Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུ་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་མགོས་ཕྱག་འཚལ། །དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར། །རྒྱལ་བའི་རྣམ་འཕྲུལ་རང་བྱུང་ལྷུན་གྱིས་གྲུབ། །མཚན་རྫོགས་དཔེ་བྱད་ཡོན་ཏན་ཚོགས་འབར་བ། །པདྨ་འབྱུང་གནས་བདག་བློའི་པད་མཚོར་རོལ། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་དཔལ་གདོད་མའི་མགོན་པོའི་གོ་འཕང་རིན་པོ་ཆེར་དགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གང་ཞིག་ཐོས་པ་དཀའ་ཞིང་ཐོས་ན་དོན་ཆེན་པོ་དང་ལྡན་པ་དེ་ཉིད་ཉན་པ་ཙམ་གྱིས་མ་ཚད། དེའི་དོན་བསམ་པས་ཞུན་མཐར་བཅད། སྒོམ་པས་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་བློས་མ་དོར་བ་ཞིག་དང་། ཤེས་རབ་ཆེན་པོས་སེམས་ཅན་ཐམས་ཅད་གཏན་བདེ་བླ་ན་མེད་པ་ལ་འགོད་པར་འདོད་པའི་ཀུན་སློང་དང་མ་བྲལ་བའི་ཐོག་ནས། ཐབས་རྒྱ་ཆེ་བ་སྣོད་བཅུད་ཐ་མལ་དུ་མི་བལྟ་བར་གནས་དུས་སྟོན་འཁོར་ཆོས་རྣམས་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་བཅས་པའི་གསང་བ་སྔགས་ཀྱི་ཀུན་སློང་སྟེ་དེ་ལྟ་བུའི་ཀུན་སློང་ཕུན་སུམ་ཚོགས་པ་དང་ལྡན་པས། ཀུན་སྤྱོད་ཀྱང་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་དང་ཚུལ་མཐུན་པར་རྣམ་པར་དག་པས་གསན་པར་བྱེད་དགོས་ལ། གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས། ལྔ་རིག་སྨྲ་བའི་ཉིན་བྱེད་ས་པཎ་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཞེས་གསུངས་པའི་ཡ་གྱལ་ཡོངས་རྫོགས་བསྟན་པའི་མངའ་བདག་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་སམ་བདག་ཉིད་ཆེན་པོ་དྲི་མེད་འོད་ཟེར་ཞེས་བྱ་བ་མ་འོངས་པར་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་དུ་མངོན་པར་འཚང་རྒྱ་བར་འགྱུར་བ་གང་ཉིད་ཀྱི་རྡོ་རྗེའི་གསུང་། ཀློང་ཆེན་མཛོད་བདུན་ཞེས་པའི་མཚན་སྙན་གྱི་ཅོད་པན་ཉི་ཟླས་ཁྱབ་པའི་ས་གཞི་རིལ་བོའི་ཁྱོན་ཙམ་དུ་མ་ཚད། སྲིད་པ་གསུམ་དུ་མངོན་པར་མཐོ་བ་རྒྱལ་བའི་གསུང་དང་གཉིས་སུ་མ་མཆིས་ཤིང་། རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པའི་རྒྱུད་དོན་གསལ་བར་བྱེད་པ་ལ་གཞན་གྱི་དྲིང་དུ་མ་བཞག་པར། རྒྱ་ཆེ་བ་པཎྜི་ཏའི་ལུགས་ལྟར་བྱས་ཏེ་བཤད་པའི་ཐར་ལམ་སྟོན་པའི་མིག་གཅིག་པུ་དེ་ཉིད་ལས། མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་གྱིས་གཏན་ལ་འབེབས་པའི་སྐབས་སུ་བབས་པ་ཡིན་པས། དེ་ལ་ཡང་ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་དེ་ལ་ཡང་། བསྟན་བཅོས་མཛད་པ་པོ་སུ་ཡིན་ངེས་པའི་ཆེད་དུ་རྣམ་ཐར་བརྗོད་པ་དང་། གང་བརྩམ་བྱའི་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུའམ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ་དང་གཉིས་སུ་ཡོད་པ་ལས། དང་པོ་ཀུན་མཁྱེན་ཀློང་ཆེན་པའི་རྣམ་ཐར་སྔར་ཚིག་དོན་རིན་པོ་ཆེ་བཤད་པའི་སྐབས་སུ་ཞུས་པ་ལས་མ་འཐུས་པའི་གཞན་མེད་ཀྱང་། འདིར་དམ་པའི་ཡོན་ཏན་གྱི་ཆེ་བ་བརྗོད་པའི་ཚིག་རེ་རེ་གླེང་ཡང་བསོད་ནམས་དཔག་མེད་ཐོབ་པ་དང་། གཞུང་འཆད་པའི་འགྲོས་ཀྱི་ས་ཁོངས་འཛིན་བྱེད་ཙམ་དུ་མདོར་བསྡུས་ཤིག་ཞུ་བ་ལ། ཀུན་མཁྱེན་ཆེན་པོ་ནི་བོད་དབུས་གཙང་རུ་བཞིའི་ནང་གི་གཡོ་རུ་གྲ་ཕུ་སྟོད་གྲོང་ཞེས་པའི་སར། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རིགས་རུས་ཟམ་མ་ཆད་པར་བརྒྱུད་པའི་མི་རབས་ཉི་ཤུ་རྩ་ལྔ་པ་ཡིན་ལ། རབ་གནས་ཕུར་བུ་ས་ཕོ་སྤྲེལ་གྱི་ལོའི་ཟླ་བ་ གསུམ་པའི་ཚེས་བརྒྱད next hit་ལ་འཁྲུངས་ཤིང་། ཆུ་མོ་ཡོས་ཀྱི་ལོའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ལ་མངོན་པར་རྫོགས་པ་སངས་རྒྱས་པས། དགུང་ལོ་ལྔ་བཅུ་ང་དྲུག་གི་བར་དུ་ཞིང་འདིར་གཟུགས་སྐུའི་བཀོད་པ་དེས་འགྲོ་དོན་མཛད་དེ་གདུལ་བྱ་ཆོས་ཀྱིས་བསྐྱངས། གསང་ཆེན་གསང་བ་སྙིང་ཐིག་གི་བསྟན་པའི་ཤིང་རྟ་ཆེན་པོ་ལ། འཕགས་པའི་ཡུལ་ན་དགའ་རབ་རྡོ་རྗེ་དང་། བོད་ཀྱི་ཡུལ་ན་མཉམ་མེད་རྒྱལ་བ་ཀློང་ཆེན་པ་ཞེས་མཚན་ཉི་ཟླ་ལྟར་མིའི་འཇིག་རྟེན་འདིར་གྲགས་པ་ཙམ་གྱིས་མ་ཚད། ཞིང་ཁམས་མཐའ་ཡས་པ་ཀུན་ཏུ་གསང་བ་གསུམ་གྱི་སྒྱུ་འཕྲུལ་གྱིས་ཡོངས་སུ་ཁྱབ་ནས་ཡོད་པ་ཡིན། ཀློང་ཆེན་པ་ཐོག་མར་སྐུ་བལྟམས་ཚེ་ནམ་གྲུ་རེ་མ་ཏི་དངོས་སུ་བྱོན་ནས་བསྲུངས་པ་མཛད་པ་མཐོང་ཆོས་སུ་གྱུར་ཅིང་། སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་དུ་བྱུང་བ་མངའ་བས་དགུང་ལོ་ལྔར་སོན་ཚེ་ཡི་གེ་འབྲི་ཀློག་ཐམས་ཅད་མཁྱེན་པ་དང་། དགུང་ལོ་བདུན་གྱི་ཐོག་ནས་སྨན་རྩིས་ལ་སོགས་པའི་རིག་གནས་ལ་བསླབས་པར་མཛད། བཅུ་གཉིས་སུ་རབ་ཏུ་བྱུང་ནས་གྲྭ་སྐོར་དུ་བྱོན་པ་དང་གཞུང་བཤད་མཛད། དེ་ནས་རིམ་གྱིས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱོང་ཐམས་ཅད་གཟིགས་པ་ཙམ་གྱིས་མཁྱེན་ནས་ཕྱོགས་མེད་ཀྱི་ཐོས་པ་བཙལ་བར་མཛད། དེ་དང་མཉམ་དུ་སྒྲུབ་པ་ཉམས་ལེན་གྱི་ཕྱོགས་ལ་དཀའ་སྤྱད་དང་སྙིང་རུས་ཚད་མེད་མཛད་པས། རིག་འཛིན་ཆེན་པོ་ཀུ་མཱ་ར་ཛའི་ཐུགས་བརྒྱུད་དགོངས་པའི་རྟོགས་པ་འཕོས། པད་འབྱུང་དང་བི་མས་ཞལ་གཟིགས། རྫས་གཏེར་དང་དགོངས་གཏེར་གྱི་རྒྱ་ཁྲོལ་ནས་ཟད་མི་ཤེས་པའི་ཆོས་མཛོད་ལ་མངའ་དབང་འབྱོར་བའི་བསྟན་པའི་མངའ་བདག་ཆེན་མོར་བཞུགས་ཤིང་། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་ཕྱི་རབས་སྐལ་ལྡན་གྱི་དོན་དུ་བཞག་པ་འདི་བཞིན་དུ་མཇལ་དུ་ཡོད་པ་ཡིན། ལེགས་ཉེས་ཀྱི་གནས་སྟོན་ཅིང་ཐུགས་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བ་ལ་མན་ངག་བརྒྱུད་པ་དང་བཅས་པ་བཞག་ཡོད་པ་འདི་དག་མཇལ་ན་ཀློང་ཆེན་པ་ཞལ་དངོས་སུ་མཇལ་བ་དང་ཁྱད་མེད་པ་མ་ཟད། ཞལ་མཇལ་བ་རྐྱང་པ་ཙམ་ལས་ཀྱང་ལྷག་པ་ཡིན་ཏེ། དེ་དུས་ཁམས་ཀྱི་གྲྭ་ས་པ་ལ་ལས་མཇལ་བས་མི་ཚད་ཆོས་གྲོགས་ཀྱང་བྱེད་མྱོང་ཡང་། དམ་པ་ཡིན་པའི་ངོས་མ་ཟིན་ནས་ཞབས་ཏོག་བསྙེན་བཀུར་གྱི་བསོད་ནམས་བསག་མ་ཤེས་པའི་ལོ་རྒྱུས་ཉིད་ཀྱི་གསུང་ལས་མང་རབ་བྱུང་བ་ཡིན། རྒྱལ་བ་ཀློང་ཆེན་པའི་མདོ་ཕྱོགས་ཀྱི་འགྲེལ་ཊཱིཀ་མང་པོ་ཞིག་གི་དཔེ་རྒྱུན་འུ་ཚོ་བརྒྱུད་འཛིན་ཚོའི་ལག་ཏུ་མ་འབྱོར་ནས་དཔེ་རྒྱུན་ཆད་སོང་བ་དུ་མ་ཡོད་རབས་བཤད་པ་དང་། ད་ལྟ་མཇལ་དུ་ཡོད་པ་ལས་གཙོ་ཆེ་བ་གསང་སྔགས་རྫོགས་ཆེན་གྱི་སྐོར་ནས། རྒྱ་ཆེ་བ་པཎྜི་ཏའི་ལུགས་ལྟར་མཛད་པའི་ཀློང་ཆེན་མཛོད་བདུན་ལ་སོགས་པ་དང་། ཟབ་པ་ཀུ་སཱ་ལིའི་ལུགས་སུ་བཀྲལ་བའི་སྙིང་ཏིག་མ་བུ་གཉིས་སོགས་དང་། ཟབ་རྒྱས་གཉིས་ཀའི་གནད་ཚང་ལ་མ་ནོར་བ་བསྟན་པ་ངེས་དོན་ཤིང་རྟ་རྣམ་གསུམ་ལ་སོགས་པའི་ཆོས་མཛོད་ཆེན་པོ་བཞུགས་བཞིན་པ་འདི་དག་ཡིན། བརྒྱུད་འཛིན་བྱིན་རླབས་འཕོ་ཡུལ་གྱི་ཐུགས་ཀྱི་སྲས་སམ་རྒྱལ་བའི་དབང་པོ་དེ་ཉིད་ཀྱི་སྐུའི་སྐྱེ་བ་གཞན་གྱིས་གདུལ་བྱའི་དོན་མཛད་པ་ནི། ཀུན་མཁྱེན་ཕྱི་མ་ཀུན་མཁྱེན་འཇིགས་མེད་གླིང་པའམ་མཁྱེན་བརྩེའི་འོད་ཟེར་ཏེ། འདི་ཡབ་སྲས་ཀྱིས་རྫོགས་ཆེན་གྱི་བསྟན་པ་གཞིར་བཞེངས་སུ་བསླངས་ནས་ངེས་དོན་སྙིང་པོའི་ལམ་གྱི་སྲོལ་ཆེན་ཕྱེས་པའོ། །དེ་ལྟ་བུའི་བསྟན་བཅོས་རྩོམ་པ་པོའི་ཆེ་བ་སྔོན་དུ་སོང་བའི་ཐོག་ནས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལ། མཚན་སྨོས་པ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་གསུམ་ལས། དང་པོ་མཚན་ནི།

དང་པོ་མཚན་གྱི་དོན་བཤད་པ།

རྒྱ་གར་སྐད་དུ། །ཨུ་པ་དེ་ཤ་རཏྣ་ཀོ་ཥ་ནཱ་མ། འདི་ནི་བོད་གཞུང་ཁུངས་མ་ཡིན་པ་ལ་འདིའི་མཚན་རྒྱ་གར་སྐད་དུ་སྨོས་པ་ཅི་ཞེ་ན། རྒྱ་གར་འཕགས་པའི་ཡུལ། དབུས་འགྱུར་མ་ག་དྷཱ་རྡོ་རྗེའི་གདན་བསྐལ་བ་བཟང་པོ་འདིའི་སངས་རྒྱས་སྟོང་རྩ་བྱོན་པའི་གནས་ཁྱད་པར་ཅན་འདིར། བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོ་སངས་རྒྱས་པས་མ་ཚད། རང་ཅག་མི་རྣམས་ཀྱི་སྣང་ངོར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་རྒྱ་གར་སཾ་སྐྲྀ་ཏའི་སྐད་ཀྱིས་གསུངས་པ་ཡིན་པ་དང་། དེར་མ་ཟད་རང་རེ་བོད་ལ་དར་བའི་ཆོས་མདོ་རྒྱུད་མན་ངག་དང་བཅས་པ་མང་རབ་འདི་དག སྔར་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་རྒྱ་གར་གྱི་སྐད་ཀྱི་སྟེང་ནས་ཚུར་བསྒྱུར་པ་མང་བ་ཡིན་པས། རྒྱུད་ལ་བྱིན་རླབས་འཇུག སྐད་ལ་བག་ཆགས་བཞག འཆད་ཉན་ལ་བར་ཆད་མེད་པ་དང་། ལོ་པཎ་རྣམ་པའི་བཀའ་དྲིན་མི་བརྗེད་པའི་ཆེད་ལ་སོགས་པའི་རྒྱུ་མཚན་མང་པོ་ལ་བརྟེན་ནས་འདིའི་མཚན་ཡང་རྒྱ་གར་སྐད་དུ་སྨྲས་པའོ། །འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པས་མིའི་སྐད་ཀྱི་བྱེ་བྲག་སཾ་སྐྲྀ་ཏའི་སྐད་འབའ་ཞིག་གིས་གསུངས་པ་ནི་མ་ཡིན་ནོ་སྙམ་ན། འགྲོ་བ་གཞན་དག་དྲི་ཟ་གྲུལ་བུམ་གྱི་སྐད་འུ་བུ་ཅག་གིས་གོ་བ་མ་ཡིན་པས་དེའི་ཁུར་ལེན་དགོས་པ་མིན་ཞིང་། སྐབས་ཐོབ་མི་རྣམས་ཀྱི་ངོར་མིའི་སྐད་དུ་གསུངས་པ་ལ་གོ་དགོས་སོ། །དེ་ཡང་ཨུ་པ་དེ་ཤ་རཏྣ་ཀོ་ཥ་ནཱ་མ་ཞེས་པ་འདི་བོད་སྐད་དུ་བསྒྱུར་ན། མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བའོ། །སྐད་གཉིས་ཤན་སྦྱར་ན། ཨུ་པ་དེ་ཤ་མན་ངག རཏྣ་རིན་པོ་ཆེའི། ཀོ་ཥ་མཛོད། ནཱ་མ་ཅེས་བྱ་བ། མཚན་དོན་འགྲེལ་བ་ལ་མན་ངག་ཅེས་པ་ནི། ཚིག་དོན་རྒྱ་ཆེ་བ་མཐའ་དག་གནད་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་བདེ་བའམ་འཁྱེར་བདེ་སྤྱོད་བདེར་བྱས་པ་ནི་མན་ངག་སྟེ། ཚིག་ཉུང་དོན་ཟབ་མན་ངག་གོ །ཞེས་གསུངས་པའི་ཕྱིར། འདིར་མདོ་དང་རྒྱུད་སྡེའི་གནད་ཐམས་ཅད་ཚུར་བསྡུས་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གནད་དུ་འཛིན་བདེ་བའི་ཁྱད་ཆོས་དང་ལྡན་པའི་མན་ངག་གོ །རིན་པོ་ཆེའི་མཛོད་ཅེས་པའི་རིན་པོ་ཆེ་ནི་འཇིག་རྟེན་འདི་ན་གང་དཀོན་པའི་དངོས་པོ་མི་ཐམས་ཅད་ཀྱིས་རིན་ཐང་ཆེན་པོར་བརྩི་བའི་དངོས་པོ་དེ་གང་ཡིན་ན། དེ་ལ་རིན་པོ་ཆེའི་མིང་ཙམ་ཐོགས་པ་མང་ན་ཡང་རིན་པོ་ཆེའི་དོན་བྱེད་ནུས་པའི་ཡིད་བཞིན་དུ་བསམ་པ་འགྲུབ་པར་བྱེད་པའི་ཁྱད་དུ་འཕགས་པ་ནི། ཡིད་བཞིན་ནོར་བུ་སྨོན་ལམ་གང་བཏབ་འགྲུབ་པ་དེ་ཡིན་ལ། འོན་ཀྱང་ཡིད་བཞིན་གྱི་ནོར་བུས་ཚེ་འདིའི་འཇིག་རྟེན་ལ། འདིར་སྣང་གི་ཟང་ཟིང་ཙམ་སྒྲུབ་པ་ལས་རང་གཞན་གཏན་བདེའི་དོན་ཆེན་མི་འགྲུབ་པ་ཡིན་པས་ན། དེ་བས་ཀྱང་ལྷག་པའི་མངོན་མཐོ་ངེས་ལེགས་ཀྱི་འབྲས་བུ་ཐམས་ཅད་སྐྱེད་པར་བྱེད་པས་ན་རིན་པོ་ཆེའི་མཛོད་ཅེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་མཚན་བཏགས་པའོ། །མན་ངག་གི་གཞུང་འདི་ཉིད་སྐལ་བཟང་ཐར་འདོད་ཀྱི་གང་ཟག་གིས་ཉམས་སུ་བླངས་ན། ཚེ་རབས་གཏན་གྱི་རྒུད་པ་སེལ་ཞིང་། འགྲོ་བ་དབུལ་ཕོངས་ཀྱི་ཚོགས་ལ་ཟད་པ་མེད་པའི་ཆོས་ཆར་ཕབ་ནས། བསམ་རྒུ་ངང་གིས་འགྲུབ་པར་བྱེད་པས་དོན་དང་འབྲེལ་བའི་མཚན་ཡང་ཡིན། མན་ངག་ནི་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་དང་། རིན་པོ་ཆེའི་མཛོད་ནི་འདྲ་བ་དཔེ་ཡི་སྒོ་ནས་བཏགས་པའོ། །གཞུང་འདིའི་ནང་དུ་མདོ་རྒྱུད་ཀྱི་མན་ངག་ཐམས་ཅད་ཀྱི་གནད་མ་ཚང་བ་གཅིག་ཀྱང་མེད་པས་མན་ངག་རིན་པོ་ཆེའི་མཛོད་དོ། །མཚན་བཏགས་པའི་དགོས་པ་ནི་འཕགས་པ་ལངྐར་གཤེགས་པའི་མདོ་ལས། །མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར། མཚན་ཐོས་པ་དང་མཐོང་བ་ཙམ་གྱིས་ཀྱང་དབང་རབ་ཡིན་ན་གཞུང་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པ་དང་། དབང་འབྲིང་ཡིན་ན་ཕྱོགས་གང་གཏོགས་ཤེས་པའི་དགོས་པ་དང་། དབང་ཐ་ཡིན་ཡང་གླེགས་བམ་འཚོལ་སླ་བ་དང་། མཚན་ཙམ་མཐོང་ཐོས་ཀྱིས་རྒྱུད་ལ་བྱིན་རླབས་དང་བག་ཆགས་ཁྱད་པར་ཅན་འཇོག་ཐུབ་པའི་དགོས་པ་ཡོད་དོ། །རྩིས་འགོ་ཡན་ལག་ལྔས་ཐོག་ནས་བཤད་ན། འདི་མཛད་པ་པོ་སུས་མཛད་ན་གོང་ནས་ཞུས་པ་ལྟར་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས་མཛད། ལུང་གང་ལས་བཏུས་ན་སྤྱིར་མདོ་རྒྱུད་མན་ངག་ཐམས་ཅད་དང་སྒོས་རྫོགས་ཆེན་བཅུ་བདུན་རྒྱུད་ལས་བཏུས། ཕྱོགས་གང་དུ་གཏོགས་ན་ཐེག་ཆེན་མདོ་སྔགས་གཉིས་དང་། ཁྱད་པར་དུ་གསང་སྔགས་རྫོགས་པ་ཆེན་པོ་ལ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ན་གང་ཟག་གཅིག་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་གནད་ཀྱི་མན་ངག་ཐམས་ཅད་དྲུག་ཚན་གྱི་སྒོ་ནས་གསུངས་པ་ཞིག་ཡིན། དགོས་ཆེད་སུ་ཞིག་གི་ཆེད་དུ་མཛད་པ་ཡིན་ན་སྤྱིར་ཐར་ལམ་རྣམ་དག་དོན་གཉེར་གྱི་ཐེག་པ་ཆེན་པོའི་རིགས་ཅན་དང་། ཁྱད་པར་སྔགས་ལ་ཞུགས་ནས་སྨིན་གྲོལ་ཁྱད་པར་ཅན་གྱི་ལམ་ལ་བརྟེན་ཏེ་རིག་འཛིན་བཞིའི་གསང་ལམ་ནས་སྐུ་བཞིའི་གོ་འཕང་སྒྲུབ་པར་འདོད་པ་དང་། ཡང་སྒོས་སུ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ལས་དང་པོ་པ་ཞིག་ལམ་དུ་ཞུགས་ནས་ཉམས་མྱོང་གི་དྲོད་ཚད་ངེས་ཅན་ཐོབ་པ་ལ་སོགས་པ་རྫོགས་པ་ཆེན་པོའི་གདུལ་བྱའི་ཆེད་དུ་བསྟན་པ་ཡིན་ལ། འདིའི་དགོས་འབྲེལ་ཡན་ལག་བཞི་ཡང་དེ་མཚུངས་ཀྱིས་གོ་ཐུབ་ལ། དེས་མཚན་སྨོས་པ། སྐད་གཉིས་ཤན་སྦྱར་བ། མཚན་དོན་བཀྲལ་བ་ལ་སོགས་པ་སོང་ནས། གཉིས་པ་མཆོད་པར་བརྗོད་པ་ལ་གཉིས་ལས། དང་པོ་ཕྱག་འཚལ་བ་ནི།

དང་པོ་ཕྱག་འཚལ་བ་བསྟན་པ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།

ཞེས་པ་སྟེ་ཐོག་མར་ཕྱག་འཚལ་བ་བྱུང་བ་ནི་རྒྱ་ཆོས་བོད་དུ་འགྱུར་བའི་སྐབས་སུ་བཀོད་པའི་འགྱུར་ཕྱག་ཏུ་གྲགས་པ་ཞིག་ཡོད་ལ། དེ་ནི་ལོ་པཎ་རྣམ་པས་མཛད་པ་ཡིན་ཞིང་དེ་ལ་རྒྱལ་པོ་བཀས་བཅད་ཀྱི་ཕྱག་དང་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཀྱང་ཟེར། འདིར་བརྗོད་བྱ་མདོ་དང་རྒྱུད་སྡེའི་གནད་བསྡུས་ཏེ་མན་ངག་ཏུ་སྟོན་པའི་གཞུང་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་། འདིའི་དོན་ཐུན་མོང་ལྟར་ན་མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་མཁྱེན་པའི་བློ་གྲོས་རྒྱས་པའི་སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་བདག་ཉིད་དོ། །ཐུན་མིན་ལྟར་དུ་བྱས་ན་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་དང་། དེའི་སྲས་བྱང་ཆུབ་སེམས་དཔའ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་ལམ་མཐའ་དག་ལ་བྱང་ཞིང་ཆུབ་པ་དང་། འགྲོ་མང་གི་མཐའ་དང་བསྐལ་བའི་ཡུན་ལ་སོགས་པ་བྱ་དཀའི་སྤྱོད་པ་མཐའ་ཡས་པའི་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་ལ་སྐྱོ་སེམས་མེད་པའི་སེམས་དཔའ། ཕྱོགས་དང་དུས་ཀྱིས་བསྡུས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་བའོ།།

གཉིས་པ་མཆོད་པར་བརྗོད་པ་དངོས་བཤད་པ།

ཐུགས་རྗེ་མཆོག་གི་ཡེ་ཤེས་གྲུ་ཆེན་གྱིས།།

སྲིད་གསུམ་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་།།

དེད་དཔོན་ཡིད་བཞིན་ས་མཐོར་རབ་གཤེགས་པའི།།

རྒྱལ་བ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ།།

ཞེས་པའི་ཤོ་ལོ་ཀ་འདིས་མཆོད་པར་བརྗོད་པ་བསྟན་ལ་འདིའི་དགོས་པ་ནི། ཇི་སྐད་དུ། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །མཆོད་པར་བརྗོད་པ་ནི་གང་མཆོད་པར་བརྗོད་ཡུལ་གྱི་མཚན་སྨྲོས་པའི་སྒོ་ནས་ཡོན་ཏན་བརྗོད་པ་སྟེ། དེ་ལ་ཡང་། འགྲོ་བའི་བླ་མས་དེང་འདིར་ཤིས་པ་སྩོལ། །ཞེས་པ་ལྟ་བུ་ཤིས་པ་སྐུལ་བའི་ཚིག་གི་མཐའ་ཅན་གྱི་མཆོད་པར་བརྗོད་པ་དང་། གང་ཞབས་སོར་མོས་རེག་པའི་རྡུལ་དམར་བརྩི། །ཟུར་ཕུད་ནོར་བུའི་གཙུག་ན་རྟག་ཏུ་མཆོད། །ཅེས་བཀུར་སྟི་ཕུ་དུད་ཀྱི་མཐའ་ཅན་གྱི་མཆོད་བརྗོད་ལ་སོགས་པ་ཡོད་པ་ལས་འདི་ནི་ཕྱག་འཚལ་བའི་མཐའ་ཅན་གྱི་མཆོད་བརྗོད་དང་། གོང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཕྱག་འཚལ་བ་དངོས་སོ། །ཐུགས་རྗེ་མཆོག་གི་ཡེ་ཤེས་གྲུ་ཆེན་གྱིས། །ཞེས་བརྗོད་ན་ཐུགས་རྗེ་ལ་མཆོག་དམན་ཡོད་དམ་ཞེ་ན། ཡོད་དེ་ཐེག་དམན་ཉན་རང་གི་རྒྱུད་དུ་ཡང་ཐུགས་རྗེའམ་སྙིང་རྗེ་ཡོད་ཀྱང་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནམ་མཁའ་དང་ཕྱིའི་ནམ་མཁའ་ཆེན་པོའི་ཁྱད་པར་ལྟར་དུ་ཆེ་ཆུང་གི་ཁྱད་ཆེ་བས། ཐུགས་རྗེ་ཙམ་གྱི་སྒྲ་འཇུག་པ་ལ་ཁྱད་མེད་ཀྱང་ཐུགས་རྗེ་ལ་མཆོག་དམན་ཡོད་པས་ཉན་རང་གི་རྒྱུད་ལ་ཡོད་པའི་ཐུགས་རྗེ་དེ་མཆོག་མིན་པར་མ་ཟད། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལའང་ས་དང་ལམ་གྱི་ཡོན་ཏན་རྒྱ་ཆེན་པོ་ཡོད་ཀྱང་། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ཏུ་བགྲངས་བའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་མེད་པ་དེའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་མཁྱེན་གྱི་ཡེ་ཤེས་དེ་མཆོག་ཡིན། དེའི་ཡེ་ཤེས་ཀྱི་གྲུ་ཆེན་གྱིས། སྲིད་གསུམ་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིང་། །ཞེས་གསུངས་པ་ནི་གྲུ་དང་། རྒྱ་མཚོ་དང་། དེད་དཔོན་དང་། ཡིད་བཞིན་གྱི་སྐམ་ས་རྣམས་གཟུགས་ཅན་གྱི་རྒྱན་དུ་བཀོད་ནས་གསུངས་པ་སྟེ། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་བརྒལ་དཀའ་བ་དེའི་ཕ་རོལ་ཐར་བའི་སྐམ་སར་ཕྱིན་པར་གྱུར་ཀྱང་ཞེས། སྲིད་གསུམ་རྒྱ་མཚོའི་ཕ་མཐར་ཕྱིན་ཟིན་པ་རྒྱལ་བ་རྣམས་དངོས་སུ་བསྟན་པའི་ཞར་ལ། ཕྱིན་པར་འགྱུར་བ་རྒྱལ་སྲས་རྣམས་ཤུགས་ཀྱིས་བསྟན་པའོ། །དེད་དཔོན་ཡིད་བཞིན་ས་མཐོར་རབ་གཤེགས་པའི། །ཞེས་པ་ནི་མཐའ་ཡས་སེམས་ཅན་ཐམས་ཅད་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཀྱི་ལམ་ལ་བགྲོད་པ་ནི་རྒྱལ་བ་སྲས་བཅས་ལ་བརྟེན་ནས་དེ་དག་གིས་འདྲེན་པར་བྱེད་པས་ན་དེད་དཔོན་ཏེ། དེ་ལྟ་བུའི་འགྲོ་བ་དམུས་ལོང་གི་ས་མཁན། ལམ་སྟོན་གྱི་སྒྲོན་མེ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་གྱིས་ཡིད་བཞིན་དུ་སྨོན་པའི་གནས། རྒྱ་མཚོ་དང་བྲལ་བའི་སྐམ་སའི་ས་མཐོའི་ལམ་སྟེགས་མཆོག་འབྲས་བུ་མཐར་ཐུག་བརྙེས་ཟིན་པའམ་བརྙེས་བཞིན་པའི་རྒྱལ་བ་དང་། དེའི་སྲས་ལ་སྐུ་སྲས་སྒྲ་གཅན་འཛིན། གསུང་སྲས་ཉན་རང་དགྲ་བཅོམ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལས་སྐབས་འདིར། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པའི་གནད་དེའི་དབང་གིས་ཐུགས་སྲས་བྱང་ཆུབ་སེམས་དཔའ་ཁོ་ན་ལ་གོ་དགོས་པ་ཡིན་པས། དེ་ལྟ་བུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་བའོ།།

གསུམ་པ་རྩོམ་པར་དམ་བཅའ་བ།

གསུམ་པ་རྩོམ་པར་དམ་བཅའ་བ་ནི།

སྐལ་བཟང་རབ་མཆོག་ཐར་པ་འདོད་རྣམས་ལ།།

མདོ་རྒྱུད་མན་ངག་སྙིང་པོའི་བཅུད་བསྡུས་ཏེ།།

ཡང་ཟབ་གནད་རྣམས་མ་ལུས་བསྟན་པ་ནི།།

དྲུག་ཚན་དྲུག་གིས་བཤད་ཀྱིས་གུས་པས་ཉོན།།

ཞེས་གསུངས་པ་སྟེ། དེ་ལ་ཐོག་མར་སྣོད་ངོས་བཟུང་ནས་བསྟན་པ་སྟེ། སྤྱིར་སངས་རྒྱས་བསྟན་པའི་ཆོས་སྒོ་ལ་ཞུགས་ནས་དམ་པའི་ཆོས་དང་འཕྲད་པ་དེ་སྐལ་བ་བཟང་པོ་ཡིན་ཡང་། འདིར་སྐལ་བཟང་རབ་མཆོག་ཅེས་གསུངས་པས་སྐལ་བ་བཟང་པོ་དེ་ལ་ཡང་དམན་འབྲིང་རབ་གསུམ་གྱི་དབྱེ་བ་དང་། རབ་དེ་ལ་ཡང་ཐ་འབྲིང་རབ་གསུམ་ཕྱེས་པའི་རབ་ཀྱི་མཆོག་གམ་རྩེ་མོ་གྱུར་པ། ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་སྐལ་ལྡན་དེ་རྣམས་ལ། མདོ་རྒྱུ་མཚན་ཉིད་ཐེག་པའི་ཐེག་དམན་ཉན་རང་ནས་ཐེག་ཆེན་དབུ་སེམས་ཀྱི་བར་དང་། རྒྱུད་གསང་སྔགས་ཕྱི་ནང་དང་ཡང་གསང་རྫོགས་པ་ཆེན་པོ་ཐེག་དགུའི་རྩེ་མོར་གྱུར་པ་མན་ཆད་ཀྱི་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་མན་ངག་གི་སྙིང་བཅུད་བསྡུས་ཏེ། དེ་ལྟ་བུའི་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་ཡ་ཀི་རྫོགས་པ་ཆེན་པོ་མན་ཆད་ཀྱི་གདམས་པའི་སྙིང་པོ་ཟབ་པའི་ནང་གི་ཡང་ཟབ་ཀྱི་གནད་རྣམས་ཐམས་ཅད་མ་ལུས་པ། ལས་དང་པོ་བའི་གང་ཟག་དང་། ཉམས་ལེན་གྱི་དྲོད་ཚད་གང་འཚམས་རྙེད་པ་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ཐོབ་ལ་ཉེ་བ་མན་ཆོད་ཀྱི་གང་ཟག་མཆོག་དམན་ཐམས་ཅད་སྨིན་ཅིང་གྲོལ་བའི་ཆེད་དུ་བསྟན་པ་ནི། བརྗོད་བྱ་མདོ་རྒྱུད་ཀྱི་གནད་ཐམས་ཅད་པོ་མན་ངག་དྲུག་ཚན་དུ་བསྡུས་པ་དེ། རྗོད་བྱེད་དྲུག་ཚན་གྱི་ཚོམས་ཀྱིས་བཅད་ནས་བཤད་པར་བྱ་ཞེས་རྩོམ་པར་དམ་བཅས་པའོ། །རྩོམ་པར་དམ་བཅའ་བ་འདི་ནི་དམ་པས་ཁས་བླངས་ཤིང་ཞལ་གྱིས་འཆེས་ཟིན་དུས་དེ་ལས་ལྡོག་པ་མིན་པ་དང་། ཕལ་བ་ཡིན་ཡང་རྩོམ་པར་དམ་བཅས་ན་རྩོམ་ལྡོག་གི་ཉེས་པ་མི་འབྱུང་བའི་རྒྱུ་རུ་འགྱུར་བ་ལ་སོགས་པའི་དགོས་པ་ཡོད་དོ། །དེ་ནས་གུས་པས་ཉོན་ཞེས་སྐལ་བཟང་གི་སློབ་མ་ལ་དོན་ཆེན་ཡལ་བ་མ་དོར་བར་ཉོན་དང་རང་གཞན་ཀུན་ལ་ཕན་པའི་དོན་འབྲས་འབྱུང་བར་ཤུགས་ཀྱིས་བསྟན་པའི་སྒོ་ནས་སྐལ་ལྡན་ཆོས་ལ་བསྐུལ་བའོ།།

གཉིས་པ་བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ།

༡ ཐོག་མར་འཇུག་པའི་ཆོས་དྲུག་བསྟན་པ།

ཐོག་མར་ཆོས་ལ་འཇུག་ཅིང་སྒྲུབ་པའི་མཐུན་རྐྱེན་གྱི་ཆོས་དྲུག་ཚན་དྲུག་དང་། ངེས་འབྱུང་སྐྱོ་ཤས་སྐུལ་བའི་ཆོས་དྲུག་ཚན་དྲུག་གི་སྤྱིའི་འཇུག་ཚུལ་བསྟན་པ་ལས། དང་པོ་ནི།

དེ་ལ་ཐོག་མར་འཇུག་པའི་ཆོས་དྲུག་ནི།།

ལམ་གྱི་གཞི་རྟེན་བསླབ་གསུམ་བསྲུང་བ་དང༌།།

སྣ་ཚོགས་ཐོས་བསམ་ཕྱོགས་མེད་བྱ་བ་དང༌།།

སྒོ་གསུམ་ཞི་ཞིང་རང་རྒྱུད་གདུལ་བ་དང༌།།

སྡིག་ལ་འཛེམ་ཞིང་དགེ་བ་སྤེལ་བ་དང༌།།

ངོ་ཚ་ཁྲེལ་ཡོད་དད་པ་བསྐྱེད་པ་དང༌།།

དགེ་བའི་བཤེས་དང་དགེ་གྲོགས་བསྟེན་པ་སྟེ།།

དང་པོའི་ལས་ཅན་རྣམས་ལ་ཤིན་ཏུ་གཅེས།།

ཞེས་གསུངས་ཏེ། ཐོག་མར་ལམ་ལ་འཇུག་པའི་གནས་སྐབས་ན་དགོས་པའི་ཆོས་དྲུག་པོ་དེ་གང་ཡིན་ན། ལམ་ཞུགས་ལས་དང་པོ་པ་ཞིག་ལ་ཚད་གཞི་རུ་འཕངས་ནས་གསུངས་པས། ལམ་གནད་ཐེག་པ་ཆེ་ཆུང་གི་མདོ་ནས་སྔགས་རྒྱུད་སྡེ་དྲུག་དང་བཅས་པའི་གནད་དེ་དག གང་ཟག་གཅིག་ལ་ཡར་ལྡན་དུ་རྫོགས་པའི་དགོས་གནད་དང་བསྟུན་ནས་གསུངས་པ་སྟེ། དེ་ཡང་དཔེར་ན་མི་ཞིག་སྐྱེད་སྲིང་བྱ་བའི་ཚུལ་ལ་དཔེར་བྱས་ནས་བཤད་ན། དང་པོ་བྱིས་པ་གོམ་ཁ་མི་ཐུབ་པ་ཞིག་ལ་རྒྱུག་ཚུལ་དང་མཆོང་ཚུལ་བསླབས་ཀྱང་དོན་གྱིས་སྟོང་པ་ཡིན་ལ། དེ་ལས་ཁོ་རང་ལ་ལག་མགོ་གཏད་ནས་གོམ་པ་སྤོ་ཚུལ་བསླབས་ན། དེ་ནི་དེ་ལ་རན་པའི་ཕན་ཐོགས་ཡོད་ཤག་ཤག་གི་ཐབས་ཡིན་པ་བཞིན་དུ། ལས་དང་པོ་པ་ལ་རྒྱ་ཆེ་ས་རྒྱང་རིང་ས། ས་དང་ལམ་གྱི་མངོན་རྟོགས་མཐོན་པོ་ནས་བཤད་ན་ཐོས་པའི་ཤེས་རབ་བསྐྱེད་ཅིང་མ་རིག་པའི་མུན་པ་སེལ་བར་གྲགས་ཀྱང་། བཤད་པ་ཚིག་གི་རོ་ཁོ་ན་ལ་གཡེངས་ནས་དོན་ལ་མ་ཁེལ་ན་ཕན་ཐོགས་མེད་པ་ཡིན་ཏེ་། མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །ཞེས་གསུངས་པའི་ཕྱིར། ཉམས་ལེན་མན་ངག་གི་གནད་ལ་བསྣུན་ནས་དངོས་ཡོད་གནས་ཚུལ་དང་མཐུན་པར་རང་གི་རྒྱུད་ཐོག་ལ་འབྱོར་དགོས་པ་ལས། མཐོ་བཤད་བྱས་པ་ཙམ་གྱིས་མ་མཐོང་རྒྱང་གི་གཏམ་སྙན་དུ་གྱུར་ནས་ཕན་འབྲས་ཀྱིས་དབེན་པ་ཡིན། འདིར་ལས་དང་པོ་པ་ནས་བཟུང་མཐར་ཐུག་སངས་རྒྱས་ཀྱི་ས་བརྙེས་པའི་བར་གྱི་གཞི་ལྟ་བ། ལམ་སྒོམ་པ། འབྲས་བུ་ཐོབ་བྱ་དང་བཅས་པ་གསུངས་ཡོད་པས། རང་རེ་ཅག་ལས་དང་པོ་པ་སྨོས་ཅི་དགོས་ལམ་རྟགས་ཀྱི་ཡོན་ཏན་སྣ་རེ་སྣ་གཉིས་བརྙེས་པ་དག་གིས་ཀྱང་། འདིའི་འགོ་ནས་མར་རང་རྒྱུད་དང་སྦྱར་བཞིན་སོང་ན་རང་རྒྱུགས་རང་ལ་འཕྲོད་པ་དང་རང་རྒྱུས་རང་གིས་ལོན་པ་ཞིག་ཡོང་བ་ཡིན་པས་ཐོག་མར་འཇུག་པའི་ཆོས་དྲུག་བསྟན་པ་ལ། བསླབ་པ་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་གསུམ་པོ་དེ་ལ་ལྷག་པའི་བསླབ་པ་རྣམ་པ་གསུམ་ཞེས་གསུངས་ལ། ལྷག་པའི་བསླབ་པ་ཞེས་པའི་དོན་ནི་ཁྱི་དང་བ་ལང་གི་བརྟུལ་ཞུགས་འཛིན་པ་དང་། ཉི་མ་དང་ཟླ་བ་ལྷར་མཆོད་པ་ལ་སོགས་པ་ཕྱི་རོལ་བ་ལ་ཡོད་ཀྱང་ལམ་དེས་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མི་འཐོབ་པ་དང་། ནང་པ་སངས་རྒྱས་པའི་ལམ་ལྷག་པའི་བསླབ་པས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པས། ཁྱད་དུ་འཕགས་པའི་བསླབ་པ་ཡིན་པས་ལྷག་པའི་བསླབ་པ་ཞེས་བྱ་ལ། བརྗོད་བྱ་བསླབ་པ་གསུམ་གྱི་རྗོད་བྱེད་འདུལ་བ་མདོ་སྡེ་མངོན་པ་གསུམ་ཡིན་པས། དེའི་བསྟན་དོན་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་། བསླབ་བྱ་དང་། དམ་ཚིག་ལ་གནས་པ་དེ་ཐར་བ་མཆོག་གི་ལམ་ལ་ཞུགས་པའི་གཞི་རྟེན་ཡིན་པས། བསླབ་གསུམ་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་ནི་མན་ངག་གི་གཞུང་འདིའི་དྲུག་ཚན་ཐམས་ཅད་ཀྱི་ཐོག་མའི་མགོར་བཞག་ནས་གསུངས་ཡོད། འདིར་བཞུགས་ཀྱི་ཇོ་སེར་རབ་ཏུ་བྱུང་བ་དག་སྨོས་ཅི་དགོས། སྔགས་ཕོ་མོ་དགེ་བསྙེན་དང་བཅས་པས་ཀྱང་སོ་ཐར་རིགས་བདུན་གང་རུང་གི་བསླབ་གཞི་མནོས་ནས་སྡོམ་པ་རེ་བླངས་ཡོད་པ་ཡིན། འོན་ཀྱང་དེ་ཐེག་པ་ཆེ་ཆུང་གི་སོ་ཐར་གྱི་སྡོམ་པའི་གྲས་སུ་འགྲོ་བར་བྱེད་པ་ལ། ངེས་འབྱུང་གི་ཀུན་སློང་བརྟན་པོ་ཞིག་མེད་པའི་ཐབས་མེད་ཡིན་ཏེ། ངེས་འབྱུང་གི་བསམ་པས་རྩིས་མ་ཟིན་པའི་སོར་སྡོམ་ཞུས་པ་ནི། སྒྲ་ཙམ་འཇུག་པའི་སྡོམ་པའི་གཟུགས་བརྙན་ཙམ་ལས་སྡོམ་པ་རྣམ་དག་གི་གྲས་སུ་འགྲོ་བ་མིན་པའི་ཕྱིར། དེ་ཡང་ངེས་འབྱུང་ཞེས་པ་དེ་འཁོར་བ་སྡུག་བསྔལ་ཆེའོ་སྙམ་པ་ཙམ་ལ་ཟེར་བ་མིན་པར། ཁམས་གསུམ་རིགས་དྲུག་གི་འཁོར་བའི་ཆོས་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ། སྐྱུག་ནད་ཅན་ལ་བཙོ་ཟན་བྱིན་ན་ཟ་མི་འདོད་པ་ལྟ་བུའི་ཞེན་ལོག་རྒྱུད་ལ་སྐྱེས་ནས་ཐར་ལམ་དོན་དུ་གཉེར་པ་ཞིག་ལ་ཟེར་བས། ངེས་འབྱུང་སྐྱེས་བཞིན་དུ་ཆོས་བརྒྱད་དོན་གཉེར་བྱེད་པ་ཞིག་ནི་མི་སྲིད་པ་ཡིན། དེས་ན་ངེས་འབྱུང་ཞིག་ལ་དོན་གཉིས་ཚང་དགོས་ཏེ། དང་པོ་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་ནས་དེ་ལ་སྐྱོ་ཤས་ཡོད་པ་དང་། གཉིས་པ་དེ་ལས་ཐར་བའི་ཐར་བ་བྱང་ཆུབ་གསུམ་གང་རུང་ཐོབ་པར་འདོད་པའི་བློ་བཅོས་མ་མིན་པ་ཡོད་པའོ། །དེ་འདྲའི་དོན་གཉིས་ཚང་བའི་ངེས་འབྱུང་མ་ཡོད་ན། སྡོམ་པ་ཞུ་མདོག་བྱས་པ་དེ་ཡང་གཟུགས་བརྙན་ཙམ་དུ་སོང་ཡོད་མེད་རང་གིས་མ་གཏོགས་མི་ཤེས་པའི་ཚད་ལ་ཐོན་ནས་ཡོད་པ་ཡིན། མན་ངག་ཉམས་ལེན་གྱི་གནད་ལ་ཕབ་ཡོང་ཚེ་རེ་རེ་བཞིན་དུ་བརྟག་དཔྱད་བྱས་ནས་རང་གི་རྒྱུད་དང་སྦྲེལ་ནས་ལམ་ལ་སློབ་དགོས། དེའི་དུས་སུ་མ་ཡིན་ཡིན་མདོག་བྱས་ན་རང་གིས་རང་ལ་མགོ་གཡོགས་པ་ཡིན། མི་མགོ་སྐོར་ན་སྐོར་ཆུང་། །རང་མགོ་སྐོར་ན་སྐོར་ཆེན། །ཟེར་བ་ལྟར་ཡིན་པས། ཚེ་ཕྱི་མ་ལ་བསམ་བློ་བཏང་ནས་ཕྱི་མའི་འགྲོ་ཆས་ལ་ཆོས་མིན་གཞན་གྱིས་ཕན་མི་འདུག དེའི་དུས་སུ་ཕས་མི་སྐྱོབ་ལ་མས་ཀྱང་མི་སྐྱོབ་ཅིང་། ཕུ་ནུ་གཉེན་འདུན་གྲོང་རོགས་ཁྱིམ་མཚེས་སུས་ཀྱང་མི་སྐྱོབ་པས། ད་ནས་རང་བསམ་རང་གིས་མ་བཏང་ན་མི་རིགས་སོ་སྙམ་པ་ཞིག་དགོས་པ་ཡིན། དེ་ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས། ཆོས་མ་གཏོགས་པའི་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་། མགོན་དང་། སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟ་བུའི་དུས་ན། རང་ཉིད་མལ་ན་ཉལ་བཞིན་དུ། ཕྱི་མའི་སྣང་བ་ཉམས་སུ་མྱོང་སྟེ་ངན་སོང་དུ་འགྲོ་ན། དེ་གནས་ལ་འཇིགས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་གྱུར་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འུ་ཚོས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཞེས་རྒྱུན་པར་རྗོད་ཀྱིན་ཡོད་ཀྱང་། དང་པོ་རང་གིས་རང་གཅེས་མི་ཤེས་མཁན་ཞིག་གིས་གཞན་ལ་གཅེས་པ་བྱེད་པ་ཡིན་ཟེར་ན་དོན་ལ་མེད་པའི་ཁ་ཟེར་ཙམ་ཞིག་ལས་མ་འདས་པས། དང་པོར་རང་གིས་རང་ལ་གཅེས་ཤེས་པ་དེ་གལ་ཆེ་བ་ཡིན། དེ་ཡང་རང་དོན་གྱི་ལས་ཀ་ཚེ་འདིའི་བྱ་བཞག་ཆུང་ཆུང་ཙམ་ཞིག་ཡིན་རུང་། ཞིབ་ཚགས་ཀྱི་ཐོག་ནས་བློ་འཁེལ་བ་ཞིག་དང་སྤུས་དག་པོ་ཞིག་མ་ཐོན་ཡང་ཨེ་ཐོན་ལྟ་ཁུལ་བྱེད་པ་ཡིན་ན། ཚེ་འདི་ཕྱིའི་གཉིས་ཀའི་དོན་ཆེན་ནི་དེ་བས་གནད་ཆེན་ཡིན་པ་སྨོས་མ་དགོས་པས། མན་ངག་ཉམས་ལེན་གྱི་སྐབས་སུ་རང་རྒྱུད་ཀྱི་བསླབ་པ་ལ་བརྟགས་ཤིང་དཔྱད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། དེ་བཞིན་དུ་བྱང་སེམས་ཀྱི་བསླབ་པའི་ཐད་ནས་ཀྱང་། བྱང་སྡོམ་བླངས་པ་ཙམ་གྱིས་ཐོབ་ཡོད་པའི་ངེས་པ་མེད་དེ། སེམས་བསྐྱེད་སྔོན་དུ་སོང་མེད་ན་རགས་པ་བརྡ་ལས་བྱུང་བའི་ཀུན་རྫོབ་སེམས་བསྐྱེད་ཙམ་ཡང་ཐོབ་མེད་པས་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་དོན་དམ་སེམས་བསྐྱེད་ནི་ཐག་རིང་རྒྱང་གི་སྐད་ཆ་དངོས་ཡིན། སེམས་ཤིག་བསྐྱེད་ཡོད་ཀྱང་། སེམས་ཅན་གཅིག་པུ་ཞིག་བློས་བཏང་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལས་གཅིག་མ་ཚང་བ་ཡིན་པས། ཐམས་ཅད་ཀྱི་སྒྲ་འཇུག་ཡུལ་མ་ཚང་ནས་སེམས་བསྐྱེད་མེད་པར་ཆགས་པ་ཡིན་པས། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་པ་ལྟར་དུ་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་གཙོ་ཆེ་བ་ཡིན། དཔེ་དེ་བཞིན་དུ་གསང་སྔགས་ཀྱི་དབང་ནམ་ཞུས་ཀྱི་སྐབས་སུ་སྔགས་སྡོམ་ལེན་བཞིན་ཡོད་ཀྱང་། དབང་གི་སྲོག་ནི་དམ་ཚིག་གིས་འཛིན་དགོས་ན། དམ་ཚིག་ས་མ་ཡ་འབུམ་སྡེའི་གྲངས་ཀ་བརྩི་བ་ཙམ་ཡང་མི་ཤེས་ན་སྲུང་མི་ཤེས་པ་ནི་སྨོས་མ་དགོས་པ་དང་། རིམ་གཉིས་ཀྱི་ལམ་ལ་མ་བསླབས་ན་སྔགས་ལ་ཞུགས་པ་ཙམ་ཡང་མིན་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྟ་བུའི་དམ་པའི་སྐྱེས་བུ་དེ་ཚོས་ཀྱང་། ང་རང་སོ་སོ་ཐར་པའི་སྒོར་ཞུགས་ནས་ཉེས་བྱས་ཕྲ་མོས་ཀྱང་མ་གོས། བྱང་སེམས་ཀྱི་བསླབ་བྱ་ལ་ཉེས་པ་རེ་རེ་གཉིས་གཉིས་བྱུང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཉེས་པ་ཅོ་ལེ་ཉོ་ལེ་བྱུང་ཡང་ཉེས་ལྟུང་དང་འགྲོགས་ནས་ཞག་གཅིག་ཀྱང་སྡོད་མ་མྱོང་གསུངས། ལམ་དུ་བྱོན་པའི་བར་ལ་ཡང་ཀུན་རྟོག་ངན་པ་རེ་ཙམ་བྱུང་ཙ་ན་ཤིང་གི་མཎྜལ་ཞིག་ཡོད་པ་བླངས་ནས་འཕྲལ་དང་འཕྲལ་དུ་བཤགས་སྡོམ་མཛད་པ་ལྟ་བུ་ཡིན་པས། ཉམས་ལེན་གྱི་ཐོག་ནས་མན་ངག་ལག་ལེན་ལ་བསྟར་དུས། རང་རྒྱུད་ལ་བརྟགས་ཤིང་དཔྱད་པ་གཙོ་ཆེ་བའི་དབང་གིས་ཞིབ་ཆ་དགོས་མ་གཏོགས། མ་ཡིན་ཡིན་མདོག་བསྟན་པ་ཙམ་གྱིས་ས་ཆོད་པ་མིན་ཕྱིར། ལམ་གྱི་གཞི་རྟེན་བསླབ་གསུམ་མིག་འབྲས་ལྟར་བསྲུངས་ནས། སྣ་ཚོགས་ཤེས་བྱའི་གནས་སྤྱི་དང་། ཁྱད་པར་དུ་ཐར་བ་དམ་པའི་ལམ་སྟོན་པའི་བསླབ་གསུམ་ཉམས་ལེན་གྱི་གནད་དང་ལྡན་པའི་སྡེ་སྣོད་རྣམ་པ་གསུམ་གྱིས་གཙོར་བྱས་པའི་རིག་པའི་གནས་མཐའ་དག དང་པོར་དགེ་བའི་བཤེས་གཉེན་ལས་ཐོས། བར་དུ་ཐོས་པའི་དོན་བསམ། ཐ་མར་བསམ་དོན་སྒོམ་པའི་སྒོ་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་རྒྱུད་ལ་བསྐྱེད་པའི་ཆེད་དུ་ཐོས་བསམ་ཕྱོགས་དང་རིས་སུ་མི་གཅད་པ་གལ་ཆེ་བས། ལྟ་བ་ངན་པའི་ཀུན་རྟོག་སེལ་བའི་ཆེད་དུ་མུ་སྟེགས་པའི་གཞུང་ཡན་ཆད་ཀྱང་ཤེས་པར་བྱ་དགོས་པས། ཀུན་མཁྱེན་ཀློང་ཆེན་པ་དང་། རྗེ་བདག་ཉིད་ཆེན་པོ་ལ་སོགས་པའི་མཁས་གྲུབ་དག་གི་རྗེས་སུ་སློབ་ནས། གསར་རྙིང་གི་མཁས་གྲུབ་མང་པོར་བསྟེན་ཏེ་ཐོས་བསམ་འཚོལ་ཞིང་། གཞུང་ལུགས་ཐམས་ཅད་ལས་གང་གསུངས་པ་དེ་དག་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་དགོངས་པ་འགལ་མེད་དུ་སྒྲུབ་ལུགས་ཇི་ལྟར་ཡིན་པའི་ཚུལ་ལ་རྣམ་པར་དཔྱད་ནས། དཔྱད་རྩོམ་རེ་དང་མཐའ་དཔྱོད་རེ་བྲིས་ཏེ་དེར་ཕྱོགས་ལ་ལག་རྗེས་རེ་བཞག་ན་བསྟན་པའི་མིག་རྒྱན་དང་བསོད་ནམས་ཀྱི་གཞི་མ་ཡིན། འོན་ཀྱང་དུས་ངན་སྙིགས་མ་ཚེ་ཐུང་གཡེང་བ་ཆེ་བའི་སྐབས་ཀྱི་སྐྱེས་བུ་བློ་རྒྱ་ཆུང་བས། ཕྱོགས་མེད་ཀྱི་ཐོས་བསམ་རིས་མེད་ཀྱི་མཐའ་རྒྱ་མང་པོ་ཞིག་ཆོད་མ་བཞག་ཀྱང་། ཐམས་ཅད་ལ་དག་སྣང་ཕྱོགས་མེད་དུ་སྦྱངས་ནས་རང་ལ་གང་དགོས་པ་དེ་དཔྱིས་ཕྱིན་པར་བྱས་ནས་ཉམས་ལེན་ལ་བརྩོན་དགོས་པ་ཡིན། དེ་ལྟར་སྣ་ཚོགས་པའི་ཆོས་ཚུལ་ལ་ཕྱོགས་མེད་ཀྱི་ཐོས་བསམ་བྱས་པའི་གཞུག་ནས། རང་ཉིད་གང་ལ་ལས་འབྲེལ་ཡོད་པའི་ཆོས་སྒོ་དེ་ཉམས་ལེན་གྱི་གཙོ་བོར་བཟུང་བ་ལས་རིས་མེད་ཡིན་མདོག་གིས། ཡས་མས་ཀྱི་ཆོས་སྐད་དང་ལྟ་གྲུབ་ཚང་མ་འདྲ་འདྲེས་རྩམ་ཕྱུར་བསྲེས་པ་ལྟ་བུས་ཅི་ཡང་མི་ཡོང་བས། སྐབས་ཐོབ་ཀྱི་གོ་བ་མ་འདྲེས་ཤིང་དོན་ལ་རྒྱལ་བའི་དགོངས་པ་འགལ་མེད་དུ་ལེན་ཤེས་པའི་མ་འདྲེས་འབྲེལ་བའི་ཚུལ་གྱིས། བསྟན་པའི་རྣམ་གཞག་ལ་བྱི་དོར་བྱས་ནས་འཆད་རྩོད་རྩོམ་གསུམ་ཐུབ་ན་མཆོག་ཏུ་གྱུར་པ་ཡིན། དེ་ལྟ་བུའི་རྒྱ་ཆེ་བ་པཎྜི་ཏའི་ལུགས་ཀྱི་མཐའ་རྒྱ་ཆེ་བ་ཞིག གཅིག་ན་ལོ་ཚོད་ནམ་ཟླ། གཉིས་ན་ཐོས་བསམ་སྦྱོང་པ་གང་ཐད་ཀྱིས་ཐུབ་མ་སོང་སྙམ་མི་དགོས་ཏེ། དག་སྣང་མོས་གུས་ཀྱི་སྒོ་ནས་སྙིང་ལ་རུས་པ་བཅངས་ནས་བརྩོན་འགྲུས་གྱིས་དང་ཟབ་པ་ཀུ་སཱ་ལིའི་ཕྱོགས་ཀྱི་ཁྲིད་ཡོད་པས། དེའི་ཁྲིད་ཡིག་ཆེན་མོ་རྣམས་བློ་མཆོག་འབྲིང་དམན་གསུམ་གྱི་བགོ་སྐལ་དུ་ཡོད་པས། དེ་བཞིན་དུ་རང་རྒྱུད་ལ་ཉམས་ལེན་བྱས་ནས་དལ་འབྱོར་སྟོང་ལོག་ཏུ་མི་འགྲོ་བ་དང་དབུལ་པོ་ལག་སྟོང་རེད་མི་ཤོར་བར་རང་གིས་རང་ལ་གཟབ་ཆོག་པའི་ཕྱིར། དེའི་སྟེང་དུ་ལུས་ངག་ཡིད་གསུམ་ནི་དགེ་སྡིག་སྣ་ཚོགས་འབྱུང་བའི་སྒོ་ལྟ་བུ་ཡིན་ཕྱིར་སྒོ་གསུམ་ཞེས་བྱ་ལ། དེ་ལས་ཀྱང་གཙོ་བོ་སེམས་མ་དུལ་བའི་རང་རྒྱུད་གྱོང་པོ་ཀོ་གྱོང་དམར་རུ་མཉེ་མ་མྱོང་བ་ལྟ་བུ། དམ་པའི་ལྷ་ཆོས་བྱེད་ལུགས་མ་དགོས་འཇིག་རྟེན་གྱི་མིའི་ཚུལ་ལུགས་ཙམ་ཡང་བསླབས་མ་མྱོང་། གོ་མ་མྱོང་། སྦྱངས་མ་མྱོང་བ་ནི། མ་ཞི་བ། མ་དུལ་བ། གྱོང་པོ། རྩུབ་མོ་ཞེས་དོན་གཅིག་གིས་བསྙད་པ་ཡིན། ནང་སེམས་རྒྱུད་མ་དུལ་དུས་དེས་བཀོད་འདོམ་བྱས་པའི་འོག་གི་ལུས་ངག་གཉིས་པོ་ཡང་། དུལ་མོ་དང་འཇམ་པོ་ཞིག་ཡོང་དོན་མེད་པས་སྒོ་གསུམ་མ་ཞི་ཞིང་མ་དུལ་བ་དེ། ཆོས་ཐོས་པ་ཙམ་གྱིས་ཆོག་པར་མི་བྱ་བར་ཐོས་དོན་ཉམས་སུ་བླངས་པའི་སྟོབས་ཀྱིས། ཆོས་དང་རང་རྒྱུད་འདྲེས། ནད་དང་སྨན་གཉིས་འཕྲོད་ཡོད་པའི་རྟགས་ལ་སུ་དང་ཐུག་གང་དང་འགྲོགས་ན་རྒྱུད་འཇམ་དུང་ངེ་ཡོད་པ་ཕྱེ་ཐུག་ལ་ཟོ་མར་བཏབ་པ་ལྟ་བུ་དང་། མི་དགེ་སྡིག་པའི་ལས་ཕྲ་ཞིང་ཕྲ་བ་ནས་འཛེམ་དགོས་ཏེ། སྡིག་པ་བྱེད་པ་དག་གིས་འཕྲལ་དུ་གཞན་ལ་གནོད་སྐྱེལ་ཐུབ་པ་ལྟ་བུར་ཡོད་ཀྱང་། མཐར་ཐུག་གནོད་ལེན་རང་ལ་འཁོར་ནས་ནམ་ཕུགས་ཀྱི་རྣམ་སྨིན་ཡིད་དུ་མི་འོང་བ་ཉམས་སུ་མྱོང་དགོས་པའི་ཕྱིར། དེས་ན་སྡིག་པ་ཆེ་འབྲིང་ཆུང་གསུམ་ལ་འཛེམས་ནས་དུག་བཞིན་དུ་སྤངས་ཏེ། དགེ་བ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་དེ་ཡང་རྗེས་སུ་ཡི་རང་གིས་སྤེལ་བ་དང་བསྔོ་བའི་སྒོ་ནས་སྤེལ་བར་བྱེད་པ་དང་། རང་ངོ་ལ་ལྟོས་པའི་ངོ་ཚ་ཤེས་པ་དང་། གཞན་ངོ་ལ་ལྟོས་པའི་ཁྲེལ་ཡོད་པ་ཞེས་པའམ། ཡང་ན་ཆོས་རྒྱུ་མཚན་དུ་བྱས་ཏེ་ངོ་ཚ་ཡོད་པ་དང་། འཇིག་རྟེན་རྒྱུ་མཚན་དུ་བྱས་ཏེ་ཁྲེལ་ཡོད་པའི་སྟེང་ནས། ཇི་སྐད་དུ། དད་པ་ནོར་དང་གཏེར་དང་རྐང་བའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པ་ལྟར་བླ་མ་དཀོན་མཆོག་ལ་བྱིན་རླབས་དང་ཐུགས་རྗེ་ཡོད་ཀྱང་། དེ་རང་རྒྱུད་དུ་འདྲེན་པར་དད་པ་དགོས་པ་ནི། དངོས་པོ་ལེན་དགོས་ན་གཙོ་བོ་ལག་པ་ལ་ལྟོས་པ་ལས། ཅ་ལག་ཚུར་རང་ཤུགས་ཀྱིས་མི་ཡོང་བ་ལྟར་ཡིན་པའི་ཕྱིར་དང་། དད་པ་མེད་ན་ཆོས་ཀྱི་རྩ་བ་རུལ། །ཞེས་གསུངས་པས་དམ་པའི་ཆོས་དང་བླ་མ་ལ་དད་པ་དང་མོས་གུས་བསྐྱེད་པ་དང་། དེའི་ཐོག་ཏུ་ལས་དང་པོ་པ་ཞིག་ལ་མེད་མི་རུང་བ་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡིན་ཏེ། དཔེར་ན་བྱིས་པ་ཆུང་ཆུང་ཡིག་ངོ་འཛིན་ཏེ་ཀློག་སློབ་པ་ནས་རིག་གནས་ལ་སྦྱོང་བརྩོན་བྱེད་པའི་བར་དུ་སློབ་མཁན་གྱི་དགེ་རྒན་རང་ཉིད་ལས་མཁས་ཤིག་མ་རྙེད་ཚེ་ཤེས་ཡོང་ཐབས་དང་ཤེས་ཡོང་རྒྱུ་ཞིག་མེད་པ་ལྟ་བུ་ཡིན་པའི་ཕྱིར། དེས་ན་ཆོས་ལམ་ལ་ཞུགས་པའི་དུས་སུ་ཡང་ལམ་སྟོན་གྱི་དགེ་བའི་བཤེས་གཉེན། རང་ཉིད་ལམ་དེར་ཞུགས་ནས་ལམ་གྱི་རྒྱུས་ལོན་ཡོད་པ་ཞིག་ལ་བསྟེན་པ་ནི་བྱ་བ་ཐམས་ཅད་ཀྱི་ནང་ནས་གལ་ཆེན་ཡིན་པས། ལམ་སྟོན་གྱི་བཤེས་གཉེན་མ་ནོར་བ་ཞིག་ཐོག་མ་ནས་བརྟགས་ཏེ་བསྟེན་པ་བྱེད་དགོས། དེ་བཞིན་དུ་སོ་སོ་སྐྱེ་བོའི་བློ་ནི་ཆུ་སྣ་ལྟ་བུ་གར་ཁྲིད་ཡིན་པས་གྲོགས་བཟང་ངན་གྱི་རྗེས་སུ་འགྲོ་བ་ཡིན་ཕྱིར། གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་བ། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན་ཞེས་གསུངས་པ་ལྟར་གྲོགས་ངན་སྤངས་ནས་གྲོགས་བཟང་བསྟེན་པ་སྟེ་དྲུག་པོ་དེ་ནི་དང་པོའི་ལས་ཅན་ལམ་ལ་འཇུག་པའི་གང་ཟག་རྣམས་ལ་མེད་ན་ཐབས་ཆག་གི་ཆོས་དྲུག་གོ།

༢ དབེན་པར་སྟ་གོན་བྱ་བའི་ཆོས་དྲུག་བསྟན་པ།

དེ་ནས་གཅིག་པུ་དབེན་པར་གནས་འདོད་ན།།

སྟ་གོན་བྱ་བའི་ཆོས་དྲུག་གཅེས་པ་སྟེ།།

བླ་མ་དང་བྲལ་རང་རྐྱ་ཐུབ་པ་དང༌།།

ཐེ་ཚོམ་གེགས་སེལ་དྲི་རྒྱུ་མེད་པ་དང༌།།

ལུས་ལ་ནད་གདོན་བར་ཆད་མེད་པ་དང༌།།

མི་ཆོས་ཁྱུ་ནས་ལེགས་པར་བུད་པ་དང༌།།

དོན་གཉིས་བསྒྲུབ་པའི་གདམས་པ་ཚང་བ་དང༌།།

ལྟ་བའི་དགོངས་པ་བློ་ཐག་ཆོད་པའོ།།

ཞེས་གསུངས་སྟེ། ཐོས་བསམ་བྱས་ཤིང་ཡོན་ཏན་འབྱོར་བའི་མཚམས་དེ་ནས་སམ། ཡང་ན་རང་ཉིད་གང་ལ་མོས་པའི་ཆོས་ལ་ནན་ཏན་གྱིས་སྦྱངས་ནས། ཐུན་མིན་གྱི་དགེ་བའི་བཤེས་གཉེན་དང་དགེ་གྲོགས་བསྟེན་ཏེ་ལྟ་བའི་ངོ་སྤྲད་ཟིན་པ་དེ་ནས་སྒོམ་པས་ཉམས་སུ་ལེན་དགོས་པ་ཡིན་ལ། ལས་དང་པོ་བའི་སྒོམ་པ་གསར་བུ་པས་རྐྱེན་ཐུབ་པ་མིན་པས་བསམ་གཏན་གྱི་ཚེར་མ་མེད་པའི་དབེན་པའི་རི་ཁྲོད་ལྟ་བུར་གནས་པར་འདོད་ན། དེར་ཚགས་སུ་ཚུད་པར་བྱ་བའི་སྟ་གོན་ནམ་གྲ་སྒྲིག་གི་ཆོས་དྲུག་པོ་འདི་གཅེས་ཤིང་གནད་ཆེ་སྟེ། དེ་ཡང་བླ་མའི་མདུན་ནས་ཉམས་སུ་ལེན་བྱའི་ཆོས་ཀྱི་གནད་མཐའ་དག་ཞུན་ཐར་བཅད་དེ་ཐེ་ཚོམ་བསལ་ནས། བླ་མ་དང་ཞལ་གྱེས་ཞུས་ཏེ་རང་གཅིག་པུས་སྒྲུབ་པ་བྱེད་པའི་སྐབས་སུ་རང་རྐྱ་ཐུབ་པ་སྟེ་རང་ཁེ་རུས་རང་ཚུགས་ཐུབ་པ་དང་། སྤྱིར་ཐེ་ཚོམ་གཏན་ནས་མི་དགོས་པར་ཤེས་བྱའི་མཐའ་རྒྱ་ཆོད་པ་ནི། སོ་སོར་རང་རིག་པའི་ཡེ་ཤེས་བརྙེས་ན་མ་གཏོགས་དཀའ་བ་ཡིན་ཡང་། སྐབས་ཐོབ་རང་གི་རྒྱུད་ཚོད་དང་བསྟུན་པའི་ཐེ་ཚོམ་མེད་ཅིང་ཉམས་ལེན་གྱི་གེགས་དང་ཕྲད་ཚེ་གེགས་སེལ་ཇི་ལྟར་དགོས་དྲི་རྒྱུ་མེད་པ་དང་། ལུས་ལ་ནད་དང་དེའི་འབྱུང་རྐྱེན་གྱི་གདོན་བགེགས་ཡོད་ཚེ། ཉམས་ལེན་བྱེད་པ་ལ་བར་ཆད་དུ་འགྲོ་བས་དེ་དག་མེད་པའམ་ཡོད་ན་བཅོས་ཐབས་བྱ་བ་དང་། མི་ཆོས་འཇིག་རྟེན་ཆོས་བརྒྱད་རྙེད་པ་བདེ་བ་སྙན་གྲགས་གཞན་གྱིས་རང་ལ་བསྟོད་པ་རྣམས་འདོད་པ་དང་། དེའི་མི་མཐུན་ཕྱོགས་རྣམས་མི་འདོད་པ་ནི་དམ་པའི་ཆོས་མི་འགྲུབ་པའི་སྔ་ལྟས་དང་རྩ་བ་ཡིན་པས། ཇོ་བོ་བཀའ་གདམས་པའི་གཏད་པ་བཞི་དང་བུད་བསྙེགས་ཐོབ་གསུམ་སྟེ། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ལ་གཏད། ཅེས་པ་དང་ལ་ལར་བྲག་ཁུང་ལ་གཏད་ཅེས་ཀྱང་གསུངས་ཡོད་འདུག ཡང་མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ། ཅེས་གསུངས་པ་ལྟར་དུ་ཆོས་ལས་བསམ་རྒྱུ་མེད་པར་བྱས་ནས། འཇིག་རྟེན་མི་ལུགས་ལ་བརྟེན་ནས་ཆོས་འགལ་གྱི་བྱ་བ་བྱེད་པ་ལ་ཁ་ཙམ་མི་འཁོར་བ་ནི་མི་ཆོས་ཀྱི་ཁྱུ་ནས་ལེགས་པར་བུད་པ་སྟེ། དེ་ཡང་སྐྱིད་སྡུག་གཉིས་ཀ་རོ་སྙོམས་ནས་ཁྱི་ཕག་ལྟ་བུའི་དམན་ས་བཟུང་ནས་ཁྱི་གྲལ་དུ་བསྙེགས་དུས། དམ་ཆོས་ཀྱི་ཉི་མ་སྙིང་ཁོང་ནས་ཤར་ཏེ། ནང་སེམས་ཀྱི་ཡོན་ཏན་དེས་དམ་པའི་ལྷ་གྲལ་ཐོབ་སྟེ་རིག་འཛིན་བརྒྱུད་པའི་ཞབས་རྗེས་བསྙེགས་ཐུབ་པ་ཡིན་ནོ། །མི་ཆོས་ཁྱུ་ནས་བུད་མ་ཐུབ་ཚེ་ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་སྒྲུབ་ཐབས་མེད་པ་ཡིན་པས་ཟས་གཙང་སྲས་པོའི་རྒྱལ་སྲིད་སྤངས་པ་དང་། ཁྱད་པར་སྲིད་སྐྱོང་ཟེར་བ་ནི་དེ་བས་ཀྱང་དཀའ་བ་ཡིན་པས་ཐབས་ལ་མཁས་པའི་མཛད་པ། མི་ལས་འདས་པའི་སྤྱོད་ཡུལ་ཅན་ཡིན་ན་མ་གཏོགས་ལ། སྤྱིར་བཏང་གི་དབང་དུ་བྱས་ན་རབ་བྱུང་མ་དགོས་ཁྱིམ་པ་ཆོས་པས་ཀྱང་ཁ་ཕྱོགས་སུ་མི་རུང་བ་ཡིན་ཕྱིར། མི་གྲལ་ནས་གཏན་འབུད་ཐུབ་པའི་སེམས་ཐག་ཆོད་མེད་དུས་ཉིན་ཞིག་ཕྱིར་བལྟས་ཤོར་ངེས་ཏེ། རྟོག་ངན་དུག་རོ་ཁོང་དུ་ཡོད་ན། །འཆི་ཁ་ཚུན་ཆོད་མི་མངོན་མི་སྲིད། །གསུངས་པ་ལྟར་དུ་རི་ཁྲོད་འགྲིམས་སྔ་བྱས་ནས་ཐ་མར་གྲོང་མཐར་ལྷུང་བའི་རྟོགས་ལྡན་ཨ་ཀྲད་ཁྱིའུ་རྡུང་1བྱེད་པའང་ཡོད་པ་ཡིན་པས་ཆོས་སྒྲུབ་དུས་མི་གྲལ་ནས་འབུད་ན་བུད་ངེས་ཅན་གྱི་སེམས་ཐག་གཅད་དགོས་སོ། །ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས་ནས་རང་གཞན་དོན་གཉིས་སྒྲུབ་པ་ལ། དོན་གཉིས་འགྲུབ་བྱེད་ཀྱི་ཉམས་སུ་ལེན་པའི་གདམས་ངག་དང་ལྟ་སྒོམ་ཆ་ཚང་ལ། ཐེ་ཚོམ་དང་བྲལ་བའི་ངེས་ཤེས་ཡོད་དགོས་མ་གཏོགས། རི་ཁྲོད་དབེན་པའི་རི་ལ་རང་གར་བྱ་དང་རི་དྭགས་རྣམས་དང་ཁྱད་མེད་པར་བསྡད་པས་ཅི་ཡང་མི་འོང་བ་དང་། ལྟ་བའི་དགོངས་པ་ལ་བློ་ཐག་ཆོད་པའི་གདེང་དང་ལྡན་པ་དང་དྲུག་པོ་ནི་སྒྲུབ་པ་ཉམས་ལེན་བྱེད་མཁན་ཞིག་གི་སྟ་གོན་ནམ་གྲ་སྒྲིག་གི་ཆོས་རེད་ཅེས་གསུངས་པའོ། །འདིའི་མན་དུ་ཚིག་རེ་རེ་བཞིན་དུ་མང་པོ་ཞིག་བཤད་པ་དགོས་པ་ཆུང་བར་སེམས་ཏེ། མན་ངག་ཉམས་ལེན་གྱི་གནད་ནི་བརྒྱུད་པའི་བྱིན་རླབས་ལ་བློ་གཏད་བྱ་བ་གཙོ་བོ་ཡིན་པ་དང་། འདིར་བཞུགས་མང་ཆེ་ཤོས་ནི་སྡེ་སྣོད་འཛིན་པ་ཤ་སྟག་རེད། ཚིག་འགྲེལ་ཙམ་ལ་ལྟོས་པ་མ་ཡིན་ཞིང་། ལས་དང་པོ་པ་ཐོས་བསམ་ལ་བློ་ཁ་ཕྱོགས་མ་ཐག་པ་ལ་ནི་རྒྱས་བཤད་བྱས་ཀྱང་ཕན་ཐོགས་ཇི་ཙམ་ཆེ་མ་འཚལ་བས། ངས་དང་པོ་ཚུར་ཞུ་དུས་ཀྱང་མཐའ་དཔྱད་རྒྱས་སྤྲོས་ཀྱིས་མཚན་ཉིད་ཐེག་པའི་བཤད་པ་གསུངས་པ་བཞིན་དུ་གསུང་སྲོལ་མེད་པས་ད་རེས་ཀྱང་མདོར་བསྡུས་པར་བཤད་འཆར་ཡིན།

༣ དགོན་པ་བསྟེན་པའི་ཆོས་དྲུག་བསྟན་པ།

དེ་ནས་དགོན་པ་བསྟེན་པའི་ཆོས་དྲུག་ནི།།

ས་ཕྱོགས་དབེན་ཞིང་མཚན་ཉིད་ཚང་བ་དང༌།།

གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་དང༌།།

ཉམས་གྲིབ་མེད་པས་དམ་ཅན་འདུ་བ་དང༌།།

རྣམ་གཡེང་འདུ་འཛིའི་རྐྱེན་རྣམས་མེད་པ་དང༌།།

མཐུན་རྐྱེན་ཡོ་བྱད་བསྒྲུབ་པར་སླ་བ་དང༌།།

མི་དང་མི་མིན་འཚེ་བ་མེད་པའོ།།

ཞེས་གསུངས་ཏེ། དེ་ནས་དགོན་པ་སྟེ་དབེན་པའི་གནས་གྲོང་ལས་རྒྱང་གྲགས་ཀྱིས་ཆོད་པའི་ས་ལ་དགོན་པ་ཞེས་བརྗོད་པ་ལས། དགོན་པ་གྲོང་པ་རུ་འགྱུར་ནས་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་ལྟ་བུ་ལ་དགོན་པའི་སྒྲ་འཇུག་པ་མིན་པས་དགོན་པའམ་དབེན་པ་བསྟེན་པ་ལ་ཆོས་དྲུག་གང་དག་ཚོགས་དགོས་ན། ས་ཕྱོགས་དབེན་པ་སྐྱེ་བོའི་རྒྱུ་འགྲུལ་དང་འདུ་འཛི་བྲེལ་ཟིང་མེད་པ་དང་། སའི་དཔྱད་ཀྱི་མཚན་ཉིད་ལ་ཡང་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་སྒྲུབ་གནས་ཀྱི་ཁྱད་པར། དཔེར་ན་དབྱར་རྫ་སྤང་གངས་ཁྲོད་མཐོ་བའི་གནས་དང་། དཔྱིད་རྩི་ལྗང་སྤང་ཐང་ནེའུ་གསེང་གི་ཚལ་དང་། སྟོན་རྩི་བཅུད་འབྲས་བུའི་སྟོབས་འཕེལ་ས་དང་། དགུན་རོང་ཀླུང་དྲོད་ཁུང་བདེ་དྲོད་འབར་ས་རུ་བསྒྲུབ་དགོས་པ་དེ་ལྟར་གསུངས་པ་དང་། ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་པའི་སའི་ཁྱད་པར་དང་། སྤྱིར་བཏང་གི་ཤར་ཕྱེས་ལྷོ་སྤུང་ནུབ་འདན་བྱང་དར་དཀར་གྱི་ཡོལ་བ་བྲེས་འདྲ་གསུངས་པ་དང་། ཕྱོགས་བཞིའི་སྲུང་བཞི་ཚང་བ་དང་། མཚམས་བཞིའི་དཔལ་བཞི་ཚང་བ་སོགས་མང་ཞིང་། དེ་ལྟ་བུའི་སྒྲུབ་གནས་ཀྱི་མཚན་ཉིད་ཚང་ཞིང་བསམ་གཏན་ངང་གིས་འཕེལ་བ་དང་། དམ་པ་གོང་མ་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་ཞབས་ཀྱིས་བཅགས་པའི་གནས་སྟེ། ད་ལྟ་རང་རེ་ཡོད་སའི་གནས་འདི་ལྟ་བུ་ལ་མཚོན་ན། སློབ་དཔོན་ཆེན་པོའི་ཞབས་ཀྱིས་བཅགས་བྱིན་གྱིས་རླབས་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས། ཁྱད་པར་དུ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་བརྒྱུད་འདིའི་གྲུབ་བརྙེས་ཀྱི་རིག་འཛིན་མང་པོ་བྱོན་ནས་སྒྲུབ་པ་ཉམས་ལེན་མཛད་པའི་ས་ཆ་ཁྱད་པར་ཅན། གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་པ་འདི་ལྟ་བུ་དང་། ཉམས་གྲིབ་མེད་པས་དམ་ཅན་འདུ་བ་ཞེས་པ་འདི་ནི་ཤིན་ཏུ་གཙིགས་ཆེན་གལ་ཆེན་དུ་འཛིན་དགོས་པ་ཞིག་ཡིན་ཏེ། དམ་ཚིག་ཉམས་པའི་གྲིབ་ཀྱིས་མི་གོས་པ་དང་མི་གནོད་པ་ཞིག་མེད་པས། བླ་མར་བརྙས་ཤིང་སྤུན་ལ་ཁྲོས་པའི་དམ་ཉམས་དང་ཁ་ལག་འབྲེལ་བ་ཙམ་གྱིས་ཀྱང་ཚེ་འདི་ཕྱི་གཉིས་ཀའི་མི་འདོད་སྣ་དགུ་འབྱུང་བས། དབང་ཞུས་ཤིང་བླ་མར་བསྟེན་ཚར་དུས་དེའི་སྐུ་དགྲ་དང་འགྲོགས་ན་ཉམས་གྲིབ་ཀྱིས་རང་མ་དགོས་ཡུལ་ལུང་པ་དག་ལ་གནོད་ཅིང་། དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་གཡེལ་འགྲོ་བ་ཡིན། དེས་ན་ཉམས་གྲིབ་མེད་པས་དམ་ཅན་འདུ་བའི་གནས་དང་། རྣམ་གཡེང་འདུ་འཛིའི་རྐྱེན་བསྟོད་སྨད་ཀྱི་གཏམ་ཉོག་བཤད་མཁན་ལ་སོགས་པ་མེད་པ་དང་། མཐུན་རྐྱེན་གྱི་ཡོ་བྱད་ཚོམ་བུའི་ཚོགས་སྒྲུབ་དང་འབྲེལ་ན་དགྲ་བཟློག་རྫས། ནད་བཟློག་སྨན་ལ་སོགས་པ་གསུངས་པ་དང་། གཅིག་པུར་སྒྲུབ་ལ་བརྩོན་པའི་གང་ཟག་ཡིན་ན་འཚོ་མཁོ་ལྷག་པའི་ཡོ་བྱད་དང་། ཁྱད་པར་དུ་ཟས་གོས་སོགས་མཐུན་རྐྱེན་བསྒྲུབ་པར་སླ་བ་དང་། དངོས་ཡོད་མི་ཡི་འཚེ་བ་དང་དངོས་མེད་མི་མིན་གྱི་འཚེ་བ་མེད་པའོ།།

༤ མཐུན་རྐྱེན་བསྒྲུབ་པའི་རྫས་དྲུག་བསྟན་པ།

དེ་ནས་མཐུན་རྐྱེན་བསྒྲུབ་པའི་རྫས་དྲུག་ནི།།

བཟའ་བཏུང་འཚོ་བ་མཐའ་གཉིས་མ་ལྷུང་དང༌།།

དགོས་པའི་མཆོད་རྫས་བསྒྲུབ་རྫས་ཚོགས་པ་དང༌།།

ཟབ་མོའི་གདམས་ངག་དཔེ་ཆ་ཚང་བ་དང༌།།

བར་ཆད་བཟློག་པའི་རྟེན་འབྲེལ་མཐུན་རྫས་དང༌།།

གང་དགོས་ཡན་ལག་ཚགས་སུ་ཚུད་པ་དང༌།།

ནོར་རྫས་མང་པོའི་སྐྱེད་འབྲེལ་མེད་པའོ།།

ཞེས་གསུངས་ཏེ། འདོད་ཁམས་པ་དེ་རགས་པའི་ཟས་ལ་བརྟེན་ཡོད་པས་མཐའ་གཉིས་སུ་མ་ལྷུང་བའི་ཟས་གོས་འཛོམ་པར་བྱེད་པ་དང་། མཆོད་རྫས་དང་སྒྲུབ་པའི་རྫས་ཚོགས་པ་བྱེད་པ་དང་། ལྟ་མི་ཐུབ་པའི་ཡིག་སྣ་མང་ཆེ་ན་ཡང་དཔེ་མང་ཁུར་དུ་ལུས་པའི་རྒྱུ་ཡིན་པས་མང་པོ་ནི་དགོས་པ་མེད་པས། ཟབ་མོའི་གདམས་ངག་གི་ཡིག་ཆ་དང་མན་ངག་གི་བེའུ་བུམ་རེ་ཚང་བར་བྱེད་པ་དང་། དེ་ལས་གཞན་པའི་རྒྱུན་མཁོའི་རྫས་སྣ་རེ་ཙམ་ཚགས་ཚུད་བྱེད་པ་ལས། རྒྱུ་ནོར་རྫས་མང་པོའི་སྐྱེད་འབྲེལ་མེད་པ་ཞིག་དགོས་ཏེ། རྒྱུ་ནོར་ཉར་ཚགས་ཀྱིས་དུས་གྲོན་པ་དང་། ལུས་བྲེལ་བ་ཆེ་ཞིང་སེམས་ཞེན་ཆགས་ཀྱིས་བཅིང་བར་འགྱུར་བའི་ཕྱིར་དང་། གལ་སྲིད་ཞེན་ཆགས་ཆེར་མེད་ཀྱང་དེའི་གཏོང་ལེན་དང་གསོག་སྲུང་གི་སེམས་ཚེགས་ཀྱིས་ཆོས་ལས་གཡེལ་བར་བྱེད་པའི་དགྲ་ཆེན་ཡིན་པའི་ཕྱིར་རོ། །མདོར་ན་དབེན་གནས་སུ་བསྡད་ཀྱང་རུང་མ་བསྡད་ཀྱང་རུང་ཆོས་པ་ཞིག་དང་སེར་མོ་ཞིག་ལ་ཆ་མཚོན་ན་ཡོ་བྱད་སྙུང་བ་སྟབས་བདེ་བྱེད་པ་ནི་དུས་ཚོད་ནམ་དང་ནམ་གནས་གང་དང་གང་དུ་ཡང་གནད་ཆེ་སྟེ། འདོད་ཆུང་ཆོག་ཤེས་བྱེད་པ་ནི་འཕགས་པའི་ནོར་མཆོག་ཡིན་པའི་ཕྱིར་རོ།།

༥ གྲོགས་མཆོག་མཐུན་པའི་ཆོས་དྲུག་བསྟན་པ།

དེ་ནས་གྲོགས་མཆོག་མཐུན་པའི་ཆོས་དྲུག་ནི།།

རིགས་རྒྱུད་བཟང་ཞིང་ངང་རྒྱུད་དུལ་བ་དང༌།།

དད་དང་བརྩོན་འགྲུས་ཤེས་རབ་ཆེ་བ་དང༌།།

ཉམས་ལེན་མཐུན་ཞིང་འགྲོགས་ན་བདེ་བ་དང༌།།

ང་རྒྱལ་ཆུང་ཞིང་དབང་པོ་དུལ་བ་དང༌།།

དམ་ཚིག་གཙང་ཞིང་དག་སྣང་ཆེ་བ་དང༌།།

བརྩེ་གདུང་ཆེ་ཞིང་ཟབ་མོའི་གསང་ཐུབ་བསྟེན།།

ཞེས་གསུངས་སྟེ། སྤྱིར་ན་ཤཱཀྱའི་བསྟན་པ་ལ་རིགས་རུས་མི་གཙོ་ཡང་འཇིག་རྟེན་པའི་ལུགས་ཀྱི་རིགས་ཀྱིས་དམན་པ་ཤན་པ་ལ་སོགས་པ་དང་། ཆོས་ཀྱི་ཐད་ནས་རིགས་རྒྱུད་ཀྱིས་དམན་པ་གྲུབ་མཐའ་དམན་པ་འཛིན་པ་ལ་སོགས་པ་མ་ཡིན་པའི་རིགས་རྒྱུད་བཟང་ཞིང་ངང་རྒྱུད་དུལ་བ་དང་། དད་པ་དང་བརྩོན་འགྲུས་ལྡན་ཅིང་ཤེས་རབ་ཆེ་བ་དང་། བླ་མ་གཅིག་གི་སློབ་མ་མཆེད་གྲོགས་ནང་མཐུན་ཡིན་པའམ་མིན་ཡང་ཆོས་རྒྱུད་གཅིག་པ་ལྟ་བུའི་ཉམས་ལེན་མཐུན་ཞིང་། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ་ཡིས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །ཞེས་གསུངས་པ་ལྟ་བུའི་འགྲོགས་བདེ་འདྲིས་གཤིན་འདྲིས་ཤིང་འདྲིས་ལ་ཇེ་བཟང་དུ་འགྲོ་བ་དང་། ང་རྒྱལ་ཆུང་ཞིང་དམན་ས་འཛིན་པ་དབང་པོ་ཞི་ཞིང་དུལ་བ་དང་། གསང་སྔགས་ཀྱི་དམ་ཚིག་གཙང་ཞིང་དད་པ་དང་དག་སྣང་ཆེ་བ་དག་དང་མཉམ་དུ་འགྲོག་པ་ལས་གྲོགས་ངན་པ་དང་འགྲོག་མི་རུང་ཏེ། གྲོགས་ཀྱི་ཤུགས་རྐྱེན་རང་ཉིད་ལ་འགོ་བ་ཡིན་པའི་ཕྱིར། དེ་ཡང་དཔེར་ན་གྲོགས་ཞེ་སྡང་ཅན་དང་འགྲོགས་ན་ཞེ་སྡང་སྐྱེ་བར་མ་ཟད། དེ་དང་མཉམ་དུ་རྟག་པར་རྒྱབ་རབས་གཡུག་རབས་བསད་རབས་གཏུབ་རབས་དང་དགྲས་གནོད་པ་བྱས་རབས། ངས་དགྲ་ལན་འདི་ལྟ་བུ་སྤྲད་རབས་དང་སྤྲད་དགོས་རབས་ཏག་ཏག་བཤད་ན་སྐབས་ཤིག་ལ་ཤམ་ཐབས་ཀྱི་གསེབ་ཏུ་གྲི་ཐུང་ཡང་འདོག་དགོས་པར་འགྱུར་བ་དང་། གྲོགས་འདོད་ཆགས་དང་རྔམ་སེམས་ཅན། རྒྱུན་དུ་ཡས་ཀྱིས་རྒྱུ་བསགས་རབས། མས་ཀྱིས་ཚོང་བྱས་རབས། ངས་རྒྱུ་ལོན་རབས་དང་ཁོས་འཇིག་རྟེན་མཐུན་སྡེབ་བྱས་རབས་ཏག་ཏག་བཤད་མཁན་དང་མཉམ་པོར་བཤིབས་ནས། དེ་འདྲ་ཁོ་ན་བཤད་དེ་དུས་འདས་ན་རང་སེམས་ལ་འདྲེ་འཛུལ་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་རྒྱུད་ཆུད་ཟ་རུ་འཇུག་པ་དང་། གྲོགས་གཏི་མུག་ཅན་ཉལ་དགའ་གཉིད་དགའ་ཆེ་བའི་ཟ་འདོད་འགུལ་འཚེར་དང་ཐུག་ན་དེའི་སྐྱོན་གྱིས་གོས་ནས་རྣམ་གཡེང་ལེ་ལོ། གཏི་མུག་གཉིད་ཉལ། དོན་མེད་འཁྱམ་ཉུལ་ཁོ་ནས་དལ་བའི་རྟེན་བཟང་འདི་ཆུད་ཟོས་སུ་བྱེད་པ་ཡིན་པས་གྲོགས་འདི་གལ་ཆེ་བ་སྟེ། མཁས་པ་ཤེས་རབ་ཅན་རང་ཚུགས་ཐུབ་པ་ཞིག་མིན་ཚེ། གྲོགས་ཀྱིས་ཆུ་སྣ་ཁྲིད་པ་ལྟར་ཁྲིད་པ་ནི། དཔེར་ན་ཆུ་བོ་སའི་བབ་གང་དུ་དམའ་བའི་རྗེས་སུ་འབྲང་བ་ལས་རང་ཚུགས་ཐུབ་བྱེད་ཀྱི་ནུས་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར། དེས་ན་རྡོ་རྗེའི་སྤུན་དང་ཆོས་ཀྱི་མཆེད་པོའི་བར་དུ་དག་སྣང་དང་བརྩེ་གདུང་ཆེ་ཞིང་། གབ་གསང་སྦས་པའི་གསང་བ་ཐུབ་ཅིང་བློ་གཏད་ཕེར་བའི་གྲོགས་མཆོག་མཐུན་པའི་ཆོས་དྲུག་དང་ལྡན་པ་དང་འགྲོགས་དགོས་སོ།།

༦ ཉམས་ལེན་མཐར་ཐུག་དམ་པའི་ཆོས་དྲུག་བསྟན་པ།

ཉམས་ལེན་མཐར་ཐུག་དམ་པའི་ཆོས་དྲུག་ནི།།

རྒྱབ་བརྟེན་ལུང་སྦྱོར་གཏན་ཚིགས་གཏན་ལ་ཕབ།།

མན་ངག་གནད་བསྣུན་ས་ལམ་རིམ་པ་རྫོགས།།

མཐོ་དམན་ཀུན་འདྲེན་མཐའ་འཛིན་བྲལ་བའོ།།

ཞེས་གསུངས་ཏེ། དབེན་པའི་གནས་སུ་དམ་པའི་གྲོགས་དང་འགྲོགས་ནས་མན་ངག་གི་གདམས་པ་ལ་ཉམས་སུ་ལེན་པའི་མཐར་ཐུག་གི་དམ་པའི་ཆོས་དྲུག་ནི། གང་ཉམས་སུ་ལེན་བྱའི་ལྟ་བ་དེ་ཡང་དག་པར་ཡིན་པའི་སྒྲུབ་བྱེད་དུ། རྒྱབ་རྟེན་གྱི་ལུང་དང་རིགས་པའི་སྦྱོར་བས་གཏན་ལ་དབབ་དགོས་ཏེ། སྒོམ་སེམས་གནས་ཙམ་རེ་དང་གསལ་སྟོང་ཕྱོགས་རེ་བ་ཙམ་རེ་ཕྱི་རོལ་པ་ལ་ཡང་ཡོད་དེ། སྒོམ་བསམ་གཏན་ལ་གནས་པ་ཕུར་བུ་པ་ལ་སོགས་པ་རིགས་བདུན་ཙམ་ཡོད་པའི་ཕྱིར། དེས་ན་ལུང་དང་རིགས་པ་མན་ངག་གསུམ་པོ་ལྟོ་སྦྱར་ནས་ལུང་གིས་རྒྱབ་སྐྱོར་གཏན་ཚིགས་ཀྱིས་གཏན་ལ་དབབ་དགོས། འོན་ཀྱང་ཉམས་ལེན་གནད་ལ་འདྲིལ་བྱེད་ཀྱི་མན་ངག་ཡོད་དགོས་མ་གཏོགས་ཁ་ཡིས་སྐྱིད་པོ་བཤད་ཤེས་ཀྱང་གནད་གཅིག་ཏུ་དྲིལ་མ་ཤེས་ན་གོ་ཆོད་པ་མིན། དེས་ན་མན་ངག་གིས་གནད་དུ་བསྣུན་ནས་གོལ་ཤོར་ནོར་གསུམ་གྱི་འཕྲང་ལས་ཐར་བར་བྱས་ནས་ཉམས་སུ་ལེན་དགོས་པ་ཡིན་ཏེ། སྔོན་ཇོ་བོ་རྗེ་ལྷ་གཅིག་བོད་དུ་ཕེབས་པའི་ཚེ། ཇོ་བོས་ལོ་ཙཱ་བ་ལ། ཆོས་འདི་དང་འདི་ལྟ་བུ་མཁྱེན་ནམ་ཞེས་རིམ་པར་དྲིས་པས་མི་མཁྱེན་པ་མེད་པ་ལྟར་འདུག་པས། ཇོ་བོ་མགུ་སྟེ་ངོ་མཚར་ཆེ། ཁྱེད་ལྟ་བུའི་མཁས་པ་བོད་ན་བཞུགས་བཞིན་དུ་ཁོ་བོ་བོད་དུ་འོང་མི་དགོས་པར་འདུག་གསུངས། སླར་ཡང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ཅི་ལྟར་བྱེད་གསུངས་པས། རང་རང་གི་གཞུང་ནས་ཇི་ལྟར་བཤད་པ་ལྟར་ཉམས་སུ་ལེན་པ་ཡིན་ཞུས་པས། ཇོ་བོ་མ་དགྱེས་ཏེ། ལོ་ཙཱ་བ་རུལ། ང་བོད་དུ་འོང་དགོས་པར་འདུག་གསུངས། འོ་ན་ཇི་ལྟར་བྱེད་ཞུས་པས། མདོ་སྔགས་ཀྱི་ཆོས་ཐམས་ཅད་མན་ངག་གི་གནད་གཅིག་ཏུ་བསྡུས་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གནད་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་འབབ་ས་གཅིག་ཏུ་བབ་པར་བྱས་ནས་ཉམས་སུ་ལེན་དགོས་པ་ཡིན་གསུངས། དེ་ལྟར་ཐོས་བསམ་ལུང་རིགས་ཀྱིས་མཐའ་རྒྱ་བཅད་ནས་ཐེག་པ་མཐོ་དམན་ཀུན་གྱི་གནད་མན་ངག་གཅིག་ཏུ་འབྲེལ་ནས་ཕྱོགས་རིས་མཐར་འཛིན་དང་བྲལ་བ་བྱེད་དགོས་ཞེས་ཉམས་ལེན་མཐར་ཐུག་གི་སྐྱེལ་སོའི་དམ་པའི་ཆོས་དྲུག་བསྟན་པའོ།།

༧ སྒྲུབ་པ་བསྲན་ཚུགས་མཐར་ཕྱིན་གྱི་ཆོས་དྲུག་བསྟན་པ།

སྒྲུབ་པ་བསྲན་ཚུགས་མཐར་ཕྱིན་ཆོས་དྲུག་ནི།།

གསོད་ཀྱང་དམ་པའི་ཆོས་ལས་བློ་མི་ལྡོག།

ན་ཡང་ལོག་པར་ལྟ་བ་མི་སྐྱེ་ཞིང༌།།

དམ་བཅའ་ངོ་སྲུང་བར་ཆོད་ཀྱིས་མི་ཤིགས༌།།

མཉམ་གཞག་མྱོང་བ་རྗེས་ཐོབ་བསྲེ་ནུས་ཤིང༌།།

མ་གྲུབ་བར་དུ་བརྩོན་པ་འདོར་མི་བྱེད།།

སྤང་གཉེན་ཐུག་ཕྲད་རོ་སྙོམས་ནུས་པའོ།།

ཞེས་གསུངས་ཏེ། སྒྲུབ་གནས་སུ་སོང་ནས་སྒྲུབ་པ་མཐར་མ་ཕྱིན་ན་ཆོས་འགོ་མ་ཐོན་པ་ཡིན་པས། སྒྲུབ་པ་མཐར་ཕྱིན་པར་བྱེད་པ་ལ་བསྲན་ཚུགས་དགོས་པས་ན་རུང་ཚ་རུང་ཤི་རུང་གསོན་རུང་འཕོངས་རུལ་གདན་རྡོལ་གང་ལྟར་གྱུར་ཀྱང་སྒྲུབ་པ་ཉམས་ལེན་འདི་ལས་ཕྱི་བཤོལ་མི་བྱེད་སྙམ་པའི་དམ་བཅའི་ཆོད་སེམས་དམ་པོ་གསོད་པའི་གཤེད་མ་དེ་སྔོན་དུ་ཐོན་ཡང་དམ་ཆོས་ཉམས་ལེན་དེ་ལས་བློ་མི་ལྡོག་ཕྱིར་བཤོལ་མི་བྱེད། ནད་ན་ཚས་ཇི་ལྟར་མནར་ཡང་། འདི་འདྲ་མི་རིགས་སྙམ་པའི་ལོག་ལྟ་དང་ཡི་ཆད་ཀྱི་འཁང་ར་མི་སྐྱེ་ཞིང་། དམ་བཅས་པ་དེ་ངོ་ཆེན་གྱི་ངོ་སྲུང་བའི་ཆེད་དུ་དམ་བཅའ་ཤོར་བ་ལ་སོགས་པ་བར་ཆད་ཀྱིས་བཤིག་མི་ནུས་པ་དང་། མཉམ་བཞག་གི་སྐབས་ཀྱི་ཉམས་ལེན་དེ་རྗེས་ཐོབ་ཀྱི་སྐབས་སུ་འཁྲུལ་བ་མི་འབྱུང་བའི་ཆེད་དུ་ཡིན་པ་དང་། སྒོམ་པས་རྐྱེན་མ་ཐུབ་ཚེ་རྐྱེན་ངན་ཐོག་ཏུ་བབས་ན་ཐ་མལ་པ་དང་ཁྱད་མེད་དུ་འགྱུར་འགྲོ་བས་མཉམ་བཞག་གི་མྱོང་བ་རྗེས་ཐོབ་དང་བསྲེ་ནུས་པར་བྱེད་པ་དང་། ཉམས་ལེན་ལ་འབྲས་བུ་ཐོབ་པའི་བར་རམ་ཡང་ན་སྒྲུབ་པ་དུས་བཀག་གི་ཐོག་ཏུ་མ་ཐོན་གྱི་བར་དེར་མཚམས་ལས་ཧར་ལང་བྱེད་པ་སོགས་བརྩོན་པ་ལ་ཐང་ལྷོད་ཤོར་མི་རུང་བ་ཡིན་པས་བརྩོན་པ་མ་དོར་བ་དང་། མཉམ་བཞག་རྗེས་ཐོབ་གང་གི་སྐབས་སུ་ཡིན་ཡང་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང་། ལས་དང་པོ་པས་སྤང་གཉེན་ཐུག་ཕྲད་ཀྱིས་མི་མཐུན་ཕྱོགས་ཀྱི་དབང་དུ་མ་ཤོར་ཞིང་། ལམ་ལ་བརྟན་པ་ཅུང་ཟད་ཅིག་ཐོབ་ཡོད་པས་བཟང་ངན་སྐྱིད་སྡུག་རོ་སྙོམས་ཀྱི་སྤྱོད་པས་གཉིས་འཛིན་སྤང་བླང་དང་བྲལ་བའི་ལྟ་སྤྱོད་ཀྱིས་བོགས་འབྱིན་པར་བྱེད་པ་སྟེ་སྒྲུབ་ལ་བསྲན་ཚུགས་མཐར་ཕྱིན་གྱི་ཆོས་དྲུག་བསྟན་པའོ།།

༨ བསམ་པར་བྱ་བའི་ཆོས་དྲུག་བསྟན་པ།

དེ་ནས་བསམ་པར་བྱ་བའི་ཆོས་དྲུག་ནི།།

ལེ་ལན་ཐམས་ཅད་རང་ལས་བྱུང་བ་དང༌།།

སྡུག་བསྔལ་ཐམས་ཅད་སྔོན་གྱི་ལས་ལས་བྱུང༌།།

སྔོན་ལས་དེ་ཡང་འཕྲལ་གྱི་རྐྱེན་ལས་བྱུང༌།།

རྐྱེན་ངན་རང་གི་ཀུན་རྟོག་གཡོ་ལས་བྱུང༌།།

དེ་ཡང་འཁྲུལ་བའི་ཡུལ་ཕྱིར་འབྲངས་ལས་བྱུང༌།།

དེ་ཡིས་ཐར་ལམ་སྒྲིབ་པ་བསམ་པའོ།།

ཞེས་གསུངས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་རྐྱེན་ངན་ལམ་དུ་སྒྱུར་བ་ནི་ཇོ་བོ་རྗེས་འདི་ལྟར་གསུངས་ཏེ། སྣོད་བཅུད་སྡིག་པས་ཁོལ་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་པ་དང་འདྲ་བར། མི་འདོད་རྐྱེན་དང་ཉེར་འཚེ་གང་བྱུང་ཡང་དེ་ལ་ཁྲོ་ཆགས་སོགས་ཀྱི་འཛིན་པ་མི་ཞུགས་པར། ལེ་ལན་ཚང་མ་གཞན་ལས་མ་བྱུང་བར་རང་ལས་བྱུང་བ་སྟེ། རང་གི་འཁྲུལ་སྣང་ལས་རང་གི་སྡུག་བསྔལ་འདི་བྱུང་བའི་ཕྱིར་དང་། སྔོན་གྱི་ལས་དེ་ཡང་ཐོག་མ་ཉིད་ནས་འགྱུར་དུ་མེད་པའི་གཏན་འཁེལ་བ་རྟག་བརྟན་ཐེར་ཟུག་གི་བྱེད་པོས་བཟོས་པ་ཕྱི་རོལ་བའི་འདོད་པ་དང་འདྲ་བ་ཞིག་མིན་པས། རྒྱུ་རྐྱེན་མེད་པ་མ་ཡིན་པར་འཕྲལ་རྐྱེན་ལ་བརྟེན་ནས་བྱུང༌ཞིང་། འོ་ན་འཕྲལ་གྱི་རྐྱེན་ངན་དེ་གང་ནས་བྱུང་ཞེ་ན། རང་ཉིད་ཀྱི་ཀུན་རྟོག་ཡུལ་ཕྱིར་གཡོས་ནས་གཟུང་འཛིན་འཁྲུལ་བ་ཅན་དུ་སོང་བ་ལས་བྱུང༌བས། གཙོ་བོ་འདོད་ལྔའི་ཡུལ་ཕྱིར་དབང་ལྔ་འབྲངས་ནས་འཁྲུལ་བའི་དབང་གིས་ཐར་ལམ་སྒྲིབ་པའོ་ཞེས་པ་སྟེ། དེ་ཡང་གཞན་ཞིག་གིས་འཁོར་བའི་གནས་སུ་འཕངས་པ་ལྟ་བུ་མ་ཡིན་པར་རང་ཉིད་ཀྱི་ཀུན་རྟོག་གཡོས་ནས་ཡུལ་རྗེས་སུ་འབྲངས། དེས་ལས་བསགས། དེའི་དབང་གིས་རྣམ་སྨིན་སྡུག་བསྔལ་མྱོང་བ་སྟེ། འདི་དག་ཐམས་ཅད་རང་རྩ་ནས་འཁྲུལ་ཏེ་མ་འཇོན་མ་ཐོན་པ་ཡིན་ནོ།།

༩ ཉེས་ཀུན་རང་གིས་བྱས་པའི་ཆོས་དྲུག་བསྟན་པ།

ཉེས་ཀུན་རང་གིས་བྱས་པའི་ཆོས་དྲུག་ནི།།

སྐྱེ་ཤིའི་སྡུག་བསྔལ་རང་ལས་བྱུང་བས་ཏེ།།

བཙལ་གྱིས་མ་རྙེད་འཚོལ་བའི་སྡུག་བསྔལ་དང༌།།

འཚོ་སྐྱོང་སྡུག་བསྔལ་རང་གི་ཆེད་ཀར་བྱས།།

དགྲ་གཉེན་གཉིས་ལ་ཆགས་སྡང་འཛིན་པ་ཡིས།།

དགྲ་ཕྲད་གཉེན་བྲལ་སྡུག་བསྔལ་རང་གིས་བྱས༌།།

ངན་སོང་གསུམ་གྱི་སྡུག་བསྔལ་ཆེན་པོ་ཡང༌།།

གཞན་མིན་རང་གི་ལས་ཀྱིས་བྱས་པའོ།།

ཞེས་གསུངས་པ་སྟེ། སྔོན་ལས་དང་འཕྲལ་རྐྱེན་གྱི་དབང་གིས་སྡུག་བསྔལ་བ་འདི་དག་གི་ལེ་ལན་རང་ལ་ཐུག་ཚུལ་དེ་སྤྱིའི་སྒོ་ནས་བཤད་ན་དེ་ལྟར་ཡིན་ལ། བྱེ་བྲག་མིའི་སྡུག་བསྔལ་ལ་བསམ་ན་ཡང་། རང་ངོ་རང་གིས་མ་ཤེས་པར་ལས་ངན་བསགས་པའི་སྟོབས་ཀྱིས་སྐྱེ་ཤི་ཁ་བརྒྱུད་དེ་འཁོར་བར་འཁྱམས་པའི་སྡུག་བསྔལ་རང་ལས་བྱུང་བ་དང་། ནོར་རྫས་ལོངས་སྤྱོད་མེད་པ་བཙལ་བར་བྱས་ཀྱང་མ་རྙེད་འཚོལ་བའི་སྡུག་བསྔལ་དང་། ཡོད་པ་འཚོ་སྐྱོང་མ་ཐུབ་པའི་སྡུག་བསྔལ་ཡང་རང་གིས་ཆེད་ཀར་རམ་ཆེད་དུ་བྱས་པ་དང་། དགྲ་གཉེན་གཉིས་ལ་ཆགས་སྡང་གི་འཛིན་པ་བྱས་པའི་དབང་གིས། དགྲ་སྡང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ་དང་། གཉེན་སྐྱོང་འབྲལ་གྱིས་དོགས་པའི་སྡུག་བསྔལ་དག་བྱུང་བས་དེ་ལྟ་བུའི་སྡུག་བསྔལ་ཡང་རང་གིས་བྱས་པ་དང་། དེ་བཞིན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ཆེན་པོ་ཡང་། རང་གི་སྡིག་པ་མི་དགེ་བའི་སེམས་ཀྱིས་ལས་བསགས་པ་ལ་བརྟེན་ནས་བྱུང་བ་ནི། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཡིན་པས་གཞན་མིན་རང་གི་ལས་ཀྱིས་བྱས་པའོ། །སྐྱེས་ནས་འཆི་བའི་བར་དུ་རྒ་ན་གཉིས་ཀ་ཡོད་པ་ཡིན་པས་སྐྱེ་ཤིའི་ཁོངས་སུ་རྒ་ན་འདུས་ལ་དེ་ཐམས་ཅད་ཀྱི་རྩ་བ་ཡང་རང་ཉིད་ཀྱི་རྣམ་རྟོག་འཁྲུལ་བའི་གཞན་དབང་དུ་སོང་ནས་མེད་པ་ལ་ཡོད་པར་བཟུང་བའི་བདག་ཏུ་འཛིན་པ་ལས་བྱུང་བ་ཡིན་པར་བསྟན་པའོ།།

༡༠ ཉེས་སྣང་ངན་རྟོག་འཁྲུལ་བའི་ཆོས་དྲུག་བསྟན་པ།

ཉེས་སྣང་ངན་རྟོག་འཁྲུལ་བའི་ཆོས་དྲུག་ནི།།

རང་སེམས་མ་ཐུལ་གནོད་བྱེད་ཟད་མེད་དང༌།།

གནོད་བྱེད་སྣང་བ་རང་སྣང་མ་དག་དང༌།།

གྲག་སྟོང་སྒྲ་ལ་རང་གར་རྗེས་གཅོད་དང༌།།

རང་ཡན་སེམས་ལ་དགག་སྒྲུབ་འཛིན་པ་དང༌།།

བདེ་སྡུག་ངེས་མེད་ངེས་པར་འཛིན་པ་དང༌།།

ཁོང་ཁྲོ་འཁོན་ངན་རང་རྒྱུད་སྲེག་པའོ།།

ཞེས་གསུངས་པ་སྟེ། རང་སེམས་བདག་འཛིན་གྱི་འགོང་པོ་དེ་མ་ཐུལ་ན་ཕྱི་རོལ་གྱི་གནོད་བྱེད་ཟད་དུ་མེད་པར་འབྱུང་བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། ས་སྟེང་འདི་དག་ཀོས་གཡོགས་སུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་པ་སྟེ། གང་ཟག་གང་གིས་ངའི་རྐང་བ་ཚེར་མས་འབིགས་ཡོང་འདུག་ཟེར་ནས་ས་སྟེང་ཚང་མ་ཀོ་བས་གཡོག་དགོས་ན་ཀོ་བས་འདང་ཐབས་མེད་ལ་གཡོག་ཐུབ་ཐབས་ཀྱང་མེད་པ་ཡིན། འོན་ཀྱང་རང་གི་ལྷམ་གྱི་མཐིལ་དེ་ཀོ་བས་གཡོགས་པར་བྱས་ན་ས་སྟེང་ཐམས་ཅད་གཡོགས་པའི་གོ་ཆོད་པ་ཡིན་པ་བཞིན་དུ། བཟེ་རེ་ཅན་གྱི་མཐོང་སྣང་དུ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་དགྲ་རུ་འཆར་ཞིང་། གང་སྣང་ཐམས་ཅད་གནོད་བྱེད་ཀྱི་སྣང་བ་ཤ་སྟག་ཏུ་འགྱུར་བ་དང་། བྲག་སྲིན་མོའི་གླུ་ལས། འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །ཅེས་པ་དང་། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །ཞེས་པ་ལྟར་དུ་གནོད་བྱེད་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཡིན་པས། རྩ་བ་རང་སེམས་བདག་འཛིན་གྱི་འཁྲུལ་བ་འདི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཤིག་ཐུབ་ན་འཕྲུལ་འཁོར་གྱི་གསང་གནད་ཀྱི་གཟེར་གཏོར་བ་དང་འདྲ་བར་ཕྱི་རོལ་གནོད་བྱེད་ཀྱི་སྣང་བ་གང་ཤར་གང་སྣང་ཐམས་ཅད་རང་ཤུགས་ཀྱིས་འགག་པ་ཡིན་པ་སྟེ། དེ་འདྲའི་གནོད་བྱེད་ཀྱི་སྣང་བ་དེ་དག་ཀྱང་རང་སྣང་མ་དག་པའི་དབང་གིས་ཤར་བ་འབའ་ཞིག་པ་ལས། དག་པའི་དབང་དུ་བྱས་ན་མ་དག་པའི་སྣང་བ་ཞིག་ཡོད་པ་མིན་ཏེ། མདོ་ཕྱོགས་ལྟར་ན། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཞེས་གསུངས་པ་བཞིན་དུ། ས་བརྒྱད་པའི་བྱང་སེམས་ལ་མ་དག་པའི་སྣང་བ་མི་མངའ་བ་དང་། སྔགས་ནང་རྒྱུད་སྤྱིའི་སྐབས་སུ་ཡང་། ལམ་བསྐྱེད་རྫོགས་ལ་བརྟེན་ནས་སྣང་སྲིད་དག་པ་རབ་འབྱམས་དག་མཉམ་བདེན་པ་དབྱེར་མེད་ལ་དགྲ་དང་བགེགས་ཀྱི་མིང་མེད་ཅིང་། རྫོགས་ཆེན་མན་ངག་སྡེའི་སྐབས་སུ་ཡང་ཐོད་རྒལ་སྣང་བཞིའི་རིག་པ་ཚད་ལ་ཕེབས་ནས་མ་དག་པའི་སྣང་བ་མི་མངའ་བ་ཡིན་པས་དག་པའི་སྣང་བ་འབའ་ཞིག་ཡིན་པས། མ་དག་འཁྲུལ་བའི་སྣང་བ་སྡུག་བསྔལ་བདེན་པས་བསྡུས་པའི་བཟང་ངན་དགྲ་གཉེན་དགའ་སྡུག་གི་དབྱེ་བ་འདི་ཀུན་རྫོབ་སྣང་ཚུལ་ཙམ་ལ་ཡོད་པ་ལས་དོན་དམ་མ་འཁྲུལ་བའི་སྣང་ངོར་འཁྲུལ་བའི་མིང་ཙམ་ཡང་ཡོད་པ་མིན་ནོ། །ངག་གྲག་པ་ཙམ་གྱི་རང་དུས་ནས་སྟོང་བའི་བྲག་ཆ་ལྟ་བུ་དེ་ལ་དགའ་སྡུག་གི་སྣང་བ་སྐྱེས་ནས་བསྟོད་སྨད་སྙན་དང་མི་སྙན་གྱི་རྗེས་སུ་འབྲངས་ཏེ་ཆགས་སྡང་སྐྱེས་པ་དང་། དེ་བཞིན་སེམས་རང་ཡན་བདག་མེད་རྟ་རྒོད་རི་ཡན་བྱས་པ་ལྟ་བུའི་འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་དེས་དགག་སྒྲུབ་བདེ་སྡུག་སྣ་ཚོགས་ངེས་མེད་དུ་འཛིན་པ་དང་། ཁོང་ཁྲོ་འཁོན་འཛིན་ངན་སེམས་ཀྱིས་རང་རྒྱུད་སྲེག་པ་དང་། ཤུགས་ལ་ཆགས་པས་ཡུལ་གྱི་གཞན་དབང་དུ་སོང་བའི་ལས་བསགས་པ་དང་། གཉིས་མཉམ་གཏི་མུག་གི་དབང་གིས། འཁྲུལ་བའི་རྨོངས་མུན་དུ་ཐོག་མེད་ནས་ད་ལྟའི་བར་འཁྱམས་པའི་ངན་རྟོག་འཁྲུལ་བས་ཕུང་ཚུལ་གྱི་ཆོས་བསྟན་པའོ།།

༡༡ འཁྲུལ་སྣང་བཟློག་པ་དོན་ཆེན་ཆོས་དྲུག་བསྟན་པ།

འཁྲུལ་སྣང་བཟློག་པ་དོན་ཆེན་ཆོས་དྲུག་ནི།།

གནོད་ལ་བཟོད་བྱ་སྙིང་རྗེ་བསྐྱེད་པ་དང༌།།

འདྲེར་རྟོག་མི་གཟུང་ཕ་མ་ལྷར་ཤེས་དང༌།།

འཁྲུལ་བར་ཞེན་ལ་བདེན་མེད་རྩལ་སྦྱོང་དང༌།།

འཁྲུལ་རྩ་སེམས་ཀྱི་རྩ་བ་བཅད་པ་དང༌།།

གང་སྣང་རྐྱེན་རྣམས་ལམ་དུ་བསྒྱུར་བ་དང༌།།

ཐ་མལ་མ་ཡེངས་གཉེན་པོ་བསྟེན་པའོ།།

ཞེས་གསུངས་པ་སྟེ། མེད་ལ་ཡོད་པར་བཟུང་བའི་འཁྲུལ་སྣང་དེ་ཇི་ལྟར་ལྡོག་དགོས་ན། གནོད་པ་བྱེད་མཁན་ལ་བཟོད་པ་བསྒོམས་ན་ངན་རྐྱེན་བཟང་རྐྱེན་ལ་འགྱུར་བ་ཡིན་ཏེ། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །ཅེས་དང་། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་སྟེ། །ཞེས་གསུངས་པ་ལྟར་གནོད་བྱེད་ལ་ངན་ལན་མེད་ཅིང་བཟོད་པ་སྒོམ་པའི་སྟེང་དུ་དེ་ལ་སྙིང་རྗེ་བསྐྱེད་པ་དང་། མཁའ་རྒྱུའི་ཡི་དྭགས་ཀྱི་རིགས་ཅན་གནོད་སྦྱིན་འབྱུང་པོ་མི་མ་ཡིན་འདྲེ་གདོན་ལ་སོགས་པ་དེ་དག་ནི། ལས་ངན་གྱིས་རྒྱུ་བྱས་ཏེ་ལུས་ངན་འཁྲུལ་བའི་རང་གཟུགས་ལ་གོམས་ནས་མ་རུང་གནོད་སེམས་ཀྱི་ཉེར་ལེན་གྱིས་སེམས་ཅན་ལ་འཚེ་བ་བྱེད་པ་རུ་གྱུར་སོང་བ་ཡིན་ཡང་། དེ་དག་ལ་གནོད་བྱེད་འདྲེ་ཡི་རྟོག་པར་མི་བཟུང་བར་ཐམས་ཅད་ཀྱང་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པ་ཡིན་སྙམ་པ་དེ་ལྟར་ཤེས་པའི་སྒོ་ནས་སྙིང་རྗེ་སྐྱེད་པ་དང་། འགྲོ་ཀུན་བདེ་གཤེགས་སྙིང་པོའི་ས་བོན་ཅན་མ་འོངས་པར་སངས་རྒྱས་པའི་ངོ་བོ་སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་སྣང་བར་འགྱུར་བར་ཤེས་པར་བྱེད་དགོས་ཏེ། གནས་ལུགས་དོན་དམ་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འཕོ་འགྱུར་བྲི་གང་དང་བྲལ་བའི་ཆ་ནས་བསམས་ན་གདོད་མའི་མགོན་པོ་དང་སྣང་སྲིད་ལྷ་འདྲེ་གཉིས་ཀ་ལ་ཁྱད་མེད་པའི་ཡུམ་དོན་གྱི་དགོངས་པ་མཐར་ཐུག་ཡིན་པའི་ཕྱིར། འཁྲུལ་བར་ཞེན་ཅིང་ཆགས་པ་དེ་དག་ནི་བདེན་མེད་སྒྱུ་མའི་རང་གཟུགས་སུ་བལྟས་ཏེ། མདང་དགོང་རྨི་ལམ་ནང་གི་བུ་ཤི་བ་དང་ནོར་བུ་རྙེད་པ་གཉིས་དེ་རིང་མེད་པ་དང་། ད་ལྟའི་འཁྲུལ་སྣང་ལ་སྤྱོད་པ་གཉིས་ཁྱད་པར་མེད་པའི་དོན་ལ་རྩལ་སྦྱོང་བར་བྱེད་པ་དང་། དེ་ལ་སྤྱིར་ན་འཁྲུལ་བ་འདི་ལ་སྣང་བ་དང་ཞེན་པ་གཉིས་སུ་ཕྱེ་སྟེ། དེ་ཡང་དང་པོར་དབང་ཤེས་རྟོག་མེད་ཀྱི་ཡུལ་ལ་རི་དང་ཁང་ཁྱིམ་ལ་སོགས་ཤར་བ་དེ་འཁྲུལ་བའི་སྣང་བ་ཡིན་། དེ་ནས་དེ་ལ་ཞེན་པ་ཤར་ནས་དེར་འཛིན་བྱེ་བྲག་ལ་འཛིན་པའི་ཞེན་པ་དེ་འབྱུང་བ་ཡིན། དེ་ལྟ་བུའི་འཁྲུལ་བ་དེ་གཞི་མེད་རྩ་བྲལ་དུ་ཤེས་པར་བྱས་ནས་བདེན་མེད་ཀྱི་རྩལ་སྦྱོང་དགོས་སོ། །འཁྲུལ་བའི་རྩ་བ་དེ་དེད་ནས་སོང་ན་སེམས་ལ་ཐུག་པ་ཡིན། སེམས་ཀྱི་རྩ་བ་རྩད་བཅད་ན་ཕྱི་སྣང་བའི་ཡུལ། ནང་རང་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་བཙལ་ན་ཡང་རྙེད་དུ་མེད་པ། ཡོད་ཅེ་ན་སྟོན་དུ་མེད་པ། མེད་ཅེ་ན་ཡོད་ཡོད་འདྲ་བའི་སེམས་ཀྱི་གསང་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་འབབ་པའི་མན་ངག་གི་གསང་གིས་སེམས་ཀྱི་རྩ་བ་བཅད་དགོས་སོ། །འཁྲུལ་བ་མ་འགགས་དངོས་པོར་སྣང་བའི་ཚེ་འདི་ལ། བདེ་སྡུག་གང་སྣང་གི་རྐྱེན་ཐམས་ཅད་བདེན་མེད་དུ་ཤེས་པའི་སྒོ་ནས། སྡུག་བསྔལ་བྱུང་ན་བདེ་སྡུག་གཏོང་ལེན་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མྱོང་བའི་གོ་ཆོད་པ་ལ་འདེང་རྒྱག་པ་དང་། བདེ་བ་བྱུང་ན་ཡང་དེ་ལྟར་དུ་སེམས་ཅན་ལ་བདེ་བ་འདི་ལྟ་བུ་ཐོབ་པར་ཤོག་ཅིག བདེ་བ་འདི་ལྟ་བུའམ་འདི་ལས་ལྷག་པ་དང་འབྲལ་བར་མ་གྱུར་ཅིག་བསམས་ནས་ལམ་དུ་བསྒྱུར་ཏེ། ཐ་མལ་གྱི་ཡེངས་བ་འཁྲུལ་བའི་དབང་དུ་མི་ཤོར་བར་གཉེན་པོ་བདེན་མེད་དུ་ཤེས་པ་དེ་ཉིད་བསྟེན་ནས་འཁྲུལ་སྣང་ལྡོག་ཐབས་བྱེད་དགོས་སོ།།

༡༢ འཁོར་བའི་རང་རྒྱུད་ཉེན་པའི་ཆོས་དྲུག་བསྟན་པ།

འཁོར་བའི་རང་རྒྱུད་ཉེན་པའི་ཆོས་དྲུག་ནི།།

ལུས་སེམས་སྡུག་བསྔལ་མ་བྲལ་བདེ་བ་མེད།།

ཚེ་འདིའི་སྡུག་བསྔལ་བཙལ་བས་འབྲལ་དུས་མེད།།

རང་ལུས་དབང་མ་ཐོབ་པས་བདེ་དོན་མེད།།

དར་ལ་སྙུགས་རིང་བདེ་བའི་གོ་སྐབས་མེད།།

ལས་མ་ཟད་པར་འཁོར་བའི་སྡུག་བསྔལ་ལོ།།

ཞེས་གསུངས་པ་སྟེ། ལུས་སེམས་ཀྱི་སྡུག་བསྔལ་དང་མ་བྲལ་བའི་ཟག་བཅས་ཉེར་བར་ལེན་པའི་ཕུང་པོ་འདི་ཡོད་པའི་རིང་ལ་བདེ་བ་ཞིག་གཏན་ནས་མེད་པས། ལྟར་སྣང་བདེ་བ་ལྟར་དུ་སྣང་ཡང་སྡུག་བསྔལ་གསུམ་ལས་མ་འདས་པར་ཉེན་ཞིང་གདུང་བ་དང་། དེ་བཞིན་དུ་ཚེ་འདིའི་སྡུག་བསྔལ་གྱི་རྒྱུ་རང་གིས་བཙལ་ཏེ་བསྒྲུབས་པས་འབྲས་བུ་སྡུག་བསྔལ་མེད་པར་འདོད་ཀྱང་རྒྱུ་མི་དགེ་བའི་ལས་སྔོན་དུ་སོང་ཟིན་ཕྱིར་འབྲལ་བའི་དུས་མེད་པ་དང་། རང་ལུས་ལ་རང་དབང་ཐོབ་པ་མདོ་ལམ་གྱི་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མཐོང་ལམ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ་པའི་སྐབས་དང་། སྔགས་ལམ་གྱིས་ཀྱང་རྣམ་པར་སྨིན་པའི་རིག་འཛིན་བརྙེས་པ་དང་རིམ་གཉིས་ཀྱི་ལམ་ནས་སྒྱུ་ལུས་འབྱུང་བ་འདྲ་ཡིན་ན་མ་གཏོགས་ལ། གཞན་ཉེར་ལེན་འབྱུང་རྡོས་ཀྱི་ཕུང་པོའི་རྒྱ་ཡིས་འཐུམས་ནས་ཡོད་པས་བདེ་བའི་དོན་མེད་པ་དང་། མི་བདེ་བ་དེ་ཡང་དར་བའམ་སྡུག་བསྔལ་གྱི་སྟོབས་བདོ་ཞིང་སྨིན་པའི་སྒང་དང་སྙུགས་རིང་བ་སྟེ་རྒྱུན་རིང་པོར་བདེ་བའི་གོ་སྐབས་མེད་པའི་གཞན་དབང་ཅན་ཏེ། ལས་མ་ཟད་ཀྱི་བར་དུ་འཁོར་ཞིང་སྡུག་བསྔལ་བ་ཡིན་ཞེས་འཁོར་བའི་གནས་ཀྱི་རང་རྒྱུད་ཉེན་པའི་ཆོས་དྲུག་འདིས་འཁོར་བའི་སྡུག་བསྔལ་བསྟན་པའོ།།

༡༣ ཅིས་ཀྱང་དགོས་མེད་བསམ་པའི་ཆོས་དྲུག་བསྟན་པ།

ཅིས་ཀྱང་དགོས་མེད་བསམ་པའི་ཆོས་དྲུག་ནི།།

ལམ་སྣ་མ་ཟིན་གང་བྱས་དགོས་པ་མེད།།

དགེ་བ་མ་བསྒྲུབས་ཅིས་ཀྱང་དགོས་པ་མེད།།

ཆོས་ལ་མ་སྤྱད་ཚེ་རིང་དགོས་པ་མེད།།

ཆོས་མིན་གཞན་གྱིས་ཕན་བཏགས་དགོས་པ་མེད༌།།

ཚོགས་གཉིས་མ་བསགས་ཡོ་བྱད་དགོས་པ་མེད།།

བྱང་ཆུབ་མ་བསྒྲུབས་ཅིས་ཀྱང་དགོས་མེད་བསམ།།

ཞེས་གསུངས་པ་སྟེ། ཐར་བའི་ལམ་སྣ་ཞིག་མ་ཟིན་ཚེ་ལས་དཀར་ནག་གི་གཟུགས་བརྙན་གྱི་རི་མོ་གང་ལ་འཇུག་ཀྱང་དགོས་པ་མེད་ཅེས་པ་སྟེ། ཚོགས་བསགས་རྟེན་བཞེངས་དང་ཐོས་བསམ་གྱི་གཟུགས་བརྙན་གང་བྱས་ཀྱང་ཐར་བའི་ལམ་སྣ་ཞིག་ཟིན་མ་ཐུབ་དུས་བེད་ཆེ་ཞིག་མེད་པ་ཡིན་པས་དགོས་པ་མེད་ཅེས་གསུངས་ཤིང་། ཐེག་པ་ཆུང་ངུའི་ལུགས་ཀྱི་ཐར་བའི་ལམ་སྣ་ཞིག་ཟིན་དགོས་ན་གོང་ནས་བཤད་པ་ལྟར་ངེས་འབྱུང་རྣམ་དག་གི་ཀུན་སློང་སྔོན་སོང་ཞིག་ཡོད་དགོས་པ་ཡིན། དེ་ཡང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་ཤེས་ནས་དེ་ལས་ཐར་བའི་ཐར་བ་ཐོབ་འདོད་ཀྱི་བློ་མ་བཅོས་པ་ཞིག་ཡོད་དགོས་པ་ལས། སྐབས་སྐབས་སུ་བླ་མ་རེའི་ཆོས་རེ་བཤད་ལུགས་དང་། སྔོན་འགྲོའི་ཁྲིད་ཡིག་རེའི་ནང་དོན་ལ་བལྟས་པ་དང་། བཟའ་ཤི་ཚང་བརྡིབས་ཀྱི་མི་འདོད་པ་རེ་རང་ལ་ཡོང་བའམ་མི་ལ་ཡོང་བ་རིག་པས། ངེས་འབྱུང་སད་སུད་འཁོར་བའི་གནས་འདིར་སྡུག་བསྔལ་གྱི་སྣེ་ལ་སྡུག་བསྔལ་རེད་སྙམ་པའི་ཚོར་སྣང་ཙམ་རེ་ཡོད་སྲིད་པ་ཡིན་ཡང་། དེ་ནི་བསམ་བློའི་འགྱུར་བག་ཙམ་ཡིན་པས་ངེས་འབྱུང་མིན་ལ། ངེས་འབྱུང་ནི་འཁོར་བར་ཞེན་པ་ལོག་ནས་ཐར་ལམ་ལ་ཕྱིར་མི་ལྡོག་པར་འཇུག་པའི་བློ་སྣ་འཇིག་རྟེན་ཚེ་འདིའི་བྱ་གཞག་ཐམས་ཅད་བློས་ཐོངས་པ་ཞིག་ལ་ངོས་འཛིན་དགོས། ཐེག་དམན་ཉན་རང་གི་ལམ་གྱི་ངེས་འབྱུང་ཡང་དག་པ་ཞིག་སྐྱེས་ནས་ལམ་དེའི་ཐར་ལམ་ཟིན་ཡོད་པའི་རྟགས་སུ། འཇིག་རྟེན་ཆོས་བརྒྱད་སྤངས་ཐུབ་ཡོད་དགོས་པས་དེ་མ་སྤངས་ན་ངེས་འབྱུང་གི་བློ་ཡོད་པ་མིན། གང་ལ་ཆོས་བརྒྱད་ཀྱི་ཞེན་པ་ཡོད་ན་དེ་ལ་འཁོར་བར་ངེས་འབྱུང་མེད་པས་ཁྱབ་པ་ཡིན། འཁོར་བར་ངེས་འབྱུང་མེད་ཚེ་ཐེག་དམན་ཉན་རང་གི་ཐར་བའི་ལམ་སྣེ་ཞིག་ཀྱང་ཟིན་མེད་ལ། ཐེག་ཆེན་ལ་མཚོན་ན་ངེས་འབྱུང་དེའི་ཐོག་ཏུ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གི་བདག་ཉིད་ཅན་རྒྱུད་ལ་བསྐྱེད་དགོས་པས། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་བསྐྱེད་སྔོན་སོང་གི་བྱང་སྡོམ་ལེན་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུས་རང་དོན་ཡིད་བྱེད་ཀྱི་བློ་ཡོད་མི་རུང་བ་དེས་ན། སྤང་བྱ་ནི་ཆོས་བརྒྱད་ཀྱི་ཞེན་པ་དང་། རང་འདོད་ཡིད་བྱེད་ཡིན། བླང་བྱ་ནི་རང་དོན་མ་ཡིན་པའི་གཞན་དོན་འབའ་ཞིག་ཡིན་དགོས། དེས་ན་གང་ན་རང་དོན་ཡིད་བྱེད་ཡོད་པ་དེར་ངེས་འབྱུང་དང་བྱང་སེམས་མེད་པས་ཁྱབ་ཅིང་། དེས་ན་ཐར་བའི་ལམ་སྣ་ཟིན་ཞེས་པ་དེ་ལས་སླ་མོ་ཞིག་མིན་ལ། རྩ་བ་ནས་མི་ཟིན་པའམ་རྩ་བ་ནས་མི་ཐོབ་པ་ཞིག་ཀྱང་ག་ལ་ཡིན། ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་ཀྱི་ཡོན་ཏན་གྱི་ཁྱད་པར་ཅན་རྒྱུད་ལ་བསྐྱེད་དུ་ཡོད་པ་ཡིན། འོན་ཀྱང་ཚོགས་བསགས་སྒྲིབ་སྦྱོང་གི་སྒོ་ལ་མཚོན་ན་རང་རེའི་ཆོས་རྒྱུད་འདིའི་དབང་དུ་བྱས་ན་སྔོན་འགྲོའི་འབུམ་ལྔ་བསག་དགོས་ཤིང་། སྔོན་འགྲོ་སྔོན་དུ་མ་སོང་ན་དངོས་གཞིའི་ཆོས་ལ་རྨང་མེད་པ་ལྟ་བུ་ཡིན་པས་སྔོན་འགྲོ་བསགས་སྦྱང་གིས་རྒྱུད་མ་སྦྱངས་པ་ཞིག་ལ་དངོས་གཞི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བ་མིན། འོན་ཀྱང་སྔོན་འགྲོ་ཁྲལ་གསོབ་མ་ཁ་གྲངས་བརྩི་བ་ཙམ་ལན་གྲངས་དུ་མ་བསགས་ཀྱང་ཕན་པ་ཆེར་མེད་ལ། སེམས་བསྐྱེད་ཡང་དག་པ་ཞིག་མ་སྐྱེས་པར་རང་འདོད་ཡིད་བྱེད་དང་མ་བྲལ་བར་ཡོད་ན་སེམས་བསྐྱེད་འབུམ་ལྔ་དུ་མ་བསགས་ཀྱང་གཟུགས་བརྙན་ཙམ། དེ་ཡང་གཞན་ཕན་མ་ཡིན་རང་དོན་ཡིན་པས་སྣང་བ་ཡོད་སར་མུན་པ་དང་མུན་པ་ཡོད་སར་སྣང་བ་ཡོད་པ་མ་ཡིན་པ་བཞིན་དུ་འཇིག་རྟེན་པའི་ཆོས་བརྒྱད་དང་རང་འདོད་ཡིད་བྱེད་ཡོད་དུས་ཐར་བའི་ལམ་སྣ་ཟིན་པ་མེད་ཅིང་། དེས་ན་དེ་འདྲ་བས་ཆོས་སྒྲུབ་མདོག་བྱས་ཀྱང་དགུན་གྱི་དར་ཐོག་ཏུ་མཁར་བརྩིགས་པ་བཞིན་དུ་ཡུན་མི་བརྟན་པར་ཆོས་གཞུག་ཤོར་བ་ཡིན། ཐ་ན་ལམ་ཞུགས་ཙམ་ཡང་རེད་མེད། ལོ་བཅུ་མ་དགོས་ཉི་ཤུ་ལ་ཆོས་ཞུས་པ་དང་དབང་ལུང་ཁྲིད་གསུམ་ཅི་འདྲའི་མང་རབ་ཐོབ་ཡོད་ཅེས་བཤད་ཀྱང་ཐར་ལམ་ཐོབ་པའི་ཆོས། ལམ་གྱི་སྣེ་མོ་ཙམ་ལ་རང་གི་ཀུན་སློང་གི་ཐོག་ནས་ཟིན་མེད་པས། སྔར་ཡང་བཤད་པར་ལྟར་དུ་རང་གི་རྒྱུད་རང་གིས་བརྟགས་ཤིང་དཔྱད་ན། ངེས་འབྱུང་ཙམ་ཞིག་མ་སྐྱེས་ཚེ་སོ་ཐར་གྱི་སྡོམ་པ་ཡང་ཐོབ་མེད་པས་ཐེག་དམན་གྱི་ཆོས་ལམ་ཙམ་དུ་ཡང་ཞུགས་ཐུབ་མེད་ལ། རང་འདོད་ཡིད་བྱེད་འདུལ་མ་ཐུབ་པར་ཆོས་བརྒྱད་ཚེ་འདིའི་བྱ་བ་དགྲ་གཉེན་ཆགས་སྡང་། ཕྱོགས་རིས་བསྟོད་སྨད་རྣམས་ཀྱི་ཁ་ཙམ་དམའ་མེད་ན་བྱང་སྡོམ་རྒྱུད་ལ་སྐྱེས་མེད། དེས་ན་ནང་བ་ཡིན་མིན་གྱི་ཕྱེ་གཞི་ནི་སྐྱབས་འགྲོ་ཙམ་ལས་ལྷག་མེད་ལ། དེ་ཡང་ཞིབ་ཏུ་དཔྱད་ན་སྐྱབས་འགྲོའི་ཐད་ཀྱི་དཀོན་མཆོག་གསུམ་ཙམ་ཡང་ངོས་ལེགས་པོ་ཞིག་ཟིན་མེད་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བ་ཡིན་ཞེས་ཀྱང་། མཆོག་གསུམ་གང་ཡིན་དང་སྐྱབས་སུ་འགྲོ་ཚུལ་ཙམ་ཡང་མི་ཤེས། དེའི་སྟེང་དུ་སོ་བྱང་སྔགས་མ་དགོས་སྐྱབས་འགྲོའི་བསླབ་བྱ་ཙམ་ཡང་བསྲུངས་མེད་བསྲུང་བྱ་ཙམ་ཡང་མི་ཤེས་དུས། ནང་པའི་ཁྱིམ་པ་ཞིག་ཀྱང་ཡིན་མིན་ཐེ་ཚོམ་ཅན་དུ་ལོག་འགྲོ་བ་ཡིན། དེས་ན་དམ་ཆོས་རྣམ་དག་སྒྲུབ་པ་འདི་ལ་མིན་ཡང་ཡིན་མདོག་སྟོན་སར་མི་འགྲོ་ཞིང་མིང་ཆེན་པོ་ཐོབ་མཐོན་པོ་ཅི་འདྲ་བ་ཡོད་ཀྱང་ཕན་ཐོགས་མེད་པས། མདོར་བསྡུས་ན་ཐར་བའི་ལམ་སྣེ་དངོས་ཤིག་མ་ཟིན་དུས་གང་བྱས་ཀྱང་དགོས་པ་མེད་དོ། །ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་དུས་རྣམ་པ་གང་ལྟར་ཡང་ཆོག་པས། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་བློ་སྦྱངས་ནས་ལམ་སྣ་ཞིག་ཨེ་ཟིན་བལྟ་བ་ནི་གནད་ཆེ་། དེས་ན། ལམ་སྣ་མ་ཟིན་གང་བྱས་དགོས་པ་མེད། །ཅེས་དགོས་མེད་དྲུག་གི་དང་པོར་བསྟན་པའོ། །དགེ་བ་མ་བྱས་ཚེ་གཞན་ཅི་དང་གང་བསྒྲུབས་ཀྱང་ཚེ་འདི་ཕྱི་རང་གཞན་གཉིས་ལ་ཕན་པའི་བྱ་བ་ཡིན་པའི་ངེས་པ་མེད་པས་དགོས་པ་མེད་དོ། །དམ་པའི་ཆོས་ལམ་དུ་མ་ཞུགས་དུས་ཚེ་རིང་པོ་ཞིག་འཚོ་བ་ཡང་སྡིག་པ་མང་པོ་སོག་བྱེད་ཡིན་པ་དང་། སྡིག་པ་དེས་ཚེ་རབས་མང་པོའི་བར་དུ་སྡུག་བསྔལ་རྣམ་པར་སྨིན་བྱེད་ཀྱི་རྒྱུ་བྱེད་པས་ཆོས་མེད་མི་ཚེ་རིང་ན་སྡུག་རྐྱེན་ཡིན་པ་དང་། ཆོས་མིན་གཞན་གྱིས་ཕན་བཏགས་པ་འུ་ཚོ་འཇིག་རྟེན་པས་རྒྱུ་ཟས་ལོངས་སྤྱོད་ཀྱིས་ཕན་རེ་བཏགས་པ་དང་གཉེན་ཉེ་བ། ཤ་ཕུ་ནུ། དགོན་སྡེ་གྲྭ་ཚང་། གཅིག་རྒྱབ་གཅིག་གིས་འཚོ་ཁུལ་བྱེད་པ་དེ་ཕན་འདོགས་བཞིན་ཡོད་པའི་འདེང་ཡིན་ཡང་། དོན་དངོས་སུ་ཕན་བཏགས་ནས་ཐོགས་པ་ཞིག་བྱེད་བསམ་ན་ཆོས་ཀྱིས་ཕན་འདོགས་དགོས་ཏེ། འཇིག་རྟེན་གྱི་ཕྱོགས་ནས་རྒྱུ་ཟས་ནོར་སྦྱིན་པ་དང་མགོ་འདྲེན་སྐྱོབ་མ་བྱེད་པ་ལ་སོགས་པ་ཕན་ཉི་ཚེ་བ་རེ་བཏགས་པར་བྱས་ཀྱང་སྐབས་འགར་འབྲས་བུ་སྡུག་བསྔལ་དུ་མ་བསྐྱེད་ནས་ཕན་མ་བཏགས་ན་དགའ་འདུག་པ་ལྟ་བུའང་ཡོད་པས་མ་ཚད། ཆོས་ཀྱིས་ཕན་བཏགས་ན་ཚེ་འདི་ཕྱི་ཐམས་ཅད་ལ་ཕན་ཐོགས་པས་ཡུན་རིང་གཏན་གྱི་ཕན་ཐོགས་པའི་ཕྱིར་དང་། ཁྱད་པར་དུ་རབ་ཏུ་བྱུང་བ་ཞིག་གིས་སེམས་ཅན་ལ་ཕན་གདགས་པ་དེ་ཆོས་ཀྱིས་འདོགས་དགོས་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་སྲིད་ཀྱི་བདག་པོ་ཡིན་ཡང་། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས་སེམས་ཅན་ལ་ཕན་བཏགས་པ་ལ་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་ནས་ཆོས་ཀྱིས་ཕན་བཏགས་པའི་ཕྱིར། འོན་ཀྱང་ཆོས་ཀྱིས་ཕན་འདོགས་པ་ལ་རྒྱ་ཆེན་རྒྱང་རིང་གི་གཞུང་བཤད་མང་པོ་ཞིག་མ་ཤེས་ན་ཕན་ཐོགས་པ་མིན་པས་ང་འདྲ་བས་ཆོས་ཀྱི་ཕན་འདོགས་ཤེས་པ་མིན་ཞེས་བསམ་མི་དགོས་ཏེ། ཐ་ན་དུད་འགྲོ་ཞིག་གི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་རེ་བརྗོད་པར་བྱས་ཀྱང་ཆོས་ཀྱིས་ཕན་བཏགས་པ་ཡིན་ལ་ཆོས་ཀྱི་སྦྱིན་པའང་བྱས་པ་ཡིན། དེས་ན་གྲྭ་པ་རྣམས་ཀྱིས་ཁྱིམ་ཚང་གི་ཁ་ཨེ་སོས་ཀྱི་ཆེད་དུ་རྒྱ་དབུས་གཉིས་ཀ་འགྲིམས་ནས་ནོར་རྫས་གསོག་བྲུན་བྱེད་པ་བས་ཕ་མ་ཉེ་འབྲེལ་ལ་དགེ་སྡིག་གི་བླང་དོར་རེ་དང་སྐྱབས་འགྲོའི་བསླབ་བྱ་རེ་བསླབས་པར་བྱས་ན་ཕན་པ་དེའི་ཆེ་བ་ཡིན། ཆོས་ཚིག་གཅིག་ཙམ་གྱི་དོན་དེ་དག་གིས་ཤེས་སོང་ན་ཚེ་རབས་མང་པོའི་བར་དུ་སྡུག་བསྔལ་མྱོང་མི་དགོས་པའི་ཕན་པ་ཡོད་པས་མ་ཚད་དེ་ལ་བརྟེན་ནས་ཐར་བའི་ལམ་སྣ་རེ་ཟིན་སོང་ན་སེམས་ཅན་ཕན་བདེ་ལ་བཀོད་པའི་དོན་བྱས་པ་ཡིན། མདོར་ན་འབྲེལ་ཚད་དོན་ལྡན་རེ་ཆོས་ཀྱི་སྟེང་ནས་ཨེ་ཡོང་བལྟ་དགོས་པ་ལས་ཟས་ནོར་སོགས་ཀྱིས་ཕན་འདོགས་པ་ལ་དགོས་པ་མེད་དོ་ཅེས་པ་སྟེ། སྤྱིར་ན་སྦྱིན་སོགས་བསྡུ་བའི་དངོས་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པས། ཅི་ཡོད་བདོག་པའི་དངོས་པོ་རླུང་ཁྱེར་གྱི་རྫས་བཞིན་མཆོད་སྦྱིན་དུ་གཏོང་བ་དམ་པའི་སྤྱོད་པ་ཡིན་པ་ལས། དེ་ལས་གཞན་པར་ལོག་འཚོའི་ཟས་ནོར་གཅིག་ལས་བླངས་པ་གཅིག་ལ་བྱིན་ནས་ཚོགས་མ་བསགས་པའི་རྒྱུ་རྫས་དེ་ཞིང་མ་དག་པའི་ཁ་ལ་བརྒྱབ་ཀྱང་ཡ་མཚན་ཆེ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཚོགས་གཉིས་བསག་མ་ནུས་ན་ཡོ་བྱད་ཀྱི་དགོས་པ་མེད་པས་ཚོགས་གཉིས་ཅི་ནུས་ཀྱིས་བསག་དགོས། དེ་ལ་དམིགས་བཅས་བསོད་ནམས་ཀྱི་ཚོགས་ལ་མཚོན་ན་ཡོ་བྱད་ཀྱིས་གསོག་ཆོག་ཀྱང་། དམིགས་མེད་ཡེ་ཤེས་ཀྱི་ཚོགས་ནོར་ལ་བརྟེན་ནས་བསག་ཆོག་གམ་ཞེ་ན། དེ་ཡང་ཐབས་ལ་མཁས་ན་བྱར་མེད་པ་ཞིག་མིན་ཏེ། དགེ་བ་གང་ཡིན་ཡང་ལྟ་བ་ཁྱད་པར་ཅན་གྱི་རྩིས་ཟིན་པ་དང་། མིན་ཡང་དགོས་གནད་ཁྱད་པར་ཅན་ལ་བརྟེན་ནས། བསྟན་པའི་སྲོག་གསོ་ཞིང་མཐུད་པའི་ཆ་རྐྱེན་ཁྱད་པར་ཅན་དུ་སྒྱུར་ཐུབ་ན་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་པར་གསུངས་པའི་ཕྱིར། དེས་ན་ནོར་ཡོད་པ་དེ་ཚོགས་གཉིས་ཀྱི་ཞིང་སར་བཏང་ནས་ནོར་ལས་ནོར་གྱི་སྙིང་པོ་ལེན་ཤེས་དགོས། དེ་མ་ཐུབ་དུས་ཆགས་ཞེན་གྱི་གཞི་མ་རུ་འགྱུར་བ་ཡིན། མདོར་བསྡུས་ན་ཐར་བ་རྫོགས་པའི་བྱང་ཆུབ་ཀྱི་ལམ་དང་མ་འབྲེལ་བའི་བྱ་བ་ལྟར་སྣང་ཆོས་previous hit བརྒྱད་ཀྱི་ཕྱོགས་ལ་འགྲོ་བའི་འཆད་རྩོད་རྩོམ་གསུམ ་རྟེན་བཞེངས་མཆོད་སྦྱིན་སོགས་གང་བྱས་ཀྱང་དགོས་པ་མེད་པར་བསམ་དགོས་ན་འཇིག་རྟེན་གྱི་བྱ་བ་གཞན་ནི་ལྟ་ཅི་སྨོས་ཞེས་དགོས་མེད་དྲུག་གི་དོན་བསྡུས་པའོ། །སྙིང་ནས་དམ་ཆོས་སྒྲུབ་ནས་དལ་འབྱོར་དོན་ཡོད་བྱེད་བསམ་མཁན་ཞིག་ལ་འདིའི་མན་ངག་དྲུག་ཚན་འདི་བས་མི་དགོས་པར་འདུག འདི་ཉམས་སུ་བླངས་ནས་འདི་བཞིན་དུ་འགྲུབ་པར་བྱུང་ན་འདིའི་ནང་དུ་ཐམས་ཅད་འདུས་པ་ཡིན། གཞན་དུ་ཡས་ཉན་ཙམ་མས་གོ་ཙམ་ཕྱོགས་མགོ་ཕྱོགས་མགོའི་འཆད་ཉན་ཐོས་བསམ་གྱི་གཟུགས་བརྙན་བཟོ་ལྟ་ཙམ་རེ་ལས་རྒྱུད་ལ་གཅིག་ཀྱང་མ་འབྱོར་ན་ཕན་པ་ཆེར་མེད་པ་ཡིན། རྒྱལ་བས་ཆོས་འཁོར་རིམ་གསུམ་བཀའ་རྒྱ་ཆེ་ལུང་གྲངས་མང་ཡང་། དོན་མན་ངག་གི་གནད་ཚིག་ཉུང་དོན་འདུས་སུ་དྲིལ་ནས་ཉམས་སུ་ལེན་དགོས་ན་ལེན་ཐབས་མི་ཤེས་པས། རྒྱལ་བའི་བཀའ་ལས་ཀྱང་བླ་མའི་མན་ངག་གཙོ་ཆེ་བ་ཡིན། ཁྱད་པར་དུ་ཀུན་མཁྱེན་ཆེན་པོ་རྒྱལ་བ་ཀློང་ཆེན་པས་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་དགོངས་ནས་མན་ངག་རིན་པོ་ཆེའི་མཛོད་འདི་མདོ་དང་རྒྱུད་སྡེའི་དགོངས་དོན་གྱི་མན་ངག་རྣམས་ཚུར་བསྡུས་ནས་དབང་པོ་རྣོ་རྟུལ་སུ་ཡིན་ཡང་ཉམས་སུ་ལེན་བདེ་བའི་ཆེད་དུ་དྲུག་ཚན་དྲུག་ཚན་གྱི་ཚོམས་ཀྱིས་བཅད་ནས་གསུངས། ད་དུང་གདུལ་བྱ་ལས་དང་པོ་པ་དང་། ཅུང་ཟད་ལམ་ལ་ངེས་ཤེས་ཐོབ་པ་དག་ལ་ཕན་པ་ཆེ་བའི་ཆེད་དུ་མ་ཀིའི་ཐེག་དམན་ནས་ཡ་ཀིའི་རྫོགས་ཆེན་མན་ཆོད་ཀྱི་བརྗོད་བྱ་བསྟན་བྱའི་ཆོས་ཀྱི་སྙིང་པོ་དེ་གདམས་ངག་གི་གནད་དུ་དྲིལ་ནས་གསུངས་པ་ཡིན་ལ། ད་རེས་འདི་ནས་ཁྲིད་རྒྱུན་རེ་ཐོབ་པ་ནི་གལ་ཆེ། རྫོགས་ཆེན་རང་ལུགས་ཀྱི་རྩ་བའི་ཁྲིད་རྒྱུན་མ་འཕྱུག་པ་ཡིན། དེའི་ཞོར་དུ་བརྒྱུད་པའི་བྱིན་རླབས་དང་ཆོས་ཀྱི་ཆེ་བའི་དབང་གིས་མན་ངག་རང་རྒྱུད་ལ་འབྱོར་ནས་ཐར་བའི་ལམ་སྣ་མ་ནོར་བ་རེ་ཟིན་པ་དང་། གང་ཟག་རེ་རེའི་ངོས་ཀྱི་ཕན་ཐོགས་རེ་བྱུང་ན་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཡིན་པས་བསྟན་པའི་གསོས་སྨན་དངོས་སུ་ཨེ་འགྱུར་སྙམ་པའི་ཀུན་སློང་གི་སྟེང་ནས་བཤད་པ་ཡིན་པས། རྣམ་པ་ཚང་མས་འདིའི་བརྗོད་བྱ་ཉམས་ལེན་གྱི་གནད་དུ་འཛིན་པ་ནི་མ་འཆུག་ཅེས་ཞུ་བ་ཡིན། བྱང་ཆུབ་མ་བསྒྲུབས་ཅིས་ཀྱང་དགོས་མེད་བསམ། །ཞེས་པའི་མཚམས་འདིར་དེ་རིང་བཞག་ནས་སང་ཉིན་ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག་ནི། །ཞེས་པ་ནས་དབུ་འཛིན་ནས་བཤད་པ་བྱེད། སྤྱིར་མན་ངག་མཛོད་འདི་མདོ་རྒྱུད་ཐེག་པ་ཐམས་ཅད་ཀྱི་གནད་བསྡུས་ནས་མན་ངག་ཏུ་དྲིལ་བ་ཞིག་ཡིན་པས་ཆོས་ཟབ་མོ་ཡིན་ཡང་། ད་རེས་གཙོ་བོ་བློ་སྦྱོང་ལྟར་དུ་དགྲོལ་བའི་ཉམས་ཡིན་པས་དགེ་བསྙེན་ཕོ་མོ་ཡང་ཉན་མཁན་གྱི་གྲས་སུ་ཞུགས་བཅུག་པ་ཡིན། ཐམས་ཅད་ཀྱིས་ཡིག་བརྒྱ་དང་ས་ཏྭ་ཐོན། ཚིག་རེ་ཡིན་ཡང་ཞེ་ཐོག་ལ་ཨེ་ལོན་ལྟོས་དང་འདི་ཚེ་འདི་ཕྱི་གཉིས་ཀའི་བྲོ་རྟེན་ཡིན། འདི་ཐོབ་པ་ཡང་སྐལ་བ་བཟང་པོ་རེད། ཐོབ་ཡུལ་གྱི་བླ་མ་བཟང་པོ་ཞིག་མིན་ཡང་ཐོབ་བྱའི་ཆོས་རྩ་ཆེན་ཡིན། ལ་ལས་རྒད་པོ་རྒད་མོ་རྣམས་མཛོད་བདུན་གྱི་ཆོས་ཁྲིད་ནང་དུ་འཛུད་ཀྱིན་ཡོད་འདུག་གནའ་སྔོན་མ་དེ་འདྲ་མི་དར་ཟེར་ལས་ཆེ་ཡང་། གནའ་ལུགས་ཚང་མ་ལྷ་ཡི་སྲོལ་དང་། ད་ལུགས་ཚང་མ་འདྲེ་ཡི་སྲོལ་རེད། ཅེས་བརྗོད་ཀྱང་དངོས་ཡོད་དུས་ཀྱི་འཁོར་ལོའི་རླབས་རྒྱུན་དེ་བཙན་གྱིས་ལྡོག་ཏུ་མེད་པས། ལམ་གཅིག་འཕྲེད་བཟུང་བྱས་ནས་རྡོག་སྣ་ཁོ་ན་ལ་ལྟ་བཞིན་བསྡད་ན་མི་རབས་རྗེས་མ་དག་འཐབ་མགོ་ནས་མར་གཡུགས་ནས། མགོ་བཅག་པར་རྨུས་པའི་ཉམས་མྱོང་ཡོད་པས། ཁ་རྩང་ངས་བོད་མཐོ་སྒང་གི་མི་རིགས་དེ་ཆོས་དང་རིག་གཞུང་གི་ཆེད་དུ་འཚོ་དགོས་ཞེས་བཤད་པ་ལྟར་དུ། བོད་ཆོས་ལྡན་གྱི་ཞིང་ཁམས་དད་པ་ཆོས་ལ་འཇོག་མཁན་ཡིན་པར་བཤད་ཀྱང་། དད་ཡུལ་གྱི་ཆོས་གང་ཡིན་མ་ཤེས་ཚེ་དད་པ་རྨོངས་དད་ལ་འགྱུར་འགྲོ། མི་ཞིག་གིས་དཀོན་མཆོག་ལ་ཐུགས་རྗེ་ཡོད་ལས་རྒྱུ་འབྲས་བསླུ་མེད་རེད་ཅེས་བཤད་སྐབས་བདེན་སྙམ་ནས་དད་པ་བྱེད་ཀྱང་། ཡང་གཅིག་གིས་དེ་རྫུན་པ་རེད་མགོ་གཡོག་བྱེད་རེད་ཅེས་བརྗོད་ན་དེ་ཡང་བདེན་སྣང་ཤར་བ་ཡིན། དེ་བས་ཨེ་བདེན་མི་བདེན་རང་གིས་བལྟས་ནས་ཆོས་བསྒྲུབས་ན་བསྒྲུབས་གོ་ཆོད་པ། སྒྲུབ་ལུགས་རང་གིས་ཤེས་པ་དང་ཆོས་ཀྱི་ནང་དོན་རང་གིས་ཧ་གོ་བར་བྱེད་དགོས། མིའི་ཁ་ལ་ཉན་མི་དགོས་གནའ་སྔོན་ཆོད་ནང་པའི་ཆོས་རྨོངས་དད་མགོ་གཡོག་བྱེད་རེད་ཅེས་བརྗོད་མྱོང་བའི་མི་ཡོད་པས་མི་ཚད། དེང་སང་ཡང་དེ་ལྟར་སྨྲ་མཁན་རང་རིགས་གཞན་རིགས་གཉིས་ཀའི་ནང་དུ་ཡོད་འདུག དེ་དག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཡང་དག་ཡིན་མིན་གྱི་དབྱེ་བ་འབྱེད་པའི་གཞི་ཆོས་ཀྱི་ནང་དོན་ཆ་ཚང་གོ་མེད་པ་རེད། དེ་མ་གོ་དུས་རང་གིས་མ་རིག་ཚེ་ལ་ཕར་རྒྱབ་ན་མི་གཅིག་ཀྱང་མེད་ཅེས་བརྗོད་ཀྱང་དོན་ལ་གནས་པའི་གཏམ་མིན་པ་ལྟ་བུ་ཡིན། དེས་ན་ཕྱི་བ་ནང་པའི་ལྟ་གྲུབ་དང་རིགས་གཞུང་གང་ཡིན་ཡང་། གཙོ་བོ་རང་ཉིད་ཀྱི་འགྲོ་ལམ་འདུག་ལམ། ཚེ་འདི་ཕྱིའི་ཚོད་ཐིག་པའི་བདེ་བའི་གཞི་ཞིག་བསྒྲུབ་དགོས་དུས་ཆོས་དང་བླ་མ་མ་ནོར་བ་ཞིག་ལ་བརྟེན་ནས་དོན་རང་གི་ཉམས་ལེན་གྱི་གནད་དུ་བསྣུན་ནས་མི་ཚེའི་དུས་ཚོད་འཕྲོ་བརླག་ཏུ་མི་ཤོར་བ་ནི་རྩ་བའི་གནད་འགག་མདོ་རྩ་སྙིང་པོ་དེ་ཡིན་པས། ཚིག་རེ་ཡིན་ཡང་མན་ངག་གི་དོན་འདི་ཚོ་གོ་བར་བྱས་ནས་རྒྱུད་དུ་སྦྱར་ཨེ་ཐུབ་བལྟ་བ་ནི་གནད་ཆེན་ཡིན་ནོ།།


previousཉིན་དང་པོའི་ཆོས་ཁྲིད། next