ཉིན་དྲུག་པའི་ཆོས་ཁྲིད།
དེ་ཡང་ཇི་སྐད་དུ་རྒྱལ་བ་ཀློང་ཆེན་པས། གང་ལ་བསམས་ཀྱང་མི་རྟག་སྙིང་པོ་མེད། །གང་དུ་བལྟས་ཀྱང་འཕོ་ཞིང་འགྱུར་བའི་ཆོས། །གང་ལྟར་དཔྱད་ཀྱང་ཚེ་འདིའི་འཁྲུལ་སྣང་ལ། །གང་གིས་མ་ཆགས་སྐྱེ་བོ་མཁས་པ་ཡིན། །ཞེས་གསུངས་པ་ལྟར་དུ། བསམ་བློ་གང་ལ་བཏང་། འདེང་གང་དུ་བརྒྱབ་ཀྱང་ཚེ་འདིའི་ལོངས་སྤྱོད། དཔལ་དང་འབྱོར་བ། སྟོབས་དང་སྙན་གྲགས། མངའ་ཐང་དང་འཁོར་འབངས། ཉེ་དུ་དང་མཛའ་བཤེས། གནས་མལ་དང་གནས་ཁང་ལ་སོགས་པ་ཐམས་ཅད་པོ་སྔར་ཡང་རྟག་ཅིང་བརྟན་པ་ཞིག་ཡོང་མ་མྱོང་ལ། ད་ལྟ་ཡང་མི་བརྟན་པར་དེ་བཞིན་དུ་འགྱུར་བ་ནི་ཚེ་སྟོད་དང་ཚེ་སྨད་ལ་བསམ་མི་དགོས་པར་ལོ་རེ་དང་ཟླ་རེའི་འགྱུར་བས་ཀྱང་ཤེས་ལ། མ་འོངས་ཕྱིས་འབྱུང་ལའང་རྨི་ལམ་ནང་གི་བདེ་སྐྱིད་དང་འདྲ་བར་ད་ཡོད་ད་མེད་ཀྱི་ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་སོགས་པ་རྟག་བརྟན་སྙིང་པོ་ཅན་ཞིག་ཡོང་རྒྱུ་མེད་པ་ནི་དཔོག་ཐུབ་ལ། དཔེ་གང་ལ་བལྟས་ཀྱང་ཐམས་ཅད་འཕོ་ཞིང་འགྱུར་བའི་བརྡ་སྟོན་དུ་འདུག་ལ། བརྟགས་ཤིང་དཔྱད་པ་ཇི་ལྟར་བཏང་ཡང་། སྔར་ཆག་ཕྱིར་འདེང་གང་ལ་བསྐོར་ན་ཡང་ཚེ་འདིའི་འཁྲུལ་སྣང་ལ་འགོ་འཁོར་ཉན་པ་མི་འདུག བྱ་བ་ཐོན་དང་མི་ཐོན། འདེང་ཕོག་དང་མི་ཕོག་ནི་བྱ་བའི་མཐའ་ལ་ཐོན་དུས་ཤེས་པ་ཡིན། དེ་དུས་སུ་ཡིན་ཀྱང་རིག་སྟེ་མངོན་སུམ་ཐོག་ལ་བབས་པའི་ཕྱིར། མ་འོངས་པ་ཡི་ཕན་གནོད་གནད། །སྔོན་ནས་ཤེས་ན་མཁས་པ་ཡིན། །གསུངས་པ་ཡིན། འདས་མ་འོངས་སོགས་ཇི་ལྟར་བརྗོད་ཀྱང་གསོན་ཚེ་འདིའི་རྔ་མ་རྫོགས་ས་ནི་དབུགས་རྟ་རྔ་འདྲ་བོ་ཆད་དུས་ཡིན་ལ། དེའི་དུས་སུ་བདག་ཏུ་འཛིན་པའི་གཞི། ཆགས་ཞེན་བྱེད་སའི་ཡུལ་གནས་ལུས་ལོངས་སྤྱོད་གསུམ་པོ་ཐམས་ཅད་སྐྱུར་ནས་འགྲོ་དགོས་པ་ཡིན། དེ་བཞིན་དུ་གྲོགས་དགའ་མཛའ། ཡུལ་མི་ཁྱིམ་མཚེས། གྲལ་རོགས་གྲོགས་མཆེད་ཐམས་ཅད་པོ་གཅིག་ཀྱང་མེད་པ་ཡིན། ང་དང་ང་ཡིར་བཟུང་། བདག་དང་བདག་གིར་ཞེན་ནས་བརྒྱུགས་བརྒྱུགས་འདུར་འདུར། ལས་ལས་བཅས་བཅས། བསྣོགས་བསྣོགས་བཤད་བཤད་ཀྱི་བྱ་བའི་མཐའ་མཇུག་བསྡུ་བའི་ཉིན་པར་དགེ་སྡིག་གཉིས་ཀ་ཅི་ཞིག་བསགས་ཡོད་པ་དེ་གཅིག་མ་ཆད་གཉིས་མ་ལུས་ནས་ཡོད་པ་ལས། ཚེ་གང་འབད་པའི་བྱ་བ་ཐམས་ཅད་མདང་གི་རྨི་ལམ་བཞིན་ཡལ་རྒྱུ་ཡིན། ཁམས་དྲུག་ལྡན་གྱི་མིའི་ལུས་རྟེན་ཞིག་བླངས་ཕྱིན་ཁམས་ཀྱི་ཟས་ལ་བརྟེན་ནས་འཚོ་དགོས་པས་མི་ལྟོགས་པའི་ཟས་ཤིག་དང་མི་འཁྱག་པའི་གོས་ཤིག་དགོས་ཀྱང་། དེ་ནི་ཧ་ཅང་གི་དུས་ངན་ཞིག་མིན་ན་དེ་འདྲའི་དཀའ་མོ་ཞིག་མ་ཡིན། དེ་ལས་གཞན་པའི་གཅིག་གི་ཁ་ལ་གཉིས་བསམས་ནས་རྒྱུ་ནོར་ལོངས་སྤྱོད་ཙིག་ཚང་གསོག་གསོག་བྱས་ནས་གསོག་འཇོག་བྱེད་པ་དང་། ཆེ་འདོད་མཐོ་འདོད་ཡག་འདོད་སྙན་འདོད་ཏག་ཏག་ལ་བསམ་བློ་འཁོར་བ་ནི་བློ་ཉེས་ཐམས་ཅད་ཀྱི་གཞི་མ་དང་འདུག་མི་བདེ་བྱེད་དང་ཕྱི་མའི་དོན་ཆེན་ཐམས་ཅད་རླག་བྱེད་ཡིན་པར་ཤེས་པར་བྱ་བ་དང་། དེ་ལྟར་དུ་ནང་རང་གི་སེམས་ལ་འཛུལ་ཡོད་པའི་གདོན་ཆེན་གྱི་གཞི་ཕར་ཕུད་ནས་གཙང་མ་བྱེད་ཚར་བའི་རྗེས་སུ་བྱ་བ་གཅིག་ཆོག་མ་ནོར་བ། ཚེ་འདི་ཕྱི་གཉིས་ཀྱི་གྲོ་རྟེན་དང་། རེ་བ་བཅའ་སའི་རྟེན་ཕུར་དེ་དམ་པའི་ལྷ་ཆོས་ཡིན་པས། ཆོས་རྣམ་དག་ཅིག་འགྲུབ་དགོས་འདུག བརྒྱབ་ཐལ། འཕངས་ཐལ་ཞེས་པ་ཞིག་གིས་མི་འོང་། རང་མགོ་རང་གིས་མི་གཡོག བཤད་ཕྱིན་བཤད། ཉན་ཕྱིན་ཉན་ལ་ཆོས་རང་གིས་མ་བསྒྲུབས་དུས་གཞན་ཞིག་ལ་རེ་བཅའ་ཟེར་ན་དེ་དཀའ་བར་འདུག དེ་ཡང་ངེས་པར་ཡིན་ཏེ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་ནང་ནས་རྣམ་འདྲེན་བཞི་བ་ཡན་ཆད་ད་སྔོན་བྱོན་རབས་དང་། རྒྱལ་བའི་རྣམ་འཕྲུལ་ས་ཐོབ་ཀྱི་སེམས་དཔའ་ཅི་འདྲའི་གྲངས་མེད་པ་མང་རབ་བྱོན་ཀྱང་། འཁོར་བའི་སེམས་ཅན་ཁ་མ་བྲི་བ་ཡོད་ལུགས་འདི་ལ་བསམ་བློ་གཏང་ན། རྒྱལ་ཁམས་གླིང་བཞིའི་ཉི་མ་ཉིན་རེ་བཞིན་དུ་ཤར་བཞིན་ཡོད་ཀྱང་། རང་ཉིད་ཁ་དེར་ཕྱོགས་ལ་མ་འཁོར་བར་རྒྱབ་གཏོད་བཞིན་བསྡད་ན་སྔུན་ལ་ཉི་འོད་ཇི་ལྟར་ཕོག་ཡོང་། དཔེ་དེ་དང་གཅིག་མཚུངས་རེད། ད་ལྟར་ཆོས་བསྟན་པ་དར་སའི་སྐབས་ལ་ཁེལ་ནས་ཡོད་ཀྱང་མི་རང་ཉིད་ལ་བསོད་ནམས་ཀྱི་ས་བོན་ཞིག་མེད་དུས་ཕན་པ་མི་འདུག་བསམ་རྒྱུའི་འདེང་ཕོག་རྒྱུ་ཡོད་པ་ཡིན། སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །བསོད་ནམས་འཛད་འདོད་བསམ་པ་ངན་པ་འཆར། །རིགས་བརྒྱུད་ཟད་འདོད་གླེན་ཞིང་ལྐུགས་པ་སྐྱེ། །སྐལ་ངན་ཟད་འདོད་བསོད་ནམས་བསགས་པར་འདོད། །ཅེས་གསུངས་པ་ལྟར་དུ་མི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་གཞི་དེ་རང་རྒྱུད་ལ་སྡིག་པ་དང་སྒྲིབ་པ་ཡོད་པས་ཡིན་ཕྱིར། ད་རེས་དམ་པའི་ཆོས་ཐོས་པའི་རྐྱེན་བྱས་ནས་དེ་ལ་དང་བ་དང་མོས་པ་སྐྱེས་ནས། བདེ་ཐོབ་སྡུག་བསྔལ་བྲལ་བའི་གནད་རྒྱུ་མཚན་ཚང་མ་དེ་ན་ཡོད་འདུག་སྙམ་པ་བྱུང་སྟེ། ཆོས་སྒྲ་གོ་ཕྱིན་གོ་དང་། ནང་དོན་གྱི་རོ་བཅུད་མྱོང་ཕྱིན་མྱོང་དུ་འདི་ཕྱི་རང་གཞན་གྱི་ཕན་དང་བདེ་བའི་ལམ་དེ་ལས་རྙེད་དུ་ཡོད་འདུག་བསམས་ནས་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པར་དད་པ་གཏིང་ནས་སྐྱེས་ན། དེ་འདྲའི་གང་ཟག་དེ་སྔར་བསགས་ཀྱི་སྡིག་པ་དང་སྒྲིབ་པ་ཟད་ལ་ཕྱོགས་པའི་སྔར་རྟགས་ནམ་སྐྱ་རེངས་མཐའ་ནས་གསལ་ཡོང་དུས་མི་འགྱང་བར་ཉི་མ་ཤར་བར་འགྱུར་བ་ལྟར་དུ་རེད་ཅེས་པའི་དོན་དང་། དེའི་ལྡོག་ཕྱོགས་ཀྱི་འདྲ་བའི་མཚུངས་ཆོས་ཅི་ཞིག་ཡོད་ཅེ་ན། མི་ལུས་ཤིག་བླངས་པ་ནི་མཐོ་རིས་ཀྱི་རྟེན་ཡིན་ལ། དེ་ངན་སོང་གསུམ་ལ་སྡུར་ཡོང་ན་སྐྱིད་ཟེར་ཆོག་ཏེ། སྡུག་བསྔལ་རགས་པའི་ཚོར་སྣང་ཆུང་བ་རེད། དེ་ནི་སྔར་བསགས་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ལས་གཞན་ཅི་ཡང་མིན། དེའི་བསོད་ནམས་ཟད་ནས་མཇུག་རྫོགས་པ་ལ་ཕྱོགས་པའི་རྟགས་སུ་བསམ་པ་ངན་པ་འཆར་བ་ཡིན་ལ། བསམ་པ་ངན་པ་མི་ལ་འཚགས་ན་སྦྱོར་བ་རྩུབ་མོ་རང་ཐོག་ལ་འཁོར་ཡོང་བ་ཡིན་ཕྱིར་དཔེར་ན་ཕྱི་དྲོ་ཉི་རྒས་ཀྱི་དུས་ཉི་མ་རི་ཕག་ལ་འགྲོ་རན་དུས་ནུབ་རི་ནས་གྲིབ་ཆེན་གུག་ཡོང་དུས་མུན་པས་བསྒྲིབ་རྒྱུ་ལ་བར་ཐག་ཆེར་ཞིག་མེད་པ་དང་འདྲ་བར། བསོད་ནམས་འཛད་རན་དུས་བསམ་པ་ངན་པ་འཆར་ཡོང་བ་ཡིན་ཅེས་གསུངས་པ་དང་། རིགས་བརྒྱུད་ཟད་འདོད་གླེན་ཞིང་ལྐུགས་པ་སྐྱེ། །ཞེས་གསུངས་པ་སྟེ། ཁྱིམ་ཚང་ཞིག་ལ་མཚོན་ན་རིགས་བརྒྱུད་ཆད་ནས་མི་ཤུལ་གཏོང་རན་དུས། བུ་ཚ་བརྒྱུད་ཐམས་ཅད་ཡང་ན་གླེན་པ་ཞིག ཡང་ན་ལྐུག་པ་ཞིག ཡང་མིན་ན་ཕུང་གསུམ་ཐལ་བའི་ཡོག་མགོ། ཁྱི་ལ་རྒྱག་པའི་དབྱུག་ཏོ་ཙམ་ཡང་མི་ཐུབ་པའི་གཅིག་བས་གཅིག་གིས་ཐ་ཆད་པ་རུ་འགྱུར་ཡོང་དུས་ཡ་རབས་བཟང་པོའི་ཤུལ་སྐམ་ཆས་ཡིན་པ་དང་། སྐལ་ངན་ཟད་འདོད་བསོད་ནམས་བསགས་པར་འདོད། །ཅེས་གསུངས་པ་སྟེ། མི་འགའ་རེས་འདེང་རྒྱག་ན། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་གསུངས་པ་དེ་དོན་ལ་གནས་འདུག་ཚེ་བསོད་ནམས་ཀྱི་གྱེན་ལ་མ་དྲུད་དུས་ཅི་བྱས་ཀྱི་ལ་མི་བརྒལ་བར་འདུག མི་བསོད་ཆེན་དེས་གང་བསམ་འབད་མེད་དུ་འགྲུབ་པ་ལ་བསམས་ནས་བཟང་དཔེ་གྱེན་ལ་བལྟས་ནས་བསོད་ནམས་བསག་རྒྱུ་དྲན་ཡོང་དུས། དེ་ནི་སྐལ་བ་ངན་པ་མི་འདོད་པའི་རྐྱེན་ངན་ཇེ་ཆུང་ལ་སོང་སྟེ་སྐལ་ངན་མུན་ནག་འདྲ་བོ་ཟད་ནས། སྐྱིད་པའི་ཉི་མ་མགོ་ལ་གཏན་ཤར་བྱེད་ཆས་རེད་ཅེས་པའོ། །དེ་ལྟར་བསམ་བློ་གཏོང་ན་རྒྱུ་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ས་བོན་རང་ལ་ཡོད་པ་དང་། རྟེན་མི་ལུས་རིན་ཆེན་ད་རེས་ཐོབ་ནས་ཡོད་པས་མ་ཚད། རྐྱེན་དགེ་བའི་བཤེས་གཉེན་དང་འཕྲད་དུས་འདིར། ཐབས་དེ་ཡི་གདམས་ངག་བླངས་ནས། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་འདུག་བསམས་ན། གཞི་བདེན་གཉིས་ལ་བརྟེན་ནས་ལམ་ཚོགས་གཉིས་བསགས་ཏེ་འབྲས་བུ་སྐུ་གཉིས་ཐོབ་དགོས་པ་ཡིན་པས། སྒོ་ལུས་ངག་ཡིད་གསུམ་འདི་དམ་པའི་ཆོས་ལ་ཕྱོགས་ནས་སྙིང་ནས་དམ་པའི་ལྷ་ཆོས་བསྒྲུབ་དགོས། སྒྲུབ་པ་དེ་ཡང་སྒྲུབ་ན་སྒྲུབ་གོ་ཆོད་པ་དུས་ཐུང་ཐུང་གི་ནང་ནས་འགྲུབ་པ་ཚེ་འདིའི་ཐོག་ནས་མཆོག་ཐུན་མོང་གི་བྱིན་རླབས་དང་དངོས་གྲུབ་ཅིག་ཐོབ་དགོས་ན། བློ་ཆོས་སུ་འགྲོ་བའི་ཐོག་ལ་ཆོས་ལམ་དུ་འགྲོ་དགོས་པ་ཡིན་ལ། དེའི་སྐོར་གྱི་གདམས་པ་རེ་རེ་གཉིས་རེ་ཤ་ཟིན་སྤུན་ཟིན་གྱིས་སྔོན་མའི་ཆོས་ཁྲིད་ཀྱི་སྐབས་རྣམས་སུ་བཤད་པ་དང་། དེ་རིང་ཡང་བསྐྱར་དེ་ལ་བློ་ཁ་ཕྱོགས་ནས་གཞིག་ན་ཆོས་ལམ་དུ་འགྲོ་སའི་ལམ་དེ་གང་ཡིན་ཞེ་ན། དེ་ནི་ཐར་བའི་ལམ་ཡིན་པ་དང་། གང་ནས་ཐར་དགོས་པ་ཡིན་ཟེར་ན། འཁོར་བའི་ནང་ནས་ཐར་དགོས་པ་ཡིན། ཐར་བ་དེ་ལ་ཡང་མཆོག་དམན་ཡོད་པ་ཡིན། རང་དོན་ཞི་བདེར་ཞེན་ནས་ངན་སོང་འཁོར་བའི་སྡུག་བསྔལ་ནས་ཐར་ཐབས་རྐྱང་པར་བསམ་ནས་ཉན་རང་དགྲ་བཅོམ་གྱི་གོ་འཕང་སྒྲུབ་ན་ཐེག་པ་དམན་པའི་ལུགས་ཡིན་པ་དང་། གཞན་དོན་གཙོ་བོར་བཟུང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་ལ་མཚོན་ན་བྱང་ཆུབ་སྒྲུབ་པའི་གཏན་གེགས་སུ་དམྱལ་བར་སྐྱེ་བ་ལས་ཀྱང་དམན་ལམ་ལ་གོལ་བ་དེས་ཆེ་བར་གསུངས་པས། ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཟིན་དགོས་ན་འཁོར་བ་ལས་ངེས་པ་འབྱུང་བའི་བློ་དེའི་སྟེང་དུ། མཐའ་ཡས་སེམས་ཅན་གྱི་དོན་ལ་ཤ་དང་རུས་པའི་ཚོགས་ཀུན་ཞིག རུས་པ་པགས་པའི་ཚོགས་ཀུན་འཐོར་སོང་ནའང་སྙིང་རྗེས་བསྲུངས་བའི་བྱང་ཆུབ་སེམས་མཆོག་བསྐྱེད་ནས་གཞན་སེམས་ཅན་གྱི་དོན་བསྒྲུབ་རྒྱུའི་དམ་བཅའ་མི་གཏོང་སྙམ་པའི་ཆོད་སེམས་བརྟན་པོ་ཞིག་གི་ཐོག་ནས་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་སྒོ་ནས་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པར་བརྩོན་དགོས་པ་ཡིན། ཆོས་ལམ་ལ་འགྲོ་བའི་མཐུན་རྐྱེན་དང་པོ་མཆོག་ཏུ་གྱུར་བ་ནི་དགེ་བའི་བཤེས་གཉེན་བསྟེན་དགོས། ཐར་བའི་ལམ་སྣེ་མ་ཟིན་པའི་ཆོས་པ་དེ་དཔེར་བཞག་ན་གྲོང་ཁྱེར་ཆེན་པོའི་བཞི་མདོ་ནས་ལམ་ཤར་ལྷོ་ནུབ་བྱང་གང་ན་འགྲོ་དགོས་ངོ་མ་ཤེས་པ་འདྲ་ཞིག་ཡིན་པས། མི་རེ་ཐུག་དུས་ལམ་རེ་དྲིས་ཚེ་འགའ་རེས་ཤར་ས་ལ་སྟོན་པ་དང་། འགའ་རེས་བྱང་ས་ལ་སྟོན་དུ་འོང་། ངས་མི་ཤེས་ཟེར་ནས་ལོག་པར་མ་སྟོན་ན་ཆོག་ཀྱང་། ང་རྒྱལ་བདུན་གྱི་ལོག་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་ཅན་ནམ། ལོག་པའི་བཤེས་གཉེན་དང་འཕྲད་ཚེ་མི་ཤེས་བཞིན་དུ་ཤེས་ཁུལ་གྱིས་ལམ་ལོག་པར་སྟོན་ན། དེའི་ལམ་དེ་དེད་བཞིན་དེད་ལ་ཐར་ལམ་ལ་ཐག་ཇེ་རིང་ལས་མེད་པས། གཏན་གྱི་འདུན་མ་དེ་ནས་ཉེས་པ་ཡིན། ཐར་བའི་ལམ་སྣེ་དངོས་ཤིག་ཟིན་ནས་དེ་དེད་ནས་འགྲོ་བ་ལས་ཁ་ཕྱིར་འཁོར་མ་བྱས་ན་མགྱོགས་བུལ་སྔ་ཕྱི་ཙམ་ལས་དམིགས་ཡུལ་ལ་ཐག་ཇེ་ཉེ་མི་རེད་ཐབས་མེད་ཡིན། ང་ཚོ་དུས་ཐ་མའི་ཆོས་པ་ལ་མཚོན་ན་ཧ་གོ་གནད་ཟིན་གྱི་ཕྱོགས་མ་ཤེས་པར་རྩྭ་འཇག་མ་རླུང་གིས་བསྐྱོད་པ་ལྟར་དུ་རླུང་ཡར་ལ་སྤུར་དུས་ཕྱ་ལ་ལ། མར་ལ་སྤུར་དུས་ཕྱ་ལ་ལ། ཕྱོགས་གང་ལ་འཁོར་དགོས་པའི་ལམ་ངོ་ཟིན་མེད་པ་དེས་ན་ཆོས་ལམ་དུ་འགྲོ་བའི་ཐར་ལམ་ཡང་དག་ཅིག་རྙེད་པ་ལ། ཀུན་མཁྱེན་ཆོས་རྗེས། ཐོག་མར་དགེ་བའི་བཤེས་ལ་རག་ལས་པས། །མཚན་ལྡན་བླ་མ་དམ་པར་བསྟེན་པ་གཅེས། །དེ་ལས་ལེགས་རྒུའི་ཡོན་ཏན་དུ་མ་འབྱུང་། །ཞེས་གསུངས་ནས་གདམས་པ་གནང་བ་ལྟར་དུ། བླ་མ་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ། ཐུགས་རྗེའི་བདག་ཉིད་ཅན། ཞི་དུལ་བཟོད་པ་མཆོག་དང་ལྡན་པ། མང་ཐོས་ཡོན་ཏན་དང་ལྡན་པ། རང་རྒྱུད་ཆོས་ཀྱིས་དུལ་ཞིང་གཞན་སྣང་དགེ་ལ་སྦྱོར་བ། བྱིན་རླབས་ཚད་མེད་ཅིང་འབྲེལ་ཚད་ཐར་ལམ་ལ་འགོད་ནུས་པ། སྙིགས་དུས་རྒྱལ་བའི་རྣམ་འཕྲུལ་དེ་ལྟ་བུ་ཞིག་རྙེད་ནས་དེར་བསྟེན་ན། སྲིད་ལ་སྐྱོ་ཞིང་ངེས་འབྱུང་བློ་སྣ་ཐུང་། །ཚེ་འདི་བློས་ཐོངས་འཁྲུལ་སྣང་བདག་འཛིན་འཇིག །ངང་གིས་དུལ་ཞིང་ཐོས་བསམ་སྒོམ་པ་ལྡན། །དད་སོགས་རྒྱ་ཆེ་སྦྱངས་པའི་ཡོན་ཏན་ལྡན། །ཚེ་འདི་དོན་ཡོད་ཕྱི་མ་འབྲས་དང་བཅས། །ཞེས་གསུངས་པ་ལྟར་དུ། ཐོག་མར་དགེ་བ་བླ་མ་བརྟག་ཐབས་ཀྱིས་བརྟག བར་དུ་དགེ་བ་བླ་མ་བསྟེན་ཐབས་ཀྱིས་བསྟེན། ཐ་མར་དགེ་བ་དགོངས་སྤྱོད་ཚུལ་བཞིན་དུ་བསླབ་ལ་མཁས་པ་ཞིག་གིས་ཐོས་བསམ་སྒོམ་པའི་རང་རྒྱུད་སྦྱངས་ནས། རྩེ་ཅིག་ཐར་བར་འདོད་པའི་སེམས། གང་བྱས་དགེ་བར་འགྱུར་བའི་འདུན་པ། དད་དང་མོས་གུས་བཅོས་མིན་ལ་བརྩོན་པ་ནི་ཆོས་ལམ་དུ་འགྲོ་བའི་མན་ངག་གཙོ་བོ་ཡིན། དེ་ལྟ་བུའི་སྒོ་ནས་ཟ་ཉལ་འགྲོ་འདུག གཏམ་གྱི་སྨྲ་བརྗོད། ཡི་གེ་འབྲི་ཀློག ཁ་ཏོན་བཟླས་བརྗོད། ཉན་བསམ་སྒོམ་པ་གང་བྱས་ན་ཡང་ཐར་ལམ་ཁོ་ན་དོན་གཉེར་གྱི་སེམས་དེ་དང་མ་འབྲལ་བའི་སྒོ་ནས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་འབད་པ་བྱེད་དགོས། དེ་ལྟ་བུའི་ཐར་འདོད་ཀྱི་བློ་དང་མ་བྲལ་བས་སེམས་རྒྱུད་འདུལ་བའི་གནད་མཁྱེན་པ་དང་ལྡན་པའི་སྒོ་ནས། སྐབས་འདིའི་གང་ཞིག་འཆད་ཉན་བྱ་བའི་ཆོས། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་གནད་འདུས་པ། མཐའ་ཡས་ཤེས་བྱའི་ཆོས་ཚུལ་རྒྱལ་མཚོའི་ཟབ་རྒྱས་ཀྱི་བཅུད་དུ་འཁྱིལ་བ། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་ཐུགས་མཛོད་ལས་བྱུང་བ། འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་ཀློང་ཆེན་མཛོད་བདུན་གྱི་ནང་ནས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་འཆད་བཞིན་པའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས་བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་མང་རབ་ཅིག་སོང་ནས། རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་སྟོན་པའི་སྐབས་ལས་སྣང་ཚུལ་འཇིག་རྟེན་གྱི་བཀོད་པ་བཤད་པའི་སྐབས་ཀྱི་བསྐལ་བ་ཆགས་གནས་འཇིག་སྟོང་བཞི་བཤད་པའི་སྐབས་ཀྱི་ལེའུ་བཞི་བས་བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་ཏེ། ཁ་སང་གནས་པའི་བསྐལ་བ་ལས་གང་གནས་པའི་འཇིག་རྟེན་བཤད་པ་ནས་འཕེལ་འགྲུབ་ཀྱི་དགོས་པ་ལ་སོགས་པ་དང་། གནས་དུས་ཀྱི་ཆོས་བཤད་པའི་སྐབས་ནས་སྤྱི་བྱེ་བྲག་གི་བཤད་པ་ཚང་མ་སོང་ནས། དེ་རིང་གཉིས་པ་རྩོམ་གཞི་ཕྲ་བ་ངོས་བཟུང་བ་ལ་བསྟན་བཤད་གཉིས་ཀྱི། དང་པོ།
རྩོམ་གཞི་ཕྲ་བ་ངོས་བཟུང་བ་མདོར་བསྟན་པ།
སྔར་སྨོས་པའི་ཆོས་ཀྱི་རིམ་པ་དང་། བཤད་མ་ཐག་པའི་ཁྱད་པར་གྱི་ཆོས། དེ་དག་རྣམས་ཀྱང་བསྡུ་ན་གསུམ་ཉིད་དེ། །གཟུགས་དང་དུས་དང་མིང་ལས་རབ་ཏུ་དབྱེ། །ཞེས་གསུངས་ཏེ། འདི་ལྟར་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ། དུས་ཀྱི་མཐའ་སྐད་ཅིག་མ། མིང་གི་མཐའ་ཡི་གེ་གསུམ་དུ་འཇིག་རྟེན་གྱི་ཆོས་ལུགས་དེ་དག་བསྡུས་ཏེ་བསྟན་ཏོ། །དེས་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ལ། གཟུགས་ཀྱི་མཐའ། དུས་ཀྱི་མཐའ། མིང་གི་མཐའ་གསུམ། དང་པོ།
གཟུགས་ཀྱི་མཐའ་བཤད་པ།
དེ་ལ་ཕྱོགས་དང་པོ། གཟུགས་མཐའ་ཕྲ་རབ་རྡུལ་དེ་བདུན་འགྱུར་གྱིས། །ཕྲ་རབ་རྡུལ་ཕྲན་ལྕགས་ཆུ་རི་བོང་ལུག །གླང་དང་ཉི་ཟེར་སྲོ་མ་ཤིག་ནས་སོར། །ཞེས་གསུངས་ཏེ། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་དེ་བདུན་ལ་ལྕགས་རྡུལ་གཅིག དེ་བདུན་ལ་ཆུ་རྡུལ་གཅིག དེ་བདུན་ལ་རི་བོང་གི་རྡུལ་གཅིག་དེ་བདུན་ལ་ལུག་རྡུལ་གཅིག་དེ་བདུན་ལ་གླང་རྡུལ་གཅིག་དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག་དེ་བདུན་ལ་སྲོ་མ་གཅིག་དེ་བདུན་ལ་ཤིག་གཅིག་དེ་བདུན་ལ་ནས་གཅིག་དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག་གོ །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་སྲོ་མ་ཤིག་ནས་སོར། །ཞེས་པ་ལ་སོགས་པ་ལྟར་དུ་རེད། སོར་མོ་ཉི་ཤུ་རྩ་བཞི་ཁྲུ་གང་སྟེ། །ཁྲུ་བཞི་གཞུ་གང་དེ་ཉིད་ལྔ་བརྒྱ་ལ། །རྒྱང་གྲགས་གཅིག་སྟེ་དགོན་པའི་ཚད་དུ་བསྟན། །རྒྱང་གྲགས་བརྒྱད་ལ་དཔག་ཚད་ཅེས་བྱའོ། །ཞེས་གསུངས་ཏེ། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། །ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་གང་ངོ་། །གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ལས་དེ་སྲིད་འཕགས་པ་ལ་དགོན་པ་ཞེས་བྱའོ། །དེ་ལས་ཉེ་བ་རྒྱང་གྲགས་ཕྱེད་ལ་བས་མཐའ་ཞེས་བྱའོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞུ་འདོམ་བཞི་སྟོང་ངོ་། །དེས་ནི་རི་ཡི་རྒྱལ་པོ་ལ་སོགས་པ་གནས་དང་ལུས་ཚད་དཔེ་ལ་ལར་ཡུལ་ཞེས་པའང་འདུག་པས་དཔྱད་ཐམས་ཅད་གཞལ་ལོ། །གཞན་ཡང་འཇམ་མགོན་མི་ཕམ་པས། དང་པོ་འཇལ་བྱེད་ཚད་ཀྱི་རིམ་པ་ནི། །མཐེ་བོང་རྩེ་མོའི་ཚིགས་དེའི་ཚིགས་མཚམས་ནས། །སེན་བྲེག་དཀར་ནག་བར་ལ་ཚོན་གང་ཟེར། །ཚོན་དེའི་ཕྱེད་ནི་སོར་མོ་གཅིག་ཡིན་ལ། །སོར་མོ་གཅིག་གི་ཕྱེད་ལ་ཕུན་ཞེས་ཟེར། །དོན་དུ་ཚོན་གྱི་བཞི་ཆ་གཅིག་ཡིན་ནོ། །སོར་མོ་བཞི་འམ་ཚོན་དེ་ཆག་གང་ཟེར། །ཕུན་དང་སོར་མོ་ཚོན་གསུམ་གོང་ནས་གོང་། །ཉིས་གདབ་ཡིན་པར་རབ་ཏུ་ཤེས་པར་བྱ། །སོར་མོ་ལྔའམ་ཚོན་གཉིས་སོར་གཅིག་ལ། །མཁྱིད་གང་ཞེས་གྲགས་ཁུ་ཚུར་བཅིང་བྱས་ནས། །མཐེ་བོང་ནེའུ་ལེའི་རི་མོ་དབུས་ཟླུམ་པོ། །མཛུབ་ཚིགས་ལ་སྦྱར་མི་མངོན་ཙམ་བྱས་པའི། །ཚད་དང་འདྲ་བ་ཉིད་དུ་རྣམ་པར་བཞག །སོར་མོ་དྲུག་གམ་ཚོན་གསུམ་མཛུབ་གང་སྟེ། །མཛུབ་མོའི་རྩེ་ནས་རྒྱབ་ཀྱི་ཚིགས་འབུར་གྱི། །མཐའ་ཡི་བར་ཚད་དག་དང་མཉམ་པར་ཤེས། །ཚོན་དྲུག་དག་གམ་སོར་མོ་བཅུ་གཉིས་ལ། །མཐོ་གང་ཞེས་བྱ་མཐེབ་མཛུབ་ཤད་བརྐྱང་བའི། །བར་ཚད་ཉིད་དུ་རྣམ་པར་བཞེད་པ་སྟེ། །མཐོ་དེའི་དོ་ནི་གྲུ་མོའི་ཚིགས་མགོ་ནས། །མཐེ་ཆུང་རྩ་བའི་ཚིགས་ཀྱི་བར་ཚད་དོ། །དེ་ལ་ཁྲུ་གང་ཞེས་བྱ་བསྐུམ་ཁྲུ་ཡིན། །མཐེ་བོང་མཛུབ་མོ་གུང་མོ་སྲིན་ལག་དང་། །མཐེའུ་ཆུང་ཞེས་བྱ་སོར་མོ་ལྔ་རིམ་བཞིན། །སོར་མོའི་ཚད་ནི་སོར་མོ་བར་ཚིགས་ཀྱི། །སྦོམ་ཕྲ་ཚད་ཡིན་དེ་དག་སྙོམས་དཀའ་བས། །ཐམས་ཅད་ཚོན་ལས་གཞལ་བར་བདེ་བར་སྣང་། །ཞེས་གསོ་རིག་པའི་ལུགས་ལྟར་དུ་ཚད་ཀྱི་རྣམ་བཞག་དེ་ལྟར་གསུངས་པའོ། །གཉིས་པ།
དུས་ཀྱི་མཐའ་བཤད་པ།
ཕྱོགས་གཉིས་པ། དུས་མཐའ་སྐད་ཅིག་མ་སྟེ་སེ་གོལ་གྱི། །དྲུག་ཅུ་རྩ་བཞིའི་ཆ་གཅིག་བརྒྱ་ཉི་ཤུ། །དེ་ཡི་སྐད་ཅིག་དྲུག་ཅུ་ཐང་ཅིག་ལ། །སུམ་ཅུ་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག །སུམ་ཅུ་ཟླ་བ་བཅུ་གཉིས་ལོ་གཅིག་གོ །ཞེས་གསུངས་ཏེ། དུས་ཀྱི་མཐའི་སྐད་ཅིག་མ་ནི། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ་བས་དེའི་ཆ་གཅིག་གོ། །ཁ་ཅིག་དྲུག་ཅུར་ཡང་འདོད་དོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག ཞག་གཅིག་ལ་ཐང་ཅིག་དགུ་བརྒྱ་ཡོད་པས་ཞག་གི་དགུ་བརྒྱའི་ཆའོ། །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ །ཞེས་མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་ཅིག་གོ། །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ལ་སོགས་པ་ལྟར་ཡིན་ལ། དེ་ཡང་བྱང་བགྲོད་ཀྱི་ཚེ་ཉིན་མོ་རིང་ཞིང་། ལྷོ་བགྲོད་ཀྱི་ཚེ་མཚན་མོ་རིང་ལ། བགྲོད་པ་མཉམ་དུས་ཉིན་མཚན་ཆ་མཉམ་པའོ། །དེ་ཡང་དབྱར་ཉི་མའི་དཀྱིལ་འཁོར་འཕུལ་བྱེད་ཀྱི་རླུང་ཤས་ཆུང་ལ། འཐེན་བྱེད་སྟོབས་ཆེ་བས་རི་རབ་ངོས་ལ་ཉེར་སོང་བས་འཛམ་བུའི་གླིང་གི་བྱང་དུ་སོང་སྟེ། རི་རབ་ཀྱིས་སྐྱོབ་པས་བུལ་བ་ཡིན་ལ། འདིའི་འཕུལ་བྱེད་དང་འཐེན་བྱེད་དམ་རྟེན་བྱེད་གསུངས་པ་འདི་གཉིས་རང་འགྲོས་དང་རླུང་འགྲོས་ཀྱིས་དལ་བུལ་ཡིན་པས། དགུན་གླིང་ལས་ལྷོར་སོང་བས་འཕུལ་བྱེད་ཀྱི་སྟོབས་ཆེ་བས་ལྷོར་ཐལ་ནས་མུ་ཁྱུད་ཀྱི་ནང་རོལ་ལ་ཉེ། དེའི་བྱེད་པས་ཉི་ཟེར་རླུང་གིས་རེག་པ་དང་། རྒྱང་རིང་བའི་བྱེད་པ་བསྡོམས་པས་གྲང་ལ་དབྱར་རི་རབ་ནས་འོད་འཁྱིམ་པ་སྟེ་ཉི་མའི་འོད་རི་རབ་ལ་ཕོག་ཚེ་སླར་ལྡོག་ནས་འཕྲོས་པའི་འོད་དང་བཅས་པ་དེ་ལྟར་ཡོད་པས་ཚ་བའོ། །དེ་ཡང་དགུན་ཉི་མ་ལྡོག་མཚམས་སུ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས་ཡོད་ལ། མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད་ཡོད་དོ། །དབྱར་ཉི་མ་ལྡོག་མཚམས་སུ་དེ་གཉིས་གོ་ལོག་སྟེ། ཉིན་མོ་ལ་བཅོ་བརྒྱད། མཚན་མོ་ལ་བཅུ་གཉིས་སོ། །ཉིན་མཚན་མཉམ་དུས་གཉིས་ཀ་ལ་ཡུད་ཙམ་བཅོ་ལྔའོ། །ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ །དེ་ཡང་སྐྱེ་དུས་ཞག་བཅོ་ལྔ་ཡར་ཚེས་ཀྱི་ཟླ་བ་ཕྱེད་ཡིན་ལ་གསུངས་ན་ཡར་འཕེལ་ལ་གོ་བ་དང་། འབྲི་དུས་བཅོ་ལྔ་མར་ཚེས་ཕྱེད་པའོ་གསུངས་ན་མར་འགྲིབ་བའི་སྐབས་དང་། །ཡང་ཉིན་མོའི་ཆ་སུམ་ཅུ་པོ་ཉིན་མཚན་དུ་ཆུན་གཅིག་བསྡོམས་པ་བསོད་ནམས་ཀྱི་ཟླ་ཕྱེད་དེ་དཀར་པོའི་ཕྱོགས་ཡིན་ལ་གསུང་ན་ཐ་སྙད་བཏགས་ལུགས་ཀྱི་སྒོ་ནས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ཕྱོགས་ཞེས་ཡར་ངོ་དང་མར་ངོ་ལ་དེ་ལྟར་བཏགས་པ་དང་། མཚན་མོ་སུམ་ཅུ་བསྡོམས་པས་བཅོ་ལྔ་ནི་བསོད་ནམས་མ་ཡིན་པའི་ཚེས་མར་ངོ་སྟེ་ནག་པོའི་ཕྱོགས་སོ་ཞེས་ཀྱང་གྲགས་སོ། །དེ་ལྟར་ན་ཉིན་པར་ཐམས་ཅད་ནི་ཡར་ངོ་ལ། མཚན་མོ་ཐམས་ཅད་ལ་མར་ངོ་ཞེས་བྱ་སྟེ། ཟླ་བའི་འཕེལ་འགྲིབ་ཀྱིས་ཕྱེ་བའི་ཚེས་ཡར་ངོ་མར་ངོ་དང་། ཉི་མའི་འཆར་ནུབ་ཀྱིས་ཕྱེ་བའི་ཡར་ངོ་མར་ངོ་གཉིས་སུ་བཤད་པས། གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་ནི། མར་ངོ་དག་ལ་མཆོད་སྦྱིན་བརྩམ། །གསང་སྟེ་སྤྱད་ན་དངོས་གྲུབ་ཐོབ། །ཅེས་བདུད་རྩི་ཐལ་སྦྱོར་གྱི་རྒྱུད་ལས་འབྱུང་བ་བཞིན་ནོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དཔྱིད་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། དབྱར་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། སྟོན་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ། དགུན་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ་བསྡོམས་པས་བཅུ་གཉིས་སོ། །འདི་དག་གླིང་བཞི་གླིང་ཕྲན་བརྒྱད་དེ་བཅུ་གཉིས་སུ་རིམ་པས་འཁོར་བ་ནི་ཕྱི་ནང་སྐྱེ་མཆེད་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་བྱེད་པ་སྟེ། ཁྱིམ་བཅུ་གཉིས་ཞེས་བྱ་བའི་རིམ་པར་ཡང་འགྱུར་རོ། །དེ་ཡང་དཔྱིད་ཟླ་འབྲིང་པོ་ནས་རིམ་པ་ལྟར། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཟླ་བ་དཔྱིད་ཟླ་འབྲིང་ནས་བརྩམ། །ཞེས་སོ། །དེའང་དབྱར་འབྲིང་པོ་ཀརྐ་ཊའི་ཁྱིམ་དང་། དགུན་འབྲིང་པོ་ཆུ་སྲིན་གྱི་ཁྱིམ་ནས་ཉི་མ་ཤས་ཆེར་ཟློག་གོ །དེའང་ལོ་གཅིིག་ལ་ཞག་དྲུག་བཤོལ་དོར་ཏེ། སྟོན་ཟླ་ཐ་ཆུང་གི་མར་ངོ་ནས་བཟུང་སྟེ། ཟླ་བ་དྲུག་ཏུ་ཕྱེད་ལུས་པའི་མཚམས་སུ་ཞག་མི་ཐུབ་པ་སྟེ། ཞག་གིས་ཟླ་བ་གཅིག་གི་གྲངས་མ་ལོངས་པ་ལ་ཞག་མི་ཐུབ་པ་ཟེར་བ་ཡིན། གནམ་སྟོང་གི་དུས་སུ་ཚེས་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ན་ཟླ་བ་ནམ་མཁའ་ལ་རྒྱུ་བ་ན་མགྱོགས་བུལ་གཉིས་དེ། ཟླ་བ་གཅིག་བུལ་བའི་ཚེ་ན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ལ། མགྱོགས་པའི་ཚེ་ཞག་ཉི་ཤུ་རྩ་དགུ་ལ་ཟླ་བ་གཅིག་ཏུ་འགྱུར་བས། ལོ་གཅིག་ལ་ཞག་མི་ཐུབ་པ་ཟླ་བ་དྲུག་དང་། ཐུབ་པ་ཟླ་བ་དྲུག་དེའང་ཞག་ཆད་དུས་སྐྱེ་དགུ་རྣམས་ཀྱི་ནང་གི་རགས་རླུང་ལས་བྱེད་པ་ཆད་པ་ལས་བྱུང་སྟེ། དབུགས་འབྱུང་རྔུབ་ཁུག་པ་རེ་ལ་ཟུང་ཅིག་ཏུ་བྱས་པའི་རྒྱུ་བ་དྲུག་གིས་འཕེལ་བ་དང་། འགྲིབ་པའི་ཁྱད་པར་ལས། ཚེས་ཀྱི་ལྷག་པ་དང་། ཆད་པའི་རིམ་པའང་འབྱུང་བས་ན། འདིར་ཟླ་བ་དེ་དག་གི་ལྷག་མ་བཤོལ་དུ་དོར་བ། འབྱུང་བ་ཡིན་ནོ། །རང་བཞིན་དུ་མི་ན་སོ་དར་ལ་བབ་པ་དག་ལ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ལ། དེ་ལས་ཆད་པ་ན་ཞག་ཆད། དེ་ལས་ཟླ་བའི་བཤོལ་འབྱུང་ངོ་། །ཡང་སློབ་དཔོན་ཁ་ཅིག་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ། ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་འབྱུང་བ་ལ། ཉིན་ཞག་གི་བརྩིས་བཏང་ནས་ཚེས་ཞག་བཅུ་གཅིག་པོ་བཤོལ་དུ་ལུས་ཏེ་ལོ་རེ་བཞིན་བསགས་པས་ལོ་གསུམ་གསུམ་ན་ཟླ་བ་རེའི་བཤོལ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཚུལ་གྱིས་ལོའི་གྲངས་ཤེས་པས་སྐྱེ་དགུ་རྣམས་ཀྱི་ཚེ་དང་དུས་ལ་སོགས་པ་གཞལ་བ་ཡིན་ནོ། །དེ་ཡན་གྱིས་མཐའ་གསུམ་གྱི་ནང་ནས་གཟུགས་ཀྱི་མཐའ་དང་དུས་ཀྱི་མཐའ་བཤད་པ་གཉིས་སོང་ནས། ཕྱོགས་གསུམ་པ་མིང་གི་མཐའ་བཤད་པ།
མིང་གི་མཐའ་བཤད་པ།
ཕྱོགས་གསུམ་པ། མིང་མཐའ་ཡི་གེ་སིལ་བུ་འདུས་པ་ལས། །མིང་འབྱུང་བརྟགས་ན་ཡི་གེ་སིལ་བུ་ཉིད། །སྤུ་དང་ཐག་པ་གཡག་རྔ་ནེའུ་གསིང་བཞིན། །ཞེས་གསུངས་ཏེ། མིང་གི་མཐའ་ནི་ཡི་གེ་སིལ་བུ་རེ་རེ་པ་ལྟ་བུ་ཡིན་པ་ལ། ཡི་གེ་འདུས་ནས་མིང་དུ་འགྱུར་ཏེ་པདྨ་ཞེས་པ་ལྟ་བུའོ། །དེ་ཡང་པད་དང་མ་གཉིས་སོ་སོ་ན་ཡོད་དུས་མེ་ཏོག་གི་མིང་མི་འབྱུང་ཡང་། འདུས་པ་ལས་མེ་ཏོག་གི་མིང་འབྱུང་བའོ། །དེ་ཡང་པད་ཞེས་བརྗོད་ན་པདྨ་ལ་མི་གོ་ཞིང་མ་རྐྱང་པ་བརྗོད་ཀྱང་མི་གོ་ལ་པད་དང་མ་གཉིས་ཀ་འདུས་པ་ལས་པདྨ་ལ་གོ་བ་ཡིན། དེ་ལ་ཡི་གེ་ནི་སྒྲ་དང་སྒྲའི་དོན་སྤྱི་ཚོགས་པའི་པདྨ་ཞེས་ལམ་བརྗོད་པ་དེ་ཡིན་ལ། བྲིས་པ་དེ་ནི་ཡི་གེ་ཕྱི་མོ་ཞེས་བྱའོ། །དེ་ཡང་ཡི་གེ་གཅིག་ལ་ཕྱི་མོ་གཅིག་ཡོད་པ་ཡོད་དེ་ཕ་ཞེས་པ་ལྟ་བུ་དང་། ཡི་གེ་གཅིག་ལ་ཕྱི་མོ་གཉིས་ཡོད་པ་ཡོད་དེ། མི་ཞེས་པ་ན་མ་དང་དབྱངས་བཞིའི་ནང་གི་གུ་གུ་ཨི་རྣམ་པ་གཉིས་སོ། །ཡི་གེ་གཅིག་ལ་ཕྱི་མོ་གསུམ་ཡོད་པ་ནི། དཔལ་ཞེས་ད་དང་། པ་དང་། ལའོ། །ཡི་གེ་གཅིག་ལ་ཕྱི་མོ་བཞི་ཡོད་པ་ནི། བྱིང་ཞེས་པ་ན། བ་དང་། ཡ་སྟ་དང་། གུ་གུ་དང་། ང་རྣམས་སོ། །ཡི་གེ་གཅིག་ལ་ཕྱི་མོ་ལྔ་ཡོད་དེ། རྫོགས་ཞེས་པ་ན། མགོ་ཅན་ཡིན་པས་ར་མགོ་དང་། མིང་གཞི་ཛ་དང་། དབྱངས་ན་རོ་དང་། རྗེས་འཇུག་ག་དང་། ཡང་འཇུག་སའོ། །དེང་སང་བོད་ལ་ལྔའི་བར་དུ་ཅི་རིགས་པ་ཡོད་དོ། །དེ་ལ་གསལ་བྱེད་སུམ་ཅུ་རྩ་བཞི་ལ་དབྱངས་ཀྱི་རྒྱན་བྱིན་པས་མིང་ལ་སོགས་པ་མངོན་པར་འབྱུང་བའི་ཡི་གེ་འགྲུབ་པ་སྟེ། ཐོག་མའི་སྡེ་ཚན་གྱི་ཀ་ལ་སྲོག་གི་ཡི་གེ་ཨ་ནི། ཀ་བརྗོད་པ་ན་རང་བཞིན་གྱིས་ཞར་ལ་ཀ་ཨ་ཞེས་འབྱུང་ངོ་། །ཀ་ཞེས་བརྗོད་ན་ཡི་གེ་ཐམས་ཅད་ཀྱི་སྲོག་ན་ཨ་ཡོད་པས་ཨ་རང་ཤུགས་ཀྱིས་འབྱུང་བ་ཡིན། །གུ་གུ་བྱིན་ན་ཨིར་འགྱུར་ཏེ་ཀི་ཨི་ཞེས་པའོ། །ན་རོ་ཨོ། འགྲེང་བུ་ཨེ། ཞབས་ཀྱུ་ཨུར་ཞར་ལ་འབྱུང་བའོ། །དེ་ཉིད་བོད་ཀྱི་ཡི་གེ་ལའང་ཡོད་དོ། །རྒྱ་གར་གྱི་ཡི་གེ་ལ་སྲོག་ཏུ་ཨ་ཞུགས་པ་ཡོད་པ་མ་ཟད་བོད་ཀྱི་ཡི་གེ་ལ་ཡང་དེ་བཞིན་དུ་ཡོད་པ་ཡིན། རྒྱ་གར་གྱི་གསལ་བྱེད་རྣམས་ཡི་གེ་ཉི་ཤུ་རྩ་བཞིར་བསྡུས། ལྷག་མ་ཕྱེད་དང་དྲུག་ནི། ཅ་ཆ་ཇ་ཞ་ཟ་འ་རྣམས་ལས་འ་ཕྱེད་དུ་བཞག་སྟེ། རྒྱ་གར་གྱི་ཡི་གེ་ལའང་རིང་ཆར་བཏགས་པ་ལས། དཀྱུས་ན་མེད་ལ། བོད་དུའང་འ་ནི་ཕལ་དུ་འཕུལ་རྟེན་དང་རིང་ཆར་འགྱུར་བ་ཤས་ཆེ་བས་སོ། །དེ་དག་ལ་དབྱངས་རྣམས་ཀྱི་ཨ་ཨཱ་ཞེས་ཨ་ཐུང་ངུ་རིང་པོ་ཡི་གེའི་སྲོག་ཡིན་པས་ཡི་གེ་དེའི་ཁོང་ན་འདུས་པ་ལས་སྒྲ་ཟུར་དུ་ཆེར་མི་ཐོན་པ་དང་། ཨི་གུ་གུ། ཨེ་འགྲེང་བུ། ཨུ་ཨཱུ་ཞབས་ཀྱུ། ཨོ་ན་རོ། ར་ར་སྟ། ཡ་ཡ་སྟའོ། །འདི་དག་བརྡ་དག་གི་གཞུང་ལས་ཇི་ལྟར་བཤད་པའི་འགྲོས་དང་བསྟུན་པ་རེད། དེ་ལྟར་ན་ཡི་གེ་དང་། ཡི་གེའི་ཕྱི་མོ་རྣམས་ནི་རེ་རེ་ནས་བསམ་ན་སིལ་བུ་སྟེ། སྤུ་ཉག་མའམ། རྔ་མའི་ཉག་མའམ། རྩྭ་ཉག་མ་ལྟ་བུ་ལ། འདུས་པས་མིང་ལ་སོགས་པ་གྲུབ་པ་ནི། ཐག་པ་དང་། རྔ་མའི་ཆུན་པོ་དང་། ནེའུ་གསིང་དུ་གྲུབ་པ་ལྟ་བུའོ། །དེ་ལྟར་ཡི་གེ་འདུས་པ་ལས་མིང་འབྱུང་བ་ལྟར། མིང་ལས་ཚིག་འབྱུང་བཀའ་དང་བསྟན་བཅོས་ཉིད། །བརྟགས་ན་ཡི་གེ་སིལ་བུ་མ་འབྱར་བའོ། །ཞེས་གསུངས་ཏེ། མིང་འདུས་པ་ལས་ཚིག་ཅེས་བྱ་སྟེ། འཁོར་འདས་ཞེས་པ་ལ་སོགས་པ་དོན་ཐ་དད་པ་འབྲེལ་ཆགས་སུ་སྟོན་པའོ། །དེ་ལ་ཡི་གེ་དང་མིང་གིས་དོན་རེ་ཉེ་བར་མཚོན་པ་ལ། དེ་འདུས་པ་གཉིས་ནས་གསུམ་ལ་སོགས་པས་དོན་ཐ་དད་འབྲེལ་ཆགས་སུ་སྟོན་ཅིང་། ཚིག་མང་དུ་འདུས་ན་ཚིག་གི་ཚོགས་ཞེས་བྱ་བར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་སྟེ་ཞེས་པ་ལ་སོགས་པར་མཆེད་པའི་རིམ་པ་ལས། བཀའ་དང་བསྟན་བཅོས་ཀྱི་ལེའུ་དང་བམ་པོ་དང་སྡེ་ཚན་འགྲུབ་ལ། སྡེ་ཚན་འདུས་པ་ལས་བཀའ་དང་བསྟན་བཅོས་སོགས་དེ་དང་དེའི་ལུས་ཡོངས་སུ་རྫོགས་པར་འགྲུབ་པའོ། །དེ་ལྟར་གྲུབ་དུས་ཉིད་ན་མང་པོའམ་ཉུང་ངུ་ཇི་ལྟར་འདུས་པའི་རང་བཞིན་ཡི་གེ་སིལ་བུ་མ་འདྲེས་པར་གནས་ཏེ། ཐག་པ་རང་སའི་དུས་ན་སྤུ་ཉག་མ་རེ་རེར་གནས་པ་དང་། རྔ་མའི་ཆུན་པོ་ཉིད་དུ་སྣང་བ་ནས་ཉག་མ་རེ་རེ་བ་དང་། ནེའུ་གསིང་དུ་སྣང་བ་ནའང་རྩྭ་ཉག་མ་རེ་རེར་སྣང་བ་བཞིན་ནོ། །དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཚིག་ཡི་གེའི་ཚོགས་ཀྱིས་བརྗོད་ཅིང་བཏགས་པའི་དུས་ནས། མིང་དོན་འབྲེལ་བ་མེད་ལ་ཡི་གེ་སིལ་བུ་སྟེ། ཡི་གེ་ཡང་བརྟགས་ན་ཆ་ཤས་དང་ངོས་གཟུང་མེད་པ་ནམ་མཁའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར། སྐྱེ་བ་དང་། གནས་པ་དང་། འགག་པར་སྣང་བ་ནས། དེ་དག་གང་དུ་མེད་ལ་གང་དུ་འཆར་བ་མ་འགགས་པར་སྣང་བས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྤྲུལ་པ་དང་། སྒྱུ་མ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་ཚུལ་དུ་ཤེས་པར་བྱའོ། །དེ་ཡན་ཆོད་ཀྱིས་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ། དུས་ཀྱི་མཐའ་སྐད་ཅིག་མ། མིང་གི་མཐའ་ཡི་གེ་གསུམ་གྱིས་འཇིག་རྟེན་གྱི་ཆོས་ལུགས་དེ་དག་བསྡུས་པ་བསྟན་པ་རེད། དེ་ལྟར་བསྡུས་པ་རྣམས་མ་བརྟག་འཁྲུལ་བའི་སྣང་ངོར་ཡིན་ཡིན་བདེན་བདེན་ལྟར་དུ་སྣང་ན་ཡང་། བརྟག་ན་རང་བཞིན་མེད་པ་གཟུགས་མཐའ། དུས་མཐའ། མིང་གི་མཐའ་གསུམ་པོ་རང་བཞིན་མེད་པར་གཏན་ལ་ཕེབས་པ་འདིས་ཀྱང་སྣང་ལ་རང་བཞིན་མེད་པ་རྟེན་འབྱུང་གི་གཤིས་ཀྱི་གནས་ལུགས་རྟོགས་ཐུབ་པ་དེ་ལྟར་རོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པའི་འགྲེལ་པའོ།། །།དེ་ཡན་གྱིས་བསྐལ་བ་ཆགས་གནས་འཇིག་སྟོངས་བཞིའི་ནང་གི་ཆགས་གནས་གཉིས་རྒྱས་པར་བཤད་པ་སོང་ནས། ད་ནི་གསུམ་པ་འཇིག་པ་དང་སྟོངས་བའི་བསྐལ་པ་བཤད་པ་ལ། འཇིག་སྟོངས་ཀྱི་ཚུལ་བཤད་པ་དང་། དེ་ལས་བརྩམས་ཏེ་ཐར་པར་བསྐུལ་བ་གཉིས། དང་པོ་ལ། རིམ་པ་བཞིན་དུ་འཇིག་པ་དང་། སྟོངས་པ་གཉིས། དང་པོ་ལ། འཇིག་པའི་ཐོག་མ་ངོས་བཟུང་བ་དང་། ཇི་ལྟར་འཇིག་ཚུལ་དང་། འཇིག་པའི་ཡུན་བཤད་པ་གསུམ། དང་པོ།
འཇིག་པའི་ཐོག་མ་ངོས་བཟུང་བ།
དེ་ལྟར་གནས་པའི་བསྐལ་པ་ཡོངས་སུ་རྫོགས་པའི་མཐར་ཐུག་པ། དེ་ནས་འཇིག་པའི་བསྐལ་པ་བསྟན་པ་ནི། །གནས་པ་རྫོགས་ནས་དམྱལ་བའི་འཇིག་རྟེན་དུ། །གསར་དུ་སྐྱེ་བར་མི་འགྱུར་གང་ཡིན་པ། །འཇིག་པའི་ཐོག་མ་དང་པོ་དེ་ནས་འཇོག །ཅེས་གསུངས་ཏེ། འཇིག་པའི་བསྐལ་པ་ནི་གནས་པའི་རྒྱུན་གཞན་དུ་འཕོ་ཞིང་ཞིག་རལ་དུ་བྱེད་པ་སྟེ། བསྡུ་ན་སེམས་ཅན་བཅུད་དུ་སྣང་བ་རྣམས་འཇིག་པ་དང་། རྟེན་སྣོད་དུ་སྣང་བ་རྣམས་འཇིག་པ་གཉིས་སོ། །སེམས་ཅན་འཇིག་པ་ལ་བར་གྱི་བསྐལ་པ་བཅུ་དགུ་འདའ་ལ། སྣོད་འཇིག་པ་ལ་བར་གྱི་བསྐལ་པ་གཅིག་འདའོ། །བསྡོམས་པས་བར་བསྐལ་ཉི་ཤུ་ནི་འཇིག་པའི་བསྐལ་པ་ཞེས་བྱ་བར་འགྱུར་རོ་གསུངས་ན། ཆགས་གནས་འཇིག་སྟོངས་བཞི་བོ་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད་ལ། དེ་བཞི་པོ་བསྡོམས་པས་བར་བསྐལ་བརྒྱད་ཅུ་སྟེ་བསྐལ་ཆེན་གཅིག་རེད། འཇིག་པའི་བར་བསྐལ་ཉི་ཤུའི་ནང་གི་བཅུ་དགུ་བཅུད་འཇིག་པའི་བསྐལ་བ་དང་། གཅིག་སྣོད་འཇིག་པའི་བསྐལ་བའོ། །སེམས་ཅན་འཇིག་པ་ལ། སྒོ་དང་། གོ་རིམ་གཉིས་སུ་གནས་པ་ལས། དང་པོ་སེམས་ཅན་འཇིག་པའི་སྒོ་ནི་སྔར་སྨོས་པ་ལྟར། ཡར་སྐྱེ་བ་ཉི་ཤུ། མར་འགྲིབ་པ་ཉི་ཤུ་སྟེ། བཞི་བཅུས་རྫོགས་པས། བར་བསྐལ་ཉི་ཤུའི་མཇུག་རྫོགས་ནས་ཐམས་ཅད་ཀྱི་ཐ་མར་ཡར་སྐྱེ་བ་ན་སེམས་ཅན་དམྱལ་བ་དག་ནས་འཆི་འཕོ་ཞིང་གསར་དུ་སྐྱེ་བར་མི་འགྱུར་བའི་ཚེ་ན་འཇིག་པའི་བསྐལ་པའི་མགོ་རྩོམ་པ་ཡིན་ནོ། །ཐ་མ་ཚེ་ལོ་བཅུ་པའི་ཚེ། མཚོན་ལ་སོགས་པས་ཤི་བ་དག་དམྱལ་བར་སྐྱེ་བར་གསུངས་ན། འཇིག་དུས་དམྱལ་བར་མི་འགྲོ་བ་ལས་རྒྱུ་འབྲས་འགྱུར་ཏེ་གནས་འགྱུར་ཐོབ་པའམ་ཅི་ཏེ་སྣོད་བཅུད་ཐམས་ཅད་འཇིག་དུས་དམྱལ་བའི་སེམས་ཅན་གྱིས་རྒྱུ་འབྲས་མྱོང་མི་དགོས་པ་འགྱུར་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དམྱལ་བར་འགྲོ་བའི་ལས་ཅན་དེ་དག་ཞིང་གཞན་གྱི་དམྱལ་བར་འགྲོ་ཡི། འདིའི་དམྱལ་བར་གསར་དུ་མི་ལྷུང་བས། དང་པོ་དམྱལ་བའི་གནས་སུ་གསར་དུ་མི་སྐྱེ་བ་ནས་མགོ་རྩོམ་པར་འཐད་པ་ཉིད་དོ། །དེ་ཡིས་འཇིག་པའི་ཐོག་མ་བཤད་ནས། གཉིས་པ་ཇི་ལྟར་འཇིག་ཚུལ་ལ། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས། དང་པོ་ལ། ངན་སོང་དང་། མཐོ་རིས་གཉིས། དང་པོ།
ངན་སོང་འཇིག་པའི་ཚུལ།
ཇི་ལྟར་འཇིག་པའི་གོ་རིམ་ནི་དེའི་ཚེ། ལས་ཟད་རྣམས་ནི་མཐོ་རིས་སྐྱེ་འགྱུར་ཞིང་། །དམྱལ་མྱོང་ལས་མ་ཟད་རྣམས་གཞན་དག་གི། དམྱལ་བ་རྣམས་སུ་འཕོ་བར་འགྱུར་བ་ཡིན། །དེ་བཞིན་ཡི་དྭགས་དུད་འགྲོ་རྣམས་མཚུངས་ཏེ། །ངན་སོང་གསུམ་ན་སེམས་ཅན་མེད་པར་འགྱུར། །སྔ་རྒོལ་གྱི་འདོད་པ་བཀོད་པ་ནི། རྒྱུ་སྐྱེ་བའི་ས་པ་རྣམས་ཀྱི་ལས་ཅན་དག་གི་དམྱལ་བ་ལ་སོགས་པ་ཞིང་གཞན་གྱི་དམྱལ་བར་འགྲོ་བ་ལ་སོགས་པ་དེ་ལྟ་ཡིན་དུ་ཆུག་ན། འབྲས་བུ་མྱོང་དུས་ཀྱི་དམྱལ་བ་པ་རྣམས་དམྱལ་བ་འཇིག་དུས་ཇི་ལྟར་བྱ། ཚེ་ནི་མ་རྫོགས་པའི་རིགས་ཅན་དག བསད་ཀྱང་དུས་སམ་ལས་མ་ཟད་ཀྱི་བར་དུ་འཆི་བར་མི་འགྱུར་བའི་ཕྱིར་རོ་སྙམ་ན་འདི་ལྟར་ཡིན་ཏེ། འཇིག་པའི་དང་པོ་དམྱལ་བ་ནས་རྩོམ་ལ། དེ་ན་སེམས་ཅན་འགའ་ཙམ་ཡང་མེད་པ་ན། དམྱལ་བའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་ཡང་ཤིང་ཏ་ལའི་ཐོ་སྟེང་གི་བྱ་རོག་འཕུར་བ་དང་མཉམ་དུ་ཤིང་ཏ་ལའི་ཐོ་འགྱེལ་བ་དུས་མཉམ་པ་ལྟར་དུ། དམྱལ་བའི་ལས་མྱོང་སྟོབས་ཀྱིས་ཟད་པ་རྣམས་ནི། དམྱལ་བ་ཞིག་ནས་གནས་གོང་མ་གང་གི་ལས་མྱོང་བར་ངེས་པ་དེར་སྐྱེ་སྟེ། ཁ་ཅིག་ཡི་དྭགས་སུ་སྐྱེ་ལ། ཁ་ཅིག་དུད་འགྲོ་དང་། མི་དང་ལྷ་ལ་སོགས་པར་སྐྱེའོ། །དམྱལ་བ་དེར་སྐྱེས་ནས་ཚེ་མ་རྫོགས་པ་རྣམས་ནི། དམྱལ་བ་འདི་འཇིག་དུས་བར་དེར་སྡུག་བསྔལ་མྱོང་ལ། ཞིག་ནས་གཞན་གྱི་གནས་གང་ན་དམྱལ་བ་ཡོད་པ་དེར་སྐྱེ་བ་ཡིན་ཏེ། འཕགས་པ་ རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་ལས། ཆོས ་ཀྱིས་ཕོངས་པར་གྱུར་པའི་ལས་བསགས་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འདོང་བར་འགྱུར་རོ། །དེར་ཡང་མེས་སྡུད་པའི་བསྐལ་པ་འབྱུང་བ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འདོང་བར་འགྱུར་རོ། །དེར་ཡང་མེས་སྡུད་པའི་ཞེས་སོགས་གསུངས་སོ། །སེམས་ཅན་དམྱལ་བ་ཆེན་པོ་ནས་ཞེས་པ་ནི། ཡང་སོས་ནས་རབ་ཏུ་ཚ་བའི་བར། ཚ་བ་དང་གྲང་བའི་དམྱལ་བ་རྣམས་སུ་སྐྱེ་བར་བསྟན་ལ། དམྱལ་བ་ཆེན་པོ་རྣམས་ནི་པདྨ་ཆེན་པོ་ནས་མནར་མེད་དུ་སྐྱེས་ནས་སྡུག་བསྔལ་ལོ་ཞེས་པའོ། །དམྱལ་བ་ཞིག་མ་ཐག་ཡི་དྭགས་ཀྱི་འཇིག་རྟེན་འཇིག་པའི་མགོ་རྩོམ་ལ། སེམས་ཅན་འཕོ་ཚུལ་དོན་གཅིག་གོ །དེ་ཞིག་མ་ཐག་ཏུ་དུད་འགྲོ་འཇིག་གོ །དེ་ནས་མི་ལ་སོགས་པ་རིམ་པས་འཇིག་པ་ཡིན་ནོ། །དེ་ལ་ཡི་དྭགས་ཀྱི་རྩ་བའི་གནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱིི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་ལ། ཕྲན་འགའ་ཞིག་སྟེ་ཡི་དྭགས་ཕལ་བ་འགའ་ཞིག་ལྷ་མིའི་གནས་ནའང་མཁའ་ལ་རྒྱུ་བར་ཡོད་དོ། །དུད་འགྲོ་ནི་བྱིངས་ཀྱི་གནས་རྒྱ་མཚོ་ཆེན་པོ་ན་ཆང་དར་མའི་སྦང་མ་ཙམ་ཡོད་ལ། ཁ་འཐོར་བ་ལྷ་མིའི་གནས་ནའང་ཡོད་དོ། །དམྱལ་བའི་གནས་གངས་ཏི་སེའི་འོག་ནས་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་གནས་ཡོད་ལ། དེའི་སྟེང་ན་ཡར་གཞན་རྣམས་བརྩེགས་མར་ཡོད་ལ། གྲང་དམྱལ་བྱང་ན་འདབས་འབྱོར་དུ་ཡོད་ཅིང་། ཉེ་འཁོར་བས་ཚ་དམྱལ་རྣམས་བསྐོར་བའི་ཚུལ་དུ་ཡོད་ལ། ཉི་ཚེ་བ་ལ་ངེས་པ་མེད་དེ། ནམ་མཁའ་དང་། རི་དང་རྒྱ་མཚོའི་འགྲམ་ལ་སོགས་པར་ཡང་གནས་སོ། །དེ་ལ་དང་པོར་འཇིག་པའི་ཐ་སྙད་བཏགས་པ་ནི་རྩ་བའི་གནས་ལ་བརྩི་བ་ཡིན་ནོ། །དེ་ཡང་བྱིངས་ཀྱི་གནས་ན་ཡོད་པ་སྔར་འཇིག་ལ། ཁ་འཐོར་བ་མཐོ་རིས་འཇིག་པ་དང་མཉམ་དུ་ཕྱིས་འཇིག་གོ །དེ་ཡིས་ངན་སོང་གི་སེམས་ཅན་འཇིག་ཚུལ་བཤད་ནས། གཉིས་པ་མཐོ་རིས་འཇིག་ཚུལ་ལ། མི་དང་། ལྷ་གཉིས། དང་པོ།
མི་འཇིག་པའི་ཚུལ།
དེ་ནས་མཐོ་རིས་ལའང་ཐོག་མར། མི་ཡི་འཇིག་རྟེན་གླིང་བཞིའི་འཇིག་ཚུལ་ཡང་། །སྒྲ་མི་སྙན་པ་རྩ་གསུམ་སྐྱེ་འགྱུར་ཞིང་། །གཞན་གསུམ་མཚུངས་པར་བསམ་གཏན་སྐྱེ་བ་ནི། །མི་ཞིག་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས། །བསམ་གཏན་གཉིས་པ་ཐོབ་ནས་བསྒྲགས་པ་ནི། །དབེན་ལས་སྐྱེས་པའི་དགའ་བདེ་ཞི་བའོ། །ཞེས་སྒྲ་གླིང་གསུམ་བསྒྲགས་ཚེ་མི་རྣམས་ཀུན། །བསམ་གཏན་གཉིས་པ་ཐོབ་ནས་ཤི་འཕོས་ཏེ། །འོད་གསལ་ལྷར་སྐྱེས་གླིང་རྣམས་སྟོངས་པར་འགྱུར། །ཞེས་གསུངས་ཏེ། མི་ཡི་འཇིག་རྟེན་གླིང་བཞི་འཇིག་པའི་ཚུལ་ནི། དེའི་ཚེ་འཛམ་བུའི་གླིང་གི་མི་གཅིག་གིས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ལས། བསམ་གཏན་དེ་ནས་ལངས་ཏེ་འདི་སྐད་དུ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་འདི་ཡིན་ནོ། །ཞེས་སྨྲས་པའི་སྒྲ་དེས་སྐད་ཅིག་ཡུད་ཙམ་ལ་འཛམ་བུའི་གླིང་དུ་ཚེགས་མེད་པར་ཁྱབ་བོ། །སྒྲ་དེ་ཐོས་མ་ཐག་ཏུ་གཞན་དག་གིས་ཀྱང་དེའི་རྗེས་སུ་བསླབས་པས་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་སེམས་ཅན་དེ་དག་ཐོག་མའང་འོད་གསལ་གྱིས་མཚུངས་པའི་སེམས་ལས་ཆད་པའི་ཐ་མའང་ཏིང་ངེ་འཛིན་དེ་ཐོབ་ནས་འོད་གསལ་གྱི་ལྷའི་རིགས་སུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་གཅིག་ཙམ་མ་ལུས་པ་དེའི་ཚེ། ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱང་འཛམ་བུའི་གླིང་པ་ལྟར་འགྱུར་རོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་ཀྱང་འགྱུར་རོ། །དེ་ནས་བྱང་གི་སྒྲ་མི་སྙན་པ་རྣམས་ནི་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡིན་ཏེ། འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གླིང་གསུམ་ནི་འདོད་པ་ལ་རང་བཞིན་གྱིས་སྐྱོ་བས་གོང་མར་སྐྱེས་སོ། །གླིང་ཕྲན་རྣམས་ནི་གཙོ་བོའི་གླིང་དང་འདྲ་སྟེ། གླིང་དང་གླིང་ཕྲན་རྣམས་སུ་མི་འགའ་ཡང་མ་ལུས་པ་དེའི་ཚེ་མིའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་ཡིས་མིའི་འཇིག་རྟེན་ཞིག་ཚུལ་བཤད་པ་སོང་ནས། གཉིས་པ་ལྷ་ལ་འདོད་ལྷ་དང་། གཟུགས་གཉིས། དང་པོ།
འདོད་ལྷ་འཇིག་པའི་ཚུལ།
དེའི་འོག་ཏུ་འདོད་པའི་ལྷ་རྣམས་ཀྱང་འཇིག་པར་འགྱུར་ཏེ། མིས་བསམ་གཏན་ཐོབ་ནས་གོང་དུ་འོད་གསལ་གྱི་རིགས་སུ་སྐྱེས་པའི་ཚུལ། དེ་བཞིན་འདོད་ལྷས་བསམ་གཏན་གཉིས་པ་ཐོབ། །འོད་གསལ་སྐྱེས་ཚེ་འདོད་ཁམས་སྟོངས་ཞེས་བྱ། །ཞེས་གསུངས་ཏེ། འདོད་ལྷ་རིགས་དྲུག་འཇིག་པའི་ཚུལ་ཡང་རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་ལྷ་གཅིག་གིས་བསམ་གཏན་ཐོབ་པའི་ཚུལ་བསྒྲགས་པ་ཐོས་པ་ལས་རྐྱེན་བྱས་ཏེ་བསྒོམས་པ་ལས། སྔ་མ་ལྟར་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། འདོད་ལྷ་ན་སེམས་ཅན་མེད་པ་དེའི་ཚེ་འདོད་ཁམས་ཞིག་པ་ཞེས་བྱའོ། །དེ་ཡན་ཆོད་ཀྱིས་ལྷ་གནས་དང་པོ་འདོད་ལྷ་བཤད་པ་སོང་ནས། གཉིས་པ་གཟུགས་ཁམས་ནི།
གཟུགས་ཀྱི་ལྷ་འཇིག་པའི་ཚུལ།
འདོད་ཁམས་ཞིག་པའི་རྗེས་དྲང་པོ། དེ་ནས་གཟུགས་ཁམས་འཇིག་པའང་དེ་བཞིན་ཏེ། །བསམ་གཏན་གཉིས་པ་ཐོབ་པར་བསྒྲགས་པའི་སྒྲ། །ཐོས་ནས་བསྒྲུབས་པས་ཚངས་པའི་ལྷ་རྣམས་ཀུན། །འོད་གསལ་ལྷར་སྐྱེས་ཚངས་གནས་སྟོངས་པར་འགྱུར། །ཞེས་གསུངས་ཏེ། དེ་ནས་གཟུགས་ཀྱི་ཁམས་འཇིག་པའི་ཚུལ་ཡང་། ཚངས་པའི་འཇིག་རྟེན་དེར་སེམས་ཅན་གང་ཡང་རུང་བས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ནས། རྗེས་ལ་སྔར་ལྟར་ཚིག་ཏུ་བརྗོད་པས། ཀུན་གྱིས་དེ་ལྟར་བསླབས་ཏེ་ཤི་འཕོས་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། ཚངས་པའི་འཇིག་རྟེན་དུ་སེམས་ཅན་འགའ་ཡང་མེད་པ་དེའི་ཚེ་ཞིག་པའོ། །དེ་ལྟར་འགྲོ་བ་རྣམས་འཇིག་རྟེན་ན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ་ཆར་ཡང་མེད། དེ་མེད་པས་ས་ཆེན་པོ་འདི་ལ་སྐྱེས་པའི་རྩྭ་དང་ཤིང་དང་སྨན་ལ་སོགས་པ་ཐམས་ཅད་སྐམ་པར་འགྱུར་རོ། །དེ་ཡན་ཆོད་ཀྱིས་བཅུད་ཀྱི་སེམས་ཅན་འཇིག་ཚུལ་བསྟན་ནས། གཉིས་པ་སྣོད་ཀྱི་འཇིག་རྟེན་འཇིག་ཚུལ་ལ། རྒྱུ་གང་གིས་འཇིག ཇི་ལྟར་འཇིག་པའི་ཁྱད་པར་གཞན་བསྟན་པ་གཉིས། དང་པོ།
རྒྱུ་གང་གིས་སྣོད་འཇིག་པ་བསྟན་པ།
བརྟེན་པ་སེམས་ཅན་ཞིག་པའི་འོག་ཏུ་རྟེན་གཞི་སྣོད་ཀྱང་རང་བཞིན་གྱིས་འཇིག་པའི་ཚུལ་ནི། བཅུད་ཞིག་པ། དེ་ནས་སྣོད་ཀྱི་འཇིག་རྟེན་འཇིག་པ་ནི། །མེ་ཆུ་རླུང་གིས་བསྲེགས་བཤལ་འཐོར་བ་སྟེ། །ཞེས་གསུངས་ཏེ། ཐོག་མར་མེས་བསྲེགས་དེ་ནས་ཆུས་སྦྱངས། དེ་ནས་རླུང་གིས་ཀུན་ཏུ་གཏོར་བས་ཅི་ཡང་མེད་པར་ནམ་མཁའ་གཅིག་ཏུ་བྱེད་པའི་རིམ་པ་ལས། ཕྱོགས་དང་པོ་མེས་བསྲེགས་པའི་ཚུལ་ནི། ཉི་མ་གཅིག་གིས་རྩྭ་ཤིང་ནགས་ཚལ་བསྲེགས། །གཉིས་ཀྱིས་ལྟེང་ཀ་ཆུ་ཀླུང་མ་ལུས་སྐེམ། །གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། །བཞི་ཡིས་མ་དྲོས་མཚོ་ཆེན་སྐེམ་པ་སྟེ། །ལྔ་ཡིས་རྒྱ་མཚོ་དཔག་ཚད་བརྒྱར་སྐེམ་ཞིང་། །རིམ་གྱིས་ཆུ་ཐིགས་གཅིག་ཀྱང་མེད་པར་བྱེད། །དྲུག་གིས་ས་ཆེན་གངས་རིར་བཅས་པ་བསྲེགས། །བདུན་གྱིས་རི་གླིང་གསེར་གྱི་ས་གཞིའི་བར། །ཐམས་ཅད་ལྷག་མ་མེད་པར་བསྲེགས་པ་ཡིན། །ཞེས་གསུངས་ཏེ། ཉི་མ་བདུན་དུ་ངེས་པ་ནི་བསྲེག་པར་བྱ་བའི་དངོས་པོ་བདུན་ཡོད་པས་སོ། །མདོ་ཁ་ཅིག་ལས་ཉི་མ་བདུན་དུ་གསུངས་ལ། ལ་ལ་ནས་ཉི་མ་བདུན་གྱི་དྲོད་ཉི་མ་གཅིག་ལ་ཡོད་པ་འཆར་བར་གསུངས་སོ། །དོན་ལ་ཉི་མ་བྱེ་བ་ཕྲག་བརྒྱ་པོ་ཉིད་བདུན་འགྱུར་གྱིས་ཚ་བར་སོང་སྟེ་འཚིག་པ་ཡིན་ནོ། །དེ་ཡང་སེམས་ཅན་རྣམས་འཇིག་པར་འགྱུར་བའི་ལས་ཀྱི་དབང་གིས་སྣོད་སྟོངས་པ་འདིར་ཉི་མ་གཅིག་པུ་འདི་ཉིད་ལན་མང་དུ་ཤར་བས་ས་ཆེན་པོ་འདི་ལ་སྐྱེས་པའི་རྩྭ་དང་ཤིང་ལ་སོགས་པ་སྐེམ་པར་བྱེད་དོ། །དེ་ནས་ཡུན་རིང་མོ་ཞིག་འདས་ནས་ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས། ལྟེང་ཀ་དང་ཆུ་རྒྱུན་ཕྲན་བུ་འབབ་པ་མ་ལུས་པ་སྐེམ་མོ། །དེ་ནས་རིང་ཞིག་ན་ཉི་མ་གསུམ་བྱུང་བས་ཆུ་ཀླུང་ཆེ་ཆུང་ཐམས་ཅད་སྐེམ་མོ། །དེ་བཞིན་དུ་བཞི་པས་མཚོ་ཆེན་པོ་མ་དྲོས་པ་སྐེམ་མོ། །ལྔ་པས་རྒྱ་མཚོ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱར་སྐེམ་པ་ནས། ཉིས་བརྒྱ་དང་། བདུན་བརྒྱ་དང་། སྟོང་དང་། ཁྲི་དང་། བརྒྱད་ཁྲིའི་བར་དུ་སྐེམ་ཞིང་། མཐར་ཆུ་དཔག་ཚད་གཅིག་དང་། རྒྱང་གྲགས་ཕྱེད་དང་། བ་གླང་གི་རྨིག་རྗེས་ཙམ་ལུས་པར་སྐེམ་པ་ནས་ཐིགས་པ་གཅིག་ཀྱང་མེད་པར་སྐེམ་མོ། །ཉི་མ་དྲུག་བྱུང་བས་ས་ཆེན་པོ་གངས་རི་དང་འབུར་བྱེད་ལ་སོགས་པའི་རི་བྲན་རྣམས་བསྲེགས་སོ། །ཉི་མ་བདུན་བྱུང་བས་རི་རབ་རི་བདུན་གྱིས་བསྐོར་བ་ལྕགས་རི་འཁོར་ཡུག་གསེར་གྱི་ས་གཞི་དང་བཅས་པ་བསྲེགས་ཏེ། མེ་དེ་དག་རབ་ཏུ་འབར་བས་མེ་ལྕེ་གཅིག་ཏུ་གྱུར་ཏེ། འཁྱིལ་ནས་འབར་བའི་ཀློང་གིས་རབ་ཏུ་མཆེད་པ་ལས། མར་གསེར་གྱི་ས་གཞི་དམྱལ་བའི་གནས་དང་བཅས་པ་བསྲེགས། ཡར་ལ་རླུང་གིས་གྱེན་དུ་སྦར་བས་འཁྱིལ་པའི་རྩེ་མོས་ཚངས་པའི་གཞལ་ཡས་ཁང་སྟོང་པ་རྣམས་བསྲེགས་ཏེ་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་བས་སྟོང་གསུམ་ཐམས་ཅད་བསྲེགས་ཤིང་འབར་བའི་མེ་ཀློང་གྱེན་དུ་འཁྱིལ་བས། འོད་གསལ་གྱི་ལྷ་གཞོན་ནུ་རྣམས་སྐྲག་པ་ལ། ལྷ་རྒན་པོ་རྣམས་ཀྱིས་ལོ་རྒྱུས་འཆད་དེ། ཀྱེ་གྲོགས་པོ་དག་མ་འཇིགས་ཤིགམེ་ལྕེ་འདི་དག་ནི་སྔོན་ཡང་ཚངས་པའི་འཇིག་རྟེན་གྱི་བར་བྱུང་ནས་སྟོངས་ཏེ་ཞི་བ་ཡིན་ནོ། །དེ་ནས་མི་སྣང་བ་ཡིན་པས་གནས་འདིར་གནོད་པ་མེད་དོ་ཞེས་དབུགས་འབྱིན་པ་ཡོད་དོ། །དེ་དག་གི་རིམ་པ་རྣམས་བསྡུས་པའི་ཚུལ་གྱིས་བསྟན་པ་ནི། འབར་བའི། མེ་དེས་དམྱལ་བའི་གཞིར་ཁྱབ་སྲེག་ཅིང་འབར། །གྱེན་དུ་རླུང་གིས་རབ་ཏུ་བསྐྱོད་པ་ཡིས། །ཚངས་པའི་གཞལ་མེད་ཁང་རྣམས་བསྲེགས་པ་ན། །འོད་གསལ་ལྷ་ཡི་བུ་རྣམས་སྔངས་ཤིང་སྐྲག །རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག །ཅེས་ལེགས་པར་བསྟན་པ་ཡིན་ནོ། །དེ་ནས་ཆུས་འཇིག་པའི་ཚུལ་ནི་བཤད་མ་ཐག་པའི་ཚུལ། དེ་ལྟར་མེ་ཡིས་ལན་བདུན་བསྲེགས་པའི་རྗེས། །མཁའ་ལས་ཆར་བབས་སྟོང་གསུམ་ཁྱབ་པ་ལས། །བསམ་གཏན་གཉིས་པ་མན་ཆད་ཞིག་པར་འགྱུར། །བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས། །ཞེས་གསུངས་ཏེ། དེ་ལྟར་མེས་བསྲེགས་པའི་རྗེས་ལ། སྟེང་གི་ནམ་མཁའ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་། གཤོལ་མདའ་ཙམ་བབས་པས་སྟོང་གསུམ་ཐམས་ཅད་ཁྱབ་ཅིང་། འབབས་པ་དེས་བསམ་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བ་ལྟར་ཞུ་ནས་ཚིག་པའི་ཐལ་བ་རྣམས་དང་ལྷན་ཅིག་ཏུ་གནས་སོ། །སེམས་ཅན་ནི་དེའི་སྔོན་རོལ་ཏུ་དགེ་རྒྱས་སུ་སྐྱེས་པའོ། །ཆུས་སྦྱངས་པ། དེ་ནས་རླུང་གིས་ཕྱོགས་བཅུར་གཏོར་བ་ཡིས། །བསམ་གཏན་གསུམ་པ་མན་ཆད་ཞིག་པར་འགྱུར། །རྡུལ་ཕྲན་ཆ་མེད་མཁའ་དབྱིངས་གཅིག་ཏུ་འཁྱིལ། །ཞེས་གསུངས་ཏེ། སྔར་གྱི་ཆུས་སྦྱངས་པའི་སྐྱོ་མ་དེ་དག་རླུང་གིས་ཕྱོགས་བཅུར་འཐོར་ཞིང་། བསམ་གཏན་གསུམ་པ་མན་ཆད་ཞིག་སྟེ། རྡུལ་ཕྲན་ཆ་ཤས་མེད་པར་སོང་བ་དག་ནམ་མཁའ་གཅིག་གི་ངང་ན་མི་མངོན་པར་འཁྱིལ་ནས་ཅི་ཡང་བལྟར་མེད་པའི་རང་བཞིན་སྟོང་པ་གཅིག་ཏུ་གནས་སོ། །དེ་ནས་ཐལ་བ་དེ་དག་ཆུས་བཤལ། རླུང་གིས་གཏོར་བས་མཐར་ནམ་མཁའ་གཅིག་ཏུ་གྱུར་ནས་སྔོན་མ་ཆགས་པའི་སྐབས་བཞིན་དུ་འགྱུར་པ་ཉིད་དོ། །དེ་ལྟར་འཇིག་པ་དག་ཀྱང་མེས་ལན་བདུན་བརྒྱུད་མར་འཇིག་ལ། དེའི་འོག་ཏུ་ཆུས་ལན་གཅིག་འཇིག་པར་འགྱུར་ཞིང་། མཇུག་ཏུ་རླུང་གིས་ལན་གཅིག་འཐོར་བ་ཡིན་ཏེ། མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །མཇུག་ཏུ་རླུང་གིས་འཐོར་བ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་དང་པོ་མན་ཆད་མེས་ལན་བདུན་དུ་འཇིག་པའི་བར་དུ། བསམ་གཏན་གཉིས་པ་མི་འཇིག་ལ། གཉིས་པ་ཆུས་འཇིག་དུས་གསུམ་པ་མི་འཇིག གསུམ་པ་རླུང་གིས་འཇིག་དུས་བཞི་པ་མི་འཇིག་གོ །དེ་ནི་བསམ་གཏན་གྱི་སྟོབས་ཆེ་ཆུང་ལས་གྱུར་པ་ཡིན་ནོ། །དེ་ཡང་མེས་འཇིག་པའི་རྩེ་མོ་ནི་གཉིས་པ་སྟེ། དེ་མན་ཆད་བསྲེག་གི་ཡན་ཆད་ལ་གནོད་པ་མེད་དོ། །ཆུས་འཇིག་པའི་རྩེ་མོ་གསུམ་པ་སྟེ་དེ་མན་ཆད་འཁྲུ་བར་བྱེད་དོ། །རླུང་གིས་འཇིག་པའི་རྩེ་མོ་བཞི་པ་སྟེ། དེ་མན་ཆད་འཐོར་བར་བྱེད་དོ། །རྩེ་མོ་གང་ཡིན་པ་དེ་ལ་དེའི་མཐར་སོན་པའི་མེ་ཆུ་རླུང་གིས་གནོད་པ་མེད་དོ། །རང་བཞིན་དུ་འཇིག་པའི་ལུགས་ཀྱིས། མཐོ་ཤོས་ལ་རྩེ་མོར་བྱས་ན། མེའི་རྩེ་མོ་བསམ་གཏན་དང་པོ། ཆུའི་རྩེ་མོ་བསམ་གཏན་གཉིས་པ། རླུང་གི་རྩེ་མོ་བསམ་གཏན་གསུམ་པ་ཡིན་ཀྱང་། དེའི་མཐར་སོན་ཡང་གནོད་པས་མི་བརྫི་བས་བརྟན་པ་སྲ་བ་རབ་རྩེ་མོ་ཞེས་བྱ་བ་ཡིན་པར་འདོད་དོ། །དེ་ཡན་གྱིས་རྒྱུ་གང་གིས་འཇིག་པ་བཤད་པ་རེད། །གཉིས་པ།
ཇི་ལྟར་འཇིག་པའི་ཁྱད་པར་གཞན་བསྟན་པ།
འཇིག་དང་མི་འཇིག་པའི་སྒྲུབ་བྱེད་དམ་འཐད་པ་དགོད་པ་ནི། དེ་ཡང་བསམ་གཏན་གསུམ་ན་རིམ་པ་བཞིན། །རྟོག་དཔྱོད་མེ་འདྲ་དགའ་བདེ་ཆུ་དང་འདྲ། །དབུགས་ཀྱི་འབྱུང་རྔུབ་རླུང་དང་འདྲ་བ་སྟེ། །སྐྱོན་གསུམ་མཚུངས་ལྡན་འབྱུང་བ་གསུམ་གྱིས་འཇིག །ཅེས་གསུངས་ཏེ། བསམ་གཏན་དང་པོ་མན་ཆད་ན་རྟོག་པ་དང་དཔྱོད་པ་སྟེ། སེམས་དང་སེམས་བྱུང་གི་ཚོར་བ་མེ་དང་འདྲ་བ་ཡོད་པས། དེ་དང་མཚུངས་ལྡན་གྱི་འབྱུང་བ་མེས་འཇིག་ལ། གཉིས་པ་ན་བསམ་གཏན་གྱི་དགའ་བདེ་བདུད་རྩིའི་ཆུ་རྒྱུན་ལྟ་བུ་ཡོད་པས་ཆུས་འཇིག་པ་དང་། གསུམ་པ་ན་དབུགས་འབྱུང་རྔུབ་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་འདོད་པའི་རགས་རླུང་ལྟར་མེད་དེ། ལུས་རགས་པ་རྩ་འདབ་ཅན་མེད་པའི་ཕྱིར་རོ། །དེས་ན་བསམ་གཏན་རང་བཞིན་གྱིས་དྭངས་པའང་དེ་ཉིད་དོ། །འོན་ཀྱང་རྣམ་སྨིན་སྐྱེས་འབྱུང་བའི་རྡུལ་ཕྲན་དྭངས་པ་ལས་ཐོབ་པའི་ཆ་ཡོད་པས་དེ་དང་མཚུངས་པའི་དབུགས་རྒྱུ་བ་ཡིན་ནོ། །འདིའི་ཆོས་མཚུངས་པར་རྣལ་འབྱོར་པ་དག་ལ་འབྱུང་བའི་དགྲས་གནོད་པ་དང་། མི་གནོད་པ་ཡང་བསམ་གཏན་འདི་དག་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པ་ཡིན་ནོ། །དེ་ལྟར་ཡིན་པ་ལ་དེང་སང་སེམས་སེམས་བྱུང་གི་རྟོག་པ་མ་འགགས་པར་རང་སོ་ན་ཡོད་ཅིང་། ཚོར་བ་དགའ་མི་དགའ་དང་། རླུང་རྒྱུ་བ་མ་དག་པར་སངས་རྒྱས་ཀྱི་དགོངས་པའི་ངང་ལ་གནས་པར་འདོད་པ་ནི། འཇིག་རྟེན་གྱི་བསམ་གཏན་ཡང་མ་གྲུབ་ན། འཇིག་རྟེན་ལས་འདས་པ་གྲུབ་རེ་སྐན་ནོ་ཞེས་ཀུན་མཁྱེན་ཆེན་པོས་འགག་ལ་ཐུག་པའི་གཏམ་མཛད་པ་རེད། ངས་དུས་རྒྱུན་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་མ་དགོས། འདོད་སེམས་རྩེ་གཅིག་པ་བརྟན་པོ་འགྲུབ་མེད་པ་ཞིག་ཡིན་དུས་སོ་སོའི་སྐྱེ་བོ་ལས་གང་དུ་འགྲོ་ཞེས་པའང་དེས་ཡིན། དེས་ན་ལུས་ཀྱི་གནད་ལས་རླུང་རྒྱུ་བ་རང་བཞིན་གྱིས་འཆིང་ལ། དེས་བསམ་གཏན་སྐྱེ་བ་ན་དགའ་བ་ཐོབ་ཅིང་། བྱུང་ཚོར་གྱི་འདུ་ཤེས་ནུབ་པས་སེམས་སེམས་བྱུང་གི་འཇུག་པ་ཞི་དགོས་པའི་གནད་འདི་ལ་ཐུག་པ་ཡིན་ནོ། །འདིའི་ནང་ན་ཉམས་ལེན་པ་མང་བ་རེད། སེམས་འགགས་ནས་ནམ་མཁའ་དང་འདྲེས་སོང་བ་ལྟ་བུའི་མི་རྟོག་པའི་ཉམས་ཤར་ཡང་དེ་འོད་གསལ་མ་ཡིན། འདུ་ཤེས་མེད་པ་པ་བསྐལ་བར་སེམས་འགགས་ནས་གནས་ཀྱང་དེ་འོད་གསལ་མ་ཡིན། ནམ་མཁའ་མཐའ་ཡས་གཟུགས་ཀྱི་འདུ་ཤེས་ནུབ་པ་དང་། སྲིད་རྩེ་བ་བསྐལ་ཆེན་བརྒྱད་ཁྲིའི་ཚེ་རྣམ་རྟོག་རགས་པ་འགགས་ཀྱང་འོད་གསལ་མ་ཡིན་ལ། འགོག་པའི་སྙོམས་འཇུག་གིས་སེམས་སེམས་བྱུང་གཉིས་ཀ་ཁེགས་ཀྱང་སྔགས་ཀྱི་འོད་གསལ་གྱི་ཕྱོགས་ཙམ་ཡང་ཐོན་ཡོད་པ་མ་རེད། །སེམས་ཅན་ཐམས་ཅད་ཤི་དུས་སེམས་འགག་པ་ཡིན་ཀྱང་འོད་གསལ་ངོས་ཟིན་པ་ཅི་ལ་ཡོད། དེ་ལྟར་ཡིན་དུས་ཆོས་ཉིད་གཞི་ཡི་བཞུགས་ཚུལ་དེ་བླ་མའི་མན་ངག་གིས་ངོ་འཕྲོད་ན། ཁམས་གོང་མའི་སེམས་ལས་འདས་པ་དང་། འགོག་པའི་སྙོམས་འཇུག་ལས་ཀྱང་སད་པའི་ཆོས་ཉིད་མ་བུ་ངོ་འཕྲོད་པ་འབྱུང་བ་ཡིན། དེ་ལྟར་བསམ་གཏན་ལས་སུ་རུང་བས་དེའི་སྐྱོན་རྣམས་ཞི་བ་ན། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སྐྱེ་བ་ནི་འཐད་པའོ་གསུངས་ན། ཕྲ་མོའི་དཔྱོད་ཤེས་ཤིག་ཡོད་ནས་བཟུང་སྟེ་རྣམ་ཤེས་རགས་པ་འགགས་ཀྱང་ཡིད་མ་འགགས་པ་ཡིན། བལྟ་བྱ་ལྟ་བྱེད་གཉིས་ཡོད་དུས་གཉིས་སྣང་གི་རྟོག་པ་རེད། དེ་ཡོད་དུས་འོད་གསལ་མཚན་ཉིད་པ་མིན། །འོ་ན་སོ་སོའི་སྐྱེ་བོ་ལ་གཉིས་སྣང་ཡོད་པས་འོད་གསལ་བསྒོམ་མི་ནུས་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། ད་ལྟའི་སྐབས་སུ་རིག་ངོ་སྐྱོང་དུས་གཉིས་སྣང་འགགས་མེད་ཀྱང་། དཔེར་ན་སྤྲིན་ཡོད་ཀྱང་ནམ་མཁའ་ལ་འགྱུར་བ་མེད་པ་ལྟར་རང་རིག་གིས་མངོན་སུམ་དུ་རྟོགས་པ་ཡོད་པ་ཡིན། རྫོགས་ཆེན་པས་བཤད་ན་དེ་དཔེའི་ཡེ་ཤེས་ཞེས་གསུངས་པ་རེད། གོང་མ་མི་འཇིག་པའི་སྒྲུབ་བྱེད་དགོད་པ་ནི། བཞི་པ་ན་མེད་གཞན་གྱིས་མི་འཇིག་ཀྱང་། །རང་གི་ལས་ཀྱིས་དེ་ནས་འཆི་འཕོ་སྣང་། །ཞེས་གསུངས་ཏེ། བསམ་གཏན་བཞི་པ་མེ་ཆུ་རླུང་གི་གནོད་པས་ཅིའི་ཕྱིར་མི་གནོད་ཅེ་ན། དེ་ལ་རྟོག་དཔྱོད་ཀྱི་འཇུག་པ་སེམས་དང་སེམས་བྱུང་རགས་པ། བསམ་གཏན་ལ་རོ་མྱོང་གི་ཆགས་པ། གཡོ་བྱེད་རླུང་གི་རང་བཞིན་གསུམ་གྱི་སྐྱོན་གྱིས་ཏིང་ངེ་འཛིན་མི་གཡོ་བས། སྐྱོན་གསུམ་དང་མཚུངས་ལྡན་གྱི་འབྱུང་བས་མི་གནོད་དེ། ལྷ་སྦྱིན་གྱི་དགྲ་མེད་པ་དེ་ལ་དེའི་ལག་གི་མཚོན་གྱིས་མི་གནོད་པ་བཞིན། འོ་ན་འབྱུང་བ་ལྔ་ལས་མེ་ཆུ་རླུང་གསུམ་གྱིས་འཇིག་རྟེན་འདི་འཇིག་ལ་ནམ་མཁའ་དང་ས་གཉིས་ཀྱིས་མི་འཇིག་པ་ཅི་ཡིན་ཞེ་ན། ནམ་མཁའ་ནི་རགས་པ་གནོད་བྱ་དང་གནོད་བྱེད་ཀྱི་རང་བཞིན་དུ་མེད་པས། འཇིག་བྱེད་དུ་ཡེ་ནས་མེད་ལ། འཇིག་པ་གོ་འབྱེད་པ་དབྱིངས་ཀྱི་ཡུལ་གྱི་ཆར་གནས་པ་ཡིན་ནོ། །སས་མི་འཇིག་པ་ནི། གཞིག་བྱའི་ཡུལ་དུ་སྐྱེས་ཀྱི་འཇིག་བྱེད་དུ་མ་སྐྱེས་པ་ཡིན་ཏེ། ས་ཡིས་མི་འཇིག་སྣོད་ཀྱི་རང་བཞིན་ཕྱིར། །ཞེས་བྱ་བ་ཡིན་ནོ། །དེ་ཡང་། བསམ་གཏན་འཇིག་པའི་སྔོན་དུ་དེ་ཡི་ལྷ། །གོང་མར་སྐྱེ་བ་ཆོས་ཉིད་ལགས་པར་གསུངས། །ཞེས་གསུངས་ཏེ། བསམ་གཏན་དེ་དག་འཇིག་པའི་སྔོན་དུ་དེ་ན་ཡོད་པའི་ལྷ་དེ་དག་གིས། གོང་མའི་སེམས་རང་བྱུང་དུ་ཐོབ་ནས་དགེ་རྒྱས་ལ་སོགས་པར་སྐྱེ་བ་ཆོས་ཉིད་དེ། ལུང་ལས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་བསམ་གཏན་གྱི་གནས་དག་འཇིག་པའི་སྔོན་རོལ་ཏུ་ལྷ་དེ་དག་དགེ་རྒྱས་དང་འབྲས་བུ་ཆེ་བའི་བར་དུ་འཕོ་བ་ལྟར། དགེ་བ་བཅུ་ལེགས་པར་སྤྱོད་པ་དག་གི་ལུས་བོར་ཏེ་རྣམ་པར་ཤེས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡིན་ནོ། །ཞེས་གསུངས་སོ། །བསམ་གཏན་བཞི་པ་ལ་བསྐལ་པ་འཇིག་པར་མཐུན་སྣང་དུ་གྲུབ་པའི་གནོད་པ་མེད་ཀྱང་། རང་རང་གི་ལས་ཀྱིས་འཕོ་བས་རེ་རེ་པ་འཇིག་པར་ངེས་པའི་ཕྱིར་རྟག་པ་མ་ཡིན་ནོ། །དེ་ཡན་གྱིས་འཇིག་པའི་བསྐལ་བ་ཐོག་མ་ངོས་བཟུང་བ་དང་། ཇི་ལྟར་འཇིག་ཚུལ་བསྟན་པ་གཉིས་སོང་ནས། གསུམ་པ།
འཇིག་པའི་ཡུན་བཤད་པ།
དེ་ལྟར་འཇིག་པ་བར་བསྐལ་ཉི་ཤུའོ། །ཞེས་གསུངས་ཏེ། མདོར་ན་འཇིག་པའི་མགོ་བརྩམས་ནས། ཞིག་པར་གྱུར་པའི་བར་དུ་བར་བསྐལ་ཉི་ཤུ་ཡོད་པ་ཡིན་ནོ། །དེ་ལ་འཇིག་པའི་བསྐལ་བ་བཤད་པའི་སྐབས་སུ་མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །མཇུག་ཏུ་རླུང་གིས་འཐོར་བ་ཡིན། །གསུངས་ནས་མཛོད་ཀྱི་ལུང་དྲངས་ནས་གསུངས་ཡོད་ཀྱང་། མེ་ཆུ་རླུང་གིས་རིམ་བཞིན་དུ་འཇིག་པ་སྤྱིའི་ཆ་ནས་མཛོད་སོགས་ཀྱི་ལུགས་དང་འདྲ་ཡང་། འཇིག་ཚུལ་གྱི་ཐད་ནས་དེ་དང་གཏན་ནས་མི་འདྲ་སྟེ། དེ་ཡང་གནས་པའི་བར་བསྐལ་ཉི་ཤུ་རྫོགས་པའི་མཐར་བཅུ་པ་ནས་ཡར་འཕེལ་བར་རྩོམ་པ་ན་འཇིག་པའི་མགོ་རྩོམ་སྟེ་བཅུད་ཀྱི་སེམས་ཅན་ལས་མ་ཟད་པ་རྣམས་འཇིག་རྟེན་གཞན་དུ་འཕོས་ནས་ངན་སོང་གསུམ་སྟོངས། དེ་ནས་གླིང་གསུམ་གྱི་མི་རྣམས་ཆོས་ཉིད་ཀྱིས་བསམ་གཏན་ཐོབ་ནས་གོང་མར་སྐྱེ་བ་སོགས་བསམ་གཏན་གསུམ་པའི་བར་རིམ་པས་སྟོངས་པ་ན། དང་པོར་མེས་ལན་བདུན་འཇིག་ཅེས་པ་ཉི་མ་བདུན་རིམ་བཞིན་ཤར་པས་ཚངས་གནས་མན་བསྲེགས་པ་ལ་བཞེད་ཅིང་། དེའི་རྗེས་ལ་མཁའ་ལས་ཆར་གྱི་རྒྱུན་གཉའ་ཤིང་དང་གཤོལ་མདའ་ཙམ་ལ་སོགས་པ་ཐེངས་བདུན་དུ་བབས་པས་བསམ་གཏན་གཉིས་པའི་ཐོག་མ་མན་ཆད་འཇིག་ལ། སྔར་བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས་སོ། །དེ་ཡི་རྗེས་ཐོག་ཏུ་རླུང་དྲག་པོ་ལན་གཅིག་ལྡང་བས་བསམ་གཏན་གསུམ་པ་མན་ཆད་དང་སྔར་གྱི་ཐལ་བ་ཆུ་དང་འདྲེས་པའི་སྐྱོ་མ་དག་ཀྱང་ཕྱོགས་བཅུར་འཐོར་ཏེ་ཅི་ཡང་མི་སྣང་བར་བྱེད་དོ། །དེ་ལྟར་ན་འཇིག་ཐེངས་གཅིག་ལ་མེ་ཆུ་རླུང་གསུམ་ཀ་འབྱུང་ཞིང་བསམ་གཏན་གསུམ་པ་མན་ཆད་འཇིག་པའི་ལུགས་ཡིན་པ་དང་། བསྐལ་པ་ལ་ཡར་སྐྱེ་ཉི་ཤུ་དང་མར་འགྲིབ་ཉི་ཤུ་ཡོད་པ་ཙམ་ས་སྡེ་དང་མཐུན་ཀྱང་གཟུགས་ཁམས་པའི་ཚེ་ཚད་སོགས་མི་མཚུངས། ས་སྡེ་དང་མངོན་པ་ལྟར་ན་མེས་འཇིག་པ་ན་དུ་བ་ཡང་མེད་ཐལ་བའང་མེད་པར་བསྲེགས་ནས་བསམ་གཏན་དང་པོ་མན་ཆད་ཞིག་ནས་སླར་ཡང་སྔར་བཞིན་ཆགས་ཏེ། ཡང་མེས་འཇིག་པ་སོགས་མེ་འཇིག་ལན་བདུན་བྱུང་བའི་རྗེས་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག །ཡང་ཆགས་ནས་མེས་འཇིག་བདུན་གྱི་རྗེས་ཆུ་འཇིག་གཅིག་སོགས་དེ་འདྲའི་ཚུལ་དུ་ཆུ་བདུན་ཐལ་བ་ན། ཡང་ཆགས་ནས་མེས་ལན་བདུན་འཇིག་ཅིང་དེ་ནས་སླར་ཆགས་པའི་འཇིག་རྟེན་དེ་རླུང་གིས་བསམ་གཏན་གསུམ་པ་མན་ཆད་འཇིག་པས་ན། བསྡོམས་པས་མེས་འཇིག་པ་ང་དྲུག །ཆུས་འཇིག་པ་བདུན། རླུང་འཇིག་གཅིག་སྟེ། འཇིག་ཐེངས་དྲུག་ཅུ་རྩ་བཞིར་བཤད་དེ། མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་ལ་ལུགས་འདིར་མེ་བདུན་དང་ཆུ་བདུན་ཀྱང་རིམ་བཞིན་དུས་གཅིག་ཏུ་བྱུང་བར་འཆད་པ་ཡིན་ནོ། །ལྷ་གནས་འོག་མ་འཇིག་དུས་གོང་མའི་ལྷ་རྒན་པོ་ཚོས་སྔར་ཡང་དེ་ལྟར་བྱུང་མྱོང་བས་སྐྱོན་མེད་ཅེས་སྨྲ་བ་ཡིན་ཅེས་པའི་དོན། མཛོད་སོགས་ཀྱི་དགོངས་པ་ལྟར་ན་གོང་མའི་ལྷ་རེ་རེའི་ཚེ་འོག་མར་འཇིག་པ་དུ་མ་ཡོང་བས་ལྷ་རྒན་པོ་དག་གིས་དེ་ལྟར་སྨྲ་བ་ཡིན་ཅེས་པའི་དོན་ཡིན་ཀྱང་། འདིར་དེ་ལྟར་གོ་རྒྱུ་མ་ཡིན་པར་འཇིག་རྟེན་ཆགས་འཇིག་གི་རྒྱུས་ཤེས་པའི་ལྷ་རྒན་པ་ཚོས་དེ་ལྟར་བཤད་པ་མ་གཏོགས་རང་གིས་སྔར་མཐོང་མྱོང་ཡོད་པའི་དོན་བསྟན་པ་མིན་པར་གོ་དགོས། དེ་དག་ནི་ཐེག་པ་སོ་སོ་དང་མདོ་རྒྱུད་སོ་སོའི་བཞེད་པ་ཡིན། གཞུང་གང་བཤད་དེའི་གོ་བའི་གཏིང་ཕྱིན་པ་བྱས་ནས་བརྡ་མ་འདྲེས་པར་ཤེས་པ་གལ་ཆེའོ། །དེ་ཡན་ཆད་ཀྱིས་ཆགས་གནས་འཇིག་སྟོངས་ཀྱི་བསྐལ་བ་གསུམ་བཤད་ནས། དོན་བཞི་པ།
སྟོངས་བསྐལ་ཞར་བྱུང་བཅས་པ་བསྟན་པ།
དོན་བཞི་པ་སྟོངས་པའི་བསྐལ་པ་གཏན་ལ་དབབ་པ་ནི། དེ་ལྟར། ཞིག་ནས་སྟོངས་ཏེ་ནམ་མཁའ་གཅིག་གི་ངང་། །བར་བསྐལ་ཉི་ཤུའི་ཡུན་དང་མཉམ་པའོ། །དེ་ནས་ཡང་ཅིག་ཆགས་པའི་མགོ་རྩོམ་མོ། །ཞེས་གསུངས་ཏེ། དེ་ལྟར་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུའི་ཡུན་ལ་སྟོངས་ནས་གནས་སོ། །སྟོངས་པའི་དུས་ན་ཐམས་ཅད་ནམ་མཁའ་གཅིག་གི་རང་བཞིན་དུ་གནས་པ་ནི་འདུས་བྱས་འདུས་མ་བྱས་ཀྱི་དབྱིངས་སུ་གནས་པ་སྟེ། གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་ཞི་བའི་མཚོན་བྱེད་དུ་བྱུང་བའོ། །སླར་ཡང་དེ་ཡི་འོག་ཏུ་རྡུལ་ཕྲན་འདུས་པ་ལས་འཇིག་རྟེན་གྱི་ཁམས་ཤིག་རྩོམ་པའི་མགོ་འཛིན་པར་འགྱུར་རོ། །མི་མཇེད་འདི་སྟོངས་པའི་འོག་ཏུ་མུན་པའི་བསྐལ་པ་དྲུག་ཅུར་ཆགས་འཇིག་སྟོངས་པ་དྲུག་ཅུ་འབྱུང་ལ། དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་གྲངས་མེད་པ་འཇིག་རྟེན་དུ་འབྱུང་བ་ལ་སོགས་པ་ནས། ས་ཚིགས་འདིའི་ནམ་མཁའ་ལ་སྔོན་ཡང་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མ་འོངས་པ་ཕྱི་མའི་མཐར་ཡང་ཆགས་འཇིག་གི་བསྐལ་པ་དང་། འཇིག་རྟེན་གྲངས་མེད་དཔག་ཏུ་མེད་པ་འབྱུང་བ་ཡིན་ནོ། །འཇིག་རྟེན་འདི་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་གཞན་ཡང་རྣམ་པ་མཚུངས་སོ། །དེ་ལྟར་ན་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་བཞིའི་བར་རྣམས་དུས་མཉམ་པས་བར་གྱི་བསྐལ་པ་ཉི་ཤུ་ཉི་ཤུ་མཚུངས་པར་ཡོད་པ་རྣམས་བསྡོམས་ཏེ། བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་བར་གྲགས་སོ། །ཚུལ་དེས་སྔོན་དང་ཕྱི་མའི་མཐའི་བསྐལ་པ་འཇལ་བ་དང་སངས་རྒྱས་འབྱུང་བའི་ཚོགས་བསྐལ་པ་གྲངས་མེད་དུ་བསགས་པ་ལ་སོགས་པ་འཇལ་བར་ཤེས་པར་བྱའོ། །དེ་ཡིས་སྟོངས་པའི་བསྐལ་བ་བསྐལ་ཆེན་དང་བཅས་པའི་སྤྱིར་བསྡོམས་སོགས་བསྟན་ནས། གཉིས་པ།
ཐར་པར་བསྐུལ་བ།
ད་ནི་ཞར་བྱུང་མཇུག་བསྡུ་བས་སྲིད་པ་འདི་ལས་མྱུར་དུ་ཐར་དགོས་པར་གདམས་པ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་ཕུན་ཚོགས་སྣང་བའི་འཇིག་རྟེན་ཀྱང་། །མི་བརྟན་མེད་པར་འགྱུར་བའི་སྐབས་ཡོད་ན། །སྲིད་ལ་དགའ་བའི་རང་བཞིན་དེ་སྤངས་ཏེ། །ཞི་བདེ་ཐར་པའི་བྱང་ཆུབ་བསྒྲུབ་པར་མཛོད། །ཅེས་གསུངས་ཏེ། བསྐལ་པ་དང་པོ་ལེགས་པར་ཆགས་ནས་གནས་པའི་སྐབས་ན་འཇིག་རྟེན་འདི་དག་རྣམས་རྣམ་པར་བཀྲ་ཞིང་སྐྱེ་བོ་མང་པོས་གང་བ་ཡིན་ཀྱང་མཐར་འཇིག་ཅིང་སྟོངས་པར་འགྱུར་བའི་ཚུལ་ལ་ལྟོས། ད་ལྟའི་སྣང་བ་དང་བདེ་བ་ཅུང་ཟད་ལ་ཆགས་པ་དག་རིགས་པ་མ་ཡིན་ཏེ། སྣོད་དང་བཅུད་དུ་གྱུར་པ་རྣམས་མི་རྟག་ཅིང་འགྱུར་བའི་དཔེས་རང་གི་ཚེ་མི་རྟག་ཅིང་ཡུལ་ལ་མངོན་པར་སྐྱོ་བས། སྲིད་པར་དགའ་བ་རིང་དུ་སྤངས་ཏེ་ཐར་པ་དམ་པའི་ཆོས་ལ་བརྩོན་པར་བྱའོ་ཞེས་གདམས་པ་ཡིན་ནོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་ཕྱིའི་སྣོད་བཅུད་འཇིག་པའི་དཔེས། ནང་རང་གི་ལུས་ཀྱང་འཇིག་པའི་རང་བཞིན་ཅན་ཡིན་པར་བལྟ་བར་བྱ་སྟེ། དང་པོ་སེམས་ཀྱི་ཆོས་ཉིད་ནམ་མཁའ་གཅིག་ཏུ་གྱུར་པའི་ངང་ལས། མ་རིག་པ་དང་ཀུན་དུ་རྟོག་པའི་རླུང་དུ་ཆགས་ཤིང་། དེའི་རྒྱུས་འཁོར་བར་སྡུད་པའི་ལས་ཀྱི་ས་པ་ཆུའི་རང་བཞིན་ལས་གྲུབ་པའི་རྐྱེན་གྱིས། ཕ་མའི་ཁུ་ཁྲག་ལས་ལུས་རིའི་རྒྱལ་པོ་རི་རབ། མིག་ཉི་མ་དང་ཟླ་བ་སྟེ་ནང་དུ་དྭངས་མ་དཀར་དམར། སྐྱེ་མཆེད་དང་ཁམས་བཅུ་གཉིས་ཀྱི་གླིང་བཞི་གླིང་ཕྲན། རྣམ་ཤེས་ཚོགས་བརྒྱད་ཀྱི་རི་བདུན་ཁོར་ཡུག་ཆེན་པོ་དང་བརྒྱད། ལུས་ངག་ཡིད་གསུམ་བརྟེན་པའི་རྩ་རོ་རྐྱང་དབུ་མ་ནི། སྒོ་གསུམ་དུག་གསུམ་སྐུ་གསུམ་གྱི་རྟེན་ཅན་ཁམས་གསུམ། རྩ་འདབ་འཁོར་ལོ་ལྔའམ་དྲུག་ནི་འགྲོ་བ་རིགས་ལྔའམ་དྲུག །གནས་རིས་ཐ་དད་པ་བཞིན་དུ་བདེ་སྡུག་ལ་སོགས་པ་དུ་མར་སྣང་བའི་ནང་གི་སྟོང་ཆེན་གྱི་འཇིག་རྟེན་འདིའང་། འདུས་པའི་ཕྱིར་འབྲལ་བ། སྐྱེས་བའི་ཕྱིར་འཆི་བ། འདུས་བྱས་པས་འཇིག་པ་སྟེ་འཆི་བའི་དུས་ལ་བབ་པ་ན། ཕྱི་འབྱུང་བཞི་ནང་འབྱུང་བཞིར་སྡུད་པས་མེ་བདུན་དང་ཆུ་གཅིག་སྟེ་བརྒྱད་ཐལ་ནས། ནང་འབྱུང་དང་གསང་འབྱུང་གདོད་མའི་འོད་གསལ་ལ་ཐིམ་པས་ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་ཅིང་། ལུས་ཀྱི་འབྱུང་བ་བཞི་བསྡུས། རྩ་རླུང་ཐིག་ལེ་གསུམ་སྟོངས་པས་མེས་བདུན་དང་། སྲོག་འཕོ་བ་ཆུས་གཅིག །དབུགས་འབྲེལ་ཐག་ཆད་པས་མཇུག་ཏུ་རླུང་གིས་གཏོར་ཏེ། ལུས་ཀྱང་སོ་སོར་འབྲལ་ཞིང་དེངས་ནས་མཐར་ཅི་ཡང་མེད་པ་ནམ་མཁའ་ལྟ་བུ་སྔོན་ལུས་མ་ཆགས་པའི་དུས་ལྟར་འབྱུང་བའི་སྐབས་ཡོད་པ་ཡིན་ལ། སྣོད་བཅུད་ཀྱི་འཇིག་རྟེན་སྤྱི་འཇིག་པ་ལ་ད་ལྟའི་སྐབས་སུ་བསམ་བློ་བཏང་ན་ཡུན་རིང་ཡང་། ནང་རང་ལུས་ཞིག་སྟེ་ལུས་འདི་མ་ཆགས་པའི་སྔོན་དང་འདྲ་བར་འབྱུང་བ་ཡིས་མདུན་ནས་སྒུག་ཡོད་པ་ཡིན་པས། དེ་དུས་མ་འཁྲུལ་གཞི་ཡི་གནས་ལུགས་ཀྱི་རྒྱལ་སར་སྙེགས་ཐབས་ལ་ད་ནས་འབད་པ་གལ་ཆེའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཇིག་པ་དང་སྟོངས་པ་བསྟན་པའི་ལེའུ་སྟེ་དྲུག་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ཡན་ཆོད་ཀྱིས་གཞུང་འདིའི་རྡོ་རྗེའི་གནས་དང་པོ་འཁོར་བའི་རང་བཞིན་སྤང་བྱར་བསྟན་པའི་སྐབས་ཀྱི། དང་པོ་སྣང་ཚོད་འཇིག་རྟེན་གྱི་བཀོད་པ་བཤད་པ་ཆ་ཚང་ཞིབ་རྒྱས་སུ་གཏན་ལ་ཕབ་ནས། གཉིས་པ་འཇིག་རྟེན་དེའི་བདེ་སྡུག་སྣང་ཚུལ་ལ། མཚམས་སྦྱོར་བའི་ཚུལ་གྱིས་མདོར་བསྟན། དེ་དག་གི་རང་བཞིན་རྒྱས་པར་བཤད། སྡུག་བསྔལ་གསུམ་བསྟན་ཏེ་བཤད་པའི་མཇུག་བསྡུ་བའོ། །དང་པོ།
འཇིག་རྟེན་དེའི་བདེ་སྡུག་སྣང་ཚུལ་མདོར་བསྟན་པ།
དེ་ལྟར་བསྐལ་པའི་རང་བཞིན་རྒྱ་ཆེར་བསྟན་པ་ལས། བསྐལ་པས་བསྡུས་པའི་སྣོད་གཅིག་ཏུ་ཆུད་པ་ལའང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཉིད་ལས། དེའི་བདེ་སྡུག་མྱོང་ཚུལ་བྱེ་བྲག་ཏུ་ཞིབ་མོར་བཤད་པ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་སྣོད་བཅུད་རང་བཞིན་བསྟན་པ་ལས། །དེ་ཡིས་བདེ་སྡུག་སྤེལ་མའི་སྣང་ཚུལ་ནི། །འགྲོ་དྲུག་ལས་ཀྱིས་སོ་སོར་མྱོང་བ་ཡིན། །ཞེས་གསུངས་ཏེ། འདི་ལྟར་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་ནི་རྣམ་པ་སྣ་ཚོགས་ཉིད་དེ། ཞིང་འདི་གཅིག་པུ་ནའང་ལྷ་རྣམས་བདེ་བ་ཤས་ཆེ་ལ་སྡུག་བསྔལ་བག་ལ་ཉལ། མི་རྣམས་འདྲེས་མའི་བདེ་བ་ཅུང་ཟད་ཆེ་ལ་སྡུག་བསྔལ་ཡང་མངོན་གྱུར་སྣ་ཚོགས། ངན་སོང་ན་སྡུག་བསྔལ་ཤས་ཆེ་ལ་བདེ་བ་བག་ལ་ཉལ་ཏེ། མངོན་གྱུར་སྲིད་པ་ཙམ་མོ། །དེ་ཡང་མངོན་གྱུར་དང་བག་ལ་ཉལ་གྱི་བདེ་སྡུག་ཐམས་ཅད་སྤེལ་མའམ་འདྲེས་མར་ཡོད་པ་ནི། རྒྱུ་ལས་དགེ་བ་དང་མི་དགེ་བ་དང་། འདྲེས་མ་གསུམ་བསགས་པ་ལས་བྱུང་བས། འབྲས་བུའང་དེ་བཞིན་དུ་འདྲེས་མར་མྱོང་བ་དེ་ཡིན་ནོ། །གང་དག་མི་དགེ་བ་འབའ་ཞིག་ལས་དགེ་བ་མེད་པ་དེ་ལ་འབྲས་བུ་སྡུག་བསྔལ་འབའ་ཞིག་སྟེ་དམྱལ་བ་མནར་མེད་པ་བཞིན་ནོ། །རྒྱུ་དགེ་བ་འབའ་ཞིག་ལས་མི་དགེ་བ་མེད་པ་དེ་ལ། འབྲས་བུ་བདེ་བ་འབའ་ཞིག་སྟེ་སངས་རྒྱས་རྣམས་བཞིན་ནོ། །རྒྱུ་བསོད་ནམས་ཆ་མཐུན་དགེ་བ་སྒྲུབ་པ་ལས་འབྲས་བུ་བདེ་བ་ཐོབ་པ་ཉིད་དེ་དཔེར་ན་མཐོ་རིས་ཀྱི་ལྷ་གནས་བཞིན། རྒྱུ་སྤེལ་མ་ལས་བདེ་སྡུག་སྤེལ་མར་ཚེ་གཅིག་ལའང་སྐྱིད་སྡུག་རིམ་པར་འགྱུར་བ་དང་། ཐ་ན་ཉིན་གཅིག་གམ་དར་ཅིག་ལའང་བདེ་སྡུག་འགྱུར་བ་མྱོང་བ་ནི། སྔོན་འདྲེས་མའི་ལས་ལས་གྱུར་ཏེ་མི་དང་དུད་འགྲོ་ཁ་ཅིག་བཞིན་ནོ། །དེའི་རང་བཞིན་རྒྱས་པར་བཤད་པ་ནི། དགེ་བས་བདེ་འགྲོ་བདེ་བ་ཐམས་ཅད་དང་། །མི་དགེས་ངན་འགྲོ་སྡུག་བསྔལ་ཐམས་ཅད་དོ། །སྤེལ་མས་བདེ་སྡུག་འདྲེས་མར་མྱོང་བ་ནི། །ལས་ཚུལ་སྣ་ཚོགས་དབང་གིས་སྣང་བ་ཡིན། །འདི་ལྟར་དགེ་བ་བྱས་ན་སྤྱིར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིར་སྐྱེ་ལ། ཁྱད་པར་དུ་འགྲོ་བ་གང་དུ་སྐྱེས་ཀྱང་གཟུགས་དང་ལང་ཚོས་བརྒྱན་པ་དང་། ཁ་ཟས་མོད་པ་དང་། དབང་ཆེ་བ་དང་། ཚེ་རིང་བ་དང་། གནོད་པ་ཉུང་བ་ལ་སོགས་པར་འགྱུར་ལ། མི་དགེ་བས་ངན་འགྲོ་དང་། ཁྱད་པར་དུ་གར་སྐྱེས་ཀྱང་འཚེ་བ་དང་། ཕོངས་པ་དང་། རིགས་ངན་པ་དང་། མི་མཛེས་པ་དང་། ནད་མང་བ་དང་། འགྲོ་བ་སྡང་བ་དང་། འཇིགས་པ་དང་། མྱ་ངན་དང་ཡིད་མི་བདེ་བས་གདུངས་པ་ནས་ཐ་ན་ཚེར་མ་ཟུག་པའི་སྡུག་བསྔལ་གྱི་བར་དུ་མྱོང་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་ངན་སོང་དང་། །དེ་བཞིན་སྡུག་བསྔལ་ཐམས་ཅད་དོ། །ཞེས་སོ། །དེས་ན་འགྲོ་བ་རྣམས་ཀྱི་ལས་མ་ངེས་པས་སྣང་ཚུལ་མ་ངེས་སྣ་ཚོགས་ཀྱང་། བསྡུ་ན་འགྲོ་བ་དྲུག་ཅེས་སྣང་ཚུལ་མི་འདྲ་བ་དྲུག་གིས་ཕྱེ་ནས་བཞག་གོ །དེ་ཡིས་མདོར་བསྟན་ནས། གཉིས་པ་ལ། ཁམས་གོང་མའི་རང་བཞིན་དང་། འདོད་པའི་རང་བཞིན་གཉིས། དང་པོ་ལ། བདེ་བ་ཡོད་ཚུལ་དང་། སྡུག་བསྔལ་ལས་མ་འདས་ཚུལ་གཉིས། དང་པོ།
ཁམས་གོང་མའི་བདེ་བའི་སྣང་ཚུལ།
དེ་ལས་ཐོག་མར་ལྷའི་སྣང་ཚུལ་ཡང་གཉིས་ལས། ཁམས་གོང་མ་གཉིས་ན། འདི་ལྟར་བསམ་གཏན་གཟུགས་མེད་ཁམས་ན་ཡང་། །དགེ་བས་བསྐྱེད་པའི་བསམ་གཏན་ཞི་བདེ་དང་། །ཚེ་རིང་བསྐལ་པར་གནས་པ་དེ་ཡོད་ཀྱང་། །ཞེས་གསུངས་ཏེ། བསམ་གཏན་བཞི་དང་གཟུགས་མེད་བཞིའི་རིས་སུ་གཏོགས་པའི་ལྷར་སྐྱེས་ཏེ། ཚེ་བསྐལ་པར་ཐུབ་པས་བསམ་གཏན་གྱི་བདེ་བ་ལ་སྤྱོད་ཀྱང་། ཞེས་པས་ཁམས་གོང་མ་ན་བདེ་བ་ཡོད་ཚུལ་བསྟན་ནས། གཉིས་པ།
སྡུག་བསྔལ་ལས་མ་འདས་ཚུལ།
ཟག་བཅས་འཁོར་བ་ཡིན་ཕྱིར་རྟག་པ་མེད། །མི་དགེའི་དབང་གིས་དེ་ནས་ཚེ་འཕོ་ཚེ། །ཕྱི་མའི་གནས་ལ་སྐྲག་པའི་སྡུག་བསྔལ་ཡོད། །ཞེས་གསུངས་ཏེ། དེ་ལྟར་མྱོང་བའི་རྒྱུ་དགེ་བ་ཉིད་ཀྱི་འཕེན་པ་ཟད་ནས་ཟག་བཅས་མི་དགེ་བའི་རྒྱུས་ཚེ་འཕོ་བའི་དུས་ན། རྟེན་དེ་ལ་དགེ་བ་གསར་དུ་མ་བྱས། སྔར་དགེ་བའི་འབྲས་བུ་ཡོད་པ་ནི་ཟད། ལས་ཀྱི་འཕེན་པ་རྒྱང་རིང་བས་མི་དགེ་བའི་ས་བོན་བག་ལ་ཉལ་ཐོབ་པའི་ཐག་པ་མ་ཆད་པས་ཏེ་སྲིད་རྩ་ཧྲིལ་པོ་བགྱིད་མ་ཐུབ་པས། སྲིད་པ་ཕྱི་མར་ལྟུང་བ་མངོན་ཤེས་ཀྱིས་མཐོང་ནས། ཉེ་བར་ལེན་པའི་སྡུག་བསྔལ་ཞེས་བྱ་བ་ཡོད་པ་ཡིན་ནོ། །དེ་སྐད་དུའང་སློབ་དཔོན་ཀླུའི་དབང་པོའི་ཞལ་སྔ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་གསུངས་སོ། །དེ་ཡིས་གོང་མའི་ལྷ་གནས་ལ་བདེ་བ་ཡོད་ཀྱང་མཐར་སྡུག་བསྔལ་ལས་མ་འདས་པར་བསྟན་ནས། གཉིས་པ་འདོད་ཁམས་ལ་བསྟན་བཤད་གཉིས། དང་པོ།
འདོད་ཁམས་ཀྱི་སྣང་ཚུལ་མདོར་བསྟན་པ།
འདོད་པའི་ལྷ་དང་། མི་དང་། ངན་སོང་གི་རིགས་ལ་སྤྱིར་སྣང་བ་ནི། འདོད་ཁམས་ན་ཡང་བདེ་སྡུག་སྣ་ཚོགས་ཏེ། །ཞེས་གསུངས་ཏེ། འདི་ལྟར་འདོད་པའི་ཁམས་ན་རང་རང་གི་ལས་ཐ་དད་པ་ལས། ཞེས་པས་མདོར་བསྟན་ཏེ་མཚམས་སྦྱར་ནས། གཉིས་པ་རྒྱས་བཤད་ལ། ངན་འགྲོ་བདེ་འགྲོ་གཉིས། དང་པོ་ལ། སྡུག་བསྔལ་དང་། བདེ་བ་ཡོད་ཚུལ་གཉིས། དང་པོ།
ངན་འགྲོའི་སྡུག་བསྔལ་གྱི་སྣང་ཚུལ།
སེམས་དམྱལ་ཡི་དྭགས་དུད་འགྲོའི་འཇིག་རྟེན་ན། །རང་རང་མི་དགེས་བསྐྱེད་པའི་སྡུག་བསྔལ་ནི། །ཚ་གྲང་བཀྲེས་སྐོམ་གསོད་གཅོད་བརྡེག་འཚོག་སོགས། །བཟོད་དཀའ་ཡུན་རིང་མྱོང་བར་འགྱུར་བ་དང་། །ཞེས་གསུངས་ཏེ། རེ་ཞིག་མི་དགེ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གང་འཚམས་པར་སྤྱད་པ་དག་ལ། དེ་དང་འཚམས་པའི་སྡུག་བསྔལ། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། གསོད་པ་དང་། ཡན་ལག་གཅོད་པ་དང་། མཚོན་དང་དབྱུག་པ་ལ་སོགས་པས་བརྡེག་པ་དང་། འཚོག་པ་དང་། འཚེ་བ་དང་། ཡིད་མི་བདེ་བ་ལ་སོགས་པ་སྡུག་བསྔལ་གྱི་རིགས་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་ལ། གཉིས་པ།
ངན་འགྲོ་ན་བདེ་བ་ཡོད་ཚུལ་བསྟན་པ།
ཡང་། རང་རང་སྔོན་དགེས་བསྐྱེད་པའི་བདེ་འབྲས་ནི། །ཡི་དྭགས་ཟས་སོགས་རྙེད་དང་ཅུང་ཟད་བདེ། །ཉིན་མཚན་འགྱུར་ཏེ་བར་འགའ་སྡུག་བསྔལ་ཆུང་། །རྒྱལ་དང་དེ་སྲས་རྫུ་འཕྲུལ་འོད་བཀྱེ་བས། །སྡུག་བསྔལ་ཞི་གྱུར་གང་དེ་དགེ་བའི་འབྲས། །ཞེས་གསུངས་ཏེ། ལྷ་དང་ལྷ་མ་ཡིན་དང་། མི་དང་ངན་སོང་གི་གནས་སྐབས་གང་ཡང་རུང་སྟེ། རང་རང་གི་སྔོན་དགེ་བ་བྱས་པའི་འབྲས་བུ་ནི་ཕྱི་བཞིན་དུ་འབྲང་བའི་སླད་ཀྱིས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབས་ཚེ་ལྷག་པར་མངོན། །ཞེས་གསུངས་པ་ལྟ་བུའོ། །གང་དུ་སྐྱེས་པ་དེར་ཡང་གཟུགས་མཛེས་པའམ། ཡིད་བདེ་བའམ། ཟས་སྐོམ་རྙེད་པའམ། རྙེད་པ་དང་གྲགས་པས་བརྒྱན་པའམ། སྟོབས་ཆེ་བའམ། ཐ་ན་ལམ་དུ་ངལ་སོས་པ་ལས་ཅུང་ཟད་བདེ་བ་ལྟ་བུ་ཡང་རྐྱེན་ངལ་སྟེགས་ཡིན་ཀྱང་། རྒྱུ་དགེ་བ་ཁོ་ན་ཡིན་པས། བདེ་བའི་ཆ་རྐྱེན་ཅི་ལས་སྐྱེས་ཀྱང་། ང་བཟང་བས་ཡིན་བསམ་རྒྱུ་ཡོད་པ་མ་རེད་སྔར་བསགས་ཀྱི་སྦྱིན་འབྲས་དང་སྔར་བསགས་ཀྱི་བསོད་ནམས་སྟོབས་ཀྱིས་བྱུང་བ་རེད། རྒྱུ་དགེ་བའི་འབྲས་བུ་ཡིན་པར་བལྟའོ། །ཉི་ཚེ་བ་དང་། ཀླུར་གྱུར་པ་ནའང་། ཉིན་མཚན་ནམ་སྔ་དྲོ་ཕྱི་དྲོ་འགྱུར་བའི་བདེ་བའི་ཆ་ནི་དགེ་བའི་འབྲས་བུ་ཡིན་ལ། དམྱལ་བ་ལ་སོགས་པའམ་ནད་ཀྱིས་ཉེན་པ་ན་བར་སྐབས་འགའ་ཞིག་ཏུ་ཅུང་ཟད་བདེ་བ་དེ་ཡང་དགེ་བའི་འབྲས་བུ་ཡིན་པར་རིག་པར་བྱའོ། །སེམས་ཅན་དམྱལ་བ་ལ་སོགས་པར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འོད་ཟེར་བཀྱེ་བས་བདེ་བར་བྱས་པ་དེ་ཡང་། རྐྱེན་སངས་རྒྱས་ཀྱི་འོད་ཡིན་ཀྱང་རྒྱུ་རང་གིས་འོད་ཟེར་ཕོག་པའི་བདེ་བ་བསྐྱེད་པའི་ལས་བསགས་པའི་འབྲས་བུ་ཁོ་ན་ཡིན་ནོ། །འདི་ལྟར་བདེ་བ་དང་སྡུག་བསྔལ་གཉིས་ལུས་སེམས་གཅིག་ལ་དུས་མཚུངས་པར་ལྷན་ཅིག་འབྱུང་བ་ཡོད་ན། དེ་ཡང་། སྤེལ་མར་སྣང་བ་ལས་ལས་གྱུར་པ་ཡིན། །ཞེས་པ་དེ་ཡན་ཆོད་ཀྱིས་ངན་འགྲོའི་སྡུག་བསྔལ་བཤད་ནས། གཉིས་པ་བདེ་འགྲོ་ལ། མི་དང་། ལྷ་མིན། ལྷ་གསུམ། དང་པོ་ལ། བདེ་བ་དང་། སྡུག་བསྔལ་གཉིས། དང་པོ།
མིའི་བདེ་བ་བསྟན་པ།
མི་རྣམས་ལ་ཡང་གནས་དང་ལོངས་སྤྱོད་དང་། །འཁོར་དང་གྲགས་འབྱོར་ཚེ་རིང་ནད་མེད་སོགས། །བདེ་བའི་ཆར་སྣང་རྣམ་པ་སྣ་ཚོགས་དང་། །ཞེས་གསུངས་ཏེ། འདི་ལྟར་འདྲེས་མའི་ལས་ཀྱིས་བདེ་སྡུག་འདྲེས་མར་མྱོང་བ་ནི། མི་རྣམས་ཀྱི་རིགས་སུ་སྐྱེས་པ་ནའང་། གཅིག་གི་རྒྱུད་ལ་འདི་དག་སྤེལ་མར་བྱུང་བའམ། ཐ་དད་པའི་རྒྱུད་ལ་འབྱུང་བ་ཡང་རུང་སྟེ། གནས་བཟང་བ་དང་། ལོངས་སྤྱོད་ཆེ་བ་དང་། སྟན་བཟང་བ་དང་། འཁོར་མང་བ་དང་། གྲགས་པ་དང་ལྡན་པ་དང་། གང་འདོད་པ་འགྲུབ་པ་དང་། ཚེ་རིང་བ་དང་། ནད་ཉུང་བ་དང་། ཉིན་གཅིག་གམ་སྐད་ཅིག་ཡུད་ཙམ་དུ་བདེ་བའི་ཆ་ཅན་མགྲོན་དུ་ཕྱིན་པར་བཀོད་པ་དང་འབྱོར་པ་ཐོབ་པའམ། མེ་ཏོག་ལ་སོགས་པའི་མིག་གི་དགའ་སྟོན་མཐོང་བ་ལ་སོགས་པས་ཡིད་བདེ་བ་ཇི་སྙེད་པ་དང་། ཞེས་པ་དེ་ཡན་གྱི་མིའི་ཡུལ་གྱི་བདེ་བ་བསྟན་ནས། གཉིས་པ།
མིའི་སྡུག་བསྔལ།
སྡུག་བསྔལ་ཡང་ནི་སྐྱེ་རྒ་ན་འཆི་དང་། །བཤེས་བྲལ་དགྲ་དང་ཕྲད་ཅིང་མི་འདོད་དང་། །སྡུག་བྲལ་འབྱོར་པ་རྒུད་ཅིང་ཕོངས་པས་ཉེན། །མི་བསྔགས་ཚ་གྲང་བཀྲེས་སྐོམ་ལ་སོགས་པ། །སྣ་ཚོགས་མང་ལྡན་བཟོད་དཀའ་རྣམས་དང་ལྡན། །དེ་ཀུན་རང་གི་འཁྲུལ་སྣང་ལས་ལས་གྱུར། །ཞེས་གསུངས་ཏེ། ཡང་སྡུག་བསྔལ་གྱི་ཆར་གྱུར་པ། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། གཉེན་བཤེས་དང་བྲལ་གྱིས་དོགས་པ་དང་། དགྲ་དང་འཕྲད་པ་དང་། མི་འདོད་པ་ཐོག་ཏུ་འབབ་པ་དང་། མཛའ་བཤེས་དང་བྲལ་གྱིས་དོགས་པ་དང་། འབྱོར་པ་སྲབ་པ་དང་། གྲགས་པ་ལ་སོགས་པ་སྔོན་ལས་ཉམས་པ་དང་། བྲེལ་ཕོངས་སུ་གྱུར་པ་དང་། གཏམ་ངན་དང་། ཚ་གྲང་དང་། བཀྲེས་སྐོམ་དང་། ངལ་དུབ་དང་། བྱིང་རྨུགས་དང་། ཡིད་མི་བདེ་བ་ལ་སོགས་པའི་ཡིད་དང་མི་མཐུན་པའི་ཆར་སྣང་བ་སྟེ། འདི་དག་ཀྱང་ལས་ཐ་དད་པའི་དབང་གིས་སྣང་བ་ཡིན་ནོ། །དེ་སྐད་དུའང་དྲན་པ་ཉེ་བར་གཞག་པ་ལས། ལས་ནི་སྣ་ཚོགས་སུ་བྱེད་པ་པོས་རི་མོ་མཁན་དང་འདྲ་བའོ་ཞེས་གསུངས་སོ། །དེ་ཡན་ཆོད་ཀྱིས་མིའི་སྡུག་བསྔལ་བཤད་ནས། གཉིས་པ་ལྷ་མིན་ལ། སྡུག་བསྔལ་དང་། བདེ་བ་གཉིས། དང་པོ།
ལྷ་མིན་གྱི་སྡུག་བསྔལ།
རི་རབ་ཀྱི་ཁོང་གསེང་ལ་སོགས་པར་གནས་པའི། ལྷ་མིན་རྣམས་ལའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་འཁྲུག་དང་ཡིད་མི་བདེ། །ཕན་ཚུན་འཚེ་ཞིང་མི་བསྲུན་རྩུབ་པ་སྟེ། །ཞེས་གསུངས་ཏེ། ལྷ་མ་ཡིན་ནི་སྔོན་ཕྲག་དོག་གི་ལས་ཤས་ཆེ་བས་འཕངས་པས། རང་བཞིན་གྱིས་གཞན་འབྱོར་པ་ལ་རང་ཉིད་སྡུག་བསྔལ་བས་ཀྱང་མི་བཟོད་པའི་སྡུག་བསྔལ་དང་ཁོང་ཁྲོ་བ་ཡོད་དེ། དེའི་རྒྱུས་འཁྲུག་པ་དང་། ཡིད་མི་བདེ་བ་དང་། ཕན་ཚུན་ཡང་གཅིག་གིས་གཅིག་བདེ་བ་མི་བཟོད་པས་ཁྲོ་ཞིང་འཚེ་བས། རྟག་ཏུ་སེམས་ཉེ་བར་མ་ཞི་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་ཡོད་ལ། དེས་ལྷ་མིན་གྱི་སྡུག་བསྔལ་བསྟན་ནས། གཉིས་པ།
ལྷ་མིན་གྱི་བདེ་བ།
མེ་ཏོག་ཕྲེང་བརྒྱུས་འབྱོར་བའི་སྐྱེད་ཚལ་དང་། །བདུད་རྩིའི་ཟས་དང་ཁང་བརྩེགས་བཞོན་པ་སོགས། །བདེ་མང་ཡུན་རིང་སྤྱད་ཀྱང་ངོམས་པ་མེད། །ཞེས་གསུངས་ཏེ། རྫོགས་བྱེད་དགེ་བས་བསྐྱེད་པས་མེ་ཏོག་གི་ཚལ་ནོར་བུའི་དྲྭ་བས་དཔྱངས་པ་དང་། བདུད་རྩིའི་ཟས་དང་། ཁང་པ་བརྩེགས་པ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་ལ་སོགས་པའི་བཞོན་པ་དང་། ལྷའི་དཔག་བསམ་གྱི་ཤིང་ལྟ་བུའི་ལྗོན་པ་ལས་བྱུང་བའི་གོས་དང་། ནོར་བུ་དང་། ལོངས་སྤྱོད་ཟད་མི་ཤེས་པའི་བདེ་བ་ཚད་མེད་པའང་ཡོད་དེ། འདོད་པའི་བདེ་བས་རྒྱ་ཆེར་འབྱོར་པའོ། །དེ་ཡན་ཆོད་ཀྱིས་བདེ་འགྲོའི་འགྲོ་བ་མི་དང་ལྷ་མིན་གཉིས་བཤད་ནས། གསུམ་པ་ལྷ་ལ། སྤྱི་བྱེ་བྲག་གཉིས། དང་པོ་ལ། བདེ་བ་སྡུག་བསྔལ་གཉིས། དང་པོ།
ལྷའི་བདེ་བ་སྤྱིར་བསྟན་པ།
གཞན་འཕྲུལ་ལ་སོགས་འདོད་ལྷ་དྲུག་ན་ཡང་། །བདེ་མང་ལྷ་ཡི་འབྱོར་པས་ཉམས་དགའ་ཡང་། །ཞེས་གསུངས་ཏེ། སྔར་བཤད་པ་ལྟར་འདོད་པའི་ལྷའི་དགའ་བ་སྣ་ཚོགས་ཀྱང་། ཞེས་པས་ལྷའི་བདེ་བ་བསྟན་ནས། གཉིས་པ།
ལྷའི་སྡུག་བསྔལ་སྤྱིར་བསྟན་པ།
རྨི་ལམ་སད་བཞིན་སྤངས་ནས་འགྲོ་དགོས་ལ། །འཆི་འཕོ་ལྟུང་བའི་སྡུག་བསྔལ་དཔག་མེད་ལྡན། །ཞེས་གསུངས་ཏེ། དེའི་ལས་ཟད་པ་ན་སྤངས་ནས་གཅིག་པུ་སྐྱབས་མེད་པར་འགྲོ་བའི་སྡུག་བསྔལ་དང་ཡང་ལྡན་པ་ཉིད་དོ། །དེ་ཡིས་ལྷ་གནས་སྤྱིའི་བདེ་བ་དང་སྡུག་བསྔལ་བསྟན་ནས། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། བདེ་བ་དང་། སྡུག་བསྔལ་གཉིས་ལས། དང་པོ།
ལྷའི་བདེ་བ་བྱེ་བྲག་ཏུ་བཤད་པ།
གནས་རིས་དེ་དག་ལས། ཁྱད་པར་རི་རབ་རྩེ་གནས་ལྷ་རྣམས་ཀྱི། །དགེ་བས་བསྐྱེད་པའི་འབྱོར་བདེ་རབ་མང་པོ། །གྲོང་དང་སྐྱེད་ཚལ་རྡོ་ལེབ་ཤིང་ཆེན་དང་། །དབང་པོའི་བཙུན་མོ་བུ་སྟོང་དཔའ་བ་སྟེ། །མེ་ཏོག་མགོ་རྒྱན་ལྷ་མོ་རྣམས་ཀྱིས་གང་། །ཞེས་གསུངས་ཏེ། རི་རབ་རྩེ་མོའི་གནས་ནི་མཐོ་རིས་ཀྱི་གྲོང་ཁྱེར་ཞེས་བྱ་བར་མིང་གི་མངོན་བརྗོད་ཀྱི་ནང་དུ་རི་རབ་ཀྱི་རྩེ་མོའི་ལྷ་གནས་སུམ་ཅུ་རྩ་གསུམ་ལ་མཐོ་རིས་ཀྱི་གྲོང་ཞེས་གྲགས་ཏེ། དེ་ན་ལྷ་རྣམས་ཀྱིས་མཐོ་རིས་གྲོང་ཞེས་མིང་དང་དོན་མཐུན་པ་ལྷ་རྣམས་ཀྱི་ལས་མཐུན་པར་བསགས་པའི་སྣང་བ་ལ། གྲོང་དང་། ཚལ་དང་། ཨ་མོ་ནིག་གི་རྡོ་ལེབ་དང་། ཤིང་ཆེན་པོ་དང་། བརྒྱ་བྱིན་གྱི་བཙུན་མོ་དམ་པ་བཙུན་མོའི་འཁོར་དུ་མས་བསྐོར་བ་དང་། དབང་པོའི་བུ་སྟོང་དང་། ལྷའི་བུ་མོ་མེ་ཏོག་གི་མགོ་རྒྱན་དང་། རིན་པོ་ཆེའི་རྣ་ཆ་གདུབ་ཀོར་གྱིས་སྤྲས་པ་རྣམས་ཀྱི་ཁང་པ་བརྩེགས་པའི་འཕྱོང་ཀའི་སྟེང་དུ་སྟེ་འཕྱོང་ཀ་ཞེས་པ་ནི་གཞལ་ཡས་ཁང་གི་སྟེང་གི་གྲུའམ་ཟུར་ལ་གོ་དགོས། ལམ་སྲང་དང་། ཚལ་དང་། བཞི་མདོ་གང་བར་གླུ་གར་བྱེད་ཅིང་སིལ་སྙན་འཁྲོལ་བས་མཛེས་པར་བྱས་པ་དང་། ཅང་ཤེས་སྤྲིན་གྱི་ཤུགས་ཅན་རྟ་མཆོག་དང་། །རབ་བརྟན་གླང་པོ་ས་སྲུང་བུ་མཛེས་ཀྱི། །མགོ་བོ་སུམ་ཅུ་རྩ་གསུམ་སྟེང་རོལ་ཅིང་། །རྩེ་དགའི་དུས་སྟོན་ཉིན་མཚན་ཕྱད་པར་སྤྱོད། །ཞེས་གསུངས་ཏེ། རྟའི་མཆོག་མཐོན་མཐིང་དུ་འདུག་པ་སྤྲིན་གྱི་བཞོན་པ་བསྐྱོད་པ་དང་འདྲ་བའི་ཕྱིར་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་ཡོད་དེ། དེ་ཞོན་ནས་དབང་པོ་ཉིད་གླིང་བཞིའི་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་མཚན་མ་བརྟག་པ་དང་། མེ་ཏོག་གི་ཚལ་ལ་སོགས་པ་རྩེ་སར་འཇུག་པའི་གླང་པོ་ཆེ་ས་སྲུང་གི་བུའི་མགོ་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་ཉེ་དབང་སུམ་ཅུ་རྩ་གཉིས་འདུག་སྟེ། གདུགས་དང་རྒྱལ་མཚན་བསྒྲེང་ཞིང་། དབུས་མ་གཡུའི་མགོ་བོའི་སྟེང་ན་བརྒྱ་བྱིན་བཞུགས་ནས། སུམ་ཅུ་རྩ་གསུམ་གྱི་ཚལ་དང་། ལམ་སྲང་དང་། ས་གཞི་བཟང་པོ་དང་། འདུན་ས་རྣམས་སུ་འགྲོ་ཞིང་། དགེ་བའི་བྱ་བ་ཡང་སྒྲུབ་ལ། རྩེ་དགའི་དུས་སྟོན་གྱིས་ཉིན་མཚན་བར་མཚམས་མེད་པར་འདའ་བ་ཡིན་ནོ། །གཉིས་པ་ལ། སྡུག་བསྔལ་སྤྱིར་བསྟན་པ། འཐབ་རྩོད་ཀྱི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ།
བྱེ་བྲག་ཏུ་ལྷའི་སྡུག་བསྔལ་སྤྱིར་བསྟན་པ།
གོང་ནས་བཤད་མ་ཐག་པ་དེ་ལྟར་བདེ་བ་ཚད་མེད་པ་ལྟར། སྡུག་བསྔལ་ཡང་ནི་འཆི་འཕོ་ལྟུང་བ་དང་། །ལྷ་མིན་རྣམས་དང་འཐབ་རྩོད་གཡུལ་འགྱེད་དོ། །ཞེས་གསུངས་ཏེ། ལྷ་གང་དག་འཆི་འཕོ་བ་དང་། ངན་སོང་ལ་སོགས་པ་གནས་རིས་འོག་མར་ལྟུང་བའི་སྡུག་བསྔལ་ཚད་མེད་ཅིང་། ཁྱད་པར་དུ་ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ཡོད་དོ། །དེ་ཡིས་ལེའུ་བདུན་པ་སྣོད་བཅུད་ཀྱི་སྡུག་བསྔལ་བཤད་པའི་ནང་གི། ལྷ་དང་མིའི་བདེ་སྡུག་བཤད་པ་སོང་ནས་ལྷ་མ་ཡིན་གྱི་སྡུག་བསྔལ་སྤྱིར་བཤད་པའི་མཚམས་འདིར་དེ་རིང་གཞག་རྒྱུ་བྱས་ན་ཆོག་གི་སྡེབ་གྲངས་ཀྱང་ལངས་འདུག སྤྱིར་ད་རེས་འདིར་ཡོད་རྣམས་དགེ་འདུན་པ་དང་དེའི་ནང་གི་སྡེ་སྣོད་འཛིན་པ་ཤ་སྟག་ལ་ཞུ་མི་དགོས་ཀྱང་། ལམ་བཟང་ངན་ཡག་ཉེས་གཉིས་ཀྱི་གྱེས་མདོ་ན་ཐོན་ཡོད་པའི། ཆོས་པའི་ཆོས་གྲལ་དུ་ཐོན་དུས་དམ་པའི་ཆོས་ཤིག་སྒྲུབ་དགོས་འདུག་བསམ་མཁན། མི་དགེའི་སྡིག་གྲལ་དང་། ཁྱད་པར་དུ་ང་དང་ཁྱོད། ཁེ་དང་ཕམ་ཟེར་སར་ཐོན་དུས་སྔོན་ཆོས་གྲྭའི་ནང་གི་ཆོས་སེམས་དེ་གར་སོང་དང་འདིར་སོང་མེད་མཁན་དང་། ཡང་འགའ་རེས་ཆོས་ཞེས་པ་དེ་ཟ་རྒྱུ་ཞིག་གམ། འཐུང་རྒྱུ་ཞིག་གམ། གྱོན་རྒྱུའམ་འདོག་རྒྱུ་ཞིག་ཡིན་ནམ་སྙམ་མཁན་ནམ། ཡང་འགའ་རེས་དེ་ཟ་རྒྱུ་དང་འཐུང་རྒྱུ་ཞིག་མ་རེད་ཀྱང་ཟ་སྤྱད་འཐུང་སྤྱད་ཅིག་རེད་བསམ་པ་རྣམས་ཀྱིས། དང་པོའི་དུས་སུ་ཡུན་རིང་པོའི་བར་དུ་ཆོས་རྒྱུས་ལེན་པར་བྱེད་དགོས། ཆོས་ཡིན་ཀྱང་རྒྱུས་ལེན་བྱེད་ཆོག་པ་ཡིན། དང་པོའི་ཐེ་ཚོམ་དེ་ལོག་ལྟར་རྩི་བ་མ་རེད། རང་གི་རྣམ་དཔྱོད་ཀྱིས་ལྕོགས་ཚོད་ལ་བརྟེན་ནས་ཞིབ་འཇུག་གྱིས་དང་ཡང་དག་པར་ཡོང་བ་ཡིན། མྱིས་ཁ་ལ་མ་རྒྱུགས། ཕལ་ཆེར་དེ་ལྟར་ཡིན་འདུག ཡིན་ན་ཐང་། ཡིན་ངེས་བསམ་པ་ཙམ་གྱིས་མི་ཡོང་བས། ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་དོན་ཅིག་གླེང་བ་ལྟ་བུ་མ་ཡིན་པར་ཆོས་ནི་རང་གི་མདུན་ནས་འཆད་བཞིན་ཡོད་པ་དང་། རང་གི་མིག་གིས་ཡི་གེ་ལ་བལྟ་ཆོག་པ་ཡིན་ཕྱིར། རང་གིས་ཅི་ཡིན་གང་ཡིན་བལྟ་དགོས་པ་ཡིན། རང་བློ་དག་དུས་དག་པ་ཡིན། རང་གིས་རྒྱུ་མཚན་བཙལ་ནས་ཡིད་ཆེས་ཏེ་དད་པ་སྐྱེས་པ་དེ་ནི་གཞན་རྐྱེན་གྱིས་མི་ཤིགས་པའི་དད་པ་ཡིན། གཞན་དུ་རང་དགར་གཞན་གྱིས་དེ་ལྟར་བྱེད་པས་ངས་ཀྱང་དེ་ལྟར་དགོས་རྒྱུ་རེད་སྙམ་ནས་མི་རྗེས་ཁྱི་དེད་བྱས་ན་དོན་སྙིང་ཆེར་མེད་པ་ཡིན་ཏེ། དེ་ལ་དེ་ཡིན་པར་རྗོད་དུས་ཡིན་སྣང་ཤར་ཡང་། ཡང་གཞན་གྱིས་དེ་ལྟར་མ་ཡིན་པར་བཤད་ན་དེ་ཡང་བདེན་སྣང་ཤར་བའི་མི་བརྟན་པ་ཡིན། དེས་ན་མི་ཞིག་གི་ལུས་རྟེན་བླངས་ནས་སྨྲ་ཤེས་དོན་གོའི་ཁྱད་ཆོས་ཤིག་ཀྱང་ཚང་ཡོད་པས། ཡིན་མིན་ཡག་ཉེས་ཀྱི་དཔྱད་པ་རང་གིས་བཏང་ནས། རང་བདེ་གཞན་སྐྱིད་ཀྱི་བྱ་བའི་ལག་རྗེས་བཟང་པོ་ཞིག་རང་གིས་འཇོག་དགོས་པ་ཡིན། དམ་པའི་ལྷ་ཆོས་ཞེས་པ་འདི་ནི་རང་གཞན་མཐོ་རིས་དང་ཐར་བའི་ལམ་དང་འབྲས་བུ་ལ་འགོད་བྱེད་ཡིན་པས་མ་ཟད། འདི་ཟ་རྒྱུའི་ཏིང་འཛིན་གྱི་ཟས་དང་། འཐུང་རྒྱུའི་གདུང་སེལ་གྱི་བདུད་རྩིར་ཤེས་ན་ཟ་རྒྱུ་འཐུང་རྒྱུ་ཞིག་ཡིན་པར་འཛིན་ན་འང་ཆོག་ཅིང་། ཚུལ་ཁྲིམས་གཙང་མ་དེ་གོས་བྱས། ཕར་ཕྱིན་དྲུག་གིས་རྒྱན་བྱས་ནས་གྱོན་རྒྱུ་བཏགས་རྒྱུར་བྱས་ན་ཡང་ཆོག་པ་ཡིན། འོན་ཀྱང་འདི་ཟ་ཆོག་འཐུང་ཆོག་མི་མགོ་གཡོག་བྱེད་ཀྱི་ལག་ཆ་ཞིག་རེད་བསམས་ནས། དཀོན་མཆོག་གི་ཕག་ནས་ལོག་འཚོའི་འཚོ་བའམ་མ་དག་པའི་འཚོ་བ་སྐྱེལ་བར་བྱེད་པ་ནི། རྒྱུན་གྱི་སྨོན་ལམ་དག་ལས་ཀྱང་དེ་འདྲའི་ལུས་མི་ལེན་པར་ཤོག་ཅེས་སྨོན་ལམ་རྒྱག་ཡུལ་དུ་འགྲོ་བ་ཡིན་པས། ཚེ་འདིའི་དོན་རྐྱང་པ་སྒྲུབ་ཤེས་པ་ཙམ་ལ་ཕོ་རྒོད་པོར་རྩི་བ་མ་རེད། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་ཤིག་བླངས་པ་འདིའི་ཐོག་ནས། རང་གཞན་ཀུན་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ཐུབ་ན་མྱི་སྐྱེས་པའི་དགོས་དོན་དེ་ནས་ཚང་བ་རེད། མི་དང་དུད་འགྲོའི་བར་གྱི་མི་འདྲ་བའི་ཁྱད་ཆོས་ཁྱད་འཕགས་ཤིག་དེ་ནས་འདོན་ཐུབ་དགོས་པ་རེད། དེ་ཡང་བཀའ་གདམས་པའི་དགེ་བའི་བཤེས་ཤིག་གིས། དལ་འབྱོར་གྱི་ལུས་རྟེན་ཐོབ་ནས་ཆོས་རྣམ་དཀར་དགེ་བའི་ལས་ཤིག་མ་སྒྲུབ་ན། ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ཞིག་ལག་ཏུ་ལོན་ཡང་། དེ་ལ་གསོལ་བ་བཏབ་ནས་ལོངས་མ་སྤྱད་པར་ཕྱིར་འཕང་བ་དང་འདྲ་བར་གསུངས་པ་དང་། མ་ཚད་ད་དུང་སྡིག་པ་མི་དགེ་བའི་ལས་དག་གསོག་པ་ནི། ནོར་བུ་རྩ་ཆེན་དེ་དུག་དང་འདྲེས་པའི་ཟན་རྡོག་ཅིག་དང་རྗེས་པ་དང་འདྲ་བ་ཡིན་ཅེས་གསུངས་པ་ཡིན། དེས་ན་ཚེ་འདིར་ཨེ་སྐྱིད་དང་། བསམ་དོན་ལམ་དུ་ཨེ་འགྲོ་བསམ་ན་ཆོས་བསྒྲུབ་དགོས་པ་རེད། མི་རང་གི་ནུས་པས་བསྒྲུབ་མི་ཐུབ་རྒྱུ་དེ་དཀོན་མཆོག་ལ་གསོལ་བ་བཏབ་ནས་བསྒྲུབ་ན་འགྲུབ་ཐུབ་པ་རེད། བསོད་ནམས་བསགས་པའི་འབྲས་བུ་དང་། དཀོན་མཆོག་གི་ཐུགས་རྗེ། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་གི་མཐུ་ཡིས་འགྲུབ་ཐུབ་པ་རེད། འགྲུབ་པ་དེ་ཡང་འབད་པ་མི་དགོས་པར་འགྲུབ་པ་རེད། ཕྱི་མར་ཨེ་བདེ་བསམ་ན་ཡང་དམ་པའི་ལྷ་ཆོས་བསྒྲུབ་དགོས་པ་རེད། བསམ་པ་རྣམ་པར་དག་པའི་སེམས་བསྐྱེད་ཀྱིས་ཟིན་ན་ས་བོན་ཆུང་ཡང་འབྲས་བུ་ཆེ་བའི་དཔེ་བཞིན་དུ་ཕྱི་མ་དགེ་འབྲས་ཟད་མེད་ལ་ལོངས་སྤྱོད་རྒྱུ་ཡོད་པ་རེད། ཕ་མའི་དྲིན་ལན་ལ་བསམ་ན་ཡང་དམ་པའི་ལྷ་ཆོས་བསྒྲུབ་དགོས་པ་རེད། ཕ་མ་རྒྱབ་ཏུ་ཁུར་ནས་ས་ཆེན་པོ་བསྐོར་བ་བྱས་ཀྱང་དྲིན་ལན་གསོབ་པ་མ་རེད། དྲིན་ལན་ཆོས་ཀྱིས་གསབས་ན་ཚེ་རབས་མང་པོའི་དྲིན་ལན་འཕྲོད་པར་གསུངསཡོད། རང་གཞན་གཉིས་ཀའི་མགོ་འདོན་བསམ་ན་དེ་བས་ཀྱང་ཆོས་བསྒྲུབ་དགོས་པ་རེད། འཁོར་བ་མ་སྟོང་གི་བར་དུ་གཞན་དོན་ལ་བརྩོན་རྒྱུའི་སེམས་བསྐྱེད། དེའི་སེམས་བསྐྱེད་དེ་བླངས་ལ་མ་ཉམས་པ་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྟེང་ནས། སེམས་མཆོག་བསྐྱེད་པས་མི་ཚད་སྐྱེས་པ་ཞིག་བྱེད་ཐུབ་ན་སོ་སོའི་སྐྱེ་བོའི་ས་ན་གནས་ཀྱང་རྒྱལ་སྲས་སེམས་དཔའི་བཞུགས་གྲལ་དུ་ཚུད་ནས་ལྷ་མི་ཀུན་གྱི་མཆོད་འོས་འགྱུར་ཐུབ་པ་ཡིན། མ་ཚད་སྡིག་པ་སྟོབས་ཆེན་འདིས་དག བསོད་ནམས་རླབས་ཆེན་འདིས་སོག བདུད་ཀྱི་རུ་མཚོན་རྩེ་ནས་སྙིལ། བསྟན་པའི་རྒྱལ་མཚན་གནམ་དུ་ཡང་སྒྲེང་བ་ཡིན་པས་ན། ཚེ་གཅིག་ཡུན་ལ་ཕན་པའི་དམ་ཆོས་ད་རེས་མ་བསྒྲུབས་དུས་བྱིས་པའི་ནང་གི་བྱིས་པ། ཐ་ཤལ་གྱི་ནང་གི་ཐ་ཤལ། བསམ་མེད་ཀྱི་ནང་གི་བསམ་མེད་ཡིན་པའི་གོ་དོན་ལ་བསམ་བློ་ཡང་བཏང་རེ་གྱིས། ཡིན་མིན་གྱི་བརྡར་ཤ་རེ་ཆོད་དང་། རང་དྲིན་རང་ལ་ཆེ་བའི་བློ་སྒོ་རེ་འབྱེད་སྲིད་པ་ཡིན། ཆོས་སྒྲུབ་དུས་ཚོང་པ་འདོད་ཆེན་ཚོངའདུས་ཀྱི་ཁྲོམ་དུ་ཐོན་འདྲ་ཞིག་གྱིས་ཞེས་ཁ་སྔོན་ཞིག་ལ་བཤད་པ་ཨོས་ཡིན། གང་གི་ཁེ་འདུག་གང་གི་མནོག་འདུག་རྒྱུ་ཡག་པ་གོང་ཁེ་པོ་ཉག་ལ་རན་ཞིང་བེད་ཆོད་པ་དེ་གང་རེད་བལྟས་ནས་དེ་ལག་ཏུ་ལོན་པའི་དོན་གཉེར་བྱེད་དགོས་པ་རེད་མ་གཏོགས། རང་དགར་ཅི་ཡིན་འདི་ཡིན་མེད་པའི་ཁྲལ་འགྲོ་ཁྲལ་འདུག་ཅིག་གིས་དོན་ཆེན་པོ་ཞིག་ཆོད་པ་མ་རེད། སྤྱིར་ན་མྱི་ཟེར་རྒྱུ་འདི་འདོད་པ་ཆེ་བ་རེད། གཅིག་ལོན་དགོས་སྣང་གིས། དངོས་པོ་རྡོ་རིལ་རིལ་གཅེས་པ་ཞིག་ཡོད་པ་དེས་ཅང་མ་ལོ་ན་ཡང་ཁྱེར་འགྲོ་བ་རེད་མོད། རྒྱུ་ནོར་རྩ་ཆེན་ཨེ་ལེན་ལྟ་ས་ཆོས་གྲྭའི་ནང་ནས་ཡིན། ཚེ་འདི་ཕྱི་དང་རང་གཞན་གཉིས་ཀ་ལ་ཕན་ཐག་ཆོད་ཀྱི་གདམས་ངག་གང་ཡོད་འདུག གང་གི་བཟང་འདུག་ད་སྔོན་མ་ཤེས་པའི་གསར་བ་གང་ལོན་ཐལ། སྡུག་ཐུག་པའི་ཉིན་པར་འདང་རྒྱག་འདི་འདྲ་ཞིག་དགོས་བསམ་པའི་ཞེ་ལ་བཟུང་རྒྱུའི་ཚིག་ཅིག རུམ་དུ་བཅུག་རྒྱུའི་བྲོ་ཞིག་ལོན་ཡོད་ན་བུ་རབས་དེ་ཡིན། མྱི་ཟེར་རྒྱུ་འདི་དགྲ་གཉེན་ཆགས་སྡང་གི་དུས་འདའ་ནས། དེའི་ཕྱོགས་ལ་འཁྲུལ་བཞིན་ཡོད་པ་དང་། མི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་སྣ་འདྲེན་ཆགས་སྡང་གཉིས་ཀྱིས་བྱས་པས། རང་དང་གཉེན་གྱི་ཕྱོགས་ལ་ཆགས་ནས་དེའི་ཕྱོགས་བཟུང་། དེ་ཉིད་ཡག་ཐབས། རྒྱན་ཐབས། རེད་ཐབས་ཤིག་མི་ཐོན། མི་རེད། མི་འགྲུབ་པར་དེའི་དོན་དུ་ཆེ་ན་སྲོག་ཞ། ཆུང་ན་ནོར་རྫས་བརླགས། འབྲིང་ན་དཀའ་བ་སྤྱད་བཞིན་ཡོད་པ་དང་། དགྲ་དང་དེའི་ཕྱོགས་ལ་སྡང་བ་སྐྱེད་ཅིང་། དགྲ་གཉེན་ནི་མ་ངེས་པ་ཡིན་པས་གཉེན་ཡིན་དུས་བསྟོད་ཁུལ་བྱེད། དེ་དགྲ་རུ་འགྱུར་དུས་ངན་སྨོད་བྱེད་ཁུལ་བྱས་ནས་ངོས་ལྐོག་གཉིས་ཀ་ནས་འབར། རྐྱེན་དང་འཕྲད་དུས་དོ་ཞག་ཕྱོགས་ཁག་གཉིས་ཀྱི་རིགས་རུས་ནང་མཐུན་གྱི་སྤུན་ཟླ་ནང་དམེ་བྱས་ནས་ཤི་རྨས་གཏུགས་པ་དང་འདྲ་བར། འུ་ཅག་རྣམས་ཀྱིས་གོང་དུ་ལྷ་མ་ཡིན་གྱི་གཡུལ་འཐབ་ཀྱི་སྡུག་བསྔལ་བཤད་པ་ལྟར་དུ། འཇིག་རྟེན་མིའི་ལུས་ཐོག་ཏུ་ལྷ་མ་ཡིན་གྱི་སྡུག་བསྔལ་དངོས་སུ་རང་གིས་དྲང་བར་བྱེད་དུས། ཡུན་རིང་པོའི་བར་དུ་བདེ་བདེ་སྐད་ཅིག་ཀྱང་ཡོད་པ་མ་རེད་མོད། དེ་འདྲ་དེ་གང་ནས་བྱུང་ན་མི་རེ་གཉིས་ཤིག་གི་ཁོག་པའི་ནང་གི་རླུང་རྒྱུ་ལན་ཞིག་དང་བསམ་མནོ་བཏང་ནོར་ཞིག་རེད་དུས་ཤི་ཕུང་ལྷག་བརྫབས་བྱས་སོང་བ་རེད། དེ་དུས་འགྱོད་པ་སྐྱེས་ཀྱང་འཕྱིས་སོང་བ་རེད། ཁ་རྩང་འདི་ནས་ཁོང་རྣམ་པ་བྱོན་ནས་ཉི་མ་ཞེ་དགུའི་ཚེ་ལ་ཕན་ཚུན་གཉིས་ཀས་གཅིག་གིས་གཅིག་ལ་ཕར་དགྲ་ཚུར་གནོད་མི་བྱེད་པའི་ཆིངས་བརྒྱབ་པ་ནི། མ་འདྲ་བའི་མཛད་པ་ཡག་མོ་རེད་ཡོད་འདུག ཉིན་མཚན་གཉིས་ཀ་ལ་བྱོན་པ་རེད། ཞབས་ཐང་ཡང་མང་པོར་བྱོན་དགོས་བྱུང་འདུག་ཀྱང་། འོ་བརྒྱལ་མཛད་པ་དེ་མཛད་རིན་ཡོད་པ། མཛད་གོ་ཆོད་པའི་མཛད་རྗེས་རྨད་དུ་བྱུང་བ་རེད་ཡོད་པ་རེད། གཅིག་ན་འཁོན་བསྡུམ་གྱི་མཛད་པ། གཉིས་ན་མི་འཇིགས་པ་སྲོག་གི་སྦྱིན་པ་ཡིན་པ་རེད། གཅེས་པ་རང་སྲོག་ལ་མི་གཅེས་པ་ནི་འཇིག་རྟེན་འདི་ན་ཡོད་པ་མ་རེད། བྱ་བ་དེ་འདྲའི་ནང་དུ་ཚུད་དུས་འདུག་སྟངས་ལས་སྟངས་གཉིས་ཀ་མ་བདེ་བར་རེད་ཚར་བ་རེད། ཁྱད་པར་དུ་དམེ་སོང་བའི་ཉི་མ་འདི་དག་གི་དུས་འདི་ཉེན་ཁ་ཆེ་བའི་སྐབས་རེད་མོད། ས་གནས་ཀྱི་རྫོང་སྤྱི་བདེའི་ལས་བྱེད་པ་ལ་སོགས་པས་ཀྱང་སྐད་བརྡ་མ་འཇག་ནས་གཏམ་ཚིག་བསྲེ་ས་མ་ལོན་ནས་བསྡད་ཡོད་པར་གསུངས་ཁི། འདིའི་ཉི་མ་ཞེ་དགུ་ཟླ་བ་གཅིག་ལྷག་ཅིག་རིང་ལ་མ་སྐྱོན་དུས་དེ་རྗེས་ལམ་རེ་དོད་རྒྱུའི་རེ་བ་ཡོད་པ་ཡིན། མཐར་ཡག་པ་ཞིག་ཡོང་རྒྱུ་སྐྱབས་འགྲོ་སྨོན་ལམ་བྱེད་བཞིན་ཡོད། ཁྱེད་རྣམས་པས་འོ་བརྒྱལ་མཛད་པ་ལ་ངས་རྗེས་སུ་ཡི་རང་ཞུ། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་བ་ཡི། །བྱང་ཆུབ་སེམས་དཔའ་དལ་གྱིས་འགྲོ་མི་མཛེས། །ཞེས་པ་བཞིན་དུ་རྟ་ཟིན་སྒ་ཟིན་ཁ་འཁོར་ལྕག་རྒྱག་བྱས་ནས་དེ་ལྟ་བུའི་མཛད་པ་དོན་ལྡན་ལ་ཐུགས་བྲེལ་བྱས་པ་ནི་དོན་དང་ལྡན་པ་ཁ་ཡོད་ལག་ཡོད་ཀྱི་སེམས་ཅན་ལ་ཕན་པའི་མཛད་པ་རེད་སྙམ། དམ་པའི་ཆོས་ཕྱོགས་མི་རིགས་ཀྱི་ལ་རྒྱ་གང་གི་ཐད་ནས་ཀྱང་བཟང་དཔེ་ཞིག་རེད། དེ་འཕྲོས་མཐའ་ཆོད་པའི་བྱ་བ་ཞིག་སྒྲུབ་དགོས་ན། ཁ་ལ་དབང་དང་། ལག་གི་ཆོད་ཡོད་དགོས་པས། དེ་རིང་ཁ་སང་དབང་མྱི་ལག་དང་ཅོ་ཐོ་ཤིང་ལག་ཡིན་པའི་དུས་ཚོད་འདིར། གནའ་ཚུན་ཆོད་ཀྱི་ཆོས་ཀྱི་འབྲེལ་བ་ཡིས་གཅིག་སེམས་གཅིག་ལ་ཡོད་པའི་རྣམ་པ་ཕྱིར་མངོན་པ་ཙམ་མ་གཏོགས། ས་གནས་ཁ་ཁ་སྡེ་རིས་ཁ་ཁ་རེད། ད་ལྟའི་གནས་སྐབས་ལ་ལྷག་བསམ་སྔོན་འགྲོའི་བྱ་བ་གང་ཡིན་ན་རྣམ་པ་ལམ་བྱེད་བྱེད་འདུག་པ་མིན་ཀྱང་། གནས་དུས་ཡུལ་དབང་གིས་མང་ཆེ་བ་སྨོན་པ་ལམ་བྱེད་ལ་ལོག་འདུག་པ་འདི་ཡང་ལྡོག་མེད་ཅིག་ཡིན་པ་རེད། ད་འདི་ནས་ཅི་ཞིག་བཤད་ཀྱིན་ཡོད་ཟེར་ན། དགྲ་ལ་སྡང་། གཉེན་ལ་ཆགས་ནས་འཇིག་རྟེན་འཁོར་བའི་འཁྲུལ་སྣང་འདི་ཤར་བ་ཡིན་ན། དེ་ལྟ་བུའི་ཆགས་སྡང་དེ་ཡང་གཉིས་མཉམ་གཏི་མུག་གི་དབང་གིས་ཡོང་བ་རེད། ལར་མ་གཞི་སྲིད་རྩ་བདག་འཛིན་གྱི་དབང་གིས་འཁོར་བར་འཁྲུལ་བ་ཡིན་ཀྱང་། ལེགས་ཉེས་བཟང་ངན་འབྱེད་པའི་ཤེས་རབ་ཀྱི་སྟོབས་དང་སྣང་བ་ཞན་པས་རྨོངས་ནས་གཏི་མུག་པའི་དབང་གིས་སྡུག་བསྔལ་མ་འདོད་ཀྱང་སྡུག་བསྔལ་བསྐྱེད་བཞིན་ཡོད་པ་རེད་མོད། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །གསུངས་པ་ལྟར་རེད། ད་དགྲ་ངོ་མས་འདུལ་དགོས་འདུག་བསམ་ན། འདུལ་ལུགས་ཡང་དམ་པའི་ཆོས་ལས་རྙེད་རྒྱུ་ཡོད་པ་རེད། དགྲ་ལ་བླ་བརྩགས་ངན་བཤད་བྱེད་ཁུལ་བྱས་པའི་འབྲས་བུ་ཅི་ཞིག་སྨིན་རྒྱུ་ཡོད་པ་རེད་ཟེར་ན། དོན་གྱི་ཐོག་ནས་དགྲའི་སྟོབས་ཤུགས་དང་ངར་ཤུགས་དེ་ཡར་འཕེལ་བར་བྱེད་བཞིན་ཡོད་པ་རེད། ཡས་མས་ཚང་མ་ལ་ངན་སེམས་འཚག་པ་དེས་དགྲ་ཇེ་མང་དུ་གཏང་བཞིན་ཡོད་པ་རེད། མེ་མེད་ན་དགའ་བར་བསམ་བཞིན་ཤིང་རང་གིས་བསྣན་པ་འདྲ་ཞིག་ཡིན་པ་རེད། དགྲ་མེད་པར་བྱེད་པ་དེ་དགྲ་འདུལ་ལུགས་ཀྱི་ནང་ནས་དྲག་ཤོས་ཡིན་པ་རེད། དགྲ་འཇམ་པོས་འདུལ་ན་མེད་པར་བྱེད་ཐུབ་པ་རེད། རྩུབ་མོས་འདུལ་ན་ཞེ་སྡང་གིས་ཞེ་སྡང་ཐུལ་དཀའ་བ་རེད། འཛམ་གླིང་ཐོག་གི་སྟོབས་འབྱོར་དབང་ཤུགས་དང་ལྡན་པ་ཚོས་ཉམས་ཆུང་དམན་པའི་རིགས་ཡིན་ཀྱང་སླ་མོ་ཞིག་གིས་ཞེ་སྡང་གི་འདུལ་དུས་མི་ཐུལ་བར་འདུག་མོད། འཇམ་པོས་རྩུབ་མོའང་འདུལ་ནུས་ན། །འཇམ་པོ་ཉིད་ལ་སྨོས་ཅི་དགོས། །འཇམ་ལ་དུས་སུ་རྣོ་བ་ནི། །དགྲ་རྣམས་ཀྱིས་ཀྱང་ཐུབ་པར་དཀའ། །ཞེས་གསུངས་པ་རེད། འོ་ན་འཇམ་པོ་ཞེས་པ་དེ་གང་ལ་ངོས་བཟུང་དགོས་པ་རེད་ཟེར་ན། སྙིང་རྗེའི་བློ་དང་བྱམས་པའི་སེམས་ཡིན། དེས་ཁྱབ་སོང་ན་དགྲ་ལ་ལྷག་པར་སྙིང་བརྩེ་སྐྱེ་བ་རེད། དགྲ་ཐབས་ཀྱིས་འདུལ་བ་དཔའ་བོ་མཁས་པའི་ལུགས་ཡིན་གསུངས་ཡོད་མོད། གཉེན་བྱམས་པས་སྐྱོང་ཟེར་ཁུལ་བྱེད་པ་རེད་ཀྱང་། བྱམས་པས་སྐྱོང་ལུགས་མ་ཤེས་ན་བཟང་མི་ལོབ་སྟེང་ངན་ལོབས་ནས་ངན་པ་ལང་ཤོར་དུ་སོང་ནས་ཁྱིམ་ཕ་མའི་གོ་ཁར་འགྲོས་རྒྱུ་བོ་ཕྱི་རུ་ཚད་ཁུལ་བྱེད་ས་ནས་ཆག་སྒོ་ཁ་སྨྲས་གཉིས་ཀ་ཉོ་བ་རེད། བུ་ཚ་རྒྱུད་འཇམ་རྩུབ་རན་མོས་ལམ་དུ་བཞག་དགོས་པ་རེད། ཁྱད་པར་དུ་བླ་མ་གྲྭ་བའི་གྲལ་དུ་བཙུད་ཚར་དུས། བདག་མེད་རི་ཡན་མ་བྱེད་མ་གཏོགས། བསྟན་པ་སྤྱིའི་སེལ། གང་ཟག་རང་གི་བྱུར། ཁྱིམ་ཕ་མེས་རིགས་བརྒྱུད་དང་བཅས་པའི་ཞབས་འདྲེན་པ་རེད་ཡོང་བ་ཡིན། དམ་ཆོས་འདུལ་བའི་ལུགས་བྱས་ན་ཆོས་ཚུགས་རང་གི་ངོས་ནས་མ་ཟིན་གྱི་བར་དུ་གནས་ཀྱི་སློབ་དཔོན་ལ་བསྟེན་དགོས་པ་ཡིན། འཁྲིད་ཅིང་སྐྱོང་བ་བྱེད་པའི་མཁན་པོ་ལ་ལྟོས་དགོས་པའི་ཕྱིར་ན་ད་ལྟར་གྱི་ཆོ་གས་རབ་ཏུ་བྱུང་དགོས་པར་གསུངས་ཡོད། འཕྲུལ་རྟ་ཞིག་དང་ཁ་པར་ཞིག་ལག་ཏུ་བཞག་ནས་ད་རྒྱུགས་ད་ཤོད་ཅེས་པ་ལྟ་བུ་ཞིག་ལ་བཞག་ཚེ། དེའི་ལམ་ལ་ཞེན་སོང་དུས་སོ་སོའི་སྐྱེ་བོ་ལ་བཟང་གོམས་ཀྱི་བག་ཆགས་ཡོད་པ་མ་རེད། བཟང་སློབ་པའི་བཅར་ཡ་བསྟེན་ས་ནི་མེད་པས་མ་ཚད། ཐ་ན་ཕ་མའི་ཁ་དགྲ་གསག་པ་ཡང་ཟུར་དུ་མེད་དུས་སྐྲ་ཞིག་བྲེགས་གོས་མདོག་ཅིག་བསྒྱུར་བས་ཅི་ཞིག་ཕན་ཐོགས་ཡོད། ཇོ་སེར་སུ་ཡིན་ཀྱང་དེ་རེད། ནང་མ་འགྱུར་དུས་ཕྱི་བསྒྱུར་བས་ཤིང་ཏོག་ཨ་སྨྲའི་འབྲས་བུ་ཕྱི་སྨིན་ལ་ནང་མ་སྨིན་པ་གསུངས་ནས་དཔེ་བཞག་ཡོད་མོད་དེ་ལྟར་རེད་འགྲོ་བ་ཡིན། བར་མཚམས་ཤིག་ལ་ལས་མཐའ་ལོག་ནས་མི་ནག་སྐྱེ་བོ་ལས་སྡུག་པའི་ལས་མཐའ་འཁྱོལ་པ་ཡོད་པའི་དཔེ་ལུང་མང་པོ་དྲངས་མི་དགོས་པ་རིག་རྒྱུ་ཡོད་པ་རེད། གྲོང་ལྟག་གི་བཙུན་ཆུང་རྒྱ་རྡོ་མགོ །མིང་བན་དེ་བཏགས་ཀྱང་ལུས་བསྒྱུར་ཡིན། །གསུངས་པ་ཅན་པོ་འགྱུར་བ་ཡིན། རྒན་གཞོན་འབྲིང་གསུམ་རབ་བྱུང་ཁྱིམ་པ་སུ་ཡིན་ཀྱང་། མདོར་ན་ཆོས་པ་ཞིག་ཡིན་ནས་བཟུང་སྟེ་རྟག་ཏུ་རང་རྒྱུད་འདི་ལ་བྱི་དོར་གྱི་སྟེང་ནས་རང་སྐྱོན་ངན་པ་འདི་ལྷང་ལ་ཕུད་པ་དང་། རང་གི་མཚང་ནས་འདོན་ཐུབ་པའི་དམ་པའི་ཆོས་དང་རང་རྒྱུད་ཐག་ཇེ་ཉེ་ཞིག་སོང་ནས་འདི་ཕྱི་རང་གཞན་གྱི་བདེ་བའི་ལམ་དུ་བསྐྱོད་ཐུབ་པ་ཞིག་ཡོང་དགོས་པ་ཡིན། རང་རེས་འདི་ནས་ཆོས་གྲྭ་ཞིག་བཟུང་། ཆོས་དུང་ཞིག་བུས་ནས་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་ལ་ཆོས་གཏམ་རེ་བཤད་རྒྱུའི་ཚུགས་ཀ་བྱེད་བཞིན་ཡོད་པ་ནི། གང་ཟག་རེ་རེ་ཡིན་ཀྱང་བློ་སྣ་དམ་པའི་ཆོས་ཕྱོགས་ལ་འགྱུར་ཨེ་ཐུབ། དམ་པའི་ཆོས་ཀྱི་རང་རྒྱུད་ཅིག་ཐུལ་ནས་འདིར་བཞུགས་རེ་རེས་ཀྱང་སེམས་ཅན་སྟོང་ཚོ་ཁྲི་ཚོ་ལ་ཕན་ཐོགས་ཤིག་འབྱུང་རྒྱུའི་བསམ་པའི་ཀུན་སློང་དེ་ལྟར་བྱས་ནས་ཉིན་ལྟར་འཆད་བཞིན་པ་རེད། བར་སྲིད་ཀྱི་སེམས་ཅན་ལ་རང་དབང་ཡོད་པ་མ་རེད་ཤོག་སྐྱ་རླུང་གིས་ཁུར་བ་འདྲ་ཞིག་ཡིན་པ་རེད། མཚམས་རེ་བར་དོའི་སེམས་ཅན་གཅིག་གིས་གཅིག་རིག་དུས་ངོ་ཤེས་ས་རེ་དང་ཐུག་ཙམ་རེ་དང་། ཆོས་གོ་བ་ཚོས་ཆོས་ཕྱོགས་ཀྱི་གཏམ་རེ་བྱེད་དུས་ཚིག་རྔ་མི་བུད་ནས་ལས་ཀྱི་རླུང་གི་བདའ་འགྲོ་བ་ལྟར་དུ། འུ་ཚོའི་སྣང་བ་འདི་ཡང་རང་བཞིན་སྐྱེ་གནས་ཀྱི་བར་དོ་འཁྲུལ་སྣང་ལ་སྤྱོད་བཞིན་པ་ཡིན་པ་རེད། སེམས་ཐོག་ལ་རེ་རེ་འདུག་ཁུལ་བྱེད་དུས་འདི་ཕྱི་རང་གཞན་གཉིས་ཕན་གྱི་བདེ་དོན་ལ་ཅིས་དགའ་འདུག་ཅན་པོ་བཤད་ནས་ཆུ་ཚོད་རེ་ཡས་མས་དང་། ལོ་གཅིག་གི་ནང་ནས་ཐེངས་མ་རེ་གཉིས་ཆོས་ཕྱོགས་ཀྱི་གླེང་མོལ་བྱས་པ་ཙམ་རེ་རེད། ཡང་རང་གཞན་གཉིས་ཀ་དེའི་ཐོག་ཡོད་དཀའ་བ་རེད། འཁྲུལ་བ་ཚན་ཆེན་གྱི་འགོ་འཇོག་ལུགས་བཙོག་སོང་བའི་དབང་གིས། དབང་མེད་ལས་དང་ཉོན་མོངས་པའི་ཤུགས་ཀྱི་ཆུ་ཆེན་གྱིས་རྩྭ་སྦུར་དེད་པ་ལྟར་དེའི་ཕྱོགས་སུ་ཤོར་འགྲོ་བ་ཡིན་བ། འདི་འདྲའི་དགོན་ཁག་མང་པོའི་བླ་གྲྭ་དགེ་འདུན་པ་སྡེ་སྣོད་འཛིན་པ་མང་པོ་འཛོམས་ས་ནས། དོན་མེད་ཀྱི་ཆོས་རྒྱུས་ཡོད་འདོག་གི་སྐད་ཆ་ཆུང་ཆུང་བཤད་ན་ཕན་ཐོགས་མེད་ཀྱང་། སྤྱིའི་ཡིན་ལུགས་དེ་ལྟར་རེད། ཁ་སང་འུ་ཚོས་ཚོགས་འཁོར་དང་རབ་གནས་འཚོགས་པ་རེད། རྣམ་པ་ཚང་མ་ས་རློན་གྱི་སྟེང་ནས་སྐུ་བསིལ་ས་ཡོད། རྫོགས་ཆེན་ཚང་གི་དབུ་མཆོད་བརྒྱད་ཅུ་ནང་གི་འགའ་རེ་ཡོད་བཞག་པ་བོས་མཐོང་བརྒྱུད་ཀྱི་ཕྱག་ལེན་དང་གདངས་དབྱངས་འདོན་རྟ་དང་། འབུད་བརྡུངས་དཀྲོལ་གསུམ་ཆོ་ག་ཕྱག་ལེན་ལ་སོགས་པར་ཁྱད་ཆོས་ཡོད་པ་ཁ་སང་གི་དེ་རེད། དེ་ཚོ་ཟུར་ཙམ་ཞིག་རེད། འདི་འདྲའི་དགོན་ཁག་མང་པོའི་བླ་གྲྭ་དགེ་འདུན་པ་དང་། ཡང་དགོས་སྡེ་སྣོད་འཛིན་པ་མང་པོ་འཛོམས་ནས་རབ་གནས་དང་ཐུགས་སྨོན་གནང་བ་འདིས་སྤྱིར་བཏང་བའི་ཕན་པ་འབྱུང་ཟེར་བ་འདྲ་ཞིག་ག་ལ་ཡིན། དོན་དང་ལྡན་པ་ངོ་མ་ཞིག་རེད། འདིའི་སློབ་དཔོན་ཆེན་པོའི་སྐུ་བརྙན་འདི་བསྟན་འགྲོ་སྤྱིའི་ཞབས་རིམ་དུ་དམིགས་པ་ཡིན། འདིའི་མཚན་ལ་ཡིད་བཞིན་དབང་གི་རྒྱལ་པོ་གསོལ་ཡོད། དེ་ནི་གུ་རུ་ཁོང་ཉིད་ཀྱིས་གསུངས་པའི་གཏེར་ཁ་སོ་སོ་ནས་ཐོན་པའི་དོན་གྱིི་མཚན་ཞིག་རེད། དུས་འདིར་ལྷག་པར་དུ་རྟེན་འབྲེལ་གྱི་ཆེ་བ་བསྐྱེད་ན་ལེགས་ཚོགས་ཀྱི་སྒོ་འཕར་འབྱེད་རྒྱུ་རེད་བསམ་པ་ཡིན། ཁ་སང་འབྲོག་པའི་སྦྲ་ནག་སྟེ་ཚོགས་སྦྲ་ཡི་ནང་དུ་འཚོགས་པ་དེ་ཉིད། སྐུ་ན་གཞོན་པ་ཚོས་ཕྱིན་ཆད་མི་བརྗེད་པའི་དྲན་རྟེན་དུ་ཡང་ཡོང་སྲིད། རྫོགས་ཆེན་འབྲོག་རུ་སྡེ་བའི་བ་སྲས་སྡེ་ཕྱོགས་ཀྱིས་རང་རེའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་སར་ཕུལ་བ་རེད། ཁ་སང་འཚོགས་རྒྱུ་དེ་རྐྱང་བས་ཀྱང་ཕུལ་གོ་ཆོད་པར་འདུག དགེ་འདུན་པ་འདི་ལྟར་འདུས་ཡོད་ན། འདིའི་ནང་ན་རྒན་དར་གཞོན་གསུམ་ཡོད་པ་ནི་རེད། རྒན་གྲས་ངེད་ཚོ་ལོ་དྲུག་ཅུ་བདུན་ཅུའི་ན་ཚོད་ཅན་རྣམས་རེད། མང་ཆེ་བ་དར་མ་ལོ་ཉི་ཤུ་ཡན་ཆོད་བཞི་བཅུ་མན་ཆོད་ཀྱི་དགོངས་གྲངས་ཅན་མང་འདུག ཨ་སྐྱོང་སྐལ་བཟང་ཟླ་འོད་དང་། དགུ་རོང་པདྨ་ཟིལ་གནོན་རྣམ་པ་ལྟ་བུའི་ཆུང་ཆུང་ལོ་བརྒྱད་དགུ་ཅན་ཡང་ཡོད་པ་རེད། འདི་འདྲའི་འདྲ་འདྲེས་ཆ་མ་མཉམ་པ་འདིས་ཅི་ཞིག་མཚོན་གྱིན་ཡོད་པ་རེད་ཟེར་ན། འདས་པའི་བསྟན་ཞབས་སྐྱོང་། ད་ལྟའི་བསྟན་སྲོག་འཛིན། མ་འོངས་པའི་བསྟན་རྒྱུན་མཐུད་པ་ལ་འདིའི་རྒན་དར་གཞོན་གསུམ་གྱི་བསྟན་འཛིན་གྱི་སྐྱེས་བུའི་བར་རིམ་དེ་བརྒྱུད་དགོས་པས་རེད། ཚེ་མི་རྟག་པ་ཡིས་བློ་སྣ་བསྐྱེད་ནས་མི་རྟག་པ་སྒོམ་དུས་གང་ཟག་སྒེར་ངོས་ནས་སང་དང་འཆི་བ་གཉིས་སྔོན་དུ་གང་ཡོང་མི་ཤེས་བསམ་ནས་བློ་སྣ་བསྟུང་དགོས་པ་ཡིན་ཀྱང་། བསྟན་དོན་སྤྱི་ལ་ཐུག་དུས་མ་འོངས་སེམས་ཅན་གྱི་བདེ་སྐྱིད་འདྲེན་ཆེད་དུ། བསྟན་པ་སྤྱི་སྲོལ་ལྟར་ཡུན་གནས་དང་དར་རྒྱས་ཡོང་ཆེད་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་བསམ་བློ་བཏང་དགོས་པ་རེད། རྟེན་གསུམ་གྱི་བཞེངས་སྐྲུན་འདི་ཚོ་སྲ་མོ་བརྟན་པོ་ཆ་ཚང་བ་ཞིག་བྱེད་པ་འདི་ཡང་ལོ་ལོན་ཞིག་གི་ཚེ་མཇུག་མ་དགོས་བྱིས་པ་རྣམས་ཀྱི་ཚེ་ཚུན་ཆོད་དུ་བསམ་ན་ཡང་དེ་འདྲའི་སྲ་མོ་ཞིག་དགོས་པ་མིན་ན་ཡང་། མ་འོངས་ཕྱི་མའི་བསྟན་རྒྱུན་ལ་བསམ་པ་ཡིན། བསྟན་པ་བེམ་པོའི་དངོས་པོ་དག་དག་ལ་བརྟེན་ཡོད་པ་མིན་ཀྱང་རྟེན་གཞི་དེ་ལ་བརྟེན་པའི་དགེ་འདུན་གྱི་སྡེ་འཕེལ་བས་བསྟན་སྲོག་ཡུན་དུ་གནས་པའི་བསམ་བློ་བཏང་ནས་ཆོས་རྒྱུན་ཀྱང་སྤེལ་བཞིན་ཡོད་པ་རེད། མདོར་ན་མཐའ་ཡས་སྐྱེ་དགུའི་ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དམིགས་ནས་དམ་པའི་ཆོས་འཛིན་པ་ནི་བསྟན་འགྲོར་སྨོན་པའི་མཛད་བཟང་། ཆོས་འཆད་ཉན་བྱས་པའི་དོན་འབྲས་རེད་ཞུ་བ་དང་མཉམ་དུ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།