས་ན་ལོངས་སྤྱོད་དགེ་བ་རྣམས་སེམས་ཅན་ལ་བཏང་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་བདག་གཅིག་པུས་བསྒྲུབ་པར་ཁས་བླངས་ཁུར་དུ་འཁྱེར་བ་ཡིན་པས། ད་ནི་བདག་གིས་དངོས་སུ་དེ་ལྟར་བསྒྲུབ་པར་བྱ་དགོས་སྙམ་དུ་བསམས་ལ་སེམས་ཅན་ཐམས་ཅད་ལ་གཏོང་ལེན་སྔ་མ་བཞིན་དུ་སྤེལ་ཞིང་སྦྱང་། འདིའི་སྐབས་སུ་གཏོང་བ་ནི་སེམས་ཅན་རེ་རེས་ལུས་ལོངས་སྤྱོད་དགེ་བ་ཆ་ཚང་རེ་རེ་ཐོབ་པར་བསམ་མོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་སྤྲོས་པ་མེད་པར་བློས་ལིངས་ཀྱིས་བཏང་ལ། སེམས་ཅན་སུ་འདོད་པ་ཁྱེར་ཅིག །དེ་དག་ལ་ཁྱེད་རང་ཇི་ལྟར་འདོད་པ་བཞིན་དུ་གྱིས་ཤིག་ཅེས་རང་ལ་རྩི་སྨན་གྱི་སྡོང་པོ་བཞིན་དུ་བསམས་ལ། དགའ་སྡུག་ཐམས་ཅད་སྤངས་ལ་བློས་སྦྱངས་ཤིང་ངག་ཏུ་འདོན་པར་བྱའོ། །བདག་གི་ལུས་ལོངས་སྤྱོད་དགེ་བ་རྣམས་ལྷུག་པར་བཏང་བ་དེ་སེམས་ཅན་ཐམས་ཅད་ཀྱི་བཟའ་བ་དང་བཏུང་བ་དང་། བགོ་བ་མེད་པའི་བགོ་བར་གྱུར་ཅིག །གནས་མེད་པའི་གནས་སུ་གྱུར་ཅིག །ཅེས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་ཀྱི་རྒྱུར་བདག་ཉིད་གཅིག་པུར་གྱུར་ཅིག སྡུག་བསྔལ་ཐམས་ཅད་སེལ་བའི་རྒྱུར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བདག་ལ་བརྟེན་ནས་འབྱུང་བར་གྱུར་ཅིག་སྙམ་དུ་བློ་སྦྱོང་ཞིང་ངག་ཏུ་ཡང་འདོན་པར་བྱའོ། །དེ་ལྟར་སྦྱོང་བའི་གནས་སྐབས་སུ་སངས་རྒྱས་ལ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ལས་མེད་པས། ངས་ས་བཅུའི་དབང་ཕྱུག་ཆེན་པོའི་ཐུགས་དམ་ད་ལྟ་ཉིད་ནས་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ་སྙམ་དུ་བསམ། ཡང་ཉན་རང་དང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱའི་སྒྲིབ་པ་རྣམས་བླངས་ཤིང་། རང་གི་གསུམ་པོ་བཏང་བས་ཚོགས་རྫོགས་ནས་སངས་རྒྱས་པར་བསམ། འཕགས་པའི་གང་ཟག་འདི་ཀུན་སེམས་ཅན་སྤྱིའི་ནང་དུ་བསྡུས་ཀྱང་ཆོག སོ་སོར་བྱས་ཀྱང་ཆོག གང་བདེ་ཡིན་ནོ། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཅེས་པ་ནི། གཏོང་ལེན་གཉིས་དབུགས་ཕྱི་འགྲོ །ནང་འགྲོ་ལ་བརྟེན་ཏེ་སྦྱོང་ངོ་། །འདི་ནི་འདི་ཉིད་ལ་སེམས་བཟུང་སླ་བ་དང་། འབྱོངས་སྐྱེན་པ་དང་། རྣམ་རྟོག་མང་པོ་གཞོམ་པའི་ཆེད་དུ་མཛད་པའོ། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་པས་བསྟན་ཏེ། རྗེས་ནི་སྤྱོད་ཡུལ་ཡོངས་སུ་དག་པའི་སྒོ་ནས་བློ་སྦྱོང་ངོ་། །གཟུགས་ལ་སོགས་པའི་ཡུལ་ཡིད་དུ་འོང་མི་འོང་ཐ་མལ་བ་གསུམ་ལ་བརྟེན། ཆགས་སྡང་རྨོངས་གསུམ་སྐྱེས་པ་ན་འདི་ལྟར་བློ་སྦྱངས་ཏེ། བདག་ད་ལྟ་འདོད་ཆགས་ལ་སྤྱོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་འདོད་ཆགས་ཅན་གཞན་དབང་དུ་སོང་བ་སྤྱོད་པ་དཔག་ཏུ་མེད་པ་སྤྱོད་པ་སྙིང་རེ་རྗེ་སྙམ་དུ་བསམས་ལ། དེ་ཐམས་ཅད་བློས་འུབས་ཀྱིས་བསྡུས་ལ། རང་གི་སྙིང་གི་ནང་དུ་བླངས་ནས་སེམས་ཅན་དེ་དག་ཐམས་ཅད་འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམས། དེ་བཞིན་དུ་དུག་ལྔ་པོ་ལ་སྦྱར་ལ་ཉམས་སུ་བླང་ངོ་། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། །ཅེས་པ་ནི། བློ་སྦྱོང་ཚིག་ཙམ་དུ་སྦྱོང་བ་སྟེ། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་དགེ་བས་དེ་ཀུན་བདེ་ཐོབ་ཤོག །ཅེས་བསྟན་བཅོས་ནས་འབྱུང་བའི་ཚིག་གམ། ཡང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་སྨིན་ནས་བདག་ཐུལ་གྱིས་བརླག་པར་གྱུར་ཅིག བདག་གི་བདེ་བ་སེམས་ཅན་ཐམས་ཅད་ལ་སྨིན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག དེ་ལྟར་མི་མེད་པའི་དུས་སུ་ངག་ཏུ་འདོན་ནོ། །རུས་པའི་གཏིང་ནས་སྐྱེས་པའི་བསམ་པ་ཨ་ཙ་མ་ངའི་མ་རྒན་རྣམས་ངའི་ཇོ་བོ་སེམས་ཅན་འདི་རྣམས་ཁོ་ན་སྙིང་རེ་རྗེ་ཞེས་བྱའོ། །དེ་ལྟར་སྤྱོད་ལམ་རྣམ་བཞི་ལ་ཚིག་གིས་སྦྱོང་བ་འདི་ནི་མདོ་ལས་བྱམས་པ་ཚིག་ཙམ་དུ་བསྒོམ་པ་བཤད་པའི་ལག་ལེན་ཡིན་ནོ། །


previousདངོས་གཞི་བྱང་ཆུབ་ཀྱི་སེམས།next