Nitartha Digital Library
Tibetan
 
previousཉིན་བདུན་པའི་ཆོས་ཁྲིད། next

ཉིན་བདུན་པའི་ཆོས་ཁྲིད།

འགྲོ་བ་མར་གྱུར་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་འཁོར་བ་རིགས་དྲུག་གི་གནས་སུ་ལས་ཉོན་གྱི་གཞན་དབང་ཅན་དུ་གྱུར་ནས་གཅིག་ནས་གཅིག་ཏུ་ཁ་བརྒྱུད་དེ་འཁྱམས་པ་ཙམ་ཞིག་གིས་མི་ཚད་པར། རིགས་དྲུག་སོ་སོའི་སྡུག་བསྔལ་གྱིས་མནར་ནས་བདེ་བའི་གོ་སྐབས་སྐད་ཅིག་མ་ཙམ་ཡང་ཐོབ་པ་མེད་པའི་སེམས་ཅན་འདི་དག་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བ་དེ་ཡང་རང་གར་ཁ་ཡིས་ཟེར་ལོ་བཤད་ལོ་ཙམ་དང་། དེ་འདྲ་ཡིན་པ་རེད་བསམ་པ་ཙམ་ཞིག་མིན་པར། གདིང་གི་སྙིང་རྗེ་ཡོད་དགོས་པ་ཡིན། དེ་ཡང་རང་ཉིད་ཤིན་ཏུ་སྙིང་ཉེ་བའི་མི་ཚེ་འདིའི་ཕ་མ་ལྟ་བུ་ཞིག འགྲོ་བ་རིགས་དྲུག་གི་ནང་ནས་སྡུག་བསྔལ་རགས་པ་ཆུང་ཞིང་བདེ་ཞིང་སྐྱིད་པར་འདོད་པའི་ལྷ་ཡུལ་ལྟ་བུ་ཞིག་ལ་སྐྱེས་ནས། ད་ལྟ་ལས་ཀྱི་འཕེན་པ་ཟད་ནས་གནམ་མདའ་ཤུགས་ཆད་བཞིན་ལྷ་ཡུལ་ནས་ཚེ་འཕོས་པས་མི་ཚད། འོག་མའི་གནས་རིས་ངན་སོང་གསུམ་ལས་གང་རུང་ཞིག་ཏུ་ལྟུང་བའི་འཕོ་ལྟུང་གི་སྡུག་བསྔལ་ལྷའི་ཞག་མ་བདུན་གྱི་ཡུན་མིའི་ལོ་གྲངས་བརྒྱ་ཕྲག་དུ་མར་མྱོང་བཞིན་ཡོད་པར་རིག་ན་སྙིང་རྗེ་བ་ལས་འོས་མེད་པ་ཡིན། དེ་བཞིན་དུ་ལྷ་མ་ཡིན་ལ་སྐྱེས་ནས་འཐབ་རྩོད་ཀྱི་སྡུག་བསྔལ་དང་བསད་རྨས་ཀྱི་སྡུག་བསྔལ་མྱོང་བ་དང་། མིའི་ཡུལ་ལ་མཚོན་ན་ཁ་རྩང་བཤད་པར་ལྟར་དུ་ལས་ཚད་སྡུག་བསྔལ་གྱི་གཞི་མ། བསགས་ཚད་ངན་སོང་གི་རུ་མ། མྱོང་ཚད་སྡུག་བསྔལ་གྱི་སོ་ནམ། བཤད་ཚད་སྡུག་བསྔལ་གྱི་ངུ་འབོད་ཡིན་ལ། དེ་མིན་པའི་ཐབས་མེད་དེ། མྱོང་རྒྱུ་སྡུག་བསྔལ་ཡིན་དུས། སེམས་ཀྱི་ལོ་མ་ཁ། ཞེས་པའི་དཔེ་ལྟར་དུ་བཤད་རྒྱུ་དེ་ལས་མེད་པ་ཡིན། ཤི་བ་ཟེར་བ་ནི་དགྲ་ཆེན་གཅིག་པུ་ཡིན་པས། དེའི་མིང་ནས་བཟུང་ན་ཡང་འཇིགས་སྐྲག་སྐྱེས་ནས་དེའི་སྐོར་གྱི་གླེང་མོལ་ཡང་མ་ཕོད་ པར་ཆགས་ཡོད་པ་དང་། དེས་མ་ཚད་ནད་དྲག་པོས་གཟིར་བ་དང་། སེམས next hit་ཀྱི་སྡུག་བསྔལ་དྲག་པོ་བཟོད་དཀའ་བར་བྱུང་དུས་བཟོད་ཐབས་བྲལ་ནས་འཆི་བ་གདམས་པའང་ཡོད་པ་ཡིན། སྡུག་བསྔལ་དེ་ཚོ་ནི་འཆི་བ་བས་ཀྱང་ཚབས་ཆེན་དོས་དྲག་ཡིན་པའི་རྟགས་ཡིན་པས་མིའི་གནས་སུའངཤུགས་དྲག་གི་སྡུག་བསྔལ་དེ་ལྟར་ཡོད་པ་ཡིན། དུད་འགྲོ་ལ་བསམ་ན་བདེ་སྐྱིད་ཅིག་ག་ལ་ཡོད། དཔེར་ན་ཕ་མ་རྒན་གསུམ་སྒོ་ཕྱུགས་ཤིག་གི་ལུས་བླངས་པ་དེ། དགུན་བཤས་བྱེད་གྲབས་སུ་ཡོད་ན་སྙིང་མི་རྗེ་དབང་ཞིག་ག་ལ་ཡོད། དམྱལ་བ་ཡི་དྭགས་ཀྱི་སྡུག་བསྔལ་བཤད་མི་ཕོད་པར་ཡོད་པ་ཤེས་གསལ་ལྟར་ཡིན་པས་བཤད་ཅི་དགོས། ཚེ་འདིའི་ཕ་མ་གཉེན་བཤེས་རང་ལ་ཤིན་ཏུ་གཅེས་ཤིང་བརྩེ་བས་སྐྱོང་མཁན་དེ་ཚོ། གསོན་འདི་ག་ལ་འདུག་དབང་མེད་པར་ཕྱི་མའི་ཡུལ་དུ། དུས་ཀྱི་ཆོས་ཉིད་དུ་གྱུར་ནས་སོང་བ་དེ་དག དམྱལ་མེ་བཟོད་དཀའ་དང་ཁྲོ་ཆུ་ཁོལ་མ། ཡི་དྭགས་ཀྱི་བཀྲེས་སྐོམ་དག་གིས་མནར་བའི་སྡུག་བསྔལ་མྱོང་བཞིན་མེད་པ་ནི་སུ་ཞིག་གིས་ཟེར་ཤེས། གལ་སྲིད་ད་ལྟའི་སྐབས་སུ་ངན་འགྲོར་སྐྱེས་མེད་ན་ཡང་། ཐར་བའི་གོ་འཕང་ཐོབ་མེད་ཚེ་རིགས་དྲུག་གཅིག་ནས་གཅིག་ལ་ཁ་བརྒྱུད་ནས་མི་འཁྱམས་previous hit པར་གང་དུ་འགྲོ། སེམས next hit་ཅན་ཐམས་ཅད་ཚེ་སྐྱེ་བ་ཐོག་མེད་ཚུན་ཆད་ཀྱི་ཕ་མ་ཡིན་པའི་ཕྱོགས་ནས་མ་བཤད་ཀྱང་། ཚེ་འདིའི་གཉེན་ཉེ་ཏག་ཏག་མིན་ནིའི་ཐབས་མེད་དེ། འུ་ཚོས་འདེང་ཞིག་བརྒྱབ་ནས་བསམ་བློ་ཞིག་བཏང་ན། རང་རེའི་ཨ་ཕྱི་དང་ཨ་མེས། ཡང་ཕྱི་དང་ཡང་མེས་སོགས་སུ་དེད་ནས་བརྩིས་ན་མི་རབས་བརྒྱད་དགུ་ཙམ་ལས་བརྩི་ཤེས་པ་མིན་པ་ལས། གལ་སྲིད་མི་རབས་ནས་མི་རབས་བར་དུ་ཡར་དེད་ནས་བརྩི་ཤེས་ན་མིའི་འཇིག་རྟེན་དང་པོ་ཆགས་ཀྱི་བར་དུ་བརྩི་རུང་བས། འཇིག་རྟེན་འདིའི་མིའི་རིགས་ཐམས་ཅད་ཁྱིམ་ས་གཅིག་གི་གཉེན་ཉེ་ཡིན་པ་དང་། དེ་བཞིན་དུ་ཐོག་མེད་ནས་ད་ལྟའི་བར་དུ་སེམས་ཅན་སྣ་ཚོགས་པའི་ལུས་བསམ་གྱིས་མི་ཁྱབ་པ་སྐྱེ་བ་རྣམ་བཞི་རེས་བསྐོར་ནས་སྐྱེ་ཤིའི་ཁ་བརྒྱུད་པའི་སེམས་ཅན་ཐམས་ཅད་པོ་ཡང་ཚེ་འདིའི་གཉེན་ཉེ་ཤ་སྟག་ཡིན། གཞན་ཡང་བདེ་བ་ཕྲན་ཚེགས་ཙམ་ཡིན་ཡང་ཐོབ་པར་འདོད་པ་དང་། སྡུག་བསྔལ་ཅུང་ཟད་ཙམ་ཡིན་ཡང་མི་འདོད་པ་ལ་མཚུངས་ན་ཡང་། སྡུག་བསྔལ་ཟློག་པའི་སྟོབས་མེད་པ་དང་། བདེ་བ་སྒྲུབ་ཚུལ་གྱི་ཐབས་མ་ཤེས་པའི་དབང་གིས། མི་འདོད་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་སྣ་ཚོགས་མྱོང་བཞིན་ཡོད་པས། སེམས་ཅན་མིག་གིས་མཐོང་ན་ཤ་མི་ཚ་བ་དང་སྙིང་མི་རྗེ་བའི་རང་དབང་མེད་པ་ནི། འདེང་ཞིབ་ཏུ་བརྒྱབ་ན་དེ་འདྲ་ཞིག་ཡིན་པས། ཁམས་གསུམ་སྲིད་པའི་སེམས་ཅན་གྲངས་མེད་འདི་དག་ཐམས་ཅད་བདེ་བའི་ཐབས་ཤིག་འགྲུབ་ཏུ་ཡོད་ན། བདག་གཅིག་པོ་ཅི་བྱུང་ཡང་བླ་ཡི་སྙམ་ནས་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་ལོགས་ཤིག་ནས་མ་བསྐྱེད་ན་ཡང་འབྱུང་དུ་ཆོག་པ་ཞིག་ཡིན་འདུག སེམས་དེ་ཡོད་ཀྱང་མཐའ་ཡས་པའི་སེམས་ཅན་འདི་དག་ལ་ཐབས་གང་ཞིག་དང་ཕན་གང་གདགས་དགོས་པའི་ཚུལ་རྣམས་མ་ཤེས་ན་རང་གར་ནུས་མེད་དུ་འདུག་པ་ལས་ཐབས་ཀྱིས་རྡུགས་པ་ནི། དཔེར་ན་ཆུས་ཁྱེར་གྱི་མི་གཉིས་གཅིག་གིས་གཅིག་ལ་སྐྱོབ་པའི་མཐུ་མེད་པ་དང་ཁྱད་མེད་པ་ཡིན། འོན་ཀྱང་ད་རེས་ཀྱི་སྐྱེ་བ་འདི་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བའི་ཐར་བ་ཆེན་པོའི་ལམ་སྣེ་ཟིན་པའི་སྐལ་བ་དང་ལྡན་ཞིང་། གལ་སྲིད་ད་རེས་ཀྱི་སྐབས་འདི་ཤོར་ན་བསྐལ་བ་དུ་མའི་ཡུན་ལ་འདི་འདྲའི་གོ་སྐབས་རྙེད་དུ་མེད་པའི་དུས་འདིར་དེ་མ་ཤོར་བར་བྱེད་པས་མ་ཚད། ཉམས་ཐག་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་ཐར་བའི་ལམ་དེར་འགོད་previous hit པར་བྱ་སྙམ་པའི་ཀུན་སློང་དེའི་སྟེང་དུ་སེམས next hit་ཐག་གཅོད་པ་ནི། ཆོས་སྒོར་ཞུགས་པའི་དང་པོར་མེད་ཀྱི་ཐབས་མེད་ཡིན། previous hit སེམས་ཐག་བཅད་ནས་རང་གར་བསྡད་པས་ཅི་ཡང་མི་ཕན་པས་ཐར་ལམ་མ་ནོར་བ་དེར་འཇུག་པར next hit་བྱེད་པའི་ཤེས་རབ་ཡོད་པར་བྱེད་དགོས། དེ་ཡང་ཤེས་རབ་ནི་མཐོང་བྱེད་ཀྱི་མིག་དང་འདྲ་བས་མེད་ཐབས་ག་ལ་ཡོད་དེ། དཔེར་ན་ས་ཕྱོགས་གཞན་ཞིག་ལ་འགྲོ་དགོས་ཚེ་དང་པོར་མིག་གིས་བལྟས་ནས་དེ་ཕྱོགས་སུ་བགྲོད་བྱེད་ཀྱི་གོམ་པ་སྤོས་ནས་འགྲོ་བ་ལས་མིག་མེད་ན་ལམ་མི་ཆོད་པ་ལྟར་དུ་ཡིན་པར་གསུངས་པས། དང་པོར་ཐོས་པ་བཙལ་ནས་ཐོས་པའི་ཤེས་རབ་སྒྲུབ། དེ་ནས་ཐོས་དོན་བསམ་པའི་ཤེས་རབ་ཀྱིས་གཏན་ལ་དབབ། མཐར་བསམ་དོན་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་ལེན་དགོས་པ་ཡིན་པས། དང་པོར་ཐོས་པའི་ཤེས་རབ་རང་རྒྱུད་ལ་བསྐྱེད་པ་ལ། བླ་མ་དགེ་བའི་གཤེས་གཉེན་ལས་ཆོས་ཉན་ནས་ཐོས་པ་བསྒྲུབ་དགོས། ཉན་པ་དེ་ཡང་དེའི་གྲལ་དུ་ཞུགས་པ་ཙམ་གྱིས་མི་ཆོག་པར། ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་པ་ལྟར་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས། གཞུང་བཟང་འདི་ལས། ཚིག་འདིས་དོན་ནི་ཅི་ཞིག་བསྟན་སྙམ་དང༌། །དབྱེ་ན་གང་ཡིན་བསྡུ་ན་ཇི་ལྟ་བུ། །རྣམ་གྲངས་ཅི་ཞིག་གང་གི་ཕྱོགས་སུ་གཏོགས། །དྲིལ་ནས་ཉམས་ལེན་མཐའ་ནི་གང་ཡིན་ཞེས། །ལེགས་པར་བསམ་པས་རིན་ཆེན་ཆོས་སྒོ་འབྱེད། །ཅེས་པ་ལྟར་དུ་དམ་པའི་ཆོས་ཀྱི་ཚིག་དོན་གྱི་གོ་བ་ཆགས་དུས་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ལས་ལོག་པའི་ཚུལ་བཞིན་ཡིད་བྱེད་ལ་གོམས་པ་རིམ་གྱིས་ཐོབ་ནས་ཡང་དག་པའི་དོན་དང་ཕྲད་པ་ཡིན་ཏེ། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པའི་ཕྱིར། གཞན་ཡང་ཐོས་པ་ནོར་རྣམས་ཀྱི་མཆོག་དང་། གྲོགས་ཀྱི་དྭངས་རྩེ། དགྲ་འཇོམས་ཀྱི་མཚོན་ཆ། མུན་སེལ་གྱི་སྒྲོན་མེ། ཐམས་ཅད་ཀུན་འཛོམས། དཔལ་དང་གྲགས་པའི་གཏེར་གྱི་མཆོག་ཀྱང་ཡིན་པས། དེ་ལྟ་བུའི་རིན་ཐང་ཅན་དེ་རིན་མེད་ཀྱིས་ལོན་དུས་མ་བླངས་ན་བླུན་པོའི་ནང་གི་བླུན་པོ་དང་། ཀླད་མེད་ཀྱི་ནང་གི་གླེན་ལྐུགས་ཡིན་པའི་རྟགས་རེད། ཐོས་པ་ཙམ་ཁོ་ནས་མི་ཆོག་པར་བསམ་པའི་ཤེས་རབ་རྒྱུད་ལ་བསྐྱེད་དགོས་ཏེ། བསམ་པའི་དོན་དུ་ཐོས་པ་བསྟེན་པ་ཡིན་པས་གང་ཐོས་པའི་མདོ་དང་རྒྱུད་སྡེའི་དོན་དེ་ལ་བརྟགས་ཤིང་དཔྱད་པ་བྱས་ནས་ཐེ་ཚོམ་ཡོད་ཚད་པོ་བླ་མའི་མདུན་ནས་ཞུན་ཐར་བཅད་དེ་མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མ་མེད་པའི་དོན་ཡིད་ལ་ངེས་པར་བྱེད་དགོས་པའི་ཕྱིར། ཚིག་མ་ནོར་བ་འཛིན་པ་ལ་ཐོས་པ་དང་དོན་ཕྱིན་ཅི་མ་ལོག་པར་ཡིད་ལ་ངེས་པ་ལ་བསམ་པ་ཟེར་བ་ཡིན། ཐོས་བསམ་གཉིས་ཀ་བསྟེན་ནས་དེའི་ཆོག་པར་བྱས་ནས་སྒོམ་པ་དོར་ན་མི་རུང་སྟེ། དམ་པའི་ཆོས་ནི་ཉོན་མོངས་ཀྱི་ནད་ཞི་བར་བྱེད་པའི་སྨན་ཡིན་ལ། ཉོན་མོངས་ཀྱི་ནད་དེ་ཡོད་ཚེ་དེས་བསྐྱེད་པའི་སྡུག་བསྔལ་གྱི་ཟུག་རྔུ་དེ་འབྱུང་ཞིང་། ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ནད་གང་དང་གང་གི་གཉེན་པོ་སྨན་གང་དང་གང་ཡིན་པ་ཙམ་ཤེས་པ་དང་། བསམ་པའི་ཤེས་རབ་ཀྱིས་སྨན་དེ་དག་གི་སྦྱོར་སྡེབ་ཇི་ལྟར་དགོས་པ་དང་། འཐུང་བའི་ཚུལ་ཇི་ལྟར་ཡིན་པ་དང་། ནད་གང་གང་ལ་ཕན་ཅི་འདྲའི་ཐོགས་པ་སོགས་ཤེས་ཡོད་ཀྱང་། སྒྲུབ་པ་ཉམས་ལེན་ལ་བརྟེན་ནས་ཐོས་བསམ་གྱིས་ཤེས་པའི་དོན་རྣམས་ཉམས་སུ་མ་བླངས་ཚེ། ནད་པ་ལ་སྨན་ཅི་དགོས་ཤེས་ཤིང་སྨན་ཡང་ལོན་ཡོད་ཀྱང་། དེ་ནད་པས་ཁོང་དུ་མ་འཐུངས་ན་ཕན་པ་མེད་པ་དང་ཁྱད་མེད་པ་ཡིན། དེས་ན་ད་སྒོམ་པའི་ཤེས་རབ་རྒྱུད་ལ་བསྟེན་དགོས། དཔེར་ན་བཟའ་བའི་ཆེད་དུ་ཟས་བསྒྲུབས་པ་བཞིན་དུ་བསྒོམ་པའི་དོན་དུ་ཐོས་བསམ་བསྟེན་པ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་དང་དེས་བྱས་ཤིང་། །རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་རྙེད་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམས་སྐོམ་previous hit སེམས་ཚིམ་བྱེད། །ཆོས་ཉིད་དེ་འདྲ་སྤྱོད་པ་མྱུར་དུ་བདེ་གཤེགས་འཐོབ་པར next hit་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱི་སོ་སོ་ཐར་བའི་མདོ་ལས་ཀྱང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་ཁར། སུས་ཀྱང་མི་བསྟོངས་གཅིག་པུར་འཆི་བ་སོམས། །ཤོམ་ར་བློ་སྣ་མ་མང་རི་ལ་བསྟེན། །ཞེས་དང་། དབེན་གནས་རི་ཐང་མཚམས་སུ་མི་བྱེད་པར། །ང་ཡིས་བསྒྲུབས་པའི་སྒྲུབ་གནས་ཀུན་ཏུ་གཅེས། །ཞེས་གསུངས་པ་ལྟར་དུ། བླ་མ་དམ་པའི་བཀའ་བཞིན་དུ་ཚེ་འདིར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པ་ཞིག་བྱེད་དགོས་པས། དབེན་པའི་རི་ཁྲོད་འདི་རུ་རྩེ་གཅིག་ཏིང་འཛིན་བསྒོམ་པར་བྱ་སྙམ་པའི་བསམ་པ་སྔོན་དུ་བཏང་སྟེ། ཐོས་བསམ་གཉིས་ཀྱི་སྙིང་པོ་བླ་མ་དམ་པའི་གདམས་ངག་མན་ངག་སྙིང་གི་བདུད་རྩི་དེ་རྒྱུད་ལ་སྦྱར་ནས་བསྒོམ་དགོས་པ་ཡིན། དེ་ལྟ་བུའི་སྙིངསྟོབས་དང་སྤྲོ་བའི་འདུན་པ་ལྡན་པའི་ཐོག་ནས་རི་ཁྲོད་དབེན་པའི་ཕྱོགས་ལ་གོམ་པ་བདུན་ཙམ་བོར་ན་ཡང་བསོད་ནམས་དཔག་མེད་འཐོབ་པ་ནི། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་བའི་བར་དུ་མེ་ཏོག་དང་། བདུག་སྤོས་དང་། ཞལ་ཟས་དང་། བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་བར་མཆོད་པ་བས། རབ་ཏུ་སྐྱོ་བའི་previous hit སེམས་ཀྱིས་དགོན་པར next hit་ཕྱོགས་ཏེ་གོམ་པ་བདུན་ཙམ་བོར་ན་འདི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་སོ། །ཐོས་བསམ་སྔོན་དུ་འགྲོ་བའི་ཉམས་ལེན་རང་རྒྱུད་ལ་སྦྱར་ནས་སྒོམ་པ་དེ་ནི་རྒྱལ་བ་དགྱེས་པའི་རབ། སྨོན་པའི་གནས་ཐམས་ཅད་ཀྱི་མཆོག ཚོགས་གཉིས་རྫོགས་པའི་ཐབས་དམ་པ། དངོས་གྲུབ་ཐམས་ཅད་འབྱུང་བའི་གཞི་མ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡང་དེ་ཡིན། དེ་ལྟ་བུའི་ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་རིམ་གྱིས་བསྟེན་ནས་ཐར་བའི་བྱང་ཆུབ་སྒྲུབ་པར་བྱེད་པ་ལ། གང་ཐོས་པ་བྱ་བའི་དམ་པའི་ཆོས་དེ་ལ་ཡང་། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར། བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་དང་། སྔགས་རྒྱུད་རྒྱ་མཚོའི་ཆོས་འཁོར་ལྷ་མིའི་རིག་འཛིན་གྲུབ་པ་དྲང་སྲོང་གི་གནས་ལ་སོགས་པ་ནས་གསུངས་ཡོད་པ་དེ་དག་ཐམས་ཅད་ལ་མཚོན་ན། བཀའ་རྒྱ་ཆེ་ལུང་གྲངས་མང་མན་ངག་ཐོར་བུའི་ཚུལ་གྱིས་བཞུགས་པ་དེ་དག རྒྱལ་བའི་རྒྱལ་ཚབ་ས་བཅུའི་དབང་ཕྱུག་ཆེན་མོ་དེ་དག་གིས་བཀའ་དང་བསྟན་བཅོས་སུ་བསྡེབས། སྡེ་སྣོད་དང་རྒྱུད་སྡེའི་རྣམ་གྲངས་སུ་གཏན་ལ་ཕབ་པ་དང་། ཁྱད་པར་དུ་སྔགས་རྒྱུད་ཐེག་རྩེའི་བསྟན་པ། ཆོས་སྐུའི་དགོངས་པ་རྨ་མེད་པ་དེ། འཕགས་པའི་ཡུལ་གྱི་གསང་འཛིན་དགའ་རབ་དཔའ་བོ་དང་། གངས་ཅན་བོད་ཀྱི་ལྗོངས་འདི་ནས་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས་ཤིང་རྟའི་སྲོལ་ཆེན་ཕྱེས་ནས་ད་ལྟའི་བར་དུ་བསྟན་པ་མཐར་རྒྱས་སུ་བཞུགས་ཏེ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད། སེལ་ཉམས་ཆག་གི་བསླད་མ་ཞུགས་པར་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཁྲིད། ཉམས་ལེན་གྱི་གདམས་པ་དང་བཅས་པ། སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞི་ལྟ་བུ་ཞིག་ལ་མཚོན་ན། སྨིན་བྱེད་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། གྲོལ་བྱེད་གདམས་པའི་ཆུ་བོའམ་ཉམས་ལེན་གདམས་པའི་ཆུ་བོ་དམར་ཁྲིད་གནད་བྱང་དང་བཅས་པ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ་ཡོད་པ་འདི་ཉིད་རང་རེའི་ཐོས་བསམ་སྒོམ་སྒྲུབ་ཀྱི་བགོ་སྐལ་ལ་སྤྱོད་པའི་སྐལ་བ་བཟང་པོ་ཐོབ་ཡོད་པ་ལས་ད་ལྟ་སྐབས་སུ་བབས་པ་ནི། རྒྱལ་བའི་ཆོས་མཛོད་མཐའ་དག་ཕྱོགས་གཅིག་ཏུ་འདུས་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ཚན། མན་ངག་ཐམས་ཅད་ཀྱི་གནད་འདུས་པའི་མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་ལ་ཐོས་བསམ་འཆད་ཉན་བྱེད་པའི་སྐབས་སུ་བབས་པ་ཡིན་ལ། དེ་ཡང་ཇི་སྐད་དུ། ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང་། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅིའི་ཕྱིར་དག་མི་བགྱིད། །ཅེས་དང་། སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་གསུངས་པ་དེ་ལྟ་བུའི་གཞུང་བཟང་བླ་ན་མེད་པ། མདོ་རྒྱུད་མན་ངག་གི་དགོངས་པའི་སྙིང་དོན་དྲུག་ཚན་རེས་ཀྱང་སྐལ་ལྡན་ཐར་ལམ་ལ་འགོད་པའི་གནད་འདུས་པ་འདི་ཉིད་ལས་དེ་རིང་།

༡༨༠ ཚད་དྲུག་ལེགས་པར་གཏན་ལ་དབབ་པ་བསྟན་པ།

ཚད་དྲུག་ལེགས་པར་གཏན་ལ་དབབ་པ་ནི།།

རྒྱུ་འབྲས་ཕྲ་སྤྱད་དད་པ་ཆེ་བའི་ཚད།།

གཏམ་ལ་འཇིགས་པ་ཁྲེལ་འཛེམ་ཆེ་བའི་ཚད།།

ཡོན་ཏན་འགོ་བ་གྲོགས་པོ་བཟང་བའི་ཚད།།

སེམས་ཉིད་ཡུལ་བྲལ་སྒོམ་པ་བཟང་བའི་ཚད།།

སྐྱོན་ཡོན་མི་འཕྲོགས་ཉམས་ལེན་རྫོགས་པའི་ཚད།།

སྐུ་གསུམ་ལམ་སློང་ཟད་སར་སྐྱོལ་བའི་ཚད།།

ཚད་རྣམས་ལྡན་པའི་སྐྱེས་བུ་མཆོག་རབ་ཡིན།།

ཞེས་གསུངས་པ་སྟེ། ཚད་དྲུག་ལེགས་པར་གཏན་ལ་དབབ་པའི་དང་པོ་ནི། དད་པ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ལ་སོགས་པ་དབྱེ་བ་དུ་མ་ཡོད་པ་ལས་གཙོ་བོ་ཡིད་ཆེས་པའི་དད་པ་ཡོད་པ་གལ་ཆེ་ཞིང་། ཡིད་གང་ལ་ཆེས་དགོས་ན། རྒྱུ་འབྲས་ལ་ཡིད་ཆེས་དགོས་ཏེ། རྒྱུ་འབྲས་ལ་ཡིད་ཆེས་ཡོད་ཚེ་བདེན་བཞི་ལ་ཡིད་ཆེས་ཤིང་། བདེན་བཞི་ལ་ཡིད་ཇི་ལྟར་ཆེས་ན་ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས་སྡུག་བསྔལ་བདེན་པ་སྐྱེད་པ་ནི། བསླུ་མེད་བདེན་པའི་རང་བཞིན་ཡིན་པ་དང་། རྒྱུ་ལམ་བདེན་ལ་བརྟེན་ནས་འབྲས་བུ་འགོག་བདེན་འབྱུང་བ་བསླུ་མེད་ཡིན་པར་ཤེས་པ་ལ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཟེར་ཞིང་། ལས་རྒྱུ་འབྲས་ལ་ཡིད་ཆེས་གཏིང་ནས་ཡོད་ན་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་བླང་དོར་བྱེད་པ་ལས་འཆོལ་ཉོག་ཏུ་མི་སྤྱད་ཅིང་། རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་འཆོལ་ཉོག་ལ་མི་སྤྱད་པ་ནི་དད་པ་ཡོད་པའི་ཚད་ཡིན་པ་དང་། གྲྭ་པ་སེར་མོ་ཞིག་ལ་མཚོན་ན་གོས་སྣེ་གསུམ་གོན་ན་བླ་ལུ་དང་། སྐེད་འཁོར་གསུམ་བཏགས་ན་དཔོན་ལུ་ཞེས་པ་ལྟར། གཙུག་སྐྲ་སོར་གསུམ་མཁན་སློབ་ཀྱི་མདུན་དུ་ཕུལ་ནས་སྟོན་པའི་ན་བཟའ་དམར་པོ་འདི་གྱོན་པ་ཡིན་ན་དེའི་འོས་བབས་ཀྱི་ལས་ལ་ཞུགས་དགོས་པ་ཡིན། དཔེར་ན་དམག་གོས་གོན་ནས་དམག་ཆས་བྱས་ན་མཚོན་ཆ་བཅུག་གཏོར་འཕེན་གསུམ་དང་དགྲ་ཐབས་སོགས་ཤེས་པར་བྱས་ནས་ཁོ་རང་གི་འོས་བབས་ཀྱི་བྱ་བ་བསྒྲུབ་དགོས་པ་དང་། དེ་བཞིན་དུ་ལས་ཁུངས་གཞན་དག་རྣམས་ལ་ཡང་རང་རང་གི་ལས་གོས་དང་ལས་རྟགས་ཡོད་པས་མ་ཚད་སོ་སོས་ཆེད་སྦྱོང་བྱས་པའི་རང་འཁྲིའི་ལས་འགན་བསྒྲུབ་དགོས་པ་ཡིན། དཔེ་དེ་དང་མཚུངས་པར་རང་རེས་དམར་སེར་ངུར་སྨྲིག་གི་རྟགས་འཆང་བ་འདི་ཡང་། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་མཚོན་པའི་བརྡ་ཡིན་པས། མི་གཞན་གྱིས་ཀྱང་འདི་དག་ནི་གཞན་གནོད་གཞི་དང་བཅས་པ་སྤངས་ཤིང་སེམས་ཅན་ཕྲ་མོ་ཙམ་ལ་ཡང་འཚེ་བ་མི་ཕོད་པའི་དགེ་སྦྱོང་གི་རྟགས་ཆ་ལུགས་མཆང་མཁན་རེད་སྙམ་པ་ཡིན་པས། གཞན་ཕན་གཞི་དང་བཅས་པ་ཆེ་ཞིག་སྒྲུབ་མ་ནུས་ཀྱང་གཞན་གནོད་ཅན་གྱི་བསྟན་པའི་ཞབས་འདྲེན། བསྟན་ཞབས་སྡུད་པའི་དམར་སེར་རྟགས་ཅན། ཐུབ་པའི་བསྟན་པ་སྤྱི་ལ་གནོད་པའི་གཏམ་ངན་གྱིས་ཁྱབ་པ་དེ་འདྲར་སོང་ན་མ་ལེགས་པ་ཡིན་སྙམ་པའི་གཏམ་ལ་འཇིགས་པ་ནི་ཁྲེལ་འཛེམ་ཆེ་བའི་ཚད་ཡིན་ཞེས་པའི་དོན་ཡིན། གཞན་དུ་ལྟོ་གོས་གཏམ་གསུམ་གྱི་ནང་ནས་གཏམ་འདི་ལ་ཞེན་པ་ཆོད་དཀའ་བར་འདུག ལྟོ་གོས་གཉིས་ཀ་ཤིན་ཏུ་བཟོད་སྲན་ཆུང་བའི་རིགས་ཤིག་མིན་ཚེ་ངན་ངོན་ཙམ་གྱིས་འཚོ་བར་བྱེད་ཐུབ་པ་ཡིན། གཏམ་མགོ་རྣ་འདིའི་ཕྱོགས་ནས་སྲོག་འབེན་ལ་འཛུགས་ཐུབ་པའང་ཡིན་པས་གཏམ་ལ་ཞེན་པ་བཅད་པ་གལ་ཆེ་བ་ཡིན། གྲོགས་དེ་དང་འགྲོགས་པས་ཡོན་ཏན་འགོ་བ་ཞིག་བྱུང་ན་གྲོགས་པོ་བཟང་བའི་ཚད་ཡིན་པ་དང་། སེམས་ཀྱི་ཆོས་ཉིད་དམིགས་གཏད་མཚན་མ་ཅན་གྱི་ཡུལ་དང་བྲལ་བ་དེ་སྒོམ་པ་བཟང་བའི་ཚད་དང་། སྐྱོན་ཡོན་ལ་བརྟེན་པའི་བསྟོད་སྨད་ཀྱི་ཚིག་གིས་མི་འཕྲོགས་པས་ན་ཐུབ་པ་དེ་ཉམས་ལེན་རྫོགས་པའི་རྟགས་ཚད་ཡིན་པ་དང་། རྫོགས་ཆེན་མན་ངག་སྡེའི་ཐོད་རྒལ་གྱི་སྐབས་སུ་སྐུ་གསུམ་ལམ་སློང་དུ་འཆར་ནས། ཉམས་ལེན་ལམ་དུ་བསླངས་ན་ཆོས་ཉིད་ཟད་པའི་སར་སྐྱོལ་བའི་ཚད་ཡིན་པ་སྟེ། ཚད་དེ་རྣམས་དང་ལྡན་པའི་སྐྱེས་བུ་དེ་མཆོག་དང་རབ་ཏུ་གྱུར་བ་ཡིན་ནོ།།

༡༨༡ ཉེས་པ་དྲུག་ལྡན་མི་བྱ་བསྟན་པ།

ཉེས་པ་དྲུག་ལྡན་མི་བྱ་བསྟན་པ་ནི།།

སྡོམ་གསུམ་བླངས་ནས་ཉེས་ལྟུང་འཁུར་མི་བྱ།།

སྙིང་པོའི་དོན་བོར་ཚིག་ཕྱིར་འབྲང་མི་བྱ།།

བྱང་ཆུབ་མི་སྒྲུབ་ཆོས་བརྒྱད་ལྷུར་མི་བྱ།།

མི་ལུས་ཐོབ་ནས་སྟོང་པར་ལོག་མི་བྱ།།

ཟབ་དོན་རྙེད་ནས་དམན་པར་འཇུག་མི་བྱ།།

སྡེ་སྣོད་འཆད་མཁས་ཉམས་ལེན་མེད་མི་བྱ།།

ཞེས་གསུངས་པ་སྟེ། ཉེས་པ་དྲུག་དང་ལྡན་པས་ན་བྱ་མི་རུང་བ་རྣམ་པ་དྲུག་བསྟན་པ་ནི། སོ་བྱང་སྔགས་གསུམ་གྱི་སྡོམ་གསུམ་བླངས་ཏེ་དེའི་མི་མཐུན་ཕྱོགས་ཀྱི་ཉེས་ལྟུང་མི་བཤགས་པར་འཁུར་བར་མི་བྱ་སྟེ། དེ་ཡང་དང་པོ་ཉིད་ནས་ཉེས་ལྟུང་མི་འབྱུང་བ་ནི་རབ་དང་། ཉེས་ལྟུང་བྱུང་ན་བཤགས་པ་བྱེད་པ་ཡང་སྐྱེས་བུ་དམ་པ་མཆོག་ཡིན་གསུངས་པས་ཉེས་ལྟུང་བྱུང་ན་བཤགས་པ་བྱེད་པ་ནི་གལ་ཆེ་བ་ཡིན། སྙིང་པོའི་དོན་བོར་ནས་ཚིག་ཕྱིར་འབྲང་བ། སྙིང་པོ་དོར་ནས་ཤུན་པ་འཚོལ་བ་དེ་འདྲ་མི་རིགས་ཏེ། སྙིང་པོ་མེད་པའི་ཚིག་སྐམ་དེ་སྲོག་དང་བྲལ་བའི་མིའི་གཟུགས་བརྙན་ལྟ་བུ་ཡིན་པའི་ཕྱིར། བྱང་ཆུབ་མི་བསྒྲུབ་པར་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལྷུར་ལེན་པར་མི་བྱ་བ་དང་། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ནས་ལག་པ་སྟོང་པར་ལོག་པར་མི་བྱ་བ་སྟེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་ན་སྨོས་མ་དགོས་ལ། མིན་ཡང་ཆོས་ཉིད་མངོན་སུམ་ལ་སོགས་པ་རྫོགས་པ་ཆེན་པོའི་སྣང་བཞིའི་ས་ཚོད་ངེས་ཅན་ཞིག་ལ་ཐོན་ཡོད་ན་ཡང་ཁྱད་དུ་འཕགས་པ་ཡིན། དུས་འདིར་དེ་ཙམ་ཡོད་ཀྱང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཁྱད་མེད་པ་ཡིན། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་ཡོད་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ལམ་རྟགས་ཡོད་པ་དང་། མིན་ཡང་དཔེའི་ཡེ་ཤེས་ཙམ་ཞིག་རྒྱུད་ལ་བརྙེས་ཡོད་ཚེ་སྟོང་ཉིད་རྗེས་མཐུན་པ་ཞིག་རྟོགས་པ་ཡིན་པས་དེ་ལ་ནི་མེ་རྟགས་ཀྱི་དུ་བ། ཆུ་རྟགས་ཀྱི་རླངས་པ་ཡོད་པ་ཡིན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས་སྔར་དང་མ་འདྲ་བའི་སྙིང་རྗེ་ཆེན་པོ་རྒྱུད་ལ་འཁྲུངས་ནས། ཞེ་སྡང་དང་ཁོང་ཁྲོ་ང་རྒྱལ་ལ་སོགས་པའི་རྩ་ཉོན་ཉེ་ཉོན་རྣམས་མངོན་གྱུར་མགོ་གནོན་ཞིང་ས་བོན་ཉམས་སྨད་པ་ཞིག་ཡིན་ངེས་ཏེ། ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་མེད་པ་ཟེར་བ་ཡིན། དེ་མིན་པར་ཐོས་པ་སུ་ཆེ་ང་རྒྱལ་ཆེ། སྒོམ་པ་སུ་བཟང་གསོག་འཇོག་མཁས་ཚེ་ཆོས་མ་འགྲུབ་པར་ཆོས་བརྒྱད་འགྲུབ་པའི་རྟགས་ཡིན། དེས་ན་དང་པོར་ཐེག་ཆེན་ཚོགས་ལམ་ཆུང་ངུའི་སྣེ་ཞིག་ཟིན་པ་ནི་མི་ལུས་སྟོང་ལོག་མ་བྱས་པའི་གོམ་པ་དང་པོ་རེད། ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེས་པའི་གང་ཟག་དེས། མཉམ་བཞག་ལ་སྟོང་ཉིད་དང་། རྗེས་ཐོབ་ལ་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པ་ནི་ཚོགས་ལམ་རེད། ཚོགས་ལམ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས། ཚོགས་ལམ་ཆུང་ངུའི་སྐབས་སུ་ལུས་ཚོར་previous hit སེམས་ཆོས་དྲན་པ་ཉེར་བཞག་བཞི་སྒོམ་པར next hit་བྱེད་པས་བདེན་བཞི་འཇུག་ལྡོག་གི་གནད་ངེས་དགོས་པ་ཡིན། སྤྱིར་ན་དོན་གཉིས་ལྡན་པའི་སེམས་བསྐྱེད་སྙིང་རྗེས་སེམས་ཅན་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན་པས། སེམས་ཅན་བློས་བཏང་བ་ལ་སོགས་པའི་རྩ་ལྟུང་དང་། གསང་སྔགས་ཀྱི་དམ་ཚིག་ནི་དེ་བས་ཀྱང་ཟབ་ཅིང་ཕྲ་བ་ཡིན་པར་ནི་ཇོ་བོ་རྗེས་གསུངས་པ་ལྟར་ཡིན་པས། མི་ལུས་ཐོབ་ནས་སྟོང་པར་ལོག་མི་བྱ་ཞེས་པ་ནི་ངེས་previous hit པརསེམས next hit་པའི་གཞི་ཆེན་པོ་ཡིན་ནོ། །ཐེག་པ་གོང་མའི་ཟབ་དོན་རྙེད་ནས་དམན་པའི་ལམ་དུ་མི་ལྟུང་བ་སྟེ། དམན་པའི་ལྟ་སྤྱོད་ལ་འཇུག་པར་མི་བྱ་ཞིང་། ཆོས་སྡེ་སྣོད་གསུམ་ཁ་ཐོག་ནས་འཆད་ཤེས་ཀྱང་། དོན་དུ་ཉམས་སུ་བླངས་པ་མེད་པ་དེ་ལྟར་མི་བྱ་ཞེས་པ་སྟེ། ང་ལྟ་བུ་ཞིག་ལ་མཚོན་ན་སྦྱངས་པ་མེད་པས་ཡོན་ཏན་ཞིག་ཅི་ལ་ཡོད་དེ། ཁ་ཡིས་ཀྱང་བཤད་མི་ཤེས་ཁི། ཉམས་ལེན་ནི་དེ་བས་ཀྱང་ག་ལ་ཡོད། ཆོས་བརྒྱུད་མཐུད་པའི་ཆེད་དུ་བསྟན་པའི་ཕྲ་ཉག་གི་སྐབས་འདིར། ཁྱི་མེད་ས་ནས་ཞི་མིས་རུས་པ་མུར་ཏེ། ཡས་བཤད་མས་བཤད་བྱེད་ཀྱིན་ཡོད་ཀྱང་། དོན་ལ་འོན་པ་རོལ་མོ་མཁན་གྱིས་སྒྲ་སྙན་བཏང་བ་དང་ཁྱད་མེད་པར་གཞན་གྱིས་གོ་བ་དང་། ཁྱད་པར་དུ་དག་སྣང་ཅན་གྱི་ལས་ཅན་ཚོ་ལ་བརྒྱུད་པའི་བྱིན་རླབས་ཀྱིས་ཕན་ཐོགས་ཀྱང་མངོན་སུམ་དུ་བྱུང་ནས་ཡོད་འདུག འོན་ཀྱང་འཆད་མཁན་ཁོ་རང་གི་རང་རྒྱུད་ལ་ཅི་ཡང་ཡོད་པ་མ་རེད། དེ་ལྟར་མ་བྱེད་གསུངས་པ་རེད། འདི་ལ་མཚན་གཞི་བཞག་ན་ང་བཞག་ཆོག་འདུག རོགས་པ་ལ་ལ་ཡོད་ནའང་ཐང་།

༡༨༢ སྒྲུབ་ལ་ཉེས་པ་བསམ་པའི་ཆོས་དྲུག་བསྟན་པ།

སྒྲུབ་ལ་ཉེས་པ་བསམ་པའི་ཆོས་དྲུག་ནི།།

བར་ཆོད་མང་ན་མཐུན་འཇུག་རྩིག་པ་བསྒྱེལ།།

འདུན་པ་མ་ལོག་ལོང་མེད་རྒྱུད་ལ་བསྟེན།།

སྙིང་རྗེ་མ་སྐྱེས་རང་ལ་དཔེ་ལོང་ལྟོས།།

བྱིན་རླབས་ཡལ་ན་མོས་གུས་བརྩོན་འགྲུས་བསྐྱེད།།

གནོད་བྱེད་མང་ན་ཞུན་འཐར་མང་དུ་སྦྱོངས།།

གཞན་དོན་འདོད་ན་སེམས་བསྐྱེད་སྨོན་ལམ་ཐོབ།།

དེ་ལྟར་བྱས་ན་ཉེས་པའི་སྐྱོན་ལས་གྲོལ།།

ཞེས་གསུངས་པ་སྟེ། སྒྲུབ་ལ་ཉེས་པ་བསམ་པའི་ཆོས་དྲུག་ནི། ཆོས་སྒྲུབ་པ་ལ་བར་ཆོད་མང་ན་འཇིག་རྟེན་མཐུན་འཇུག་གྱི་རྩིག་པ་དེ་བསྒྱེལ་བར་གྱིས་དང་བར་ཆད་ལས་གྲོལ་བ་ཡིན། བར་ཆད་ཅེས་པ་ནི་འདྲེ་རྭ་ཅན་ནག་པོ་ཞིག་མིན་པར་འཇིག་རྟེན་མཐུན་འཇུག་པ་དང་འབྲེལ་ནས། ཡས་ཀྱི་ངོ་ལོན་དགོས་འདུག མས་ལ་མཐུན་སྡེབ་བྱེད་དགོས་འདུག་སྙམ་བའི་བྱ་བས་བྲེལ་ནས་དེ་ཁོ་ནའི་ངང་དུ་དུས་འདའ་བ་ནི་བར་ཆད་ཀྱི་བདུད་ཡིན་ཏེ། བར་ཆད་བདུད་ནི་ཅིར་ཡང་བརྫུ་ཡོང་། ཞེས་གསུངས་པའི་ཕྱིར། མདོར་ན་ཆོས་པའི་ཞེ་ལ་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ཤར་ནས་སྡོད་མི་ཚུགས་པ་ནི་བར་ཆད་ཡིན་པས་དེ་གཅོད་པའི་མན་ངག་ལ་འདི་ཉིད་གསུངས་པ་ཡིན། ཚེ་འདིའི་ཞེན་པ་དང་འདུན་པ་མ་ལོག་ན་ལོང་མེད་རྒྱུད་ལ་བསྟེན་ནས་མི་རྟག་པ་བསྒོམ་དགོས་པ་དང་། གཞན་སེམས་ཅན་ལ་སྙིང་རྗེ་མ་སྐྱེས་ན་རང་ལ་དཔེ་བླངས་ནས་ལྟ་བར་བྱེད་པ་སྟེ། རང་དང་རང་གི་ཚེ་འདིའི་མ་ལྟ་བུ་ཞིག ད་ལྟ་རང་གི་མདུན་ནས་སྲོག་གཅོད་ཀྱི་ཤན་པས་གསོད་པ་ལ་སོགས་པ་ཐབས་དུ་མས་བསྒོམ་པར་བྱ་བ་དང་། བྱིན་རླབས་ཡལ་ན་བྱིན་རླབས་འདྲེན་བྱེད་ཀྱི་མོས་གུས་དང་བརྩོན་འགྲུས་བསྐྱེད་པའི་ཐབས་ལ་འབད་པ་བྱ་བ་དང་། གནོད་བྱེད་མང་ན་མན་ངག་གི་བདར་ཤ་ཆོད་པའི་ཆེད་དུ་གདམས་ངག་ཞུན་ཐར་བཅད་དེ་སྦྱོང་བར་བྱེད་པ་དང་། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གཞན་དོན་འདོད་པ་ཞིག་ཡིན་ཚེ། སེམས་བསྐྱེད་པ་ཙམ་ཞིག་གིས་མི་ཆོག་སྟེ། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། ཞེས་གསུངས་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གི་བདག་ཉིད་ཅན་དེ་རྒྱུད་ལ་སྐྱེ་དགོས། དེ་སྐྱེས་པ་ཙམ་ཞིག་གིས་ཀྱང་མི་ཆོག་པར། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔ་ནས་previous hit སེམས་ཅན་གྱི་དོན་སྒྲུབ་པར next hit་ཁས་འཆེས་པ་ལྟར་དུ། དེའི་བསླབ་བྱའི་གནས་ཐམས་ཅད་ལ་འཇུག་དགོས་པ་ཡིན་ཡང་། རང་ལ་ནུས་པ་ཆེ་ཞིག་རྒྱས་མེད་པའི་ད་ལྟའི་དུས་སྐབས་འདིར། འདུན་པ་དང་འབྲེལ་བ་དང་། སྨོན་པ་དང་འབྲེལ་བ་དང་། དམ་བཅའ་དང་འབྲེལ་བ་དང་། གསོལ་འདེབས་དང་འབྲེལ་བ་སྟེ། འབྲེལ་བ་བཞི་ལྡན་དང་མ་བྲལ་བའི་སྒོ་ནས་སེམས་བསྐྱེད་ཅིང་བསམ་པ་དག་པས་སྨོན་ལམ་བཏབ་ན་རང་ཤུགས་ཀྱིས་འགྲུབ་པ་ཡིན་པས་སྨོན་ལམ་འདེབས་པར་བྱེད་པ་གལ་ཆེ་བ་སྟེ། དེ་ལྟར་བྱས་ན་ཉེས་པའི་སྐྱོན་ལས་གྲོལ་བ་ཡིན་ནོ།།

༡༨༣ སྒྲུབ་པའི་དམ་ཆོས་ཚད་མ་དྲུག་ལྡན་བསྟན་པ།

སྒྲུབ་པའི་དམ་ཆོས་ཚད་མ་དྲུག་ལྡན་ནི།།

མདོ་རྒྱུད་ལུང་ཟིན་བཀའ་ཡི་ཚད་མ་དང༌།།

བརྒྱུད་པ་མ་ཆད་གདམས་ངག་ཚད་མ་དང༌།།

ཉམས་སེལ་མ་ཞུགས་བྱིན་རླབས་ཚད་མ་དང༌།།

འདྲ་མིན་མ་བསླད་ཡང་དག་ཚད་མ་དང༌།།

རང་རྒྱུད་ཁེལ་བ་ཉམས་མྱོང་ཚད་མ་དང༌།།

མངོན་སུམ་རྗེས་དཔག་གཏན་ཚིགས་ཚད་མ་དང༌།།

རྣམ་པ་དྲུག་ལྡན་ཤིན་ཏུ་གཅེས་པ་ཡིན།།

ཞེས་གསུངས་པ་སྟེ། དམ་པའི་ཆོས་སྒྲུབ་པའི་དམ་ཆོས་ཚད་མ་དྲུག་ལྡན་ནི། མདོ་དང་རྒྱུད་ཀྱི་ལུང་གིས་ཟིན་པ་ཞིག་ཡིན་ན་བཀའ་ཡི་ཚད་མ་ཡིན་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ནི་གདམས་ངག་ཚད་མ་ཡིན་པ་དང་། དམ་ཉམས་ཀྱི་སེལ་མ་ཞུགས་པ་ནི་བྱིན་རླབས་ཚད་མ་ཡིན་པ་དང་། འདྲ་མིན་འདྲ་ཆོས་ཀྱི་རྟོག་བཟོས་མ་བསླད་པ་དེ་ཡང་དག་པའི་ཚད་མ་ཡིན་པ་དང༌། ཉམས་སུ་བླངས་ནས་རང་རྒྱུད་ལ་ཁེལ་བ་ནི་ཉམས་མྱོང་གི་ཚད་མ་ཡོད་པ་དང་། མངོན་སུམ་རྗེས་དཔག་རྣམས་གཏན་ཚིགས་ཀྱི་ཚད་མ་སྟེ། དེ་ལྟ་བུའི་ཚད་མ་རྣམ་པ་དྲུག་ལྡན་པས་སྒྲུབ་པ་མཐར་དབྱུང་བ་ཤིན་ཏུ་གཅེས་སོ།།

༡༨༤ རང་སྐྱོན་མཚང་ནས་འབྲུ་བའི་ཆོས་དྲུག་བསྟན་པ།

རང་སྐྱོན་མཚང་ནས་འབྲུ་བའི་ཆོས་དྲུག་ནི།།

ངན་གཡོའི་ཁྲིམས་ཀྱིས་རང་མགོ་མ་བསྐོར་ཅིག།

མི་དགེའི་སྡིག་པས་རང་ཕུང་མ་སྒྲུབས་ཤིག།

ཞེན་འཛིན་ཕུང་འདྲེས་རང་བདུད་མ་འབེབས་ཤིག།

ཁོང་ཁྲོའི་སེམས་ཀྱིས་རང་སེམས་མ་དཀྲུགས་ཤིག།

རྣམ་གཡེང་འདུ་འཛིས་རང་དོན་མ་སླུ་ཅིག།

འཁོར་བའི་གཡང་སར་རང་ཉིད་མ་འདོར་ཅིག།

གྲོས་དེ་ཉན་ན་འདུན་མ་ལེགས་པར་འོང༌།།

ཞེས་གསུངས་པ་སྟེ། རང་སྐྱོན་ངན་པ་དེ་མཚང་ནས་བཏོན་ཏེ་མ་ཕུད་ན་དམ་པའི་ཆོས་རྣལ་མ་ཞིག་འགྲུབ་པའི་དུས་མེད་པས། ལོག་པའི་ཆོས་དང་ངན་གཡོའི་ཁྲིམས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ཡིས་རང་མགོ་རང་གིས་མ་བསྐོར་ཅིག གལ་ཏེ་བསྐོར་ན་ཚེ་རབ་གཞན་དག་ལ་བྱང་ཆུབ་ཀྱི་སེམས་བརྗེད་འགྲོ་བ་ཡིན་པའི་ཕྱིར། མི་དགེ་སྡིག་པའི་ལས་བསྒྲུབས་ནས་རང་གིས་རང་ཕུང་བ་དེ་འདྲ་མ་སྒྲུབས་ཤིག ཞེན་འཛིན་ནི་ཕུང་བར་བྱེད་པའི་འདྲེ་ཡིན་པས་རང་ལ་དེ་འདྲའི་འདྲེ་རྒན་དེ་ཉིད་བདུད་དུ་མ་འབེབས་ཤིག ཞི་བ་ལྷས། ས་སྟེང་འདི་དག་ཀོ་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །གསུངས་པ་ལྟར་དུ་ནང་ནས་རང་གིས་ཞེ་སྡང་གི་དགྲ་བོ་དེ་ཐུལ་ཡོད་ན་ཁོང་ཁྲོ་བའི་སེམས་ཞི་བ་ཡིན་པས་རང་གི་སེམས་རང་གིས་མ་དཀྲུགས་ཤིག རྣམ་གཡེང་འདུ་འཛིའི་དབང་དུ་ཤོར་ཏེ་འདུ་འཛིའི་རྗེས་སུ་དེད་ནས་རང་དོན་སླུ་བྲིད་ཀྱི་དབང་དུ་མ་ཤོར་ཅིག འཁོར་བ་ནི་ཉམས་ང་བའི་གཡང་ས་ཆེན་པོ་ཞིག་ཡིན་པས། རང་གིས་ཤེས་བཞིན་དུ་དེར་འདོར་བར་མ་བྱེད་ཅིག ཚེ་རབས་གཏན་འདུན་གྲོས་དེ་དག་ཉན་ན་འདུན་མ་ལེགས་སུ་འོང་ངོ་།།

༡༨༥ མཐོ་དམན་དྲིལ་ནས་བསྟན་པའི་ཆོས་དྲུག་བསྟན་པ།

མཐོ་དམན་དྲིལ་ནས་བསྟན་པའི་ཆོས་དྲུག་ནི།།

ཡར་ལ་བླ་མ་ཡི་དམ་མཁའ་འགྲོ་མཆོད།།

མར་ལ་སྣོད་བཅུད་ལོངས་སྤྱོད་འབྲེལ་ཐག་ཆོད།།

བར་དུ་སྣང་སྟོང་ཟུང་འཇུག་དོན་ལ་སྦྱོངས།།

ཕར་ལ་དགེ་བ་སེམས་ཅན་དོན་ལ་བསྔོས།།

ཚུར་ལ་དཀོན་མཆོག་ཡོན་ཏན་རྒྱུད་ལ་སྦྱོར།།

བར་དུ་བདག་གཞན་དགེ་སྦྱོར་དམིགས་མེད་སྐྱོལ།།

དེ་ཡིས་ལམ་ཟབ་སྙིང་པོའི་དམ་ཆོས་འགྲུབ།།

ཅེས་གསུངས་པ་སྟེ། མཐོ་དམན་ཡར་མར་ཕར་ཚུར་དྲིལ་ནས་བསྟན་པའི་ཆོས་དྲུག་གི་གདམས་ངག་ནི། ཡར་ཏེ་གུས་པས་སྤྱི་བོར་མཆོད་པའི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་གསུམ་གྱི་ལྷ་ཚོགས་ལ་མཆོད་པར་བྱེད་པ་དང་། མར་ཏེ་ཆོས་མ་ཡིན་པའི་འཁོར་བའི་སྣོད་བཅུད་ཀྱི་ལོངས་སྤྱོད་ལ་ཞེན་པའི་འབྲེལ་ཐག་གཅོད་པར་བྱེད་པ་དང་། བར་དུ་གཉིས་མེད་མཉམ་པ་ཆེན་པོས་སྣང་སྟོང་ཟུང་འཇུག་གི་དོན་སྤྲོས་བྲལ་འོད་གསལ་གྱི་དོན་ལ་སྦྱོང་བར་བྱེད་པ་དང་། འདི་ཡང་ཐ་སྙད་དང་མཐུན་པར་གཞན་ཕར་ལ་བྱས་རང་ཚུར་ལ་བྱས་པ་དང་བསྟུན་ནས་ཚིག་གི་ཐ་སྙད་སྦྱར་ནས་གསུངས་པ་རེད། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་དགེ་རྩ་ཆེ་ཕྲ་མཐའ་དག ཕར་ཏེ་མཐའ་ཡས་པའི་གཞན་སེམས་ཅན་ཐམས་ཅད། བླ་མེད་རྫོགས་བྱང་ཐོབ་པའི་དོན་དུ་བསྔོ་བར་བྱེད་པ་དང་། དཀོན་མཆོག་གི་བྱིན་རླབས་དང་དེའི་ཡོན་ཏན་ཐམས་ཅད་ཚུར་རང་གི་རྒྱུད་ལ་སྦྱར་ནས། རང་ཉིད་དཀོན་མཆོག་གི་ལྷ་གྲལ་དུ་ཚུད་པར་བྱེད་པ་དང་། བར་དུ་བདག་གཞན་གྱི་དགེ་སྦྱོར་ཐམས་ཅད་དམིགས་མེད་འཁོར་གསུམ་ཡང་དག་གི་ས་ལ་སྐྱེལ་བར་བྱས་ན་དེ་ཡིས་ལམ་ཟབ་སྙིང་པོའི་དམ་ཆོས་འགྲུབ་པར་འགྱུར་རོ།།

༡༨༦ ཆོས་དང་འཛོལ་བ་ཡ་ཆ་རྣམ་དྲུག་བསྟན་པ།

ཆོས་དང་འཛོལ་བ་ཡ་ཆ་རྣམ་དྲུག་ནི།།

མི་ལུས་ཐོབ་ནས་སྡིག་སྤྱོད་ཡ་རེ་ཆ།།

ཆོས་དང་ཕྲད་ནས་མི་བསྒྲུབ་ཡ་རེ་ཆ།།

ཚུལ་ཁྲིམས་ཐོབ་ནས་རལ་བ་ཡ་རེ་ཆ།།

དམ་ཚིག་ཉམས་པའི་སྒྲུབ་པ་ཡ་རེ་ཆ།།

ཆོས་ཀྱིས་རྙེད་འཚོལ་ལོག་འཚོ་ཡ་རེ་ཆ།།

རང་དོན་ཕྱལ་བའི་གཞན་དོན་ཡ་རེ་ཆ།།

བསམས་ཤིང་ཡི་མུག་གང་ཟག་མང་བར་གདའ།།

ཞེས་གསུངས་པ་སྟེ། ཆོས་དང་རང་རྒྱུད་འཛོལ་བའི་དབང་གིས་ཡི་ཆད་འགྱོད་པས་གདུང་ནས་ཡ་ང་ཡི་ཆད་ཅན་དུ་གྱུར་པའམ་ཡ་རེ་བའི་ཆོས་དྲུག་བསྟན་པ་ནི། མི་ལུས་ཐོབ་ནས་དལ་འབྱོར་སྟོང་ལོག་བྱས་ཏེ་སྡིག་པ་ལ་སྤྱོད་པ་དེ་ཡ་རེ་ཆ་བ་དང་། ཆོས་དང་ཕྲད་ནས་དམ་པའི་ཆོས་མི་བསྒྲུབ་པ་ཡང་ཡ་རེ་ཆ་བ་དང་། སོ་བྱང་སྔགས་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐོབ་ནས་སྡོམ་དམ་ཚིག་རལ་བ་དེ་ཡང་ཡ་རེ་ཆ་བ་དང་། སྒྲུབ་པའི་བྱིན་རླབས་དང་དངོས་གྲུབ་ནི། དམ་ཚིག་མ་ཉམས་པ་ལ་བརྟེན་ནས་ཐོབ་དགོས་པ་ཡིན་པས། དམ་ཚིག་ཉམས་པའི་སྒྲུབ་པ་དེ་ཡ་རེ་ཡ་རེ་ཆ་བའམ་ཡ་ང་ཡི་ཆད་ཀྱི་གནས་ཡིན་པ་དང་། རྙེད་པའི་དོན་དུ་ཆོས་བཤད་པ་ལ་སོགས་པ་ཆོས་ཀྱིས་རྙེད་འཚོལ་གྱི་ལོག་འཚོ་དེ་ཡང་ཡ་རེ་ཆ་བ་དང་། རང་དོན་ཕྱལ་ནས་མ་འགྲུབ་པའི་གང་ཟག་གིས་གཞན་དོན་བྱེད་མདོག་པ་ཡང་ཡ་རེ་ཆ་བ་སྟེ། དེ་ལྟ་བུའི་བསམས་ཤིང་བསམས་ཤིང་ཡི་མུག་བྱེད་དགོས་པའི་གང་ཟག་སྙིགས་མའི་དུས་འདིར་མང་བར་གདའ་འོ།།

༡༨༧ ཆོས་ལ་འདྲེད་པའི་རྒྱུ་དྲུག་བསྟན་པ།

ཆོས་ལ་འདྲེད་པའི་རྒྱུ་དྲུག་བསྟན་པ་ནི།།

གྲོགས་ངན་བསྟེན་ན་དགེ་སྦྱོར་འདྲེད་པའི་རྒྱུ།།

བླ་མའི་སྐྱོན་རྟོག་མོས་གུས་འདྲེད་པའི་རྒྱུ།།

རྩོལ་བས་མི་སྒོམ་ཉམས་མྱོང་འདྲེད་པའི་རྒྱུ།།

ཡེང་བའི་ལམ་སྡོད་དམ་ཆོས་འདྲེད་པའི་རྒྱུ།།

གཞན་གྱི་སྐྱོན་རྟོག་དག་སྣང་འདྲེད་པའི་རྒྱུ།།

ལང་ཅན་རིག་པ་འཁྲུལ་བར་འདྲེད་པའི་རྒྱུ།།

རྒྱུ་དྲུག་སྤངས་ལ་དམ་ཆོས་བསྒྲུབ་པར་བྱ།།

ཞེས་གསུངས་པ་སྟེ། ཆོས་ལ་འདྲེད་པའམ་ཆོས་ལས་འདྲེད་པ་དམ་པའི་ལྷ་ཆོས་སྒྲུབ་པ་ལས་འབྱིད་ནས་ཆོས་སྒོར་མ་ཚུད་པའམ་ཚུད་ཀྱང་མ་ཆགས་ནས་ཆོས་ལས་ཕྱི་རོལ་ཏུ་ཤོར་བའི་ཆོས་དྲུག་བསྟན་པ། གྲོགས་ངན་པ་བསྟེན་ན་དར་ཐོག་ནས་མར་རང་ཤུགས་ཀྱིས་འདྲེད་པ་བཞིན་དུ་དགེ་སྦྱོར་རྣམས་མར་འགྲིབ་པའི་རྒྱུ་ཡིན་པ་དང་། བླ་མའི་སྐྱོན་ལ་རྟོག་ན་མོས་གུས་འདྲེད་པའི་རྒྱུ་ཡིན་པ་དང་། རྩོལ་བ་རྒྱུན་ཆད་མེད་པར་མ་བསྒོམ་ན་ཉམས་མྱོང་ཡར་འཕེལ་བ་ལས་ལྡོག་སྟེ་མར་འདྲེད་པའི་རྒྱུ་ཡིན་པ་དང་། ཡེང་མ་ལམ་ལ་བསྡད་ན་དམ་ཆོས་མི་འགྲུབ་པར་དར་འབྱིད་དུ་འགྲོ་བ་དང་། གཞན་གྱི་སྐྱོན་རྟོག་འབའ་ཞིག་བྱས་ན་དག་སྣང་འགྲིབ་ནས་འདྲེད་པའི་རྒྱུ་ཡིན་པ་དང་། ངན་པ་ལང་ཤོར་ཅན་ནི་རིག་པ་འཁྲུལ་བར་འདྲེད་པའི་རྒྱུ་ཡིན་པ་སྟེ། དེ་ལྟ་བུའི་རྒྱུ་ངན་པ་དྲུག་པོ་སྤངས་ལ་དམ་ཆོས་བསྒྲུབ་པར་བྱའོ།།

༡༨༨ དགྲ་དྲུག་སྤང་བར་གདམས་པའི་ཆོས་དྲུག་བསྟན་པ།

དགྲ་དྲུག་སྤང་བར་གདམས་པའི་ཆོས་དྲུག་ནི།།

དལ་འབྱོར་མི་ལུས་ལྟོ་རྒྱབ་དགྲར་མ་བསྐུར།།

གཞན་དོན་སེམས་བསྐྱེད་ཐེག་དམན་དགྲར་མ་བསྐུར།།

སེམས་ཉིད་ནོར་བུ་འཁྲུལ་བའི་དགྲར་མ་བསྐུར།།

ཚོགས་གཉིས་ཡིད་བཞིན་ཚེ་འདིའི་དགྲར་མ་བསྐུར།།

སྙིང་པོའི་སྒྲུབ་པ་ལེ་ལོའི་དགྲར་མ་བསྐུར།།

མོས་གུས་གདུང་སེམས་ལོག་ལྟའི་དགྲར་མ་བསྐུར།།

ཞེས་གསུངས་པ་སྟེ། དགྲ་དྲུག་སྤང་བར་གདམས་པའི་ཆོས་དྲུག་ནི། ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་རིན་ཐང་ཅན་གྱི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའི་སྐབས་འདིར། ལྟོ་རྒྱབ་ཁ་གསོ་རྒྱབ་འགེབས་ཙམ་ཞིག་གི་ཆེད་དུ་བརྩོན་པའི་དགྲར་མ་ཤོར་བར་བྱེད་དགོས་ཏེ། ཁ་རྒྱབ་ཙམ་ཞིག་ནི་དུད་འགྲོ་དང་ཐུན་མོང་ཡིན་པས་དོན་ཆུང་ཡིན་པས། དོན་ཆུང་ལ་གཡེངས་ནས་དོན་ཆེན་ཤོར་བར་མ་བྱེད་པར་རང་གཞན་དོན་གཉིས་འགྲུབ་previous hit པར་གྱིས་ཤིག གཞན་དོན་དུ་སེམས next hit་བསྐྱེད་པ་དེ་ཐེག་དམན་གྱི་རང་དོན་ཡིད་བྱེད་ཀྱི་དགྲ་ལ་མ་བསྐུར་ཅིག སེམས་ཀྱི་ཆོས་ཉིད་ཆོས་སྐུའི་རང་ཞལ་མཇལ་བ་ནི། དགོས་འདོད་ཀྱི་ནོར་བུ་ཐོབ་པ་དང་འདྲ་ཡིན་པས། དེ་འཁྲུལ་བའི་དགྲར་མ་བསྐུར་ཅིག སྣང་བཅས་བསོད་ནམས་ཀྱི་ཚོགས་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་སྦྱིན་སོགས་ཆོས་ལྔ་དང་། སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་སྟོང་པ་ཉིད་ལ་མཉམ་པར་བཞག་པ་སྟེ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་དྲི་མ་མེད་པ་གཉིས་ཡ་མ་བྲལ་བར་བསགས་པ་ནི། དཔལ་ས་ར་ཧས་དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་བ་འཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་ཡིད་བཞིན་གྱི་རིན་པོ་ཆེ་ལག་ཏུ་སོན་པ་དང་འདྲ་བར་ཚེ་འདི་དང་ཕྱི་མའི་རང་གཞན་གྱི་དོན་གཉིས་དང་། བསྟན་པའི་དོན་ཆེན་འགྲུབ་པའི་རྒྱུ་ཡིན་པས། ཚེ་འདིའི་དོན་ཆུང་གི་དགྲ་ལ་མ་བསྐུར་ཅིག སྙིང་པོའི་སྒྲུབ་པ་དེ་ལོང་མེད་རྒྱུད་ལ་བསྐྱེད་ནས་བསྒྲུབ་དགོས་པས་ལེ་ལོ་དང་གཡེང་བའི་དགྲར་མ་བསྐུར་ཅིག ལོག་ལྟ་ཅན་ལ་མོས་གུས་མེད་ལ་མོས་གུས་མེད་ན་དད་པ་མེད་ཅིང་། དད་པ་མེད་ན་བྱིན་རླབས་མི་འཇུག་པས་མོས་གུས་གདུང་སེམས་དེ་ལོག་ལྟའི་དགྲ་ལ་མ་བསྐུར་ཅིག

༡༨༩ འདོད་ཡོན་རང་གར་སྤྱོད་པའི་ཉེས་དྲུག་བསྟན་པ།

འདོད་ཡོན་རང་གར་སྤྱོད་པའི་ཉེས་དྲུག་ནི།།

གཟུགས་ཀྱིས་མིག་བསླུས་ཕྱེ་ལེབ་མར་མེ་བཞིན།།

སྒྲ་ཡིས་རྣ་བ་གླིང་བུ་རི་དྭགས་བཞིན།།

དྲི་ཡིས་སྣ་བསླུས་བུང་བ་ཙནྡན་བཞིན།།

རོ་ཡིས་ལྕེ་བསླུས་ཉ་མོ་ལྕགས་ཀྱུ་བཞིན།།

རེག་གིས་ལུས་བསླུས་གླང་ཆེན་འདམ་ཚུད་བཞིན།།

ཆོས་ཀྱིས་ཡིད་བསླུས་རྔ་མོ་བུ་ཤི་བཞིན།།

ཚོགས་དྲུག་ཡུལ་ལ་རང་གར་མ་སོང་འཚལ།།

ཞེས་གསུངས་པ་སྟེ། འདོད་ཡོན་རང་གར་སྤྱོད་པའི་ཉེས་དམིགས་རྣམ་པ་དྲུག་ནི། ཕྱེ་མ་ལེབ་གཟུགས་ལ་ཆགས་ནས་མར་མེའི་ནང་དུ་སྲོག་ཤོར་བ་དང་། གླིང་བུའི་སྒྲ་ཡིས་རི་དྭགས་བསླུས་ནས་རི་དྭགས་སྒྲ་ལ་ཆགས་པའི་སྐབས་སུ་རྔོན་པས་དུག་མདས་བསྣུན་ནས་བསད་པ་དང་། དྲི་ཡིས་སྣ་བསླུས་ནས་བུང་བ་ཙནྡན་གྱི་ཐང་ཆུ་ལ་འབྱར་ནས་ཤི་བ་དང་། རོ་ཡིས་ལྕེ་བསླུས་ནས་ཉ་མོ་ལྕགས་ཀྱུས་བཟུང་བ་དང་། རེག་གིས་ལུས་བསླུས་ནས་གླང་ཆེན་འདམ་ལ་ཚུད་པ་དང་། ཡིད་ཡུལ་དུ་གྱུར་བའི་ཆོས་ཀྱིས་ཡིད་བསླུས་ན་རྔ་མོང་གིས་བུ་སྟོར་བ་ལྟ་བུའི་སྡུག་བསྔལ་དྲག་པོ་མྱོང་བ་སྟེ། ཚོགས་དྲུག་ཡུལ་ལ་དེ་ལྟ་བུའི་རང་གར་མ་སོང་འཚལ་ལོ།།

༡༩༠ འགལ་བ་ལམ་དུ་སློང་བའི་ཆོས་དྲུག་བསྟན་པ།

འགལ་བ་ལམ་དུ་སློང་བའི་ཆོས་དྲུག་ནི།།

ཚེ་འདིའི་བློ་སྐྱེས་ཞེན་པ་ནང་ནས་ལོག།

ནད་གདོན་ཅི་བྱུང་སྡིག་སྒྲིབ་ཕྱགས་མར་ལྟོས།།

རྐྱེན་ངན་བར་ཆད་དགེ་བའི་སྐུལ་མར་ལྟོས།།

དགྲ་སྡང་གནོད་འཚེ་བཟོད་པའི་སྐུལ་མར་ལྟོས།།

རྣམ་རྟོག་གང་ཤར་ཡེ་ཤེས་གསལ་འདེབས་ལྟོས།།

སྣོད་བཅུད་སྣང་བ་རྒྱལ་བའི་ཞིང་དུ་ལྟོས།།

རྐྱེན་རྣམས་བྱང་ཆུབ་ལམ་དུ་འགྲོ་བ་ཡིན།།

ཞེས་གསུངས་པ་སྟེ། འགལ་བ་ལམ་དུ་སློང་བའི་ཆོས་དྲུག་པོ་དེ་གང་ཡིན་ན། ཚེ་འདིའི་དོན་གཉེར་གྱི་བློ་སྐྱེས་ཚེ་ཞེན་པ་ནང་ནས་ལོག་པའི་བློ་སྦྱོང་གྱིས་ཤིག ནད་གདོན་ཅི་བྱུང་ཡང་སྔོན་ལས་ལྡོག་མེད་ཀྱི་དབང་གིས་ཡིན་པས་མི་ན་བའི་ཐབས་མེད་པ་ཡིན། འོན་ཀྱང་སྔོན་བསགས་ཀྱི་སྡིག་སྒྲིབ་རྣམས་མྱོང་སྟོབས་ཀྱིས་སམ་གཏོང་ལེན་བྱས་ན་དག་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ཆོས་འཆད་ཉན་བྱེད་པའི་གང་ཟག་ཚེ་འདིར་མགོ་བོ་ན་བ་ཙམ་གྱིས་ཀྱང་། ཕྱི་མ་དམྱལ་བར་སྐྱེ་བའི་སྡིག་སྒྲིབ་ཀྱང་འདག་པ་ཡིན་པས། སྡིག་སྒྲིབ་ཕྱགས་པའི་ཕྱགས་མ་རུ་ལྟོས་ཤིག རྐྱེན་ངན་བར་ཆད་དགེ་བའི་སྐུལ་མ་རུ་སོང་བ། རྗེ་མི་ལའི་རྣམ་ཐར་ལྟ་བུ་དང་། གཞན་ཡང་བསམ་ཤེས་པ་ཞིག་ལ་ཆོས་ཀྱི་སྐུལ་མ་ནི་རྐྱེན་ངན་འདི་ལས་ལྷག་མེད་པ་ནི། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །ཅེས་གསུངས་པ་ལྟ་བུ་ཡིན་པས་དགེ་བའི་སྐུལ་མར་ལྟོས་ཤིག བཟོད་པ་སྒོམ་པ་ལ་བསྒོམ་ཡུལ་མེད་ན་སྒོམ་མི་ནུས་པས་དགྲ་སྡང་གི་གནོད་འཚེ་བཟོད་པའི་སྐུལ་མ་རུ་ལྟོས་ཤིག རྣམ་རྟོག་གང་ཤར་ཐམས་ཅད་ཉམས་རྟོགས་ཅན་ལ་ཡེ་ཤེས་ཀྱི་གསལ་འདེབས་ཡིན་པས། དེ་ལ་བལྟ་བྱ་ལྟ་བྱེད་དང་བྲལ་བའི་ངང་ནས་ལྟོས་ཤིག གསང་སྔགས་དག་སྣང་གི་ལྟ་བས་སྣོད་བཅུད་སྣང་བ་ཐམས་ཅད་རྒྱལ་བའི་ཞིང་དུ་ལྟ་བ། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་རང་བཞིན་ཏེ། རྡོ་རྗེ་གསུམ་ལས་མ་འདས་པ་ཉིད་དུ་ལྟོས་ཤིག་དང་། དེ་ལྟར་བྱས་ན་རྐྱེན་རྣམས་བྱང་ཆུབ་ལམ་དུ་འགྲོ་བ་ཡིན་ནོ།།

༡༩༡ དེ་ལྟར་མ་ཤེས་མ་གོ་རྣམ་དྲུག་བསྟན་པ།

དེ་ལྟར་མ་ཤེས་མ་གོ་རྣམ་དྲུག་ནི།།

སྐྱོན་ཡོན་གཉིས་ལ་བླང་དོར་བྱེད་པ་དང༌།།

འགྲོ་དྲུག་ཞིང་ལ་མཐོ་དམན་བྱེད་པ་དང༌།།

རིག་པའི་དངོས་ལ་སྐྱེ་འགག་འཛིན་པ་དང༌།།

ཟང་ཀའི་ཤེས་པ་སྤང་གཉེན་བྱེད་པ་དང༌།།

རིག་པའི་དོན་ལ་སྦྱང་བགྲོད་འདོད་པ་དང༌།།

འབྲས་བུ་ལོགས་ནས་བསྒྲུབ་བྱར་འདོད་པ་དང༌།།

མཐོན་པོའི་དོན་གྱི་རང་བཞིན་མ་གོ་བས།།

བློ་དམན་བྱིས་པ་གྲོང་པའི་ཆོས་ལ་སྦྱོར།།

ཞེས་གསུངས་པ་སྟེ། དེ་ལྟར་མ་ཤེས་མ་གོ་བའི་སྐྱོན་རྣམ་པ་དྲུག་པོ་དེ་གང་ཡིན་ན། སྐྱོན་དང་ཡོན་ཏན་གཉིས་དབྱིངས་ཀྱི་ངོ་བོར་མཉམ་པ་ཡིན་ཡང་། དེ་ལྟར་མ་རྟོགས་ནས་སྐྱོན་ཡོན་གཉིས་ལ་བླང་དོར་བྱེད་པ་ནི་རྨོངས་པའི་ལུགས་ཡིན་པ་དང༌། མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཞེས་པ་ལྟར་དུ་འགྲོ་དྲུག་ཞིང་ལ་དག་དང་མ་དག་གི་མཐོ་དམན་གཉིས་འཛིན་བྱེད་པ་དང་། སྐྱེ་འགག་གནས་གསུམ་བྲལ་བའི་རིག་པའི་ངོ་ལ་སྐྱེ་འགག་རྟག་ཆད་དུ་འཛིན་པ་དང༌། ཐ་མལ་རང་བཞག་གི་མ་བཅོས་གཤིས་ཀྱི་གནས་ལུགས་ཟང་ཀ་མའི་སྤུ་མ་རྗེས་མདོག་མ་འགྱུར་པའི་ཤེས་པ་སྟེ། གསལ་བའི་ཆ་ནས་ཤེས་པ་ཡིན་ཡང་། ཡོད་མེད་ཀྱི་ཆ་ནས་སེམས་ཀྱང་མ་ཡིན་པ་དེ་ལ་སྤང་གཉེན་དུ་བྱེད་པ་དང༌། རིག་པའི་དོན་ལ་ས་ལམ་གཅིག་ཆར་དུ་རྫོགས་ཡོད་ཀྱང་དེ་ལ་སྦྱང་བགྲོད་རིམ་པ་ཅན་དུ་འདོད་པ་དང༌། འབྲས་བུ་རང་ཆས་སྐུ་གསུམ་ཡེ་ལྡན་དུ་ཡོད་པ་ཡིན་ཡང་ལོགས་ནས་བསྒྲུབ་བྱ་གཞན་དུ་འཚོལ་བར་འདོད་པ་སྟེ། གནས་ལུགས་ཀྱི་ལྟ་བ་མཐོན་པོའི་དོན་གྱི་རང་བཞིན་མ་གོ་བས། བློ་དམན་བྱིས་པ་རྣམས་གྲོང་པ་འཇིག་རྟེན་པའི་ཆོས་ལ་དེ་ལྟར་སྦྱོར་བ་ཡིན་ནོ།།

༡༩༢ ཆོས་བསྒྲུབ་རྣམས་ལ་ངོ་ཚ་རྣམ་དྲུག་བསྟན་པ།

ཆོས་བསྒྲུབ་རྣམས་ལ་ངོ་ཚ་རྣམ་དྲུག་ནི།།

བསྟན་པའི་སྒོར་ཞུགས་སྡིག་སྤྱོད་ངོ་རེ་ཚ།།

ཐ་སྙད་ཚིག་ཞེན་མི་བསྒྲུབ་ངོ་རེ་ཚ།།

སེམས་བསྐྱེད་ཁས་བླངས་བདག་འཛིན་ངོ་རེ་ཚ།།

ཆོས་དང་འཇིག་རྟེན་བསྲེ་བ་ངོ་རེ་ཚ།།

ཆགས་སྡང་འཐབ་རྩོད་བྱེད་པ་ངོ་རེ་ཚ།།

ཆོས་དང་གང་ཟག་གཤེ་བ་ངོ་རེ་ཚ།།

ངོ་ཚ་ཚུལ་བཞིན་སྤོང་བ་ཤིན་ཏུ་དཀོན།།

ཞེས་གསུངས་པ་སྟེ། ཆོས་བསྒྲུབ་རྣམས་ལ་ངོ་ཚ་རྣམ་པ་དྲུག་བསྟན་པ་སྟེ། སངས་རྒྱས་བསྟན་པའི་སྒོར་ཞུགས་ནས་སངས་རྒྱས་ཀྱི་ན་བཟའ་གོན་པའི་ཆོས་པའི་མིང་བཟུང་བ་དག་གིས་ཆོས་མིན་སྡིག་པའི་ཕྱོགས་ལ་སྤྱོད་ན་ངོ་རེ་ཚ་བ་དང་། ཐ་སྙད་ཀྱི་ཚིག་ལ་ཞེན་ནས་ཐ་སྙད་ལས་འདས་པའི་ཡང་དག་རྣལ་མའི་གནས་ལུགས་ཀྱི་དོན་ཉམས་ལེན་བྱས་ནས་མི་བསྒྲུབ་པ་ནི་ངོ་རེ་ཚ་བའི་གནས་ཡིན་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་previous hit སེམས་ཅན་གྱི་དོན་སྒྲུབ་པར next hit་ཁས་བླངས་ཀྱང་། གཞན་དོན་མི་བསྒྲུབ་པས་མ་ཚད་བདག་འཛིན་གྱིས་ཀུན་ནས་སློང་བའི་རང་འདོད་བྱེད་པ་དེ་ངོ་རེ་ཚ་སྟེ། ཕྱོགས་ཅུའི་རྒྱལ་བ་སྲས་བཅས་དང་། མཐའ་ཡས་previous hit སེམས་ཅན་ཐམས་ཅད་དབུ་བསྐོར་བ་དང་མགོ་གཡོག་པར next hit་བྱས་པའི་ཕྱིར། དེ་ཡང་ཡིན་ཏེ་འུ་ཚོ་མི་ཞིག་གིས་གཞན་ཞིག་ལ་གཏན་འཁེལ་བའི་ཐ་ཚིག་བཏང་ནས་ཁས་བླངས་ཚར་དུས་དེ་མ་བསྒྲུབས་ན་ངོ་ཚ་རང་གིས་ཉོས་པ་ལྟར་ཡིན་པས་སོ། །ཆོས་དང་འཇིག་རྟེན་བསྲེ་བ་བྱས་ནས་སྒྲུབ་མདོག་པ་དེ་ཡང་འགྲུབ་ཏུ་མེད་པས་ངོ་རེ་ཚ་བའི་གནས་ཡིན་པ་དང་། གང་ཟག་ཆོས་པ་ལ་ཁས་འཆེས་པ་ཞིག་ཡིན་ཚེ་ཆགས་སྡང་གི་སྒོ་ནས་འཐབ་རྩོད་བྱེད་པ་ངོ་རེ་ཚ་བ་དང་། ཆོས་དང་གང་ཟག་གཤེ་བ་ཡས་ལ་སྐུར་བ་བཏབ་མས་ལ་ངན་སྨོད་བྱས་ན་རང་ཉིད་ངོ་ཚ་བའི་གནས་ཡིན་པ་སྟེ། དེ་ལྟ་བུའི་ངོ་ཚ་དེ་དག་སྤང་བར་བྱ་དགོས་ཀྱང་ཚུལ་བཞིན་སྤོང་བར་བྱེད་པ་ནི་ཤིན་ཏུ་དཀོན་པའི་གནས་སོ།།

༡༩༣ ཡང་དག་དོན་གྱི་གདམས་པ་རྣམ་དྲུག་བསྟན་པ།

ཡང་དག་དོན་གྱི་གདམས་པ་རྣམ་དྲུག་ནི།།

འདུ་འཛི་བདུད་ལས་ཡིན་གྱིས་འཁྲི་བ་ཆོད།།

བསོད་ནམས་བར་ཆོད་ཡིན་གྱིས་དགའ་བྲོད་བོར།།

ཆེ་གྲགས་བདུད་ལས་ཡིན་གྱིས་དམན་ས་ཟུངས།།

ཕྱོགས་འཛིན་རྟག་ཆད་ཡིན་གྱིས་དབྱིངས་གཅིག་དྲིལ།།

གནད་མེད་སྡུག་སྒུར་ཡིན་གྱིས་གདམས་པ་ཚོལ།།

ཉམས་མེད་ཁ་ལྟ་ཡིན་གྱིས་རྒྱུད་དང་སྦྱོར།།

དེ་ལྟར་བྱས་ན་ལེགས་པའི་ཡོན་ཏན་འགྲུབ།།

ཅེས་གསུངས་པ་སྟེ། ཡང་དག་དོན་ལ་སྦྱོར་བའི་གདམས་པ་རྣམ་པ་དྲུག་པོ་ནི་གང་ཡིན་ན། འདུ་འཛི་རྣམ་རྣམ་གཡེང་གི་ལས་དེ་བདུད་ལས་ཡིན་པས། འདུ་ལོང་མང་པོའི་འཁྲི་བ་དེ་ཆོད་ཅིག བསོད་ནམས་ཏེ་ཟང་ཟིང་གི་བྲེལ་ཟིང་མང་པོ་བྱུང་བ་འདི་བར་ཆོད་ཡིན་གྱིས་དེ་ལ་དགའ་བྲོད་བོར། ཆེ་གྲགས་སྒྲུབ་པ་ནི་བདུད་ཀྱི་ལས་ཡིན་གྱིས་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། དད་པ་དང་ངེས་འབྱུང་སྟེན་ཅིག ཕྱོགས་འཛིན་ནི་རྟག་ཆད་ཀྱི་མཐའ་ལ་ལྷུང་བ་ཡིན་གྱིས་མཐར་ཐུག་དབྱིངས་མཉམ་པ་ཉིད་ལ་གཅིག་ཏུ་དྲིལ་ཅིག སྒོམ་པ་བ་རྣམས་ཀྱིས་སྒོམ་རྒྱུའི་མན་ངག་གི་གནད་མེད་པར་སྒོམ་མདོག་བྱེད་པ་ནི། རང་གར་སྡུག་སྒུར་བྱས་པ་སྲོག་ལ་རླུང་འཇུག་བྱེད་དང་། སྙིང་ནད་ན་བའི་རྒྱུ་ཡིན་པས། དེ་ལས་ལྡོག་སྟེ་གདམས་པའི་གནད་ཟབ་མོ་སྒོམ་བྱེད་པའི་རྟེན་དུ་འཚོལ་དགོས་པ་དང་། ཉམས་དང་རྟོགས་པ་མེད་ན་ལྟ་བའི་ཁ་བཤད་མཁས་ཀྱང་ཁ་ལྟ་ཡིན་གྱིས་ཉམས་ལེན་རང་རྒྱུད་དང་སྦྱོར་ཅིག དེ་ལྟར་བྱས་ན་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པ་ཡིན་ནོ།།

༡༩༤ རན་པའི་ཚོད་ཟིན་དྲུག་གིས་གདམས་པ་བསྟན་པ།

རན་པའི་ཚོད་ཟིན་དྲུག་གིས་གདམས་པ་ནི།།

སྐྱེ་ཤི་བར་དོ་འདིར་འཁྱམས་གྲངས་མང་བས།།

ད་རེས་འགྱུར་མེད་བཙན་ས་བཟུང་རེ་རན།།

སྡུག་བསྔལ་འཁྲུལ་འཁོར་འདིར་ཚུད་གྲངས་མང་བས།།

ད་རེས་བདེ་ཆེན་ས་ལ་འགྲོ་རེ་རན།།

སྐྱེ་ཤིའི་ཕུང་པོ་འདོར་ལེན་གྲངས་མང་བས།།

ད་རེས་འགྱུར་མེད་ཆོས་སྐུ་ཐོབ་རེ་རན།།

མ་རིག་མུན་ཁྲོད་འཐོམས་པ་གྲངས་མང་བས།།

ད་རེས་ཡེ་ཤེས་སྒྲོན་མ་སྦོར་རེ་རན།།

བདུད་བཞིའི་དམག་དཔུང་འདིས་བཅོམ་གྲངས་མང་བས།།

ད་རེས་འཁོར་བའི་གཡུལ་ངོ་བཟློག་རེ་རན།།

འདོད་པའི་ཁོལ་པོ་འདི་བྱས་གྲངས་མང་བས།།

ད་རེས་གཏན་གྱི་སོ་ནམ་ཟིན་རེ་རན།།

རན་པ་བས་ཀྱང་ཐལ་བར་གྱུར་འདི་སོམ།།

ཞེས་གསུངས་པ་སྟེ། རན་པའི་ཚོད་ཟིན་པ་དྲུག་གིས་གདམས་པ་གནང་བ་ནི། ཐོག་མེད་ནས་ད་ལྟའི་བར་སྐྱེ་ཤི་བར་དོ་གསུམ་ཁ་བརྒྱུད་ནས་འཁྱམས་གྲངས་མང་ཞིང་འཁྲུལ་ཚབ་ཆེ་བས། ད་རེས་ཕྱིན་ཆད་འདིར་ཁྱམ་མི་དགོས་པའི་འགྱུར་བ་མེད་པ་གདོད་མའི་གཏན་སྲིད་ཀྱི་བཙན་ས་བཟུང་རེ་རན་པ་དང་། འཁོར་བ་སྡུག་བསྔལ་ཅན་གྱི་འཁྲུལ་འཁོར་འདིར་ཚུད་གྲངས་མང་ཞིང་། ཐོག་མེད་ནས་ད་ལྟའི་བར་དུ་འཁྱམས་པ་ཡིན་པས། ད་རེས་ནི་ཐོད་པ་བོར་ཆོག་གི་ཐོག་ནས་བདེ་ཆེན་ས་ལ་འགྲོ་རེ་རན་པ་དང་། སྐྱེ་ཤིའི་ཕུང་པོ་འདི་འདོར་ལེན་གྱི་གྲངས་སུ་བཏབ་ནས་སྐྱེ་བ་མང་པོ་མ་བླངས་བསམ་པ་ཞིག་དང་། སྐྱེ་ཤིའི་ཁ་མ་བརྒྱུད་བསམ་པ་ཞིག་འཁྱམས་ཀྱང་ཐར་བའི་ལམ་སྣེ་ཟིན་དུས་ཤིག་ཐོབ་མེད་པས། ད་རེས་དམ་པའི་ཆོས་དང་འཕྲད་ནས་གདམས་པ་ཟབ་མོ་ཐོབ་པའི་དུས་སྐབས་འདི་མི་ཤོར་བར་འགྱུར་མེད་ཆོས་སྐུ་ཐོབ་པའི་བཙན་ས་བཟུང་རེ་རན་པ་དང་། མ་རིག་མུན་པའི་ཁྲོད་ན་མགོ་འཐོམས་པ་ཡུན་རིང་ཞིང་གྲངས་མང་བས་ན། ད་རེས་ཀྱི་ཚེ་འདི་ལ་ཡེ་ཤེས་སྒྲོན་མ་སྦོར་རེ་རན་པ་དང་། དེ་སྔོན་གྱི་དུས་ཀུན་ལ་ཉམས་ཉེས་པ་བྱུང་བ་ནི་ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བུའི་བདུད་དེ་བདུད་བཞིའི་དམག་དཔུང་འདིས་བཅོམ་གྲངས་མང་བའི་དབང་གིས་ཏེ། ད་རེས་དེ་རྣམས་ལ་རྒྱལ་ཁ་མི་སྟེར་བར་འཁོར་བའི་གཡུལ་ངོ་བཟློག་རེ་རན་པས་བདུད་བཞི་རྩད་ནས་བཅོམ་སྟེ། འཁོར་བའི་གཡུལ་ངོ་བཟློག་དགོས་པ་དང་། གཟུགས་མཛེས་སྒྲ་སྙན་ལ་སོགས་པའི་རྗེས་སུ་དེད་ནས་དེ་དག་གི་བསླུ་བྲིད་ཀྱི་དབང་དུ་སོང་བའི་འདོད་པའི་ཁོལ་བོ་འདི་བྱས་གྲངས་མང་བ། ཆོས་བརྒྱད་གཡེང་བའི་ཁོལ་བོར་མི་ཚེ་ཟད། །ཅེས་པ་ལྟར་ཡིན་པས། ད་རེས་གཏན་གྱི་སོ་ནམ་གྱི་བྱ་བའི་འདུན་ཕུགས་ཟིན་རེ་རན་པས་དེ་ཨེ་ཟིན་ལྟ་དགོས་པ་སྟེ། རང་རེས་ལོ་ཆུང་བསམ་རུང་སུམ་ཅུ་སོ་སྟོད་ལ་ཐོན་དུས་རྒས་པ་ལ་ཕྱོགས་པ་ཡིན་ཞིང་། རྒས་པའི་རྗེས་སུ་འཁོགས་རྒྱུ་ཡོད་པ་ཡིན། དེ་ཡང་ལུས་འཁོགས་པས་མི་ཚད་སེམས་རྟོག་ཀྱང་དེ་བཞིན་དུ་ཇེ་ཞན་དུ་འགྲོ་བ་ཡིན་ཕྱིར་རན་པ་བས་འཕྱིས་པའི་ཚུལ་འདི་སོམས་ཤིག

༡༩༥ འགྲོ་བ་དྲུག་གི་དོན་ལ་བརྟག་པ་བསྟན་པ།

འགྲོ་བ་དྲུག་གི་དོན་ལ་བརྟག་པ་ནི།།

སྡུག་བསྔལ་རང་བཞིན་བདེ་བར་མ་ཤེས་ན།།

བདེ་བ་འདོད་པ་སྡུག་བསྔལ་ནད་དུ་ཆེ།།

ཆགས་སྡང་རང་རིག་མཉམ་ཉིད་མ་ཤེས་ན།།

འདོར་ལེན་བྱེད་པ་སྤང་བླང་ནད་དུ་ཆེ།།

རྐྱེན་ངན་རང་བཞིན་གྲོགས་སུ་མ་ཤེས་ན།།

ཐབས་ཤེས་གཞན་བརྟེན་འཆིང་བའི་གཟེབ་ཏུ་ཆེ།།

ལྟས་ངན་རང་བཞིན་གཡང་དུ་མ་ལོན་ན།།

དངོས་གྲུབ་ཉིད་ཀྱང་བདུད་དང་གོལ་བར་འགྲོ།།

རང་གི་སེམས་རྒྱུད་ཆོས་ཀྱིས་མ་བཏུལ་ན།།

ཚིག་ཚོགས་ཆེ་ཡང་ནེ་ཙོའི་འདོན་previous hit པར་འགྲོ།།

དགེ་བ་གང་བྱེད་སེམས next hit་བསྐྱེད་མི་ལྡན་ན།།

ཉན་རང་ཉིད་དམ་བསོད་ནམས་ཆ་མཐུན་འགྲོ།།

དེ་བས་ཡང་དག་གནད་དུ་འགྲོ་བ་གཅེས།།

ཞེས་གསུངས་པ་སྟེ འགྲོ་བ་དྲུག་གི་དོན་ལ་བརྟག་པ་གསུངས་པ་ནི། བརྟག་ན་སྡུག་བསྔལ་གྱི་རང་བཞིན་བདེ་བ་ཡིན་པར་ཤེས་དགོས་པ་ལས། དེ་མ་ཤེས་ནས་བདེ་བ་ཟུར་ནས་ཐོབ་འདོད་པ་སྡུག་བསྔལ་གྱི་ནད་དུ་ཆེ་བ་ཡིན་པ་དང་། ཆགས་སྡང་གི་ངོ་བོ་དེ་རང་རིག་མཉམ་ཉིད་དུ་ཤེས་དགོས་པ་ལས། དེ་མ་ཤེས་ནས་ཐེག་པ་དམན་པའི་ལུགས་ལྟར་དུ་འདོར་ལེན་བྱེད་པ་དེ་སྤང་བླང་གི་ནད་དུ་ཆེ་བ་ཡིན་པ་དང་། རྐྱེན་ངན་གྱི་རང་བཞིན་གྲོགས་སུ་ཤེས་དགོས་པ་ལས། དེ་མ་ཤེས་ནས་ཐབས་ཤེས་གཞན་ཟུར་ཞིག་ནས་བརྟེན་པ་ནི་འཆིང་བའི་གཟེབ་ཏུ་ཆེ་བ་ཡིན་པ་དང་། རྐྱེན་ངན་གྱི་རང་བཞིན་གྲོགས་སུ་འཆར་བའི་གནད་ཀྱི་དགོངས་པ་དེ་མ་ལོན་ན། དངོས་གྲུབ་ཉིད་ཀྱང་བདུད་དང་ལམ་གོལ་བར་འགྲོ་བ་ཡིན་པ་དང་། ཆོས་ཐོས་བསམ་བྱས་པ་དེས་རང་གི་སེམས་རྒྱུད་འདུལ་དགོས་པ་ལས། དེ་མ་བཏུལ་ན་ཚིག་ཚོགས་མང་པོས་འཆད་ཉན་ཆེ་ཡང་དོན་ལ་མེད་པའི་ནེ་ཙོའི་འདོན་previous hit པར་འགྲོ་བ་ཡིན་པ་དང་། བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་པ་དགེ་བ་གང་བྱེད་སེམས next hit་བསྐྱེད་དང་ལྡན་དགོས་པ་ལས། གལ་སྲིད་སེམས་བསྐྱེད་དང་མི་ལྡན་ན་དགེ་བ་ཆེ་ཆུང་གང་བྱས་ཀྱང་། རབ་ཡིན་ན་ཉན་རང་ཉིད་དམ་ཡང་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་སྟེ་ཕྱི་མ་མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་བྱེད་ཀྱི་དགེ་བ་ཙམ་ཞིག་གི་ཡན་དུ་འཕགས་པ་མིན་པས་ཡང་དག་པའི་གནད་དུ་འགྲོ་བ་གཉིས་ལ་མི་གནས་པའི་ཐར་བའི་རྒྱུར་འགྲོ་བ་ཞིག་གཅེས་སོ།།

༡༩༦ ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ནི།།

དབེན་པ་བསྟེན་ན་དགེ་སྦྱོར་འཕེལ་བར་འོང༌།།

གཞན་ལ་བསྟོད་ན་ཤུགས་ཀྱིས་དད་པར་འོང༌།།

རང་རྒྱུད་བཏུལ་ན་དགེ་བ་འཕེལ་བར་འོང༌།།

ནོར་བདུན་བསགས་ན་དབུལ་འཕོངས་སེལ་བར་འོང༌།།

ཡོན་ཏན་སྤེལ་ན་རྒྱལ་བའི་གདུང་འཛིན་འོང༌།།

འགྲོ་དྲུག་བསྐྱངས་ན་རྒྱལ་སྲས་སྤྱོད་པར་འོང༌།།

འོང་བ་བཞིན་དུ་མཛད་པའི་སྐྱེ་བོ་ཉུང༌།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ནི། འདུ་འཛི་བྲེལ་ཟིང་གི་གྲོང་ལས་བྲོས་ནས་དབེན་པའི་རི་ཁྲོད་བསྟེན་ན་དགེ་སྦྱོར་ངང་གིས་ཤུགས་ཀྱིས་འཕེལ་བར་འོང༌ཞིང་། གཞན་ལ་ངན་སྨོད་མི་བྱེད་པར་དེ་ལ་བསྟོད་པ་བྱས་ན་གཞན་དེ་དག་རང་ཉིད་ལ་རང་བཞིན་ཤུགས་ཀྱིས་དད་ཅིང་དགའ་བར་འོང་བ་སྟེ། འདི་རང་ཉིད་ལ་བསྟོད་པ་དང་དད་པ་བྱེད་པའི་ཆེད་དུ་གཞན་ལ་བསྟོད་པ་གྱིས་གསུངས་པ་མིན་པར་གཞན་ལ་ངན་སྨོད་མི་བྱེད་པའི་ཐོག་ནས་བསྟོད་པ་བྱས་ན་གཞན་གདུལ་བྱ་ཕ་རོལ་པོ་རང་ཉིད་ལ་དགའ་ཞིང་དད་པར་འགྱུར་ལ། དེས་ན་ཆོས་ཀྱིས་དེའི་རྒྱུད་བཏུལ་ནས་གདུལ་བྱ་དེ་ལ་ཕན་འདོགས་ནུས་པ་ཡིན་ཞེས་པའི་དོན་ཡིན། རང་རྒྱུད་གྱོང་པོ་འདི་འདུལ་དགོས་ཏེ། དེ་བཏུལ་ན་དགེ་བ་འཕེལ་བར་འགྱུར་བའི་ཕྱིར། དེ་ཡང་། ཆོས་འདལ་བ་འདུལ་བ་ངས་མི་ཤེས། །རང་སེམས་གྱོང་པོ་འདུལ་ན་འདུལ་བ་ཡིན། །ཞེས་དང་། བདག་ཅག་གི་སྟོན་པས་ཀྱང་། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ན། སེམས་འདུལ་བའི་ཁོངས་སུ་སངས་རྒྱས་ཀྱི་བསྟན་པ་འདུ་ན་དགེ་བ་ཅིའི་ཕྱིར་མི་འཕེལ། དད་དང་ཚུལ་ཁྲིམས་སོགས་འཕགས་པའི་ནོར་བདུན་བསགས་ན་འཁོར་བའི་གནས་སུ་འཁྱམས་པའི་དབུལ་ཞིང་ཕོངས་པ་སེལ་བར་འོང༌བ་དང་། རང་རྒྱུད་ཀྱི་ཡོན་ཏན་ཡར་ལ་སྤེལ་ན་དུས་གསུམ་རྒྱལ་བའི་གདུང་འཛིན་པ་དང་དཔལ་ལྡན་བླ་མའི་བཀའ་དྲིན་གསོབ་ཐུབ་པ་ཞིག་འོང་བ་དང་། འགྲོ་དྲུག་གི་སེམས་ཅན་ཕན་པས་བསྐྱངས་ན་བྱང་previous hit སེམས་རྒྱལ་སྲས་སྤྱོད་པ་ཡོངས་སུ་རྫོགས་པར next hit་འོང༌བ་སྟེ། དེ་ལྟ་བུའི་འོང་བ་དྲུག་དེ་ལྟར་ཡིན་ཡང་དེ་བཞིན་དུ་མཛད་པའི་སྐྱེ་བོ་ཉུང༌བར་འདུག་གོ།

༡༩༧ གལ་ཆེ་དྲུག་གི་སྤྲོ་བ་བསྐྱེད་པ་བསྟན་པ།

གལ་ཆེ་དྲུག་གི་སྤྲོ་བ་བསྐྱེད་པ་ནི།།

མོས་གུས་དད་པ་གཏིང་ནས་སྐྱེ་དཀའ་བས།།

བཅོས་ཤིང་བློས་བསྒྱུར་འབད་པ་གལ་རེ་ཆེ།།

རྣམ་རྟོག་སྣ་ཚོགས་གྲོགས་སུ་འཆར་དཀའ་བས།།

ཅི་སྐྱེས་དྲན་པ་གྲོལ་བ་གལ་རེ་ཆེ།།

སྣོད་བཅུད་སྣང་བ་ཞིང་ཁམས་འཆར་དཀའ་བས།།

སྒྱུ་མ་རྨི་ལམ་ཤེས་པ་གལ་རེ་ཆེ།།

དགོངས་པ་རྟོགས་གྲོལ་དུས་མཉམ་འབྱུང་དཀའ་བས།།

ནན་ཏན་སྒོམ་པ་སྐྱེད་པ་གལ་རེ་ཆེ།།

དངོས་སུ་གཞན་ལ་ཕན་པ་འབྱུང་དཀའ་བས།།

སྨོན་པ་སེམས་བསྐྱེད་བསླབ་པ་གལ་རེ་ཆེ།།

ཆགས་ཞེན་འཛིན་པ་མེད་འདི་རབ་དཀའ་བས།།

བགས་ཀྱིས་འདོད་ཆུང་ཆོག་ཤེས་གལ་རེ་ཆེ།།

དེ་དག་བསླབས་པས་མྱུར་དུ་མཆོག་ལ་རེག།

ཅེས་གསུངས་པ་སྟེ། གལ་ཆེ་བ་རྣམ་པ་དྲུག་གི་སྤྲོ་བ་བསྐྱེད་པ་ནི། ཆོས་དང་བླ་མ་ལ་མོས་གུས་དད་པ་ཁ་ཞེ་སྙིང་ཁུང་རུས་པའི་གཏིང་ནས་དང་པོ་ཉིད་ནས་ཡོད་པ་ནི། སྔོན་བྱུང་གི་ལས་འཕྲོ་ཅན་ལས་གཞན་ལ་དཀའ་བ་ཡིན་པས་དང་པོ་རིམ་གྱིས་བློས་བཅོས་ཤིང་བསྒྱུར་ནས་སྦྱངས་ན་རིམ་གྱིས་བཅོས་མིན་གྱི་མོས་གུས་གཏིང་ཚུགས་པ་ཉམས་རྟོགས་མོས་གུས་སུ་འཆར་བ་ཡོང་བ་ཡིན་པ་དང་། རྣམ་རྟོག་སྣ་ཚོགས་གྲོགས་སུ་འཆར་དགོས་ཀྱང་། ཁས་བཤད་པ་ཙམ་ཞིག་གིས་མི་ཡོང་བས། རྣམ་རྟོག་ཅི་སྐྱེས་ཐམས་ཅད་གྲོལ་ནས་ཡལ་དུ་འཇུག་པ་གལ་ཆེ་བ་དང་། སྣོད་བཅུད་སྣང་བ་ཐམས་ཅད་ཞིང་ཁམས་སུ་འཆར་དགོས་ཀྱང་། ལས་དང་པོ་བ་ལ་དང་པོ་ཉིད་ནས་དག་པའི་སྣང་བ་དེ་འཆར་དཀའ་བ་ཡིན་པས། དང་པོ་སྒྱུ་མ་རྨི་ལམ་ཡིན་པར་ཤེས་པ་གལ་རེ་ཆེ་སྟེ། དེ་ནས་རིམ་གྱིས་ཞིང་ཁམས་སྦྱོང་བའི་ཉམས་ལེན་གྱི་གནད་ཟིན་པར་འགྱུར་བའི་ཕྱིར། ཆོས་སྐུའི་དགོངས་པ་ངོ་སྤྲད་པའི་སྐབས་སུ་དབང་རབ་ཡིན་ན་དགོངས་པ་རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་ཡིན་ཡང་། ཐམས་ཅད་ལ་དེ་ལྟར་འབྱུང་བ་ནི་དཀའ་བས། ནན་ཏན་གྱི་སྒོ་ནས་བརྩོན་འགྲུས་བརྩམས་ནས་སྒོམ་པ་རིམ་གྱིས་སྐྱེད་པ་གལ་རེ་ཆེ་བ་དང་། ད་ལྟ་ལས་དང་པོ་བ་བདག་འཛིན་མངོན་གྱུར་པ་ཟད་མེད་ཅིང་རང་དོན་གྱི་འཁྲི་བ་ཆོད་མེད་པའི་སྐབས་འདིར་དངོས་སུ་སེམས་ཅན་གཞན་ལ་ཕན་པ་ཆེན་པོ་ཞིག་འབྱུང་དཀའ་བས། དང་པོ་སྨོན་པ་སེམས་བསྐྱེད་བསླབ་པ་གལ་རེ་ཆེ་བ་དང་། ཆོས་པ་ཞིག་ལ་མཚོན་ན་ཆགས་ཞེན་འཛིན་པ་ཡོད་མི་རུང་བ་ཡིན་ཡང་། དང་པོ་ཉིད་ནས་ཆགས་འཛིན་མེད་པ་ནི་རབ་ཏུ་དཀའ་བས། བགས་ཀྱིས་སམ་རིམ་གྱིས་འདོད་ཆུང་ཆོག་ཤེས་བསླབ་པ་ནི་གལ་ཆེ་བ་སྟེ། དེ་ཡང་ཆགས་ཞེན་བདག་འཛིན་འདིའི་དབང་གིས་འཁོར་བར་འཁྱམས་ནས་སྡུག་བསྔལ་བ་ཡིན་པས། ཐོག་མར་འདོད་ཞེན་ཆུང་བ་རྒྱལ་བ་དགྱེས་པའི་ལམ་མཐའ་གཉིས་སུ་མ་ལྷུང་བ་བསླབས་པ་ནས་རིམ་གྱིས་རྣལ་འབྱོར་བའི་རྒྱུད་ཚོད་དང་བསྟུན་ནས་འཇུག་དགོས་པ་ལས་ཟས་མེད་གོས་མེད་མུ་སྟེགས་པའི་བརྟུལ་ཞུགས་འཛིན་དགོས་ཞེས་པའི་དོན་མིན་ནོ། །དེ་དག་ཐམས་ཅད་ལ་བསླབས་པས་དུས་རིང་པོར་མི་ཐོགས་པར་མྱུར་བ་ཉིད་དུ་བྱང་ཆུབ་མཆོག་གི་གོ་འཕང་ལ་རེག་པར་འགྱུར་བ་ཡིན་ནོ།།

༡༩༨ ཆོས་བྱེད་རུ་བརྒྱངས་བཅད་པ་རྣམ་དྲུག་བསྟན་པ།

ཆོས་བྱེད་རུ་བརྒྱངས་བཅད་པ་རྣམ་དྲུག་ནི།།

ཡར་གྱི་རུ་བརྒྱངས་ལྟ་བའི་གྲོས་ཐག་བཅད།།

མར་གྱི་རུ་བརྒྱངས་སྤྱོད་པའི་དུས་ཚོད་ཤེས།།

ཕར་གྱི་རུ་བརྒྱངས་ཡུལ་སྣང་སྒྱུ་མར་ཤེས།།

ཚུར་གྱི་རུ་བརྒྱངས་གཟུང་འཛིན་ཞེན་པ་དོར།།

ཕྱི་རུ་རུ་བརྒྱངས་ཐོས་བསམ་ཕྱོགས་མེད་བྱ།།

ནང་གི་རུ་བརྒྱངས་རང་རྒྱུད་དུག་ལྔ་འདུལ།།

དེ་ལྟར་མཛད་ན་འཁོར་བའི་དམག་དཔུང་ལོག།

ཅེས་གསུངས་པ་སྟེ། ཆོས་བྱེད་པ་ཞིག་གིས་དམག་གི་རུ་ཕྱོགས་ཀྱི་བརྒྱངས་བསྐྱེད་པའམ་དཔུང་རྒྱ་བསྐྱེད་པ་དྲུག་ནི། ཡར་གྱི་རུ་བརྒྱངས་ལྟ་བའི་གྲོས་ཐག་བཅད་དེ་ལྟ་བ་ཤོང་ཡངས་བར་བྱེད་པ་དང་། མར་གྱི་རུ་བརྒྱངས་སྤྱོད་པའི་རྣམ་གྲངས་མང་ན་ཡང་གང་དགོས་དུས་དང་བསྟུན་ཏེ་རང་རྒྱུད་ཀྱི་ཚོད་ལྟར་དུ་ཤེས་པར་བྱེད་པ་དང་། ཕར་གྱི་རུ་བརྒྱངས་གཏད་སོ་མེད་པའི་ཡུལ་སྣང་ཐམས་ཅད་མི་བདེན་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པར་བྱེད་པ་དང་། ཚུར་གྱི་རུ་བརྒྱངས་རང་རྒྱུད་ཀྱི་གཟུང་འཛིན་གྱི་ཞེན་པ་དོར་བར་བྱེད་པ་དང་། དང་པོར་ཐོས་པས་གཏན་ལ་མ་ཕབ་ན། །བསམ་དང་སྒོམ་པ་གནས་མིན་གཡང་ལ་འཁྱམས། །ཞེས་གསུངས་པས་ཕྱི་རུ་རུ་བརྒྱངས་ཐོས་བསམ་ཕྱོགས་མེད་དུ་བྱེད་པ་དང་། ནང་གི་རུ་བརྒྱངས་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་འདུལ་ཐབས་བྱེད་པ་སྟེ། དེ་ལྟར་མཛད་ན་འཁོར་བའི་དམག་དཔུང་གི་རུ་ལོག་པའམ་ཟློག་ཐུབ་པ་ཡིན་ནོ།།

༡༩༩ ཉོན་མོངས་རེ་བ་ངན་པའི་ཆོས་དྲུག་བསྟན་པ།

ཉོན་མོངས་རེ་བ་ངན་པའི་ཆོས་དྲུག་ནི།།

རང་རྒྱུད་མ་བཏུལ་གཞན་རྒྱུད་ཐུལ་དུ་རེ།།

གོ་ཡུལ་རྟོགས་པས་གནས་ལུགས་ཤེས་སུ་རེ།།

དམིགས་བཅས་བསྒོམས་པས་ཉོན་མོངས་འདག་ཏུ་རེ།།

ཕྱོགས་འཛིན་ཆོས་ཀྱིས་ཐར་ལམ་བགྲོད་དུ་རེ།།

དགེ་བ་མ་བསྒྲུབ་མཐོ་རིས་ཐོབ་ཏུ་རེ།།

སྡིག་པ་མ་སྤངས་ངན་འགྲོར་མི་ལྟུང་རེ།།

རེ་བའི་མི་ལ་དགོས་པ་བསླུས་པར་མཆི།།

ཞེས་གསུངས་པ་སྟེ། ཉོན་མོངས་པའམ་ངལ་ཞིང་དུབ་ནས་རེ་བ་ངན་པའི་ཆོས་དྲུག་ནི། རང་རྒྱུད་མ་བཏུལ་བར་གཞན་རྒྱུད་ཐུལ་དུ་རེ་བ་ནི་ལུས་སེམས་ངལ་ཞིང་དུབ་པའི་རྒྱུ་ཡིན་པ་སྟེ། དེ་ཡང་རང་རྒྱུད་གཏིང་ནས་ཐུལ་བ་ནི་འཕགས་ས་མ་ཐོབ་བར་དུ་མེད་ལ་དེའི་བར་དུ་གཞན་དོན་གཏན་ནས་མི་བསྒྲུབ་པ་ནི་མིན་པར། རང་རྒྱུད་འདུལ་བའི་ཞོར་དུ་དེའི་ཉམས་མྱོང་དང་སྦྲགས་ནས་གཞན་ལ་ཕན་པར་བསྒྲུབས་ནས་དེའི་ཚོད་ཀྱིས་ཕན་ཐོགས་པ་ཡིན་པས་དེ་ལྟར་བྱེད་དགོས་སོ། །ཐོས་བསམ་བྱེད་སྐབས་ཀྱི་གོ་ཡུལ་ཙམ་ཞིག་རྟོགས་ནས་ཤེས་པ་ལ་གནས་ལུགས་ཀྱི་བཞུགས་ཚུལ་ཤེས་སོ་སྙམ་དུ་རེ་བ་ནི། ངལ་ཞིང་དུབ་པའི་རྒྱུ་ཡིན་པར་དང་། དམིགས་བཅས་གཏད་སོ་འཛིན་པ་ཅན་གྱི་སྒོམ་པས་ཉོན་མོངས་པ་སྦྱངས་ནས་འདག་ཏུ་རེ་བ་ནི། དེ་བཞིན་དུ་རེ་སྟོང་ཡིན་པ་དང་། ཕྱོགས་འཛིན་ཁོལ་བུ་འཆིང་བར་བྱེད་པའི་ཆོས་ཀྱིས་ཐར་ལམ་བགྲོད་དུ་རེ་ཡང་། འགྲུབ་ཏུ་མེད་པའི་ཉོན་མོངས་བྱེད་ཡིན་པ་དང་། དགེ་བ་གཏན་ནས་མ་བསྒྲུབས་པར་མཐོ་རིས་ལྷ་མིའི་གོ་འཕང་འཐོབ་ཏུ་རེ་བ་དང་། སྡིག་པ་གཏན་ནས་མ་སྤངས་ན་ཡང་ངན་འགྲོར་མི་ལྟུང་རེ་བ་སྟེ། དེ་ལྟར་རྒྱུ་མེད་ཀྱང་འབྲས་བུར་རེ་བའི་མི་ལ་འཐོབ་དགོས་པ་དེ་ལྟར་ཡོད་ཀྱང་རེ་བས་སྟོང་ནས་བསླུས་པར་མཆིའོ།།

༢༠༠ མ་ཚོར་དྲན་པ་སྟོར་བའི་ཆོས་དྲུག་བསྟན་པ།

མ་ཚོར་དྲན་པ་སྟོར་བའི་ཆོས་དྲུག་ནི།།

མི་ཚེ་ཉོན་མོངས་དུག་ལྔས་འདའ་བྱས་ནས།།

ངན་སོང་འགྲོ་བ་མ་ཚོར་དྲན་པ་སྟོར།།

ཁྱིམ་ཐབ་བུ་ཚས་འབྲེལ་བའི་སྒྲོག་ཞུགས་ནས།།

སྡུག་བསྔལ་མཚོར་བྱིང་མ་ཚོར་དྲན་པ་སྟོར།།

དགྲ་གཉེན་རིས་བཅད་ཆགས་སྡང་འདའ་བྱས་ནས།།

མར་འགྲོའི་ལས་སོང་མ་ཚོར་དྲན་པ་སྟོར།།

སྒོ་གསུམ་བྱ་བྱེད་གང་ཡང་མ་སྤངས་previous hit པར།།

སེམས next hit་ཉིད་གནས་སུ་རེ་བས་དྲན་པ་སྟོར།།

ཚེ་འདིའི་འཇིག་རྟེན་བྱ་བ་མ་སྤངས་པར།།

ཐར་ལམ་སྙོགས་སུ་རེ་བས་དྲན་པ་སྟོར།།

སྟོང་ལྟའི་ཚིག་ལ་ཞེན་ནས་རྩོལ་བ་སྟོར།།

ཉམས་རྟོགས་དྲོད་རྟགས་རེ་བས་དྲན་པ་སྟོར།།

མ་ཚོར་དྲན་པ་སྟོར་བའི་མི་རེ་མང༌།།

ཞེས་གསུངས་པ་སྟེ། མ་ཚོར་མ་ཤེས་པས་དྲན་པ་སྟོར་བའི་སྙིང་མེད་ཀྱི་ཆོས་དྲུག་ནི། ཚེ་གང་ལ་ཉོན་མོངས་དུག་ལྔ་ཏག་ཏག་གིས་དུས་འདའ་བས་མི་ཚེ་ཟད་པར་བྱས་པ་དེའི་འབྲས་བུ་ངན་སོང་ལ་འགྲོ་བ་མ་ཚོར་མ་ཤེས་པ་ནི་སྙིང་མེད་དྲན་པ་སྟོར་བ་ཡིན་པ་དང་། དེ་བཞིན་དུ་ཁྱིམ་ཐབ་དང་བུ་ཚས་འབྲེལ་བའི་འཆིང་བྱེད་ཀྱི་སྒྲོག་ཏུ་ཞུགས་ནས་སྡུག་བསྔལ་གྱི་དུག་གི་མཚོར་བྱིངས་པ་དེ་མ་ཚོར་མ་ཤེས་པ་དང་། དགྲ་ཟེར་བའི་མི་དགའ་ས་ཞིག་དང་གཉེན་ཞེས་པའི་དགའ་ས་གཉིས་ལ་ཆགས་སྡང་རིས་སུ་བཅད་པ་ཤ་སྟག་གིས་དུས་འདའ་བར་བྱས་ནས་འཁྲུལ་སོང་བ་ནི། མར་ངན་སོང་ལ་འགྲོ་བའི་ལས་བསྒྲུབས་ཚར་སོང་བ་མ་ཚོར་བ་དང་། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་སྤོང་དགོས་པ་ལ་སྒོ་གསུམ་གྱི་བྱ་བྱེད་གང་ཡང་མ་སྤངས་previous hit པར། ལུས་ཀྱིས་ལས་ཀ་ལས་ཞོར། ངག་གིས་འཆལ་གཏམ་བཤད་ཞོར། སེམས next hit་ཀྱིས་འཁོར་བའི་རྣམ་རྟོག་མི་དྲན་དགུ་དྲན་བྱེད་ཞོར་དུ་སེམས་ཉིད་ཆོས་སྐུའི་ངང་དུ་གནས་སུ་རེ་བ་ཡང་སྙིང་མེད་དྲན་པ་སྟོར་བ་ཡིན་པ་དང་། ཚེ་འདིའི་འཇིག་རྟེན་གྱི་བྱ་བ་དགྲ་འདུལ་གཉེན་སྐྱོང་ཆགས་སྡང་ཆོས་བརྒྱད་རྣམས་མ་སྤངས་པར། ཐར་ལམ་རྣམ་དག་ཏུ་སྙོགས་སུ་རེ་བ་དང་། སྟོང་ལྟའི་ཚིག་ཙམ་ལ་ཞེན་ནས་སྒོམ་རྣམ་དག་བརྩོན་རྒྱུ་བོའི་རྩོལ་བ་སྟོར་བའམ་བོར་བཞིན་དུ་ཉམས་རྟོགས་ཀྱི་དྲོད་རྟགས་ཤིག་འབྱུང་དུ་ཡོད་པ་རེ་བ་རྣམས་ནི་སྙིང་མེད་དྲན་པ་སྟོར་བ་ཡིན་པ་སྟེ། དེ་ལྟར་མ་ཚོར་ནས་དྲན་པ་སྟོར་བའི་མི་རེ་མང་ངོ་།།

༢༠༡ བདག་གཞན་ཐུན་མོང་དགོས་པའི་ཆོས་དྲུག་བསྟན་པ།

བདག་གཞན་ཐུན་མོང་དགོས་པའི་ཆོས་དྲུག་ནི།།

འཁོར་བའི་སྡུག་བསྔལ་བསམ་སྟེ་ཆོས་ལ་བསྐུལ།།

དད་གུས་རྒྱུན་དུ་བསྒོམས་ཏེ་རང་རྒྱུད་འདུལ།།

གསོ་སྦྱོང་འབད་པས་རང་གཞན་སྒྲིབ་པ་སྦྱོང༌།།

སེམས་བསྐྱེད་བཟང་པོས་རང་གཞན་དོན་གཉིས་འགྲུབ།།

སྨིན་གྲོལ་ལྡན་པས་རང་གཞན་དགེ་ལ་སྦྱོར།།

ཉམས་ལེན་བརྩོན་པས་རང་གཞན་འཁྲུལ་བ་གཞོམ།།

ཞེས་གསུངས་པ་སྟེ། བདག་གཞན་ཐུན་མོང་དགོས་པའི་ཆོས་དྲུག་ནི། འཁོར་བའི་སྡུག་བསྔལ་ལ་བསམ་སྟེ་ཆོས་ལ་བསྐུལ་བར་བྱེད་པ་དང་། ཆོས་དང་བླ་མ་ལ་དད་པ་དང་གུས་པ་རྒྱུན་དུ་བསྒོམས་ཏེ་རང་རྒྱུད་འདུལ་བར་བྱེད་པ་དང་། མདོ་སྔགས་ལམ་གྱི་དགེ་བ་གསོ་ཞིང་སྡིག་པ་སྦྱངས་པའི་གསོ་སྦྱོང་ལ་འབད་པས་རང་གཞན་སྒྲིབ་པ་སྦྱོང༌བར་བྱེད་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བཟང་པོ་དང་ལྡན་པས་གཞན་མཐའ་ཡས་སེམས་ཅན་རྫོགས་བྱང་ལ་འགོད་པའི་ཞོར་དུ་རང་དོན་ལོ་ལེགས་ཀྱི་སྐབས་སུ་རྩྭ་སོ་མ་ཞོར་དུ་འབྱུང་བ་བཞིན་དུ་འགྲུབ་པར་བྱེད་པ་དང་། རྟོགས་པས་བདག་རྒྱུད་གྲོལ་བར་བྱས་ནས་ཐུགས་རྗེས་གཞན་རྒྱུད་སྨིན་པར་བྱེད་པས་རང་གཞན་དགེ་ལ་སྦྱོར་བར་བྱེད་པ་དང་། མན་ངག་ཉམས་ལེན་གྱི་གནད་དང་ལྡན་པར་བརྩོན་པས་རང་དང་གཞན་གྱི་འཁྲུལ་བ་གཞོམ་པར་བྱེད་དགོས་སོ།།

༢༠༢ གཅེས་པའི་གནད་དྲུག་ལེགས་པར་བསྟན་པ།

གཅེས་པའི་གནད་དྲུག་ལེགས་པར་བསྟན་པ་ནི།།

འདི་ཕྱིའི་འདུན་གྲོས་ངན་པར་མ་སོང་གཅེས།།

ཐ་མལ་རྣམས་དང་སྤྱོད་ལམ་མ་འདྲེས་གཅེས།།

སྔོན་ལས་རགས་པས་རྒྱུ་འབྲས་ཞིབ་མོ་གཅེས།།

ཤེས་རབ་སྙིང་རྗེ་ཟུང་དུ་འབྲེལ་བ་གཅེས།།

ཐབས་ཀྱི་འདོད་ཡོན་ལམ་དུ་སློང་བ་གཅེས།།

དབྱེར་མེད་རྟོགས་པས་བཙན་ས་འཛིན་པ་གཅེས།།

འདི་དང་སུ་ལྡན་རྣལ་འབྱོར་ཡང་རབ་ཡིན།།

ཞེས་གསུངས་པ་སྟེ། གཅེས་པའི་གནད་དྲུག་ལེགས་པར་བསྟན་པ་ནི། བྱ་བ་གང་དང་གང་ཡིན་ན་ཐོག་མར་མགོ་ནས་འཕྱུགས་ན་འཕྱུགས་ངེས་ཡིན་པས་ཚེ་འདིའི་འདུན་མའི་གྲོས་དེ་ངན་པའི་ཕྱོགས་ལ་སོང་ན་ཕྱི་མའི་འདུན་མ་ཡང་རང་ཤུགས་ཀྱིས་བརླག་པ་ཡིན་པས་རང་གཞན་བདེ་ནས་བདེ་བར་འགྲོ་བའི་ཕྱོགས་ལ་འདུན་མའི་ཕུགས་སོ་གཏད་དགོས་པས་ཆོས་བརྒྱད་ཆགས་སྡང་གི་སྒྲོག་ལས་གྲོལ་བ་ནི་གནད་ཀྱི་ཡང་རྩེ་ཡིན་པས་གཅེས་པ་དང་། ཐ་མལ་བ་རྣམས་དང་སྤྱོད་ལམ་མ་འདྲེས་པ་བྱེད་པ་ནི་ཤིན་ཏུ་གཅེས་ཏེ། དེ་དང་འདྲེས་ན་རང་ལ་ཤན་འབྱུང་སླ་བ་ཡིན་པའི་ཕྱིར། ཕྱི་མའི་བདེ་སྡུག་སྔོན་གྱི་ལས་ལ་རག་ལས་པ་ཡིན་པས་ན་རྒྱུ་འབྲས་ཞིབ་མོ་དབྱེ་འབྱེད་སྤང་བླང་ཤེས་པ་དེ་གནད་དུ་ཆེ་བ་དང་། ཐབས་ཤེས་ཟུང་དུ་འབྲེལ་དགོས་པས་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་གཅེས་པ་ནི་གོང་གི་ས་ར་ཧ་ཡི་ལུང་དོན་ལྟར་དང་། ཐབས་ཀྱི་དགོས་པ་ནི་རྟོགས་པ་མཆོག་ལྡན་གྱི་སྤྱོད་ཡུལ་འདོད་ཡོན་མ་སྤངས་ལམ་དུ་སློང་བ་གཅེས་པ་དང་། ཐབས་ཤེས་དབྱེར་མེད་དུ་རྟོགས་པས་འཁོར་བ་ལས་ཐར་བའི་བཙན་ས་འཛིན་པ་ཤིན་ཏུ་གཅེས་པ་སྟེ། དོན་འདི་དག་དང་ལྡན་པའི་གང་ཟག་དེ་རྣལ་འབྱོར་པ་ཡང་རབ་ཡིན་ནོ།།

༢༠༣ ཡེངས་མེད་ལམ་དུ་བསླང་བའི་ཆོས་དྲུག་བསྟན་པ།

ཡེངས་མེད་ལམ་དུ་བསླང་བའི་ཆོས་དྲུག་ནི།།

དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ།།

མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ།།

གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ།།

ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད།།

བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས།།

ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས།།

དེ་འདྲའི་ཚད་དུ་སྐྱོལ་བར་མཛད་པར་ཞུ།།

ཞེས་གསུངས་པ་སྟེ། ཡེངས་པ་མེད་པར་ལམ་དུ་བསླང་བའི་ཆོས་དྲུག་ནི། དང་པོའི་ལས་ཅན་ཐམས་ཅད་ཀྱིས་འདུ་བྱེད་ཀྱི་དྲན་པ་ལ་བརྟེན་ནས་རྣམ་རྟོག་ཕྱི་རོལ་གྱི་ཡུལ་དུ་མ་ཡེངས་པར་བྱ་བ་དང་། མཉམ་བཞག་དང་རྗེས་ཀྱི་རིམ་པ་ལ་སློབ་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དྲན་པ་ལ་བརྟེན་ནས་མཉམ་རྗེས་རིས་མེད་ཆོས་ཉིད་ཀྱི་དོན་ལ་གནས་པ་མ་ཡེངས་པར་བྱ་བ་དང་། བསྒོམས་ནས་གོམས་པར་བྱས་པས་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་། དྲན་རྟོག་ཆོས་ཉིད་ཀྱི་རོལ་བ་ལས་མ་འདས་པའི་ངང་དེར་མ་ཡེངས་པར་བྱ་བ་དང་། མཐར་ཐུག་སྒོམ་པ་ཀློང་དུ་གྱུར་བའི་དུས་སུ་ཡེངས་བྱ་མེད་ཅིང་ཡེངས་མཁན་ཡང་ཟུར་དུ་མེད་པས་དྲན་པ་ཞེས་པ་ཞིག་ལོགས་སུ་བསྟེན་མི་དགོས་པ་དཔེར་ན་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ལྟ་བུ་དང་། ཀློང་གྱུར་གྱི་དུས་དེར་བརྟན་པ་མཐར་ཕྱིན་པས་ཡེངས་ཡུལ་ཆོས་ཉིད་ལས་གཞན་དུ་མེད་པ་དང་། རྫོགས་པ་ཆེན་པོའི་ལམ་ནས་སྣང་བཞི་མཐར་ཕྱིན་ཏེ་ཆོས་ཉིད་ཟད་པའི་ས་རུ་འཁྱོལ་བའི་དུས་ན་མཚོན་བརྗོད་ཐ་སྙད་ཀྱི་ཡུལ་ལས་འདས་པ་སྟེ། ཉམས་ལེན་གྱི་ཚད་དེ་དེ་དང་དེ་ལྟ་བུ་ཞིག་ལ་སྐྱོལ་བར་མཛད་པར་ཞུའོ།།

༢༠༤ ནོར་ར་རེ་གཉིས་བརྟག་པའི་ཆོས་དྲུག་བསྟན་པ།

ནོར་ར་རེ་གཉིས་བརྟག་པའི་ཆོས་དྲུག་ནི།།

མོས་ཤིང་སྐྱོ་བས་ཤེས་པ་མ་བདེ་དང༌།།

རྐྱེན་ངན་དབང་གིས་མི་དགའ་ནོར་ར་རེ།།

ཚད་མེད་མོས་གུས་གཏིང་ནས་སྐྱེས་པ་དང༌།།

བཅོས་མའི་དད་པ་ཁ་ནས་སྐྱེས་པ་ནི།།

ཡུད་ཙམ་བལྟས་ན་ཕན་ཚུན་ནོར་ར་རེ།།

གཉེན་བཤེས་སྣང་སེམས་འཁྲི་ཐག་ཆོད་པ་དང༌།།

བརྩེ་མེད་སེམས་ཐག་རིང་བ་ནོར་ར་རེ།།

ཡི་དམ་དངོས་གྲུབ་མཆོག་རབ་སྟེར་བ་དང༌།།

བདུད་ཀྱི་བར་ཆད་ཆོ་འཕྲུལ་ནོར་ར་རེ།།

ཐུགས་རྗེས་མ་ལུས་འགྲོ་བ་འདྲེན་པ་དང༌།།

ཆོས་བརྒྱད་གཞན་དོན་གཟུགས་བརྙན་ནོར་ར་རེ།།

འོད་གསལ་ཆོས་ཉིད་ངང་ལ་འབྱམས་པ་དང༌།།

སྟོང་པ་ཧད་པོར་ཤོར་བ་ནོར་ར་རེ།།

ཞེས་གསུངས་པ་སྟེ། ནོར་ར་རེའམ་ནོར་དུ་ཡོང་བས་འདྲ་གཉིས་ནོར་དོགས་ཡོད་པ་བརྟག་པའི་ཆོས་དྲུག་ནི། དམ་པའི་ཆོས་དང་གོང་མའི་རྣམ་ཐར་ལ་མོས་ཤིང་འཁོར་བའི་གནས་ལ་སྐྱོ་བའི་དབང་གིས་ཤེས་པ་མ་བདེ་བ་སྐྱོ་ལྷང་ངེ་སོང་བ། རྗེ་མི་ལས། བྲག་དཀར་རྟ་སོ་དབུ་མ་རྫོང་། །དབུ་མ་རྫོང་གི་རྫོང་རྩེ་ན། །བོད་ཀྱི་རྣལ་འབྱོར་རས་པ་ང་། །ལྟོ་གོས་ཚེ་འདི་བློས་བཏང་ནས། །རྫོགས་པའི་སངས་རྒྱས་སྒྲུབ་པ་ལ། །ཞེས་དང་། མི་མེད་བྲག་གི་ཕུག་པ་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་གསུངས་པ་ལྟ་བུ་སྟེ། བྲག་ཕུག་སྟོང་པའི་ནང་ལ་འདུག་མ་མོས་ནས་སྡུག་སྐད་བཏོན་པ་མ་ཡིན་པར། འཁོར་བར་ངེས་འབྱུང་གིས་བསྐུལ་བའི་སྐྱོ་ཤས་དང་། བླ་མ་ལ་དད་པ་དང་དུང་བ་འབྲལ་བ་མེད་པར་ཡོད་པའི་ཚུལ་གསུངས་པ་དེ་ལྟ་བུ་དང་། རྐྱེན་ངན་དང་ཕྲད་པའི་དབང་གིས་མི་འདོད་པ་ཐོག་ཏུ་བབས་ནས་མི་དགའ་བ་གཉིས་ནོར་ར་རེའམ་ནོར་དུ་ཡོང་བ་ཡིན་པ་དང་། དེ་བཞིན་དུ་རྫོགས་ཆེན་གྱི་སྐབས་སུ་འདྲ་ནོར་མང་པོ་ཡོད་པ། ཀློང་དྲུག་པ་ལས། ཤེས་རབ་རང་རྩལ་རྫོགས་པ་དང༌། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གསང་ཆེན་ངེས་པའི་བདེན་ཚིག་དང༌། །ལྡེམ་དགོངས་གཅུད་པའི་གལ་ཚིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོགས་གསུངས་པ་ལྟ་བུ་དང་། ཚད་མེད་པའི་མོས་གུས་ཞེ་གཏིང་ནས་སྐྱེས་པ་དང་། ཞེ་གཏིང་ནས་མ་ཡིན་པའི་ཕྱི་ཚུལ་བཅོས་མའི་དད་པ་ཁ་ནས་སྐྱེས་པ་དེ་གཉིས་ཀ་ནི། ཡུད་ཙམ་སྟེ་དང་པོ་ལྟ་ཙམ་བྱེད་པའི་སྐབས་སུ་ནོར་དོགས་ཡོད་པ། དཔལ་སྤྲུལ་རིན་པོ་ཆེ་ཚང་གིས། ཆོས་འདོད་ཡིན་ཟེར་གཡོན་པོའི་བསམ་སྦྱོར་མཁན། །དད་པ་མེད་པའི་ཕྱག་གིས་ཐལ་ཚུགས་སློང་། །མོས་གུས་མེད་པའི་ཁམས་འདྲི་སྙུན་ཞུ་གསོལ། །ངན་སྤྱོད་རྟོག་པའི་མིག་གིས་བྱ་ར་བྱེད། །གསུངས་པ་ལྟར་དུ། ཕྱི་ཚུལ་གྱི་རྣམ་འགྱུར་དད་ཅིང་གུས་མདོག་གིས་ཞུ་ལ་ཁད་དུ་ཡོད་ཀྱང་། དོན་ལ་རང་འདོད་ཀྱི་གཡོ་སྒྱུ་ཞིག་ཁོག་ལ་སྦས་ནས་དེའི་ཁ་ནས་ཚིག་ཅིག་ཨེ་ལོན་སོགས་ལ་སེམས་ནས་ཡོད་པས། དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་དད་པ་མེད་པའི་ཕྱག་གི་ཐལ་ཚུགས་སློང་བ་དང་ཕྱག་རྟེན་འབུལ་བ་སོགས་བྱེད་ཀྱང་དོན་དུ་རྔོན་པས་བོའུ་ཁོག་ཏུ་མདའ་རྫས་བརྫངས་པ་དང་ཁྱད་མེད་པ་ཡིན། དེ་འདྲ་དེ་ལ་ནོར་ཡ་མེད་དེ་དེ་ནས་གཞན་དུ་སོང་མ་ཐག་ཏུ་ངན་སྨོད་ལྐོག་ལབ་བྱེད་པ་དང་། ངན་རྟོག་གི་དབང་གིས་རྟ་རྐུན་རྟའི་ཉེ་སར་ཐོན་པ་བཞིན་དུ་གཡས་ལྟ་གཡོན་ལྟ་བྱས་ནས་སྐྱོན་བཙལ་བ་ཡིན། གཞན་ཕན་གྱི་སེམས་སྦྱངས་ནས་བཏང་སྙོམས་ཚད་མེད་ལ་གོམས་ནས་གཉེན་བཤེས་ལ་ལྷག་previous hit པར་དགའ་བའི་སྣང་སེམས next hit་འཁྲི་ཐག་གི་ཞེན་པ་ཆོད་པ་དང༌། བརྩེ་མེད་སེམས་ཐག་རིང་བའི་མི་ངན་བཟང་ངན་དང་དགྲ་གཉེན་ངོ་མི་འབྱེད་པའི་བཏང་སྙོམས་ཐ་ཆད་ཅན་གཉིས་ནོར་ར་རེ་དང་། ཡི་དམ་གྱི་ལྷ་གྲུབ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མཆོག་རབ་སྟེར་བ་དང༌ནི། བདུད་ཀྱི་བར་ཆད་ཆོ་འཕྲུལ་བྱུང་བ་གཉིས་ཀ་ནོར་ར་རེ་དང་། ཐུགས་རྗེ་བརྩེ་བ་ཆེན་པོ་རྒྱུད་ལ་འབྱོངས་ནས་མ་ལུས་འགྲོ་བ་འདྲེན་པའི་ཁུར་ལེན་པ་དང་། ཆོས་བརྒྱད་དོན་དུ་གཉེར་ཞིང་གཞན་དོན་གྱི་གཟུགས་བརྙན་འཛིན་མཁན་གཉིས་ནོར་ར་རེ། ཡང་སྒོམ་པ་འོད་གསལ་ཆོས་ཉིད་ངང་ལ་འབྱམས་ཀླས་པ་དང༌ནི། སྟོང་པ་ཧད་པོར་ཤོར་ནས་མི་རྟོག་ལྟེང་པོའི་ངང་ལ་འདུག་པ་རྗེ་རིན་པོ་ཆེས་ཧ་ཤང་གི་ལྟ་བ་དང་ཁྱད་མེད་ཅེས་པ་དེ་དང་ཡང་ནོར་ར་རེའོ།།

༢༠༥ དེ་དག་རང་བཞིན་བརྟག་པའི་ཆོས་དྲུག་བསྟན་པ།

དེ་དག་རང་བཞིན་བརྟག་པའི་ཆོས་དྲུག་ནི།།

སྐྱོ་བས་མ་བདེ་ཡུལ་མཆོག་ཕྲད་ན་སངས།།

རྐྱེན་ངན་གང་ལ་དགའ་བ་མེད་པའོ།།

གཏིང་ནས་མོས་གུས་ལུས་སེམས་འགྱུར་བ་སྟེ།།

ཁ་ནས་དད་པ་དབང་པོ་མདངས་མི་འགྱུར།།

འཁྲི་བ་ཆོད་པས་ཅིས་ཀྱང་དགོས་མེད་ཤེས།།

སེམས་ཐག་རིང་བ་གནས་སྐབས་བྱེ་བྲག་འོང༌།།

དངོས་གྲུབ་མཆོག་སྟེར་ཉམས་དགའ་བྱིན་འཐིབས་ལ།།

བདུད་ཀྱི་བར་ཆད་སྐྱི་ཟིང་ཤེས་པ་འཚུབ།།

འགྲོ་བ་འདྲེན་པ་རང་འདོད་འཁྲིས་མེད་ལ།།

ཆོས་བརྒྱད་གཞན་ཕན་རང་འདོད་རྙེད་བཀུར་འདོད།།

ཆོས་ཉིད་ངང་འབྱམས་དབང་པོ་དྭངས་ཤིང་གསལ།།

སྟོང་པ་ཧད་པོ་མུན་འཐོམས་ལྟ་བུ་སྟེ།།

དེ་ཕྱིར་མ་ནོར་བྱེ་བྲག་ཤེས་པ་གཅེས།།

ཞེས་གསུངས་པ་སྟེ། དེ་དག་གི་རང་བཞིན་བརྟག་པའི་ཆོས་དྲུག་ནི། ལུས་སེམས་མི་བདེ་བའི་སྐྱོ་བ་ཡུལ་གྱི་དབང་གིས་མ་བདེ་བ་ལྟ་བུ་བྱུང་ན་ཡུལ་མཆོག་ཏུ་གྱུར་པ་ས་སྐྱིད་པོ་སྣང་བ་སྤྲོ་ས་དང་འཕྲད་པའམ། ཡང་ན་རྣ་བར་འབབ་པའི་གཏམ་སྙན་དམ་པའི་རྣམ་ཐར་སྒྲོག་པ་ལྟ་བུ་དང་ཕྲད་ན་སངས་ཤིང་། དེ་ལས་གཞན་པ་རྐྱེན་ངན་དང་ཕྲད་པའི་དབང་གིས་ཡིན་ན་ནི་གང་ལའང་དགའ་བ་མེད་པའི་བཏང་སྙོམས་སྒོམ་པ་གནད་ཡིན་པ་དང་། ཁ་མིན་དོན་གྱི་གཏིང་ནས་མོས་གུས་ཤིག་ཡོད་ན་ལུས་སེམས་འགྱུར་ཞིང་། ཁ་དད་རྐྱང་པ་ཅན་ནི་དབང་པོ་མདངས་མི་འགྱུར་བ་ཡིན་པ་དང་། འཁྲི་བ་དངོས་སུ་ཆོད་པས་རྒྱུ་ནོར་ཟས་གོས་སོགས་ཅིས་ཀྱང་དགོས་མེད་དུ་ཤེས་ཤིང་། སེམས་ཐག་རིང་བ་ནི་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བྱེ་བྲག་ཏུ་འོང༌བ་དང་། ཡི་དམ་ལྷས་དངོས་གྲུབ་མཆོག་སྟེར་བ་ཡིན་ན་ནི་ཉམས་དགའ་ཞིང་བྱིན་འཐིབས་པ་རིག་པ་དྭངས་པ་ལ་སོགས་པའི་རྟགས་འབྱུང་བ་དང་། ཁྱད་པར་དུ་དད་དང་སྙིང་རྗེ་ཇེ་ཆེ་ལ་འགྲོ་བ་སོགས་བྱུང་ན་བཟང་རྟགས་དང་། བདུད་ཀྱི་བར་ཆད་ཡིན་ན་དངངས་སྐྲག་ཤ་ཟིང་སྤུ་ཟིང་བྱེད་ཅིང་ཤེས་པ་འཚུབ་ནས་སེམས་མི་བདེ་བར་འབྱུང་བ་ཡིན་ལ། ཐུགས་རྗེས་འགྲོ་བ་འདྲེན་པ་ལ་རང་འདོད་ཀྱི་འཁྲིས་གཏན་ནས་མེད་ལ། ཆོས་བརྒྱད་དོན་གཉེར་ཅན་གྱི་ལྟར་སྣང་གི་གཞན་ཕན་སྒྲུབ་མཁན་ཞིག་ཡིན་ན་རང་འདོད་རྙེད་བཀུར་ལ་ཞེ་རྩེ་བཏད་ནས་ཡོད་པ་ཡིན། དེ་ཡང་རང་འདོད་ཀྱི་འཁྲི་བ་གཅོད་དགོས་དུས་འཕགས་ས་ལ་མ་ཐོན་ན་དཀའ་བ་ཡིན་ཡང་། ད་འུ་ཚོས་རྟེན་བཞེངས་བྱེད་པའམ། མཐོང་བརྒྱུད་ཀྱི་ཕྱག་ལེན་མི་ཉམས་པའི་ཆེད་དམ། ཀློག་པ་ཐོས་བསམ་པའི་འཆད་ཉན་གྱི་རྟེན་རྩ་ཞིག་གམ། སྤང་བ་བསམ་གཏན་པའི་མཚམས་སྒྲུབ་ཀྱི་རྐྱེན་དུ་ཕུལ་བ་མདོར་ན་གང་བསྒྲུབས་ན་སེམས་བསྐྱེད་དང་ལྷག་བསམ་གྱིས་ཟིན་པ། རང་ལ་གྲགས་པ་དང་སྙན་པ་ཡོང་ཆེད་དང་། དེའི་ཕག་ནས་དེའི་ཆེ་ཞིག་ཨེ་ཐོབ་བསམ་པ་སོགས་མེད་ཚེ་སོ་སྐྱེ་ཡི་གནས་སྐབས་ན་རང་འདོད་ཀྱི་འཁྲིས་མེད་ཟེར་ཆོག་པ་ཡིན། ཆོས་ཉིད་ཀྱི་ངང་དུ་འབྱམས་པ་ཡིན་ན་དབང་པོ་དྭངས་ཤིང་སྒོ་ལྔ་འགགས་མེད་དུ་གསལ་ཏེ་ཡུལ་ལྔ་མཉམ་དུ་ཤར་བ་དང་། སྟོང་པ་ཧད་པོ་སྒྲིབ་པའི་ལུང་མ་བསྟན་གྱི་དབང་དུ་སོང་བ་ཡིན་ན་མུན་འཐོམས་མེ་མགོ་བཏུམ་བྱས་པ་ལྟ་བུ་སྟེ། རྒྱུ་མཚན་དེ་ཡི་ཕྱིར་ན་དེ་དག་མ་ནོར་བ་བྱེ་བྲག་འབྱེད་ཤེས་པ་ཤིན་ཏུ་གཅེས་སོ།།

༢༠༦ གཅིག་ཆོག་དྲུག་གི་གདམས་ངག་བསྟན་པ།

གཅིག་ཆོག་དྲུག་གི་གདམས་ངག་བསྟན་པ་ནི།།

སྐྱེ་བ་གཅིག་ཆོག་ད་རེས་འབྲེལ་ཐག་ཆོད།།

ཚོགས་གསོག་གཅིག་ཆོག་བླ་མ་སངས་རྒྱས་ཁུར།།

བྱ་བ་གཅིག་ཆོག་བླ་མ་སངས་རྒྱས་བསྒྲུབ།།

བསླབ་པ་གཅིག་ཆོག་ཆོས་མིན་བྱ་བ་བོར།།

ངོ་སྤྲོད་གཅིག་ཆོག་འགྱུ་བ་ཆོས་ཉིད་སྤྲོད།།

ཉམས་ལེན་གཅིག་ཆོག་དེ་ཉིད་ངང་ལ་སྐྱོངས།།

དེ་ལ་མཉན་ན་མྱུར་དུ་བདེ་ཆེན་འགྲུབ།།

ཅེས་གསུངས་པ་སྟེ། གཅིག་ཆོག་དྲུག་གི་གདམས་ངག་བསྟན་པ་ནི། སྐྱེ་བ་གཅིག་གི་ཆོག་པ་ཞིག་བྱེད་བསམ་ན་ད་རེས་འཁོར་བའི་ཕྱི་ཚིས་དང་འབྲེལ་ཐག་ཆོད། ཚོགས་གསོག་གཅིག་ཆོག་ཅིག་བྱེད་བསམ་ན་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པས་སྤྱི་བོར་ཁུར་བར་གྱིས། བྱ་བ་གཅིག་གིས་ཆོག་པ་ཞིག་དགོས་ན་བླ་མའི་རྣལ་འབྱོར་དང་མི་འབྲལ་བའི་སྒོ་ནས་བླ་མ་སངས་རྒྱས་སུ་བསྒྲུབས་ཏེ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བར་གྱིས། བསླབ་པ་སྣེ་མང་མི་སྤྱད་པར་གཅིག་གིས་ཆོག་པར་བྱེད་བསམ་ན་ཆོས་མིན་བྱ་བ་བོར་དང་བསླབ་གསུམ་ཐམས་ཅད་དེར་འདུས་པ་ཡིན། ངོ་སྤྲོད་གཅིག་ཆོག་ཅིག་དགོས་ན་རྣམ་རྟོག་གི་འགྱུ་བ་ཆོས་ཉིད་དུ་ངོ་སྤྲོད་པ། འགྱུ་རང་སར་བཞག་པས་ཆོས་སྐུར་གྲོལ། །རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས། །ཞེས་པ་ལྟ་བུ་ཞིག་དགོས། ཉམས་ལེན་གཅིག་ཆོག་ཅིག་བསམ་ན་དེ་ཁོ་ན་ཉིད་སྟོང་ཉིད་དམིགས་བསམ་མཚན་མ་དང་བྲལ་བའི་རང་བྱུང་ཡེ་ཤེས་ཀྱི་ངང་ལ་སྐྱོངས་དང་། དེ་ལྟ་བུའི་མན་ངག་དྲུག་པོ་འདི་ལ་ཉན་ནས་བསྒྲུབ་ན་མྱུར་དུ་བདེ་བ་ཆེན་པོའི་ས་ལ་ཐོན་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ།།

༢༠༧ ཟབ་མོ་གནད་ཀྱི་གདམས་པ་རྣམ་དྲུག་བསྟན་པ།

ཟབ་མོ་གནད་ཀྱི་གདམས་པ་རྣམ་དྲུག་ནི།།

ཆོས་ཀྱིས་ཕན་འདོད་སེམས་ལ་གང་ཕན་བསྟེན།།

རང་རྒྱུད་འདུལ་འདོད་རང་གྲོས་རང་ལ་ཐོབ།།

ཆོས་སྐུ་ཐོབ་འདོད་ཐོལ་བྱུང་འགྱུ་ངོས་གཟུང༌།།

ཉམས་སྐྱོང་སེམས་ཉིད་ཡེངས་བོར་ནང་དུ་ལྟོས།།

འགྱུ་དྲན་གཅོད་འདོད་རླུང་སེམས་གཅུད་ལ་བོར།།

མཐར་ཐུག་སྐྱེལ་འདོད་མ་བཅོས་རྣལ་དུ་ཞོག།

འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན།།

ཞེས་གསུངས་པ་སྟེ། ཟབ་མོ་གནད་ཀྱི་གདམས་པ་གལ་ཆེན་རྣམ་པ་དྲུག་སྟོན་པ་ནི། ཆོས་ཀྱིས་རང་རྒྱུད་ལ་ཕན་ཐོགས་པ་ཞིག་འདོད་ན། སེམས་ལ་གང་གིས་ཕན་ན་དེ་དང་དེའི་གདམས་ངག་དེ་བསྟེན་ཅིག རང་རྒྱུད་འདུལ་བར་འདོད་ན་རང་གི་རྒྱུས་དེ་མངོན་ཤེས་མེད་པ་གཞན་གྱིས་ཤེས་པ་མ་ཡིན་པས་གྲོས་འདེབས་ཕན་ཐོགས་པ་དང་། གནད་ལ་ཁེལ་བ་ཞིག་གཞན་བསམ་པ་དཀར་བ་ཙམ་གྱིས་ཡོང་དཀའ་ཞིང་། གལ་ཏེ་ཡོང་བའི་དབང་དུ་བཏང་ཡང་དེས་སྐྱོན་མཚང་ཐེར་འདོན་བྱེད་སྐབས། འདིས་ཀྱང་ང་ལ་ངན་བརྗོད་བྱེད་འདུག་བསམས་ནས་ཕྱིན་ཅི་ལོག་ཏུ་འཛིན་པའང་ཡོད་པ་ཡིན་པས་རང་གིས་རང་ལ་གྲོས་བཏབ་སྟེ། དེ་སྔོན་གྱི་བྱ་བྱེད་འདི་དག་མུ་མཐུད་ན་ཕྱི་མར་ལམ་ཅི་འདྲ་ཞིག་གི་སྣེ་ལ་ཐོན་ནས་འདུག ད་ཁ་ཕྱིར་མ་འཁོར་ཚེ་ཉེན་ཁ་ཅན་ལ་ཐོན་པའི་གནས་ཚུལ་ལ་ཕྲད་ནས་འདུག་གམ་སོགས་ལེགས་པར་བསམས་ནས་གྲོས་འདེབས་བྱེད་དགོས་ཏེ། ཀུན་མཁྱེན་བླ་མས་རང་ལ་གྲོས་སུ་འདེབས་པ་རྡོ་རྗེའི་མགུར་ལས། གྲོས་འདིི་མཚང་ནས་བྲུས་ཏེ་མ་བཏབ་ན། །ཀུན་སྤྱོད་ངན་པ་འདི་ལ་འདོར་དུས་མེད། །བློ་འདི་ནང་དུ་ལྡོག་སྟེ་མ་བལྟས་ན། །རང་སྐྱོན་ངན་པ་འདི་ལ་ཐོན་དུས་མེད། །ཅེས་གསུངས་པས་རང་གིས་རང་གྲོས་ཐོབ་ཅིག ཆོས་སྐུ་ཐོབ་པར་འདོད་ན་འགྱུ་བ་འགྱུ་ཐོག་ནས་ངོ་སྤྲད་པའི་གདམས་ངག་ལ་བརྟེན་ནས་ཐོལ་བྱུང་གི་འགྱུ་བ་ངོས་གཟུང༌བར་བྱ། ཉམས་ལེན་གྱི་གནད་སྐྱོང་བའི་དུས་སུ་རང་བབས་སུ་བཞག་སྟེ་སེམས་ཉིད་ཡེངས་ལ་བོར་ནས་ནང་དུ་ལྟོས། འགྱུ་དྲན་གྱི་རྣམ་རྟོག་གཅོད་previous hit པར་འདོད་ན། རྣམ་རྟོག་ནི་རླུང་སེམས next hit་འདུས་པ་ལས་བྱུང་བ་ཡིན་པས་རླུང་སེམས་གཅུད་ལ་བོར་བ་བྱེད་པའི་ཐབས་ལ་བསྟེན། གཅུད་དུ་དྲིལ་ཏེ་གནད་དུ་བོར། །ཞེས་པ་འདི་རྫོགས་ཆེན་མན་ངག་སྡེའི་ཐུན་མིན་གྱི་ཆོས་སྐད་ཡིན། མཐར་ཐུག་གདོད་མའི་གྲོལ་ས་དེར་སྐྱེལ་བར་འདོད་ན། མ་བཅོས་གཉུག་མའི་རང་གཤིས་ཀྱི་ཐོག་ཏུ་རྣལ་དུ་ཞོག་དང་འདི་དག་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན་ཞེས་འདི་དག་གཅིག་གི་ནང་དུ་ཡང་སྡེ་གསུམ་ཀློང་དགུའི་མན་ངག་གི་གནད་ཐམས་ཅད་བསྡུས་ཡོད་པ་ཡིན། དེ་དག་ནི་རྣལ་འབྱོར་ཡང་རབ་ཀྱི་སྤྱོད་ཡུལ་ཡིན་ནོ།།

༢༠༨ ཕྱི་ནང་རྟེན་འབྲེལ་རྟགས་དྲུག་མན་ངག་བསྟན་པ།

ཕྱི་ནང་རྟེན་འབྲེལ་རྟགས་དྲུག་མན་ངག་ནི།།

དད་པ་སྐྱེས་རྟགས་འཇིག་རྟེན་བྱ་བ་གཏོང༌།།

བྱིན་རླབས་ཞུགས་རྟགས་དམན་པའི་འདུ་ཤེས་བསྐྱེད།།

གཞན་ཕན་སེམས་རྟགས་ཅི་བྱས་གཞན་ལ་ཕན།།

མངོན་ཞེན་ལོག་རྟགས་ཆོས་བརྒྱད་མགོ་སྙོམས་པའོ།།

དོན་དམ་འབྱོར་རྟགས་གཉིས་འཛིན་ངང་གིས་ཆུང༌།།

རང་གྲོས་ཐེབས་རྟགས་དགེ་ལ་རྟག་པར་བརྩོན།།

རྟགས་རྣམས་ལྡན་དེ་སྲིད་པའི་ཕ་རོལ་འགྲོ།།

ཞེས་གསུངས་པ་སྟེ། ཕྱི་དང་ནང་གི་རྟེན་འབྲེལ་གྱི་རྟགས་དྲུག་གི་མན་ངག་དེ་གང་ཡིན་ན། ཡིད་ཆེས་ཀྱི་དད་པ་ཞིག་ཆོས་ཕྱོགས་ལ་གཏིང་ནས་སྐྱེས་ཡོད་པའི་རྟགས་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་གཏོང་བར་བྱེད་པ་དང་། བྱིན་རླབས་ཞུགས་ཡོད་པའི་རྟགས་ལ་དམན་པའི་འདུ་ཤེས་ང་རྒྱལ་སྤངས་པའི་དམན་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་འདུ་ཤེས་ཤིག་བསྐྱེད་པ་དང་། གཞན་ཕན་གྱི་སེམས་ཡོད་པའི་རྟགས་ལ་ཅི་བྱས་གཞན་ལ་ཕན་པ་བྱེད་པ་དང་དེ་དག་ཕན་པ་འབྱུང་བ་དང་། འཇིག་རྟེན་འཁོར་བའི་བྱ་བ་ལ་མངོན་ཞེན་ལོག་ཡོད་པའི་རྟགས་ལ་ཆོས་བརྒྱད་མགོ་སྙོམས་པ་སྟེ། བསྟོད་པ་དང་སྨད་པ་གཉིས་ཀ་ཁྱད་མེད་པ་དང་། བྱིན་པ་དང་འཕྲོག་པ་གཉིས་པོ་ཁྱད་མེད་པ་ཡིན་ན་ཆོས་བརྒྱད་མགོ་སྙོམས་པ་ཡིན་ནོ། །དོན་དམ་ཆོས་ཉིད་ཀྱི་དོན་རྟོགས་ཏེ་དེའི་ཉམས་དང་རྟོགས་པ་ལ་དབང་འབྱོར་ཡོད་པའི་རྟགས་ལ་གཉིས་འཛིན་གྱི་previous hit སེམས་ངང་གིས་ཆུང༌བ་དང་། རང་གྲོས་རང་ལ་ཐེབས་ཡོད་པའི་རྟགས་ལ་དགེ་བའི་ལས་ལ་རྟག་པར next hit་བརྩོན་པ་སྟེ། དེ་ལྟ་བུའི་བཟང་པོའི་རྟགས་རྣམས་སུ་དང་ལྡན་པ་དེ་ཉིད་སྲིད་པའི་ཕ་རོལ་མཆོག་ཏུ་མྱ་ངན་ལས་འདས་པའི་ས་ལ་འགྲོ་བ་ཡིན་ནོ།།

༢༠༩ རྫོགས་པ་ཆེན་པོ་རྡོ་རྗེའི་ཚིག་དྲུག་བསྟན་པ།

རྫོགས་པ་ཆེན་པོ་རྡོ་རྗེའི་ཚིག་དྲུག་ནི།།

གཞི་ཡི་རྫོགས་ཆེན་སེམས་ཉིད་གཏན་ལ་དབབ།།

ལམ་གྱི་རྫོགས་ཆེན་མཐའ་གྲོལ་གནད་དུ་བསྣུན།།

འབྲས་བུའི་རྫོགས་ཆེན་རེ་དོགས་ཟད་སར་སྐྱོལ།།

ཡུལ་གྱི་རྫོགས་ཆེན་སྣང་བ་འཛིན་མེད་གྲོལ།།

སེམས་ཀྱི་རྫོགས་ཆེན་རྣམ་རྟོག་གྲོགས་སུ་འཆར།།

དོན་གྱི་རྫོགས་ཆེན་འགྱུ་བ་རང་ཡལ་དངས།།

དེ་ལྟར་སུས་ཤེས་རྣལ་འབྱོར་རྒྱལ་པོ་ཆེ།།

ཞེས་གསུངས་པ་སྟེ། རྫོགས་པ་ཆེན་པོ་རྡོ་རྗེའི་ཚིག་དྲུག་སྟེ། གཞི་ལམ་འབྲས་གསུམ་དང་ཡུལ་སེམས་དོན་གསུམ་གྱི་རྫོགས་ཆེན་བསྟན་པ་སྟེ། རྫོགས་པ་ཆེན་པོ་མཐའ་དབུས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་བྱུང་གི་རིག་པ། མ་བཅོས་དོན་གྱི་གནས་ལུགས་དེ་མཚན་མའི་ཆོས་ལས་རིང་དུ་འདས་ཤིང་ཉོན་མོངས་དང་རྣམ་རྟོག་ལ་སོགས་པའི་མཚན་མའི་ཆོས་ཀྱིས་མི་ཆོད་མི་ཤིགས་པས་རྡོ་རྗེའི་སྒྲས་བསྙད་པ་སྟེ། དེ་ཡང་གཞི་ཡི་རྫོགས་ཆེན་སེམས་ཉིད་ཀྱི་གཤིས་ནམ་མཁའ་ལྟ་བུ་དེ་གཏན་ལ་དབབ། ལམ་གྱི་རྫོགས་ཆེན་སྤྲོས་པའི་མཐའ་ལས་གྲོལ་བ་དེ་ཉིད་གནད་དུ་བསྣུན། འབྲས་བུའི་རྫོགས་ཆེན་རེ་དོགས་གཉིས་འཛིན་གྱི་རྟོག་པ་ཟད་སར་སྐྱོལ། ཡུལ་གྱི་རྫོགས་ཆེན་ཕྱིའི་སྣང་བ་སྣ་ཚོགས་འཛིན་མེད་ངང་གིས་གྲོལ། སེམས་ཀྱི་རྫོགས་ཆེན་ནང་རྣམ་རྟོག་གང་ཤར་ཐམས་ཅད་ཡེ་ཤེས་ཀྱི་གྲོགས་སུ་འཆར། དོན་གྱི་རྫོགས་ཆེན་འགྱུ་བ་རང་ཡལ་དང་གནས་པ་རང་སར་དྭངས། དེ་ལྟ་བུའི་རྫོགས་ཆེན་གྱི་དོན་དེ་སུས་ཤེས་ན་མ་བཅོས་རྣལ་མའི་ཆོས་ཉིད་ཀྱི་དོན་ལ་དབང་འབྱོར་བའི་རྣལ་འབྱོར་པ་ཆེན་པོ་ཡིན་པས་རྣལ་འབྱོར་རྒྱལ་པོའོ།།

༢༡༠ གདེང་དུ་ཚུད་པའི་རྟགས་དྲུག་འཆར་བ་བསྟན་པ།

གདེང་དུ་ཚུད་པའི་རྟགས་དྲུག་འཆར་བ་ནི།།

བར་དོ་རང་ཞི་སྐྱེལ་མ་བཟང་པོ་འདྲ།།

སྒྲིབ་པ་རང་དག་ནོར་བུ་རང་དྭངས་འདྲ།།

ཉམས་མྱོང་རང་འབར་ཆང་གི་གླུམ་ལངས་འདྲ།།

བདེ་ཆེན་རང་འབར་གར་ཆང་འཐུངས་པ་འདྲ།།

སེམས་ཉིད་རང་ཟིན་སྦྲང་མ་རྩི་འབྱར་འདྲ།།

བྱིན་རླབས་ཤུགས་འབྱུང་ལོ་ཐོག་ལེགས་པ་འདྲ།།

དེ་ལྟར་འཆར་དུས་རྣལ་འབྱོར་ཆེན་པོ་ཡིན།།

ཞེས་གསུངས་པ་སྟེ། གདེང་དུ་ཚུད་པའི་རྟགས་དྲུག་འཆར་བ་ནི། བར་དོ་འཁྲུལ་བའི་སྣང་བ་དེ་རང་སར་ཞི་བའི་མན་ངག་བར་དོ་ཚང་སྤྲུགས་ཀྱི་གདམས་པ་ནི་སྐྱེལ་མ་བཟང་པོ་དང་འདྲ་བ་དང་། སྒོམ་སྟོབས་ཀྱི་དབང་གིས་སྒྲིབ་པ་རང་དག་ལ་འགྲོ་བ་ནི་ནོར་བུ་རང་དྭངས་གསར་དུ་དྭངས་སུ་འཇུག་མི་དགོས་པ་ལྟ་བུ་དང་། ཉམས་མྱོང་རང་འབར་ལ་ཡོང་བ་ནི་ཆང་གི་གླུམ་ལངས་པ་དང་འདྲ་བར་རང་ཤུགས་ཀྱིས་འཆར་བ་དང་། བདེ་ཆེན་ནང་ནས་རང་ཤུགས་ཀྱིས་རང་འབར་བ་ནི་གར་ཆང་འཐུངས་ན་བདེ་དྲོད་རང་ཤུགས་ཀྱིས་འབར་བ་ལྟ་བུ་ཡིན་པ་དང་། སེམས་ཉིད་རང་ས་ཟིན་ནས་རང་སོར་གནས་པ་ནི་སྦྲང་མ་རྩི་ལ་འབྱར་ནས་གནས་པ་ལྟ་བུ་དང་། བྱིན་རླབས་ཤུགས་འབྱུང་རང་གཞན་ཕྱི་མའི་དོན་ཆེན་འགྲུབ་དུས་ཚེ་འདིའི་དོན་ཆུང་རང་ཤུགས་ཀྱིས་འགྲུབ་པ་ལོ་ཐོག་ལེགས་པ་ལྟ་བུ་སྟེ། དེ་ལྟར་འཆར་བའི་དུས་སུ་རྣལ་འབྱོར་ཆེན་པོ་ཡིན་ནོ།།

༢༡༡ ཆོས་བྱེད་རྣམས་ཀྱི་མ་ཉེ་རྣམ་དྲུག་བསྟན་པ།

ཆོས་བྱེད་རྣམས་ཀྱི་མ་ཉེ་རྣམ་དྲུག་ནི།།

མཆོད་གནས་ཉེ་འབྲེལ་བྱེད་པས་ཚོགས་གཉིས་ཕྱོགས་མ་ཉེ།།

སྒྲུབ་པ་དལ་ཁོམ་བྱེད་པས་དངོས་གྲུབ་ཕྱོགས་མ་ཉེ།།

དགེ་སྦྱོར་རྐྱེན་ཟློག་བྱེད་པས་སངས་རྒྱས་ཕྱོགས་མ་ཉེ།།

བཟླས་བརྗོད་ལོང་གཏམ་བྱེད་པས་ནུས་མཐུ་ཕྱོགས་མ་ཉེ།།

ཡོན་ཏན་ང་རྒྱལ་བྱེད་པས་གནས་ལུགས་ཕྱོགས་མ་ཉེ།།

ལག་ལེན་མི་ཆོས་བྱེད་པས་ལྷ་ཆོས་ཕྱོགས་མ་ཉེ།།

དེ་ལྟར་མ་སོང་ཤིན་ཏུ་གཅེས་པ་ལགས།།

ཞེས་གསུངས་པ་སྟེ། ཆོས་བྱེད་རྣམས་ཀྱི་ཐག་མ་ཉེ་ཞིང་ཕྱོགས་སུ་མ་བཅར་བ་རྣམ་པ་དྲུག་ནི། གང་མཆོད་གནས་ལ་བསྟེན་པ་དེ་ཉེ་འབྲེལ་དང་དགའ་ཉེ་མཐུན་པ་ཡིན་པའི་དབང་གིས་འདིའི་ལག་འབྱོར་སོང་ན་བསམས་ནས་བཙལ་བ་ཡིན་ན་ཚོགས་གཉིས་ཀྱི་ཕྱོགས་སུ་མ་ཉེ་བ་དང་། སྒྲུབ་པ་དལ་ཚེ་ཁོམ་ཚེ་བྱེད་ཅིང་མི་ཁོམ་མི་དལ་ཚེ་སྐྱུར་བ་སྐབས་རེ་སྒྲུབ་ཅིང་སྐབས་རེ་འདོར་བའི་རེས་འཇོག་ཏུ་སོང་ན་དངོས་གྲུབ་ཐོབ་པའི་ཕྱོགས་སུ་མི་ཉེ་བ་དང་། དགེ་སྦྱོར་བྱེད་པ་དེ་རྐྱེན་ཟློག་འབའ་ཞིག་གིས་བྱེད་པ་ལ་སངས་རྒྱས་ཕྱོགས་ལ་མི་ཉེ་བ་ཡིན་པས། རབ་རྣམས་ཀྱིས་ཡི་དམ་གྱི་བཟླས་པ་མ་ཆག་པ་དང་། འབྲིང་བ་རྣམས་ཀྱིས་ཁ་ཏོན་མ་ཆག་པ་དང་། ཐ་མ་རྣམས་ཀྱིས་ཀྱང་སྐྱབས་འགྲོ་སྒྲོལ་མ་མ་ཎི་སིདྡྷི་ལ་སོགས་པ་འགྲོ་ཞོར་འདུག་ཞོར་ལས་ཞོར་སོགས་ལ་བརྩོན་ཞིང་། དེ་དག་གི་སྐབས་སུ་ཡང་བྱང་ཆུབ་ཀྱི་སེམས་དང་འབྲེལ། དམིགས་མེད་ཀྱི་ལྟ་བས་ཟིན། བསྔོ་སྨོན་གྱི་རྗེས་འདེབས་དང་འབྲེལ་ན་སྨོས་ཅི་དགོས་ཀྱང་། མིན་ཡང་ཕན་སེམས་ཀྱི་བསམ་པ་བཟང་པོ་དང་འབྲེལ་ནས་ཚིག་རྗེས་དོན་དྲན་ཡིན་ན་ཡང་རུང་ཞིང་། དེ་ལས་གཞན་དུ་ང་མི་ན་བའི་ཆེད་དང་། ང་མི་ཤི་བའི་ཆེད་དང་། ངེད་ཚང་བདེ་བའི་ཆེད་དང་། ང་ཚོང་ལས་རྒྱལ་བའི་ཆེད་ལ་སོགས་པ་ཁོ་ནར་བསམས་ཚེ་ཐར་བ་དམ་པ་སངས་རྒྱས་འགྲུབ་པའི་རྒྱུའི་ཕྱོགས་ཙམ་དུ་ཡང་འགྲོ་བ་མིན་ཏེ། ཐེག་ཆེན་ཐར་བ་ཆ་མཐུན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་དགོས་པ་དང་། ངན་སོང་ལ་མི་ལྟུང་བྱེད་ཀྱང་མིན་ཏེ། ཐེག་དམན་ཐར་བ་ཆ་མཐུན་ལ་ངེས་འབྱུང་གིས་ཟིན་དགོས་པའི་ཕྱིར། ཚེ་འདི་དང་ཕྱི་མ་མངོན་མཐོའི་གོ་འཕང་ཐོབ་དགོས་ན་ཡང་དགེ་བའི་སེམས་དང་འབྲེལ་བ་ཞིག་དགོས་པས། ཕྱི་མའི་རང་གཞན་གཉིས་དོན་ལ་བསམས་ནས་ཚོགས་བསགས་ན་རང་དོན་ཞོར་འབྱུང་ལ་ཡོང་བ་ཡིན་ནོ། །བསྐྱེད་རྫོགས་བཟླས་བརྗོད་ཀྱི་སྐབས་སུ་ལོང་གཏམ་དང་བསྲེས་ན་ནུས་མཐུ་ཡི་ཕྱོགས་ལ་མི་ཉེ་ཞིང་ནུས་པ་མི་ཐོན་པ་སྟེ། བསྐྱེད་རྫོགས་ཀྱི་སྐབས་སུ་གསལ་བརྟན་གྱི་ཚད་བརྒྱད་དང་། སྲོག་སྡོམ་གཟེར་བཞིའི་མན་ངག་ལ་སོགས་པའི་གནད་ལ་བསྣུན་ནས་ཡུལ་གསུམ་གྱད་དུ་གྱུར་པའི་ནུས་པ་ཐོན་པ་ཞིག་བྱེད་དགོས་པ་ལས། རང་གར་རྒྱ་བོད་ཧོར་གསུམ་གྱི་ཁ་བརྡ་བཤད་ཞོར་དུ་ཕྲེང་བ་རྒྱུ་ནག་བདའ་བདའ་བྱས་པ་ཙམ་གྱིས་ཅི་ཡང་མི་འོང་བས། དེ་ལ་ཐམས་ཅད་ཀྱིས་གནད་ཆུང་བྱེད་མི་རུང་། བསྐྱེད་རྫོགས་ཀྱི་དམིགས་གནད་ཆེར་ཞིག་མ་ངེས་ཀྱང་བཟླས་པ་ངག་འཁྱལ་དང་མ་འདྲེས་པ་ཞིག་གྱིས་དང་གསང་སྔགས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན། ཡོན་ཏན་ཅུང་ཟད་ཡོད་པས་ང་རྒྱལ་བྱེད་པ་ནི་གནས་ལུགས་དེ་བཞིན་ཉིད་རྟོགས་པའི་ཕྱོགས་སུ་མ་ཉེ་བ་དང་། དུས་རྒྱུན་དུ་སོ་ནམ་ཚོང་ཁེ་རྔོན་རི་དྭགས་ལ་སོགས་པ་ཏག་ཏག་བྱེད་པ་དེས་ལྷ་ཆོས་ཀྱི་ཕྱོགས་ལ་མི་ཉེ་བ་སྟེ། ཏེ་ལོ་པས་ཉ་བསད་པ་དང་ཤནྟི་བས་རི་དྭགས་བསད་པ་ནི་མ་གཏོགས་ཏེ། སེ་གོལ་རེ་བརྡབས་དུས་ཡར་སོས་པ་ཡིན་པའི་ཕྱིར། དེ་ལྟ་བུའི་མ་ཉེ་དྲུག་གི་ཕྱོགས་སུ་མ་སོང་བ་ཤིན་ཏུ་གཅེས་སོ།།

༢༡༢ ཁེ་ཉེན་ཆེ་བའི་གདམས་པ་རྣམ་དྲུག་བསྟན་པ།

ཁེ་ཉེན་ཆེ་བའི་གདམས་པ་རྣམ་དྲུག་ནི།།

དམུ་རྒོད་དག་དང་འབྲེལ་འདྲིས་བྱེད་པ་དང༌།།

རང་རྒྱུད་ངན་དང་ཆོས་ཀྱིས་འབྲེལ་པ་དང༌།།

གཉེན་པོ་མེད་པས་བསླབ་ཁྲིམས་ལེན་པ་དང༌།།

ཐོས་བསམ་མེད་པས་སྒོམ་པ་བྱེད་པ་དང༌།།

དམ་ཚིག་འཕྱལ་བའི་གསང་སྔགས་བསྒྲུབ་པ་དང༌།།

དེད་དཔོན་རྒྱ་མཚོར་ནོར་བུ་ལེན་པ་རྣམས།།

ཁེ་ཉེན་ཆེ་བས་ལེགས་པར་བརྟག་པ་གཅེས།།

ཞེས་གསུངས་ཏེ། ཡག་ཉེས་ཆེ་བའི་གདམས་པ་རྣམ་པ་དྲུག་ནི། དམུ་རྒོད་རྒྱུད་ལས་སུ་མ་རུང་ཞིང་མ་དུལ་བ་དག་དང་འབྲེལ་འདྲིས་བྱས་ན་རང་ཉིད་ལ་ངན་འགོས་སླ་བ་ཡིན་པས་དེ་ལྟར་བྱེད་པར་ཁེ་ཉེན་གང་ཆེ་བརྟག་དགོས་པ་དང་། རང་རྒྱུད་ངན་པ་དམུ་རྒོད་རྒྱུད་མ་རུང་བ་ཅན་དང་། གལ་ཏེ་སྤྱིར་ཆོས་ཕྱོགས་ཀྱི་འབྲེལ་བའམ་དེ་ལས་ཀྱང་ཟབ་མོའི་ཆོས་འབྲེལ་བ་བྱས་ན་དེའི་རྒྱུད་མ་རུང་བ་ཡིན་ཕྱིར་ཉིན་ཞིག་ལ་རང་རོགས་གཉིས་ཀ་དམྱལ་བར་ལྟུང་བར་བྱེད་པས་བརྟག་དགོས་པ་དང་། ཉོན་མོངས་ཀྱི་གཉེན་པོ་མེད་བཞིན་པས་བསླབ་ཁྲིམས་ལེན་པ་དེ་ལ་ཞིབ་ཀྱིས་བརྟག་ནས་བསླབ་པ་བླངས་པའི་དགེ་བས་ཆེ་བ་འདུག་གམ་གལ་ཏེ་ཉམས་པའི་སྡིག་པས་ཆེ་བར་འདུག་གམ་ཞེས་བསམ་བློ་དང་པོ་ཉིད་ནས་གཏོང་དགོས་པ་དང་། ཐོས་བསམ་སྔོན་སོང་མེད་པའི་སྒོམ་པ་བྱེད་སྔ་བྱེད་པས་ནི་བསྒོམ་བྱའི་གནད་ལོན་དུ་མེད་པས་དེ་ཡང་ཁེ་ཉེན་གང་གིས་ཆེ་བར་བརྟག་དགོས་པ་དང་། དམ་ཚིག་འཕྱལ་ནས་མ་དག་པའི་ཞོར་ལ་གསང་སྔགས་བསྒྲུབས་ན་ཕྱིན་ཅི་མ་ལོག་པ་ཞིག་འགྲུབ་པ་མིན་ཕྱིར་སྒྲུབ་པ་བྱེད་ན་དགའ་འམ་མ་བསྒྲུབས་ན་བཟང་སྙམ་ནས་དང་པོར་བརྟག་དཔྱད་བྱེད་དགོས་པ་དང་། དེད་དཔོན་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་དུས་ལོན་མི་ལེན་གྱི་གདེང་ཚད་རང་ལ་ཨེ་ཡོད་སྔོན་ནས་བརྟག་དཔྱད་དགོས་པ་སྟེ། དེ་དག་རྣམས་ཁེ་ཉེན་ཆེ་བས་ལེགས་པར་དང་པོར་བརྟག་པ་གཅེས་སོ།།

༢༡༣ ཉམས་སུ་ལེན་པའི་གདམས་ངག་རྣམ་དྲུག་བསྟན་པ།

ཉམས་སུ་ལེན་པའི་གདམས་ངག་རྣམ་དྲུག་ནི།།

སྣང་བ་ཅི་ཤར་རང་ངོ་རང་སངས་བཏང༌།།

རིག་པ་ཅི་རིག་རང་བྱུང་རང་དག་བཞག།

འགྱུ་བ་ཅི་འགྱུ་བྱ་ལམ་རྗེས་མེད་ཁྱེར།།

དབྱེར་མེད་མཐའ་གྲོལ་རྒྱ་ཡན་ཡེ་གྲོལ་ཐོང༌།།

གྲོལ་མཁན་བལྟས་པས་འཁོར་འདས་ཕུག་སྟོང་ལྟོས།།

གཉིས་འཛིན་ཞིག་པས་གནས་ལུགས་གཞི་ལ་བསྐྱལ།།

དེ་ལྟར་ཤེས་ན་ཐེག་མཆོག་དོན་ལ་མཁས།།

ཞེས་གསུངས་ཏེ། ཉམས་སུ་ལེན་པའི་གདམས་ངག་རྣམ་པ་དྲུག་པོ་དེ་གང་ཡིན་ན། སྣང་བ་ཅི་དང་གང་ཤར་ཡང་ཐད་ཀར་རང་ངོ་རང་སངས་ལ་བཏང་བར་བྱ་བ་དང་། རིག་པ་གང་དང་ཅི་རིག་ན་ཡང་རང་བྱུང་རང་དག་ཏུ་བཞག་པ་དང་། འགྱུ་བ་གང་ཤར་ཅི་འགྱུ་ཐམས་ཅད་པོ་བྱ་ལམ་ལ་རྗེས་མེད་པ་བཞིན་དུ་གང་ཤར་རང་གྲོལ་གྱི་ལམ་ལ་ཁྱེར་བ་དང་། གྲོལ་བྱ་དང་གྲོལ་མཁན་དབྱེར་མེད་མཐའ་བཞིའི་འཛིན་སྟངས་ནུབ་པའི་མཐའ་གྲོལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རྒྱ་ཆད་ཕྱོགས་ཡན། གཞིའི་བཞུགས་ཚུལ་ཡེ་ནས་འཕོ་འགྱུར་མེད་པའི་ཡེ་གྲོལ་ལ་ཐོངས་ཤིག དཔྱོད་མཁན་ཉིད་ལ་ཚུར་བརྟག་ན། །གང་དུའང་གྲུབ་པ་མེད་པ་ལ། །མེད་དོ་སྙམ་པའང་རང་གྲོལ་བ། །ཞེས་པ་ལྟ་བུའི་གྲོལ་མཁན་ལ་བལྟས་པས་འཁོར་འདས་གཞི་ནས་གྲོལ་བའི་ཕུགས་སྟོང་ལ་ལྟོས། དེ་ལྟར་གཉིས་འཛིན་ཞིག་པས་ན་གནས་ལུགས་གདོད་མའི་གཞི་ལ་བསྐྱལ་བ་སྟེ་དེ་ལྟར་ཤེས་ན་ཐེག་མཆོག་རྫོགས་པ་ཆེན་པོའི་དོན་ལ་མཁས་པར་འགྱུར་བ་ཡིན་ནོ།།

༢༡༤ མིན་པ་དྲུག་གི་ལ་ཤན་དབྱེ་བ་བསྟན་པ།

མིན་པ་དྲུག་གི་ལ་ཤན་དབྱེ་བ་ནི།།

བསོད་ནམས་གྲགས་འདོད་བླ་མ་བཟང་པོ་མིན།།

ནོར་རྫས་ཆེར་འཛིན་ཆོས་སྒྲུབ་བཟང་པོ་མིན།།

མི་ཆོས་གཙོར་འཛིན་རབ་བྱུང་བཟང་པོ་མིན།།

བདག་ལྟ་ཕྱོགས་འཛིན་རྣལ་འབྱོར་བཟང་པོ་མིན།།

བསྐལ་བར་རིམ་བགྲོད་གསང་སྔགས་བཟང་པོ་མིན།།

ཕྱོགས་ལྷུང་རྒྱ་ཆད་རྫོགས་ཆེན་བཟང་པོ་མིན།།

ཀུན་མཉམ་ཡངས་པ་ཆེན་པོར་མཁྱེན་འཚལ་ལོ།།

ཞེས་གསུངས་པ་སྟེ། མིན་པ་དྲུག་གི་ལ་ཤན་གྱི་དབྱེ་བ་འབྱེད་པ་ནི། ཟས་ནོར་གྱི་འདུ་བ་དང་མི་མང་གིས་བཀུར་སྟི་བྱེད་པ་ལ་བསོད་ནམས་སུ་གྲགས་པ་སྟེ། སྐུ་བསོད་རྒན་པོ་གཡོ་ཅན་འདྲ། །ཞེས་པའི་བསོད་ནམས་དང་། ཆེ་འདོད་གྲགས་འདོད་གཉེར་བ་དེ་ནི་བླ་མ་བཟང་པོ་མིན་ལ་ཞེས་པ་སྟེ། དེའང་རང་ཉིད་དེའི་ཕྱོགས་སུ་མ་ཤོར་བར་གལ་ཆེ་བ་ལས་གཞན་བརྟག་དཀའ་ཕྱིར་བཟང་པོ་ཡིན་མིན་གྱི་ཁུར་མི་ལེན་ཞིང་བསྟོད་སྨད་གཉིས་ཀ་མི་བྱེད་པར་བཏང་སྙོམས་སུ་འཇོག་པ་དང་། ནོར་རྫས་ཆེས་ཆེར་བསྒྲུབས་ནས་དེ་ལ་མཐོང་ཆེན་དུ་བརྩི་མཁན་ནི་ཆོས་པ་བཟང་པོ་མིན་ལ། མི་ཆོས་གཙོར་འཛིན་ཁྱིམ་པའི་ཁ་འཛིན་བྱེད་པ་སྟེ་ཚོང་སོ་ནམ་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་རབ་བྱུང་གིས་བྱེད་པར་མི་འོས་པ་རྣམས་ལ་གོ་བ་ལས། རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་འདུག །ཅེས་པའི་དགེ་བཅུའི་ཁྲིམས་སྲུང་བ་སོགས་ལ་མི་ཆོས་སུ་བརྗོད་པ་ལ་གོ་རྒྱུ་མིན་པ་སྟེ། མདོར་ན་རབ་ཏུ་བྱུང་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པས། གྲྭ་བ་བྱེད་ཚར་དུས་ཁྱིམ་པའི་བྱ་བ་བསྒྲུབ་མི་རུང་ཞིང་དེ་སྒྲུབ་པ་ནི་རབ་བྱུང་བཟང་པོ་མིན་ནོ། །གཞན་ཡང་ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་བཟུང་བ་དགོན་གཞིས་ཆེན་པོ་ནས་ཚོང་སོ་ནམ། གཉེན་ཤ་ཆང་། མགྲོན་སྟོན་གྱིས་ཉི་མ་ནམ་ཚ་བསྐྱལ་ནའང་དེའི་ཕྱོགས་སུ་གླན་པར་བྱ་བ་ཡིན་ནོ། །དེས་ན་གྲྭ་བས་མི་སྐྱ་ཡི་བྱ་བ་བསྒྲུབ་རྒྱུ་དེས་རང་གཅིག་པུས་མི་ཚད་པར་ཁྱིམ་སུན་འབྱིན་ནས། ཁྱིམ་པ་དག་དགེ་འདུན་ལ་དད་པ་ལོག་པའི་དབང་གིས་དམྱལ་བར་ལྷུང་བ་དང་། བསྟན་པའི་ཉམས་ཇེ་དམའ་རུ་འགྲོ་བའི་ཕྱིར་བསྟན་པའི་ཞབས་འདྲེན་ཆེན་པོར་ཡང་འགྱུར་བ་ཡིན་ནོ། །བདག་ལྟ་མུ་སྟེགས་ཀྱི་ལྟ་བ་དང་འདྲ་བའི་ཕྱོགས་འཛིན་བྱས་ན་རྣལ་འབྱོར་བཟང་པོ་མིན་པ་དང་། གསང་སྔགས་ནི་མྱུར་ལམ་ཡིན་པས་བསྐལ་བར་རིམ་བགྲོད་བྱེད་པ་ནི་གསང་སྔགས་སྒྲུབ་ལུགས་བཟང་པོ་མིན་པའི་རྟགས་ཡིན་པ་སྟེ། དེ་ནི་གསང་སྔགས་མ་བཟང་བས་མིན་པར་སྒྲུབ་ལུགས་མ་བཟང་བས་ལན་པའོ། །ཕྱོགས་འཛིན་ཅན་གྱི་ཕྱོགས་སུ་ལྷུང་ནས་རྒྱ་དང་ཕྱོགས་ལ་ཆད་པ་ནི་རྫོགས་ཆེན་གྱི་ལྟ་བ་བཟང་པོ་མིན་པས་རྫོགས་ཆེན་གྱི་ལྟ་བ་ནི་ཀུན་མཉམ་ཡངས་པ་ཆེན་པོ་མཁའ་ལྟར་མཉམ་པ་ཞིག་ཏུ་མཁྱེན་པར་འཚལ་ལོ།།

༢༡༥ ཆོས་ཉིད་དོན་ལ་གཞག་པའི་ཆོས་དྲུག་བསྟན་པ།

ཆོས་ཉིད་དོན་ལ་གཞག་པའི་ཆོས་དྲུག་ནི།།

གཟུང་བའི་ཡུལ་ལ་སྒོ་ལྔས་རྟེན་མ་བྱེད།།

འཛིན་པའི་སེམས་ལ་སྤྲོ་བསྡུས་བཟོ་མ་བྱེད།།

བདེ་གསལ་ཞེན་མེད་རྣམ་རྟོག་འཕྲོ་མ་གཞུག།

རང་བྱུང་ལྷུག་པ་སྤྲོས་པའི་གོས་མ་གོན།།

ཆོས་ཉིད་རྒྱ་ཡན་སེམས་འཛིན་སྒྲོག་མ་གཞུག།

ཡངས་གྲོལ་བློ་ཡངས་འདུ་ཤེས་གཟེབ་མ་བཅིངས།།

དེ་ལྟར་སུས་ཤེས་ཡང་དག་དོན་ལ་ཉེ།།

ཞེས་གསུངས་ཏེ། ཆོས་ཉིད་ཀྱི་དོན་ལ་གཞག་པའི་ཆོས་དྲུག་ནི། གཟུང་བའི་ཡུལ་ལ་སྒོ་ལྔས་རྟེན་མ་བྱེད་པའམ་སྒོ་ལྔ་ཡུལ་ལ་མ་འཁྲུལ་ཞིག འཛིན་པའི་སེམས་ལ་སྤྲོ་བསྡུ་མང་པོས་བཟོ་བཅོས་མ་བྱེད་ཅིག བདེ་གསལ་གྱི་ཉམས་ལ་ཞེན་མེད་དུ་གནས་ནས་རྣམ་རྟོག་རང་ག་མའི་འཁྲུལ་བ་འཕྲོ་རུ་མ་གཞུག་ལ། རང་བྱུང་ལྷུག་པ་མ་བཅོས་པ་ལ་སྤྲོས་པ་སྣ་ཚོགས་ཀྱི་གོས་མ་གོན་པ་སྟེ་སྤྲོས་མེད་ལ་སྤྲོས་པ་མ་འདོགས་ཤིག ཆོས་ཉིད་རྒྱ་ཆད་ཕྱོགས་ཡན་ལ་སེམས་འཛིན་གྱི་སྒྲོག་གིས་བཅིངས་ནས་འཆིང་དུ་མ་གཞུག་ཅིག ཡངས་ཤིང་གྲོལ་བའི་བློ་ཡངས་པ་དེ་འདུ་ཤེས་ཀྱི་གཟེབ་ལ་མ་བཅིངས་ཤིག་དང་དེ་ལྟར་སུས་ཤེས་ན་ཡང་དག་དོན་ལ་ཉེ་བ་ཡིན་ནོ། །འདི་ཡང་ལྟ་བ་ཤར་གྲོལ་གྱི་སྒོམ་པའིི་གེགས་སེལ་ཉམས་མྱོང་ཅན་གྱིས་ཤེས་པར་བྱ་བའོ།།

༢༡༦ ཐེག་ཆེན་ཆོས་དོན་མ་གོ་ཆོས་དྲུག་བསྟན་པ།

ཐེག་ཆེན་ཆོས་དོན་མ་གོ་ཆོས་དྲུག་ནི།།

འགྲོ་ཀུན་རྒྱལ་བའི་སྲས་པོ་དམ་པ་ལ།།

དམན་པ་ཁྱད་གསོད་ཐེག་ཆེན་དོན་མ་གོ།

སློང་བ་ཐམས་ཅད་དགེ་བསྐུལ་དྲིན་ཅན་ལ།།

སེར་སྣའི་འཇུར་གེགས་ཐེག་ཆེན་དོན་མ་གོ།

གནོད་བྱེད་དགྲ་འདྲེ་བཟོད་པའི་ཡུལ་མཆོག་ལ།།

ཞེ་སྡང་ཁོང་ཁྲོ་ཐེག་ཆེན་དོན་མ་གོ།

ཉེས་སྐྱོན་ངན་སྨྲས་སྐྱོན་སེལ་གདམས་ངག་ལ།།

ངར་འཛིན་ཀོ་ལོང་ཐེག་ཆེན་དོན་མ་གོ།

རྙེད་བཀུར་སྙན་གྲགས་ཕུང་འདྲེའི་ནང་དབྱེན་ལ།།

ཆོས་བརྒྱད་རློམ་སེམས་ཐེག་ཆེན་དོན་མ་གོ།

བྱིན་རླབས་ནུས་མཐུ་བདུད་ཀྱི་སྣ་འདྲེན་ལ།།

ང་རྒྱལ་རློམ་སེམས་ཐེག་ཆེན་དོན་མ་གོ།

དེ་དག་མང་བས་འཁོར་བར་འཁྱམས་པ་ཡིན།།

ཞེས་གསུངས་ཏེ། ཐེག་ཆེན་ཆོས་དོན་མ་གོ་བའི་ཆོས་དྲུག་ནི། འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོས་ཏིལ་ལ་མར་བཞིན་ཁྱབ་ཡོད་ཕྱིར། སྒྲིབ་གཉིས་གློ་བུར་གྱི་དྲི་མ་དག་ན་སངས་རྒྱས་དངོས་ཡིན་པ་ལ། འདིར་འབྲས་བུ་ལ་རྒྱུའི་མིང་གིས་སྨྲོས་ནས་རྒྱལ་སྲས་ཞེས་བསྙད་པ་སྟེ། དེ་ལྟར་ཡིན་པ་ལ་ཡིན་པར་མ་ཤེས་previous hit པརསེམས next hit་ཅན་དམན་པའོ་སྙམ་ནས་ཁྱད་གསོད་བྱེད་པ་ནི་ཐེག་ཆེན་གྱི་དོན་མ་གོ་བ་ཡིན་པས་དེ་ལྟར་བལྟས་ན་སེམས་ཅན་སྨོད་པའི་ཉེས་པ་འབྱུང་བ་སྟེ། གནས་ཚུལ་ལ་སངས་རྒྱས་དང་previous hit སེམས་ཅན་ཁྱད་པར next hit་མེད་པའོ། །སློང་བ་པོ་ཡོད་པའི་རྐྱེན་གྱིས་སྦྱིན་པ་གཏོང་དུ་རུང་བས་ཐམས་ཅད་རང་ཉིད་དགེ་བར་བསྐུལ་བ་བྱེད་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། དེ་ལྟར་མ་ཤེས་ནས་སེར་སྣའི་འཇུར་གེགས་ཀྱིས་སློང་མོ་བ་མཐོང་མ་ཐག་ཏུ་ཚིག་པ་ཟོས་ནས་མི་སྦྱིན་པའམ་བྱིན་ནའང་ཆུང་ས་ཕྲ་ས་ངན་ས་སྡུག་ས་ཞིག་ནས་སྦྱིན་པ་ནི་ཐེག་ཆེན་གྱི་དོན་མ་གོ་བའི་རྟགས་ཡིན་པ་དང་། གནོད་བྱེད་དགྲ་འདྲེ་དེ་དོན་དངོས་སུ་བཟོད་པའི་ཡུལ་མཆོག་ཏུ་གྱུར་བ་ཡིན་པ་ལ། དེ་ལྟར་མ་ཤེས་པར་ཞེ་སྡང་ཁོང་ཁྲོ་བྱེད་པ་ནི་ཐེག་ཆེན་གྱི་དོན་མ་གོ་བས་ཡིན་པ་དང་། ཉེས་སྐྱོན་ངན་སྨྲས་ནི་སྐྱོན་སེལ་མཚང་འདོན་གྱི་གདམས་ངག་མཆོག་ཡིན་ནའང་། དེ་མ་ཤེས་པར་ང་ལ་མི་རིགས་པ་ཞིག་སྨྲས་སོ་སྙམ་ནས། ངར་འཛིན་ཆེ་བའི་དབང་གིས་ཁོང་ཁྲོས་ཀོ་ལོང་བྱེད་པ་དེའང་ཐེག་ཆེན་གྱི་དོན་མ་གོ་བའི་རྟགས་དང་། རྙེད་བཀུར་དང་སྙན་གྲགས་རྣམས་ནི་ཕུང་འདྲེའི་ནང་དབྱེན་ཡིན་པས། དེའི་རྐྱེན་གྱིས་ཆོས་བརྒྱད་ལ་རློམ་སེམས་ཇེ་ཆེ་ལ་འགྲོ་བ་ནི་ཐེག་ཆེན་གྱི་དོན་མ་གོ་བས་ཡིན་པ་དང་། བྱིན་རླབས་ནུས་མཐུ་ལྟར་སྣང་བ་ཡོད་པ་དེ་ཚོ་བདུད་ཀྱི་སྣ་འདྲེན་ཡིན་པ་ལ། དེ་ལྟར་མ་ཤེས་ནས་ང་རྒྱལ་རློམ་སེམས་བྱས་ན་ཐེག་ཆེན་གྱི་དོན་མ་གོ་བ་སྟེ། གལ་ཏེ་འདྲེ་གདོན་གྱི་གནོད་པ་ལ་སོགས་པ་རང་གཞན་སུ་ལ་བྱུང་ནའང་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། སྙིང་རྗེ་ཆེན་པོ་བསྐྱེད་ནས་གསུར་བཏང་བ་དང་། སྨོན་ལམ་ཡང་དག་བྱས་པས་ཕན་པ་ཆེ་བ་ཡིན། ཐེག་ཆེན་གྱི་ལམ་དང་ཡང་མི་འགལ་ཞིང་ཉེས་ཆུང་ཕན་ཆེ་བའི་བྱ་བ་ཡིན་previous hit པརསེམས next hit་སོ། །ཐེག་ཆེན་གྱི་དོན་མ་གོ་བའི་བྱ་བ་དེ་དག་མང་བའི་དབང་གིས་འཁོར་བར་འཁྱམས་པ་ཡིན་ནོ།།


previousཉིན་བདུན་པའི་ཆོས་ཁྲིད། next