Nitartha Digital Library
Tibetan
 
previousཉིན་གསུམ་པའི་ཆོས་ཁྲིད།next

ཉིན་གསུམ་པའི་ཆོས་ཁྲིད།

འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོ་བསྒྲུབ་རྒྱུའི་ཐེག་ཆེན་བྱང་ཆུབ་སེམས་ཀྱི་ཀུན་སློང་རྣམ་པར་དག་པ་ཞིག་འཆང་ནས། དེ་དོན་ཐོག་ལ་འཁྱོལ་བའི་སྒོ་ནས་དམ་པའི་ཆོས་ཀྱིས་འགྲོ་བའི་སེམས་རྒྱུད་འདུལ་བ་བྱེད་པ་ལ། ཐོག་མར་སེམས་ཅན་གྱི་འདྲེན་སྟོན་བྱེད་མཁན་རང་ཉིད་ཀྱི་བློ་སྣ་ཆོས་ལ་ཕྱོགས། བློ་ཆོས་སུ་འགྲོ་བ་བྱེད་རྒྱུ་བོ་ཆོས་པ་ཞིག་གི་གོམ་པ་དང་པོ་ཡིན་ཅེས་ཁ་སང་གོང་ནས་བཤད་པ་རེད། རང་བློ་ཆོས་སུ་འགྲོ་བ་བྱེད་པ་ལ་བློ་ཆོས་སུ་འགྲོ་ཁ་མི་འཇུག་པའི་འགོག་རྐྱེན་དེ་གང་ལ་ཐུག་ཡོད་ཟེར་ན། འཁོར་བ་ལས་བློ་ལོག་མ་དོ། ངེས་འབྱུང་རྣམ་དག་ཅིག་སྐྱེ་མ་དོ། འཁོར་བའི་ངན་སྐྱོན་དེར་སྐྱོན་དུ་མ་ཤེས་པ་དེས། སྡུག་བསྔལ་ལ་སྡུག་བསྔལ་དུ་མ་མཐོང་། མཐོང་ཡང་སྤང་ཐབས་དང་ཟློག་ཐབས་མ་ཤེས། ཤེས་ཀྱང་ཕྱི་བཤོལ་གྱི་དབང་དུ་སོང་ནས། ཤན་པའི་ལག་ལ་ཚུད་པའི་བཤས་རའི་ནང་གི་དུད་འགྲོ་དང་འདྲ་བར་མིག་མཆི་མ་ཧྲིལ་ལེར་སྒུར་ནས་འདུག་འདུག་རྒྱུ་མ་གཏོགས་པའི་ཐབས་མེད་པ་རེད། དེ་ལྟ་བུའི་རང་གཞན་སེམས་ཅན་ལས་ངན་རང་དབང་རང་ལ་མེད་ཅིང་ཉོན་མོངས་དུག་ལྔ་དུག་གསུམ་གྱི་ནད་ཀྱིས་གཟིར་བའི་ལས་ཀྱི་གཞན་དབང་ལ་སྤྱོད་པའི་ཉམས་ཐག་རྣམས་སྐྱོབ་པའི་ཆེད་དུ། སངས་རྒྱས་སྐུ་གསུམ་གྱི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་འཕྲིན་ལས་ཀྱིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཐབས་མཛད་བཞིན་ཡོད་ལ། རྒྱལ་བའི་མཛད་པ་དེ་སེམས་ཅན་གྱི་གཞན་དོན་ཡིན་པས། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་ལ་གཟིགས་བཞིན་ཡོད་པ་ཡིན། དེའི་རྗེས་འཇུག་ཐམས་ཅད་ཀྱིས་ཀྱང་དེ་དང་བསྟུན་པའི་མཛད་པ་བསྐྱངས་ན་རྒྱལ་བའི་འཕྲིན་ལས་པ། ཐུབ་པའི་བསྟན་པ་འཛིན་མཁན་མིང་དང་དོན་མཚུངས་པ་ཞིག་ཏུ་འགྱུར་བ་ཡིན། སངས་རྒྱས་ཀྱིས་གདུལ་བྱ་ཐར་ལམ་ལ་འདྲེན་པ་དེ་ཡང་གཙོ་བོ་གསུང་གི་འཕྲིན་ལས་ཀྱི་ཆོས་གསུངས་ནས། ཆོས་ཀྱི་བདུད་རྩིས་གདུལ་བྱའི་སེམས་ཁམས་སྨིན་པར་བྱེད་དགོས་པ་ཡིན་ན། བློ་ཆོས་སུ་མ་སོང་དུས་ཆོས་དགེ་བའི་གཟུགས་བརྙན་ལྟར་སྣང་བ་ཡིན་པས་ཅི་ཙམ་བསྒྲུབས་པར་བྱས་ཀྱང་ཆོས་དངོས་མིན་ལ། དེ་སྒྲུབ་མཁན་ཡང་ཆོས་པ་དག་མ་དངོས་མ་ཡིན་པ་རེད། དེས་ན་ཚེ་འདི་ཕྱི་གཉིས་ཕན་གྱི་དོན་ཞིག་ཚེ་འདི་ཐོག་ནས་འགྲུབ་རྒྱུ་མེད་པ་ནི་རྡོ་བཙོས་ནས་ཁུ་བ་འབུད་བསྒུག་བྱས་པ་དང་འདྲ་འདྲ་ཡིན་པ་རེད། ཆོས་བསྒྲུབས་ཏེ་དེའི་འབྲས་བུ་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་བྱེད་གཅིག་ལག་ལ་ལོན་དགོས་འདུག་བསམ་ན། ཐམས་ཅད་ཀྱི་སྔོན་དུ་བློ་ཆོས་སུ་འགྲོ་བར་བྱས་ནས་ཆོས་ཕྱོགས་ངོ་མ་ལ་རང་བློ་འཁོར་ཐུབ་དགོས་པ་ཡིན། དེ་ངོ་མ་འཁོར་ཡོད་དུས་བསམ་རྒྱུ་ཆོས་དང་དྲན་རྒྱུ་བླ་མ་ལས་མེད་པ་ཞིག་ཏུ་འགྲོ་བ་ཡིན། དེ་ལྟ་བུ་ངེས་པར་དུ་རེད་ཀྱང་དགོས་པ་ཡིན། དེ་དགོས་ན་བློ་ལྡོག་རྣམ་བཞིས་བློ་མ་སྦྱངས་ཐབས་མེད་ཡིན་པས། ཁ་རྩང་དལ་འབྱོར་རང་ལ་ཚང་ཡོད་མེད་བཤད་པ་ལྟར་དུ། དལ་འབྱོར་བཅོ་བརྒྱད་དམ་རང་ལུགས་ཀུན་མཁྱེན་ཆེན་པོས་གསུངས་པའི་དལ་འབྱོར་གྱི་ཆོས་སོ་བཞི་ཚང་ཟེར་རྒྱུ་དེ། དཀའ་མོ་དཀོན་གསུམ་ཡིན་པ་ནི་རང་རྒྱུགས་རང་གིས་བླངས་དུས་ཤེས་ངེས་ཡིན། འོན་ཀྱང་དལ་འབྱོར་ཚང་དང་མི་ཚང་སོགས་གང་གི་ཐད་ནས་བཤད་ཀྱང་། ད་རེས་མཐོ་རིས་མིའི་ལུས་རྟེན་ཞིག་བླངས། དམ་པའི་ཆོས་དང་འཕྲད། ཆོས་དེ་ཡང་རང་ཉིད་ལ་བརྩོན་པ་སྙིང་སྟོབས་ཡོད་ན་བསྐལ་བ་གྲངས་མེད་སྐྱེ་བ་ཚེ་རབས་མང་པོ་ལ་སྒུག་མི་དགོས་པར། ཚེ་འདིས་ལུས་འདིའི་ཐོག་ནས་འཁོར་བའི་གནས་ལ་ཕྱིར་ཕྱག་འཚལ་ཆོག་པའི་ཆོས་དེ་ལྟ་བུ་ཞིག་དང་རང་སྒོ་རང་ཁྱིམ་ནས་འཕྲད་ཡོད་པ་ཡིན་པས། ཆོས་ཡིད་བཞིན་གྱི་ནོར་བུ་འདྲ་ཞིག་དང་འཕྲད་པས་མ་ཟད། དེ་སྒྲུབ་ན་བསྒྲུབ་ལུགས་ཤིག་དང་། བསྒྲུབ་དགོས་པའི་དགོས་པ་རྒྱུ་མཚན་རྣམས་ཀྱང་གོ་ཡོད། འོན་ཀྱང་ཧ་ངེ་ཧང་ངེ་། འ་རེ་འུར་རེའི་བྱ་གཞག་གི་ངང་ནས་ད་ལྟ་མི་ཡོང་བར་འདུག་ཀྱང་རྗེས་ཤིག་ནས་བསྒྲུབ་ཆོག་སྙམ་པའི་ཕྱིར་བཤོལ་ལ་བརྟེན་ནས་ཤོར་སོང་བ་ལ་ཨང་སྙམ་ནས། ཐ་མའི་ཉལ་སའི་ནང་དུ་ནད་ཀྱི་ཟུག་གཟེར་དང་མཉམ་དུ་སྙིང་འགྱོད་ཡོད་ན་བྱ་མ་ལེགས་པ་ཡིན། དེ་དུས་འཕྱིས་པ་དང་ཤོར་བ་གཉིས་ཀ་བྱུང་ནས་ཡོད། དེས་ན་དེ་རིང་མིན་སང་ཉིན་ཡིན་བསམ་པའི་ལེ་ལོ་ཕྱི་བཤོལ་གྱི་བློ་ངན་འདིས་མགོ་སྐོར་གཏོང་ངེས་ཡིན། སྤྱིའི་དུས་ཚོད་ཀྱི་སང་ཉིན་ལ་འཛད་དུ་མེད་ཀྱང་། འུ་བུ་རང་ཉིད་ལ་དབང་བའི་སང་ཉིན་མང་རབ་ནི་འདས་ཟིན་ལ། རྗེས་ཀྱི་སང་ཉིན་ཇི་ཙམ་ཞིག་ལྷག་ཡོད་པ་ནི་ཤེས་སུ་མེད་པས། ཚེ་མི་རྟག་པ་འདི་ལ་འདང་ཞིག་བརྒྱབས་ན་ཀུན་མཁྱེན་ཆེན་པོས། དལ་འབྱོར་ཐོབ་ཀྱང་ཡིད་བརྟན་འགའ་མེད་དེ། །ཐམས་ཅད་མི་བརྟན་འགྱུར་ཞིང་སྙིང་པོ་མེད། །སྐད་ཅིག་མི་རྟག་འགྱུར་བའི་ཆོས་ཅན་ཏེ། །མྱུར་དུ་འཆི་ཞིང་སྙིང་ནས་གསན་པར་བྱ། །ཞེས་གསུངས་པ་སྟེ། དེ་ཡང་དལ་འབྱོར་ཐོབ་པ་ནི་ཤིན་ཏུ་དཀའ་བ་ཡིན་ཕྱིར་རྙེད་དཀའི་དལ་འབྱོར་ཅེས་གསུངས་པ་སྟེ། མི་ལུས་ལོན་ཚད་དལ་འབྱོར་ཚང་བ་ཤ་སྟག་ག་ལ་ཡིན། བརྒྱ་བརྒྱའི་ནང་ན་རེ་རེ་གཉིས་གཉིས་ཡོད་དམ་མེད་ཀྱི་ཚད་ཡིན། གལ་ཏེ་སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་ཤིག་ཐོབ་ཡོད་པའི་དབང་དུ་བཏང་ན་ཡང་། ང་ནི་དལ་འབྱོར་ཚང་བའི་མི་ལུས་ཡིན་བསམས་ཏེ་སྙོམ་ལས་ཀྱི་ངང་ལ་དུས་གྲོན་པར་ཉལ་ནས་ཆོས་སྒྲུབ་པར་ཕྱིར་བཤོལ་བྱས་ན་བློ་ཉེས་ལ་སོང་བ་ཡིན། ལུས་འདི་ལ་སྙིང་པོ་མེད། ཚེ་འདི་ལ་རྟག་བརྟན་མེད། ཐམས་ཅད་འགྱུར་ཞིང་འགྲོ་བས་ན་འགྲོ་བ་ཞེས་པ་ཡིན། མི་ཚེ་རྟག་པ་མེད་ལུགས་ལ་བསམ་པ་ནི། ནམ་ཞིག་ལ་འཆི་ངེས་ཡིན་སྙམ་པ་རྐྱང་པ་ཞིག་མིན་པར་སྐད་ཅིག་སྐད་ཅིག་གིས་འགྱུར་ཞིང་འཇིག་པའི་ཆོས་ཅན། ཚེ་འདི་ཉི་མ་བཞིན་དུ་ཕར་ཕར་འགྲོ། །འཆི་བདག་གྲི་སོ་བཞིན་དུ་ཚུར་ཚུར་འོང་། །གསུངས་པ་དང་འདྲ་བར་སྐད་ཅིག་རེ་རེ་སོང་བཞིན་དུ་འཆི་ལ་ཇེ་ཉེ་རུ་འགྲོ་བཞིན་ཡོད་པ་དེས་ན་འཆི་བ་ནི་ནམ་ཡོང་ཆ་མེད་ཡིན་བསམས་ནས་དུས་རྒྱུན་དུ་སྙིང་ནས་དྲན་པར་བྱེད་དགོས། དེ་དྲན་པ་ལས་ཕན་པ་ཅི་ཞིག་འབྱུང་ཞེ་ན། བློ་ཆོས་སུ་འགྲོ་བ་ལ་ཕན་པ་ཡོད་ཅིང་། བློ་ཆོས་སུ་སོང་ན་སེམས་དང་ཆོས་འདྲེས། ཆོས་དང་སྤྱོད་ལམ་འདྲེས། ཅི་བྱས་དགེ་བར་འགྱུར་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱི་འགྲུབ་པ་ཞིག་འོང་བ་ཡིན། གལ་ཏེ་བློ་ཆོས་སུ་མ་སོང་ན། རང་བློ་ལ་ཆོས་ཀྱི་དྲི་མ་ཞིག་མི་བྲོ། བློ་དང་ཆོས་ཁ་ཁ་སོ་སོར་སོང་དུས། གསུང་རབ་ཡན་ལག་བཅུ་གཉིས་བློ་ཐོག་ནས་བཏོན་ཤེས་ཀྱང་། ཁས་བཤད་པ་དེ་ནེ་ཙོའི་མ་ཎི་དང་། འཆད་རྩོད་དེ་ལོག་པའི་ཤེས་རབ་ཀྱི་ཕྱོགས་ལ་ཤོར་བའི་ཉེན་ཁ་ཡོད་པ་ཡིན། དེས་ན། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་གྱིས། །གསུངས་པར་ལྟར་དུ། རང་གཞན་འདི་ཕྱིར་ཕན་པའི་དམ་པའི་ལྷ་ཆོས་གང་ལ་གསན་བསམ་བྱས་ཀྱང་དེ་ཉིད་ཉམས་ལེན་གྱི་གནད་དུ་བཟུང་ནས་ཐམས་ཅད་གདམས་པར་དྲིལ་ནས་རང་རྒྱུད་དུ་སྦྱར་ཐུབ་ན་ཐམས་ཅད་གཅེས་པ་ཡིན། བློ་ཆོས་སུ་འགྲོ་བའི་བེད་ཡོད་ན་ཆེ་སའི་བཀའ་དང་བསྟན་བཅོས། ཆུང་སའི་ཕན་པའི་བསླབ་བྱ་ཚིག་གཅིག་རྒད་པོ་རྒད་མོ་རྣམས་ཀྱི་ཁ་ནས་གོ་བ་དག་ཀྱང་གཅེས་པའི་བསླབ་བྱ་ཡིན། ཀློང་ཆེན་པས་ཡང་གསུངས་པ། ཡིད་བརྟན་མེད་དོ་ལུས་སྲོག་འབྲལ་དུ་ཉེ། །སང་དང་བདག་གི་ཚེ་ཟད་དུས་འདས་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་དོ་ཞེས། །དེ་རིང་ཉིད་ནས་ངེས་པར་བསམ་པར་བྱ། །ཞེས་འུ་ཚོ་ཕྱི་རབས་ཀྱི་རྗེས་འཇུག་ལ་གདམས་པ་གནང་བ་སྟེ། ཚེ་འདི་དང་ལུས་འདི་ལ་ཡིད་བརྟན་དང་བློ་གཏད་ཡོད་པ་མིན། ལེགས་པར་གཟོབ་ལུས་སྲོག་གཉིས་ཀ་འབྲལ་ནས་སོ་སོར་འགྱུར་དུས། འཆི་བ་ཞེས་པའི་འཇིགས་སྐྲག་ཅན་དེ་རང་ཐོག་ལ་ཐོན་པ་ཡིན། དབུགས་རྟ་རྔ་འདྲ་བོ་ཕར་འཕངས་ནས་ཚུར་ལ་མ་འཐེན་དུས་ཤི་བ་རེད། དེ་ཐག་རིང་རྒྱང་གི་སྐད་ཆ་ཞིག་རེད་མ་བསམས། ལུས་སྲོག་འབྲལ་བ་ལ་ནི་ཚེགས་མེད་པས་སང་ཉིན་དང་བདག་གི་ཚེ་གཉིས་ཀ་སྔོན་ལ་གང་བྱུང་ངེས་པ་མེད་པས་སང་ཉིན་ཚེས་ལོངས་མེད་པར་ཤི་ནའང་ལ་ཐང་མེད་ཅེས་གསུངས་པ་ཡིན། དེས་ན་སང་ཉིན་ལ་མ་བཞག་མ་གཏོགས་སང་ཉིན་ལ་ཟད་དུ་མེད། དེ་རིང་སྒྲུབས་པར་གྱིས། དེ་རིང་ལའང་ཕྱི་དྲོར་མ་བཞག་པར་ད་ལྟ་བསྒྲུབས་ལ་ཤོག་ཅེས་པའི་དོན་རེད། ད་དེ་ལྟ་བུའི་བློ་ཆོས་སུ་འགྲོ་བ་ལ་སྙིང་ནས་འཆི་བ་བསམ་ནས་དམ་པའི་ལྷ་ཆོས་ལ་འབད་དགོས་པའི་ཐུགས་གསོས་དྲན་བསྐུལ་དང་བཅས་སྟེ། གང་ཞིག་འཆད་ཉན་བགྱི་བཞིན་པ་ཀློང་ཆེན་མཛོད་བདུན་འདི་ཉིད་ལས། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཏྲིཀ་པདྨ་དཀར་མོ་འདི་ཉིད་དམ་པ་གོང་མའི་ཕྱག་སྲོལ་བཞིན་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་འཇུག་གི་དོན་དང་གསུམ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་དོན་གྱི་ཚན་པ་འདི་ལ་ཡང་། སྤྱིའི་ཆིངས་ཆེན་པོ་རྣམ་པ་གཉིས་ཀྱི་བཅིངས་ནས་བཤད་པའི་ནང་ནས། འཁོར་བའི་རང་བཞིན་དེ་ཉིད་སྤང་བྱར་སྟོན་པའི་སྐབས་ལས། སྐུ་གསུམ་གྱི་ཞིང་ཁམས་སྤྱིར་བསྟན། གཞི་སྙིང་མེ་ཏོག་གིས་བརྒྱན་པའི་ཞིང་བྱེ་བྲག་ཏུ་བསྟན། དེ་ལས་སྟོང་གསུམ་མི་མཇེད་ཀྱི་ཞིང་འདིས་ཆགས་ཚུལ་དང་ནི། འདིར་བཤད་སྟོན་པའི་བྱོན་ཚུལ་སོགས་ཀྱི་མདོར་བསྟན་དང་། དོན་བསྡུས། དོགས་སྤང་ལ་སོགས་པ་འགའ་ཞིག་དང་། བྱེ་བྲག་ཏུ་མི་མཇེད་ཀྱི་ཞིང་གི་རྒྱས་བཤད་ཀྱི་སྐབས་ཀྱི། ཆགས་གནས་འཇིག་སྟོང་བཞིའི་བསྐལ་བའི་རི་རླུང་མཚོ་གསུམ་གྱི་ཆགས་ཚུལ་སོགས་ཀྱི་རྟེན་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་བཤད་ནས། བརྟེན་པ་བཅུད་ཀྱི་སེམས་ཅན་བཤད་སྐབས་རེད། དེ་ལས་ཀྱང་ངན་སོང་གི་གནས་གསུམ་བཤད་ཚར་ནས། མཐོ་རིས་ལྷའི་ནང་གསེས་འདོད་པའི་ལྷ་གནས་བཤད་པའི་སྐབས་ཀྱི། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཀྱི། གྲོང་དང་། སྐྱེད་ཚལ། ས་གཞི། ལྗོན་པ། འདུན་ས་རྣམས་བཤད་པའི་ནང་ནས་ཚལ་བཤད་པའི་སྐབས་སུ་བབ་པ་སྟེ། དེ་ཡང་ཚལ་དེ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་གཟིམས་ཁྲི་རིན་པོ་ཆེའི་ཤིང་ལྗོན་པའི་ནང་ན་ཡོད་པའི་འོད་ཟེར་ལྷ་ཕལ་བས་ལྟ་བར་མི་བཟོད་ཀྱང་བསོད་ནམས་ཀྱི་མཐུས་བརྒྱ་བྱིན་གྱིས་བཟོད་པས་བལྟ་བར་ནུས་པའི་ལོགས་ལ་ལྷ་རྣམས་ཀྱི་ཚེ་རབས་དང་། ལེགས་ཉེས་དང་། གཡུལ་དུ་འཇུག་པའི་ཚེ་གནོད་པས་རྫི་བར་ནུས་པ་དང་མི་ནུས་པའི་མཚན་མ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་གསལ་བ་ཡོད་དོ། །སྐྱེད་མོས་ཚལ་གྱི་གཞི། དེ་དག་ཆུ་ཞེང་ཉིས་བརྒྱ་ལྔ་བཅུ་སྟེ། །དབྱིབས་ལེགས་གསེར་གྱི་ར་བ་དཔག་ཚད་གཅིག །རིན་ཆེན་ལྕོག་གིས་ཀུན་ནས་མཛེས་པར་བརྒྱན། །ཅེས་གསུངས་ཏེ། སྣ་རིང་ཐུང་ངམ་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དེ་སྙེད་གཅིག་དང་། །ཆུ་ནི་དཔང་མཐོ་དམན་དང་། ཞེང་ནི་ཞེང་ཁ་ཆེ་ཆུང་ཡིན་པར་གསུངས་ཡོད་ཀྱང་སྐབས་ཀྱི་གོ་བས་བཤད་དགོས་འདུག་སྙམ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། གསེར་གྱི་ར་བ་དཔག་ཚད་གཅིག་པས་ཡོངས་སུ་བསྐོར་ཞིང་ར་བ་ལ་རིན་པོ་ཆེ་སྣ་བཞིའི་ལྕོག་གིས་མཛེས་པའོ། །དེ་དག་གི་ཞེས་པའི་ཚིག་གིས་སྐྱེད་ཚལ་ཤིན་ཏུ་མང་བ་ཡང་གོ་ཐུབ་ཡིན། ནང་གི་གཞི་རྣམས་གསེར་གྱི་བྱེ་མར་བརྡལ། །རིན་ཆེན་སྐྱེད་ཚལ་རྫིང་བུ་ཆུ་བྱས་གང་། །མེ་ཏོག་ཕང་ཕུང་བུང་བ་གར་བྱེད་མཛེས། །ཞེས་གསུངས་ཏེ། ནང་གི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ། ཚོན་སྣ་བརྒྱ་རྩ་གཅིག་གིས་སྤེལ་བ། ཤིན་ཏུ་འཇམ་ཞིང་རེག་ན་བདེ་བ། བཏེག་ན་འཕར་བ་སྙམ་པ། མནན་ན་ནེམ་བྱེད་པ། མེ་ཏོག་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་པ་ལ་བུང་བ་སྙན་པར་སྒྲོག་པ་དག་གར་བྱེད་ཅིང་། མཚོ་དང་རྫིང་བུ་བཟང་པོས་བརྒྱན་པར་བྱས་པའོ། །དེ་དག་ཏུ་འགྲོ་བའི་ལམ་ཡང་ཆུའམ་སྣར་དཔག་ཚད་ཉི་ཤུ་ཞེང་དུ་ཕྱེད་དང་གཉིས་པ། གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡ་གྱི་ཆུས་ཆག་ཆག་བཏབ་པའི་འགྲམ་ན་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུས་བརྒྱན་པ་ཚར་དུ་སྦྲེངས་པ་ཡོད་དོ། །ཞེས་སྐྱེད་ཚལ་བཤད་ནས་གསུམ་པ།

སུམ་ཅུ་རྩ་གསུམ་གྱི་ས་གཞི་བཤད་པ།

དེ་ལྟ་བུས་མཛེས་པར་བརྒྱན་པའི་སྐྱེད་མོས། ཚལ་རྣམས་ཕྱི་རོལ་དཔག་ཚད་ཉི་ཤུ་ན། །ས་གཞི་བཟང་པོ་རྣམ་བཞི་རིམ་པ་བཞིན། །སྣ་ཚོགས་རྩུབ་འགྱུར་འདྲེས་པ་དགའ་བ་སྟེ། །རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །ཚད་དང་བཀོད་པ་ཚལ་དང་འདྲ་བའོ། །ཞེས་གསུངས་ཏེ། ཕྱོགས་བཞིའི་ཚལ་བཞི་བོ་ལས་ཕྱི་རོལ་ཏུ་གཞལ་བའི་དཔག་ཚད་ཉི་ཤུ་ན་ཚལ་སོ་སོའི་མིང་དང་བཀོད་པ་མཐུན་པའི་ས་གཞི་བཟང་པོ་མི་འདྲ་བ་རིགས་བཞི་ཡོད་དེ། གང་ཡིན་ཞེ་ན་ས་གཞི་སྣ་ཚོགས་ཞེས་བྱ་བ་དང་། འདྲེས་པ་ཞེས་བྱ་བ་དང་། རྩུབ་འགྱུར་ཞེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དག་གོ །ས་གཞི་དེ་དག་ན་མཛེས་པར་བྱེད་པའི་རྒྱན་ལམ་སྲང་དང་། ཚད་དང་བཀོད་པ་ནི་ཚལ་རྣམས་དང་འདྲ་བ་ལས། བར་བར་ན་འཆག་པ་དང་འདུག་པའི་ཤང་ཤོང་མཉམ་ལ་ཡིད་དུ་འོང་བ་ཐངས་ཀ་བདེ་བར་གནས་པ་ཡོད་དོ། །ཚལ་དང་ས་གཞི་དག་ཏུ་འགྲོ་བའི་ལམ་གྱི་བར་ན་རྟ་དང་གླང་པོ་དང་། ཤིང་རྟ་ལ་སོགས་པའི་ཞོན་པ་དུལ་བ་སྣ་ཚོགས་དང་ལྡན་པ་ཡིན་ནོ། །དེ་ནས་ནི་སུམ་ཅུ་རྩ་གསུམ་པའི་གྲོང་དང་སྐྱེད་ཚལ་ས་གཞི་བཤད་པ་སོང་ནས་བཞི་བ།

སུམ་ཅུ་རྩ་གསུམ་པའི་ཤིང་བཤད་པ།

ལྷ་རྣམས་ཉེ་བར་སྤྱོད་པའི་དཔག་བསམ་གྱི། །ཤིང་ནི་གྲོང་ཁྱེར་མཆོག་དེའི་བྱང་ཤར་ན། །ཡོངས་འདུ་ས་བརྟོལ་འཕང་དུ་དཔག་ཚད་བརྒྱ། །རྩ་བར་ལྔ་ཟུག་ཕྱོགས་བཞིའི་ཡལ་ག་ལ། །དཔག་ཚད་ལྔ་ཕྲག་བཅུ་བཅུ་རབ་ཏུ་རྒྱས། །སྙིང་པོ་རྩེ་མོ་གདུགས་ལྟར་ལྔ་བཅུས་བརྒྱན། །ཅེས་གསུངས་ཏེ། བལྟ་ན་སྡུག་གི་བྱང་ཤར་ན། ལྷ་རྣམས་འདུ་བའི་གཞིར་གྱུར་ཅིང་རི་རབ་ཀྱི་ས་གཞི་བརྟོལ་ནས་བྱུང་བའི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། རྩ་བ་དཔག་ཚད་ལྔ་ཐུར་དུ་ཟུག་ཅིང་། གྱེན་དུ་དཔག་ཚད་བརྒྱ་འཕགས་པའི་ཡལ་ག་བཞི་ཕྱོགས་བཞིར་གྱེས་པ་ལས། དཔག་ཚད་ལྔ་བཅུ་ལྔ་བཅུས་མཛེས་ཤིང་། རྩེ་མོ་ཀུན་ནས་ཟླུམ་པ་གདུགས་ལྟར་འདུག་པའང་དཔག་ཚད་ལྔ་བཅུ་སྟེ། རིན་པོ་ཆེའི་དྲ་བ་དང་། ལྷའི་གོས་ཀྱིས་དཔྱངས་པའི་ཤིང་བཟང་པོ་དེ་ལ། དེ་སྙེད་འོད་ཀྱིས་ཕྱོགས་རྣམས་གསལ་བར་ཁྱབ། །དྲི་བསུང་ཞིམ་པོས་རྫི་ཕྱོགས་དཔག་ཚད་བརྒྱ། །རྫི་ཕྱོགས་མ་ཡིན་ལྔ་བཅུར་ཁྱབ་པའི་དྲུང་། །ཨར་མོ་ནིག་འདྲའི་རྡོ་ལེབ་མཛེས་པ་སྟེ། །ཞེས་གསུངས་ཏེ། ལྷའི་ཤིང་དེའི་འོད་ཀྱིས་དཔག་ཚད་ལྔ་བཅུ་ཁོ་ར་ཁོར་ཡུག་ཏུ་ཁྱབ་ཅིང་མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། སྡོང་པོའི་དྲི་ངད་ཀྱི་རྫི་ཕྱོགས་སུ་རླུང་གི་སེར་བུས་ཁྱེར་བ་ལས་དཔག་ཚད་བརྒྱར་ཁྱབ་ཅིང་རང་བཞིན་དུ་དཔག་ཚད་ལྔ་བཅུ་པ་སྟེ། ལྷ་རྣམས་འདོད་པའི་ཡོན་ཏན་ཡིད་ལ་བསམས་པ་དང་མཉམ་དུ་འབྱུང་བའི་ཤིང་གི་དྲུང་ན་རིན་པོ་ཆེ་ཨར་མོ་ནིག་ལྟར་དཀར་བའི་རྡོ་ལེབ་ཡོད་དོ། །དེའི་ཚད་དང་བཀོད་པའི་ཡོན་ཏན་ནི། ཆུ་ཞེང་དཔག་ཚད་ལྔ་བཅུའི་རང་བཞིན་ལ། །དབང་པོའི་ཁྲིར་བཅས་མེ་ཏོག་ཆར་འབབ་པར། །ལྷ་རྣམས་དབྱར་དུས་ཟླ་བ་བཞིར་གནས་སོ། །ཞེས་གསུངས་ཏེ། རྡོ་ལེབ་དེའི་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུས་ཁྱབ་པའི་གྲུ་བཞི་པ་མཐའ་སྐོར་དུ་ཉིས་བརྒྱ་དང་འཕང་ངམ་གྱེན་དུ་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག་གིས་ལྷག་པ། དབྱིབས་ལེགས་ཤིང་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པའི་གཞི་འཇམ་ཞིང་། བཏེག་ན་འཕར་ཞེས་བྱེད་ལ། མནན་ན་ནེམ་པ། མེ་ཏོག་མནྡ་ར་བས་པུས་ནུབ་ཙམ་དུ་ཁེབས་པའི་དབུས་ན། དབང་པོའི་ཁྲི་ལ་ལྷ་གཞན་རྣམས་ཀྱི་ཁྲིས་བསྐོར་བ། ལྷ་ཉུང་ངུར་འདུས་པས་ཀྱང་དེའི་སྟེང་ཡངས་པར་མི་མངོན་ལ། མང་པོས་ཀྱང་དོག་པར་མི་མངོན་པ་ཡོད་དོ། །དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞིར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ། །རྡོ་ལེབ་དེའི་འགྲམ་ན་ཤིང་ལྗོན་པ་མེ་ཏོག་དང་། གོས་དང་ནོར་བུ་དང་། ཁ་ཟས་ལ་སོགས་པ་འབྱུང་བ་བསྒྲེངས་ཤིང་ཤིང་རྟ་སྣ་ཚོགས་དང་། རྒྱན་སྣ་ཚོགས་དང་། རོལ་མོ་སྣ་ཚོགས་དང་། བདུད་རྩི་དང་། སྦྲང་ཆང་དང་། དྲི་སྣ་ཚོགས་ཀྱིས་བསྒོས་པའི་བཟའ་བཏུང་སྣ་ཚོགས་པས་བརྒྱན་ཞིང་། དེ་དག་འབྲིམ་པའི་ལྷའི་བུ་དང་། བུ་མོ་རབ་ཏུ་མང་པོ་དང་། ཡང་ཐོག་དང་ཁང་པ་བརྩེགས་པ་དང་། ལྟད་མོའི་ས་དང་། བསིལ་ཁང་དང་། རྩེད་འཇོ་དང་། གླུ་གར་བྱེད་པའི་ལྷ་མོ་རབ་ཏུ་མང་པོ་དང་། རོལ་མོ་དང་སིལ་སྙན་སྒྲོགས་པའི་ལྷ་མང་པོས་གང་བར་བྱས་པ་ཡོད་དོ། །དེ་ཡན་གྱིས་གྲོང་དང་སྐྱེད་ཚལ་ས་གཞི་ཤིང་ལྗོན་པ་བཞི་བཤད་ནས་ལྔ་བ།

སུམ་ཅུ་རྩ་གསུམ་པའི་འདུན་ས་བཤད་པ།

འདུན་ས་ནི། བལྟ་ན་སྡུག་ནས་དཔག་ཚད་ཕྱེད་དང་བཞིའི། །ལྷོ་ནུབ་ཆོས་བཟང་ལྷ་ཡི་འདུན་ས་སྟེ། །ཆུ་ཞེང་སུམ་བརྒྱ་མཐའ་སྐོར་དགུ་བརྒྱ་ཟླུམ། །ཞེས་གསུངས་ཏེ། གྲོང་ཁྱེར་དེའི་ལྷོ་ནུབ་ནས་དཔག་ཚད་ཕྱེད་དང་བཞི་དཔགས་པ་ན། ཆོས་བཟང་ལྷའི་འདུན་ས་ཡོད་དེ་ཆུ་དང་ཞེང་དུ་དཔག་ཚད་སུམ་བརྒྱ་པ། མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་པ། ཟླུམ་པོའི་མཐར་སྐོར་ཚངས་ཐིག་གིས་སུམ་འགྱུར་རེད། ཀུན་ནས་ཟླུམ་པོར་གྱུར་པའི། དབུས་ན་རིན་ཆེན་ཁང་བརྩེགས་འོད་འབར་བ། །ཅུང་ཟད་ཙམ་གྱིས་ས་ལ་མ་རེག་དྲུང་། །ལྷ་རྣམས་རང་གི་སྲིད་དང་བྱ་བ་ལས། །ཉམས་པ་བསྲུང་ཕྱིར་འགྲོ་བའི་གནས་ཡོད་དོ། །ཞེས་གསུངས་ཏེ། དེ་ལ་ཅིའི་ཕྱིར་འདུན་ས་ཞེས་བྱ། དགོས་པ་ནི་གང་ཞེ་ན། ལྷ་རྣམས་འདུས་ནས་ཡང་དག་པའི་བྱ་བའི་དོན་རྣམས་གྲུབ་པར་བྱ་བ་ལ་འདུན་ཅིང་བསྟོད་པ་ཉིད་དང་། རང་གི་དཔལ་ལས་ཉམས་པ་བསྲུང་བའི་ཕྱིར་ན་དེ་སྐད་ཅེས་བྱའོ། །དེ་ཡང་ས་ཕྱོགས་ཀུན་ནས་ཟླུམ་ཞིང་མཛེས་པའི་དབུས་ན་བཻ་ཌཱུརྱ་ལས་བྱས་པའི་ཀ་བ་ཟུར་བརྒྱད་པ་སྐྲ་རྩེ་ཙམ་གྱིས་ཁང་པ་བརྩེགས་པའི་རྟེན་ལ་མ་རེག་པར་བཏེག་པའི་ཁང་བུ་དོན་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ་ཡོད་དེ། དེའི་དྲུང་ན་ལྷའི་དབང་དེའི་ཁྲི་དང་ཁྲི་གཞན་དག་ཀྱང་རབ་ཏུ་མང་པོ་དག་བཤམས་པ་ལ་ལྷ་རྣམས་འདུག་ནས་བྱ་བ་དང་བྱ་བ་མ་ཡིན་པ་བཀའ་ཡིས་བགྲོ་གླེང་བྱེད་པའི་གནས་དག་ཡོད་དོ། །འདོད་ལྷ་རིས་དྲུག་གི་ས་ལ་བརྟེན་པའི་ལྷ་གནས་རིགས་གཉིས་ཏེ། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་གཉིས་བཤད་ཟིན་པའོ། །དེ་དག་གིས་ས་གཞི་ལ་བརྟེན་པའི་གནས་དག་བཤད་ཟིན་ཏོ། །ཞེས་མཇུག་སྡོམ་མཛད་པའོ། །འདོད་ལྷ་རིགས་དྲུག་གི་ནང་གི་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་གཉིས་ནི་ས་གཞིར་བརྟེན་པའི་ལྷ་གནས་ཡིན་ཅིང་། །རྒྱལ་ཆེན་རིགས་བཞིའི་ལྷ་གནས་རི་རབ་ཀྱི་བང་རིམ་བཞི་དང་དེའི་མན་དུ་ཆགས་ཤིང་། སུམ་ཅུ་རྩ་གསུམ་པའི་ལྷ་གནས་རི་རབ་ཀྱི་རྩེ་མོར་ཆགས་པ་དང་། དེ་མིན་འདོད་ལྷའི་ལྷ་རིགས་གཞན་བཞི་པོ་ནམ་མཁའ་ནས་ཡར་ཆགས་པའོ། །གཉིས་པ།

མཁའ་ལ་བརྟེན་པའི་འདོད་ལྷ་བཤད་པ།

ད་ནི་ནམ་མཁའ་ལ་བརྟེན་པའི་འདོད་པའི་གནས་རིགས་བསྟན་པ་ནི། སུམ་ཅུ་རྩ་གསུམ་གྱི་སྟེང་གི ནམ་མཁའ་ལ་བརྟེན་འདོད་ལྷའི་གནས་བཞི་ནི། །གཟའ་སྐར་བཞིན་དུ་མཁའ་ལ་སྣང་བ་སྟེ། །རྒྱ་ཚད་སུམ་ཅུ་རྩ་གསུམ་ནས་བཟུང་ནས། །གོང་ནས་གོང་དུ་ཉིས་འགྱུར་སྤགས་པ་ཡིན། །ཅེས་གསུངས་ཏེ། སྔོན་གྱི་དགེ་བ་ཟག་བཅས་བསོད་ནམས་ཀྱི་ཆ་དང་མཐུན་པའི་རྒྱུ་ལས་བྱུང་བའི་འདོད་པའི་ལྷ་གནས་ས་གཞི་དང་མ་འབྲེལ་བ་བཞི་ནི། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ། བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པས། དུས་ནི་སུམ་ཅུ་རྩ་གསུམ་པའི་སྔར་ཆགས་ལ། གཞལ་ཡས་ཁང་ནི་ནམ་མཁའི་དབྱིངས་ན་གཟའ་སྐར་བཀྲམ་པ་བཞིན་དུ་གནས་སོ། །དེ་དག་གི་རྒྱ་ཁྱོན་ཡང་། སུམ་ཅུ་རྩ་གསུམ་ལས་ཉིས་འགྱུར་གྱིས་འཐབ་བྲལ་ཆེ་བ་ལྟར་གོང་མ་གསུམ་ལའང་མཚུངས་པར་བརྗོད་དོ། །ཞེས་མཐབ་བྲལ་དགའ་ལྡན་གཞན་འཕྲུལ་དབང་བྱེད་གསུམ་པོ་གཉིས་འགྱུར་གྱིས་ཆེ་ཞེས་འདོད་ལྷ་དྲུག་པོ་བསྟན་ནས། གཉིས་པ།

ཞར་ལ་ལྷ་མིན་བསྟན་པ།

ཞར་ལ་ལྷ་མ་ཡིན་གྱི་གནས་རིས་བསྟན་པ་ནི། ལྷ་མིན་རི་རབ་ཆུ་མཚམས་མན་ཆད་ཀྱི། །ཁོང་གསེང་ནང་ནས་རིམ་པས་སྒྲ་གཅན་དང་། །སྐར་ཕྲེང་མགུལ་ཕྲེང་ཐགས་བཟང་རིས་རྣམས་ཏེ། །ཞེས་གསུངས་ཏེ། འདི་ལྟར་ལུས་དང་རྫུ་འཕྲུལ་དང་ལོངས་སྤྱོད་དང་འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་རིགས་དང་སྐལ་པ་ལྷ་དང་མི་འདྲ་བའི་ཕྱིར་ལྷ་མ་ཡིན་ཞེས་བྱ་བ་སྟེ། དེ་དག་གི་རྩ་བའི་གནས་རི་རབ་ཀྱི་ཆུ་མཚམས་མར་བཅད་ནས་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་ཁོང་གསེང་ན་ཡོད་པའི་གནས་ཀྱང་གོང་མ་ལས་འོག་མ་བཟང་བར་སྣང་ངོ་། །ཆུ་མཚམས་ཀྱི་ཁོང་གསེང་ན་སྒྲ་གཅན་དང་། དེ་ནས་དེའི་འོག་ན་སྐར་ཕྲེང་། སྐར་ཕྲེང་གི་གྲོང་དེའི་འོག་ན་མགུལ་ཕྲེང་ཅན་དང་། གསེར་གྱི་ས་གཞི་ལ་ཐགས་བཟང་རིས་རྣམས་ཡོད་པའོ། །ལྷ་མ་ཡིན་གྱི་གནས་རིས་དེ་དག་ཏུ་སྐྱེ་བ་འགྲུབ་པའི། རྒྱུ་ནི་ཡི་དྭགས་ལས་ཀྱིས་འཕངས་པ་ལ། །རྫོགས་བྱེད་ལྷ་ཡི་ལས་ཀྱིས་རྫོགས་བྱས་པས། །ལྷ་དང་འགྲན་པའི་དཔལ་དང་འབྱོར་པས་མཛེས། །ཞེས་གསུངས་ཏེ། སྔོན་གྱི་ལས་སྤེལ་མར་འདྲེས་པ་ལས། འགྲོ་བ་གང་དུ་འཕེན་ཞིང་སྐྱེ་བ་འགྲུབ་པའི་ལས་དང་། སྐྱེས་པའི་རྟེན་དེར་བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་རྫོགས་པར་བྱེད་པའི་ལས་ཐ་དད་དུ་མ་བསགས་པ་སྟེ། འདིར་ཡང་རྒྱུ་འཕེན་བྱེད་ཡི་དྭགས་ཀྱི་ལས་ཀྱིས་འཕངས་ཀྱང་རྫོགས་བྱེད་བསོད་ནམས་ཆ་མཐུན་ལྷའི་དགེ་བས་རྫོགས་པར་བྱས་པས། ལྷ་དང་འགྲན་པར་བཟོད་པའི་འབྱོར་བ་ཡོད་པའོ། །སྤྱིར་གྱི་ལས་ལ་རྣམ་པར་དཀར་བ་དང་། རྣམ་པར་གནག་པ་དང་། འདྲེས་མ་གསུམ་ལ་འགྲོ་བ་སྤྱོད་པས་ན། ཞེས་འཕེན་རྫོགས་འདི་ལ་མུ་བཞིའི་དབྱེ་བ་ཡོད་པ་ལས་འཕེན་བྱེད་དགེ་བས་འཕངས། རྫོགས་བྱེད་དགེ་བའི་འབྲས་བུ་བདེ་བ་མྱོང་བ་དང་། འཕེན་བྱེད་དགེ་བས་འཕངས་ཏེ་བདེ་འགྲོ་གྲུབ་ཀྱང་། རྫོགས་བྱེད་མི་དགེ་བས་བྱས་པའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་ལ་རྒྱུན་དུ་སྤྱོད་པ་དང་། འཕེན་བྱེད་དགེ་བས་འཕངས། རྫོགས་བྱེད་འདྲེས་མའི་འབྲས་བུ་བདེ་སྡུག་འདྲེས་མ་ལ་སྤྱོད་པའི་རིགས་ཏེ་ལྷ་མིའི་མཐོ་རིས་ཀྱི་གནས་ན་རབ་ཏུ་མང་བ་བཞིན་ནོ། །ཡང་འཕེན་བྱེད་མི་དགེ་བས་འཕངས། རྫོགས་བྱེད་ཀྱང་མི་དགེ་བའི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། འཕེན་བྱེད་མི་དགེ་བས་འཕངས། རྫོགས་བྱེད་འདྲེས་མའི་ལས་འབྲས་བདེ་སྡུག་འདྲེས་མ་ལ་སྤྱོད་པ་དང་། འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་འབྲས་ཀྱི་བདེ་བར་རྫོགས་པ་ལྷའི་བྱ་ལ་སོགས་པ་ལྟ་བུ་སྟེ། ངན་སོང་ན་ཤིན་ཏུ་མང་ངོ་། །འདྲེས་མ་ནི་དགེ་མི་དགེ་གཉིས་ཀ་རྒྱུ་བྱེད་པའི་གྲོགས། འབྲས་ བུ་མྱོང་བའི་གྲོགས་སུ་མཚུངས་པར་ལྡན་པ་ཡིན་ནོ། །མདོར་དྲིལ ་ན་དགེ་བའི་ལས་ཀྱིས་བདེ་འགྲོ་དང་། བདེ་བའི་རིགས་ཐམས་ཅད་ཀྱི་ཆ་རྣམས་བསྐྱེད་ལ། མི་དགེ་བ་ལས་ངན་འགྲོ་དང་སྡུག་བསྔལ་གྱི་རིགས་ཐམས་ཅད་བསྐྱེད་པར་བཤད་པ་ཡིན་ནོ། །དེ་ལྟར་ལྷ་མ་ཡིན་དུ་སྐྱེས་པ་དེ་དག་གིས་ལས་དང་འབྲས་བུའི་འཕེན་པ་འདྲེས་མར་གྱུར་པས་བྱུང་བའི་གནས་རིགས་དེ་དག་གི་བསྐལ་པ་བཟང་བ་ནི་འོག་ནས་གོང་དུ་དཔལ་དང་ཕུན་ཚོགས་ཇེ་བཟང་དུ་འགྱུར་བ་ལས། རི་རབ་ཀྱི། ཁོང་གསེང་གསེར་གྱི་ས་གཞི་བཟང་པོའི་དབུས། །དབང་པོའི་ཁང་བཟང་མཆོག་ནི་གཏམས་པ་ཅན། །གྲོང་ཁྱེར་གསེར་ལྡན་འདུན་ས་ནོར་བཟང་དང་། །སྐྱེད་ཚལ་ཀུན་དགའ་ར་དང་རབ་དགའ་དང་། །དགའ་བ་དགའ་བའི་ཀུན་དགའ་ར་བའོ། །ཞེས་གསུས་ཏེ། གསེར་གྱི་ས་གཞིའི་སྟེང་ན་ལྷ་རྣམས་ཀྱི་འབྱོར་བ་ལྟ་བུའི་གནས་དང་བཀོད་པ། ལྷ་མ་ཡིན་གྱི་མཆོག་རྣམས་ལ་ཡོད་དེ། འཇིག་རྟེན་གདགས་པའི་མདོ་ལས། ལྷ་མ་ཡིན་རྣམས་ཀྱང་དེ་དང་འདྲ་བ་ཡིན་ནོ། །ཞེས་པ་ལྟར། དེ་ཡང་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་ནོར་བུའི་མཛོད་དང་ཡོད་བྱད་འདོད་ཡོན་སྣ་ཚོགས་ཀྱིས་འབྱོར་ཞིང་གང་བས་གཏམས་པ་ཅན་དང་། ལྷ་ཡུལ་བལྟ་ན་སྡུག་ལྟ་བུའི་གྲོང་ཁྱེར་གསེར་ལྡན་དང་། དེ་བཞིན་དུ་འདུན་ས་ནོར་བཟང་དང་། སྐྱེད་མོས་ཚལ་ཀུན་དགའ་ར་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བའོ། །ས་གཞིའི་མིང་ཡང་དེ་དང་འདྲ་བ་སྟེ། །ཤིང་གི་མཆོག་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་བཟང་པོ་གླང་ཆེན་གངས་བརྩེགས་དང་། །བཟོད་པར་དཀའ་དང་རྟ་མཆོག་རབ་མྱུར་རོ། །ཞེས་གསུངས་ཏེ། ཚལ་བཞི་པོ་དེ་དག་གི་ཕྱི་རོལ་ན་ས་གཞི་བཟང་པོའི་མིང་ཡང་ལྷ་ཡུལ་གྱི་ཚལ་དེ་དག་དང་མཚུངས་ཏེ། ས་གཞི་བཟང་པོ་ཀུན་དགའ་ར་བ་ལ་སོགས་པའོ། །ཤིང་ཆེན་པོ་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་ནི་ལྷ་མ་ཡིན་གྱི་རྡོ་ལེབ་རབ་ཏུ་བཟང་པོའོ། །ལྷའི་སྐྱེད་མོས་ཚལ་དུ་སྤྱོད་པའི་གླང་པོ་ཆེ་ས་སྲུང་གི་བུ་ལྟ་བུ་ནི། གླང་པོ་ཆེ་ཏི་སེ་གངས་བརྩེགས་དང་། གཡུལ་ངོར་སྤྱོད་པ་རབ་བརྟན་ལྟ་བུ་ནི། གཡུལ་གྱི་གླང་པོ་བཟོད་པར་དཀའ་བའོ། །རྟའི་མཆོག་ནི་སྤྲིན་གྱི་ཤུགས་ཅན་ལྟ་བུ། རྟའི་རྒྱལ་པོ་རབ་མྱུར་ཞེས་བྱ་བ་ལྷ་དང་ཆ་འདྲ་བ་ཡོད་དོ། །དེ་དག་གི་གོང་ན་སྐར་ཕྲེང་གི་གནས་དང་། སྒྲ་གཅན་གྱི་གནས་དག་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་འགྲན་པའི་དཔལ་དང་སྐལ་བ་བཟང་པོར་འབྱོར་པ་ཡིན་ནོ། །ལྷ་ཡུལ་གྱི་དཔལ་དང་འབྱོར་བ་གང་བཟང་ཐམས་ཅད་གོང་ནས་གོང་དུ་ཡར་ཡོད་པ་དང་། ལྷ་མིན་གྱི་སྐལ་བ་བཟང་པོ་འོག་རིམ་ནས་མར་ཡོད་པའི་ཁྱད་པར་རོ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ནི་འགྲོ་བའི་རིས་ལྷ་མིན་གྱི་ནང་དུ་གཏོགས་པས་རི་རབ་ཀྱི་ཁོང་གསེང་མ་ཡིན་པའི་གནས་སུ་ཡོད་པའི་ལྷ་མིན་གྱི་རིགས་སུ་བགྲང་པའི་འཁོར་དང་བཅས་པའི་གནས་ནི། གཞན་འཕྲུལ་དབང་བྱེད་ཀྱི་ནང་དུ་གཏོགས་པའི་གནས་གཞན་ཁྱད་པར་ཅན་ཡིན་ནོ། །ལྷ་མ་ཡིན་གྱི་ཁོངས་སུ་གཏོགས་པ་འགའ་ནི། འཛམ་བུའི་གླིང་དང་། གླིང་གཞན་དང་། རྒྱ་མཚོ་དང་། མུ་ཁྱུད་དང་། རི་རབ་ལ་སོགས་པ་ངེས་པ་མེད་པ་ན་ཡོད་དེ་བདུད་རིགས་ཀྱི་མི་མ་ཡིན་རྣམས་སོ། །དེ་དག་གིས་འདོད་པའི་གནས་རིས་བསྟན་ཟིན་ཏོ། །ཞེས་འདོད་ཁམས་ཀྱི་ལྷ་གནས་ས་གཞིར་བརྟེན་པ་གཉིས་དང་། ཞོར་དུ་ལྷ་མིན་གྱི་གནས་དང་བཅས་པ་དང་། ནམ་མཁའ་ལ་བརྟེན་པའི་གནས་བཞི་དང་བཅས་པའི་འདོད་ཁམས་ཀྱི་ལྷ་གནས་དྲུག་པོ་བཤད་ཟིན་ནས། གཉིས་པ་གཟུགས་ཁམས་ལ། གནས་དང་། རྒྱ་ཁྱོན་གཉིས། དང་པོ་ལ། གཟུགས་ཁམས་ཀྱི་གནས་བསྟན་པ། ཞར་ལ་གཟུགས་མེད་ལ་དངོས་སྣང་གི་གནས་མེད་ཚུལ་གཉིས། དང་པོ།

གཟུགས་ཁམས་ཀྱི་གནས་བསྟན་པ།

དེ་ནས་གཟུགས་ཀྱི་ཁམས་བསམ་གཏན་བཞིའི་གནས་སོ་སོར་བཤད་པ་ནི། འདོད་ཁམས་ལས་གྱེན་དུ་འཕགས་པའི། གཟུགས་ཁམས་གནས་རིས་རྣམ་པ་བཅུ་བདུན་ནི། །བསམ་གཏན་བཞིའི་བར་ཆུང་འབྲིང་ཆེ་ཐོབ་པས། །ཚངས་རིས་འབྲས་བུ་ཆེ་བའི་བར་དུའོ། །ཞེས་གསུངས་ཏེ། སྔོན་བསམ་གཏན་ཟག་བཅས་བསོད་ནམས་སྐྱེས་རིམ་པར་བསྒོམ་པ་ལས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་བའི་རིམ་པ་ནི། བསམ་གཏན་དང་པོ་ཆུང་ངུ་དང་། འབྲིང་དང་ཆེན་པོར་བསྒོམས་པ་རྫོགས་པ་ལས། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་རྣམས་དང་། འུ་ཚོས་སྡོམ་བྱང་ལས། དང་པོར་ཚངས་རིས་མདུན་འདོན་ཚངས་ཆེན་གསུམ། །ཞེས་པ་དེ་དང་། །བསམ་གཏན་གཉིས་པ་ཆུང་ངུ་དང་། འབྲིང་དང་ཆེན་པོ་གྲུབ་པ་ལས། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་རྣམས་དང་། གཉིས་པར་འོད་ཆུང་ཚད་མེད་འོད་འོད་གསལ། །ཞེས་པ་དེ་དང་། བསམ་གཏན་གསུམ་པ་ཆུང་ངུ་དང་། འབྲིང་དང་ཆེན་པོར་རྫོགས་པས། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་རྣམས་དང་། གསུམ་པར་དགེ་ཆུང་ཚད་མེད་དགེ་དགེ་རྒྱས། །ཞེས་པ་དང་། བསམ་གཏན་བཞི་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཐོབ་པས་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་སྟེ། སོ་སོ་སྐྱེ་བོའི་གནས་གཞན་གསུམ་གྱི་བར་དུའོ། །བཞི་པར་སྤྲིན་མེད་འོད་དང་བསོད་ནམས་སྐྱེས། །འབྲས་བུ་ཆེ་གསུམ་དེ་སྟེང་གནས་གཙང་ལྔ། །ཞེས་པ་སྟེ། བསམ་གཏན་གྱི་གནས་བཞི་བོ་རེ་རེ་ལ་སོ་སྐྱེའི་གནས་གསུམ་རེ་སྟེ་བཞི་གསུམ་བཅུ་གཉིས་དང་། དེའི་ཁར་གནས་གཙང་ལྔ་བསྣན་པས་བཅུ་བདུན་རེད། འདིར་སོ་སོའི་སྐྱེ་བོའི་གནས་གཞན་དང་འཕགས་པའི་གནས་གཞན་ཞེས་པའི་གཞན་ནི། སྐྱེས་འཕགས་ཀྱི་གནས་གཅིག་ལ་གཅིག་ལྟོས་ཀྱིས་ཅིག་ཤོས་གཞན་གྱི་སྒྲས་བསྟན་པ་ཙམ་ཡིན་པར་འདུག དེའི་གོང་མ་འཕགས་པའི་གནས་གཞན་གྲུབ་པའི་ཚུལ་ནི། བསམ་གཏན་བཞི་པོ་སྤེལ་མར་རབ་བསྒོམས་པས། །ཆུང་འབྲིང་ཆེན་པོ་ཆེས་ཆེ་མཆོག་ཆེ་བས། །མི་ཆེ་བ་ནས་འོག་མིན་བར་དག་ཏུ། །འཕགས་པའི་གནས་གཞན་གཙང་རིས་རྣམ་ལྔའོ། །ཞེས་གསུངས་ཏེ། བསམ་གཏན་དང་པོ་དང་བཞི་པ་སྤེལ་བ་ཆུང་ངུ་། དང་པོ་དང་གཉིས་པ་བསྡོམས་པ་ལས། བཞི་པ་སྤེལ་བ་འབྲིང་། དང་པོ་གཉིས་པ་གསུམ་པ་གསུམ་དང་། བཞི་པ་སྤེལ་བ་ཆེན་པོ། བསམ་གཏན་བཞི་པོ་ནང་ཚན་རེ་རེ་ཞིང་བཞི་པ་དང་སྤེལ་བ་ཆེས་ཆེ་བ། དེ་དག་ཐོད་རྒལ་དུ་བསྒོམས་པ་མཆོག་ཏུ་ཆེན་པོའོ། །ཐོད་རྒལ་ནི་བསམ་གཏན་བཞི་པོའི་ལ་ལ་དོར་བ་ནས་མཆོང་པའི་བར་དུ་བཞི་པ་བསྒོམས་པས་ཏེ། མས་ཡར་རིམ་དང་། རིམ་མིན་དུ་གཅིག་ནས་གསུམ་གྱི་བར་ནས། ཡས་མར་བོར་བའི་བར་དུ་བཞི་པ་བསྒོམས་པའོ། །དེ་ལྟར་བསྒོམས་པས་གཙང་མའི་གནས་རིས་མི་ཆེ་བ་དང་གཅིག མི་གདུང་བ་དང་གཉིས། གྱ་ནོམ་སྣང་བ་དང་གསུམ། ཤིན་ཏུ་མཐོང་བ་དང་བཞི། འོག་མིན་ཏེ་གཙང་རིས་ལྔ་རྣམས་སོ། །གཟུགས་ཁམས་གནས་རིས་དེ་དག་བཅུ་བདུན་པོ་ཐམས་ཅད་འདས་པའི་ཡང་རོལ་ན་འོག་མིན་ཆེན་པོ་བསྟན་པ་ནི། གནས་རིགས། དེ་དག་གོང་ན་སྲིད་པ་ཐ་མའི་གནས། །འོག་མིན་རྣམ་མཛེས་ས་བཅུ་ཐོབ་པའི་གནས། །དྭངས་ཤིང་གསལ་ལ་ཡོངས་སུ་རྫོགས་པ་ཡིན། །ཅེས་གསུངས་ཏེ། འདིས་ནི་འོག་མིན་རྣམ་མཛེས་ཆེན་པོ་དང་། དེའི་ཞོར་དུ་གཟུགས་མེད་ལ་དངོས་སྣང་གི་གནས་མེད་ཚུལ་ཡང་བསྟན་པ་སྟེ། གནས་གཙང་མ་ལྔ་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དོ། །ས་བཅུ་ཡོངས་སུ་རྫོགས་པར་བསྒོམས་པ་རྣམས་དེར་སྐྱེ་བ་གང་ཡིན་པ་སྟེ། ཉན་རང་འཕགས་པས་གཙང་རིས་ལྔ་བགྲོད་པ་ལས་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཁྱད་པར་འཕགས་པ་གནས་ཀྱིས་ཀྱང་ཕྱེའོ། །སྤྱིར་ན་འོག་མིན་ཞེས་པའི་སྒྲའི་འཇུག་ཡུལ་ཐད་དྲངས་ཀྱིས་འཆད་པར་བྱེད་ན། གནས་སུ་གྱུར་པ་གང་ཞིག་དེའི་གོང་ན་ཆེས་འཕགས་པའི་གནས་གཞན་མེད་པ་འོག་མིན་ཙམ་གྱི་མཚན་ཉིད་ཡིན་ཅེས་ཁ་རྩང་ཞིག་ནས་བཤད་པ་ཡིན། འདི་ལ་གསང་ཆེན་རྡོ་རྗེའི་ཐེག་པའི་སྐབས་སུ་ཆོས་ལོངས་སྤྲུལ་སྐུའི་འོག་མིན་གྱི་དབྱེ་བ་ཕྱེས་ཡོད་ཅིང་། དེ་ལ་ཆོས་སྐུའི་འོག་མིན་ནི། མཐའ་དབུས་ཕྱོགས་ཆ་གང་དུའང་གཞག་ཏུ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་གི་བགྲོད་བྱ་དམ་པ་སྟེ། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་པ་དེ་ཡིན། ལོངས་སྐུའི་འོག་མིན་ནི། ཆོས་སྐུའི་དབྱིངས་དེ་ལས་ཡེ་ཤེས་ཆེན་པོའི་སྣང་བར་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ། ཡེ་ཤེས་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པ་སྟེ། དེ་ནི་སངས་རྒྱས་ཉིད་ཀྱི་རོལ་བ་ལས་གཞན་གྱིས་ལོངས་སྤྱོད་ཡུལ་གྱུར་པ་མིན་པའི་འོག་མིན་ཆེན་པོ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་པ་དེ་ཡིན། དེའང་གཙང་མའི་གནས་སྤངས་ཞེས་པ་ནི། དེའི་ཡན་དུ་འགྲོ་སའི་ས་ཞིག་གམ། ནམ་མཁའ་ཞིག་ཏུ་ཡོད་ཅེས་པ་མིན་པར་དེ་ལས་འདས་པ་འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ཡིན་པར་བསྟན་པ་ཡིན། དེས་ན་བློས་ཕྱོགས་ཆར་བཅད་པའི་གནས་ཞིག་མིན་པར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་གིས་ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་གྲུབ་པ་ཞིག་ཡིན། དེ་ཉིད་ལོངས་སྐུའི་རང་སྣང་དག་པའི་ཞིང་ཁམས་ཡིན་པས་ན་གཙང་མའི་འོག་མིན་དང་། སར་གནས་ཀྱི་སྣང་བ་རང་བཞིན་སྤྲུལ་སྐུའི་འོག་མིན་གཉིས་ལས་ཀྱང་སྣང་བ་དེ་ཉིད་ཁྱད་དུ་འཕགས་པའོ། །སྤྲུལ་སྐུའི་འོག་མིན་ལ་གཉིས་ཏེ། གདུལ་བྱ་ས་ལ་གནས་པའི་དོན་དུ་རང་བཞིན་སྤྲུལ་སྐུའི་ཞིང་དང་། འདྲེས་མའི་དོན་དུ་གཙང་མ་རིས་ཀྱི་འོག་མིན་བསྟན་པའོ། །དང་པོ་ནི། དབུས་ན་འོག་མིན་ཁང་བུ་བརྩེགས་པའམ་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་བ། ལྷོ་ན་རིན་པོ་ཆེས་བརྒྱན་པ། ནུབ་ན་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པའི་ཞིང་ལྔར་འཁོར་ས་བཅུའི་སེམས་དཔའ་ལ། སྟོན་པ་རིགས་ལྔས་ཆོས་ཐེག་པ་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་ཞལ་དང་ལྗགས་ལས་འོད་ཟེར་འཕྲོས་པའི་རྩེ་ལས་རང་སྣང་ཞིང་། མེ་ལོང་ལྟ་བུའི་སྣང་བས་སྒྲིབ་པ་སྦྱང་བར་འདོད་དེ། གསང་བ་སྙིང་པོ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་པ་ལྟར་ཡིན་ལ། གཉིས་པ་འདྲེས་མའི་ཚུལ་དུ་གཙང་མ་རིས་ཀྱི་འོག་མིན་བསྟན་པ་ནི། མི་མཇེད་ལ་སོགས་པ་འགྲོ་དྲུག་སེམས་ཅན་གྱི་སྣང་བ་དང་མཐུན་པའི་གནས་ཀྱི་མཆོག་རང་རང་གི་འཇིག་རྟེན་དེའི་གཟུགས་ཀྱི་ཁམས་བསམ་གཏན་བཞི་པའི་གནས་གཙང་མ་རིས་ཀྱི་ལྷ་ལྔའི་གནས་ཀྱི་འོག་མིན་རགས་པའི་དངོས་པོ་མ་ཡིན་པ། དྭངས་མ་འོད་ཀྱི་རང་བཞིན་ལས་གྲུབ་པའི་གནས་གཞལ་ཡས་ཁང་ལ་སོགས་པ་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་དེར། འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་ཚེ་སྤྲུལ་པའི་དང་པོ་ལོངས་སྐུ་དང་ཆོས་མཐུན་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྟན་ནས་ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དུ་མས་འདུལ་བར་ཀུན་ཏུ་སྟོན་ཏོ། །དེ་སྐད་དུའང་ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་ལ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུ་ཆོས་དུ་མས་ཚིམ་པར་མཛད། །ཅེས་སོ། །འདི་ནས་དབང་ཕྱུག་ཆེན་པོའི་གནས་ཞེས་གསུངས་པ་དང་། ས་བཅུ་ཡོངས་སུ་རྫོགས་པ་རྣམས་ནི་དེར་སྐྱེ་ཞེས་པ་དང་། ཉན་རང་འཕགས་པས་གཙང་རིས་ལྔ་བགྲོད་པ་ལས་བྱང་སེམས་རྣམས་ཁྱད་པར་དུ་འཕགས་པ་གནས་ཀྱིས་ཕྱེའོ། །ཞེས་པ་འདི་དག་གིས་ནི། འོག་མིན་གྱི་སྟེང་ན་འོག་མིན་གྱི་གནས་གཅིག་སྟེ་འཇིག་རྟེན་གྱི་ཁམས་གཉིས་ཆགས་ཡོད་ཅེས་པའི་དོན་མིན་པར། འོག་མིན་ཆེན་པོ་དང་རྣམ་མཛེས་ཞེས་པའི་ཚིག་གིས་ཀྱང་གོ་ཐུབ་པ་དང་། དབང་ཕྱུག་ཆེན་པོ་ནི་ལོངས་སྐུ་ཡིན་ཅིང་། ས་བཅུ་ཡོངས་སུ་རྫོགས་པའི་བྱང་སེམས་རང་བཞིན་སྤྲུལ་བ་སྐུ་ཡི་འཁོར་ཡིན། དེ་ཉན་རང་འཕགས་པ་ལས་འཕགས་དགོས་དུས་གསང་སྔགས་སྔ་འགྱུར་པའི་ཐུན་མིན་གྱི་ཆོས་སྐད་དུ་འོག་མིན་འདིི་ལ། དོན་གྱི་འོག་མིན་དང་གཅིག རྟགས་ཀྱི་འོག་མིན་དང་གཉིས། རིག་པའི་འོག་མིན་དང་གསུམ། གསང་བའི་འོག་མིན་དང་བཞི། གནས་ཀྱི་འོག་མིན་དང་ལྔར་གསུངས་པའི་ནང་གི་འཇིག་རྟེན་གནས་ཀྱི་འོག་མིན་གཙང་རིས་ལྷ་ལྔའི་ཡ་གྱལ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་པ་གང་ཞིག འོག་མིན་སྔ་མ་བཞི་རྫོགས་པའི་ངེས་པ་ལྔ་ལྡན་མི་བཟད་རྒྱན་འཁོར་ལྔའི་ཡོན་ཏན་དང་ལྡན་པའི་ཟླ་གཟུགས་ཆུ་སྣོད་དུ་འཕོས་པ་ལྟ་བུའི་དག་པའི་འཁོར་དུ་སྣང་བའི་ལྡོག་ཆ་ནས་དབང་ཕྱུག་ཆེན་པོའི་གནས་ཞེས་གནས་ཀྱི་འཕགས་ཆོས་བསྟན་པ་ཡིན་ནམ་སྙམ། གཉིས་པ།

ཞར་ལ་གཟུགས་མེད་ལ་དངོས་སྣང་གི་གནས་མེད་ཚུལ་བསྟན་པ།

གཟུགས་མེད་པ་ལ་དངོས་སྣང་གནས་མེད་དོ། །ཞེས་གསུངས་ཏེ། གཟུགས་མེད་པའི་རིས་བཞི་ལ་དངོས་སྣང་གི་གཟུགས་སུ་གྲུབ་པ་མེད་པས། དེའི་གནས་སུ་གྲུབ་པའང་རགས་པ་དང་ཕྲ་བ་གང་ཡང་མེད་དོ། །ཞེས་གཟུགས་མེད་ཀྱི་ཁམས་ལ་དངོས་སྣང་གི་གནས་མེད་པའི་འཇུག་སྡོམ་མཛད་ནས། གཉིས་པ། གཟུགས་ཁམས་ཀྱི་རྒྱ་ཁྱོན་དང་། ཞར་ལ་གནས་སོ་སོའི་མཐོ་ཁྱད་བསྟན་པ་གཉིས། དང་པོ།

གཟུགས་ཁམས་ཀྱི་རྒྱ་ཁྱོན་བསྟན་པ།

གཟུགས་ཁམས་ཀྱི་ལྷ་གནས་དེ་དག་ལ། རྒྱ་ཁྱོན་ཚད་ནི་བསམ་གཏན་བཞི་རིམ་བཞིན། །གླིང་བཞི་པ་དང་སྟོང་གཅིག་སྟོང་གཉིས་གསུམ། །འབྲས་བུ་ཆེ་ཡི་བར་དུ་བསྟན་པ་སྟེ། །གནས་གཙང་རིས་ལྔ་རྒྱ་ཁྱོན་ཚད་མེད་དོ། །ཞེས་གསུངས་ཏེ། བསམ་གཏན་དང་པོའི་ལྷ་གནས་ཀྱི་རྒྱ་ཁྱོན་མཚུངས་པར། གླིང་བཞི་པའི་འཇིག་རྟེན་གཅིག་གི་ཚད་དང་མཉམ་ལ། གཉིས་པའི་ལྷ་གནས་གསུམ་ནི་རེ་རེ་བཞིན་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་རེ་དང་མཚུངས་ཤིང་། གསུམ་པ་རྣམས་སྟོང་གཉིས་པ་བར་མ་རེ་དང་མཉམ་ལ། བཞི་པའི་སོ་སོ་སྐྱེ་བོའི་གནས་གཞན་སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་གསུམ་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་དང་མཚུངས་སོ། །མི་ཆེ་བ་ནས་སྲིད་རྩེའི་འོག་མིན་བར་གྱི་གཙང་རིས་ལྷ་ལྔའི་གནས་ལ་རྒྱར་ཚད་མེད་པ་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་དང་འཇའ་ཚོན་ཤར་བ་ལྟར་གནས་པར་འདོད་དོ། །གཉིས་པ།

ཞར་ལ་གནས་སོ་སོའི་མཐོ་ཁྱད་བསྟན་པ།

གནས་རིས་དེ་དག་གི མཐོ་ཁྱད་བར་ཐངས་འཛམ་བུའི་གླིང་ཉིད་ནས། །རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་བར། །དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་པ་སྟེ། །ཞེས་གསུངས་ཏེ། འོག་མ་འཛམ་བུའི་གླིང་ནས་རི་རྒྱལ་གཉའ་ཤིང་འཛིན་གྱི་རྩེ་ན། རྒྱལ་ཆེན་བཞིའི་རྩ་བའི་ཕོ་བྲང་ཡོད་པའི་བར་གྱི་ནམ་མཁའི་མཐོངས་ལ་གྱེན་དུ་དཔག་ཚད་བཞི་ཁྲིའོ། །དེ་ནས་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་བར་ཀྱང་དེ་དང་འདྲའོ། །ས་ལ་བརྟེན་པའི་ལྷ་ཡི་གནས་གཞན། དེ་ནས་མཚེ་མར་བརྒྱད་ཁྲི་དགའ་ལྡན་དུ། །ཆིག་འབུམ་དྲུག་ཁྲི་ཡོད་པའི་ཆ་གཞལ་ཏེ། །གོང་ནས་གོང་མར་བགྲོད་པའི་བར་སྣང་ལ། །འཛམ་བུའི་གླིང་ནས་གནས་དེར་ཇི་ཙམ་ཞིག ཡོད་པའི་བར་ཐག་གོང་མར་བརྩིས་པ་ཡིས། །འོག་མིན་བར་དུ་མཐོ་ཁྱད་ཤེས་པར་བྱ། །ཞེ་གསུངས་ཏེ། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་བར་དུ་དཔག་ཚད་བརྒྱད་ཁྲི་སྟེ། འཛམ་བུའི་གླིང་ནས་དེ་སྲིད་དུ་བར་ཐག་དཔག་ཚད་ཆིག་འབུམ་དྲུག་ཁྲི་ཡོད་པ་ལྟར། འཐབ་བྲལ་ནས་དགའ་ལྡན་དུ་ཡང་དེ་སྙེད་དོ། །གོང་མ་རྣམས་ཀྱང་འཛམ་བུའི་གླིང་ནས་རང་རང་གི་འོག་གི་བར་ལ། འོག་མའི་ལྷ་གནས་ནས་འཛམ་བུའི་གླིང་གི་བར་དུ་ཇི་ཙམ་ཡོད་པ་དེ་ཙམ་རེ་ཡོད་པས། འོག་མིན་གྱི་བར་ལ་ཆེས་ཆེར་མཐོ་བ་ཡིན་ནོ། །གཉིས་པ།

དེ་ལས་སྟོང་དང་པོ་སོགས་ཀྱི་འཇོག་ཚུལ་བསྟན་པ།

དེ་ལྟར་གནས་པའི་གནས་རིས་དེ་དག་ཀྱང་སྟོང་གསུམ་དུ་སྡུད་པའི་ཚུལ་ནི་འདི་དག་སྟེ། གླིང་བཞི་རི་རབ་འདོད་ལྷ་དྲུག་པོ་དང་། །ཚངས་པའི་འཇིག་རྟེན་གཅིག་དང་བཅས་པ་ལ། །གླིང་བཞི་པ་ཡི་འཇིག་རྟེན་ཁམས་ཞེས་བྱ། །མུ་ཁྱུད་ཉི་ཟླའི་འཆར་ཚད་མཉམ་པས་བསྐོར། །ཞེས་གསུངས་ཏེ། གླིང་བཞི་རི་རབ་འདོད་ལྷའི་གནས་དྲུག་ཚངས་པའི་འཇིག་རྟེན་དང་བཅས་པ་གཅིག་གི་མཐར། ཁོར་ཡུག་གི་མུ་ཁྱུད་དཔག་ཚད་བཞི་ཁྲི་འཕགས་པས་བསྐོར་བ་ཉི་ཟླས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ཞེས་སྟོང་གསུམ་གྱི་བརྩི་གཞིིའོ། །དེ་ལྟ་བུའི་གླིང་བཞི་པའི་འཇིག་རྟེན་ཁམས། དེ་ཉིད་སྟོང་མཐར་སུམ་ཅུ་རྩ་གསུམ་དང་། །མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་ནི། །སྤྱི་ཕུད་སྟོང་གི་འཇིག་རྟེན་ཁམས་ཞེས་བྱ། །ཞེས་གསུངས་ཏེ། དེ་ནི་གླིང་བཞི་རི་རབ་དང་བཅས་པ་སྟོང་སྟོང་དུ་གནས་པས་དེ་སྐད་བྱའོ། །གླིང་བཞི་བའི་འཇིག་རྟེན་འདོད་ལྷའི་གནས་དྲུག་ལྕགས་རིས་བསྐོར་བ་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཟེར་བ་ཡིན་ཅིང་། དེ་ལྟ་བུའི་སྟོང་དང་པོ་དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པས་སྟོང་ཚང་བ་ལ་བར་མའི་འཇིག་རྟེན་དུ་གཞག་པ་ནི། དེ་སྟོང་བར་མའི་འཇིག་རྟེན་ཁམས་ཡིན་ཏེ། །གཞན་འཕྲུལ་དང་མཉམ་ལྕགས་རིས་ཀུན་ནས་བསྐོར། །ཞེས་གསུངས་ཏེ། དེ་ན་རི་རབ་དང་། ཉི་ཟླ་ལ་སོགས་པ་ས་ཡ་ཕྲག་རེ་ཡོད་པའོ། །དེ་རྣམ་རེ་རེ་བཞིན་དུ་འདིར་རྩིས་ཀྱི་ལུགས་ལ་ས་ཡ་སྔོན་དུ་བརྩི་བའི་ལུགས་ཡིན་པས་དེ་ལྟར་བྱས་ནས་གསུངས་པ་ཡིན། འཇིག་རྟེན་པའི་ཁ་སྐད་དུ་བྱེ་བ་ས་ཡ་ཞེས་པ་གྲངས་མགོ་འཇུག་བསློགས་ནས་ཡོད་པས་ནོར་བའོ། །བར་མའི་འཇིག་རྟེན་གྱི་ཁམས། དེ་སྟོང་སྟོང་གསུམ་འཇིག་རྟེན་ཆེན་པོའི་མཐར། །ཚངས་རིས་དང་མཉམ་ལྕགས་རིས་བསྐོར་བ་ན། །གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་བར། །ཐེར་འབུམ་གཅིག་སྟེ་བྱེ་བ་ཕྲག་བརྒྱ་རེ། །ཞེས་གསུངས་ཏེ། བར་མའི་འཇིག་རྟེན་སྟོང་བསྡོམས་པ་གཅིག་གི་མཐར་ལྕགས་རིའི་མུ་ཁྱུད་ཆེན་པོ་ཚངས་རིས་དང་པོའི་ལྷ་གནས་ཀྱི་ཚད་དང་མཉམ་པའི་མཐོ་ཁྱད་ཀྱིས་བསྐོར་བ་ན། རི་དང་གླིང་དང་། ཉི་མ་ལ་སོགས་པ་ཐེར་འབུམ་སྟེ་བྱེ་བ་ཕྲག་བརྒྱར་གནས་སོ། །ས་ཡ་བྱེ་བ་གཉིས་ལ་འགའ་རེས་ཁ་སྐད་དུ་བྱེ་ཆུང་བྱེ་ཆེན་ཟེར་བ་དེ་ཡིན། དུང་ཕྱུར་བཅུ་ལ་ཐེར་འབུམ་གཅིག་ཡིན་ཅིང་། བྱེ་བ་ཕྲག་བརྒྱ་ཞེས་པ་ནི་བྱེ་ཆེན་བརྒྱ་ཡིན། རྐྱང་བའི་གྲངས་གནས་ཀྱི་མཐའ་ནི་དུང་ཕྱུར་ཡིན་ལ་མི་རིགས་འགའ་རེའི་དེའི་ཡན་གྱི་ཐ་སྙད་མེད་པར་དུང་ཕྱུར་ལ་ཁ་གྲངས་འདེབས་པ་ཡིན་ཀྱང་། བོད་ལུགས་ཀྱི་རྩིས་ལ་ཐེར་འབུམ་བཅུ། ཁྲག་ཁྲིག དེ་བཅུ་རབ་བཀྲམ། དེ་བཅུ་གཏམས། དེ་བཅུ་དཀྲིགས་དང་། དེ་བཞིན་དུ་མི་འཁྲུགས། ཁྱད་འབྱིན། སྤང་རྟེན། དེད་འདྲེན། མཐའ་སྣང་ལ་སོགས་པ་ནས་གྲངས་མེད་ཀྱི་བར་དུ་བརྩི་རྒྱུ་ཡོད་པས་ཐ་སྙད་ཀྱིས་ཕོངས་པ་མིན་ནོ། །ད་ནི་སྣོད་ཆགས་པའི་བསྐལ་བ་བཤད་པའི་མཇུག་བསྡུ་བ་སྟེ། དེ་ལྟར་ནམ་མཁའ་ནས་བཟུང་སྟེ་སྣོད་ཆགས་པའང་བར་གྱི་བསྐལ་པ་གཅིག་སྟེ། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། འདི་དག་འོག་གཞི་རླུང་གི་དཀྱིལ་འཁོར་ཡང་། །གཅིག་ལ་བརྟེན་པས་མཉམ་དུ་ཆགས་འཇིག་གནས། །ཞེས་གསུངས་ཏེ། སྟོང་གསུམ་གྱི་འཇིག་རྟེན་འདི་ཐམས་ཅད་སྟེང་ཐ་དད་པར་སྣང་ཡང་། འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གི་རང་བཞིན་ལ་རྩ་བ་བརྟེན་པར་གཅིག་པས། ཆགས་པ་ན། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། མཚམས་སུ་སྟེང་ནས་ཆར་བབས་པ་ལ་སོགས་པའི་རྐྱེན་གྱིས་རྡུལ་ཕྲན་འདུས་པ་ལས་ཆགས་ཏེ། གནས་པའང་དུས་གཅིག་དང་། འཇིག་པའང་དུས་གཅིག་པ་ཡིན་ཏེ། འོག་གཞི་གཅིག་གི་རང་བཞིན་བརྟན་པ་དང་གཡོ་བ་རྫས་གཅིག་ལ་དུས་གཅིག་ཏུ་བརྟེན་པར་མཚུངས་པའི་ཕྱིར་རོ། །དེ་དག་གིས་སྣོད་ཆགས་པའི་རབ་ཏུ་དབྱེ་བ་བཤད་ཟིན་ཏོ། །ལེའུའི་མཚན་སྨོས་པ་ནི། དེ་ལ་སྤྱིར་བམ་པོ་དང་ལེའུ་ཡི་དོན་གྱི་ས་མཚམས་ཕྱེ་བ་ནི། བམ་པོ་ཁ་ཕྱིར་བསྟན་དང་། བམ་པོ་ཁ་གྱེན་བསྟན་ཞེས་གསུངས་པ་ལྟར་དུ་བརྗོད་བྱའི་ལེ་ཚན་རྫོགས་པའི་མཚམས་སུ་རྗོད་བྱེད་ཀྱི་མཚན་ལེའུས་བསྟན་ནས་བྱུང་བ་ཞིག་ཡིན་པས་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའི་རྒྱ་ཆེར་འགྲེལ་པའོ།། །།དེ་ཡན་ཆད་ཀྱིས་སྣོད་ཆགས་ཚུལ་བརྒྱས་པ་བསྟན་ནས། གཉིས་པ་བཅུད་ཆགས་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ།

བཅུད་ཆགས་ཚུལ་མདོར་བསྟན་པ།

དེ་ལྟར་སྣོད་ཆགས་ཚུལ་བསྟན་པའི་རྗེས་ཐོགས། དེ་ནས་བཅུད་ཀྱི་སེམས་ཅན་ཆགས་ཚུལ་ལ། །གཟུགས་མེད་གཟུགས་དང་འདོད་པའི་ཁམས་གསུམ་ལས། །ཞེས་གསུངས་ཏེ། འདི་ལྟར་སྣོད་ཀྱང་འགྲོ་བའི་བག་ཆགས་ལས་དེར་སྣང་བའི་ཕྱིར། སྣང་བ་པོ་བཅུད་དུ་གྱུར་པའང་འབྱུང་བར་ངེས་པ་འདི་ནི་ཆོས་ཉིད་དོ། །བཅུད་དུ་གྱུར་བ་དེ་ཡང་གཟུགས་མེད་པ་དང་། གཟུགས་དང་འདོད་པའི་སེམས་ཅན་གྱི་ཁམས་ཀྱི་རིས་ནི་གསུམ་དུ་འདུས་པ་ཉིད་དེ། ཡུལ་ཉེ་བར་ལོངས་སུ་སྤྱོད་པ་པོའི་རང་བཞིན་དེ་ལྟར་གཟུགས་མེད་གཟུགས་དང་འདོད་པ་གསུམ་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །འོ་ན་འདོད་པའི་ཁམས་སུའང་གཟུགས་སུ་ཡོད་ན་ཅིའི་ཕྱིར་བསམ་གཏན་པའི་ལྷ་ཁོ་ན་ལ་གཟུགས་ཀྱི་སྒྲས་ཉེ་བར་བརྗོད་ཅེ་ན། འདི་ལྟར་གཟུགས་ཙམ་དུ་བརྗོད་པའི་སྐབས་སུ་མཚུངས་ཀྱང་། དགེ་བ་ཟག་བཅས་སྐྱེས་ཀྱི་འབྲས་བུ་ཐོབ་པའི་གཟུགས་ཀྱི་མཆོག་ནི། བསམ་གཏན་གྱི་གཟུགས་འོད་གསལ་དྭངས་པ་མཆོག་ཡིན་ལ། འདོད་པ་ན་དེའི་ཆ་མཚུངས་པ་ཙམ་ཉིད་ལས། རྣམ་སྨིན་སྐྱེས་དང་དེའི་ཡོན་ཏན་གྱི་ཆ་མི་མཚུངས་པའི་ཕྱིར་ན། དམན་པ་ལ་མེད་པར་དགག་པའི་སྒྲས་འདོད་པ་ལ་གཟུགས་ཀྱི་སྒྲ་ཉེ་བར་མ་སྦྱར་བ་ཉིད་དོ། །ཞེས་འདོད་ཁམས་པ་ལ་གཟུགས་ཡོད་ཀྱང་། མཆོག་དམན་དང་དྭངས་སྙིག་གི་ཁྱད་པར་གྱིས་དམན་ལ་དགག་པའི་སྒྲ་སྦྱར་ནས་གཟུགས་ཁམས་ཀྱི་གྲལ་དུ་མ་ཐེ་བ་ཡིན་ལ། ཡང་གཏན་ནས་གཟུགས་ཀྱི་སྒྲ་སྦྱར་དུ་མི་རུང་པའམ་སྦྱར་བའི་སྐབས་མེད་དམ་ཞེ་ན། མ་ཡིན་ཏེ་ལུང་ཁ་ཅིག་ཏུ་སེམས་ཅན་གཉིས་ཏེ། གཟུགས་དང་གཟུགས་མེད་པའོ་ཞེས་འདོད་པའི་ལུགས་ལ་འདོད་གཟུགས་གཉིས་རིས་གཅིག་ཏུ་སྡུད་པས་གཟུགས་ཀྱི་སྒྲའང་སྦྱར་བ་ཉིད་དོ། །གཉིས་སུ་བསྡུས་ཚེ་འདོད་པ་ཡང་གཟུགས་ཁམས་སུ་བསྡུས་པ་ཉིད་དོ། །ཡང་རྣམ་པ་གཞན་གཅིག་ཏུ་ན་འདོད་པ་ནི་གཟུགས་ཅན་གྱི་སྟེང་དུ་རགས་པའི་འདོད་ཡོན་ལ་སྲེད་པའི་འདུན་པ་ལྷག་པ་དང་བཅས་པའི་ཕྱིར། འདོད་པ་ཉིད་གཙོ་ཆེ་བའི་རང་བཞིན་གྱི་སྒྲས་ཀྱང་ཉེ་བར་བཏགས་པར་ནས་འདོད་ཁམས་ཞེས་བརྗོད་པར་འདོད་དོ། །ཁ་ཅིག་སྒྲ་འདོད་རྒྱལ་བ་ཡིན་པས་འགྲེལ་ནས་བཤད་དུ་མེད་ཅེས་ཟེར་བའང་རིགས་པ་མ་ཡིན་ཏེ། ཁམས་དང་རིས་ལ་སོགས་པའི་དོན་ཐ་དད་པ་རེ་རེ་བཤད་པའི་ཕྱིར་རོ། །དེས་ནི་བཅུད་ཆགས་ཚུལ་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ལ། གཟུགས་མེད། གཟུགས། འདོད་ཁམས་གསུམ། དང་པོ་ལ། དངོས་དང་། སྒྲ་དོན། རྩོད་སྤང་གསུམ། དང་པོ།

གཟུགས་མེད་རྒྱས་བཤད་བསྟན་པ།

དེ་ལྟར་སེམས་ཅན་གྱི་རིས་སམ་ཁམས་ཀྱི་སྡེ་ཚན་གསུམ་དུ་གནས་པའི། ཐོག་མར་གཟུགས་མེད་རང་བཞིན་བསྟན་པ་ནི། །སྔར་བཞིན་ཐོག་མའི་འོད་གསལ་ལས་འཁྲུལ་ཏེ། །མ་རིག་སས་བསྡུས་བསམ་གཏན་བཞིར་གོལ་བས། །གཟུགས་མེད་བཞི་པོ་གོང་ནས་འོག་མར་མཆེད། །ཅེས་གསུངས་ཏེ། གཟུགས་མེད་པའི་ཐོག་མའི་རྒྱུ་ནི་ཐོག་མའི་གཞི་ལས་གཞི་སྣང་དུ་ཤར་བའི་གནས་སྐབས་ཀྱི་འོད་གསལ་སྙིང་པོ་ལས། མཚུངས་པར་ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས། རིག་པ་རྟོག་མེད་བསམ་གཏན་རིགས་བཞིའི་རྒྱར་འཐུམས་པས་རྐྱེན་ཉེ་བར་བླངས་ཏེ་བྱུང་བའི་ཚུལ་ནི། ལེའུ་དང་པོར་ལུང་དང་བཅས་པ་བཤད་ཟིན་ལ། བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས་པ་ཡིན་ཀྱང་། འཕགས་ས་ནས་འོག་སར་ལྟུང་བ་ཐེག་དམན་གྱི་ལུགས་སུ་འདོད་པ་མིན་ཀྱང་། ཐེག་ཆེན་གྱི་མདོའི་ནང་དུ་བྱང་སེམས་རྣམས་གནས་གོང་འོག་ཀུན་ཏུ་སྐྱེ་བ་ལེན་པར་གསུངས་བའི་གོ་བ་འདིར་དྲན་པར་བྱ་དགོས་པ་ཡིན། སྲིད་པ་གསུམ་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་དུས་ན་འདོད་པ་དང་གཟུགས་ཀྱི་ཁམས་ནས་གཟུགས་མེད་པར་སྐྱེ་བའི་རྒྱུ་ནི། སོ་སོ་རང་རང་གི་རིག་པ་མདའ་ལྟ་བུ། ཉེ་བར་ལེན་པའི་ལས་ཞི་གནས་གོལ་ས་ཅན་ལྟོང་ལྟ་བུ། མཐོ་རིས་སུ་འཕེན་བྱེད་བསོད་ནམས་ཆ་མཐུན་གྱི་ལས་གཞུའི་རྒྱུད་དང་མཐེབ་མཛུབ་ལྟ་བུས་འཕངས་པ་ལས། གཟུགས་མེད་པའི་ཁམས་ཀྱི་ས་འབེན་དང་འདྲ་བ་ལ་ཕྱིན་ཏེ་དེར་གནས་པ་ནི། འཁྲུལ་བ་བསགས་པས་བསམ་གཏན་བཞིར་གོལ་བར་གྲུབ་པ་ལས་བྱུང་བའོ། །ཁྲིད་ཡིག་དག་ལས་སྒོམ་བསམ་གཏན་པ་ལ་གོལ་ས་ཡོད་ཅིང་། གོལ་ན་ཁམས་གསུམ་འཁོར་བའི་གནས་ལས་མི་འདའ་བ་ཡིན་ལ། དེ་ཡང་བསོད་ནམས་ཆ་མཐུན་གྱི་ལས་བསོད་ནམས་བསགས་པ་སྔོན་སོང་མེད་ན། བསམ་གཏན་གྱི་ལྷ་གནས་སུ་ཡང་སྐྱེ་མི་ཐུབ་པ་དང་། དེ་ཡོད་ན་བསམ་གཏན་གྱི་ལྷ་གནས་སུ་སྐྱེ་ཞིང་། བསོད་ནམས་ཀྱི་འཕེན་པ་དང་མ་འགྲོགས་པར་སྒོམ་གོལ་ས་འོག་གི་འཕྱི་བ་དང་གྲུམ་པའི་ལུས་ལེན་པར་གསུངས་ཡོད། དེ་ཡང་བསམ་གཏན་བཞི་པ་སྣང་ཡུལ་མ་བཀག་པའི་གསལ་བ་ཙམ་སྟེ། ཞེན་ཡུལ་མི་གསལ་བློས་རྟོག་དཔྱོད་མེད་པ་དང་། ཡོད་པ་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ནས་བསྒོམས་པས། སྲིད་པའི་རྩེ་མོ་སྟེ་ཡོད་མིན་མེད་མིན་དུ་སྐྱེས་སོ། །བསམ་གཏན་གསུམ་པ་རྟོག་དཔྱོད་ཞི་བའི་དགའ་བདེས་བརླན་པ་ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བར་བསྒོམས་པས་ཅི་ཡང་མེད་པའོ། །བསམ་གཏན་གཉིས་པ་དཔྱོད་པ་ཙམ་དང་བཅས་པའི་བསམ་གཏན་གསལ་བར་བྱུང་ཚོར་བཀག་པའི་རྣམ་ཤེས་ཙམ་དུ་བསྒོམས་པས་རྣམ་ཤེས་མཐའ་ཡས་སུ་གོལ། བསམ་གཏན་དང་པོ་རྟོག་བཅས་རགས་པའི་འདུ་ཤེས་ནུབ་པ་ཡུལ་མི་གསལ་བ་ནམ་མཁའ་ལྟར་དངོས་པོ་མེད་པ་བསྒོམས་པས་ནམ་མཁའ་མཐའ་ཡས་སུ་གོལ་ལ། དེ་ལྟར་གོལ་བའི་བསམ་གཏན་བཞི་པོ་ཡང་། །དང་པོ་རྩ་བའི་འོད་གསལ་སྙིང་པོ་ལས། །ཞེས་གསུངས་ཏེ། དང་པོ་འཁྲུལ་དུས་ཕྲ་བ་ཇེ་རགས་སུ་སོང་ནས་གོང་ནས་འོག་ཏུ་མཆེད་པ་ཡིན་ལ། ཕན་ཚུན་འཁོར་དུས་གོང་ནས་བཤད་པའི་འདོད་ཁམས་གླིང་བཞིའི་མིའི་ལུས་རྟེན་རང་རེ་ལྟ་བུ་སྔར་གྱི་རྟེན་ལ་བསམ་གཏན་པའི་སེམས་བཞི་གང་གྲུབ་པ་རྒྱུ་སྙོམས་འཇུག་གི་བསམ་གཏན་ལ་གོམས་པས་འབྲས་བུ་སྐྱེ་བའི་བསམ་གཏན་དེར་སྐྱེས་ནས་ཁ་ཅིག་གོང་མ་ཐོབ་པ་ལས་བསོད་ནམས་ཀྱི་འཕེན་པ་ཟད་དུས་གནམ་མདའ་གྱེན་དུ་འཕང་བར་ཤུགས་ཟད་ནས་ཐུར་དུ་ལྷུང་བ་ལྟར་དུ་འོག་ནས་འོག་ཏུ་རིམ་གྱིས་ལྟུང་བའང་ཡོད་ལ། ཁ་ཅིག་གང་ཐོབ་པ་དེ་ནས་སྲིད་པ་གཞན་དུའང་འཕོ་བས་མ་ངེས་སོ། །འོན་ཀྱང་ཕལ་ཆེར་གཟུགས་མེད་འདི་དག་བཞི་པོ་ཐོབ་ནས་འོག་མ་འོག་མར་རིམ་པས་ལྟུང་བ་ཤས་ཆེ་སྟེ་འཆི་ཀར་སྔར་གྱི་སྲིད་རྩེའི་ཏིང་ངེ་འཛིན་ཞིག་ནས། ཅི་ཡང་མེད་པའི་འདུ་ཤེས་ཙམ་དུ་ཤར་བས་ཅུང་ཟད་སྔར་ལས་རགས་པར་སོང་ལ། དེ་ཉིད་ཚོར་བ་བདེ་བས་དེའི་ངང་ལ་ཆགས་པས་དེར་ལྟུང་ལ། དེ་བཞིན་དུ་རྣམ་ཤེས་ཀྱི་འཆི་ཀར་ནམ་མཁའ་མཐའ་ཡས་ཀྱི་སེམས་ཤར་ནས་དེར་རོ་མྱོང་དང་མཚུངས་པར་ལྡན་གྱིས་སྐྱེ་བ་ཡིན་ཏེ། སྔར་ནས་ཏིང་ངེ་འཛིན་གྱི་ངང་ནས་རྒྱུན་རིང་བར་གོམས་པས། དེར་ཡང་དེའི་སེམས་འགྲུབ་པར་ཤིན་ཏུ་སླ་བའི་ཕྱིར་རོ། །ས་དེ་བའི་སེམས་གྲུབ་སྟོབས་ཀྱིས་སྐྱེ་བ་འཛིན་པར་ནུས་ཏེ། འདོད་གཟུགས་གང་རུང་ནས་གཟུགས་མེད་ཀྱི་སེམས་གྲུབ་པ་དེར་སྐྱེ་བ་བཞིན་ནོ། །འོ་ན་སེམས་ཅན་གྱི་རིགས་ཇི་ལྟ་བུ་དེ་དག་ཏུ་རིམ་པས་འགྲུབ། ཇི་ལྟ་བུ་རིམ་པས་མ་རྫོགས་པར་གཞན་དུ་འཕོ་ཞེ་ན། ཚེའི་མཐའ་སྟོན་པའི་མདོ་ལས་བཤད་པ་ལྟ་བུ་སྟེ། སྔོན་དགེ་བའི་རྩ་བ་བསོད་ནམས་ཆ་མཐུན་སྟོབས་ལྡན་དང་ཚན་ཆེར་བསགས་ནས། ཡུན་རིང་པོར་བདེ་དཔལ་མྱོང་བའི་འཕེན་བྱེད་ཀྱི་ལས་ཡོད་པ་རྣམས་ནི་ས་དེ་པའི་སེམས་ཐོབ་པའི་སྟོབས་ཀྱིས་སྐྱེ་བ་ལེན་ཏེ། དེ་ཡང་ཁ་ཅིག་སྔོན་ལ་གཟུགས་མེད་དང་པོ་ཐོབ། འཆི་ཁར་གཉིས་པའི་སེམས་སྐྱེས་པ་སྲིད་པས་དེར་སྐྱེ་ཞིང་། དེ་ནས་གོང་མར་སྐྱེ་བ་ཡང་ཡོད་ལ། ཁ་ཅིག་སྲིད་རྩེ་ལས་འཆི་ཁར་འོག་མའི་སེམས་ཐོབ་ནས་དེར་ཡང་འཆི་ཁར་འོག་མ་འོག་མའི་སེམས་སྐྱེས་ནས་དེར་སྐྱེ་བ་ཡང་ཡོད་དོ། །སྐྱེ་ཚུལ་མ་ངེས་ཏེ་ནམ་མཁའ་ནས་ཡར་བགྲོད་དུས་འཆི་ཁར་རྣམ་ཤེས་དང་། ཅི་ཡང་མེད་པ་དང་སྲིད་རྩེ་གང་རུང་གི་སེམས་སྐྱེས་པས་ཤི་མ་ཐག་ས་དེར་འཕོ་བ་ཡིན་ལ། གཅིག་གི་མཇུག་ཏུ་འཆི་ཁར་དེ་དང་ཉེ་བའི་སེམས་སྐྱེ་བ་ཡང་ཡོད་དོ། །ཞེས་པས་འཆི་ཁའི་ཉེར་ལེན་ཤུགས་ཆེ་བར་བསྟན་འདུག སྲིད་རྩེ་ནས་མར་བགྲོད་དུས་འོག་མ་གསུམ་གང་རུང་གི་སེམས་སྐྱེས་པ་དེར་ལྟུང་བ་བར་གྱི་འགའ་རེ་བསྐྱུར་ནས་ཐོད་རྒལ་ལམ་ཡང་ན་རིམ་པས་སྐྱེ་བ་ཡིན་ཏེ་ལས་བཟང་ངན་གྱིས་འཕེན་པ་ཆེ་ཆུང་གི་ཁྱད་དོ། །ས་གཞན་དུ་འཕོ་བ་ན་སྔོན་གྱི་འཕེན་བྱེད་དགེ་བ་བཅུས་ལན་ཅིག་འཕེན་པར་ནུས་པའི་ལས་ཅན་དེ་དག་ས་དེ་པའི་ཏིང་ངེ་འཛིན་ཐོབ་ནས་ལས་དེ་མ་ཟད་རིང་དེར་གནས་ལ། ལས་རྫོགས་ནས་འདོད་པ་དང་གཟུགས་ལ་སོགས་པར་འཕོ་ཞིང་ལྟུང་བ་ཡིན་ནོ། །དེས་ན་ས་དེ་པའི་རང་སའི་སེམས་ནི་ཏིང་ངེ་འཛིན་དེས་བྱེད་ལ། དེར་འཕེན་བྱེད་དང་རྫོགས་བྱེད་བསོད་ནམས་ཆ་མཐུན་གྱི་དགེ་བཅུས་བྱེད་པ་ཡིན་པར་རིག་པར་བྱའོ། །གཟུགས་མེད་བཞིའི་རྟེན་གང་ན་ཡོད་ཅེ་ན། གཟུགས་ལས་གོང་དུ་སྤགས་པའམ་འཕགས་པའི་ནམ་མཁའ་ལ་གནས་པར། བཀོད་པ་ཆེན་པོ་འཇིག་རྟེན་བཀོད་པའི་ལེའུ་ལས་བྱུང་བ་བཞིན་སོ་སོར་བཤད་པ། ནམ་མཁར་བརྟེན་ནས་རིམ་པར་གནས་ཚུལ་ནི། །པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ། །ཡོད་མིན་མེད་མིན་སྐྱེ་མཆེད་ཉེ་བར་བརྟེན། །ཏིང་འཛིན་གཅིག་གིས་བསྐལ་ཆེན་བརྒྱད་ཁྲིར་འདའ། །ཞེས་གསུངས་ཏེ། མཁའ་དབྱིངས་ངང་ན་ཞིང་འདི་བཀོད་པའི་སྲིད་པའི་རྩེ་མོའི་ཆ། པདྨ་རྣམ་པར་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ། ཡོད་མིན་མེད་མིན་གྱི་ལྷ་རྣམས་བརྟེན་ནས་གནས་པ་ཐམས་ཅད་ནང་གི་ཏིང་ངེ་འཛིན་སྲིད་རྩེའི་ངང་ལས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་གནས་སོ། །དེས་ནི་ཡོད་མིན་མེད་མིན་གྱི་གནས་བསྟན་ནས་ད་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གནས་ནི། ཐོག་མའི་ནམ་མཁའ། དེ་འོག་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། །རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ། །ཅི་ཡང་མེད་པའི་སྐྱེ་མཆེད་བརྟེན་པ་ནི། བསྐལ་ཆེན་དྲུག་ཁྲིའི་བར་དུ་གནས་པའོ། །ཞེས་གསུངས་ཏེ། །དང་པོའི་རིས་དེ་ཉིད་ལས་འོག་ཏུ་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། ཡིད་རྣམ་པར་རོལ་པའི་འཁོར་ལོ་ཅན་ཞེས་བྱ་བའི་ནམ་མཁའ་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྐལ་ཆེན་དྲུག་ཁྲིར་ཏིང་ངེ་འཛིན་གྱི་དགའ་བདེ་ལ་རྩེ་གཅིག་ཏུ་གནས་སོ། །གནས་པ་རྣམ་པར་དག་པའི་ས། དེ་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག །རྣམ་རོལ་འཁོར་ལོ་འཕྲོ་བའི་ནམ་མཁའ་ལ། །རྣམ་ཤེས་མཐའ་ཡས་བསྐལ་ཆེན་བཞི་ཁྲིར་གནས། །ཞེས་གསུངས་ཏེ། ཅི་ཡང་མེད་པ་ལས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པ་ན། ཡིད་རྣམ་པར་རོལ་པའི་འཁོར་ལོ་འཕྲོ་བ་ཞེས་བྱ་བའི་ནམ་མཁའ་ལ། རྣམ་ཤེས་མཐའ་ཡས་པའི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་སོ། །དེ་འོག་དཔག་ཚད་སྟོང་ཕྲག་གཅིག་ཉིད་ན། །སྤྲིན་ཆེན་རྣམ་པར་རོལ་པའི་ནམ་མཁའ་ལ། །ནམ་མཁའ་མཐའ་ཡས་བསྐལ་ཆེན་ཉི་ཁྲིར་གནས། །ཞེས་གསུངས་ཏེ། རྣམ་ཤེས་ཀྱི་འོག་དཔག་ཚད་སྟོང་ཕྲག་གཅིག་ན་སྤྲིན་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་སོ། །འདི་དག་ནང་གི་བདག་ཉིད་ཏིང་ངེ་འཛིན་གྱི་དགའ་བདེ་ལ་སྤྱོད་པའོ། །དེ་ལྟར་གཟུགས་མེད་པ་གཟུགས་ཁམས་ཀྱི་སྟེང་དུ་གོ་རིམ་བཞིན་སོ་སོའི་ནམ་མཁའ་ལ་གནས་པར་གསུངས་པའང་། འཇིག་རྟེན་ཆགས་པ་ན་བཅུད་རྣམས་ཡས་ནས་མར་ཆགས་པ་དང་། སེམས་ཅན་སྐྱེ་བ་ཕྲ་བ་ལས་རགས་པར་མཆེད་པའི་ཆོས་ཉིད་ཀྱི་རིགས་པས་གྲུབ་པས་ཤིན་ཏུ་བདེ་ཞིང་། ཁམས་གསུམ་བརྩེགས་མར་གནས་པ་ལུགས་འདིར་མ་ཟད་དུས་ཀྱི་འཁོར་ལོའི་འང་དགོངས་པའོ། །གཉིས་པ་སྒྲ་དོན་བཤད་པ་ནི།

གཟུགས་མེད་ཀྱི་སྒྲ་དོན་བཤད་པ།

དེ་ཡང་ཁམས་གཞན་གྱི་གཟུགས་ལྟར་མེད་པའི་ཆ་ནས་དེ་སྐད་བརྗོད་ཀྱང་། ཏིང་ངེ་འཛིན་གྱི་ལུས་ཙམ་གྱི་རང་བཞིན་དུ་ཡོད་པར་བསྟན་ཏེ། བཤད་མ་ཐག་པའི་ཚུལ། དེ་ལྟར་གཟུགས་མེད་རྣམ་པ་བཞི་པོ་ཡང་། །འདོད་གཟུགས་ཇི་བཞིན་གདོས་བཅས་འོད་མིན་པས། །རྣམ་ཤེས་མི་གཡོ་ཏིང་འཛིན་རྩེ་གཅིག་ཉིད། །ཅེས་གསུངས་ཏེ། གཟུགས་མེད་ཀྱི་ལྷ་དེ་དག་ཀྱང་འདོད་ཁམས་འགའ་ཞིག་ལྟར་འབྱུང་བ་གདོས་བཅས་ཤ་ཁྲག་གི་ལུས་སུ་མེད་ཅིང་། གཟུགས་ཁམས་པ་ལྟར་སྣང་བ་འོད་ཀྱི་ལུས་སུ་ཡང་མེད་པས། རིག་པ་ཏིང་ངེ་འཛིན་གྱི་ལུས་ལ་རྩེ་གཅིག་ཏུ་བརྟེན་པའོ། །ཞེས་གསུངས་པ་སྟེ། གཟུགས་མེད་པ་ལ་སྟོང་རིག་ཏིང་ངེ་འཛིན་གྱི་ལུས་ཅན་ཞེས་སྔ་འགྱུར་གྱི་གཞུང་ཕལ་ལས་འབྱུང་བ་ལྟར་འདིར་གསུངས་པ་ནི་སྔགས་དང་ཤིན་ཏུ་མཐུན་པའི་གནད་གལ་པོ་ཆེ་སྟེ། རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་གཉུག་མའི་སྒོ་གསུམ་པོ་ནམ་ཡང་འབྲལ་མི་ཤེས་ལ། དེའི་སྟེང་གི་བག་ཆགས་ཕྲ་བའང་འཕོ་མེད་ཀྱི་སྐུ་མཐར་ཐུག་མ་གྲུབ་བར་དུ་མི་ལྡོག་པས་གཟུགས་མེད་ལའང་ཏིང་འཛིན་གྱི་ལུས་ཡོད་ཅིང་། དེ་ལྟ་ན་ཐེག་ཆེན་མདོ་རྣམས་ལས་ཀྱང་། སྟོན་པ་ལ་གཟུགས་གཟུགས་མེད་ཀྱི་ལྷས་བསྐོར་བ་དང་། སྟོང་གསུམ་དར་ཡུག་གི་དཔེའི་སྐབས་སུ། གཟུགས་མེད་བའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་མེད་པའི་གཞལ་ཡས་ཁང་བྲིས་ཞེས་སོགས་གསུངས་པའི་དོན་རྣམས་ཀྱང་བདེ་བླག་ཏུ་འཆད་ནུས་སོ། །དེ་ལས་གཞན་ཡང་ཞེས་ཕྲ་བ་ཏིང་ངེ་འཛིན་གྱི་ལུས་དེ་ཡི་དྭགས་དང་བར་དོའི་སེམས་ཅན་གྱི་གཟུགས་ལས་ཁྱད་པར་བསྟན་པ་ནི། ཡི་དྭགས་དག་དང་བར་དོའི་སེམས་ཅན་བཞིན། །འགྱུ་བྱེད་ཡིད་ཀྱི་ལུས་སུ་མེད་པས་ན། །རྣམ་ཤེས་ནང་གསལ་ཏིང་འཛིན་ཞི་བདེར་གནས། །ཞེས་གསུངས་ཏེ། ཡི་དྭགས་ཕལ་མོ་ཆེ་དང་། བར་དོའི་སེམས་ཅན་ལྟར་གཟུགས་རང་མཚན་པ་མེད་ཀྱང་རྨི་ལམ་ནང་ལྟར་ཡོད་སྙམ་པ་ལ་སེམས་བརྟེན་ནས་ཡིད་ཀྱི་བག་ཆགས་སྒྱུ་མའི་ལུས་སུའང་མེད་དེ། རྣམ་རྟོག་འགྱུ་བ་རགས་པ་མངོན་གྱུར་ནུབ་པས་ནང་གསལ་དྭངས་ལ་མི་གཡོ་བའི་ཏིང་ངེ་འཛིན་དུ་གནས་སོ། །དེ་བཞིན་དུ། དམྱལ་ལྟར་མྱོང་རིག་སྡུག་བསྔལ་ལུས་མེད་པས། །རྩེ་གཅིག་ཞི་བདེའི་བསམ་གཏན་ཆུ་བོས་བརླན། །དེ་ཕྱིར་སྟོང་རིག་ཏིང་འཛིན་ལུས་ཞེས་བྱ། །ཞེས་གསུངས་ཏེ། དམྱལ་བ་ལྟར་མྱོང་རིག་སྡུག་བསྔལ་གྱི་ལུས་སུ་མེད་པས་གཟུགས་མེད་ཅེས་བཏགས་སོ། །དོན་བསྡུ་ནི། དེ་ཡང་འདོད་ཁམས་པ་ལྟར་གདོས་བཅས་ཀྱི་ལུས་དང་གཟུགས་ཁམས་པ་ལྟར་འོད་ཀྱི་རྣམ་པའི་ལུས་སུ་མེད་པས་ཤེས་པ་ཙམ་དུ་གནས་ལ། བར་དོའི་སེམས་ཅན་སོགས་ལྟར་དུ་འགྱུ་བྱེད་ཡིད་ཀྱི་ལུས་སུ་མེད་པས་ཤེས་པ་དེ་ཡང་ཕྱིར་མི་འཕྲོ་བའི་ཆ་ནས། རྩེ་གཅིག་ནང་དུ་གནས་ཤིང་རང་གསལ་ལ། དམྱལ་བ་ལྟར་དུ་མྱོང་རིག་སྡུག་བསྔལ་གྱི་ལུས་མེད་པས། ཏིང་ངེ་འཛིན་ཕྱམ་གཅིག་ལ་བདེ་བར་གནས་པ། གསལ་རིག་ཤེས་པའི་མཚན་ཉིད་ཅན་གྱི་རིག་པ་ཏིང་ངེ་འཛིན་གྱི་ཞི་གནས་རྟོག་མེད་ཀྱི་ངང་ལ་བརྟེན་ནས་ཤེས་པ་ཙམ་གྱི་ཆར་གནས་ཡིན་པས། སྟོང་པ་ལྟར་སྣང་གི་ལུས་ཞེས་བྱ་སྟེ། གནས་སྐབས་ཀྱི་སྡུག་བསྔལ་སྤངས་ནས་བདེ་བར་གནས་པ་ཡིན་ནོ། །གསུམ་པ།

དེ་ལ་རྩོད་སྤང་བསྟན་པ།

འདིར་དེ་ལྟར་གཟུགས་མེད་ཁམས་ལ་སྟོང་པ་ལྟར་སྣང་གི་ལུས་ཡོད་ཅེས་གསུངས་པའི་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཚུལ་དགག་པ་ནི། ཐོས་པ་ཆུང་བའི་སྐྱེ་བོ་ཁ་ཅིག་དག་འདི་སྙམ་དུ་གཟུགས་མེད་པའི་ལྷ་དག་ནམ་མཁའ་ལ་བརྟེན་པར་མི་རིགས་ཏེ། བརྟེན་ཆོས་གཟུགས་མེད་པའི་ཕྱིར། རྟེན་གཞི་ནམ་མཁའི་དབྱེ་བ་མི་འཐད་ལ། གཟུགས་མེད་པ་ལ་གནས་མེད་དེ། ཞེས་པས་གནས་མེད་པར་བཤད་པ་ཉིད་དང་། གཟུགས་མེད་གང་དུ་ཤི་བ་ན། །དེར་ནི་མིང་བཞིའི་ཕུང་པོ་གནས། །ཞེས་པས་གང་དུ་ཤི་ས་དེར་ནི་གནས་པ་ཁོ་ན་སྟེ། གཟུགས་ཀྱི་ཡ་རོལ་ཏུ་མི་རིགས་སོ་ཞེས་རྟོག་པའི་ལན་ནི། དེ་ལྟར་རྟེན་དང་བརྟེན་པའི་ཚུལ་བསྟན་པས། །གཟུགས་མེད་པ་ལ་གནས་གཟུགས་འདོད་པ་མིན། །གནས་ནི་ཁང་ཁྱིམ་ཡུལ་ལ་སོགས་པ་སྟེ། །གཟུགས་ནི་རང་མཚན་ཕན་ཚུན་སྣང་ནུས་པ། །དེ་མེད་ཕྱིར་ན་གཟུགས་གནས་དངོས་སྣང་མེད། །ཅེས་གསུངས་ཏེ། འདི་ལྟར་ནམ་མཁའ་ལ་བརྟེན་པར་བཤད་པ་ཡིན་གྱིས་གནས་མཚན་ཉིད་པ་ཁས་བླངས་པའང་མ་ཡིན་ལ། ཏིང་འཛིན་རྩེ་གཅིག་གི་ངང་དུ་རིག་པ་བརྟེན་པར་བཤད་པ་ཙམ་གྱི་ཆ་ནས་སྟོང་པ་ལྟར་སྣང་གི་ལས་ཞེས་བརྗོད་ཀྱི། ཁ་དོག་དངོས་པོ་ལྟར་ཡོད་པ་སྒོ་ལྔའི་སྤྱོད་ཡུལ་བ་འདོད་པའང་མ་ཡིན་ནོ། །དེ་ཡང་གནས་ནི་ཕྱི་རོལ་གྱི་སྣང་བ་རི་དང་། ཐང་དང་། ཁང་ཁྱིམ་ལ་སོགས་པ་རེ་ཞིག་ཉེ་བར་སྤྱོད་པའི་འདུག་གནས་སུ་དོན་བྱེད་ནུས་པ་ལ་གྲགས་ལ། གཟུགས་ནི་ཡན་ལག་དང་། ཡན་ལག་གི་ཆ་ཤས་ཅན་འདུས་པར་སྣང་བ་ཙམ་ལ་ཐུན་མོང་དུ་གྲགས་ནས་འདོད་པའི་ཕྱིར་ཏེ། འདིར་དེ་དག་ཁས་བླངས་པ་མེད་པས་གཟུགས་མེད་ཀྱི་ལྷ་ལ་གཟུགས་དང་། གནས་རང་མཚན་པ་འདོད་པ་མ་ཡིན་ནོ། །གལ་ཏེ་བརྟེན་པའི་ཆ་ལས་དེ་སྐད་བརྗོད་པས་འགྱུར་ན་ཐར་པ་མཚུངས་པའི་རིགས་པས་ཀྱང་གནོད་དེ། སྒྲུབ་བྱེད་མགོ་སྙོམས་ཀྱི་རིགས་པ་དགོད་པ་ནི། བརྟེན་པར་བསྟན་པས་ཡོད་ན་མིང་བཞི་ཡི། །ཕུང་པོ་ཉིད་ཀྱང་དེ་ལྟར་འགྱུར་བ་ཡིན། །ནམ་མཁའི་གོ་རིམ་བསྟན་པས་དེར་འགྱུར་ན། །གང་དུ་ཤི་སའང་དེ་དང་ཅིས་མི་མཚུངས། །ཞེས་གསུངས་ཏེ། ཁྱེད་ཅག་གི་ལུགས་ལའང་གཟུགས་ཡོད་པ་ཁས་བླངས་པར་འགྱུར་ཏེ། གཟུགས་མེད་གང་དུ་ཤི་བ་ན། །དེར་ནི་མིང་བཞིའི་ཕུང་པོ་གནས། །ཞེས་སྒྲུབ་བྱེད་བཀོད་པ་དེས་ན་ཁྱེད་ཅག་གིས་མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་འདོད་པའི་ཕྱིར་རོ། །གནས་ཀྱང་ཁས་བླངས་པར་འགྱུར་ཏེ། གང་དུ་ཤི་བའི་ས་ན་གཟུགས་མེད་པའི་ལྷ་དེ་དག་ཡོད་པར་འདོད་པའི་ཕྱིར་རོ། །དེས་ན་རྟེན་ནམ་མཁའ་དང་བརྟེན་པ་ཏིང་ངེ་འཛིན་གྱི་ཆར་གནས་པར་བཤད་པས། གཟུགས་དང་གནས་རང་མཚན་དུ་འདོད་པའང་ག་ལ་ཡིན། ཁྱེད་རང་ཚོས་དྲངས་པའི་ལུང་དོན་ནི་གང་དུ་ཤི་བ་ན་མིང་བཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་ཞེས་བསྟན་གྱི། ས་ཆ་དེར་རྟག་པར་གནས་སོ་ཞེས་མ་བཤད་པས་ཀྱང་དེ་ན་ཡོད་པ་མ་ཡིན་ནོ། །དེས་ན་ཁམས་གང་དུ་ཤི་བ་ན་གཟུགས་ཀྱི་ཆ་རགས་པ་དང་དྭངས་པ་ལ་སོགས་པ་མེད་ཀྱང་ཚོར་བ་འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཆ་ཏིང་ངེ་འཛིན་དེར་འདུས་པའི་རྟེན་ལ་སོ་སོ་རང་རང་གི་རིག་པའི་རྒྱུད་བརྟེན་ནས། ཏིང་ངེ་འཛིན་གོང་དུ་བགྲོད་པའི་སྟོབས་དེས་ནམ་མཁའི་རིམ་པ་དེར་ངང་གིས་ཡ་རོལ་ཏུ་གནས་པ་ཡིན་ཏེ། ཁམས་གསུམ་ལས་གོང་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན། དེས་ན་ཚུལ་འདི་རྒྱུད་སྡེར་རབ་ཏུ་བཤད། །ལེགས་བཤད་དམ་པའི་ཕུལ་དུ་འདི་ཟུངས་ཤིག །ཅེས་ལེགས་པར་གདམས་ཏེ། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་དང་། སློབ་དཔོན་ཆེན་པོ་བི་མ་ལས་མཛད་པའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་དང་། སློབ་དཔོན་ཆེན་པོ་པདྨའབྱུང་གནས་ཀྱིས་བསྟན་པའི་སྲོག་ཤིང་ལས་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ།

གཟུགས་ཁམས་རྒྱས་པར་བསྟན་པ།

ད་ནི་གཟུགས་ཀྱི་ཁམས་རྒྱ་ཆེར་བཤད་པ་ནི་ཞེས་མཚམས་སྦྱར་ནས། གཟུགས་མེད་པའི་རྣམ་དབྱེ་བསྟན་པ། དེ་ནས་གཟུགས་ཁམས་དག་གི་རང་བཞིན་ནི། །བསམ་གཏན་བཞི་དང་དགེ་བ་བཅུ་འབྲས་ཀྱིས། །འོད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་ནས། །ཏིང་འཛིན་དགའ་བས་ཡུན་རིང་གནས་པ་ཡིན། །ཅེས་གསུངས་ཏེ། སྔོན་བསམ་གཏན་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དགེ་བ་བཅུ་མ་ཉམས་པར་སྤྱད་པ་ལས། གནས་རིས་གང་དང་གང་དུ་དྭངས་པ་འོད་ཀྱི་ལུས་གཞལ་ཡས་ཁང་དང་བཅས་པ་གྲུབ་པ་དེ་ནི་གཟུགས་ཀྱི་ཁམས་ཞེས་བྱའོ། །དེ་ཡང་བཀྲེས་པ་དང་། སྐོམ་པ་དང་། ཚ་བ་དང་། གྲང་བ་དང་། ནད་དང་། འཚེ་བ་དང་། རྒས་པ་དང་། རྒུད་པ་དང་། དབང་ཕྱུག་དང་མི་ལྡན་པའི་སྡུག་བསྔལ་གྱི་ཚོགས་མེད་པར་ཏིང་ངེ་འཛིན་གྱི་དགའ་བས་ཉིན་མཚན་གྱི་རིས་སུ་མ་ཆད་པར་དུས་འདའ་བ་ཡོད་དོ། །ཞེས་གསུངས་པའི་དབང་ཕྱུག་ཅེས་པའི་སྒྲ་ཙམ་ལ་ཡང་གོ་དོན་གྱི་ཁྱད་པར་ཡོད་དེ། དབང་ཕྱུག་ཆེན་པོའི་འོག་མིན་ཞེས་གསུང་དུས་དབང་ཕྱུག་ཆེན་པོ་ལོངས་སྐུ་ལ་གོ་བ་ཡིན་པས། ལོངས་སྐུས་ཆོས་ཐམས་ཅད་གྱི་འབྱོར་བ་ལ་དབང་བསྒྱུར་བའི་ཕྱིར་ན་དབང་ཕྱུག་ཅེས་པ་ཏེ། ཆོས་དབྱིངས་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་ལོངས་སྐུའི་སྤྱིའི་སྣང་བ་ལ་མི་འདྲ་བ་ཐ་དད་ཞིག་མེད་ཀྱང་། རྒྱལ་བ་སོ་སོའི་བྱང་ཆུབ་བརྙེས་པའི་ལོངས་སྐུའི་ཞིང་ཁམས་སོ་སོར་ཕྱེས་པ་ཙམ་དུ་རང་སྣང་ལོངས་སྐུའི་ཞིང་དུ་སངས་མ་རྒྱས་ན་འཇིག་རྟེན་དུ་སྒྲོན་མ་བཀོད་པས་འགྲོ་བའི་དོན་མི་མཛད་པ་ཡིན་པ་དང་། འདི་ནས་བསྟན་པའི་དབང་ཕྱུག་ནི་བཀྲེས་སྐོམ་བགྲེས་རྒུད་ལ་སོགས་པ་འཇིག་རྟེན་གྱི་རྒུད་པ་མེད་པའི་ཚེ་རིང་ནད་མེད་ལ་སོགས་དང་ལྡན་པ་སྡུག་བསྔལ་རགས་པའི་ཚོར་སྣང་མེད་པ་ལ་དབང་ཕྱུག་ཅེས་གསུངས་པ་ཡིན། གཟུགས་ཁམས་ཀྱི་གནས་རིས་འདི་དག་ལ་བྱེ་བྲག་མི་འདྲ་བ་ཐ་དད་ཀྱང་སྔོན་གྱི་རྒྱུ་དང་། ད་ལྟའི་གནས་པ་ཏིང་ངེ་འཛིན་གྱི་གནས་ཚུལ་བཞི་ལ་ལྟོས་ནས། བསམ་གཏན་རིགས་བཞིའི་ལྷ་རིགས་བཞིར་ཕྱེ་ལ། དེ་བཞི་ཡང་ཏིང་ངེ་འཛིན་གྱི་ངོ་བོ་གཅིག་ཀྱང་གོམས་པའི་དབང་གསུམ་གྱི་དབྱེ་བས་གནས་རིགས་གསུམ་གསུམ་ལ་ཉེར་ལྡོག་དང་དངོས་གཞི་ཙམ་ཁྱད་ཀྱི་དབྱེ་བ་ལ་སོགས་པར་ཕྱེ་བ་ཡིན་ནོ། །དེའི་ཡང་བསམ་གཏན་བཞི་པ་ལ། འཕགས་པ་དང་། སོ་སོ་སྐྱེ་བོའི་གནས་གཞན་གཉིས་ལས། དང་པོ་འཕགས་པའི་གནས་ནི་གནས་གཙང་མ་རིགས་ལྔ་ཡོད་པའི་རྩེ་མོའམ་མཆོག་ཏུ་གྱུར་པ་བསྟན་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་འོག་དག་ནས། །དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། །རིན་ཆེན་མཆིང་བུ་རྣམ་བཀོད་ནམ་མཁའ་ལ། །གོང་མ་ལས་མཆེད་འོད་གསལ་དྭངས་པའི་གཟུགས། །ཞེས་གསུངས་ཏེ། གཟུགས་མེད་དང་པོ་ནས་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། རིན་པོ་ཆེ་མཆིང་བུ་རྣམ་པར་བཀོད་པ་ཞེས་བྱ་བའི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་པའི་སེམས་ཅན་མར་ཐིགས་པའི་ཚུལ་དུ་ལྷུང་བ་མཆེད་པ་ལས། ཐེག་ཆེན་གྱི་མདོའི་ནང་དུ་བྱང་ཆུབ་སེམས་དཔའ་རྣམས་གོང་འོག་ཐམས་ཅད་དུ་སྐྱེ་བ་ལེན་པ་གོང་ནས་ལུང་དྲངས་པ་ལྟར་དུའོ། །སྣང་བ་འོད་ཀྱི་ལུས་ཕྱི་ནང་མེད་པར་ཟང་ཐལ་བ་ཕན་ཚུན་དང་། ཡས་མན་དུ་རྫུ་འཕྲུལ་གྱིས་འགྲོ་བའི་གཟུགས་ཅན་གྱི་འགྲོ་བ་དེ་དགཏིང་འཛིན་སྐྱོན་མེད་འཕགས་པའི་གནས་ཐོབ་སྟེ། །གནས་གཞན་སྣང་བ་ཀུན་གྱི་རྩེར་གྱུར་པས། །འོག་མིན་ཞེས་བྱའི་གནས་དེ་ལྷ་རྣམས་ཀྱང་། །ལུས་བོངས་དཔག་ཚད་ཁྲི་དང་དྲུག་སྟོང་ལ། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་ཐུབ། །ཅེས་གསུངས་ཏེ། འཕགས་པའི་གནས་དེར་སྐྱེས་པའི་ལྷ་དེ་དག་གི་གནས་ནི་འོད་ཀྱི་རང་བཞིན་དྭངས་པའི་གཞལ་ཡས་ཁང་ལ་སོགས་པ་འཇའ་ཚོན་ལྟར་སྣང་ཞིང་། གཟུགས་སུ་སྣང་བས་བསྡུས་པའི་གནས་འདིའི་རྩེ་མོ་ཡིན་ལ། དེའི་གོང་ན་གཟུགས་སྣང་གི་གནས་རིས་མེད་པས་འོག་མིན་ཞེས་བྱའོ། །ཞེས་ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་ལ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུ་ཆོས་དུ་མས་ཚིམ་པར་མཛད། །ཅེས་འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་ཚེ་སྤྲུལ་པའི་དང་པོ་ལོངས་སྐུ་དང་ཆོས་མཐུན་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྟན་ནས་ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དུ་མས་འདུལ་བར་ཀུན་ཏུ་སྟོན་པའི་གནས་ཏེ། གཙང་མའི་གནས་སུ་གྱུར་པ་གང་ཞིག་འཇིག་རྟེན་གྱི་སྣང་བའི་གནས་ཀྱི་མཆོག་ཡིན་པས་ན་འོག་མིན་ཅེས་བྱའོ། །ལྷ་དེ་དག་གི་ལུས་བོངས་ནི་དཔག་ཚད་ཁྲི་དྲུག་སྟོང་ཡོད་ལ། ཚེ་ཚད་ཀྱང་བར་བསྐལ་ཁྲི་དྲུག་སྟོང་ཐུབ་བོ། །གནས་དེའི་འོག་ན། རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ། །ཤིན་ཏུ་མཐོང་སྟེ་ལུས་བོངས་དཔག་ཚད་ནི། །བརྒྱད་སྟོང་ཚེ་ཡང་བར་བསྐལ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་མཐོན་མཐིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། འོག་མིན་ལས་མཆེད་པའི་ལྷ་དག་བརྟེན་པ་ནི་ཤིན་ཏུ་མཐོང་ཞེས་བྱའོ། །དེ་ཡང་ལྟ་བ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ཞེས་བྱའོ། །ལུས་བོངས་དཔག་ཚད་བརྒྱད་སྟོང་། ཚེ་བར་གྱི་བསྐལ་པ་བརྒྱད་སྟོང་ཐུབ་བོ། །དེའི་འོག་ན། རིན་ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། །གོང་མ་ལས་མཆེད་གྱ་ནོམ་སྣང་བའི་ལྷ། །ལུས་བོངས་དཔག་ཚད་བཞི་སྟོང་གསལ་བ་ལས། །ཚེ་ཡང་བར་བསྐལ་དེ་སྙེད་ཐུབ་པ་ཡིན། །ཞེས་གསུངས་ཏེ། རིན་ཆེན་རྣམ་མཛེས་ཞེས་བྱའི་ནམ་མཁའ་ལ། གྱ་ནོམ་སྣང་བ་ཞེས་བྱ་བའི་ལྷ་ཡོད་དེ། ལུས་སེམས་ཉེ་བར་ཞི་བའི་བདེ་བ་གྱ་ནོམ་པ་ཡོད་པས་གྱ་ནོམ་སྣང་ཞེས་བྱའོ། །ལུས་དཔག་ཚད་བཞི་སྟོང་པ། ཚེ་ཡང་བར་བསྐལ་བཞི་སྟོང་ཐུབ་པའོ། །དེའི་འོག་ན། རིན་ཆེན་ཟེ་བ་སྨུག་གུའི་ནམ་མཁའ་ལ། །མི་གདུང་བ་སྟེ་དཔག་ཚད་ཉིས་སྟོང་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་ཟེ་བ་སྨུག་གུ་ཞེས་བྱ་བའི་ནམ་མཁའ་ལ། མི་གདུང་བའི་ལྷ་ཆགས་པ་ནི། ལུས་སེམས་ལ་འདོད་པས་གདུང་བ་ཉེ་བར་ཞི་བས་དེ་སྐད་དུ་གྲགས་ལ། ལུས་བོངས་དཔག་ཚད་ཉིས་སྟོང་པ། ཚེ་ཡང་བར་བསྐལ་ཉིས་སྟོང་ཐུབ་པའོ། །དེའི་འོག་ན། རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ། །མི་ཆེ་བ་སྟེ་ལུས་བོངས་དཔག་ཚད་སྟོང་། །ཚེ་ཡང་བར་བསྐལ་སྟོང་ཕྲག་གཅིག་ཡིན་ནོ། །ཞེས་གསུངས་ཏེ། རིན་པོ་ཆེ་ཤེལ་གྱི་ཁང་བུ་བརྩེགས་པའི་ནམ་མཁའ་ལ། སྔར་བས་ལུས་བོངས་ཆུང་ཞིང་འདོད་ཡོན་ལ་གདུང་བ་ཤས་ཆུང་བས་མི་ཆེ་བའི་ལྷ་སྟེ་ལུས་བོངས་དཔག་ཚད་སྟོང་དང་། ཚེ་བར་གྱི་བསྐལ་པ་སྟོང་ཐུབ་པའོ། །དེ་ཡན་གྱིས་འཕགས་པའི་གནས་གཙང་ལྔ་བཤད་པ་སོང་ནས། དེ་ནས་བསམ་གཏན་བཞི་བའི་སོ་སོ་སྐྱེ་བོའི་གནས་གཞན་གསུམ་གྱི་དང་པོ་འབྲས་བུ་ཆེ་བ་ནི། དེའི་འོག་ན། རིན་ཆེན་རབ་མཛེས་རྣམ་གདལ་ནམ་མཁའ་ལ། །འབྲས་བུ་ཆེ་ལྷ་དཔག་ཚད་ལྔ་བརྒྱའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་རབ་མཛེས་རྣམ་པར་གདལ་བའི་ནམ་མཁའ་ལ་འབྲས་བུ་ཆེ་བའོ། །སོ་སོ་སྐྱེ་བོའི་བསོད་ནམས་ཆ་མཐུན་གྱི་དགེ་བའི་འབྲས་བུ་རྣམས་ཀྱི་མཆོག་གམ་རྩེ་མོར་གྱུར་པས་འབྲས་བུ་ཆེ་བའོ། །ལུས་དཔག་ཚད་ལྔ་བརྒྱ་པ། ཚེ་བར་བསྐལ་ལྔ་བརྒྱ་ཐུབ་བོ། །འདིའི་ཚེ་ཚད་སོགས་གཞན་དང་མི་འདྲ་བ་ཅུང་ཟད་ཡོད་ཀྱང་། མདོ་རྒྱུད་སོ་སོར་ནས་དགོས་པའི་དབང་གིས་མི་འདྲ་བ་གསུངས་ཡོད་པས་འདི་ལ་རྟེན་ནས་གཞན་མི་དག་པ་སྙམ་པ་དང་། རྣམ་བཞག་འགའ་རེ་གཞན་ལས་ཆེས་ཁྱད་པར་དུ་གྱུར་བའི་རྣམ་བཞག་ཀྱང་ཡོད་པས་འདི་ཡང་གཞན་དེ་དག་དང་བསྟུན་དགོས་སོ་སྙམ་པ་ནི་མི་དགོས་སོ། །དེའི་འོག་ན། རིན་ཆེན་ཀ་ལི་སྤྲས་པའི་ནམ་མཁའ་ལ། །བསོད་ནམས་སྐྱེས་ལྷ་ལུས་བོངས་དཔག་ཚད་ནི། །ཉིས་བརྒྱ་ལྔ་བཅུ་བར་བསྐལ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་ཀ་ལི་མདོག་མཛེས་ཀྱིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ་བསོད་ནམས་སྐྱེས་ཏེ། དེ་ཡང་ཚད་མེད་པ་བཞི་བསྒོམས་པའི་བསོད་ནམས་ལས་གཙོ་བོར་སྐྱེས་པའི་ཕྱིར་བསོད་ནམས་སྐྱེས་སོ། །ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཚེ་ཡང་བར་བསྐལ་ཉིས་བརྒྱ་ལྔ་བཅུའོ། །དེའི་འོག་ན། རིན་ཆེན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ། །སྤྲིན་མེད་ལྷ་དེ་ལུས་བོངས་དཔག་ཚད་ནི། །བརྒྱ་དང་ཉེར་ལྔ་བར་བསྐལ་དེ་སྙེད་ཚེ། །ཞེས་གསུངས་ཏེ། རིན་པོ་ཆེ་སྤྲིན་རྣམ་པར་སྟུག་པོ་ཞེས་བྱ་བའི་ནམ་མཁའ་ལ། སྤྲིན་མེད་པའི་ཉི་མའི་སྣང་བ་དང་འདྲ་བས་ན་སྤྲིན་མེད་དེ། ལུས་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ། ཚེ་ཡང་བར་བསྐལ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །སྤྲིན་སྟུག་པོ་དང་སྤྲིན་མེད་པ་གཉིས་ཀ་འགལ་བའོ་སྙམ་ན་དེའང་འོད་ཀྱི་སྤྲིན་སྟུག་པོའང་ཡིན་ལ། ཐ་མལ་གྱི་སྤྲིན་མེད་པ་ཡང་ཡིན་ནོ། །ཞེས་བསམ་གཏན་བཞི་བའི་ལྷ་གནས་བཤད་ནས། དེའི་འོག་ན་བསམ་གཏན་གསུམ་པའི་ལྷ་གནས་གསུམ་བརྩེགས་མར་གནས་པའི་གོང་མ་དགེ་རྒྱས་ནི། རིན་ཆེན་འོད་འབྱིན་ཞེས་བྱའི་ནམ་མཁའ་ལ། །དགེ་རྒྱས་དཔག་ཚད་དྲུག་ཅུ་རྩ་བཞིའི་ལུས། །ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་འོད་རྣམ་པར་འབྱིན་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་བ་རྒྱ་ཆེར་རྒྱས་པའི་འབྲས་བུས་བསྐྱེད་པའི་ཕྱིར་དགེ་རྒྱས་ཞེས་བྱ་སྟེ། ལུས་དཔག་ཚད་དྲུག་ཅུ་རྩ་བཞི། ཚེ་བར་བསྐལ་དྲུག་ཅུ་རྩ་བཞིའོ། །རིན་ཆེན་ཨིནྡྲནཱི་ལའི་ནམ་མཁའ་ལ། །ཚད་མེད་དགེ་ལྷ་ལུས་བོངས་དཔག་ཚད་ནི། །སུམ་ཅུ་རྩ་གཉིས་བར་བསྐལ་དེ་སྙེད་ཚེ། །ཞེས་གསུངས་ཏེ། རིན་པོ་ཆེ་ཨིནྡྲནཱི་ལས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། དགེ་རྩ་འབྲིང་དུ་སྤྱད་པ་ཚད་མེད་པའི་འབྲས་བུ་ལས་བྱུང་བས་ཚད་མེད་དགེ་ཞེས་བྱ་བ། ལུས་དཔག་ཚད་སུམ་ཅུ་རྩ་གཉིས་པ། ཚེ་ཡང་བར་བསྐལ་སུམ་ཅུ་རྩ་གཉིས་ཐུབ་བོ། །རིན་ཆེན་པེ་ཏང་ཀི་ལིང་ནམ་མཁའ་ལ། །དགེ་ཆུང་དཔག་ཚད་བཅུ་དྲུག་བར་བསྐལ་ཚེ། །ཞེས་གསུངས་ཏེ། རིན་པོ་ཆེ་པེ་ཏང་ཀི་ལིང་གིས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་བས་དགེ་བ་ཆུང་ངུ་སྤྱད་པའི་འབྲས་བུ་གྲུབ་པས་དགེ་ཆུང་སྟེ། ལུས་དཔག་ཚད་བཅུ་དྲུགཚེ་བར་བསྐལ་བཅུ་དྲུག་ཐུབ་བོ། །རིན་ཆེན་ཤྲཱི་ཀུ་ཏྲའི་ནམ་མཁའ་ལ། །འོད་གསལ་དཔག་ཚད་བརྒྱད་ལུས་ཚེ་མཚུངས་ལྡན། །ཞེས་གསུངས་ཏེ། རིན་ཆེན་ཤྲཱི་ཀུ་ཏྲ་ཞེས་བྱ་བའི་ནམ་མཁའ་ལ། ཁ་དོག་དང་འོད་ཟེར་ཤིན་ཏུ་གསལ་བས། འོད་གསལ་བ་ཞེས་བྱ་བའི་ལྷ་ལུས་དཔག་ཚད་བརྒྱད། ཚེ་བར་བསྐལ་བརྒྱད་དང་བཅས་པའོ། །རིན་ཆེན་ཀེ་ཀེ་རུས་སྤྲས་ནམ་མཁའ་ལ། །ཚད་མེད་འོད་ལྷ་དཔག་ཚད་བཞི་པའི་ལུས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་ཆེན་ཀེ་ཀེ་རུས་རྣམ་པར་སྤྲས་པ་ཞེས་བྱ་བའི་ནམ་མཁའ་ལ། ལུས་ལ་འོད་ཚད་མེད་པ་ཡོད་པའི་ཕྱིར་ཚད་མེད་འོད་དེ། ལུས་དཔག་ཚད་བཞི་པ། ཚེ་ཡང་བར་བསྐལ་བཞིའོ། །རིན་ཆེན་དཔའ་བའི་འོད་ཀྱི་ནམ་མཁའ་ལ། །འོད་ཆུང་དཔག་ཚད་གཉིས་ལུས་ཚེ་མཚུངས་སོ། །ཞེས་གསུངས་ཏེ། རིན་པོ་ཆེ་དཔའ་བའི་འོད་ཀྱི་ནམ་མཁའ་ལ། གོང་མ་བས་འོད་ཟེར་འཕྲོ་བ་ཆུང་བས་འོད་ཆུང་སྟེ། ལུས་དཔག་ཚད་གཉིས་པ། ཚེ་ཡང་བར་གྱི་བསྐལ་པ་གཉིས་སོ། །དེ་གསུམ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་དང་པོའི་ལྷ་གནས་གསུམ་བཤད་པ་ནི་རིམ་པ་ལྟར། རིན་ཆེན་ཀེ་རུ་ཛ་ཡི་ནམ་མཁའ་ལ། །ཚངས་ཆེན་ལུས་བོངས་དཔག་ཚད་ཕྱེད་དང་གཉིས། །ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །ཞེས་གསུངས་ཏེ། རིན་པོ་ཆེ་ཀེ་རུ་ཛ་ཡི་ནམ་མཁའ་ལ། འདོད་པའི་སྐྱོན་དག་པས་ཚངས་ལ་འོག་མ་བས་ལུས་ཆེ་བ་ཚངས་ཆེན་ཏེ་ལུས་དཔག་ཚད་ཕྱེད་དང་གཉིས་པ། ཚེ་ཡང་བར་བསྐལ་ཕྱེད་དང་གཉིས་སོ། །འདིའི་རྒྱལ་པོ་ནི་རང་གི་གནས་ལས་མ་གཡོས་པར། འོག་མའི་ལྷ་གནས་ཀུན་ཏུ་སྤྲུལ་པ་སྟོན་པ་ཡོད་དོ། །རིན་ཆེན་ས་མི་ཀ་ཡི་ནམ་མཁའ་ལ། །ཚངས་པ་ཀུན་འཁོར་དཔག་ཚད་གཅིག་ལུས་ཚེ། །ཞེས་གསུངས་ཏེ། རིན་པོ་ཆེ་ས་མི་ཀ་ཡི་ནམ་མཁའ་ལ། འདི་ལ་མིང་འདྲ་མིན་ཁ་ཤས་ཡོད་པས་ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་ཚངས་པ་མདུན་ན་འདོན། འཁོར་ཡིན་པས་ཚངས་པ་ཀུན་འཁོར། ཚངས་པ་ཆེན་པོའི་བྱ་བ་འབའ་ཞིག་སྒྲུབ་པའི་གྲོགས་སུ་ཕན་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བའི་ལྷ། ལུས་དཔག་ཚད་གཅིག་པ། ཚེ་བར་བསྐལ་གཅིག་ཐུབ་པའོ། །རིན་ཆེན་པི་ཏང་ཀ་ཡི་ནམ་མཁའ་ལ། །ཚངས་རིས་དཔག་ཚད་ཕྱེད་ལུས་བར་བསྐལ་ཕྱེད། །ཅེས་གསུངས་ཏེ། རིན་པོ་ཆེ་པི་ཏང་ཀ་ཞེས་བྱ་བའི་ནམ་མཁའ་ལ། སྡིག་པ་སྤངས་ཏེ་ཚད་མེད་བཞི་ལ་གནས་པས་ཚངས་པ་ཞེས་བྱ་བའི་ལྷ། ལུས་དཔག་ཚད་ཕྱེད་དེ་གཞུ་འདོམ་ཉིས་སྟོང་། ཚེ་བར་གྱི་བསྐལ་པ་ཕྱེད་དོ། །ཞེས་པའི་དེ་གསུམ་ནི་བསམ་གཏན་དང་པོའི་ལྷ་གནས་གསུམ་ཡིན་ནོ། །དེ་ཡང་གཟུགས་ཁམས་ཀྱི་ལྷ་གནས་འདི་དག་གི་ནམ་མཁའ་རྣམས་རིན་པོ་ཆེ་དེ་དག་གི་འོད་ཀྱི་མདོག་དང་མཚུངས་པས་རིན་པོ་ཆེ་དེ་དག་གི་ནམ་མཁར་བཏགས་ཏེ། རིན་པོ་ཆེ་སྤྲིན་རྣམ་སྟུག་ཅེས་བྱ་བ་མཐིང་གར་སྣང་བའི་རྣམ་པ་ལྟ་བུ་ཞིག་གོ། སྤྲིན་མེད་ཀྱི་ནམ་མཁའ་ཡང་དེ་དག་འདྲ་བས་རིན་པོ་ཆེ་སྤྲིན་རྣམ་པར་སྟུག་གི་ནམ་མཁའ་ཞེས་བརྗོད་པ་བཞིན་ནོ། །དེས་ན་ནམ་མཁའི་སྣང་བ་དཀར་པོ། སེར་པོ། དམར་པོ། ལྗང་གུ་ལ་སོགས་པར་སྣང་བ་ཡིན་ནོ། །ལྷ་གནས་རྣམས་ཀྱང་ཐོག་མ་གཟུགས་མེད་ནས་བཟུང་སྟེ། གཟུགས་དང་འདོད་པའི་བར་དུ་གོང་ནས་འོག་ཏུ་མཆེད་ཚུལ་ནི། སྔོན་བསྐལ་པ་དང་པོ་ཆགས་དུས་གནས་འོག་མ་རྣམས་སྟོང་པར་ཡོད་པ་ལས། གོང་མའི་གནས་ལས་བསོད་ནམས་ཟད་དུ་ཉེ་བས་འོག་མ་དེར་སྐྱེ་བའི་ལས་བསགས་པ་རྣམས་ཐིགས་པ་ལྟར་ཡས་བབས་ནས་མཆེད་པས་ཕལ་ཆེར་མཆེད་ཚུལ་ཙམ་གྱིས་དེར་བཏགས་ཀྱི། ཐམས་ཅད་དེ་ལྟར་མཆེད་པ་མ་ཡིན་གྱི། འཇིག་རྟེན་གཞན་ནས་ཀྱང་འགྲོ་བ་འགའ་ཞིག་འདིར་སྐྱེས་པ་སྲིད་པའི་ཕྱིར་ཏེ། འདི་ནས་ཀྱང་འཇིག་རྟེན་གཞན་དུ་སྐྱེ་བ་བཞིན་ནོ། །འདིའི་ཡང་ཉེ་ཤོས་དེ་ལས་ཀྱང་མཆེད་ལ། དེའི་གོང་ནས་ཀྱང་མཆེད་པར་གྱུར་ཏེ། འོད་གསལ་གྱི་ལྷ་ལས་ཚངས་པའི་གནས་ནས་འོག་ཏུ་སྐྱེས་པ་ན། ཚངས་པ་ཆེན་པོས་ལྷ་གནས་གོང་མ་མ་མཐོང་བར་ཁོ་རང་གི་བསམ་པས་དེར་ལྷ་མི་བྱུང་བར་འཛིན་པ་ཉིད་བཞིན་ནོ། །གཟུགས་ཁམས་ཀྱི་ལྷ་གནས་བཤད་པའི་འཇུག་སྡུད་ནི། གཟུགས་ཀྱི་ཁམས་པའི་ལྷ། དེ་དག་གཞལ་མེད་ཁང་བཅས་རྫུས་སྐྱེ་བས། །ཕ་དང་མ་མེད་ཀུན་རྫོགས་གོས་དང་བཅས། །ཏིང་འཛིན་ཟས་སྤྱོད་ཁམས་ཀྱིས་མི་འཚོ་སྟེ། །རྣམ་བཞིའི་ཡོན་ཏན་རང་བཞིན་ཉིད་ཕྱིར་རོ། །ཞེས་གསུངས་ཏེ། ལྷ་དེ་དག་སྐྱེ་བ་ཡང་གཞལ་མེད་ཁང་དང་བཅས་པ་ནམ་མཁའ་ལ་འཇའ་ཚོན་འཆར་བ་ལྟར་སྐད་ཅིག་ལ་རྫུས་ཏེ་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་བདེ་བ་ལ་སྤྱོད་པས་ཁམས་ཀྱི་ཟས་དོན་མེད་པ་དང་། འདོད་ཁམས་ལྟ་བུའི་སྡུག་བསྔལ་མེད་པ་དང་། རྣམ་རྟོག་རགས་པ་མངོན་གྱུར་ཁྲོ་བ་དང་། འཁྲུག་པ་ལ་སོགས་པ་མེད་དེ་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །དེ་ཡང་སྔོན་བྱམས་པ་ལ་སོགས་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་བསྒོམས་པའི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པའི་ཕྱིར་གནས་ངན་ལེན་གྱི་སྡུག་བསྔལ་ཡོད་པའོ། །ཁམས་གོང་མའི་ཏིང་ངེ་འཛིན་གྱི་ཚོར་བ་བདེ་བ་ལ་ཆགས་པ་དེ་དག་ལ་སྲིད་པའི་འདོད་ཆགས་ཞེས་བྱ་བ་ཡིན་ནོ། །གཟུགས་ཀྱི་སེམས་ཅན་ཆགས་ཚུལ་བཤད་ཟིན་ཏོ། །ཞེས་ཀུན་མཁྱེན་འཇིགས་མེད་གླིང་པས། གཟུགས་མེད་ཏིང་འཛིན་ལུང་མ་བསྟན་པའི་ལས། །ཟད་ནས་སྲིད་པ་ཕྱི་མར་འདུ་བྱེད་དང་། །གཟུགས་ཁམས་བསམ་གཏན་སྔ་མའི་ལས་ཟད་དེ། །འོག་མར་ལྷུང་བ་འགྱུར་བའི་སྡུག་བསྔལ་མྱོང་། །ཞེས་ཁམས་གོང་མ་གཉིས་ན་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་རགས་པ་རྣམས་མེད་ཀྱང་། ཁམས་གོང་མའི་ཏིང་འཛིན་གྱི་ཚོར་བ་ལ་ཆགས་པའི་སྲིད་པའི་འདོད་ཆགས་ཡོད་པས། དེས་བསྐྱེད་པའི་སྡུག་བསྔལ་ཕྲ་བས་མ་བཏང་ཞིང་། གནས་སྐབས་ཀྱི་བདེ་བ་ཞི་གནས་གྱི་ཏིང་ངེ་འཛིན་དེ་ལས་སད་ཅིང་། དེར་སྐྱེ་བའི་རྒྱུ་ལས་དེ་ཟད་པའི་གནས་སྐབས་ཐོབ་ནས་འཆི་འཕོ་བ་ན། ཡང་སྲིད་པ་ཕྱི་མའི་སྡུག་བསྔལ་འདུ་བྱེད་པས་སྐྱོ་བ་དང་། ཚངས་རིས་ལ་སོགས་གཟུགས་ཁམས་འབྲས་བུ་ཆེ་བའི་བར་གྱི་ལྷ་རྣམས་ཀྱང་འཆི་བའི་ཚེ་བསམ་གཏན་ལས་ཐོབ་པའི་བདེ་བ་དེ་འགྱུར་ནས་སྲིད་པ་ཕྱི་མ་ལ་འཇུག་པའི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར་ཀླུའི་དབང་པོས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་བསོད་ནམས་དང་གཟི་བརྗིད་ཀྱི་ཆ་ནས་མཉམ་པ་མེད་པ་ཉིད་དེ། རྣམ་པར་རྟོག་པ་བག་ལ་ཉལ་སྐྱེ་བ་མེད་པའི་དབྱིངས་སུ་བྱང་མ་ཆུབ་པས་ད་དུང་ལས་ཀྱི་ཕྱི་བཞིན་འབྲང་བ་ཡིན་ལ། གཞན་ཡང་རིག་འཛིན་འཇིགས་མེད་གླིང་པས། ཚངས་དང་ལྷ་དབང་འཁོར་ལོས་སྒྱུར་བ་ཡང་། །སྤྲིན་པར་ཉི་བཞིན་དཀར་པོའི་རྣམ་སྨིན་གྱིས། །སྐབས་བཙལ་སྤངས་པའི་མོད་ལ་མར་མེའི་ལྕེས། །འཐུངས་པའི་ཞུན་མར་བཞིན་དུ་ཉམས་པར་གྱུར། །ཞེས་གསུངས་པས་སེམས་གཟུང་འཛིན་རགས་པའི་ཀུན་རྟོག་གིས་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱིས། འདོད་པའི་ཁམས་སུ་ལྟུང་བར་བྱེད་པ་དང་། གནས་ལུགས་ཀྱིས་མ་ཟིན་པའི་ཏིང་ངེ་འཛིན་སྣང་ཡུལ་སྣང་ལ་རྟོག་པ་མ་སྐྱེས་པའི་ཀུན་གཞིའི་རྣམས་ཤེས་ཙམ་ཞིག་སྒོམ་དུ་བཟུང་ནས་བསྒོམས་ན། གཟུགས་ཁམས་སུ་སྐྱེ་བའི་ལས་གསོག་པ་དང་། སྣང་ཡུལ་བཀག་ཅིང་གང་དུ་ཡང་མི་རྟོག་པར་བསྒོམས་ན་གཟུགས་མེད་ཁམས་སུ་སྐྱེ་བའི་བག་ཆགས་གསོག་ནས་ཁམས་གོང་མའི་གནས་རིས་དེ་དང་དེར་འཕེན་པ་ཡིན་པས་སྲིད་པ་གསུམ་པོ་འདི་ལས་ཐར་ཡོད་པ་མིན་ལ། དེས་ན་གཏན་དུ་ཐར་བའི་ཐར་བ་བྱང་ཆུབ་ཀྱི་ལམ་སྣེ་དེ་ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ནས་ཟིན་པར་བྱེད་པ་ནི། དམ་ཆོས་སྒྲུབ་པའི་སྙིང་པོ་རང་གཞན་དོན་གཉིས་ཀྱི་གཞི་མ་ཡིན་པས། དུས་གཞན་ལ་སྒུག་པའི་ཕྱིར་བཤོལ་གྱི་དགྲ་ཆེན་འདིའི་དབང་དུ་མི་ཤོར་བར། འཆི་བདག་དགྲ་ཆེན་དང་བང་རྩོད། མ་རུང་བདུད་སྡེ་དང་ལག་སྔ་ཕྱི་ཚད་ནས་དམ་པའི་ལྷ་ཆོས་རྣམ་དག་ཅིག་ལ་འུར་ད་ལྟ་ཉིད་ནས་བསྒྲུབ་རྒྱུ་དེ་ཐུགས་དམ་གྱི་སྙིང་པོར་འཛིན་པ་ནི་གདམས་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་ནོ། །གཟུགས་ཀྱི་སེམས་ཅན་ཆགས་ཚུལ་བཤད་ཟིན་ཏོ་ཞེས་པའི་མཚམས་འདི་ནས་དེ་རིང་བཞག དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་པ་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་གྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་གསུམ་པའི་ཆོས་ཁྲིད།next