Nitartha Digital Library
Tibetan
 
previousཉིན་བཅུ་གཉིས་པའི་ཆོས་ཁྲིད། next

ཉིན་བཅུ་གཉིས་པའི་ཆོས་ཁྲིད།

ད་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཚུལ་ཟབ་མོ་འཆད་ཉན་བྱེད་པའི་སྐབས་འདིར། བྲམ་ཟེས་རིག་བྱེད་ཀློག་པ་དང་། རྒན་པོས་གནའ་སྒྲུང་བཤད་པ་ལ་ཉན་པ་དང་། ཟློས་གར་གྱི་འཁྲབ་སྟོན་ལ་བལྟས་པ་ལྟ་བུ་མ་ཡིན་པར། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་དེའི་ཐོག་ཏུ། ཐུན་མིན་སྔགས་ཀྱི་སྒོས་ཆོས་ཁྱད་པར་ཅན་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། སྣོད་བཅུད་ཐམས་ཅད་ཐ་མལ་མ་ཡིན་པར་དག་པའི་རང་བཞིན་ལ་གསལ་བཏབ་པའི་སྟེང་དུ། དལ་རྟེན་རྙེད་པ་དཀའ་ཚུལ་དང་། རྙེད་ན་ཕན་པ་ཆེ་ལུགས། ཆོས་གདམས་ངག་འཆི་སོས་ཀྱི་བདུད་རྩི་ལྟ་བུ་འདི། ལས་སྐལ་བ་བཟང་བའི་གང་ཟག་ཅིག་མིན་ན་སུ་ཡིན་ཡིན་གྱིས་མི་ཐོབ་པའི་ཚུལ་དང་། འདི་ཐོབ་ན་ཐར་བ་རང་ལག་ལ་ཡོད་པ་དང་། དེས་མ་ཚད་ཚེ་ལ་རྟག་བརྟན་མེད་ལུགས་དང་། འཆི་རྐྱེན་རྣམ་པ་སྣ་ཚོགས་ཡིན་ཚུལ། ས་གང་ནས་ཤི་དང་གནས་འདི་ནས་ཤི། ཤི་རྐྱེན་ཅི་དང་གང་ཞིག་གིས་ཤི་དང་། ལར་དེ་རིང་ཤི་དང་སང་ཉིན་ཤི། གཞན་ཡང་ན་ཚའི་སྡུག་བསྔལ་གྱིས་ལུས་མནར། མི་འདོད་རྐྱེན་ངན་གྱིས་སེམས་མནར་ནས། འཆི་བསམ་ཡང་དབུགས་འཆད་མི་བཏུབ་པར་གསོན་འདི་པའི་ངང་ནས་དམྱལ་བའི་སྡུག་བསྔལ་མྱོང་དགོས་པ་སོགས་ཅི་འགྱུར་སུས་ཤེས། མདོར་ན་འཁོར་བའི་སྡུག་བསྔལ་འདི་དག་ལ་བསམ་བློ་བཏང་ན། འགྲོ་བ་རིས་དྲུག་གི་གནས་རིས་གཞན་དག་བཤད་མ་དགོས་པར། རང་རེའི་ལུས་ཐོག་ན་ཡོད་པའི་ལས་ཉོན་གྱི་གཞན་དབང་ལ་སོང་ནས། སྡུག་བསྔལ་མྱོང་བཞིན་ཡོད་པ་འདིས་ཀྱང་ཤེས་ཤིང་མཚོན་ཐུབ་པ་ཞིག་ཡིན་པས། ད་འདི་ལྟ་བུའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བའི་ཆེད་དུ། ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཅི་ཞིག་གཏོང་དགོས་པ་དང་། འབད་པ་དང་བརྩོན་འགྲུས་ཤིག་བྱེད་དུ་ཡོད་པ་དང་། བྱེད་པའི་གོ་སྐབས་ཤིག་ཐོབ་དུས་མི་བསྒྲུབ་པ་ནི། རྨོངས་པས་མི་ཚད་བླུན་པོ་དང་། བླུན་པས་མི་ཚད་སྨྱོན་པ་གདོན་ཁོག་ལ་ཞུགས་པ་ཞིག་ཡིན་ན་མ་གཏོགས། གཞན་དུ་འདི་ཕྱི་རང་གཞན་གྱི་དོན་ཆེན་བསྒྲུབ་པའི་བྱ་བ་ཞིག་ལ་བརྩོན་དུ་ཡོད་པའི་སྐབས་འདིར་མི་བརྩོན་པར་ཡེངས་མ་ལམ་དུ་མི་ཚེ་འཛད་དུ་འཇུག་པ་ནི། ཁོག་པའི་ནང་ན་སེམས་ཤིག་མེད་པའི་རྟགས་རེད་སྙམ་པའི་ཀུན་སློང་བསྐྱེད་ནས། བསམ་བློ་ནང་དུ་བསྐོར་ནས་འདེང་ཞིག་རྒྱོབ་དང་སྡུག་བསྔལ་ལས་བདེ་བ་ཉམས་སུ་མྱོང་མ་མྱོང་བའི་སེམས་ཅན་སོ་སྐྱེ་ཐ་མལ་བ་འདི་དག་གིས། དམྱལ་བ་རང་ཡུལ་ལ་སྐྱོ། ཞེས་པའི་གཏམ་དཔེ་ཞིག་ཡོད་པ་ནི། དམྱལ་བའི་སེམས་ཅན་ལ་དམྱལ་བའི་གནས་ལ་སྐྱིད་སྣང་གི་ཞེན་ཆགས་ཀྱི་སེམས་ཤིག་ཅི་ལ་ཡོད་ཀྱང་། དམྱལ་བ་དང་ཕྱོགས་མཚུངས་པའམ། དམྱལ་བའི་ལམ་དང་ཐག་མི་རིང་བའི་མི་དགེའི་སྡིག་སྤྱོད་ཀྱི་མི་ཡུལ་འདིར་སྡུག་སྣང་མི་ཤར་བར་ཞེན་ཅིང་ཆགས་མཁན་ཡོད་པ་ཡིན་ཞེས་པའི་གོ་བ་ཡིན་ངེས། འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །ཞེས་པ་ལྟར་དུ་སྣོད་བཅུད་ཐམས་ཅད་སྡུག་བསྔལ་གྱི་བདེན་པས་བསྡུས་པས་བདེ་བ་སྐད་ཅིག་ཙམ་ཡང་ཡོད་པར་མིན་པ་ནི། འཁོར་བའི་གནས་ན་བདེ་བ་མེད། །མི་གཙང་ཁང་བར་དྲི་ཞིམ་མེད། །ཅེས་གསུངས་པ་ལྟར་དུ་ཡིན། ད་དེ་ལྟ་བུའི་སྡུག་བསྔལ་ཅན་གྱི་འཁོར་བའི་གནས་འདི་ལས། ཐམས་ཅད་ལ་འདྲ་མཉམ་དུ་ཡོད་པའི་སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་ལྟ་བུ་ཞིག་ལ་བསམ་བློ་ཞིག་བཏང་ཚེ། འདི་ལ་བདུད་ཀྱི་ཆུ་བོ་གསུངས་པའི་དོན་ནི། གནོད་ཅིང་འཚེ་བར་བྱེད་པ་ལ་བདུད་ཅེས་ཟེར་བས། སྐྱེ་རྒ་ན་འཆི་བཞི་འདིས་ཀྱང་སྡུག་བསྔལ་གྱི་ཚོར་བ་རྩུབ་མོ་མི་བཟོད་པ་སྟེར་བར་བྱེད་པ་བདུད་ཀྱི་མཚོན་ཆ་རྩུབ་མོ་དང་ཁྱད་མེད་པས་ན་བདུད་ཅེས་བྱ་བ་ཡིན། འོ་ན་འདི་ལ་བདུད་ཀྱི་མཚོན་ཆ་མི་ཟེར་བར་ཆུ་བོ་ཟེར་ནས་སྒྲ་བསྒྱུར་དགོས་དོན་ཅི་ཞེ་ན། ཆུ་བོ་ཆེན་པོ་དེ་དྭངས་པའི་རྒྱ་མཚོ་ཆེན་པོ་ནས་འབབ་པ་ནས་བཟུང་མཐར་རྒྱ་མཚོ་ཆེན་པོའི་ནང་ལ་མ་ཐོན་གྱི་བར་དུ་ཉིན་མཚན་བར་མེད་དུ་བཞུར་རྒྱུན་མི་ཆད་པ་དང་། ཡང་རྒྱ་མཚོར་འབབ་ཅིང་འཁོར་བ་ལྟར་དུ། རྒ་ན་ཤི་བའི་སྡུག་བསྔལ་འདི་སྐྱེ་བ་ལས་བྱུང་ཞིང་། སྐྱེ་བ་དེ་ཡང་མ་རིག་པ་ནས་འདུ་བྱེད་ལ་སོགས་པ་ནས་སྲིད་པའི་བར། ཡང་དེ་ནས་སྐྱེ་བ་དང་རྒ་ཤི་སོགས་བརྒྱུད་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་དང་ཉོན་མོངས་སྡུག་བསྔལ་གསུམ་པོ་རུ་འཁོར་ནས། སྡུག་བསྔལ་རྣམ་པ་སྣ་ཚོགས་བསྐྱེད་པའི་འཁོར་བའི་འཁོར་ལོ་འདི་གྲུབ་པས་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་བོ་འདི་ལ་བདུད་ཀྱི་ཆུ་བོ་ཆེན་པོ་བཞི་ཞེས་གྲགས་པ་ཡིན། དེས་ན་སྡུག་བསྔལ་ཐམས་ཅད་ཀྱི་གཞི་རྩ་དེད་ནས་སོང་ན། སྲིད་རྩ་ལྷན་སྐྱེས་ཀྱི་ངར་འཛིན་མ་རིག་པ་དེ་ལ་ཐུག་ནས་ཡོད་པ་ཡིན། དེས་ན་ཐར་བའི་ལམ་ཁྲིད་ཀྱི་དགེ་བའི་བཤེས་གཉེན་རང་ཉིད་ཐར་བ་དམ་པའི་གྲོང་ཁྱེར་ལ་ཕྱིན་མྱོང་བའི་ལམ་རྒྱུས་མཁན་ཞིག་བཙལ་ནས། དེའི་བཀའ་བཞིན་དུ་བདག་འཛིན་འཕུང་བྱེད་ཀྱི་འདྲེ་རྒན་དེ་འདུལ་བའི་གཉེན་པོར་བདག་མེད་རྟོགས་པའི་ནང་གི་ཤེས་རབ་ཀྱི་མེ་ཆེན་སྦར་བའི་ཆེད་དུ། དམ་པའི་ཆོས་ཟབ་མོ་སྨན་འཆི་སོས་ཀྱི་བདུད་རྩི་ལྟ་བུ་དེ་ཐོབ་ནས། བདག་ཉིད་ནད་པ་ལྟ་བུའི་ཉོན་མོངས་པའི་ནད་དེ་དྲག་ནས་སྡུག་བསྔལ་སྣ་ཚོགས་ཀྱི་ཟུག་རྔུ་མི་མྱོང་བའི་ཆེད་དུ། སྨན་པ་མཁས་པ་ལྟ་བུའི་དམ་པའི་བཤེས་གཉེན་ལ་བསྟེན་ནས་ཆོས་ཞུ་བ་དང་། དེའི་དོན་པོ་སྨན་ཁོག་ཏུ་བཏུང་ནས་ནད་ཇེ་དྲག་ཏུ་སོང་བ་བཞིན་དུ་དམ་པའི་ཆོས་རྒྱུད་ལ་སྦྱར་ཏེ་ཉོན་མོངས་པའི་ནད་གཞི་ཇེ་ཆུང་དུ་སོང་ནས་སྡུག་བསྔལ་གྱི་འབྱུང་རྩ་གཏན་ནས་ཆོད་པར་བྱེད་པ་ནི་ཆོས་ཞུ་བའི་ཐོག་མཐའ་བར་གྱི་བྱ་བྱེད་ལས་གསུམ་དེ་ལྟར་ཡིན། འོན་ཀྱང་དམིགས་ཡུལ་ཁྱད་པར་ཆེ་བ་ཡིན་ཏེ། ང་ཞེས་པའི་གཅིག་པུ་འདི་དང་། གཞན་ཟེར་བའི་མང་པོ་མཐའ་ཡས་པ་སྟེ་གཉིས་སུ་ཡོད་པ་ཡིན། དེ་ལས་གཞན་ཞེས་པ་དེའི་ནང་དུ་སུ་ཡོད་ན། རང་གི་ཚེ་འདིའི་ཕ་མ་དང་སྤུན་སྲིང་སོགས་ཀྱི་ཉེ་འབྲེལ་རྣམས་ཡོད་པ་ཡིན། ད་དུང་སུ་ཡོད་བལྟས་ན་སྐྱེ་བ་སྔོན་མའི་དེ་དག་དང་། ཡང་དེའི་སྔོན་མའི་དེ་དག་དང་། ཡང་དེའི་སྔོན་གྱི་དེ་དག་ལ་དེད་ནས་སོང་ན་ཐུག་མེད་ཀྱི་བར་དུ་འགྲོ་བ་ལས་འདི་ཙམ་ཞིག་གི་བར་ཡིན་ཞེས་མགོ་འཛིན་རྒྱུ་མེད་པ་ཡིན། དེ་ལྟ་བུའི་སྐྱེ་བ་རེ་རེ་བཞིན་དུ་ཕ་མ་སྤུན་སྲིང་ཡོད་ཤག་ཤག་ཡིན་པས། ན་ནིང་གི་ཕ་མ་དང་ད་ལོའི་ཕ་མ། ས་གཞན་དུ་ཡོད་པའི་ཕ་མ་དང་ཟུར་དུ་ཡོད་པའི་ཕ་མ་ལ་ཁྱད་མེད་པའི་ཕྱོགས་ལ་བསམ་བློ་ཞིབ་ཏུ་བཏང་ཚེ། སེམས་ཅན་ཐམས་ཅད་ངོ་མ་ཕ་མ་ཡིན་པར་འདུག ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་དེ་ལ་རྒྱུ་མཚན་ཞིག་ཡོད་ནས་འདུག དེ་ཡང་ཐག་རིང་རྒྱང་གི་སྐད་ཆ་ཞིག་མིན་པར་རང་གིས་བརྟགས་པས་ཀྱང་ཤེས་པར་འདུག་སྙམ་པའི་བློ་སྐྱེས་ནས། ད་རེས་ཀྱི་བར་དུ་སྒྲོག་དེ་མ་ཁྲོལ་མདུད་པ་དེ་མ་ཞིག་པ་ནི་ཅི་འདྲའི་ཐབས་སྡུག་ཨང་། ད་ནི་ཚིག་གི་གནད་གསང་གོ་ཞིང་ལུང་བའི་ཕུ་ཐག་རིག་བྱུང་བས། འདི་ལྟར་དུ་ཐ་མེ་ཐོམ་མེར་འདུག་རྒྱུ་ཞིག་མ་རེད། ངའི་དར་མའི་མི་ཚེ་རིང་མོ་དེ་ཅི་འདྲའི་སྟོང་གྱོང་དུ་ཤོར་བ་ལ། དེའི་དུས་སུ་ཨ་རོགས་དེ་འདྲའི་ཨེ་ཡིན་ནམ་ཟེར་མཁན་ཙམ་ཡང་མེད་པ་ནི་ཅི་འདྲའི་ཐན་ལྟས་ཤིག་ཡིན་པས་མ་ཚད། ཅི་འདྲའི་དམུ་གབ་ཀྱི་ཞྭ་མོ་ཞིག་གོན་ནས་བཀབ་སོང་བ་ལ་ཨང་། གནའ་གེ་སར་བདུད་ཡུལ་དུ་སོང་དུས་བདུད་མོ་དམེ་བཟས་བརྗེད་ཟས་དང་བརྗེད་ཆུ་དྲངས་པས་ལོ་དགུ་གར་སོང་མ་ཤེས་ནས་མགོ་འཁོར་བ་དང་གཅིག་པ་ལ་བསམས་ནས། མི་ཞིག་ཡིན་དུས་དེ་ལྟར་རྨོངས་གཉིད་ལས་སད་དགོས་པ་ཡིན། ད་དུང་མ་སད་ཚེ་རྩྭ་ཟ་ཆུ་འཐུང་ཙམ་ནི་གཡག་རྒན་རྣམས་ཀྱིས་ཀྱང་ཤེས་པ་དང་། དགྲ་ལ་འཁོན་གཉེན་ལ་དགའ་བ་ཙམ་ནི་དུད་འགྲོ་སྒོ་ཁྱི་ཡིན་ཡང་ཤེས་པ་སྟེ། ཁྱི་འདྲིས་བཟང་ལ་ལས་ལོ་མང་པོའི་རིང་ལ་བདག་པོ་མི་བརྗེད་པར་ཤེས་པ་ཡིན་པས། དེ་འདྲ་དེ་ལ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་མེད་པས་མ་ཟད་མི་ཞིག་ཡིན་པའི་ཁྱད་ཆོས་ཙམ་ཡང་མེད་པ་ཡིན། དེས་ན་བློ་ཐག་རང་གིས་བཅད་དེ། ཁ་ཕོ་སོར་གསུམ་ནང་དུ་བསྡམས་ནས་སེམས་ཐག་ཆོད་པའི་བུ་རྒོད་ཅིག་ཡིན་ཚེ་འཇིག་རྟེན་ཚེ་འདིའི་ཞེན་ཆགས་རྒྱབ་ཏུ་བསྐྱུར་ནས་དམ་པའི་ལྷ་ཆོས་ཉིན་མཚན་འགོར་མེད་དུ་བསྒྲུབ་རན་པས་མི་ཚད་འཕྱིས་པའི་དུས་ལ་ཐོན་ཡོད་པ་ཡིན། གཅིག་སྒྲུབ་དུས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་མི་བསྒྲུབ་པར་རང་གཅིག་པུ་བདེ་བ་ལས་མ་བདེ་བས་དགའ་བར་འདུག་སྟེ། སྐྱེ་བ་ཚེ་རབས་ཀྱི་ཕ་མ་དང་སྙིང་ཉེའི་སྤུན་སྲིང་བཟའ་ཚང་རྣམས་ལ་བསམ་བློ་མི་གཏོང་བའི་ཁྲེལ་མེད་པོར་ཆགས་པ་དང་། དེ་དག་རྣམས་ཀྱིས་སྡུག་བསྔལ་གྱི་ཚོར་བ་རྩུབ་མོ་མྱོང་བཞིན་པ་ལ་ཇི་མི་སྙམ་པ་ནི་རིགས་ཤིང་འཐད་པ་མ་ཡིན་པའི་ཕྱིར། དེས་ན་རང་གཞན་ཚང་མ་མགོ་ཞིག་ཐོན། ལམ་ཡག་ཅིག་དགོས་ན། སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་ཐུབ་པ། མགོ་བཏགས་ན་ཁེ་རྒྱལ་ཡོད་པའི་དཔོན་ཞིག་ལ་བཅར་དགོས་པ་ལས། ཁོ་རང་ཉིད་ཅི་འགྱུར་མི་ཤེས་པ་ཞིག་ལ་སྐྱབས་སུ་བྱས་ན་དོན་མེད་རང་སྡུག་གི་རྒྱུ་ཡིན་པས། སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ་བསྟེན་ན་དེས་སྐྱོབ་ཐུབ་པ་རེད་བསམ་དགོས། འོ་ན་དཀོན་མཆོག་གསུམ་དེ་གང་ན་ཡོད་པ་ཡིན། དེ་ཇི་ལྟ་བུ་ཞིག་ཡིན་ཞེས་རྩད་བཅད་ན། སངས་རྒྱས་ཆོས་ཀྱི་སྐུ་ལ་ཐུག་ནས་འགྲོ་བ་དང་། དེ་ལས་ཤར་བའི་ལོངས་སྐུ་དང་སྤྲུལ་བའི་སྐུ་སྟེ་གཟུགས་སྐུ་གཉིས་བཅས་ཡོད་ཀྱང་། ད་ཆོས་སྐུ་མ་དགོས་ལོངས་སྐུ་ཡང་ས་བཅུ་སེམས་དཔའ་ལས་མི་མཇལ་བས་རང་རེ་དང་མཇལ་བའི་སྐལ་བ་མི་འདུག སྤྲུལ་སྐུ་ཤཱཀྱ་ཐུབ་པ་འཇིག་རྟེན་ལ་བྱོན་པ་ཡིན་ཡང་མཇལ་བའི་སྐལ་བ་དང་མ་ལྡན་པར་འདི་ལྟར་ལྷག་ནས་ཡོད་པ་ཡིན། འོ་ན་ད་ཇི་ལྟར་དགོས་པ་ཡིན་ཟེར་ན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིད་བཞིན་གྱི་ནོར་བུ་དེ་ཉིད་འཇིག་རྟེན་གྱི་མི་ཡི་རྣམ་པ་རུ་བྱོན་ནས། ཟ་ཉལ་འགྲོ་འདུག་དང་སྐད་བརྡའི་སྨྲ་རྗོད་ཐམས་ཅད་ཀྱང་འཇིག་རྟེན་དང་མཐུན་པར་འཇུག་ནས། བལྟས་ན་མཇལ་དུ་ཡོད་པ། བཤད་ན་གོ་བརྡ་འཕྲོད་པ། བསྟུན་ན་སེམས་ཁམས་དང་འཕྲོད་པའི་རྣམ་པ་རུ་ལུང་བ་གཅིག་གི་ནང་ན་མཉམ་སྐྱེ་མཉམ་རྒུད་ཀྱི་ཚུལ་དུ་ཕེབས་པ་དེའི་ཞལ་གྱི་གདམས་ངག་དེ་སངས་རྒྱས་མངོན་སུམ་མཇལ་བ་དང་ཁྱད་པར་མེད་པའི་དད་དང་མོས་གུས་ཀྱི་ཐོག་ནས་ལེགས་པར་ཉན་ཏེ། ལག་ལེན་ལ་བཏབ་ན་ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་རང་རྒྱུད་ལ་འཇུག་པ་ཡིན་ཏེ། དེ་ཡང་རྒྱལ་བའི་སྐུ་གཟུགས་ཕྱག་དད་པའི་ཡུལ་དུ་བཞུགས་པ་འདིའི་རྒྱུ་རྩ་ལ་དཔྱད་པ་བཏང་ན། ལྕགས་རག་ཟངས་སོགས་ཀྱིས་བྱས་པ་ཞིག་རེད་མོད། འོན་ཀྱང་རབ་གནས་ཚད་ལྡན་དང་། བྱིན་འབེབས་ཚད་ལྡན་བྱས་པའི་སྐུ་གཟུགས་དེ་ལ་གཏམ་ཕར་བཤད་ཀྱི་ལན་པོ་ཚུར་ལ་རྒྱག་པའི་སྣང་བ་དཀར་དམར་གྱི་རྣམ་རྟོག་ཡོད་པ་མིན་ཡང་། རྒྱལ་བའི་ཐུགས་རྗེའི་ཕྲིན་ལས་ཀྱི་འཇུག་པས་གདུལ་བྱ་དད་པ་ཅན་ལ་བྱིན་རླབས་འཇུག་པའི་རྒྱལ་བའི་ཡེ་ཤེས་ཀྱིས་ཁྱབ་ཡོད་པ་ཡིན། གསུང་རབ་གླེགས་བམ་ལ་མཚོན་ནའང་དཔེ་དེ་བཞིན་དུ། ཤོག་བུའི་ཐོག་ལ་བྲིས་པའི་སྣག་ཚའི་རི་མོ་ལྡན་མིན་འདུ་བྱེད་ཀྱི་ཡི་གེའི་གཟུགས་རིས་ཤིག་ཡིན་ཡང་། དད་པ་ཅན་དང་ཤེས་རབ་ཅན་ལ་བླང་དོར་གྱི་གནས་སྟོན་པའི་གཟུགས་ཀྱི་སྤྲུལ་བའི་སྐུ་གསང་གསུམ་གྱི་ནུས་བྱིན་ཅན་ཞིག་ཡིན་པ་རེད། བླ་མ་ལ་མཚོན་ནའང་དཔེ་དེ་དང་ཉེ་བར་ཆ་མཚུངས་ཏེ། མཚོན་བྱ་དོན་གྱི་བླ་མ་ཐུགས་ཡིད་དབྱེར་མེད་དུ་བསྲེ་ས་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པ་ཡིན་ཡང་། མཚོན་བྱེད་རྟགས་ཀྱི་བླ་མ་གང་ལ་གང་འདུལ་མི་ལ་མིའི་ཚུལ་དང་། དུད་འགྲོ་ལ་དུད་འགྲོའི་ཚུལ་བྱས་ཏེ་མཐུན་པས་མཐུན་པར་འདུལ་ཚེ། བླ་མ་མིའི་རྣམ་པ་རུ་མི་འབྱོན་པའི་ཐབས་མེད་པ་ཡིན། ས་ཆ་ལ་ལས་ངེད་ཀྱི་ས་ཆའི་བླ་མ་དག་ཐ་ཤལ་བ་ཡིན་པ་ལ་ཟེར་ཡང་། བསྟན་བཤིག་བདུད་སྤྲུལ་བླ་མར་བརྫུས་པ་དག་ནི་མ་གཏོགས་ལ། གཞན་དུ་ཁྱེད་ཅག་གི་རིས་ཀྱི་གདུལ་བྱའི་བསོད་ནམས་ཀྱི་བསྐོས་ཐང་གི་རྗེས་སུ་འགྲོ་བའི་བླ་མ་དང་། དེའི་མཛད་པ་ཕྲིན་ལས་རྒྱས་དང་མི་རྒྱས་ལ་སོགས་པ་ཡང་གདུལ་བར་བྱ་བའི་སེམས་ཅན་ལ་རག་ལས་པ་ཡིན། དེས་མ་ཚད་འཇིག་རྟེན་གཏམ་གྱི་ཁ་དཔེ་ལ། ཕ་མ་གཏན་གྲོགས་གནས་མལ་གསུམ། །ཚེ་སྔོན་ཐོད་པས་གར་བསྐོས་ཡིན། །ན་ས་ཤི་ས་དུར་ས་གསུམ། །གཤིན་རྗེའི་ཁྲོམ་ལ་གང་བཏབ་ཡིན། །ཞེས་པ་ལྟར་དུ་ཡུལ་དང་གནས་མལ་སོགས་ཀྱང་དེའི་རང་བཞིན་ཏེ། ལ་ལ་ནི་ས་ཆ་སྐྱིད་ཅིང་ཡིད་དུ་འོང་བ། འབྱོར་བ་རྒྱས་ཤིང་ལོངས་སྤྱོད་ཀྱང་ཕུན་སུམ་ཚོགས་པའི་སར་སྐྱེས་པ་དང་། ལ་ལ་ནི་ས་ཆ་ཡ་ང་ཞིང་མི་སྐྱིད་པ། ལོ་ཉེས་དང་ས་ཚིག་ཆེ་ས། འབྱུང་བཞིའི་གནོད་འཚེ་སྒོས་སུ་མང་ས་ལ་གནས་སུ་འཆའ་དགོས་བྱུང་བ་ཡིན། དེ་ཡང་ལས་ཀྱི་བསྐོས་ཐང་ཡིན་པས་བསྒྱུར་ཏུ་མེད་པ་སྟེ། ཐང་དཀར་རྒོད་ཀྱིས་ཁྱི་རོ་ཟ། །བཙོག་པར་ཤེས་ཀྱང་ལྟོགས་པ་རེད། །སྤྱང་ཐང་སྔོན་མོས་རི་རྩིབས་འགྲིམ། །དཀའ་བ་ཤེས་དེ་བསྐོས་ཐང་རེད། །ཅེས་པ་ལྟར་ཡིན་པའི་ཕྱིར། དེ་རིང་ངས་འདི་ནས་ཁྱིམ་པ་ཕོ་མོ་རྒན་ཞུགས་རྣམས་ལ་འཚམས་པའི་སྐད་ཆ་ཤ་སྟག་སྨྲ་བཞིན་འདུག་ཀྱང་། དགེ་འདུན་པ་རྣམ་པ་ལ་དབྱར་ཟླ་གསུམ་གྱི་རིང་དུ་ཁ་བརྡ་ཞུས་ཟིན་གྱི་དབང་དུ་བྱས་པ་ཡིན། དེས་ན་རང་ཡུལ་གྱི་བླ་མ་དག་བཟང་ངན་གང་ལྟར་སྣང་ཡང་ཐམས་ཅད་སྡེ་ཡུལ་བ་རང་གི་ཁ་རྗེ་བསོད་ནམས་དང་མཐུན་པ་ཞིག་ཡིན་པས་མ་ཚད། བླ་མའི་གདུལ་ཞིང་དག་དང་མ་དག་གི་སྣང་བའང་དཔེ་དེ་དང་མཚུངས་པར་སྔོན་གྱི་ཚོགས་བསགས་སྟོབས་དང་། ཐུགས་བསྐྱེད་སྨོན་ལམ་གྱི་དབང་ལས་བྱུང་བ་ཞིག་ཡིན་པས། རང་ཡུལ་གྱི་བླ་གྲྭ་ལ་དད་པ་དག་སྣང་སྦྱོངས་དང་དད་པའི་སྟོབས་ཀྱིས་བྱིན་རླབས་རང་རྒྱུད་ལ་འདྲེན་པ་ཡིན། ད་ང་ལྟ་བུ་ཞིག་ལ་མཚོན་ན་སོ་སྐྱེ་ཐ་མལ་བ་ལ་དམ་པའི་མཚན་བཏགས་བཞག་པ་ཞིག་རེད་ཀྱང་། ནམ་མཁའི་ཉི་མའི་ཚ་དྲོད་ཀྱིས་ས་ཐོག་གི་རྩྭ་སྐམ་འབར་ཐབས་བྱེད་དགོས་ན། དེའི་བར་དེར་མེ་ཤེལ་ཉི་མའི་རང་འོད་ལེན་པ་ཞིག་ཡོད་དགོས་པ་ལྟར་དུ། དམ་པའི་ཆོས་བཤད་པའི་དཀོན་མཆོག་གི་འཕྲིན་པ་ཞིག་ཏུ་འགྱུར་རུང་བའི་ཚུལ་ནི། ལར་དེ་རིང་ཉི་མ་དྲོ་བ་ཞིག་ཤར་ན་ཡང་དེ་རྒྱལ་བའི་འཕྲིན་ལས་ཡིན་པ་དང་། ཆོས་དུང་དཀར་བོ་ཟེར་བ་དེ་འབུའི་ཀོག་ཅིག་ཡིན་ཡང་། ཆོས་ལ་བསྐུལ་བའི་བརྡ་བྱེད་དུས་སྒྲ་གོ་ཚད་ངན་སོང་ལ་མི་ལྟུང་བར་གསུངས་པ་དེས་འགྲུབ་པ་ཡིན། ད་བཤད་བསམ་རྒྱུའི་ནང་དོན་གྱི་སྙིང་པོ་དངོས་དེ་གང་ཡིན་ཟེར་ན། ད་རེས་ཆོས་ལྡན་གྱི་མི་ལུས་ལན་གཅིག་ཐོབ་པ་འདི་ལ་བརྟེན་ནས། སྐྱེས་ན་སྐྱེས་གོ་ཆོད་པ་དང་། ཆོས་བྱེད་ན་བྱས་གོ་ཆོད་པ་ཞིག་དགོས་པས། མ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྷག་བསམ་ཡོད་པ་ཙམ་གྱི་རྒན་མོ་སེམས་བཟང་གི་བསམ་པས་གོ་ཆེན་པོ་ཞིག་བཅད་པ་དང་དོན་ཆེན་པོ་ཞིག་མི་འགྲུབ་པས། མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་ལྟར་དུ་གཅིག་ངུས་ནས་ལྟ་མི་འདུག་པར། ཕ་དཔའ་བོའི་བུ་དགྲ་ལག་ཏུ་ལུས་པ་བཞིན་དུ་རང་གར་མི་བཞག་པར། ཕ་མ་སེམས་ཅན་ཐམས་ཅད་སྐྱོབ་པའི་ཆེད་དུ་ཉོན་མོངས་པའི་དགྲ་དང་གཡུལ་སྤྲད་དགོས་ན་འདྲ། དབང་དུ་བསྡུ་དགོས་ན་འདྲ། མདོར་ན་ཅི་དགོས་ཀྱང་དེར་འཇུག་ནས་འཐམ་པའི་ཆོད་སེམས་བརྟན་པོ་ཡོད་པའི་སྐྱེ་ཕོ་རབ་ཀྱི་གཏམ་དེ་རྡོ་ཐོག་ལ་རི་མོ་བྲིས་པ་ལྟ་བུ་ཞིག་དགོས་པ་ཡིན། དེ་ཡང་བྱ་བའི་མགོ་ནས་འཇུག་དགོས་པ་ཡིན་པས། འཁོར་བར་ཞེན་ལོག་གི་ངེས་འབྱུང་རྒྱུད་ལ་ཡོད་པའི་ཐོག་ནས། སྐྱབས་ཀྱི་དྭངས་མ་དཀོན་མཆོག་གསུམ་པོ་ལ་བཟུང་སྟེ། དུས་རྒྱུན་དུ་བཤད་འདུག་རྒྱུའི་བསམ་པ་བཟང་པོ་ནས་མགོ་འཛུགས། ཚད་མེད་བཞིས་གཞུང་བསྲངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེད་པར་བྱེད་དགོས། དེ་ཡང་བསྐྱེད་པ་ཙམ་གྱིས་མི་ཆོག་པར་གོང་ནས་གོང་དུ་འཕེལ་ཐབས་ཀྱི་ཐོག་ནས་སྨོན་དང་འཇུག་པའི་བསླབ་བྱ་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་སྲོག་ལྟར་བསྲུངས་ནས། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ལ་སོགས་པའི་ཕར་ཕྱིན་དྲུག་དང་། སྦྱིན་དང་སྙན་སྨྲ་ལ་སོགས་པའི་བསྡུ་བའི་དངོས་པོ་བཞི་ལ་འཇུག་པར་བྱེད་དགོས་པ་ཡིན། དེ་ལྟར་བཤད་དུས་དགེ་བསྙེན་ཕོ་མོ་དག་གིས་གོ་དོན་ཇི་ལྟར་འཛིན་མི་ཤེས་པས། དོན་རེ་རེ་བཞིན་དུ་ཚིག་གི་ནག་འགྲོས་སུ་བཀོད་ན། བླ་མ་དམ་པ་ལ་བསྟེན། དགེ་བའི་གྲོགས་པོ་དང་འགྲོགས། མདོ་རྒྱུད་ཟབ་མོ་ལ་བལྟ། འཆི་བ་ཡེངས་མེད་ཀྱིས་བསམ། ལས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་བྱེད་པ་དེ་དག་གི་ཐོག་ནས། གཙོ་ཆེ་བ་དད་པ་མོས་གུས་གོང་དུ་ཡར་འཕེལ་དུ་འཇུག་དགོས་པ་ཡིན། དད་པ་མར་འགྲིབ་བྱེད་ཀྱི་རྐྱེན་དེ་གང་ཡིན་ན། བླ་མ་དང་མཆེད་གྲོགས་ཀྱི་སྐྱོན་ལ་རྟོག་པ་དང་། ཐ་མལ་སྡིག་པའི་གྲོགས་པོ་དང་འགྲོགས་པ་དང་། ལེ་ལོ་རྣམ་གཡེང་ཆེ་བ་དང་། ཆོག་ཤེས་མེད་པར་འདོད་ཡོན་ལ་བག་མེད་ཀྱིས་སྤྱོད་པ་སྟེ་དེ་དག་གི་ཁོངས་ནས་འབྱུང་བ་ཡིན་པས། དེ་དག་ཐམས་ཅད་སྤངས་བར་བྱས་པས་མ་ཚད། སྐྱུགས་ནད་ཅན་གྱིས་སྣུམ་ཟན་མཐོང་བ་ལྟ་བུའི་འཁོར་བའི་འཁྲུལ་སྣང་གིས་ཡིད་སུན་ནས་དེར་འཇུག་པ་ལྷོད་པ་དང་། བུ་ཆུང་མ་ལ་གདུང་བ་ལྟ་བུའི་བླ་མ་དཀོན་མཆོག་ལ་དད་པ་དང་། སྐོམ་པས་ཆུ་འཐུང་བ་ལྟ་བུའི་ཐོས་བསམ་སྒོམ་པ་ལ་ནན་ཏན་བྱེད་པ་དང་། དབུལ་པོས་གསེར་རྙེད་པ་ལྟ་བུའི་བསླབ་སྡོམ་ལ་གཅེས་སྤྲས་བྱེད་པ་དང་། ཚོང་པ་གསེར་གླིང་ལ་ཐོན་པ་ལྟ་བུའི་དགེ་སྦྱོར་ཉམས་སུ་ལེན་པར་བརྩོན་འགྲུས་བྱེད་པ་དང་། མི་འདོད་ཆེན་ཚོང་འདུས་ཀྱི་ཁྲོམ་ལ་ཐོན་པ་ལྟ་བུའི་ཐེག་པ་ཐམས་ཅད་འགལ་མེད་དང་གཞུང་ལུགས་ཐམས་ཅད་གདམས་པ་ཡིན་པར་ཤེས་པ་སྟེ། དེ་དག་རྟེན་མི་ལུས་རིན་ཆེན་རྙེད་པ་འདིའི་ཐོག་ནས་འགྲུབ་དགོས་པ་ཡིན་པས། མདོར་ཚིག་གཅིག་ལ་དྲིལ་ནས་བཤད་ན་རང་རྒྱུད་ཆོས་ཀྱིས་ཐུལ་ནས་ཆོས་དང་གང་ཟག་མ་འཛོལ་བར་བྱེད་པ་གལ་ཆེའོ། །བླ་མ་གྲྭ་པ་སེར་མོ་བ་ཞིག་གམ་ཁྱད་པར་དུ་མི་ཚེའི་ལྷག་མ་སྒྲུབ་པ་ཉམས་ལེན་ལ་བརྩོན་འདོད་པ་ཞིག་ལ་ཆ་མཚོན་ན། ཆོས་སྒྲུབ་པའི་འགལ་རྐྱེན་ཆེ་ཤོས་སྦྱིན་བདག་གི་ངོ་འཛིན་བྱེད་པ་དང་། གཞན་ཡང་རང་མཐོང་དང་ང་རྒྱལ་སོགས་ཀྱང་སྤང་བ་ལ་བརྩོན་དགོས་པ་ནི་ལྟ་ཅི་སྨོས་ལ། དབེན་པའི་རི་ཁྲོད་ཅིག་ལ་གནས་སུ་བཅས་ནས་སྡོད་ཚེ་རང་གིས་རང་ལ་འདེང་ཞིག་བརྒྱབ་ནས། ག་རེ་འཆི་བ་ད་ལྟ་ཐོག་ལ་བབས་ན་ང་ལ་མི་འཇིགས་པའི་གདེང་ཅི་ཞིག་ཡོད་འདུག ཞེ་འགྱོད་དང་འཚེར་སྣང་འདུག་གམ། བར་དོར་བཙན་ས་ཟིན་པའི་ཐབས་ཡོད་དམ་ཞེས་ཁ་ནང་དུ་བསྐོར་ནས་བསམ་བློ་བཏང་ཚེ། སེམས་ཉིད་རང་ངོ་ཤེས་པའི་གོ་བ་སྐམ་པོ་གནད་དུ་ཁེལ་ལ་མ་ཁེལ་བ་ཞིག་གིས་ཆོག་པ་མིན་པས། དུས་རྒྱུན་ནམ་ཡིན་ཡིན་ལ་རང་ངོ་སྐྱོང་དགོས་པ་སྟེ། འཁོར་བ་ཐོག་མེད་ནས་འཁྲུལ་བའི་བག་ཆགས་དང་། ད་ལྟའི་སྐབས་ཀྱི་སེམས་ལ་རང་བཞིན་མེད་པར་གོ་བའི་ཉམས་ཤིག་ཤར་བ་དེ་གཉིས་ཀ་ཤེད་ཆེ་ཆུང་ཞིག་བསྡུར་ན་ཤེད་ཡ་འདང་དཀའ་བ་ཡིན། དེ་མ་འདང་བའི་རྐྱེན་གྱིས་ད་དྲན་པས་ཟིན་ཀྱང་ད་འཁྲུལ་འགྲོ་བའི་ནད་རོ་འདི་བྱུང་བ་ཡིན། དེ་ཡང་འཁྲུལ་ཚད་དེ་འཁོར་བ་དང་། དྲན་ཚད་དེ་ལམ། རྟོགས་ཚད་དེ་མྱང་འདས་ཡིན་པས། ལས་དང་པོ་བ་ཞིག་ཡིན་ན་ད་ལྟའི་སྐབས་སུ་དྲན་པ་ལམ་གྱི་རྩ་བར་འཛིན་དགོས་པ་ཡིན། དྲན་པ་ཡང་མེད་ལ་འཁྲུལ་བ་ཡང་མེད་པའི་ཚད་ལ་ཐོན་དུས་མྱང་འདས་ཀྱི་དགོངས་པ་རྟོགས་པ་ཡིན། ད་རུང་དེ་ཙམ་གྱིས་མི་ཆོག་ཅིང་། སྒོམ་པ་པོ་ཞིག་ལ་ཆ་མཚོན་ན་གཟུགས་མེད་བཞི། བསམ་གཏན་བཞི། འགོག་པ་གཅིག་སྟེ་སྙོམས་འཇུག་དགུའི་སེམས་དང་འཛོལ་ས་ཆེན་པོ་ཡོད་པ་ཡིན། ཡང་སྒོས་སུ་ཐོས་བསམ་གྱི་མཛད་པ་ཆེན་པོ་བྱེད་མ་མྱོང་བའི་ཀུ་སཱ་ལུ་པ་ཞིག་ཡིན་ན། སེམས་ཅན་ལ་སྙིང་རྗེ་བསྒོམས་ནས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། བླ་མ་ལ་མོས་གུས་བསྐྱེད་ནས་ཐུགས་ཡིད་གཅིག་འདྲེས་ཀྱི་ངང་ལ་མཉམ་པར་བཞག་སྟེ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སྒོ་ནས། དོན་དམ་པའི་བདེན་པ་མ་འཁྲུལ་བའི་རང་བྱུང་གི་ཡེ་ཤེས་འཆར་ཐབས་བྱེད་དགོས་པས། ཚོགས་གཉིས་རྫོགས་པའི་ཐབས་དམ་པ་དང་འབྲལ་དུ་མི་རུང་སྟེ། ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། གཞན་ཡང་མོས་གུས་དང་དེའི་གྲོགས་བརྩོན་འགྲུས་ཡོད་པའི་གང་ཟག་ལ་བླ་མའི་གདམས་ངག་དྲན་པ་ཞེས་པ་དེ་ཡོད་པ་ཡིན་ལ། དེ་ཡོད་པས་དང་པོར་དང་བའི་དད་པས་བྱིན་རླབས་འཇུག་པ་དང་། དེ་ནས་སྒྲིབ་པ་དག་བྱེད་ཀྱི་རྒྱུ་བྱེད་པ་ཡིན། རྐྱེན་ངན་ཐོག་ལ་ནམ་བབས་ན་བླ་མ་དྲན་པ་འབྱུང་ཞིང་། དེས་ཉམས་རྟོགས་འཕེལ་བའི་གསོས་བྱེད་པས་མ་ཚད། དེའི་སྐབས་སུ་སེམས་ཅན་གཞན་གནས་ལུགས་མ་རྟོགས་པ་དང་། སྐྱེས་བུ་དམ་པ་ལ་བསྟེན་མི་ཤེས་ཤིང་སྡུག་བསྔལ་རྒྱུ་འབྲས་ལས་ལྡོག་མི་ཤེས་པ་རྣམས་ལ་སྙིང་རྗེ་དབང་མེད་དུ་སྐྱེ་བ་ཡིན། དེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་འཕྲལ་དང་འཕྲལ་དུ་རྫོགས་པ་དང་། དེའི་དུས་སུ་འབྲས་བུའི་བདག་ཉིད་བློ་འདས་ཀྱི་དྲན་པ་ཡེངས་མི་ཤེས་པ་ཞིག་ནང་ནས་ཚུར་ཤར་བས་ཡེ་ཤེས་ཀྱི་ཚོགས་ཀྱང་མཉམ་དུ་རྫོགས་པ་དང་། སྐབས་དེར་དེའི་ངང་ལ་བཞག་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཐ་སྙད་ཙམ་དུ་སོང་ནས་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས་དང་རྟོགས་པ་སློབ་མ་ལ་འཕོས་ནས། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་རྟོགས་པ་གཤིས་ཐོག་ཏུ་ཕེབས་པའི་ཐུགས་ཡིད་འདྲེས་པ་ཞེས་པ་དེར་སླེབས་པ་ཡིན་ནོ། །དེ་ལྟ་བུའི་ཉམས་ལེན་གྱི་གནད་ཕྲན་བུ་ཞོར་དུ་ཞུས་པ་དང་ཆབས་ཅིག་ཏུ་སྐབས་སུ་བབས་པ་གང་ཞིག་གསན་པར་བྱ་བའི་དམ་ཆོས་མན་ངག་རིན་པོ་ཆེའི་མཛོད་ཅེས་བྱ་བ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་ཆོས་ཚུལ་རྒྱ་མཚོ་ཇི་སྙེད་ཅིག་གསུང་གི་འཕྲིན་ལས་ཀྱིས་སྣང་བར་མཛད་པའི་དོན་ཟབ་སྙིང་པོར་དྲིལ་བ། ཚིག་ཉུང་། དོན་འདུས། གོ་སླ། ཁྱེར་བདེ་བའི་མན་ངག་དྲུག་ཚན་དུ་དྲིལ་བའི་རྒྱལ་བ་ཀློང་ཆེན་པས་ཕྱི་རབས་བསྟན་པའི་བཙས་སུ་བཀའ་གཙིགས་བཀའ་ཆེམས་ཀྱི་ཚུལ་དུ་བཞག་པའི་ཟབ་ཆོས་འདི་ཉིད་འཆད་པའི་སྐལ་བཟང་ཐོབ་པའི་སྐབས་ལས། ཁ་རྩང་ཡན་ཆད་མང་དག་ཅིག་སོང་ནས་དེ་རིང་གི་ཐོག་མར།

༣༤༨ ཡིད་གནས་དགོས་པའི་རྣམ་གྲངས་རྣམ་དྲུག་བསྟན་པ།

ཡིད་གནས་དགོས་པའི་རྣམ་གྲངས་རྣམ་དྲུག་ནི།།

དགེ་བའི་རྩ་བ་རྩོམ་ལ་ཡིད་གནས་དགོས།།

ཆོས་ལ་ནན་ཏན་ལྷུར་བླང་ཡིད་གནས་དགོས།།

བླ་མེད་བྱང་ཆུབ་ཡིད་ཞུགས་ཡིད་གནས་དགོས།།

གཞན་དོན་བྱང་ཆུབ་སེམས་ལ་ཡིད་གནས་དགོས།།

ཉིན་མཚན་ཆོས་ཉིད་དོན་ལ་ཡིད་གནས་དགོས།།

ངེས་འབྱུང་སྐྱོ་ཤས་བསྐྱེད་ལ་ཡིད་གནས་དགོས།།

དེ་ལྟར་གང་བྱེད་རྒྱལ་སྲས་ལམ་བཟང་ཞུགས།།

ཞེས་གསུངས་པ་སྟེ། ཡིད་གནས་པའམ་བརྟན་པར་བྱ་དགོས་པའི་རྣམ་གྲངས་རྣམ་པ་དྲུག་གང་ཡིན་ན། དམ་པའི་ཆོས་སྒྲུབ་པའི་ཆོས་པ་ཞིག་ཡིན་ན་དགེ་བའི་རྩ་བ་རྩོམ་ཞིང་སྤེལ་བ་ལ་ཡིད་གནས་པར་བྱ་བ་སྟེ་དགེ་བ་རྩོམ་པ་དེའི་སྟེང་དུ་སེམས་གནས་དགོས་པ་དང་། དམ་པའི་ཆོས་སྒྲུབ་པ་ལ་ཡ་ལེ་ཡོ་ལེའི་དབང་དུ་མ་སོང་བར་ནན་ཏན་ལྷུར་བླང་བ་ལ་ཡིད་གནས་པར་བྱ་དགོས་པ་དང་། དམན་ལམ་དུ་མི་བསྙེག་པར་བླ་མེད་རྫོགས་པའི་བྱང་ཆུབ་ལ་ཡིད་ཞུགས་ཤིང་གནས་པར་བྱ་དགོས་པ་དང་། དེ་བྱེད་པ་ལ་སྙིང་རྗེའི་རྩ་བ་ཅན་གྱི་གཞན་དོན་བྱང་ཆུབ་ཀྱི་སེམས་ལ་དུས་རྟག་ཏུ་ཡིད་གནས་དགོས་པ་དང་། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཞིག་ལ་མཚོན་ན་ཉིན་དང་མཚན་མོའི་དུས་དྲུག་ཏུ་ཆོས་ཉིད་མི་གཡོ་བའི་དོན་ལ་མཉམ་རྗེས་ཐ་མི་དད་པར་ཡིད་གནས་པར་བྱ་དགོས་པ་དང་། བློ་ལྡོག་རྣམ་པ་བཞིས་བློ་སྦྱངས་ན་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བ་ཡིན་པས། དལ་འབྱོར་རྙེད་དཀའ་དང་། ཚེ་མི་རྟག་པ་གཉིས་ཀྱིས་ཚེ་འདི་སྒྲུབ་པའི་བསམ་པ་ལས་བློ་ལྡོག་པ་དང་། འཁོར་བའི་ཉེས་དམིགས་དང་། ལས་རྒྱུ་འབྲས་གཉིས་ཀྱིས་ཚེ་ཕྱི་མའི་འཁོར་བ་སྒྲུབ་བསམ་པ་ལས་བློ་ལྡོག་པ་དང་། དེའི་ཐོག་ཏུ་ཀུན་མཁྱེན་ཡབ་སྲས་ཀྱི་ཆོས་བརྒྱུད་འདིའི་ཁྱད་ཆོས་རང་འདོད་སྒྲུབ་པའི་བསམ་པ་ལས་བློ་ལྡོག་པ་སྟེ། མདོར་ན་ཚེ་འདི་དང་ཕྱི་མ་བདག་བདེ་གསུམ་སྒྲུབ་པའི་བསམ་སྦྱོར་གསུམ་ལས་བློ་ལྡོག་ནས་ཐར་བའི་ལམ་ལ་སློབ་པར་བྱེད་པའི་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་ལ་ཡིད་གནས་དགོས་པ་དང་། བློ་ལྡོག་གི་སྐོར་འདི་གོ་མ་མྱོང་བ་དང་། བཤད་མི་ཤེས་པ་མེད་ཀྱང་དེ་ལྟར་མི་འགྲུབ་པ་ནི་ལག་ཏུ་མ་བླངས་པས་དང་། དེ་ནི་དད་དང་སྐྱོ་ཤས་ཁ་ཡིས་བཤད་པ་ཙམ་ལས་དོན་ལ་མེད་པས། དམ་ཆོས་སྒྲུབ་ལུགས་ཤེས་ཀྱང་སྒྲུབ་སྟངས་མ་རེད་པའི་དབང་གིས། བློ་སྦྱོང་གི་རྨང་ལེགས་པོར་མ་ཞོག་པས་གང་བྱེད་རྒྱལ་སྲས་ཀྱི་ལམ་བཟང་ལ་འཇུག་མ་ནུས་པ་ཡིན་པས། དེ་ལས་ལྡོག་པ་རྣམས་ནི་རྒྱལ་སྲས་ཀྱི་ལམ་བཟང་ལ་ཞུགས་པའོ།།

༣༤༩ ངག་དྲུག་གི་རྣམ་གྲངས་རབ་ཏུ་བསྟན་པ།

ངག་དྲུག་རྣམ་གྲངས་རབ་ཏུ་བསྟན་པ་ནི།།

སེམས་ཅན་སྤྱོད་པ་མི་ཟད་སྟོན་པའི་ངག།

ཆོས་ཚུལ་རྒྱ་མཚོ་རབ་ཏུ་སྟོན་པའི་ངག།

སངས་རྒྱས་ཡོན་ཏན་བསྔགས་པ་བརྗོད་པའི་ངག།

ཐེག་ཆེན་མི་ཟད་རབ་ཏུ་སྟོན་པའི་ངག།

ཕྱོགས་བཅུའི་ནམ་མཁའ་ཆོས་སྒྲས་འགེངས་པའི་ངག།

འཁོར་བ་འཇིག་ཅིང་མྱ་ངན་འདའ་སྟོན་ངག།

དེ་དག་སུ་ལྡན་རྒྱལ་བའི་སྲས་པོ་ཆེ།།

ཞེས་གསུངས་པ་སྟེ། ངག་དྲུག་གིས་གཏམ་བཤད་ལུགས་ཀྱི་རྣམ་གྲངས་རབ་ཏུ་བསྟན་པ་ནི། སྐྱེས་བུ་མཆོག་གི་གསུང་སེམས་ཅན་གྱི་སྤྱོད་པ་མི་ཟད་པ་མཐའ་ཡས་པ་དེ་དང་དེ་ལ་བསྟུན་ནས་འདུལ་ཐབས་བསྟན་པའི་ངག་དང་། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །ཞེས་པ་ལྟར་དུ་རྒྱལ་བའི་ཆོས་ཚུལ་རྒྱ་མཚོ། བློ་དང་དབང་པོའི་སྤྱོད་ཡུལ་དུ་གྱུར་བ་དེ་བཞིན་དུ་རབ་ཏུ་སྟོན་པའི་ངག་དང་། སངས་རྒྱས་ཀྱི་ཡོན་ཏན་བརྗོད་དགོས་ན་སོ་སོ་སྐྱེ་བོའི་ངག་གིས་ཇི་བཞིན་དུ་རྗོད་མི་ནུས་ཀྱང་རང་སྐལ་དང་མཚུངས་པའི་བསྔགས་པ་བརྗོད་པའི་ངག་དང་། དེ་བཞིན་དུ་ཐེག་ཆེན་གྱི་ཆོས་མི་ཟད་པ་རབ་ཏུ་སྟོན་པའི་ངག་དང་། འགྲོ་བ་ཀུན་གྱི་བསམ་པ་དང་མཐུན་པར་ཕྱོགས་བཅུའི་ནམ་མཁའ་མི་ཟད་པ་དེ་སྙེད་ལ་ཆོས་སྒྲས་འགེངས་པར་བྱེད་པའི་ངག་དང་། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་གནས་འཇིག་ཅིང་ཐར་བ་དམ་པ་མྱ་ངན་ལས་འདའ་བ་སྟོན་པར་བྱེད་པའི་ངག་སྟེ། དེ་ལྟ་བུའིི་ངག་དེ་དག་དང་སུ་ལྡན་ན་དེ་ནི་རྒྱལ་བའི་སྲས་པོ་བདག་ཉིད་ཆེན་པོའོ། །ད་ལྟ་ལམ་ལ་སློབ་པའི་གང་ཟག་དག་གིས་ཀྱང་གང་ལ་གང་འཚམས་བསླབ་དགོས་སོ།།

༣༥༠ ལུས་དྲུག་རྣམ་འཕྲུལ་རབ་ཏུ་བསྟན་པ།

ལུས་དྲུག་རྣམ་འཕྲུལ་རབ་ཏུ་བསྟན་པ་ནི།།

མི་རྣམས་སྨིན་ཕྱིར་མི་ཡི་ལུས་དང་ནི།།

ངན་སོང་གདུལ་ཕྱིར་མི་མ་ཡིན་པའི་ལུས།།

ལྷ་དང་ལྷ་མིན་སྨིན་མཛད་ལུས་དང་ནི།།

ཆུང་ངུ་འདུལ་ཕྱིར་ཉན་ཐོས་རང་རྒྱལ་ལུས།།

ཐེག་ཆེན་འགོད་ཕྱིར་སེམས་དཔའི་ལུས་དང་ནི།།

དབང་རྫོགས་བྱ་ཕྱིར་ལོངས་སྤྱོད་རྫོགས་པའི་ལུས།།

མངའ་དབང་འབྱོར་བ་རྣམས་ལ་ལྷུན་གྱིས་གྲུབ།།

ཅེས་གསུངས་པ་སྟེ ལུས་དྲུག་གི་རྣམ་པར་འཕྲུལ་བ་རབ་ཏུ་བསྟན་པ་ནི། མི་རྣམས་སྨིན་པའི་ཕྱིར་དུ་མི་ཡི་ལུས་སུ་བསྟན་པ་རྒྱལ་བ་ཤཱཀྱ་སེངྒེ་ལྟ་བུ་དང་ནི། ངན་སོང་གི་སེམས་ཅན་གདུལ་བའི་ཕྱིར་དུ་མི་མ་ཡིན་པའི་ལུས་སུ་བསྟན་པ་དཔེར་ན་ཟངས་མདོག་དཔལ་གྱི་རི་བོ་རུ་སློབ་དཔོན་ཆེན་པོ་སྲིན་རྒྱལ་རཀྵ་ཐོད་ཕྲེང་གི་སྐུར་བཞེངས་པ་ལྟ་བུ་དང་། ལྷ་དང་ལྷ་མིན་སྨིན་པར་མཛད་པའི་ལུས་ལྷའི་བུ་དམ་པ་ཏོག་དཀར་པོ་ལྟ་བུ་དང་། ཆུང་ངུ་འདུལ་ཕྱིར་ཉན་ཐོས་རང་རྒྱལ་གྱི་ལུས་སུ་བསྟན་པ་སྤྲུལ་བའི་ཉན་ཐོས་མཆོག་ཟུང་ལྟ་བུ་དང་། ཐེག་ཆེན་ལ་འགོད་པའི་ཕྱིར་དུ་བསྟན་པའི་ལུས་འཕགས་པ་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལྟ་བུ་དང་། ལས་དག་པའི་བྱང་ཆུབ་སེམས་དཔའ་ལ་གསང་བ་སྔགས་ཀྱི་དབང་གི་ཆུ་བོ་རྫོགས་པར་བྱ་བའི་ཕྱིར་དུ་སྣང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ལོངས་སྤྱོད་རྫོགས་པའི་ལུས་ཏེ། འབྲས་བུ་ལ་མངའ་དབང་འབྱོར་བའི་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱིར་གསལ་མཚན་དཔེའི་བཀོད་པ་དེ་ལྟར་ལྷུན་གྱིས་གྲུབ་པ་ཡིན་ནོ།།

༣༥༡ རྒྱལ་སྲས་རྣམས་ཀྱི་མགོ་དྲུག་བསྟན་པ།

རྒྱལ་སྲས་རྣམས་ཀྱི་མགོ་དྲུག་བསྟན་པ་ནི།།

ལྷ་དང་བཅས་པའི་འཇིག་རྟེན་འདུ་བའི་ཕྱིར།།

ཡོན་ཏན་མཆོག་ལྡན་བླ་མ་འདུད་པའི་མགོ།

དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་བཅད་ཕྱིར།།

བདེ་གཤེགས་རྣམས་ཀྱི་ཚུལ་བླངས་བསྡུས་པའི་མགོ།

སྟོང་གསུམ་ཀུན་གྱི་བདག་པོར་འགྱུར་བྱའི་ཕྱིར།།

རྣམ་དག་ཟབ་མོ་མོས་པ་བླངས་པའི་མགོ།

འགྲོ་ཀུན་བྱང་ཆུབ་ལམ་ལ་དགོད་བྱའི་ཕྱིར།།

སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་བྱེད་མགོ།

གོང་ན་མེད་པའི་ཆོས་རབ་འགྲུབ་བྱའི་ཕྱིར།།

ཤེས་རབ་ཕ་རོལ་ཕྱིན་ལ་གནས་པའི་མགོ།

ཁམས་གསུམ་ཀུན་གྱིས་མཆོད་པར་བྱ་བའི་ཕྱིར།།

དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་མགོ།

དེ་ལྟར་ལྡན་རྣམས་ས་མཆོག་དཀྱིལ་འཁོར་འགྲུབ།།

ཅེས་གསུངས་པ་སྟེ། རྒྱལ་སྲས་རྣམས་ཀྱི་ཡན་ལག་གི་དྭངས་མ་མཆོག་ཏུ་གྱུར་བའི་མགོ་དྲུག་བསྟན་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་འདུ་ཞིང་ཕྱག་བྱ་བའི་གནས་ཐོབ་པར་བྱ་བའི་ཕྱིར་དུ། ཡོན་ཏན་མཆོག་དང་ལྡན་པའི་བླ་མ་དམ་པ་ལ་འདུད་པའི་མགོ་དང་ལྡན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་གདུང་རྒྱུད་མི་བཅད་པར་འཛིན་པའི་ཕྱིར་དུ། བདེ་བར་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བླངས་ནས་བསྡུས་པའི་མགོ་དང་ལྡན་པ་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་ནས་བསོད་ནམས་ཀྱི་སྟོབས་ཀྱིས་སྟོང་གསུམ་ཀུན་གྱི་བདག་པོར་འགྱུར་བར་བྱ་བའི་ཕྱིར་དུ། རྣམ་དག་ཟབ་མོའི་ཆོས་ལ་མོས་པ་ཕུན་སུམ་ཚོགས་པ་བླངས་པའི་མགོ་དང་ལྡན་པ་དང་། འགྲོ་བ་སེམས་ཅན་ཀུན་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་དགོད་པར་བྱ་བའི་ཕྱིར་དུ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱེད་པའི་མགོ་དང་ལྡན་པ་དང་། དེའི་ཡན་དང་གོང་ན་མེད་པའི་ཆོས་རབ་ཏུ་ཟབ་མོ་འགྲུབ་པར་བྱ་བའི་ཕྱིར་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའི་དོན་ལ་རྟག་ཏུ་གནས་པའི་མགོ་དང་ལྡན་པ་དང་། ཁམས་གསུམ་ཀུན་གྱིས་མཆོད་པ་དང་། བཀུར་སྟི་དང་། ཕུ་དུད་བྱར་འོས་པའི་གནས་འཐོབ་པར་བྱ་བའི་ཕྱིར་དུ། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་ཐོབ་པའི་དགེ་རྩ་རུ་ཡོངས་སུ་བསྔོ་བའི་མགོ་དང་ལྡན་པ་སྟེ། དེ་ལྟར་ཡན་ལག་གི་དྭངས་མ་མགོ་དེ་ཉིད་ཡན་ལག་ཀུན་ལས་གནད་ཆེ་བ་ལྟར་དུ་དམ་ཆོས་སྒྲུབ་པ་ལ་གནད་ཆེ་བའི་མགོ་དྲུག་པོ་དེ་དག་དང་ལྡན་པ་རྣམས་ཀྱིས་དག་པའི་ས་མཆོག་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལྷུན་གྱིས་འགྲུབ་པ་ཡིན་ནོ།།

༣༥༢ རྒྱལ་སྲས་རྣམས་ཀྱི་རྣ་བ་དྲུག་ལྡན་བསྟན་པ།

རྒྱལ་སྲས་རྣམས་ཀྱི་རྣ་བ་དྲུག་ལྡན་ནི།།

སྙན་མིན་སྙན་ཐོས་དགག་སྒྲུབ་མེད་པ་དང༌།།

ཉན་ནས་གཏམ་ཐོས་མི་འདོད་སྨོད་མི་བྱེད།།

སེམས་དཔའ་འབྱུང་བའི་གཏམ་ཐོས་སྤྲོ་བ་སྐྱེད།།

མི་ཁོམ་སྐྱེས་ཐོས་སྙིང་རྗེའི་གོ་ཆ་གྱོན།།

སངས་རྒྱས་བསྔགས་ཐོས་འདོད་ཕྱིར་བརྩོན་འགྲུས་རྩོམ།།

ཕྱོགས་བཅུའི་འཇིག་རྟེན་སྒྲ་ཀུན་བྲག་ཅར་ཤེས།།

དེ་ལྟར་ཉན་པའི་རྣ་བ་དྲུག་ལྡན་བྱ།།

ཞེས་གསུངས་པ་སྟེ། རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣ་བ་དྲུག་དེ་གང་ཡིན་ན། སྙན་པ་མ་ཡིན་པ་སྨད་པའི་ཚིག་ལྟ་བུ་དང་། སྙན་པའི་གཏམ་བསྟོད་བསྔགས་ལ་སོགས་པ་གང་ཐོས་ཀྱང་དེར་དགག་སྒྲུབ་མེད་པའི་རྣ་བ་དང༌། རྒྱ་བོད་ཤར་ནུབ་ལྷོ་བྱང་གི་སྐད་ཆ་སོགས་ཉན་ནས་ཐོས་པར་མི་འདོད་ཅིང་གལ་ཏེ་ཐོས་ན་ཡང་དེར་སྨོད་པར་མི་བྱེད་པའི་རྣ་བ་དང་། བྱང་ཆུབ་སེམས་དཔའ་དག་གིས་སྔོན་དཀའ་བ་སྤྱད་པའི་སྐབས་ཀྱི་སེམས་ཅན་གྱི་དོན་མཛད་ཚུལ་སོགས་ཇི་ལྟར་འབྱུང་བའི་སྐྱེས་རབས་དང་རྣམ་ཐར་ལོ་རྒྱུས་སོགས་ཀྱི་གཏམ་ཐོས་པས་སྤྲོ་བ་སྐྱེད་པའི་རྣ་བ་དང་། སེམས་ཅན་ལས་མ་དག་པ་མི་ཁོམ་པའི་གནས་ལ་སྐྱེས་པ་དེ་དག་གི་གནས་ཚུལ་ཐོས་པས་དེ་ལ་མི་བཟོད་པའི་སྙིང་རྗེ་སྐྱེས་ནས་གོ་ཆ་གྱོན་པའི་རྣ་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ལ་བསྔགས་པར་བརྗོད་པ་ཐོས་ནས་དེ་ཐོབ་པར་འདོད་པའི་ཕྱིར་དུ་བརྩོན་འགྲུས་རྩོམ་པའི་རྣ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཐམས་ཅད་བྲག་ཅར་ཤེས་པའི་རྣ་བ་སྟེ། དེ་ལྟར་ཉན་པའི་རྣ་བ་དྲུག་དང་ལྡན་པར་བྱ་དགོས་སོ།།

༣༥༣ རྒྱལ་སྲས་རྣམས་ཀྱི་ལྟ་བའི་མིག་དྲུག་བསྟན་པ།

རྒྱལ་སྲས་རྣམས་ཀྱི་ལྟ་བའི་མིག་དྲུག་ནི།།

འཇིག་རྟེན་གཟུགས་རྣམས་བལྟ་ཕྱིར་ཤ་ཡི་མིག།

སེམས་ཅན་རིགས་རྣམས་བལྟ་ཕྱིར་ལྷ་ཡི་མིག།

སེམས་ཅན་དབང་པོ་བལྟ་ཕྱིར་ཤེས་རབ་མིག།

ཆོས་རྣམས་ཇི་བཞིན་བལྟ་ཕྱིར་ཆོས་ཀྱི་མིག།

སྒྲིབ་པ་མེད་པར་བྱ་ཕྱིར་ཆགས་མེད་མིག།

ཆོས་དབྱིངས་བལྟ་ཕྱིར་ཐམས་ཅད་མཁྱེན་པའི་མིག།

དེ་དང་ལྡན་པས་སེམས་ཅན་དོན་ཡོངས་འགྲུབ།།

ཅེས་གསུངས་པ་སྟེ། རྒྱལ་སྲས་རྣམས་ཀྱི་ལྟ་བར་བྱེད་པའི་མིག་དྲུག་ནི། འཇིག་རྟེན་ཁམས་ཀྱི་ཕྲ་རགས་ཀྱི་གཟུགས་རྣམས་བལྟ་བར་བྱ་བའི་ཕྱིར་དུ་ཤ་ཡི་མིག་དང་། དེ་བཞིན་དུ་སེམས་ཅན་གྱི་རིགས་རྣམས་མཐོང་ཞིང་བལྟ་བར་བྱ་བའི་ཕྱིར་དུ་ལྷ་ཡི་མིག་ཐོབ་པ་དང་། སེམས་ཅན་རྣམས་ཀྱིི་ཁམས་དང་དབང་པོ་བལྟ་བར་བྱ་བའི་ཕྱིར་དུ་དབང་པོ་དང་བསམ་པ་ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་མིག་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཇི་བཞིན་པར་བལྟ་བར་བྱ་བའི་ཕྱིར་དུ་ཆོས་ཀྱི་མིག་དང་། སྒྲིབ་པ་མེད་པར་བྱ་བའི་ཕྱིར་དུ་དམིགས་པ་མེད་པའི་ཆོས་ཀྱི་དབྔྱིངས་ཟག་མེད་ཀྱི་དོན་ལ་བལྟ་བའི་ཆགས་པ་མེད་པའི་མིག་དང་། ཆོས་ཀྱི་དབྱིངས་ཡེ་ཇི་བཞིན་པར་བལྟ་བར་བྱ་བའི་ཕྱིར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མིག་སྟེ། དེ་ལྟ་བུའི་མིག་དེ་དག་དང་ལྡན་པས་སེམས་ཅན་གྱི་དོན་ཡོངས་སུ་འགྲུབ་པ་ཡིན་ནོ།།

༣༥༤ རྒྱལ་སྲས་རྣམས་ཀྱི་ལག་པ་རྣམ་དྲུག་བསྟན་པ།

རྒྱལ་སྲས་རྣམས་ཀྱི་ལག་པ་རྣམ་དྲུག་ནི།།

རྒྱལ་མོས་ཡིད་ཆེས་བྱ་ཕྱིར་དད་པའི་ལག།

སློང་བ་ཡིད་བཞིན་ཚིམ་བྱེད་གཏོང་བའི་ལག།

ཐེ་ཚོམ་བཅད་ཕྱིར་ཐོས་པ་དམ་པའི་ལག།

སེམས་ཅན་འདོན་ཕྱིར་བདེ་བར་འཇོག་པའི་ལག།

འགྲོ་ལ་ཆོས་སྟོན་སེར་སྣ་མེད་པའི་ལག།

ཚོགས་སྡུད་རྒྱལ་མཆོད་རིམ་གྲོ་བྱེད་པའི་ལག།

དེ་དང་ལྡན་པས་ཆོས་ཀྱི་སྣང་བ་སྟོན།།

ཞེས་གསུངས་པ་སྟེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་ལག་པ་རྣམ་དྲུག་ནི། རྒྱལ་བ་རྣམས་ལ་མོས་པ་དང་ཡིད་ཆེས་ཐོབ་པར་བྱ་བའི་ཕྱིར་དུ་དད་པའི་ལག་པ་དང་ནི། སློང་བ་རྣམས་ལ་སྐྱོབ་འདོད་ཀྱིས་ཡིད་བཞིན་དུ་ཚིམ་པར་བྱེད་པའི་གཏོང་བའི་ལག་པ་དང་། འདི་དག་གི་ལྡོག་ཕྱོགས་ནི་བསྡམས་ནས་ཡོད་པའི་ལག་པ་སེར་སྣ་ཅན་དང་། རྐུ་བའི་ལག་པ་མི་གཙང་བ་དང་། འཕྲོག་པའི་ལག་པ་གདུག་རྩུབ་ཅན་ལ་སོགས་པ་ལ་གོ་ཆོག་པ་ཡིན། ཐེ་ཚོམ་བཅད་པར་བྱ་བའི་ཕྱིར་དུ་ཐོས་པ་དམ་པ་བསྟེན་པ་ཐོས་པའི་ལག་པ་དང་། སེམས་ཅན་སྡུག་བསྔལ་གྱི་དོང་ནས་འདོན་པའི་ཕྱིར་བདེ་བའི་གནས་གང་ཡིན་པར་དེར་འཇོག་པའི་ལག་པ་དང་། འགྲོ་ལ་ཆོས་སྟོན་ནས་ཆོས་ཀྱི་སྦྱིན་པར་བྱེད་པ་སེར་སྣ་མེད་པའི་ལག་པ་དང་། རང་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྡུད་ཅིང་རྒྱལ་བ་ལ་མཆོད་པའི་རིམ་གྲོ་བྱེད་པའི་ལག་པ་སྟེ། དེ་ལྟ་བུའི་ལག་པ་དེ་དག་དང་ལྡན་པས་ཆོས་ཀྱི་སྣང་བ་སྟོན་པའོ།།

༣༥༥ རྒྱལ་སྲས་རྣམས་ཀྱི་རྐང་པ་དྲུག་ལྡན་བསྟན་པ།

རྒྱལ་སྲས་རྣམས་ཀྱི་རྐང་པ་དྲུག་ལྡན་ནི།།

སྨོན་ལམ་རྫོགས་ཕྱིར་ཚུལ་ཁྲིམས་རྐང་པ་དང༌།།

བྱང་ཆུབ་ཆོས་སྡུད་བརྩོན་འགྲུས་རྐང་པ་དང༌།།

བརྩམས་པ་མཐར་ཕྱིན་དམ་བཅའི་རྐང་པ་དང༌།།

བླ་མའི་བཀའ་སྒྲུབ་མཐུན་པའི་རྐང་པ་དང༌།།

ཐོས་པས་མི་ངོམས་ཤེས་རབ་རྐང་པ་དང་།།

ལེགས་པར་སྤྱོད་བྱེད་ནན་ཏན་རྐང་པ་སྟེ།།

དྲུག་ལྡན་སྐྱེས་བུ་རྒྱལ་བའི་ས་རབ་བགྲོད།།

ཅེས་གསུངས་པ་སྟེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་རྐང་པ་དྲུག་ལྡན་ནི། སྨོན་ལམ་ཡོངས་སུ་རྫོགས་པ་དམ་པའི་ཆོས་འཛིན་པའི་སྨོན་ལམ་གྱི་ནང་དུ་འདུ་བ་དང་། དེ་འདྲའི་སྨོན་ལམ་འགྲུབ་པ་ལ་ཚུལ་ཁྲིམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པ་དེས་ན་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དུ་ཚུལ་ཁྲིམས་ཀྱི་རྐང་པ་དང༌ལྡན་པ་དང་། བྱང་ཆུབ་ཀྱི་ཆོས་ཐམས་ཅད་སྡུད་པར་བྱེད་པའི་བརྩོན་འགྲུས་ཀྱི་རྐང་པ་དང་། བརྩམས་པ་མཐར་ཕྱིན་པར་བྱེད་པའི་དམ་བཅའ་བརྟན་པོའི་རྐང་པ་དང༌། བླ་མའི་བཀའ་གསུང་ཇི་བཞིན་དུ་སྒྲུབ་པ་དང་མཐུན་པའི་རྐང་པ་དང་། མཁས་པ་ཆོས་ཀྱིས་མི་ངོམས། །རྒྱ་མཚོ་ཆུ་ཡིས་མི་ངོམས། །ཞེས་པ་བཞིན་དུ་ཐོས་པས་མི་ངོམས་པའི་ཤེས་རབ་ཀྱི་རྐང་པ་དང་། ཉེས་པར་སྤྱོད་པ་སྤངས་ནས་ལེགས་པར་སྤྱོད་པ་ལྷུར་ལེན་པར་བྱེད་པའི་ནན་ཏན་གྱི་རྐང་པ་སྟེ། དེ་ལྟ་བུའི་རྐང་པ་དྲུག་ལྡན་གྱི་སྐྱེས་བུ་དེ་རྒྱལ་བའི་ས་རབ་ལ་ཚེགས་མེད་པར་བགྲོད་པར་བྱེད་དོ།།

༣༥༦ བདུད་ཀྱིས་མི་ཚུགས་གོ་ཆ་རྣམ་དྲུག་བསྟན་པ།

བདུད་ཀྱིས་མི་ཚུགས་གོ་ཆ་རྣམ་དྲུག་ནི།།

འགྲོ་བ་སྐྱོབ་པ་བྱམས་པའི་གོ་ཆ་དང༌།།

བརྩམས་པ་མཐར་ཕྱིན་སྨོན་ལམ་གོ་ཆ་དང༌།།

འགྲོ་བ་བསྒྲལ་བ་སྙིང་རྗེའི་གོ་ཆ་དང༌།།

མ་རིག་སེལ་བ་ཤེས་རབ་གོ་ཆ་དང༌།།

ཐེག་ཆེན་སེམས་ལྡན་བཟོད་པའི་གོ་ཆ་དང༌།།

དགེ་བ་མངོན་སྒྲུབ་ཐབས་མཁས་གོ་ཆ་རྣམས།།

རྒྱལ་སྲས་རྣམས་ཀྱི་ས་མཁན་སྤྱོད་པའི་གྲོགས།།

ཞེས་གསུངས་པ་སྟེ། བདུད་ཀྱིས་མི་ཚུགས་ཤིང་སྲུང་བར་བྱེད་པའི་གོ་ཆ་རྣམ་པ་དྲུག་ནི། བྱམས་པ་ཚད་མེད་རྒྱུད་ལ་མ་སྐྱེས་ན་འགྲོ་བ་སྐྱོབ་མི་ནུས་པས་འགྲོ་བ་རྣམས་སྐྱོབ་པར་བྱེད་པའི་བྱམས་པའི་གོ་ཆ་དང༌ནི། བརྩམས་པ་མཐར་ཕྱིན་པར་བྱེད་པ་ལ་སྨོན་ལམ་གནད་ཆེ་བས་མ་ཚད། སྔོན་གྱི་སྨོན་ལམ་གྱི་མཐུ་གྲུབ་ཡོད་ན་བརྩམས་པ་མཐར་ཕྱིན་པར་འགྱུར་བས་བརྩམས་པ་མཐར་ཕྱིན་པར་བྱེད་པའི་སྨོན་ལམ་གྱི་གོ་ཆ་དང༌། འགྲོ་བ་རྣམས་ཁམས་གསུམ་འཁོར་བ་ལས་སྒྲོལ་བར་བྱེད་པའི་སྙིང་རྗེའི་གོ་ཆ་དང༌། མ་རིག་པའི་མུན་པ་སེལ་བ་ལ་ཤེས་རབ་ཉི་མའི་གོ་ཆ་དང༌། ཐེག་ཆེན་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་བཟོད་སྲན་ཐུབ་པའི་གོ་ཆ་དང་། དགེ་བ་མངོན་པར་འདུ་བྱེད་ཅིང་སྒྲུབ་པའི་ཐབས་ལ་མཁས་པའི་གོ་ཆ་རྣམས་ནི། རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ས་ལ་བགྲོད་པའི་ས་མཁན་ནམ་ལམ་མཁན། རྫོགས་སྨིན་སྦྱངས་པར་སྤྱོད་པའི་གྲོགས་ཡིན་ནོ།།

༣༥༧ མཚོན་དྲུག་འཆང་བའི་རྣམ་གྲངས་བསྟན་པ།

མཚོན་དྲུག་འཆང་བའི་རྣམ་གྲངས་བསྟན་པ་ནི།།

གཉིས་འཛིན་གཅོད་པ་མཉམ་ཉིད་མཚོན་དང་ནི།།

ཉོན་མོངས་གཅོད་པ་ཤེས་རབ་ཡེ་ཤེས་མཚོན།།

ལོག་འཚོ་གཅོད་པ་ཡང་དག་འཚོ་མཚོན་དང༌།།

འཆལ་བ་རྒྱུན་གཅོད་ཚུལ་ཁྲིམས་རྣམ་དག་མཚོན།།

སེར་སྣའི་གཟེབ་གཅོད་གཏོང་བའི་མཚོན་དང་ནི།།

སེམས་ཅན་སྨིན་བྱེད་ཡོངས་སུ་མི་སྐྱོའི་མཚོན།།

དེ་དག་དང་ལྡན་སྲིད་པའི་འཁྲི་ཤིང་གཅོད།།

ཅེས་གསུངས་པ་སྟེ། མཚོན་ཆ་རྣམ་པ་དྲུག་འཆང་བའི་རྣམ་གྲངས་ཀྱི་ཚུལ་བསྟན་པ་ནི། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་གཉིས་འཛིན་གཅོད་པ་མཉམ་པ་ཉིད་ཀྱི་མཚོན་ཆ་དང་ནི། ཉོན་མོངས་པའི་སྒྲིབ་པ་གཅོད་པར་བྱེད་པའི་ཤེས་རབ་ཡེ་ཤེས་ཀྱི་མཚོན་དང་། ལོག་པའི་འཚོ་བ་གཅོད་པར་བྱེད་པ་ལ་ཡང་དག་པའི་འཚོ་བའི་མཚོན་དང༌ནི། ཚུལ་ཁྲིམས་འཆལ་བ་རྒྱུན་གཅོད་པར་བྱེད་པ་ལ་ཚུལ་ཁྲིམས་རྣམ་དག་གི་མཚོན་དང་། སེར་སྣའི་གཟེབ་བམ་དྲ་བ་དེ་ཉིད་གཅོད་པར་བྱེད་པ་གཏོང་བ་དམ་པའི་མཚོན་དང་ནི། སེམས་ཅན་གཅིག་གི་ཆེད་དུ་བསྐལ་བ་བརྒྱར་འབད་ཅིང་སྨིན་པར་བྱེད་དགོས་ཀྱང་ཡོངས་སུ་མི་སྐྱོ་བའི་བློ་སྟོབས་ཆེན་པོའི་མཚོན་སྟེ། དེ་དག་དང་ལྡན་ན་སྲིད་པའི་འཁྲི་ཤིང་གི་ནགས་ཚལ་སྟུག་པོ་ལྟ་བུ་དེ་གཅོད་ཐུབ་པ་ཡིན་ནོ།།

༣༥༨ ཕུལ་དུ་བྱུང་བའི་གདམས་ངག་རྣམ་དྲུག་བསྟན་པ།

ཕུལ་དུ་བྱུང་བའི་གདམས་ངག་རྣམ་དྲུག་ནི།།

འགྲོ་ཀུན་ཡེ་ནས་སངས་རྒྱས་ཤེས་མོད་ཀྱང༌།།

སེམས་ཅན་བསྒྲལ་ཕྱིར་ཚོགས་གཉིས་རྒྱ་ཆེར་བསྒྲུབ།།

སངས་རྒྱས་ཞིང་རྣམས་མཁའ་འདྲར་ཤེས་ན་ཡང༌།།

ཞིང་ཁམས་སྦྱངས་ལ་བརྩོན་འགྲུས་དཔེ་མེད་རྩོམ།།

སེམས་ཅན་སྨིན་ལ་རབ་ཏུ་མི་སྐྱོ་ཞིང༌།།

བདག་མེད་དོན་གྱི་མཚན་ཉིད་མ་སྤངས་ཤིག།

མངོན་པར་ཤེས་པས་རྣམ་པར་འཕྲུལ་བྱ་ཞིང༌།།

ཆོས་དབྱིངས་ངང་ལས་གཡོ་བ་མེད་པར་བྱ།།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མི་གཏོང་ཞིང༌།།

ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བར་གྱིས།།

ཆོས་ཀྱི་འཁོར་ལོས་ཐམས་ཅད་ཚིམ་བྱེད་ཅིང༌།།

ཆོས་ཉིད་ངང་ལས་ཡོངས་སུ་འདའ་མི་བྱ།།

དེ་དང་ལྡན་རྣམས་བདེ་གཤེགས་གོ་འཕང་ཐོབ།།

ཅེས་གསུངས་པ་སྟེ། ཕུལ་དུ་བྱུང་བའམ་ཁྱད་དུ་འཕགས་པའི་གདམས་ངག་རྣམ་པ་དྲུག་ནི། གནས་ཚུལ་གྱི་དབང་དུ་བྱས་ན་འགྲོ་ཀུན་ཡེ་ནས་སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས་མོད་ཀྱང༌། སྣང་ཚུལ་གྱི་དབང་དུ་བྱས་ན་སེམས་ཅན་སྡུག་བསྔལ་གྱི་བཙོན་རར་གནས་པས་དེ་དག་བསྒྲལ་བའི་ཕྱིར་དུ་ཚོགས་གཉིས་ཕུལ་བྱུང་རྒྱ་ཆེན་བསྒྲུབ་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་རྣམས་ཀྱིས་ཕྱོགས་དུས་མུ་མེད་དུ་ཁྱབ་པས་ནམ་མཁའ་དང་འདྲ་བར་ཤེས་ན་ཡང༌། དེ་ཉིད་རང་ངོས་ནས་མངོན་དུ་འགྱུར་བའི་ཕྱིར་དུ་ཞིང་ཁམས་དག་པར་སྦྱངས་ལ་བརྩོན་འགྲུས་དཔེ་མེད་པ་སྟེ་དཔེ་ཟླ་ལས་འདས་པ་རྩོམ་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱ་བའི་གཞན་དོན་ལ་རབ་ཏུ་མི་སྐྱོ་བའམ་སེམས་མི་ཞུམ་ཞིང༌། དངོས་པོ་ལ་ཞེན་པའི་ཆོས་ཀྱི་བདག་འཛིན་དང་། འཇིག་ཚོགས་ལ་ལྟ་བའི་གང་ཟག་གི་བདག་འཛིན་གཉིས་དང་བྲལ་བའི་ཆོས་དང་གང་ཟག་གི་བདག་མེད་པའི་དོན་གྱི་མཚན་ཉིད་རྣམ་པ་ཀུན་ཏུ་མ་སྤངས་ཤིག མངོན་པར་ཤེས་པས་རྣམ་པར་འཕྲུལ་བའི་སྒོ་ནས་སེམས་ཅན་གྱི་དོན་བསྒྲུབས་ན་འགྲུབ་སླ་བས་དེ་ལྟར་བྱ་ཞིང་། དེ་ཡང་དེ་བཞིན་ཉིད་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་ནམ་ཡང་གཡོ་བ་མེད་པར་བྱ་བ་དང་། དུས་ཀུན་ཏུ་སྲོག་ལ་བབས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མི་གཏོང་ཞིང༌། དེ་དང་ཆབས་ཅིིག་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དེ་ཉིད་རང་རྒྱུད་ལ་འབྱུང་བར་གྱིས་ཤིག ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་བརྙེས་ནས་ཆོས་ཀྱི་འཁོར་ལོས་སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་ཅིང༌། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལས་ཡོངས་སུ་འདའ་བར་མི་བྱ་བ་སྟེ། དེ་ལྟ་བུའི་ཕུལ་དུ་བྱུང་བའི་གདམས་པ་དེ་དག་དང་ལྡན་པ་རྣམས་བདེ་བར་གཤེགས་པའི་གོ་འཕང་ཐོབ་པ་ཡིན་ནོ།།

༣༥༩ བདུད་ཀྱི་ལས་དྲུག་ཤེས་ནས་སྤང་བར་བསྟན་པ།

བདུད་ཀྱི་ལས་དྲུག་ཤེས་ནས་སྤང་བ་ནི།།

གཞན་དོན་སེམས་ཞུམ་བསམ་པ་འཁྲུགས་པ་དང༌།།

དོན་རྒྱ་ཆུང་ངུས་མགུ་ཞིང་གཅིག་ལས་མི་བཟོད་དང༌།།

ཆོས་ལ་ཐེ་ཚོམ་ཟ་ཞིང་དམ་པའི་ཆོས་སྤོང་དང༌།།

སེམས་ཅན་སྨིན་པར་མི་བྱེད་གཅིག་པུ་ཐར་འདོད་དང༌།།

རང་ཉིད་འཁོར་བས་སྐྲག་ནས་སྤྱོད་པ་རླབས་ཆེན་འདོར།།

སྨོན་ལམ་ལྷག་པར་མི་དམིགས་ཉོན་མོངས་ཞི་བར་འདོད།།

འདི་དག་བདུད་ཀྱི་ལས་ཏེ་རིང་དུ་སྤང༌།།

ཞེས་གསུངས་པ་སྟེ། བདུད་ཀྱི་ལས་དྲུག་པོ་ཤེས་པར་བྱས་ནས་སྤང་བར་བྱ་བ་ནི། ལས་བྱ་བའི་མགོ་ཞིག་ནས་གཞན་དོན་བྱེད་པ་ལ་སེམས་ཀྱི་དཔའ་ཞུམ་ནས་བསམ་པ་འཁྲུགས་ཏེ། གཞན་ཕན་གྱི་སེམས་སྐྱེར་མི་འདོད་པ་ནི་ཐེག་ཆེན་ཉམས་སུ་ལེན་པའི་བར་ཆད་རང་འདོད་ཡིད་བྱེད་ཀྱི་བདུད་ལས་ཡིན་པ་དང་། དོན་རྒྱ་ཆུང་ངུས་མགུ་སླ་ཞིང་བྱ་བ་གཅིག་ལས་མང་པོ་དང་རྒྱ་ཆེན་པོ་སྒྲུབ་པ་མི་བཟོད་པའི་བདུད་ཀྱི་ལས་དང་། སྤྱིར་ཆོས་ལ་ཐེ་ཚོམ་པ་དང་ཁྱད་པར་དུ་ཐེག་ཆེན་གྱི་ཆོས་ལ་ཡིད་གཉིས་ཟ་ཞིང་དམ་པའི་ཆོས་སྤོང་བའི་བདུད་ལས་དང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྨིན་པར་མི་བྱེད་ཅིང་བདག་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བདུད་ལས་དང༌ནི། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་འདོར་བའི་བདུད་ལས་དང་། སེམས་ཅན་གྱི་དོན་ལ་སྨོན་ལམ་རྒྱ་ཆེན་པོ་ཀུན་ལས་ལྷག་པ་ལ་མི་དམིགས་པར། རང་ཉིད་རྐྱང་པ་ཐར་བའི་ཉོན་མོངས་ཞི་བའི་འགོག་པ་ཙམ་ཞིག་དོན་དུ་གཉེར་བའི་བདུད་ལས་ཏེ། འདི་དག་ཐམས་ཅད་ནི་བདུད་ཀྱི་ལས་ཡིན་པས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་རྣམས་ཀྱིས་རིང་དུ་སྤང༌བར་བྱའོ།།

༣༦༠ གོང་མས་བྱིན་གྱིས་བརླབས་པའི་རྟགས་དྲུག་བསྟན་པ།

གོང་མས་བྱིན་གྱིས་བརླབས་པའི་རྟགས་དྲུག་ནི།།

བླ་མེད་རྫོགས་པའི་བྱང་ཆུབ་སེམས་མཆོག་སྐྱེ།།

བདུད་ཀྱི་ལས་རྣམས་ཤེས་ནས་རྣམ་པར་བཟློག།

ཐེག་ཆེན་ཆོས་ཐོས་དེ་ལ་ནན་ཏན་བྱེད།།

འཁོར་བར་གཞན་དོན་སྒྲུབ་ལ་སྐྱོ་བ་མེད།།

ཉན་རང་ཆོས་སྟོན་དེ་ལ་མཆོག་འཛིན་མེད།།

དགོངས་པ་རྟོགས་ཀྱང་སྤྱོད་པ་སྒྲུབ་ལ་བརྩོན།།

རྒྱལ་སྲས་ཆོས་མཆོག་ཞུགས་རྣམས་མཛད་སྤྱོད་ཡིན།།

ཞེས་གསུངས་པ་སྟེ། གོང་མས་བྱིན་གྱིས་བརླབས་པའི་རྟགས་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་སེམས་མཆོག་དེ་རང་རྒྱུད་ལ་སྐྱེ་བ་ཡིན་པ་སྟེ། དེ་ཡང་བྱང་ཆུབ་སེམས་མཆོག་དེ་རང་གི་རྒྱུད་ལ་སྐྱེ་རན་ཁར་ཉི་མ་ཤར་བའི་སྔ་རོལ་དུ་སྐྱ་རེངས་ཤར་བ་ལྟ་བུའི་རིགས་སད་པའི་རྟགས་དེ་ཡོང་བ་ཡིན། རིགས་སད་པ་དེ་ལ་ཡང་ཆོས་སྐུའི་རིགས་སད་པ་དང་། གཟུགས་སྐུའི་རིགས་སད་པ་གཉིས་ཡོད་པ་ལས་དང་པོ་རང་བཞིན་ཆོས་སྐུའི་རིགས་སད་པའི་རྟགས་ནི། དབུ་མ་འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འབྱུང་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་ཐོབ་བློའི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་གསུངས་པ་ལྟར་དུ་སྟོང་པ་ཉིད་ཀྱི་དོན་ཐོས་པ་ཙམ་གྱིས་ཀྱང་རྟགས་དེ་ལྟ་བུ་འབྱུང་བ་དང་། གཟུགས་སྐུ་ཆོས་ཅན་གྱི་རིགས་སད་པའི་རྟགས་ནི། མདོ་སྡེའི་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པ་བཞིན་དུ་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐབས་ཟབ་མོའི་དོན་ལ་མོས་པ་སོགས་ཏེ། དེ་འདྲའི་རྟགས་རྣམ་པ་གཉིས་འབྱུང་བ་ཡིན་ལ། དེ་ལྟ་བུའི་རིགས་སད་པའི་རྟགས་དང་ལྡན་པའི་གང་ཟག་གིས་ཐེག་པ་ཆེན་པོའི་ཆོས་ཉན་ཞིང་བསླབས་པ་དང་། ཚོགས་བསགས་སྒྲིབ་སྦྱོང་བྱས་ན་དེའི་རྒྱུད་ལ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་པ་དང་། དེ་དག་ཅི་ཡང་མེད་པ་སྟོང་པ་ཉིད་བཤད་ནའང་གར་སོང་འདིར་བརྒྱབ་མེད་པ། སེམས་ཅན་གྱི་སྡུག་བསྔལ་དང་གཞན་དོན་དགོས་ཚུལ་སོགས་བཤད་ཀྱང་ཁྱི་ལ་སྐར་མ་བསྟན་པ་ལྟ་བུ་ལས་མེད་ཅིང་། མ་རབས་ལོག་པའི་སྤྱོད་པ་ཞིག་ལ་ཐུག་དུས་སློབ་མི་དགོས་སྣང་བ་རང་དྭངས་སུ་ཡོད་པ་ནི། ལོག་སྲེད་ཅན་ཞེས་པ་དཀར་པོ་རྣམ་པར་སྨིན་པའི་རིགས་དང་བྲལ་བའི་གང་ཟག་ཡིན་པས། དེས་བླ་མ་དང་། སྤྲུལ་སྐུ་དང་། མཁན་པོ་དང་། དགེ་བཤེས་སོགས་སུ་ཡིན་ཟེར་བ་དང་། ཁ་ཏོན་བཏོན་ཡོད་ཚུལ་དང་། སྒྲུབ་པ་བྱས་ཡོད་རབས་དང་། མཚམས་ལ་བསྡད་ཡོད་པ་སོགས་གང་ལྟར་སྨྲས་ཀྱང་། རྒྱུད་བྱང་ཆུབ་ཀྱི་སེམས་དང་ད་རུང་གནམ་ས་བཞིན་དུ་རིང་ནས་ཡོད་པ་ཡིན། དེས་ན་དམ་པ་གོང་མའི་བྱིན་རླབས་ཐོབ་ཡོད་པའི་རྟགས་སུ་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་། དེ་སྐྱེ་བའི་སྔོན་རྟགས་ལ་རིགས་སད་དགོས་པའོ། །བདུད་ཀྱི་ལས་མང་པོ་དག་ཤེས་ནས་དེ་ལས་རྣམ་པར་བཟློག་པ་དང་། ཐེག་ཆེན་གྱི་ཆོས་ཐོས་ནས་དེ་ལ་ནན་ཏན་དུ་བྱེད་ཅིང་འཇུག་པ་དང་། འཁོར་བར་གཞན་དོན་སྒྲུབ་པ་ལ་སྒྱིད་ལུག་པ་དང་དཀའ་བའི་སེམས་དང་སྐྱོ་བ་མེད་པ་དང་། ཉན་རང་གི་ཆོས་སྟོན་ཀྱང་བཅོམ་ལྡན་འདས་ཀྱི་གདུལ་བྱ་འདུལ་ཚུལ་བསམ་གྱིས་མི་ཁྱབ་པ་རེད་བསམ་པ་ཙམ་ལས་དེ་ལ་མཆོག་འཛིན་མེད་པ་དང་ནི། དགོངས་པ་གནས་ལུགས་ཀྱི་ཡོན་ཏན་བྱར་མེད་དུ་རྟོགས་ཀྱང་ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་བར། ལག་ལེན་ཞིབ་མོའི་སྒོ་ནས་སྒྲུབ་པ་ལ་བརྩོན་པ་ནན་ཏན་དུ་བྱེད་པ་སྟེ། དེ་དག་ནི་གོང་མའི་བྱིན་གྱིས་བརླབས་པའི་རྟགས་ཐོབ་པའི་རྒྱལ་སྲས་ཆོས་མཆོག་ལ་ཞུགས་པ་རྣམས་ཀྱི་མཛད་སྤྱོད་དོ།།

༣༦༡ ཆོས་སྟོན་འདོད་པ་དག་གི་བདུད་དྲུག་བསྟན་པ།

ཆོས་སྟོན་འདོད་པ་དག་གི་བདུད་དྲུག་ནི།།

མགོན་པོ་མེད་ལ་དམ་ཆོས་མི་སྟེར་བདུད།།

སྣོད་ལྡན་སློབ་མ་ཁྱད་དུ་གསོད་པ་བདུད།།

ཟང་ཟིང་ཆེད་དུ་དམ་ཆོས་སྟོན་པ་བདུད།།

སྣོད་མིན་རྣམས་ལ་ཟབ་མོ་སྟོན་པ་བདུད།།

ཐེག་མཆོག་མོས་པ་ཐེག་དམན་སྟོན་པ་བདུད།།

གང་མོས་མི་སྟོན་ཕྱོགས་འབྱམས་སྟོན་པ་བདུད།།

འདི་དག་རྣམས་ཀྱིས་མ་བསླུས་ཤིན་ཏུ་གཅེས།།

ཞེས་གསུངས་པ་སྟེ། ཆོས་སྟོན་པར་འདོད་པ་དེ་དག་ལ་ཡོང་དུ་ཉེ་བའི་བདུད་དྲུག་ནི། མགོན་པོ་སྟེ་ཆོས་བཤད་པའི་སྐྱབས་དང་དཔུང་གཉེན་མེད་པ་ལ་དམ་ཆོས་མི་སྟེར་བ་ནི་བདུད་ཀྱི་ལས་ཡིན་པ་དང་། སྣོད་ལྡན་གྱི་སློབ་མ་ཕྲད་ཀྱང་དེ་ཉིད་ཁྱད་དུ་བསད་ནས་ཆོས་མི་སྟེར་བ་ནི་བདུད་ལས་ཡིན་པ་དང་། ཟང་ཟིང་རྒྱུ་ནོར་གྱི་ཆེད་དུ་དམ་ཆོས་སྟོན་པ་སྒོར་རྡོག་ཆ་རེ་ཐོབ་པའི་ཆེད་དུ་རྒྱ་ལུ་རྒྱ་མོ་རྣམས་ལའང་ཟབ་ཆོས་ཁྱབ་བརྡལ་དུ་བསྒྲགས་པ་ལྟ་བུ་སྟེ། འདི་ཡང་རྒྱ་རྒྱ་མོ་སྡུག་པོ་རེད་ཅེས་བཤད་པ་མིན། བྱང་ཆུབ་སེམས་དཔའི་རིགས་ཅན་སྣོད་ལྡན་སུ་ཡིན་ཅི་ཤེས་ཀྱང་། སྒོར་རྡོག་ལག་ལ་ཡོད་པ་ཙམ་གྱིས་སྣོད་ལྡན་ཡིན་པའི་ཁྱབ་པ་ཡང་ག་ལ་ཡོད། སྣོད་མིན་གྱི་སློབ་མ་རྣམས་ལ་དམ་ཆོས་ཟབ་མོ་སྟོན་པ་དེ་ཡང་བདུད་ལས་ཡིན་པ་དང་། ཐེག་པ་མཆོག་གི་ཆོས་མོས་པའི་གང་ཟག་ལ་ཐེག་དམན་གྱི་ལམ་སྟོན་པ་ཡང་བདུད་ལས་ཡིན། གདུལ་བྱ་གང་མོས་ཀྱི་རྒྱུད་དང་འཚམས་པར་ཆོས་སྟོན་དགོས་པ་ལ་དེ་ལྟར་མ་ཡིན་པར་ཕྱོགས་འབྱམས་སམ་ཐམས་ཅད་འདྲ་མཉམ་གྱིས་སྟོན་པ་ཡང་བདུད་ལས་ཡིན་པ་སྟེ། བདུད་འདི་དག་རྣམས་ཀྱིས་མ་བསླུས་པ་ནི་ཤིན་ཏུ་གཅེས་སོ།།

༣༦༢ སློབ་མས་ལོག་པའི་བདུད་དྲུག་སྤང་བ་བསྟན་པ།

སློབ་མས་ལོག་པའི་བདུད་དྲུག་སྤང་བ་ནི།།

བཤེས་གཉེན་བོར་ནས་སྡིག་པའི་གྲོགས་པོ་བསྟེན།།

ལམ་སྟོན་མགོན་བྲལ་བདུད་ཀྱིས་ཟིན་པ་ཡིན།།

ཐེག་ཆེན་བོར་ནས་ཐེག་དམན་ཉན་པ་ནི།།

གོལ་ས་ལམ་ལོག་བདུད་ཀྱིས་ཟིན་པ་ཡིན།།

ཐར་ལམ་བོར་ནས་འཇིག་རྟེན་ཤེས་བྱ་འཚོལ།།

བྱ་བྱེད་སྤྱོད་ལོག་བདུད་ཀྱིས་ཟིན་པ་ཡིན།།

སྐྱེ་བར་མི་དགའ་མྱ་ངན་འདའ་དོན་གཉེར།།

སེམས་བསྐྱེད་གོ་ཆའི་བདུད་ཀྱིས་ཟིན་པ་ཡིན།།

རང་གིས་མ་ཐོས་དམ་པའི་ཆོས་ལ་སྨོད།།

བླང་དོར་འཁྲུལ་བའི་བདུད་ཀྱིས་ཟིན་པ་ཡིན།།

དགེ་སྡིག་སྤང་བླང་ཆོས་མིན་མི་ཤེས་པ།།

མ་རིག་མུན་འཐིབས་བདུད་ཀྱིས་ཟིན་པ་ཡིན།།

སྣོད་ལྡན་རྣམས་ཀྱིས་དེ་དྲུག་སྤང་བ་གཅེས།།

ཞེས་གསུངས་པ་སྟེ། སློབ་མ་ཞིག་གི་ངོས་ནས་ལོག་པའི་བདུད་དྲུག་སྤང་དགོས་པ་དེ་གང་ཡིན་ན། དགེ་བའི་བཤེས་གཉེན་བསྟེན་དུ་ཡོད་བཞིན་དུ་དེ་ཕར་བོར་ནས་མ་རབས་སྡིག་པའི་གྲོགས་པོ་ཚུར་ལ་བསྟེན་པ་ནི། ལམ་སྟོན་གྱི་མགོན་དང་བྲལ་བའི་བདུད་ཀྱིས་ཟིན་པ་ཡིན། ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་བཞིན་དུ་དེ་བོར་ནས་ཐེག་དམན་གྱི་ཆོས་ལ་ཞུགས་ནས་ཉན་པ་ནི། གོལ་ཞིང་འཁྱམས་པའི་ས་ལམ་ལོག་པར་ཞུགས་པའི་བདུད་ཀྱིས་ཟིན་པ་ཡིན། ཐར་ལམ་རྣམ་དག་སྒྲུབ་པའི་མདོ་སྔགས་ཀྱི་རིག་གཞུང་དེ་བོར་ནས་འཇིག་རྟེན་གྱི་ཤེས་བྱ་འདྲ་མིན་སྣ་ཚོགས་འཚོལ་བ་ནི། ཆོས་མིན་གྱི་བྱ་བ་བྱེད་ཅིང་སྤྱོད་པ་ལོག་པའི་བདུད་ཀྱིས་ཟིན་པ་ཡིན་པ་སྟེ། དེ་ཡང་ཐར་ལམ་རྣམ་དག་འཚོལ་མཁན་ཞིག་ཡིན་ན་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བྱས་ནས། དེའི་དོན་བླ་མའི་མན་ངག་ལ་གཏུག་དགོས་པ་ཡིན། དེ་ལས་གཞན་པའི་འཇིག་རྟེན་གྱི་ཤེས་བྱ་སྣ་མང་། སྐད་རིགས། ཡིག་རིགས། གློག་འཕྲུལ་རྫས་སྦྱོར་ལ་སོགས་པ་ཐར་བའི་དངོས་རྒྱུ་མིན་ཞིང་། འོན་ཀྱང་ཀུན་སློང་དག་པའི་ཐོག་ནས་བསྒྲུབས་པའི་དགོས་པ་ཅན་ཡིན་ན་བདུད་ལས་མིན་པ་ཡང་ཡོད་ངེས་པ་དང་། ཐབས་ལ་མ་མཁས་ན་ལོག་པའི་ཤེས་རབ་ལ་འགྱུར་བ་དང་། བདུད་ལས་ཀྱི་ཤེས་རིག་ཡོན་ཏན་ལྟར་སྣང་བས་ལམ་ལོག་ལ་ཁྲིད་པའང་ཡོད་པ་ཡིན། གཞན་དོན་དུ་སྐྱེ་བ་ལེན་པར་མི་དགའ་བར་རང་དོན་ཞི་བདེའི་མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་དེ། སེམས་བསྐྱེད་ཀྱི་གོ་ཆ་འདོར་བའི་བདུད་ཀྱིས་ཟིན་པ་ཡིན། རང་གིས་ཐོས་མ་མྱོང་པའི་དམ་པའི་ཆོས་ལ་སྨོད་པ་ནི། བླང་དོར་འདོར་ལེན་མ་ཤེས་པར་འཁྲུལ་བའི་བདུད་ཀྱིས་ཟིན་པ་ཡིན། ལས་དགེ་སྡིག་གི་རྣམ་དབྱེ་ཞིབ་མོར་མ་ཤེས་པས་གང་སྤང་བར་བྱ་བ་དང་གང་བླང་བར་བྱ་བ་ལ་རྨོངས་ནས་ཆོས་མིན་ཆོས་སུ་འདུ་ཤེས་པའི་མི་ཤེས་པས་སྒྲིབ་པ་དེ། མ་རིག་མུན་འཐིབས་ཀྱི་བདུད་ཀྱིས་ཟིན་པ་ཡིན། སྣོད་དང་ལྡན་པའི་སློབ་མ་རྣམས་ཀྱིས་བདུད་ཀྱིས་བརླབས་པའི་ལས་དེ་དྲུག་སྤང་བ་གཅེས་སོ།།

༣༦༣ བདུད་ཀྱི་ལས་ཀྱིས་མི་ཚུགས་ཆོས་དྲུག་བསྟན་པ།

བདུད་ཀྱི་ལས་ཀྱིས་མི་ཚུགས་ཆོས་དྲུག་ནི།།

ང་རྒྱལ་སྤངས་ནས་བཤེས་གཉེན་བསྙེན་བཀུར་བྱེད།།

ཁོང་ཁྲོ་སྤངས་ནས་གཞན་གྱི་བསྔགས་པ་བརྗོད།།

སྙོམ་ལས་སྤངས་ནས་ཟབ་མོའི་དོན་ལ་བརྩོན།།

ཕྱོགས་འཛིན་སྤངས་ནས་སངས་རྒྱས་ཆོས་ཀུན་འཚོལ།།

ཕྱོགས་རིས་སྤངས་ནས་ཟུང་འཇུག་ལམ་དུ་ཞུགས།།

བྱ་བྱེད་སྤངས་ནས་སྒྲུབ་པ་སྙིང་པོར་བྱེད།།

དེ་དང་སུ་ལྡན་བདུད་དཔུང་འཇོམས་པར་ནུས།།

ཞེས་གསུངས་པ་སྟེ། དེ་ལྟ་བུའི་བདུད་ཀྱི་ལས་ཀྱིས་མི་ཚུགས་པའི་ ཆོས་རྣམ་པ་དྲུག་ནི། ང་རྒྱལ་དང་མཐོ་འདོད་སྤངས་ནས་ཡང་དག་པའི་བཤེས་གཉེན་ལ་བསྙེན་བཀུར་བྱེད། ཕྲག ་དོག་དང་ཁོང་ཁྲོ་ལ་སོགས་པ་སྤངས་ནས་གང་ཟག་གཞན་གྱི་ཡོན་ཏན་ལ་བསྔགས་པ་བརྗོད། སྙོམ་ལས་དང་ལེ་ལོ་སྤངས་ནས་ཟབ་མོའི་གདམས་ངག་གི་དོན་ལ་རྒྱུན་དུ་བརྩོན། ངའི་རྒྱུད་ལ་ཆོས་མ་འདྲ་བ་ཞིག་ཡོད་རབས་དང་། ངའི་ཆོས་བརྒྱུད་དེ་བཟང་རབས་དང་། ཡང་ངའི་ཆོས་བརྒྱུད་དང་ཁྱོད་ཀྱི་ཆོས་བརྒྱུད་ལ་སོགས་པའི་ཕྱོགས་རིས་ཀྱི་ཞེན་འཛིན་སྤངས་ནས་སངས་རྒྱས་ཀྱི་ཆོས་ཀུན་ཕྱོགས་རིས་མེད་པར་འཚོལ། ཡོད་མེད་རྟག་ཆད་ཀྱི་ཕྱོགས་རིས་སྤངས་ནས་སྣང་སྟོང་ཟུང་འཇུག་གམ་དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ལམ་དུ་ཞུགས། འཇིག་རྟེན་གྱི་བྱ་བྱེད་འཁྲུལ་བ་ཐམས་ཅད་སྤངས་ནས་དམ་ཆོས་སྒྲུབ་པའི་ཉམས་ལེན་སྙིང་པོར་བྱེད་པ་ལ་འཇུག དེ་ལྟ་བུའི་ཡོན་ཏན་དང་སུ་ལྡན་པ་དེ་དག་གིས་བདུད་ཀྱི་དཔུང་ཚོགས་འཇོམས་ཤིང་སྤ་བཀོང་བར་ནུས་པ་ཡིན་ནོ།།

༣༦༤ ཐེག་ཆེན་བསླབ་པ་འཆོར་བའི་ཆོས་དྲུག་བསྟན་པ།

ཐེག་ཆེན་བསླབ་པ་འཆོར་བའི་ཆོས་དྲུག་ནི།།

དཀོན་མཆོག་སྤོང་ཞིང་མཆོད་འོས་བསླུ་བ་དང༌།།

ལྷག་པའི་བསམ་སྤངས་གཡོ་སྒྱུས་སྤྱོད་པ་དང༌།།

རྒྱལ་སྲས་རྣམས་ལ་ཚིག་ངན་སྨྲ་བ་དང༌།།

གཞན་དགེ་བྱེད་ལ་འགྱོད་པ་བྱེད་པ་དང༌།།

ཐེག་མཆོག་ཞུགས་ལ་ཁོང་ཁྲོ་ཕྲག་དོག་བྱེད།།

ཐབས་ཤེས་ཡ་བྲལ་ལམ་ལ་ཞུགས་པ་སྟེ།།

འདི་དྲུག་སྤངས་ལ་རྟག་ཏུ་ནན་ཏན་བྱ།།

ཞེས་གསུངས་པ་སྟེ། ཐེག་ཆེན་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ནས་དེས་དེའི་བསླབ་པ་འཆོར་བའམ་ཤོར་བའི་ཆོས་དྲུག་ནི། དཀོན་མཆོག་གསུམ་པོ་སྤོང་ཞིང་མཆོད་འོས་ཀྱི་ཞིང་དག་པ་རྣམས་བསླུ་བ་དང༌ནི། ལྷག་པའི་བསམ་པ་རྣམ་པར་དག་པ་སྤངས་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། མཐའ་ཡས་སེམས་ཅན་ཐམས་ཅད་བསླུས་ནས་གཡོ་སྒྱུས་བྱ་བ་མ་ཡིན་པར་སྤྱོད་པ་དང༌ནི། རྙེད་བཀུར་ལ་སོགས་པའི་ཆེད་དུ་ཕྲག་དོག་བྱེད་པ་ལ་སོགས་པའི་དབང་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཚིག་ངན་སྨྲ་བ་སྟེ། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས་པ་ལྟ་བུ་དང་། གཞན་གྱིས་དགེ་བ་བྱེད་པ་ལ་འགྱོད་པ་བྱེད་དུ་འཇུག་པ་སྟེ་ནག་པོའི་ཆོས་བཞི་དང༌། ཐེག་པ་མཆོག་གི་ལམ་ལ་ཞུགས་པ་རྣམས་ལ་ཁོང་ཁྲོ་དང་ཕྲག་དོག་བྱེད་པ་དང་། ཐབས་ཤེས་ཡ་བྲལ་བ་ཐེག་པ་དམན་པའི་ལམ་ལ་ཞུགས་པ་ལྟ་བུ་སྟེ། འདི་དྲུག་མ་སྤངས་ན་བྱང་ཆུབ་ཀྱི་སེམས་ད་ལྟ་སྐྱེ་ཡོད་ཀྱང་སྐྱེ་བ་རྗེས་མ་རྣམས་ལ་འཕྲོ་མཐུད་མི་ཐུབ་པར་ཉམས་སུ་འགྲོ་བ་འདི་དག་དྲུག་པོ་སྤང་བ་ལ་རྟག་ཏུ་ནན་ཏན་བྱའོ།།

༣༦༥ གཞན་དོན་སྤྱོད་ཚེ་གཤེ་སྐུར་བྱུང་བ་ལ་མི་སྐྱོ་བའི་ཆོས་དྲུག་བསྟན་པ།

གཞན་དོན་སྤྱོད་ཚེ་ཕྲག་དོག་གཤེ་སྐུར་འབྱུང༌།།

དེ་ལ་སྐྱོ་བ་ལོག་པའི་ཆོས་དྲུག་ནི།།

རང་གིས་གཞན་ལ་སྨད་པའི་རྣམ་སྨིན་དང༌།།

ཉོན་མོངས་ལས་ངན་འཛད་པའི་ཐབས་ཆེན་དང༌།།

ཉེས་ཀུན་མཚང་ནས་འབྱིན་པའི་ཁ་ཏ་དང༌།།

མཐོ་དམན་མི་བྱེད་ཁྱི་སྒྲ་ཟུགས་འདྲ་དང༌།།

བཟོད་པའི་ཡུལ་འགྱུར་དགེ་འཕེལ་ལས་ཡོད་དང༌།།

ངོས་གཟུང་རྗེས་མེད་སྟོང་པའི་ཆོ་འཕྲུལ་བསྟེན།།

འདི་དག་བསམས་ལ་ཁོང་ཁྲོའི་ཟུག་རྔུ་དང༌།།

མི་དགའ་སྐྱོ་བ་སྤངས་ལ་གཞན་དོན་བྱ།།

ཞེས་གསུངས་པ་སྟེ། མི་ཞིག་གིས་ཕན་གནོད་ཅན་གྱི་བྱ་བ་ཞིག་མ་བསྒྲུབས་པར་རང་གར་བསྡད་ཚེ་དེ་ལ་གོ་རྒྱུ་རིག་རྒྱུ་ཅི་ཡང་ཡོད་པ་མིན་ལ། གཞན་དོན་རླབས་པོ་ཆེ་ལ་སྤྱོད་ཚེ་ལྷག་པར་དུ་ཕྲག་དོག་དང་འགྲན་སེམས་ཀྱི་དབང་གིས་གཤེ་སྐུར་བྱེད་དུ་ཡོང་བ་ཡིན། ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་ཀྱང་དེ་ལྟར་ཡིན། དེ་ལ་སྐྱོ་བའི་སེམས་མི་སྐྱེ་བར་སྐྱོ་བ་དེ་ལས་ལོག་པར་བྱེད་པའི་ཆོས་དྲུག་བསྟན་པ་ནི། ངའི་ཚེ་གང་པོར་སུ་ལ་ཡང་གནོད་པའི་ལས་མ་བྱས་པས་མ་ཚད་ཕན་བཏགས་པའི་རྣམ་གྲངས་ཀྱང་ཡོད་ལ། འོན་ཀྱང་འདི་དག་གིས་འདི་ལྟར་སྨོད་པ་ནི་ཚེ་རབས་སྔོན་མ་རྣམས་སུ་ཕར་ལ་ངན་སྨོད་བྱས་པའི་རྣམ་པར་སྨིན་པ་ད་ལྟའི་སྐྱེ་བ་འདིར་བྱུང་བ་རེད་བསམ་པ་དང་། གཞན་དོན་བྱེད་པའི་སྐབས་འདིར་འོས་མིན་གྱི་ཁ་སྨྲས་གླེང་བརྗོད་དང་གཤེ་བསྐུར་བྱུང་ན་དེ་ནི་ཉོན་མོངས་པ་དང་སྔར་བསགས་ཀྱི་ལས་ངན་འཛད་པའི་ཐབས་ཆེན་པོ་རེད་བསམ་པ་དང་། རང་ཉིད་ཀྱིས་མཐོང་མ་ཐུབ་པའི་སྐྱོན་དང་ཉེས་པ་ཀུན་མཚང་ནས་འབྱིན་པར་བྱེད་པའི་ཁ་ཏ་བཟང་པོ་རུ་མཐོང་བར་བྱེད་པ་དང་། བཟང་ངན་གྱི་སྟོད་སྨད་དང་སྒྲོ་སྐུར་གང་བྱས་ཀྱང་དེ་ལ་དགའ་སྡུག་གི་མཐོ་དམན་མི་བྱེད་པ་ཁྱི་སྒྲ་ཟུགས་ན་དེར་ཚིག་ལན་མི་དགོས་པར་དོན་མེད་ལ་བཞག་པ་ལྟར་དུ་བྱེད་པ་དང་། གཞན་གྱིས་གཤེ་ཞིང་སྐུར་བ་བཏབ་ན་དེ་ནི་བཟོད་པའི་ཡུལ་དུ་འགྱུར་བ་དང་ནི། དེ་ལ་བསྟེན་ནས་དགེ་བ་འཕེལ་བས་ལས་བཟང་པོ་གསོག་པའི་གོ་སྐབས་ཡོད་པའི་རྐྱེན་བཟང་པོ་རུ་ལྟ་བ་དང་། ད་དུང་རབ་ཡིན་ན་ངོས་གཟུང་རྗེས་མེད་སྟོང་པའི་ཆོ་འཕྲུལ་བར་སྣང་གི་བྱ་རྗེས་ལྟ་བུའི། སྒྲ་གྲགས་སྟོང་གི་མན་ངག་རྒྱུད་ལ་བསྟེན་པའི་གོ་སྐབས་བཟང་པོ་ཐོབ་པར་ལྟ་བ་སྟེ། གདམས་ངག་འདི་དག་བསམ་པའི་སྒོ་ནས་གཞན་དོན་བྱེད་པའི་སྐབས་ཀྱི་ཁོང་ཁྲོའི་ཟུག་རྔུ་དང༌། མི་དགའ་བའི་སྐྱོ་བ་ཐམས་ཅད་སྤངས་ལ་གཞན་དོན་བྱ་དགོས་ཏེ། དཔའ་ཆེན་བྱང་ཆུབ་སེམས་དཔའི་རྗེས་སུ་བསླབས་ནས་གཞན་དོན་བྱེད་ཚེ་བདུད་ཀྱི་རིས་སུ་གཏོགས་ཚད་མི་དགའ་ཞིང་། བདུད་ཀྱི་རིས་སུ་གཏོགས་པ་མིན་ཡང་བདུད་སྙིང་ལ་ཞུགས་པའི་མིའི་སེམས་ལ་ཡང་ངན་སེམས་བདུད་ཀྱི་ཆོ་འཕྲུལ་ཞུགས་པའི་སྟོབས་ཀྱིས། གཞན་ཕན་བསྟན་འགྲོའི་དོན་སོགས་བྱ་བ་བཟང་པོ་ཅུང་ཟད་ཅིག་སྒྲུབ་པའི་ཚེ་ན་ཡང་དེ་ལ་ཕྲག་དོག་གི་གཤེ་སྐུར་འབྱུང་བ་ནི་ཆོས་ཉིད་ཡིན་ལ། དེ་ལྟར་ཅི་ཡང་མེད་པའི་འཇམ་ཤ་ལེ་ཡོད་པས་ནི་ཅི་ཡང་འགྲུབ་ཀྱིན་མེད་པའི་རྟགས་ཡིན་པས་བར་ཆད་དེ་ལྟ་བུ་ཡོད་པ་ཡིན། དེས་ན་གཞན་དོན་སྒྲུབ་དུས་སྐྱོ་ངལ་སྤང་དགོས་པས་ལྐོག་ནས་གཤེ་སྐུར་ངན་སྨོད་མ་དགོས་ངོས་ནས་དཀྲུགས་ནས་འཚེ་བ་བྱུང་ཡང་གཞན་དོན་དམ་བཅའི་རི་མོ་ནམ་ཡང་འདོར་དུ་མི་རུང་ངོ་།།

༣༦༦ འཁོར་གྱི་ལོག་སྒྲུབ་བཟོད་པའི་ཆོས་དྲུག་བསྟན་པ།

འཁོར་གྱི་ལོག་སྒྲུབ་བཟོད་པའི་ཆོས་དྲུག་ནི།།

སླར་ཡང་ལྷག་པའི་སྙིང་རྗེས་གཟུང་བ་དང༌།།

འཁོར་གཞན་རྣམས་ལ་རེ་བ་བསྐྱུངས་པ་དང༌།།

སྔ་ཕྱིར་བྱུང་བའི་རྣམ་གྲངས་བསམ་པ་དང༌།།

རང་གི་ལས་དང་རྐྱེན་ལ་བསམ་པ་དང༌།།

སུ་དང་འགྲོགས་ཀྱང་ཚུལ་དེ་དཔག་པ་དང༌།།

ཐམས་ཅད་རྨི་ལམ་སྒྱུ་མར་བསམ་པ་སྟེ།།

འཁོར་ངན་སྐྱོ་ལ་གཉེན་པོ་དེ་དྲུག་བསྟེན།།

ཞེས་གསུངས་པ་སྟེ། འཁོར་གྱིས་ལོག་སྒྲུབ་མི་འདོད་པ་སྒྲུབ་མི་འོས་པ་བསྒྲུབས་པ་དེ་ལ་བཟོད་པའི་ཆོས་དྲུག་པོ་ནི། འཁོར་གྱིས་ལོག་སྒྲུབ་བྱས་ནས་ཕར་ལ་ཕན་བཏགས་པའི་ལན་ལ་ཚུར་ལ་གནོད་པ་བྱས་ཡོང་ན་སླར་ཡང་ལྷག་པའི་སྙིང་རྗེ་བསྐྱེད་ནས་རྗེས་སུ་གཟུང་བ་དང་། འཁོར་གཞན་རྣམས་ལ་འདིས་ང་ལ་ཕན་པ་ཆེན་པོ་བྱ་ཡོང་སྙམ་པའི་རེ་བ་ཆེན་པོ་མི་བྱེད་པར་བསྐྱུང་དགོས་ཏེ། རེ་ཆེན་བཅས་ནས་དེ་མ་འགྲུབ་དུས་དེ་ལ་བརྟེན་ནས་མི་རེད་པ་མང་རབ་འབྱུང་བ་ཡིན་པའི་ཕྱིར་དང་། སྔ་ཕྱིར་བྱུང་བའི་རྣམ་གྲངས་ལ་བསམ་ནས་འཁོར་རྣམས་ཀྱིས་ལས་ཉེས་བྱས་པའི་ནོར་ཕྱོགས་ཡོད་ཀྱང་། བྱ་བ་བཟང་པོ་བསྒྲུབས་པའི་ཕྱོགས་ཀྱང་ཡོད་བསམ་ནས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་ཁོག་རྒྱ་ཆེར་སྐྱེད་བྱེད་པ་དང་། འཁོར་གྱིས་མ་འོས་པ་རང་ལ་བྱེད་པ་ནི་རང་གིས་སྔར་བསགས་ཀྱི་ལས་དང་རྐྱེན་ལ་བསྟེན་ནས་བྱུང་བར་བསམ་པ་དང༌། སུ་དང་སུ་ལ་འགྲོགས་ཀྱང་སེམས་ཅན་གྱི་རང་གཤིས་ཀྱི་ཚུལ་དེ་འདྲ་ཡིན་ངེས་སྙམ་པའི་ཚོད་དཔག་ལེན་ཐུབ་པ་དང༌། རབ་ཡིན་ན་ཐམས་ཅད་མདང་གི་རྨི་ལམ་དང་སྒྱུ་མ་ལྟ་བུ་བསམ་པ་སྟེ། འཁོར་ངན་གྱིས་སྐྱོ་བ་ལ་གཉེན་པོ་དེ་དྲུག་བསྟེན་དགོས་སོ།།

༣༦༧ རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག་བསྟན་པ།

རྟག་ཏུ་གདབ་པའི་སྨོན་ལམ་རྣམ་དྲུག་ནི།།

གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ།།

མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག།

སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་གྱུར་ཅིང༌།།

ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག།

དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང༌།།

ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག།

ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ།།

ཚེ་དེས་སྲིད་པའི་རྒྱ་མཚོ་རྒལ་བར་ཤོག།

སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང༌།།

གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག།

རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས།།

ཐམས་ཅད་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོག།

སྨོན་ལམ་རྒྱལ་པོ་འདི་དག་རྟག་ཏུ་གདབ།།

བསོད་ནམས་ཕན་ཡོན་ཚད་མེད་ནམ་མཁའ་བཞིན།།

ཞེས་གསུངས་པ་སྟེ། རྟག་ཏུ་གདབ་དགོས་པའི་སྨོན་ལམ་རྣམ་དྲུག་དེ་གང་ཡིན་ན། གང་དང་གང་དུ་སྐྱེས་པའི་སྐྱེ་བའི་རབས་ཐམས་ཅད་དུ། རིགས་གཟུགས་བཟང་པོ་ལ་སོགས་པའི་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཐོབ་པར་ཤོག་ཅེས་པ་སྟེ། དེ་ཡང་རིགས་གཟུགས་ལང་ཚོ་དམན་པ་དང་། ཚེ་ཐུང་ནད་ཀྱིས་མནར་ན་གཞན་དོན་མི་འགྲུབ་པ་ཡིན་པས་ཐོག་མར་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཞིག་ཐོབ་པ་གལ་ཆེ་བས་དེ་ལྟར་སྨོན་པའོ། །མཐོ་རིས་ཀྱི་ལུས་རྟེན་ཐོབ་པ་ཙམ་གྱིས་མི་ཚད་སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད་པར་གྱུར་ཅིང༌འཕྲད་ནས་ཀྱང་གཞན་དབང་སོགས་སུ་མ་ཤོར་བར་ཆོས་ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག་ཅིག སྐྱེ་བ་གང་དང་གང་བླངས་པ་དེ་དང་དེར་བླ་མ་དམ་པ་དགེ་བའི་བཤེས་གཉེན་དང་འཕྲད་ཅིང་། འཕྲད་པས་མི་ཚད་དེ་ལ་མཉེས་པ་གསུམ་གྱིས་བསྟེན་པར་བྱས་ནས། དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པས་ཉིན་དང་མཚན་དུ་གཡེལ་བར་མེད་པར་དམ་པའི་ཆོས་ལ་སྤྱོད་པར་ཤོག་ཅིག ཟབ་མོའི་ཆོས་ཀྱི་དོན་རྟོགས་ནས་ནི་སྙིང་པོའི་དོན་དེ་ཇི་བཞིན་དུ་བསྒྲུབས་ཏེ། སྐྱེ་བ་ཚེ་དེས་སམ་ཚེ་དེར་སྲིད་པའི་རྒྱ་མཚོ་ཁམས་གསུམ་འཁོར་བའི་གནས་ལས་རྒལ་བར་ཤོག་ཅིག རང་དོན་ཞི་བ་ཕྱོགས་གཅིག་པ་ལ་མི་ཞེན་པར་སྲིད་པའི་འགྲོ་བ་ཡོད་དོ་ཅོག་ལ་དམ་པའི་ཆོས་རབ་ཏུ་སྟོན་པར་བྱེད་ཅིང༌། གཞན་སེམས་ཅན་གྱི་ཕན་བདེ་སྒྲུབ་པ་ལ་སྐྱོ་དུབ་དང་ངལ་བའི་སེམས་སྤུ་ཙམ་ཡང་མེད་པར་ཤོག་ཅིག རླབས་ཆེན་གྱི་གཞན་དོན་སྒྲུབ་པ་དེ་ཡང་ཕྱོགས་དང་རིས་སུ་ཆད་པ་མེད་པ་ཡིས། སེམས་ཅན་ཐམས་ཅད་ཕྱམ་གཅིག་གམ་ལྷན་ཅིག་ཏུ་སངས་རྒྱས་འགྲུབ་པར་ཤོག་ཅིག་ཅེས་པའི་སྨོན་ལམ་གྱི་རྒྱལ་པོ་འདི་དག་དུས་རྟག་ཏུ་གདབ་པར་བྱ་སྟེ། དེའི་བསོད་ནམས་དང་ཕན་ཡོན་ནི་ཚད་མེད་ནམ་མཁའ་བཞིན་དང་ཟད་མེད་རྒྱ་མཚོ་བཞིན་དུ་འབྱུང་བའི་ཕྱིར་རོ།།

༣༦༨ ཆོས་མཛོད་འཛིན་པའི་གདམས་པ་རྣམ་དྲུག་བསྟན་པ།

ཆོས་མཛོད་འཛིན་པའི་གདམས་པ་རྣམ་དྲུག་ནི།།

གཡོ་སྒྱུ་མེད་པས་དམ་ཆོས་ཚོལ་བ་དང༌།།

ཆོས་ལ་ནན་ཏན་གུས་པས་བསྒྲུབ་པ་དང༌།།

གཞན་ལ་བསྟོད་ཅིང་ཡོན་ཏན་བསྔགས་པ་བརྗོད།།

ཆོས་སྨྲ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད།།

བཀུར་སྟི་རིམ་གྲོ་སྲི་ཞུས་རྟག་བསྟེན་ཅིང༌།།

སྐྱོ་ངལ་མེད་པས་ཆོས་མཛོད་འཛིན་པ་སྟེ།།

རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རྨད་བྱུང་ཡིན།།

ཞེས་གསུངས་པ་སྟེ། ཆོས་ཀྱི་མཛོད་འཛིན་པར་བྱེད་པའི་གདམས་པ་རྣམ་པ་དྲུག་ནི། རང་གི་ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་འདོད་ནས་ཆོས་འཚོལ་ན་གཡོ་སྒྱུས་ཆོས་འཚོལ་བ་ཡིན་པ་དང་། སྙིང་ནས་བསམ་པ་རྣམ་པར་དག་པས་བསྟན་དང་འགྲོ་བའི་དོན་ལ་བསམས་ན་གཡོ་སྒྱུ་མེད་པ་ཡིན་པས། ལྷག་བསམ་དག་པས་དམ་ཆོས་བཙལ་ནས་ཆོས་མཛོད་འཛིན་པར་བྱེད་པ་དང་། དམ་པའི་ཆོས་སྒྲུབ་པའི་གནས་སྐབས་ན་སླ་ཆོས་ཀྱིས་གང་བྱུང་དེས་ཆོག་མི་བྱེད་པར་ནན་ཏན་དང་གུས་པ་ལྷུར་བླངས་ནས་སྒྲུབ་པ་དང༌། གཞན་དམ་པའི་ཆོས་ཀྱི་མཛོད་འཛིན་པ་དག་ལ་བསྟོད་ཅིང་དེ་དག་གི་ཡོན་ཏན་དང་བསྔགས་པ་བརྗོད་པ་དང་། དམ་པའི་ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པའི་འདུ་ཤེས་སྐྱེད་པར་བྱེད་པ་དང་། དེ་ལྟ་བུའི་ཆོས་སྨྲ་བའི་གང་ཟག་ལ་བཀུར་སྟི་རིམ་གྲོ་དང་སྲི་ཞུ་ཡིས་དུས་རྟག་ཏུ་བསྟེན་ཅིང༌། སྐྱོ་བ་དང་ངལ་དུབ་མེད་པས་སྟོན་པའི་དམ་ཆོས་ཀྱི་མཛོད་དེ་ཉིད་འཛིན་པ་སྟེ། དེ་ལྟ་བུས་རྒྱལ་བའི་ཆོས་ཀྱི་མཛོད་འཛིན་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྨད་དུ་བྱུང་བའོ།།

༣༦༩ ཚད་མེད་དྲུག་གིས་འགྲོ་བ་དྲང་བ་བསྟན་པ།

ཚད་མེད་དྲུག་གིས་འགྲོ་བ་དྲང་བ་ནི།།

སྡུག་བསྔལ་བྲལ་འདོད་སྙིང་རྗེ་ལག་ཏུ་བླང༌།།

བདེ་ལ་འགོད་འདོད་བྱམས་པ་ལག་ཏུ་བླང༌།།

བདེ་ཐོབ་མི་འབྲལ་དགའ་བ་ལག་ཏུ་བླང༌།།

ཉེ་རིང་མེད་པའི་བཏང་སྙོམས་ལག་ཏུ་བླང༌།།

འཇུག་པའི་ཆོས་ལ་དམིགས་པ་ལག་ཏུ་བླང༌།།

འཁོར་གསུམ་མི་རྟོག་དམིགས་མེད་ལག་ཏུ་བླང༌།།

སེམས་བསྐྱེད་སྤེལ་བའི་དོན་ལ་བསླབ་པ་གཅེས།།

ཞེས་གསུངས་པ་སྟེ། ཚད་མེད་བཞིའི་ཐོག་ལ་དམིགས་པ་དང་དམིགས་པ་མེད་པ་གཉིས་བསྣན་ནས་དྲུག་གིས་འགྲོ་བ་དྲང་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་སྟེ། དེ་ཡང་རང་གི་རྩ་བའི་མ་ལ་དམིགས་ནས་དེ་གསོད་སར་ཁྲིད་པའི་སྡུག་བསྔལ་ལ་སོགས་པ་སེམས་ཐོག་ལ་ལེན་པའི་སྒོ་ནས་སྙིང་རྗེ་ལག་ཏུ་བླངས་ཏེ་འབྱོང་བར་བྱ། སེམས་ཅན་བདེ་ལ་འགོད་ཅིང་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་ལག་ཏུ་བླང༌བར་བྱ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་ཐོབ་པ་དང་མི་འབྲལ་བར་འདོད་པའི་དགའ་བ་དེ་ཉིད་གོམས་པར་བྱས་ནས་ལག་ཏུ་བླང༌བར་བྱ། སེམས་ཅན་ཐམས་ཅད་ལ་ཉེ་རིང་དང་ཆགས་སྡང་མེད་པའི་བཏང་སྙོམས་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུ་དེ་ཉིད་ལག་ཏུ་བླང༌བར་བྱ། སྒོམ་པའི་སྐབས་སུ་བཏང་སྙོམས་སྔོན་མར་བྱས་ནས་སྒོམ་པ་རྒྱུན་གྱི་སྔོན་འགྲོའི་སྐབས་ལྟར་དང་། རང་ལུགས་ཚད་མེད་བཞིའི་སྒོ་ནས་སྒོམ་པ་དང་ནི་རྒྱུ་འབྲས་ཡན་ལག་བདུན་ལྡན་དུ་སྒོམ་པ་གཉིས་ཀ་དོན་གཅིག་ལ་འབབ་པ་ཡིན། འདི་མ་བསྒོམས་ན་ཐེག་ཆེན་གྱི་ཆོས་ལམ་ལ་ཚུད་བྱེད་ཀྱི་སྨོན་པ་སེམས་བསྐྱེད་རྒྱུད་ལ་སྐྱེ་བ་མིན་པས། འདི་ཡིག་ངོ་ཙམ་ཡང་མི་ཤེས་པ་ཞིག་གིས་སྒོམ་ན་ཡང་སྒོམ་མི་ཤེས་པ་མེད་ལ། སྔར་མ་བསྒོམས་པས་འདི་ལྟ་བུའི་ཐ་མལ་དུ་ལྷག་པ་ཡིན། ད་ལྟ་མ་བསྒོམས་ན་ཡང་འདི་བཞིན་དུ་ལུས་པ་དང་། ད་དུང་ཕྱིན་ཆད་མ་བསྒོམས་ན་འཁོར་བ་མཐའ་མེད་དུ་འགྲོ་བ་ཡིན། དེས་ན་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སྔོན་དུ་ཚད་མེད་བཞི་སྒོམ་པར་གལ་ཆེའོ། །བྱང་ཆུབ་འཇུག་པའི་ཆོས་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་ཞུགས་ཏེ་དམིགས་པ་རྒྱ་ཆེན་པོ་ལག་ཏུ་བླང༌བར་བྱ། འཁོར་གསུམ་རྣམ་པར་མི་རྟོག་པའི་དམིགས་མེད་ཀྱི་སྟོང་བ་ཉིད་ཀྱི་དོན་དེ་ཉིད་ལག་ཏུ་བླང༌བར་བྱ་བ་སྟེ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་དེ་ཉིད་སྤེལ་བའི་དོན་ལ་བསླབ་པ་ནི་ཆོས་པ་ཞིག་ཡིན་ན་ཤིན་ཏུ་གཅེས་པའོ། །ད་དེ་དག་གི་དོན་བསྡུས་ནས་བཤད་ན། དང་པོ་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་རྣམ་པའི་མདུན་ནས། ཐེག་ཆེན་གྱི་ཆོས་བྱང་ཆུབ་ཀྱི་སེམས་རྩལ་དུ་བཏོན་ནས་ཉན་པ་དང་། དེ་དང་མཉམ་དུ་བློ་སྦྱོང་གི་ཚིག་དོན་རྣམས་བློ་ལ་བཟུང་ནས་བྱང་ཆུབ་པར་བྱེད་པའི་སྒོ་ནས་བློ་སྦྱོང་བ་དང་། དེའི་ཐོག་ལ་རང་ནུས་གང་ཡོད་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་བྱེད་པ་སྟེ། དེ་དག་གོང་འཛོམས་དུས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཡིན། དེ་ཡང་མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པའི་སྟོབས། །མི་བརྟན་པ་དང་བརྟན་འབྱུང་བ། །ཞེས་གསུངས་པའོ།།

༣༧༠ སངས་རྒྱས་ཆོས་དྲུག་ལེགས་པར་བསྒྲུབ་པ་བསྟན་པ།

སངས་རྒྱས་ཆོས་དྲུག་ལེགས་པར་བསྒྲུབ་པ་ནི།།

སེམས་ཅན་ཀུན་ལ་བརྩེ་བའི་མིག་གིས་བལྟ།།

བྱ་དང་མི་བྱའི་འདུ་བྱེད་ཇི་བཞིན་ཤེས།།

བྱང་ཆུབ་ཆེན་པོའི་ཡེ་ཤེས་ཇི་ལྟར་རྟོགས།།

སེམས་ཅན་དོན་དུ་འཁོར་བ་མི་སྤོང་ཞིང༌།།

རང་བཞིན་མི་རྟོག་འཁོར་བས་གོས་པ་མེད།།

སངས་རྒྱས་འདོད་ན་བརྩོན་པས་བསྒྲུབ་པ་སྟེ།།

རྒྱལ་སྲས་རྣམས་ཀྱི་ཕུན་ཚོགས་སྤྱོད་པ་ཡིན།།

ཞེས་གསུངས་པ་སྟེ། སངས་རྒྱས་ཆོས་དྲུག་ལེགས་པར་བསྒྲུབ་པ་ནི། སེམས་ཅན་མིག་གིས་རིག་དུས་སེམས་ཅན་དེ་དག་ཀུན་ལ་བརྩེ་བའི་མིག་གིས་བལྟ་ཞིང་འཛུམ་པའི་མདངས་ཀྱིས་བསུ་དགོས་པ་དང་། བྱ་འོས་པ་དང་མི་འོས་པའི་འདུ་བྱེད་གང་ཡིན་ཇི་བཞིན་ཤེས་པར་བྱ་བ་དང་། བྱང་ཆུབ་ཆེན་པོའི་ཡེ་ཤེས་དེ་ཇི་ལྟར་རྟོགས་པའི་ཚུལ་རྣམས་ཤེས་པར་བྱས་ནས་སྒྲུབ་པར་བྱེད་པ་དང་། སེམས་ཅན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་མྱོང་ཡང་དེ་མི་སྤོང་ཞིང༌། རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་བརྙེས་པས་ན་པདྨ་འདམ་གྱིས་མ་གོས་པ་བཞིན་དུ་འཁོར་བའི་སྐྱོན་གྱིས་གོས་པར་མེད་པར་བྱེད་པ་དང་། སངས་རྒྱས་འདོད་ན་བསྐལ་བ་ལ་སོགས་པའི་ཡུན་དུ་འབད་དགོས་ཀྱང་བརྩོན་པས་བསྒྲུབ་པར་བྱ་བ་སྟེ། དེ་དག་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུན་སུམ་ཚོགས་པའི་སྤྱོད་པ་ཡིན་ནོ།།

༣༧༡ བར་ཆད་དྲུག་གི་རང་བཞིན་སྤང་བ་བསྟན་པ།

བར་ཆད་དྲུག་གི་རང་བཞིན་སྤང་བ་ནི།།

ཐོས་ཉུང་གྲོང་ལ་སོགས་པར་འཇུག་པ་སྤང༌།།

སྲུང་སྡོམ་མི་ལྡན་གཞན་གྱི་བཀུར་སྟི་སྤང༌།།

དབང་པོ་མ་བསྡམས་བུད་མེད་ལྟ་བ་སྤང༌།།

མཉམ་པར་མ་བཞག་དབང་པོའི་འཇུག་པ་སྤང༌།།

ལུས་སེམས་རྩུབ་པས་མི་མཐུན་གནས་པ་སྤང༌།།

འཚོ་བ་མ་དག་ཚུལ་འཆོས་བཅོས་མ་སྤང༌།།

དེ་དག་མ་སྤངས་བདུད་ཀྱིས་བསླུས་པར་འགྱུར།།

ཞེས་གསུངས་པ་སྟེ། བར་ཆད་དྲུག་གི་རང་བཞིན་སྤང་བ་བསྟན་པ་ནི། ཐོས་པ་ཉུང་བའི་གང་ཟག་གྲོང་ལ་སོགས་པ་འདུ་འཛིའི་གནས་མ་དྲངས་དྲོལ་བའི་ཁྲོད་དུ་འཇུག་པ་སྤང༌བར་བྱ། སྲུང་སྡོམ་དང་མི་ལྡན་པའི་གང་ཟག་གིས་གཞན་གྱི་བཀུར་སྟི་སྤང༌དགོས་པ་ལས། མ་སྤངས་ན་སྐྱེ་བ་ཕྱི་མར་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པའི་གང་ཟག་གིས་བུད་མེད་དང་སྐྱེས་པ་མཚན་མི་མཐུན་པ་ལ་འདོད་པས་ལྟ་བ་སྤང༌བར་བྱ་བ་དང་། དུས་རྟག་ཏུ་མཉམ་པར་བཞག་པ་ཞིག་ཡིན་ན་མ་གཏོགས་ལ། མཉམ་པར་མ་བཞག་པ་དྲན་པའམ་ཤེས་བཞིན་མེད་པའི་གང་ཟག་གིས། དབང་པོའི་འཇུག་པ་སྟེ་ཡར་ལྟ་མར་ལྟའི་རྣམ་གཡེང་བྱེད་པ་སྤང་བར་བྱ་དགོས་པ་དང་། ལུས་སེམས་མཐུན་པོ་མ་ཡིན་པ་འགྲོགས་ན་མི་བདེ་བའི་གྲོགས་ཀྱིས་ལུས་སེམས་རྩུབ་པོར་བྱེད་པ་ཡིན་པས། མི་མཐུན་གྲོགས་དང་མཉམ་དུ་གནས་པ་སྤངས༌ནས་འགྲོགས་བདེ་བའི་གྲོགས་དང་མཉམ་པོར་སྡོད་པའམ། ཡང་ན་རང་ཉིད་གཅིག་པུར་འདུག་པར་བྱ་བ་དང་། འཚོ་བ་མ་དག་པ་ལོག་པའི་འཚོ་བ་ལ་འགྲོ་བར་བྱེད་པའི་ཚུལ་འཆོས་ལ་སོགས་པ་བཅོས་མ་ཐམས་ཅད་སྤང༌བར་བྱའོ། །དེ་དག་མ་སྤངས་ན་དེ་འདྲའི་གང་ཟག་དེ་བདུད་ཀྱིས་བསླུས་པར་འགྱུར་བ་ཡིན། བདུད་ཅེས་པ་ཁ་གདངས་མིག་ཅེར་སོང་བ་ཞིག་མིན་ལ། དེ་ལྟར་ཡིན་དགོས་པའི་ངེས་པའང་མེད། ཆོས་དང་འགལ་བར་བྱས་ཚེ་རང་གི་ལུས་སེམས་ཡིན་ཡང་བདུད་དུ་གྱུར་ནས་མཐར་ངན་སོང་ལ་འཕེན་པའོ།།

༣༧༢ ངན་པའི་གྲོགས་དྲུག་སྤང་བར་གདམས་པ་བསྟན་པ།

ངན་པའི་གྲོགས་དྲུག་སྤང་བར་གདམས་པ་ནི།།

འཇིག་རྟེན་རྒྱང་འཕེན་མུ་སྟེགས་ཅན་མི་འགྲོགས།།

སོ་སོ་སྐྱེ་བོ་འདི་དོན་གཉེར་མི་འགྲོགས།།

བརྩེ་མེད་རང་དོན་ཉན་ཐོས་རྣམས་མི་འགྲོགས།།

གཞན་ཕན་བློ་བྲལ་རང་རྒྱལ་འདོད་མི་འགྲོགས།།

ཟང་ཟིང་རྙེད་སྡུད་གཡེང་བར་གྱུར་མི་འགྲོགས།།

རྙེད་བཀུར་གྲགས་འདོད་འཁོར་མང་བསྟེན་མི་འགྲོགས།།

ངན་པ་འགྲོགས་ན་དེ་བས་ཆེས་ངན་འགྱུར།།

ཞེས་གསུངས་པ་སྟེ། ངན་པའི་གྲོགས་དྲུག་སྤང་བར་གདམས་པ་ནི། འཇིག་རྟེན་རྒྱང་དུ་འཕེན་པའི་མུ་སྟེགས་ཅན་དང་མི་འགྲོགས་པ་སྟེ། མདོར་ན་ལྟ་བ་རྟག་ཆད་ཅན་དང་། སྤྱོད་པ་ཕྱིན་ཅི་ལོག་པ་ཅན་དེ་དག་དབུལ་ཕྱུག་མཐོ་དམན་གང་ཡིན་ཡང་འགྲོག་པར་མི་རུང་སྟེ། དེའི་ལྟ་ངན་དང་སྤྱོད་ངན་རང་ལ་ཤུགས་ཀྱིས་འགོ་བ་ཡིན་པའི་ཕྱིར། སོ་སོ་སྐྱེ་བོ་ཚེ་འདིའི་དོན་ཏག་ཏག་གཉེར་བར་བྱེད་པ་དང་ཡང་འགྲོགས་པར་མི་བྱ་སྟེ། སྣང་བ་འདི་བསླུ་སྐྱེན་པ་དང་། རིག་པ་འདི་ཅོལ་ཆུང་བའི་དབང་གིས་ཡར་འདེགས་བརྒྱ་བས་མར་འཐེན་གཅིག་གིས་སྡུག་སྟེ་རང་ཉིད་ལ་ངན་སྐྱོན་འགོ་བ་ཡིན་པའི་ཕྱིར། བརྩེ་མེད་རང་འདོད་གཉེར་མཁན་གྱི་ཉན་ཐོས་རྣམས་དང་ཡང་འགྲོག་པར་མི་བྱ་སྟེ། འགྲོགས་ན་དེའི་ལྟ་སྤྱོད་འགོས་པའི་ཕྱིར། གཞན་ཕན་གྱི་བློ་དང་བྲལ་བའི་རང་རྒྱལ་འདོད་པའི་གང་ཟག་དང་ཡང་མི་འགྲོགས་པ་དང་། ལྟར་སྣང་གི་ཐེག་ཆེན་པ་ཡིན་ཡང་ཟང་ཟིང་རྙེད་པ་འབའ་ཞིག་སྡུད་པའི་གཡེང་བར་གྱུར་པ་དང་ཡང་འགྲོགས་པར་མི་བྱ། རྙེད་བཀུར་གྲགས་འདོད་ཅན་གྱི་གང་ཟག་ཆོས་བརྒྱད་དོན་གཉེར་གྱི་སྒོ་ནས་འཁོར་མང་པོ་བསྟེན་པའི་མི་དང་ཡང་མི་འགྲོགས་པ་སྟེ། དེ་ལྟ་བུའི་གྲོགས་ངན་པ་དག་དང་འགྲོགས་ན་ནམ་ཞིག་རང་ཡང་ངན་པར་འགྱུར་བས་མི་ཚད། དེ་བས་ཀྱང་ཆེས་ཆེར་ངན་པར་འགྱུར་ཉེན་ཡོད་པས་གྲོགས་ངན་པ་དང་མ་འགྲོགས་ཤིག།

༣༧༣ གཅེས་པའི་ཡོན་ཏན་རྣམ་དྲུག་བསྟན་པ།

གཅེས་པའི་ཡོན་ཏན་རྣམ་དྲུག་བསྟན་པ་ནི།།

བདག་མེད་རྟོགས་ལ་སེམས་ཅན་སྙིང་རྗེ་གཅེས།།

སྟོང་ཉིད་མོས་ལ་ལས་འབྲས་ཡིད་ཆེས་གཅེས།།

ཞི་བར་གནས་ལ་སྲིད་པར་མི་གནས་གཅེས།།

སྦྱིན་པ་གཏོང་ལ་རྣམ་སྨིན་མི་རེ་གཅེས།།

ཚུལ་ཁྲིམས་སྲུང་ལ་རློམ་སེམས་སྤང་བ་གཅེས།།

དགོན་པར་གནས་ལ་ཡོ་བྱད་སྐྱུང་བ་གཅེས།།

འདི་དྲུག་ལྡན་ན་དམ་ཆོས་ཚུལ་བཞིན་འགྲུབ།།

ཅེས་གསུངས་པ་སྟེ། གཅེས་པའི་ཡོན་ཏན་རྣམ་དྲུག་དེ་གང་ཡིན་ན། བདག་མེད་ཀྱི་དོན་རྟོགས་པའི་སྟོང་ཉིད་རྒྱུད་ལ་སྐྱེ་བ་ལ་སེམས་ཅན་ལ་སྙིང་རྗེ་བྱེད་པ་དེ་ཤིན་ཏུ་གཅེས་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པའི་ཕྱིར། སྟོང་ཉིད་དུ་མོས་པ་རྣམས་ལ་ལས་འབྲས་ཡིད་ཆེས་གཅེས་པར་བྱ་སྟེ། སྟོང་ལྟ་ཧད་པོ་རྒྱུ་འབྲས་མི་འཛེམ་པའི་ཕྱོགས་སུ་གོལ་བ་ལ་གཟབ་པར་བྱ་དགོས་པའི་ཕྱིར། ཞི་བར་གནས་པ་མྱ་ངན་ལས་འདས་པ་དོན་དུ་གཉེར་མཁན་ལ་སྲིད་པར་མི་གནས་པ་སྟེ་འཇིག་རྟེན་ལ་མ་ཆགས་པ་གཅེས། སྦྱིན་པ་གཏོང་བ་རྣམས་ཀྱིས་ལན་དང་རྣམ་སྨིན་ལ་མི་རེ་བ་ཤིན་ཏུ་གཅེས། ཚུལ་ཁྲིམས་སྲུང་མཁན་རྣམས་ལ་རང་གི་ཚུལ་ཁྲིམས་སྲུང་བ་དེ་ཉིད་མཆོག་ཏུ་འཛིན་པའི་རློམ་སེམས་མེད་པར་གཅེས། དགོན་པའམ་དབེན་པར་གནས་པའི་གང་ཟག་ལ་ཡོ་བྱད་མང་པོ་ནི་གཡེང་བའི་རྒྱུ་ཡིན་པས་ཡོ་བྱད་སྐྱུང་བ་གཅེས་ཏེ། སྦྱངས་ཡོན་ལ་གནས་པས་ཡོ་བྱད་སྙུང་བར་བྱ་དགོས་པའི་ཕྱིར། འདི་དྲུག་པོ་དེ་སུ་ལ་ལྡན་ན་དམ་ཆོས་ཚུལ་བཞིན་དུ་འགྲུབ་པའོ།།

༣༧༤ དམ་ཆོས་བསྟེན་པའི་དགོས་པ་རྣམ་དྲུག་བསྟན་པ།

དམ་ཆོས་བསྟེན་པའི་དགོས་པ་རྣམ་དྲུག་ནི།།

རང་གཞན་ཀུན་གྱི་ཤེས་རབ་སྦྱང་བ་དང༌།།

འཁོར་དུ་འདུས་པའི་ཐེ་ཚོམ་བཅད་པ་དང༌།།

བསྟན་པ་སྐྱོང་ཞིང་དམ་ཆོས་འཛིན་པ་དང༌།།

བླང་དོར་དམིགས་ཤེས་ལོག་པའི་ལམ་ལྡོག་དང༌།།

མཐོ་དམན་ཁྱད་ཤེས་ཟབ་མོའི་ལམ་འཇུག་དང༌།།

གྲུབ་པའི་མཐའ་ཤེས་གོལ་སྒྲིབ་ཆོད་པ་སྟེ།།

ཆོས་སྨྲ་རྣམས་ཀྱིས་བརྩོན་པའི་དགོས་པ་ཡིན།།

ཞེས་གསུངས་པ་སྟེ། དམ་ཆོས་བསྟེན་པའི་དགོས་པ་རྣམ་དྲུག་དེ་གང་ཡིན་ན། རང་གཞན་ཀུན་གྱི་ཤེས་རབ་ཡར་འཕེལ་ཞིང་རྨོངས་པ་མར་སྦྱང་བ་དང་། འཁོར་དུ་འདུས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་བཅད་པ་དང༌། སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སེམས་འཛིན་ཞིང་དམ་པའི་ཆོས་འཛིན་པ་ལ་འཇུག་པ་དང༌། ལེགས་ཉེས་བླང་དོར་གྱི་དམིགས་སམ་གནད་ཤེས་པས་ལོག་པའི་ལམ་ལས་ལྡོག་པ་དང༌། ཐེག་པའི་མཐོ་དམན་གྱི་ཁྱད་པར་ཤེས་ནས་གང་ཟབ་མོའི་ལམ་དེ་ཉིད་ལ་འཇུག་དང༌། གྲུབ་པའི་མཐའ་གོང་འོག་ཐམས་ཅད་ཀྱི་གནད་ཤེས་ཤིང་འོག་མར་གོལ་བའི་སྒྲིབ་པ་ཆོད་པ་སྟེ། དེ་དག་ནི་ཆོས་སྨྲ་བ་དང་། ཉན་པ་དང་། ཀློག་པ་པོ་རྣམས་ཀྱིས་བརྩོན་པར་བྱ་དགོས་པ་ཡིན་ནོ།།

༣༧༥ སངས་རྒྱས་རྣམས་དང་ཕྲད་པའི་ཆོས་དྲུག་བསྟན་པ།

སངས་རྒྱས་རྣམས་དང་ཕྲད་པའི་ཆོས་དྲུག་ནི།།

བསླབ་གསུམ་ཚུལ་ཁྲིམས་རྣམ་དག་བསྲུང་བ་དང་།།

རྩེ་གཅིག་ཏིང་འཛིན་རྒྱལ་བའི་སྐུར་བསྒོམ་དང༌།།

མོས་གུས་མཆོད་བསྟོད་བཟླས་པ་རྟག་བརྩོན་དང༌།།

བྱ་བྱེད་གཡེང་བོར་སེམས་ཉིད་བལྟ་བ་དང༌།།

ཉོན་མོངས་མེད་ཀྱང་སྲིད་ན་སྐྱེ་བ་ལེན།།

གཡེལ་མེད་བརྩོན་པ་དགེ་བའི་ཕྱོགས་ལ་འབད།།

ལྷག་བསམ་རྣམ་དག་བཟང་པོའི་སྨོན་ལམ་འདེབས།།

འདི་དྲུག་བརྩོན་ན་རྒྱལ་བས་རྗེས་སུ་འཛིན།།

ཞེས་གསུངས་པ་སྟེ། སངས་རྒྱས་རྣམས་དང་ཚེ་རབས་ཀུན་ཏུ་ཕྲད་པར་བྱེད་པའི་ཆོས་དྲུག་ནི། ཚུལ་ཏིང་ཤེར་གྱི་བསླབ་པ་གསུམ་གྱི་ཚུལ་ཁྲིམས། སོ་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་རྣམ་པར་དག་པ་བསྲུང་བ་དང་ནི། མི་གཡེང་བར་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་སྒོ་ནས་བསྐྱེད་རིམ་རྒྱལ་བའི་སྐུ་བསྒོམ་པ་དང༌། མོས་གུས་ཀྱི་སྒོ་ནས་མཆོད་བསྟོད་དང་ལྷའི་སྲོག་སྔགས་ཀྱི་བཟླས་པ་ལ་རྟག་ཏུ་བརྩོན་པ་དང༌། འཇིག་རྟེན་གྱི་བྱ་བ་བྱེད་པའི་གཡེང་བ་བོར་ནས་སེམས་ཉིད་ཀྱི་ངོ་བོ་བལྟ་བ་དང༌། རང་ཉིད་ལ་ཉོན་མོངས་མེད་པས་ལས་ཉོན་གྱི་དབང་གིས་མ་ཡིན་པར་སྲིད་པའི་གནས་སུ་སེམས་ཅན་གྱི་དོན་དུ་སྐྱེ་བ་ལེན་པ་སྟེ། དེ་ཡང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པ་དང་། དབང་བཅུ་ཐོབ་སྟེ་སྐྱེ་བ་ལ་དབང་བས་རང་དབང་གིས་སྐྱེ་བ་འཛིན་པ་སྟེ་གང་རུང་ལ་གོ་ཆོག་ཀྱང་གཙོ་བོ་སྨོན་ལམ་གྱི་དབང་གིས་སྐྱེ་བ་འཛིན་པ་ལ་གོ་འདུག་སྙམ། གཡེལ་བ་མེད་པར་བརྩོན་པ་དེ་དཀར་པོ་དགེ་བའི་ཆོས་ཕྱོགས་ལ་འབད་པ་བྱེད་པ་དང་། དུས་རྒྱུན་དུ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས། ནམ་ཡང་སངས་རྒྱས་བྱོན་པ་དང་མཇལ་བ་དང་། དམ་པའི་ཆོས་གནས་པ་དང་། འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བ་ལ་སོགས་པ་བཟང་པོའི་སྨོན་ལམ་འདེབས་པ་སྟེ། འདི་དྲུག་ལ་བརྩོན་ན་རྒྱལ་བས་རྗེས་སུ་འཛིན་པ་ཡིན་ནོ།།

༣༧༦ སྲོག་ལ་བབས་ཀྱང་མི་གཏོང་རྣམ་དྲུག་བསྟན་པ།

སྲོག་ལ་བབས་ཀྱང་མི་གཏོང་རྣམ་དྲུག་ནི།།

གཞན་དོན་རྫོགས་པའི་བྱང་ཆུབ་སེམས་མི་གཏོང༌།།

ཐུབ་པའི་བསྟན་པ་དམ་པའི་ཆོས་མི་གཏོང༌།།

འཁོར་བར་འཁྱམས་པའི་སེམས་ཅན་བློས་མི་གཏོང༌།།

སྒྲིབ་སྦྱོང་སྙིང་པོ་དགེ་བའི་རྩ་མི་གཏོང༌།།

ལམ་འདྲེན་བླ་མ་ཡི་དམ་ལྷ་མི་གཏོང༌།།

འཕགས་ལམ་ས་སྦྱོང་མཐོན་པོའི་ལམ་མི་གཏོང༌།།

ཞེས་གསུངས་པ་སྟེ། སྲོག་ལ་བབས་ཀྱང་མི་གཏོང་བར་བྱེད་པའི་དོན་རྣམ་པ་དྲུག་ནི། སྲོག་ལ་བབས་ཀྱང་སྐྱེ་བར་དཀའ་བའི་གཞན་དོན་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་གཏོང༌བ་དང་། ཐུབ་པའི་བསྟན་པ་དང་དམ་པའི་ཆོས་ཀྱང་དེ་བཞིན་མི་གཏོང༌བ་དང་། སྲོག་ལ་བབས་ཀྱང་འཁོར་བར་འཁྱམས་པའི་སེམས་ཅན་གྱི་རིགས་བློས་མི་གཏོང༌བ་དང་། སྲོག་ལ་བབས་ཀྱང་སྒྲིབ་སྦྱོང་གི་སྙིང་པོ་དགེ་བའི་རྩ་བ་དེ་ཉིད་མི་གཏོང༌བ་དང་། ལམ་སྣ་འདྲེན་པའི་བླ་མ་དང་ཡི་དམ་གྱི་ལྷ་མི་གཏོང༌བ་དང་། འཕགས་པའི་ལམ་གྱི་ས་སྦྱངས་ནས་མཐོན་པོའི་ལམ་ལ་བརྩོན་པ་མི་གཏོང༌བ་སྟེ། འདི་ཚོ་ཐག་རིང་གི་སྐད་ཆ་རེད་བསམ་རྒྱུ་མེད་པར་ད་ལྟ་སོ་སྐྱེ་ལས་དང་པོ་བའི་སྐབས་སུའང་སྨོན་པའི་ཡུལ་དུ་བྱས་ནས་རིམ་གྱིས་འཕགས་ལམ་ལ་འཇུག་པ་སྲོག་ལ་བབས་ཀྱང་གཏོང་མི་རུང་ངོ་།།

༣༧༧ གཉེན་པོ་སྟོབས་སུ་གྱུར་པའི་ཆོས་དྲུག་བསྟན་པ།

གཉེན་པོ་སྟོབས་སུ་གྱུར་པའི་ཆོས་དྲུག་ནི།།

ཇི་ལྟར་ཕོངས་ཀྱང་དགེ་སྦྱོར་མི་འདོར་དང༌།།

ཇི་ལྟར་བཟང་ཡང་ངན་པ་མི་བརྙས་དང༌།།

སྐུལ་མཁན་མེད་ཀྱང་གཞན་གྱི་ཐར་ལམ་འདྲེན།།

ཕན་པ་བཏགས་ཀྱང་ལན་ལ་རེ་བ་མེད།།

གནོད་པ་བསྐྱལ་ཡང་གནོད་ལན་ཁོང་ཁྲོ་མེད།།

དྲན་དང་ཤེས་བཞིན་གཉེན་པོ་སྤྱོད་པའོ།།

ཞེས་གསུངས་པ་སྟེ། གཉེན་པོ་སྟོབས་སུ་གྱུར་པའི་ཆོས་དྲུག་དེ་གང་ཡིན་ན། ཇི་ལྟར་ཕོངས་ཤིང་དབུལ་བར་གྱུར་ཀྱང་དགེ་སྦྱོར་མི་འདོར་བ་དང༌། རང་ཉིད་ཇི་ལྟར་བཟང་ནས་གོ་ས་མཐོན་པོར་སླེབས་ཀྱང་ངན་པ་དང་དམན་པར་མི་བརྙས་པ་སྟེ། ངན་ལ་བརྙས་བཅོས་བྱེད་མཁན་གྱིས་ཁོ་རང་ངན་པ་ཡིན་པའི་རྟགས་སྟོན་པ་ཡིན་པས། ངན་པ་རྣམས་མཐོ་ས་ལ་ཐོན་དུས་རང་བས་དམའ་བ་ལ་བརྙས་བཅོས་བྱེད་པ་ཡིན། སྐུལ་མཁན་དང་ཟེར་མཁན་སུ་ཡང་མེད་ཀྱང་། མ་བསྐུལ་བཞིན་དུ་མ་འདྲིས་པའི་མཛའ་བཤེས་ཀྱི་ཚུལ་དུ་གཞན་གྱི་ཐར་བའི་ལམ་སྣ་འདྲེན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་མཛད་པ་རེད། ཕན་པ་ཕར་ལ་བཏགས་ཀྱང་ལན་ཚུར་ལ་ཡོང་བའི་རེ་བ་མེད་པས་མ་ཚད་དེའི་རྣམ་སྨིན་ལ་ཡང་རེ་བ་མེད་པར་བྱེད་དགོས་པ་དེས་ན་ཆོས་བརྒྱད་དང་མ་འདྲེས་པ་དང་། རང་འདོད་ཡིད་བྱེད་དང་མ་འདྲེས་པ་དང་། དམིགས་མེད་ཀྱི་རྩིས་ཟིན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་རྣམས་གལ་ཆེའོ། །ཐེག་པ་ཆེན་པོའི་སྐབས་སུ་འདོད་ཆགས་ཀྱི་ལས་བརྒྱ་བས། ཁོང་ཁྲོའི་ལས་གཅིག་གིས་ཚབས་ཆེ་བ་ཡིན་པས། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་བཞིན་དུ་གནོད་པ་བསྐྱལ་ཡང་གནོད་ལན་ལ་ཁོང་ཁྲོ་མེད་པར་བྱས་ནས་དྲན་པ་དང་ཤེས་བཞིན་གྱི་གཉེན་པོ་ལ་སྤྱད་པར་བྱའོ།།

༣༧༨ བྱང་ཆུབ་ཆོས་འགྲུབ་ཐབས་མཁས་རྣམ་དྲུག་བསྟན་པ།

བྱང་ཆུབ་ཆོས་འགྲུབ་ཐབས་མཁས་རྣམ་དྲུག་ནི།།

སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་ལྟ།།

འདུ་བྱེད་ཐམས་ཅད་ཇི་ལྟར་ཤེས་པ་དང༌།།

ཉོན་མོངས་མེད་ཀྱང་སྲིད་ན་སྐྱེ་བ་ལེན།།

དེ་ཡང་འགྲོ་ལ་ཕན་པ་མི་འདོར་དང་།།

སངས་རྒྱས་ཡེ་ཤེས་འདོད་ལ་རབ་ཏུ་བརྩོན།།

ཐམས་ཅད་དམིགས་མེད་མཁའ་ལྟར་ཤེས་པ་དང༌།།

བྱང་ཆུབ་བསྔོ་བ་ཐབས་མཁས་སྤྱོད་པ་ཡིན།།

ཞེས་གསུངས་པ་སྟེ། བྱང་ཆུབ་ཀྱི་ཆོས་འགྲུབ་པར་བྱེད་པའི་ཐབས་མཁས་རྣམ་པ་དྲུག་ནི། རིས་མེད་པའི་སེམས་ཅན་ཀུན་ལ་བྱམས་པ་དང་སྙིང་རྗེ་ལྟ་བ་དང་། འདུ་བྱེད་ཀྱི་ཆོས་ཐམས་ཅད་ཇི་ལྟར་ཡིན་པ་དེ་ལྟར་ཤེས་པ་དང༌ནི། ཉོན་མོངས་མེད་ཀྱང་སྨོན་ལམ་དང་དབང་འབྱོར་བའི་སྟོབས་ཀྱིས་སྲིད་ན་སྐྱེ་བ་ལེན་པ་དང་། སྐྱེ་བ་འཛིན་པའི་སྐབས་དེ་ལ་ཡང་འགྲོ་ལ་ཕན་བདེ་སྒྲུབ་པ་མི་འདོར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འདོད་ཅིང་དེ་ལ་རབ་ཏུ་བརྩོན་པ་དང་། ཆོས་ཐམས་ཅད་དམིགས་པ་མེད་པ་མཁའ་ལྟར་ཤེས་པ་སྟེ། དེ་དག་ནི་བྱང་ཆུབ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་མཁས་ཀྱི་སྤྱོད་པ་ཡིན་ནོ།།

༣༧༩ ཐབས་ཆེན་དྲུག་གི་རིམ་པ་བསྟན་པ།

ཐབས་ཆེན་དྲུག་གི་རིམ་པ་བསྟན་པ་ནི།།

དགེ་བ་ཆུང་ངུ་ཆེན་པོར་བསྒྱུར་བའི་ཐབས།།

ཅུང་ཟད་བསྔོ་དང་རྗེས་སུ་ཡི་རང་བྱེད།།

ཚེགས་ཆུང་བསོད་ནམས་ཆེན་པོ་བསྒྲུབ་པའི་ཐབས།།

འཕགས་པའི་གཉེན་གནས་གཞན་དག་ལམ་དུ་འཇུག།

གཞན་གྱི་ཞེ་འགྲས་ཁོང་ཁྲོ་སེལ་བའི་ཐབས།།

སེམས་ཅན་མཐུན་འཇུག་ལས་བཞིས་ཕན་འདོགས་བྱེད།།

ཐ་མལ་འགྲོ་བ་བསྟན་ལ་དྲང་བའི་ཐབས།།

མཐུན་པའི་གཏམ་སྨྲ་ཟས་གོས་ལོངས་སྤྱོད་སྦྱིན།།

ལམ་ཞུགས་སྐྱེ་བོ་སྨིན་པར་བྱེད་པའི་ཐབས།།

གང་མོས་བློ་ཁྲིད་ཐེག་ཆེན་བསྔགས་པ་བརྗོད།།

སྨིན་པ་དེ་དག་གྲོལ་བར་བྱེད་པའི་ཐབས།།

ཟབ་ཅིང་རྒྱ་ཆེན་གནད་འགྲོའི་ཆོས་རབ་བསྟན།།

དེ་དག་དང་ལྡན་གཞན་དོན་དཀའ་བ་མེད།།

ཅེས་གསུངས་པ་སྟེ། ཐབས་ཆེན་དྲུག་གི་རིམ་པ་བསྟན་པ་དེ་གང་ཡིན་ན། དགེ་བའི་གཟུགས་བརྙན་ཆུང་ངུ་ཡང་དོན་དུ་ཆེན་པོར་བསྒྱུར་བའི་ཐབས་ནི། དགེ་བ་ཅུང་ཟད་ཡིན་ཡང་བྱང་ཆུབ་མཆོག་ཏུ་བསྔོ་བ་དང་། རྗེས་སུ་ཡི་རང་བྱེད་པ་གཉིས་ཡིན་པ་དང་། ཚེགས་དཀའ་ལས་ཆུང་ཆུང་ཞིག་གིས་བསོད་ནམས་ཆེན་པོ་སྒྲུབ་པའི་ཐབས་དེ་གང་ཞེ་ན། འཕགས་པའི་གཉེན་བསྟེན་ཞིང་དེའི་ཐབས་ལ་རང་ཉིད་གནས་པ་དང་། གཞན་དག་ཀྱང་དེའི་ལམ་དུ་འཇུག་པའོ། །གཞན་གྱི་ཞེ་འགྲས་དང་ཁོང་ཁྲོ་སེལ་བའི་ཐབས་དེ་གང་ཡིན་ན། སེམས་ཅན་གཞན་ལ་མཐུན་པར་འཇུག་ཅིང་ལས་བཞི་སྟེ། བསྡུ་བ་རྣམ་བཞིའམ། ཞི་རྒྱས་དབང་དྲག་གི་ལས་བཞི་ཡི་སྒོ་ནས་ཕན་འདོགས་པར་བྱེད་པའོ། །ཐ་མལ་གྱི་འགྲོ་བ་སོ་སྐྱེ་རང་རྒྱུད་པ་བསྟན་པ་ལ་ཁ་དྲང་བའི་ཐབས་ནི། མཐུན་པའི་གཏམ་སྨྲ་ཟས་གོས་ལོངས་སྤྱོད་སྦྱིན་པར་བྱེད་པ་སྟེ། གང་ཟག་གི་ཁམས་དབང་དང་བསྟུན་ནས། ལ་ལ་ལ་མཐུན་པའི་གཏམ་སྨྲས་ནས་བསྟན་པའི་ཆོས་སྒོ་ལ་ཞུགས་ཐབས་བྱེད་པ་དང་། ལ་ལ་ལ་ཟས་གོས་ལོངས་སྤྱོད་སྦྱིན་ནས་ཡང་བསྟན་ལ་བཀྲི་བར་བྱེད་དགོས་སོ། །ལམ་ལ་ཞུགས་ཟིན་གྱི་སྐྱེ་བོ་སྨིན་པར་བྱེད་པའི་ཐབས་ཇི་ལྟར་དགོས་ཤེ་ན། དང་པོ་གང་མོས་ཀྱི་ཆོས་བཤད་ནས་རིམ་གྱིས་བློ་ཁྲིད་པའི་རྗེས་སུ། ཐེག་ཆེན་ལམ་གྱི་བསྔགས་པ་བརྗོད་ནས་ཐེག་པ་ཆེན་པོ་ལ་འཛུད་པར་བྱེད་པ་དང་། ཐེག་ཆེན་གྱི་ལམ་ལ་ཞུགས་པའི་གང་ཟག་སྨིན་ཟིན་པ་དེ་དག་གྲོལ་བར་བྱེད་པའི་ཐབས་དེ་གང་ཡིན་ན། ཟབ་པ་སྟོང་ཉིད་ཀྱི་དོན་སྟོན་པ་དང་། རྒྱ་ཆེ་བ་ས་ལམ་གྱི་རྣམ་བཞག་ལ་སོགས་པ་གནད་དུ་འགྲོ་བའི་ཆོས་རབ་ཏུ་བསྟན་པ་སྟེ། བསྡུ་བའི་དངོས་པོ་བཞི་དང་འབྲེལ་བའི་ཐབས་ཆེན་དེ་དག་དང་ལྡན་ན་གཞན་དོན་བྱེད་རྒྱུ་ལ་དཀའ་བ་མེད་དོ།།

༣༨༠ མི་མཐུན་ལམ་དུ་འཇུག་པའི་ཐབས་དྲུག་བསྟན་པ།

མི་མཐུན་ལམ་དུ་འཇུག་པའི་ཐབས་དྲུག་ནི།།

མཐུན་པར་འཇུག་ཐབས་རང་སྤྱོད་ཞི་དུལ་གྱིས།།

གཞན་བསྟོད་ཡི་རང་མཐུན་པས་དེ་ནས་འཇུག།

བསྒྲག་ཅིང་འགེང་ཐབས་ཚུལ་བཞིན་ཁྱེད་བསྒྲུབས་ན།།

མཐུན་རྐྱེན་སྒྲུབ་ཅེས་དམ་པའི་ཆོས་ལ་འཇུག།

མི་མཐུན་འཁྲུག་ཐབས་རེ་ཞིག་ཁྲོ་ཚུལ་དང༌།།

ཅུང་ཟད་གནོད་བྱ་དམ་པའི་ཆོས་ལ་གཞུག།

སྡིགས་པའི་ངན་ཐབས་ཕན་སེམས་སྡིགས་མོ་ཡིས།།

ཚོམ་རྔམས་བྱ་ཞིང་ཚུལ་བཞིན་ལམ་དུ་གཞུག།

ལན་འདོད་ཐབས་ནི་དྲིན་འོག་བཙུད་ལ་གཞུག།

རྣམ་དག་ཐབས་ནི་རྣམ་འཕྲུལ་འགྲོ་དོན་ཏེ།།

རྒྱལ་སྲས་རྣམས་ཀྱིས་ཐབས་མཁས་གཞན་ཕན་བྱ།།

ཞེས་གསུངས་པ་སྟེ། མི་མཐུན་པའི་གང་ཟག་དེ་སྔོན་ལམ་དུ་མ་ཞུགས་པ་དེ་ལམ་ལ་འཇུག་པའི་ཐབས་དྲུག་ནི། མཐུན་པར་འཇུག་པའི་ཐབས་ལ་ཐོག་མར་རང་ཉིད་ཀྱི་སྤྱོད་ལམ་དེ་ཞི་དུལ་དང་བ་འདྲེན་པ་ཞིག་གྱིས་ཤིག་དང་། དེ་ནས་གཞན་ཕ་རོལ་པོའི་སེམས་མགུ་ནས་བསྟོད་བསྔགས་དང་ཡི་རང་བྱེད་པ་ཞིག་ཏུ་ཆགས་ཚེ་མཐུན་པ་ཡིན་པས་དེ་ནས་དེ་ཡང་རིམ་གྱིས་འཇུག་པ་ཡིན་པ་དང་། དང་པོ་གོ་བར་བྱེད་པའི་གཏམ་བསྒྲག་ཅིང་འགེང་ཐབས་ཏེ་ཕ་རོལ་པོ་མགུ་ཞིང་སེམས་གང་བར་བྱས་ཏེ་དེ་ནས་གང་བསྒྲགས་པ་དེ་ཚུལ་བཞིན་དུ་ཁྱོད་ཀྱིས་བསྒྲུབས་ན། མཐུན་རྐྱེན་གང་དང་གང་དགོས་པ་སྒྲུབ་ཅེས་དམ་པའི་ཆོས་ལ་འཇུག་པར་བྱེད་པ་དང་། མི་མཐུན་པའི་འཁྲུག་ཐབས་ཀྱིས་ཆོས་ལ་བསྐུལ་བའི་ཐབས་ནི། རེ་ཞིག་དང་པོར་ཁྲོ་བའི་ཚུལ་དང༌བཅས་པས་ཅུང་ཟད་གནོད་པར་བྱ་བའི་ཚུལ་བྱས་ནས་དམ་པའི་ཆོས་ལ་གཞུག་པར་བྱ་བ་དང་། སྡིགས་པའི་ངན་ཐབས་ཀྱིས་ལམ་ལ་འཇུག་པ་ནི། བསམ་པ་ཕན་སེམས་ཀྱི་ཐོག་ནས་ལྟར་སྣང་ལ་སྡིགས་མོ་བྱས་པ་ཡིས། ཚོམ་རྔམས་ཏེ་སྐྲག་སེམས་བསླང་བར་བྱ་ཞིང་། དེ་ནས་ཕན་སེམས་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་རྣམ་པ་དྲག་པོའི་སྒོ་ནས་ཚུལ་བཞིན་ལམ་དུ་གཞུག་པ་དང་། ཕར་ལ་ཕན་ཞིག་འདོགས་ན་ཚུར་ལ་ཕན་ལན་ཞིག་བྱེད་པ་ཡིན་པ་དེ་ལྟ་བུའི་ཕན་འདོད་ཀྱི་ཐབས་ཀྱིས་ལམ་ལ་འཇུག་པ་ནི། དང་པོ་ཕན་བཏགས་ནས་དྲིན་འོག་ཏུ་འཛུད་པར་བྱེད་པ་སྟེ། དེ་ཡང་མི་ཐ་ཤལ་བ་ཕར་ལ་ཕན་བཏགས་ཀྱང་ཚུར་ལ་གནོད་པར་བྱེད་པ་ཞིག་མིན་ཚེ་དྲིན་ལན་འཇལ་བ་ཡིན་པས་དེ་ལྟ་བུའི་ཐོག་ནས་ཆོས་ལམ་ལ་གཞུག་པ་དང་། རྣམ་པར་དག་པའི་ཐབས་མཆོག་ཏུ་གྱུར་པ་ནི་རྣམ་པར་འཕྲུལ་བའམ་སྤྲུལ་བས་གདུལ་བྱ་ལམ་ལ་འཇུག་པའི་འགྲོ་དོན་བྱེད་པ་སྟེ། རྒྱལ་སྲས་རྣམས་ཀྱིས་དེ་ལྟ་བུའི་ཐབས་མཁས་སྣ་ཚོགས་ཀྱི་སྒོ་ནས་གཞན་ཕན་གྱི་བྱ་བ་བསྒྲུབ་པར་བྱའོ།།

༣༨༡ རྒྱ་ཆེན་དོན་ལ་བསླབ་པའི་ཆོས་དྲུག་བསྟན་པ།

རྒྱ་ཆེན་དོན་ལ་བསླབ་པའི་ཆོས་དྲུག་ནི།།

འཁོར་བ་ཇི་སྲིད་འགྲོ་ལ་ཕན་འདོད་དང༌།།

ཞེ་སྡང་འཚེ་མེད་ཀུན་ལ་བྱམས་སེམས་དང༌།།

རྨོངས་མེད་ཐབས་ཀྱིས་འགྲོ་བ་བསྒྲལ་འདོད་དང༌།།

ཕྲག་དོག་མེད་བློས་མཉམ་ཉིད་བདེ་འགོད་དང༌།།

ང་རྒྱལ་རློམ་མེད་གཞན་དོན་འབའ་ཞིག་དང༌།།

སེར་སྣའི་འཁྲིས་མེད་དགེ་ཚོགས་བཏང་བློ་དང༌།།

ལྡན་པས་ཕན་བདེ་བྱེད་པ་བསླབ་པ་གཅེས།།

ཞེས་གསུངས་པ་སྟེ། རྒྱ་ཆེན་དོན་ལ་བསླབ་པའི་ཆོས་དྲུག་དེ་གང་ཡིན་ན། འཁོར་བ་ཇི་སྲིད་ནམ་མཁའ་མ་ཞིག་གི་བར་དུ་འགྲོ་ལ་ཕན་པར་འདོད་ནས་བསླབ་པ་འབྲེལ་བ་བཞི་ལྡན་དང་། ཞེ་སྡང་གིས་ཀུན་ནས་བསླངས་པའི་འཚེ་བ་མེད་པར་ཀུན་ལ་བྱམས་སེམས་དང༌ལྡན་པ་དང་། རྨོངས་པ་མེད་པའི་ཤེས་རབ་ཀྱི་སྣང་བ་བསྟེན་ནས་ཐབས་གང་ལ་གང་འདུལ་གྱིས་འགྲོ་བ་བསྒྲལ་བར་འདོད་པ་དང༌ནི། ཕྲག་དོག་མེད་པའི་བློས་ཐམས་ཅད་མཉམ་པ་ཉིད་ཀྱིས་བདེ་བ་ལ་འགོད་པ་དང༌། ང་རྒྱལ་དང་རློམ་སེམས་མེད་པར་གཞན་དོན་འབའ་ཞིག་སྤྱོད་པ་དང༌། ལོངས་སྤྱོད་དང་དམ་པའི་ཆོས་ཕྱོགས་ནས་སེར་སྣའི་འཁྲིས་མེད་པར་དགེ་ཚོགས་བཏང་བའི་བློ་དང་ལྡན་པ་དང་། འདི་དག་གི་སྐབས་སུ་གཞན་དོན་སྒྲུབ་པ་དང་གཞན་ཕན་སྤྱོད་དགོས་པ་འབའ་ཞིག་གསུངས་པ་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་སྙིང་པོ་ཡིན་པས་ཏེ། སངས་རྒྱས་བཅོམ་ལྡན་འདས་སློབ་པ་ལམ་ལ་ཡོད་པའི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་མང་པོ་ལ་ཚོགས་བསགས་དགོས་དོན་ཡང་གཞན་ཕན་གྱི་ཆེད་དང་། སངས་རྒྱས་ནས་ཆོས་འཁོར་རིམ་པ་གསུམ་བསྐོར་དོན་ཡང་གཞན་ཕན་གྱི་ཆེད་དང་། ད་ལྟ་སངས་རྒྱས་ཀྱི་བསྟན་པ་གནས་ནས་འཇིག་རྟེན་གྱི་ཁམས་ལ་སངས་རྒྱས་ཀྱི་བསྟན་པ་ཡོད་རྒྱུ་དེ་ཡང་གཞན་ཕན་གྱི་ཆེད་དང་། བསྟན་འཛིན་གྱི་སྐྱེས་བུའི་མཛད་པ་ཡང་གཞན་ཕན་གྱི་མཛད་པ་གཅིག་པོ་ལས་མ་འདས་པ་ཞིག་ཡིན་པ་དེས་ན་ཐེག་ཆེན་གྱི་ལམ་ལ་ཞུགས་ནས་ཕན་བདེ་བྱེད་པ་ལ་བསླབ་པ་ཤིན་ཏུ་གཅེས་སོ།།

༣༨༢ བདག་འཛིན་རྩད་ནས་གཅོད་པའི་ཆོས་དྲུག་བསྟན་པ།

བདག་འཛིན་རྩད་ནས་གཅོད་པའི་ཆོས་དྲུག་ནི།།

རྒྱལ་རྣམས་བདག་གི་མགོན་སྐྱབས་བྱེད་པ་བཞིན།།

བདག་གིས་དེ་དག་གྲོགས་སུ་ཅི་འགྲོ་བྱ།།

རྒྱལ་སྲས་ཚོགས་རྣམས་མགོན་སྐྱབས་བྱེད་པ་བཞིན།།

བདག་གིས་དེ་དག་གྲོགས་སུ་གཞན་ཕན་སྒྲུབ།།

དམ་ཅན་རྣམས་ཀྱིས་བདག་གི་གྲོགས་བྱེད་བཞིན།།

བདག་གིས་དེ་དག་དམ་ཚིག་སྟོང་གྲོགས་བྱ།།

སངས་རྒྱས་ཆོས་རྣམས་མགོན་སྐྱབས་གྱུར་པ་བཞིན།།

བདག་གིས་ཆོས་ཀྱི་གྲོགས་གྱུར་ལེགས་བསྒྲུབ་བྱ།།

བརྩེ་བའི་རང་བཞིན་བདག་གི་གྲོགས་གྱུར་བཞིན།།

བདག་གིས་དེ་དག་གྲོགས་གྱུར་དགེ་ལ་འབད།།

དམ་པའི་བླ་མ་བདག་གི་མགོན་གྱུར་བཞིན།།

བདག་གིས་སེམས་ཅན་མགོན་གྱུར་ཕན་བྱེད་བྱ།།

སྙམ་དུ་བསམ་ཞིང་གུས་པས་བསྒྲུབ་པར་བྱ།།

ཞེས་གསུངས་པ་སྟེ། བདག་འཛིན་རྩད་ནས་གཅོད་པའི་ཆོས་དྲུག་གསུངས་པ་ནི། རྒྱལ་བ་རྣམས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་ད་ལྟའི་བར་ལ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་མཛད་པ་བཞིན་དུ། བདག་གིས་ཀྱང་དེ་དག་གི་གྲོགས་སུ་ནུས་པ་གང་ཡོད་ཀྱིས་ཅི་འགྲོར་བྱས་ནས་རྒྱལ་བ་སྲས་བཅས་ལ་སྐྱབས་སུ་སོང་ན་མཐུ་བསྡོངས་དཔུང་བསྡོངས་ཀྱི་ཐོག་ནས་བདག་འཛིན་རྩད་ནས་ཆོད་པའི་ཐབས་ཡོད་པ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཐམས་ཅད་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་བྱེད་པ་བཞིན་དུ། བདག་གིས་ཀྱང་ཕར་ལ་དེ་དག་གི་མཛད་པའི་གྲོགས་སུ་གཞན་ཕན་སྒྲུབ་པར་བྱེད་པ་དང་། དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བདག་གི་གྲོགས་བྱེད་པ་བཞིན་དུ། བདག་གིས་ཀྱང་དེ་དག་གི་དམ་ཚིག་བསྲུངས་ནས་སྟོང་གྲོགས་སམ་དཔུང་གྲོགས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་འདི་རྣམས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ་བཞིན་དུ། བདག་གིས་ཀྱང་ཆོས་ཀྱི་གྲོགས་སུ་གྱུར་པའི་དམ་པའི་ཆོས་དེ་ཉིད་འཛིན་ཅིང་གཞན་ལ་བཤད་དེ་ལེགས་པར་བསྒྲུབ་པར་བྱ་བ་དང་། བརྩེ་བའི་རང་བཞིན་དགེ་འདུན་པ་ཐམས་ཅད་བདག་གི་གྲོགས་སུ་གྱུར་པ་བཞིན་དུ། བདག་གིས་ཀྱང་དེ་དག་གི་གྲོགས་སུ་འགྱུར་བར་བྱས་ཏེ་དགེ་བ་ལ་འདུན་ཅིང་འབད་པ་བྱ། དམ་པའི་བླ་མ་དེས་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་སྟོན་པའི་བཀའ་དྲིན་གྱིས་བསྐྱངས་ནས་བདག་གི་མགོན་དུ་གྱུར་བ་བཞིན་དུ། བདག་གིས་ཀྱང་དེའི་དྲིན་ལན་གསབ་པའི་ཆེད་དུ་སེམས་ཅན་གྱི་མགོན་དུ་གྱུར་པ་སེམས་ཅན་ལ་ཕན་པ་དང་བདེ་བ་ཞིག་བསྒྲུབ་པར་བྱ་བ་ལས། བླ་མ་དམ་པའི་ཐུགས་ལ་བརྣག་པ་ནི་གཞན་དོན་འབའ་ཞིག་ཡིན་པས་དེའི་དྲིན་ལན་གཞན་དོན་མིན་པས་འགྲུབ་པ་མིན་ནོ་ཞེས་དེ་ལྟར་སྙམ་དུ་བསམ་ཞིང་གུས་པས་གཞན་དོན་བསྒྲུབ་པར་བྱ་དགོས་པས། དེ་ཡང་ཆོས་བསྟན་ནས་ཆོས་བསྒྲུབ་དུ་འཇུག་པ་ནི་གཞན་དོན་བྱེད་ཐབས་ཀྱི་མཆོག་ཏུ་གྱུར་བ་ཉག་གཅིག་ཡིན་པར་ཤེས་དགོས་སོ།།

༣༨༣ རྣམ་དག་དྲུག་གི་རང་བཞིན་བསྟན་པ།

རྣམ་དག་དྲུག་གི་རང་བཞིན་བསྟན་པ་ནི།།

ཐོས་བསམ་རྣམ་དག་ཕྱོགས་མེད་དགོངས་པ་རྟོགས།།

ལྟ་བ་རྣམ་དག་ཟུང་འཇུག་དོན་ལ་མཁས།།

སྒོམ་པ་རྣམ་དག་གཉིས་འཛིན་རང་སར་སངས།།

སྤྱོད་པ་རྣམ་དག་རང་རྒྱུད་དྲི་མ་མེད།།

ཉམས་རྟོགས་རྣམ་དག་འགག་མེད་རྩལ་དུ་འབྱོངས།།

དངོས་གྲུབ་རྣམ་དག་ཆོས་ཉིད་ཀློང་དུ་གྱུར།།

དེ་ལྟར་ལྡན་ན་ཐེག་ཆེན་དོན་ལ་མཁས།།

ཞེས་གསུངས་པ་སྟེ། རྣམ་དག་དྲུག་གི་རང་བཞིན་བསྟན་པ་ནི། ཐོས་བསམ་རྣམ་དག་ཕྱོགས་རིས་མེད་པའི་དགོངས་པ་རྟོགས་དགོས། ལྟ་བ་རྣམ་དག་ཟུང་འཇུག་སྤྲོས་བྲལ་གྱི་དོན་ལ་མཁས་དགོས། སྒོམ་པ་རྣམ་དག་གཉིས་འཛིན་གྱི་རྣམ་རྟོག་རང་སར་སངས་དགོས། སྤྱོད་པ་རྣམ་པར་དག་པ་རང་རྒྱུད་ལ་མ་དག་པའི་དྲི་མ་མེད་པ་ཞིག་དགོས། ཉམས་རྟོགས་རྣམ་པར་དག་པ་སྐྱེ་མེད་འགག་པ་མེད་པའི་རྩལ་རང་ཤུགས་སུ་འབྱོངས་པ་ཞིག་དགོས། དངོས་གྲུབ་རྣམ་པར་དག་པ་དེ་ཆོས་ཉིད་ཀྱི་དོན་ཀློང་དུ་གྱུར་ནས་ཇི་བཞིན་དུ་རྟོགས་པ་ཞིག་དགོས། དེ་ལྟར་ལྡན་ན་ཐེག་ཆེན་གྱི་དོན་ལ་མཁས་པའོ།།

༣༨༤ བདག་ལས་གཞན་གཅེས་བསྒྲུབ་པའི་ཆོས་དྲུག་བསྟན་པ།

བདག་ལས་གཞན་གཅེས་བསྒྲུབ་པའི་ཆོས་དྲུག་ནི།།

བདག་གཞན་བླང་དོར་མཐོང་ཚོར་འདི་ལྟར་བྱ།།

བདག་གི་སྡུག་བསྔལ་ཁྱད་དུ་བསད་བྱས་ལ།།

གཞན་གྱི་སྡུག་བསྔལ་ཞི་ལ་བརྩོན་པ་བསྐྱེད།།

བདག་གི་བདེ་བ་ཁྱད་དུ་བསད་བྱས་ལ།།

གཞན་གྱི་བདེ་བ་བསྒྲུབ་ལ་བརྩོན་པ་བསྐྱེད།།

བདག་གི་དུག་ལྔ་རྣམ་རྟོག་ཁྱད་བསད་ལ།།

གཞན་གྱི་ཉོན་མོངས་འཇོམས་ཕྱིར་བརྩོན་པ་བསྐྱེད།།

བདག་གི་ཡེ་ཤེས་སྐྱེ་བ་ཁྱད་བསད་ལ།།

གཞན་གྱི་ཡེ་ཤེས་བསྐྱེད་ལ་བརྩོན་པ་བསྐྱེད།།

བདག་གི་སྒྲིབ་གཉིས་སྦྱོང་བ་ཁྱད་བསད་ལ།།

གཞན་གྱི་སྒྲིབ་གཉིས་སྦྱོང་ཕྱིར་བརྩོན་པ་བསྐྱེད།།

བདག་གི་ཚོགས་གཉིས་བསག་པ་ཁྱད་བསད་ལ།།

གཞན་གྱི་ཚོགས་གཉིས་བསག་ཕྱིར་བརྩོན་པ་བསྐྱེད།།

དེ་ལྟར་སུ་བྱེད་མྱུར་དུ་རང་དོན་འགྲུབ།།

ཅེས་གསུངས་པ་སྟེ། བདག་ལས་གཞན་གཅེས་པར་བསྒྲུབ་པའི་ཆོས་དྲུག་ནི། བདག་དང་གཞན་གྱི་བླང་དོར་གྱི་གནས་མཐོང་ཚོར་གྱི་ཐོག་ནས་འདི་ལྟར་བྱ་དགོས་ཏེ། འཁོར་བའི་སེམས་ཅན་སྡུག་བསྔལ་ཅན་ཡིན་པས་བདག་ལ་སྡུག་བསྔལ་ཡོད་ཀྱང་བདག་གི་སྡུག་བསྔལ་གང་བྱུང་དེ་ཁྱད་དུ་བསད་བྱས་ལ། གཞན་སེམས་ཅན་གྱི་སྡུག་བསྔལ་ཞི་བའི་ཐབས་ལ་བརྩོན་པ་བསྐྱེད་དགོས་པ་ཡིན། ད་ལྟ་དངོས་སུ་མ་ཐུབ་ན་ཡང་དེ་ལྟར་སེམས་བསྐྱེད་དགོས། བདག་ལ་བདེ་བ་དགོས་ཀྱང་བདག་གི་བདེ་བ་ཁྱད་དུ་བསད་བྱས་ལ། གཞན་གྱི་བདེ་བ་དེ་གནད་ཆེན་དུ་བཟུང་ནས་གཞན་གྱི་བདེ་བ་བསྒྲུབ་པ་ལ་བརྩོན་པ་བསྐྱེད་དགོས། ད་ལྟ་ལུས་ངག་གི་ཐོག་ནས་དངོས་སུ་མ་ཐུབ་ཀྱང་སེམས་ཐོག་ནས་སྦྱོང་བ་དང་སྨོན་པར་བྱེད་དགོས། བདག་ཀྱང་འཆིང་བ་ཀུན་ལྡན་དུ་ཡོད་ཀྱང་བདག་གི་དུག་ལྔ་རྣམ་རྟོག་ཅི་ཡོད་ན་དེ་ཁྱད་དུ་བསད་ལ། གཞན་སེམས་ཅན་གྱི་ཉོན་མོངས་འཇོམས་ཕྱིར་བརྩོན་པ་བསྐྱེད་པ་དང་། འོ་ན་རང་རྒྱུད་མ་ཐུལ་ན་གཞན་རྒྱུད་འདུལ་མི་ཐུབ་པ་མིན་ནམ་ཞེ་ན་ལྷག་བསམ་རྣམ་པར་དག་པས་རང་དོན་ལ་འཁྲི་བ་མེད་ན་དགག་བྱ་མེད་པའི་ཐོག་ཏུ་དེ་ལྟར་བསྒྲུབ་པར་བྱ་བའོ། །བདག་སོ་སོ་སྐྱེ་བོ་ཡིན་པས་སྟོང་ཉིད་དོན་སྤྱི་ཙམ་ཞིག་ཀྱང་རྟོགས་མེད་ཀྱང་བདག་གི་ཡེ་ཤེས་སྐྱེ་བ་ཁྱད་དུ་བསད་ལ། གཞན་རྒྱུད་ཀྱི་ཡེ་ཤེས་བསྐྱེད་པ་ལ་བརྩོན་པ་བསྐྱེད་དགོས་པ་ཡིན། སྙིང་རྗེ་ཆེ་ན་རང་ཤུགས་ཀྱིས་འདི་ལྟར་བསམ་ངེས། བདག་གི་སྒྲིབ་གཉིས་ཁ་ཞིག་དམའ་མེད་ཀྱང་དེ་སྦྱོང་བ་ཁྱད་དུ་བསད་པར་བྱས་ལ། གཞན་སེམས་ཅན་གྱི་སྒྲིབ་གཉིས་སྦྱོང་བའི་ཕྱིར་དུ་བརྩོན་པ་བསྐྱེད་པ་དང་། བདག་གི་ཚོགས་གཉིས་བསག་རྒྱུ་ནི་གལ་ཆེ་སྟེ། ཚོགས་མ་བསགས་ན་སྒྲིབ་པ་མི་འདག་པས་འཁོར་བར་འཁྱམས་པ་ཡིན་ཡང་། བདག་གི་ཚོགས་གཉིས་བསག་པ་ཁྱད་དུ་བསད་པར་བྱས་ལ། གཞན་སེམས་ཅན་གྱི་ཚོགས་གཉིས་བསག་ཕྱིར་བརྩོན་པ་བསྐྱེད་པ་སྟེ། དེ་ལྟར་སུ་ཞིག་གིས་བྱེད་པ་དེས་མྱུར་དུ་གཞན་དོན་སྒྲུབ་པའི་ཞོར་དུ་རང་དོན་ཤུགས་འབྱུང་གིས་མྱུར་དུ་འགྲུབ་པ་ཡིན་ལ། ཐ་མལ་པས་ནི་རང་དོན་ཏག་ཏག་བསྒྲུབས་ཀྱང་མ་འགྲུབ་པ་ཡིན་ནོ།།

༣༨༥ དགོངས་པ་དཔག་པར་དཀའ་བའི་ཆོས་དྲུག་བསྟན་པ།

དགོངས་པ་དཔག་པར་དཀའ་བའི་ཆོས་དྲུག་ནི།།

རྒྱལ་སྲས་ཀུན་གྱི་སྤྱོད་པ་མ་ལུས་པ།།

གཅིག་ཏུ་བསྡོམས་པ་བདག་གིས་སྤྱད་སྙམ་དང༌།།

བདག་གིས་བྱང་ཆུབ་ཐོབ་ཚེ་བདེ་གཤེགས་རྣམས།།

ཀུན་མཉམ་འཕྲིན་ལས་བདག་གིས་བསྒྲུབ་སྙམ་དང༌།།

སེམས་ཅན་རེ་རེའི་ཕྱིར་ཡང་བདག་གིས་ནི།།

བསྐལ་བ་གྲངས་མེད་སྡུག་བསྔལ་བཟོད་སྙམ་དང༌།།

རྒྱལ་སྲས་རྣམས་ཀྱིས་སྤྱད་པར་མ་ནུས་པའི།།

སེམས་ཅན་དོན་རབ་དཀའ་བ་སྤྱད་སྙམ་དང༌།།

དཔག་ཏུ་མེད་པའི་ཞིང་ཁམས་རེ་རེར་ཡང༌།།

སངས་རྒྱས་མཛད་པ་བསམ་ཡས་བསྒྲུབ་སྙམ་དང༌།།

དེ་དག་བདག་གིས་རྫོགས་པར་མ་བྱས་ན།།

རྒྱལ་བ་སྲས་བཅས་བསླུས་པར་འགྱུར་སྙམ་པའི།།

གོ་ཆ་ཆེན་པོ་དྲུག་ནི་རྟག་ཏུ་བགོ།

ཞེས་གསུངས་པ་སྟེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་ཟབ་ཅིང་རྒྱ་ཆེ་བས་ན་དཔག་པར་དཀའ་བའི་ཆོས་དྲུག་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡོད་པ་དེ་དག་ཀུན་གྱི་སྤྱོད་པ། བསྟན་པ་ལ་བྱ་བ་བྱེད་པ་དང་། སེམས་ཅན་ལ་ཕན་འདོགས་པ་ལ་སོགས་པ་མ་ལུས་པ་གཅིག་ཏུ་བསྡོམས་པ་དེ་དག་ཐམས་ཅད་བདག་གཅིག་གིས་སྤྱད་པར་བྱ་སྙམ་པའི་སྤོབས་པ་དང༌། སྙིང་སྟོབས་དང་། སྨོན་ལམ་ཁྱད་པར་ཅན་དང་། བདག་གིས་བྱང་ཆུབ་ཆེན་པོ་ཐོབ་ནས་སངས་རྒྱས་པའི་ཚེ་ན། བདེ་བར་གཤེགས་པ་གང་ཇི་སྙེད་ཡོད་པ་དེ་དག་རྣམས་དང་། ཀུན་ནས་མཉམ་པའི་འཕྲིན་ལས་ཐམས་ཅད་བདག་གཅིག་གིས་བསྒྲུབ་པར་བྱ་སྙམ་པའི་སྙིང་སྟོབས་དང་སྨོན་ལམ་འདེབས་པ་དང་ནི། སེམས་ཅན་བརྒྱ་སྟོང་གྲངས་མེད་པ་དེ་དག་རེ་རེའི་ཕྱིར་ཡང་བདག་གིས་ནི་ཉིན་ཞག་དང་ལོ་ཟླ་ཙམ་མིན་པར་བསྐལ་བ་གྲངས་མེད་ལ་སྡུག་བསྔལ་མྱོང་དགོས་ཐུག་ཀྱང་བཟོད་པར་བྱ་སྙམ་པའི་སྙིང་སྟོབས་དང༌གོ་ཆ་ཁྱད་པར་ཅན་བགོ་བ་དང་ནི། འདས་པའི་ས་ལ་བཞུགས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པར་མ་ནུས་པའི་སྤྱོད་པ། སེམས་ཅན་གྱི་དོན་རབ་ཏུ་སྒྲུབ་པའི་ཆེད་དུ་དཀའ་བ་ཅི་ཞིག་སྤྱད་དགོས་ན་དེ་སྤྱད་སྙམ་པ་དང༌། རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་ཞིང་ཁམས་ཡོད་ཅིང་དེ་ལྟ་བུ་དཔག་ཏུ་མེད་པའི་ཞིང་ཁམས་རེ་རེར་ཡང༌། སངས་རྒྱས་ཀྱི་མཛད་པ་བསམ་ཡས་མཐའ་ལས་འདས་པ་ཞིག་བདག་གིས་བསྒྲུབ་སྙམ་པ་དང༌ནི། དེ་ལྟ་བུའི་སྙིང་སྟོབས་ཀྱི་གོ་ཆ་བགོས་པ་དེ་དག་བདག་གཅིག་གིས་རྫོགས་པར་མ་བྱས་ན་ནི་བདག་གིས། རྒྱལ་བ་སྲས་དང་བཅས་པ་བསླུས་པར་འགྱུར་སྙམ་པའི་གོ་ཆ་ཆེན་པོ་དྲུག་ནི་དུས་རྟག་ཏུ་བགོ་བར་བྱའོ།།

༣༨༦ བདུད་ཀྱིས་མི་ཐུབ་གོ་ཆ་རྣམ་དྲུག་བསྟན་པ།

བདུད་ཀྱིས་མི་ཐུབ་གོ་ཆ་རྣམ་དྲུག་ནི།།

ཉ་པ་ཤན་པ་ཞིང་པ་དམག་མི་དང༌།།

ཚོང་པ་བྲན་ཁོལ་འཚོ་བ་ཙམ་གྱི་ཕྱིར།།

ཚ་གྲང་བཀྲེས་སྐོམ་གཅེས་པའི་སྲོག་དོར་ནས།།

སྙོམ་ལས་མེད་པར་རྟག་ཏུ་སྒྲུབ་བྱེད་ན།།

དཔེ་དྲུག་མཐོང་ནས་ཚད་མེད་འགྲོ་བའི་ཕྱིར།།

རྙེད་དཀའི་བྱང་ཆུབ་སྒྲུབ་ལ་ནན་ཏན་བསྐྱེད།།

ཅེས་གསུངས་པ་སྟེ། འདིར་བདུད་ལས་དོན་ཆུང་ལ་གཡེང་བའི་དཔེ་དྲུག་ཤེས་པར་བྱས་ནས་བྱང་ཆུབ་ཀྱི་ལམ་ལ་བརྩོན་པའི་གོ་ཆ་རྣམ་པ་དྲུག་བསྟན་པ་ནི། དེ་ལ་དཔེ་དྲུག་ནི། ཉ་པ་དང་གཅིག ཤན་པ་དང་གཉིས། ཞིང་པ་དང་གསུམ། དམག་མི་དང་བཞི། ཚོང་པ་དང་ལྔ། བྲན་ཁོལ་དང་དྲུག་སྟེ། དེ་རྣམས་ཀྱིས་འཚོ་བ་ཟས་གོས་ཙམ་གྱི་དོན་ཆུང་ཆུང་གི་ཕྱིར་རམ་དེའི་ཆེད་དུ། ཚ་གྲང་བཀྲེས་སྐོམ་སོགས་བཟོད་པར་བྱེད་པས་མ་ཚད་གཅེས་པའི་སྲོག་ཀྱང་དོར་ནས། དེའི་བྱ་བ་དེ་སྒྲུབ་པ་ལ་སྙོམ་ལས་དང་ལེ་ལོ་མེད་པར་རྟག་ཏུ་རང་རང་གི་ལས་གང་ཡིན་ན་དེ་སྒྲུབ་པར་བྱེད་པ་ཡིན་ལ། དེ་ལྟ་བུའི་དཔེ་ཉ་པ་ལ་སོགས་པ་དྲུག་དེ་མཐོང་ནས་དོན་ཆེན་པོ་ཚད་མེད་འགྲོ་བའི་དོན་བསྒྲུབ་པའི་ཕྱིར་དུ། རྙེད་དཀའ་པའི་བྱང་ཆུབ་སྒྲུབ་པ་ལ་ནན་ཏན་བསྐྱེད་འོས་སོ་ཞེས་པ་སྟེ་རང་རེས་བསམ་བློ་ཞིབ་ཏུ་བཏང་ན། ཉ་པ་དང་། ཞིང་པ་དང་། འབྲོག་པ་དག་གིས་ཟས་གོས་ཡོ་བྱད་ཅུང་ཟད་ཀྱི་དོན་དུ་དཀའ་སྤྱད་དང་སྡུག་བསྔལ་ཉིན་བཞིན་བར་མ་ཆད་དུ་མྱངས་ནས་མི་ཚེ་དེ་ལ་ཉིན་མི་དལ་མཚན་མི་ཉལ་བར་ཡོད་ལ། དེ་རྣམས་ཀྱིས་ཁྱད་དུ་བསད་པའི་དཀའ་སྡུག་གི་ཆ་ཤས་ཕྲ་མོ་ཙམ་ཞིག དོན་ཆེན་རང་གཞན་གཉིས་ཀའི་གཏན་བདེ་བྱང་ཆུབ་འགྲུབ་པའི་ཆེད་དུ་བརྩོན་མ་ཐུབ་པར་ད་རུང་ཡང་རང་རྒྱུད་ཐ་མལ་དུ་ལུས་པ་ཡིན་པའི་དཔེ་འདི་ཚོ་ལ་བལྟས་ཡོང་ཚེ། རང་གིས་རང་ལ་ཧ་ལས་པ་དང་ཡིད་མུག་པ་དང་སྐྱོ་བ་སྐྱེ་བའི་འོས་སུ་གྱུར་པ་ཞིག་གོ །དེ་རིང་རྙེད་དཀའི་བྱང་ཆུབ་སྒྲུབ་ལ་ནན་ཏན་བསྐྱེད། །ཅེས་པ་འདིར་འཇོག་རྒྱུ་བྱེད།


previousཉིན་བཅུ་གཉིས་པའི་ཆོས་ཁྲིད། next