ཉིན་ཉེར་གཅིག་པའི་ཆོས་ཁྲིད།
དེ་ཡང་ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པར་ལྟར། ཤེས་བྱའི་ཆོས་ཐམས་ཅད་སྤང་བླང་གི་གནས་གཉིས་ཀྱིས་ལེགས་པར་གདམས་པའི་གསུང་དྲི་མ་མེད་པ། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་ལེགས་པར་བཤད་པའི་བསྟན་བཅོས་ཚད་མར་གྱུར་པ། རྗོད་བྱེད་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱིས། གང་བསྟན་པའི་བརྗོད་བྱ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། ལུང་དང་རྟོགས་པས་བསྡུས་པའི་ཤཱཀྱའི་བསྟན་པ་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་གནས་པ་ཡིན་གསུངས་ན། ལེགས་པར་གསུངས་པའི་བཀའ་དགོངས་འགྲེལ་དང་བཅས་པ་ཡོད་པས། ཤཱཀྱའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་གནས་པའི་དགོས་པ་དངོས་སུ་བསྟན་པ་ཡིན་པ་དང་། ཤུགས་བསྟན་ལ་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་གནས་པས། སྐྱེ་དགུ་ཐམས་ཅད་ཉེར་འཚོའི་གཞིར་གྱུར་པ་དང་། མཐའ་ཡས་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་འཁོར་བའི་གནས་ནས་སྒྲོལ་བར་བྱེད་པའི་དགོས་པ་དང་། ཉིང་དགོས་མཐར་གཏུགས་ནས་དོན་གཅིག་ལ་བསྡུས་ན། རྒྱལ་བའི་མཛད་པ་ཆ་ཚང་བ་བསྟན་ཡོད་པ་རེད། རྒྱལ་བའི་མཛད་པ་ཇི་ལྟར་སྒྲུབ་མཛད་པའི་ཚུལ་ལ་བསམ་ན། བཅོམ་ལྡན་འདས་ཀྱིས་ཞི་བ་བྱང་ཆུབ་ཀྱི་གོ་འཕང་བརྙེས་ནས་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཐེག་གསུམ་གྱི་ཆོས་འཁོར་བསྐོར་བའི་རྗེས་སུ། ཐོས་ནས་སེམས་ལ་འཇོག་རྒྱུའི་ཚིག་གཅིག་ཅི་ཞིག་གསུངས་ཡོད་པ་རེད་ཟེར་ན། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་ཡོད་ལ། རང་རེ་ད་གཟོད་གཞི་ནས་གཉིད་སད་པ་བཞིན་དུ་ལེགས་པར་ཁ་ནང་དུ་ཕྱོགས་ནས་སེམས་ན། ཉིན་རེ་དང་མཚན་རེའི་ལྟེབ་སྣོལ་གྱིས། ཡར་ལངས་མར་ཉལ་ཁ་ཤས་དང་མཚང་མངོན་ཁོང་ཁྲོ་ཁ་ཤས་ཀྱིས་དུས་ཚོད་ཇི་ལྟར་གྲོན་པ་མི་ཤེས་པར། དུས་རབས་གསར་པ་ད་ཞག་ཚེས་པ་ཡིན་སྙམ་འདུག་ཀྱང་། དེ་དུས་ཀྱི་བྱིས་པ་རྣམས་དར་མ་ལ་ལོག་པ་དང་དར་མའི་ན་ཚོད་ཀྱང་ཡོལ་ནས། ལུས་འབྱུང་བཞི་ཟླ་རེ་དང་ལོ་རེ་བཞིན་དུ་མར་ལ་རྒུད་ནས་སྐྲ་དཀར་དང་གཉེར་མའི་རྟགས་དང་ཐམ་ཀ་ཕོག་ནས་ཡོད་པ་ནི། མི་གཞན་ལ་ཕར་ལྟ་བ་དང་རང་ལ་ཚུར་བལྟས་པས་ཤེས་གསལ་ཡིན་པ་འདི་བཞིན་ལ། འདི་ལྟ་བུའི་དུས་ཐུང་ལོང་མེད་བྲེལ་ཚུབ་ཀྱི་སྐབས་འདིར། ཟིན་མེད་འཇིག་རྟེན་གྱི་བྱ་གཞག་གྲུབ་ཟིན་གྱི་དུས་མེད་པས་མ་འགྲུབ་ཀྱང་བླ་ཡང་། ཆོས་མ་འགྲུབ་ན་ཉེན་ཁ་ཤིན་ཏུ་ཆེ་བ་སྟེ། འཆི་བདག་གི་བསུ་མས་སྔོན་ནས་སྒུག་བཞིན་ཡོད་པས། སྐད་ཅིག་ཇ་བར་རེ་སོང་བཞིན་ཐག་ཇེ་ཉེ་ཇེ་ཉེ་རུ་འགྲོ་བ་སྟེ། དཔེར་ན་མདའ་གཞུ་རྒྱུད་ནས་བཏང་སྟེ་འཕེན་ཚར་དུས་འབེན་ཕྱོགས་སུ་མི་འགྲོ་བར་སྡོད་དུ་མེད་པ་བཞིན་དུ་འདུག་དབང་མེད་པ་ཡིན། ཡང་ཆོས་བསྒྲུབ་དགོས་ཀྱང་། བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་ཐོར་བུའི་ཚུལ་དུ་བཞུགས་པ་ཡིན་པས་དེའི་གབ་པ་ཕྱུང་ནས་ཉམས་སུ་ལེན་པ་ནི་དེ་བས་ཀྱང་དཀའ་བ་ཡིན་ན་ཡང་། མནའ་མིའི་ཁ་དཔེར། ལས་ཤིག་ཡོད་ན་ལམ་ཞིག མེད་པའི་ནང་གི་བསོད་ནམས། ཐལ་ཕུང་མགོ་ཡི་མེ་ཏོག ཅེས་པ་ལྟར་དུ། ཐར་བའི་ལམ་སྣེ་འདི་རེད་ཅེས་སྟོན་པ་བཞིན་དུ་འདི་ལྟར་ཕྲད་ཚེ་རང་གིས་རང་ལ་བསྐུལ་འདེད་ཀྱི་བརྩོན་པ་མ་བསྐྱེད་ན་སྟོན་པ་བཅོམ་ལྡན་འདས་ལའང་ཐབས་མེད་པ་ཡིན་ན། སུས་ཀྱང་མགོའི་སྐྲ་ནས་བཟུང་སྟེ་ཡར་འདྲེན་བྱེད་དུ་ཡོད་པ་མ་ཡིན་པས་འབད་པ་རང་ཉིད་ཀྱིས་བྱེད་དགོས་སྙམ་པའི་ཀུན་སློང་སྔོན་དུ་བཏང་ནས། ཁ་སང་གི་བཤད་འཕྲོ་ཐེག་ཆེན་ཐར་བའི་སྒོ་ལ་འཇུག་དགོས་དུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན། དེའི་ཉེར་བསྡོགས་ཀྱི་བྱ་བ་རང་རྒྱུད་ནས་ཚང་བར་བྱས་ཏེ། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ལ་འཇུག་པ་དང་དེའི་བསླབ་བྱ་མཆོད་པ་ལ་སོགས་པའི་བསགས་སྦྱང་ལ་བསླབ་དགོས་པས་དེའི་གནད་བསྡུས་པའི་ཆོས་ནི་གལ་ཆེ་བ་ཡིན་པས། དེ་ཐོག་མར་མཆོད་པ་ནས་འགོ་བཟུང་སྟེ་གླེང་བ་ནི། གང་ལ་མཆོད་པ་འབུལ་བའི་ཡུལ་ནི་དཀོན་མཆོག་གསུམ་ཡིན་ལ། དེ་ཡང་མཐར་ཐུག་དོན་གྱི་དཀོན་མཆོག་ནི། སངས་རྒྱས་ཆོས་ཀྱི་སྐུའོ། །དེ་ཡང་སེམས་ཉིད་གདོད་ནས་དག་པ། དེ་ཡང་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ལ་ཚང་བ་ཡིན་པའི་ཚུལ། ཁ་བཤད་ཙམ་ལས་དོན་གྱི་འཇོག་སོའི་གདིང་མ་ཁེལ་ན་ཡང་། མཆོད་པ་འབུལ་སའི་ཡུལ་དཀོན་མཆོག་མངོན་སུམ་ན་བཞུགས་པ་ལ་མཆོད་པ་དང་། མངོན་སུམ་ན་མི་བཞུགས་པ་ལ་མཆོད་པ་གཉིས་བསོད་ནམས་མཉམ་པར་བཤད་པས། མངོན་སུམ་དུ་གྱུར་པ་དང་། མ་གྱུར་པ་ཐམས་ཅད་ཡུལ་དུ་བྱས་ལ་མཆོད་དོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད། །ཅེས་གསུངས་པས་དཀོན་མཆོག་གི་རྟེན་གསུམ་ཡོད་ན་རབ་ཡིན་པར་སྨོས་མ་དགོས་ཀྱང་དེའི་སྐུ་འདྲ་ཁ་ཤས་དང་གསུང་རབ་གླེགས་བམ་གཅིག་གཉིས་ཙམ་དུ་མི་ལྟ་བར་དེས་དམིགས་རྟེན་བྱས་ནས་ཕྱོགས་བཅུའི་དུས་གསུམ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མཆོད་ཡུལ་གྱི་ཞིང་ས་རུ་བཞུགས་ཡོད་པར་བསམ་དགོས་པས། ཆོས་བརྒྱུད་རང་རང་གིས་སྐྱབས་འགྲོའི་ཚོགས་ཞིང་གིས་གཙོ་བོའི་དམིགས་པ་བྱས་ནས། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་གསུངས་པས་རྒྱལ་བ་སྲས་བཅས་མི་བཞུགས་ས་དང་མེད་ས་ཞིག་ཡོད་པ་མིན་པས་དཀོན་མཆོག་གི་རྟེན་མེད་ཀྱང་མི་གོས་པ་ཡིན་པས་སེམས་རབ་ཏུ་དྭངས་ཤིང་གུས་པའི་ཡིད་ཀྱིས་མཆོད་པ་ཕུལ་ན། གང་ཞིག་མོས་པའི་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། མ་ག་དྷཱ་བཟང་མོས། སྤོས་རིང་པོ་ཞིག་ལག་ཏུ་ཐོགས་ཏེ་ཁང་པའི་ཐོག་ལ་བུད་ནས། བཅོམ་ལྡན་འདས་ཡོད་སའི་ཕྱོགས་ག་ལ་བ་དེར་ལག་གཉིས་ཐལ་མོ་སྦྱར་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་སྤྱན་འདྲེན་པའི་གདུང་ཚིག་གིས་བོས་ཚེ། སྟོན་པ་བཅོམ་ལྡན་འདས་དགྲ་བཅོམ་པའི་འཁོར་དང་བཅས་པས། རྫུ་འཕྲུལ་འདྲ་མི་འདྲ་སྣ་རེ་སྟོན་བཞིན་དུ་ནམ་མཁའ་ནས་དེ་མ་ཐག་ཏུ་བྱོན་པ་ལྟ་བུ་ཡིན་པ་དང་། དེ་བཞིན་དུ་རྩ་བ་དང་བརྒྱུད་པའི་བླ་མ་ལ་མཚོན་ན། དོན་དམ་གཤིས་ཀྱི་གནས་ལུགས་ལ་གཤེགས་བཞུགས་དང་བྲལ་བར་མི་འབྲལ་སྙིང་གི་དབུས་སུ་བར་མེད་དུ་བཞུགས་པའི་མཚོན་བྱ་དོན་གྱི་བླ་མ་དང་མཆོག་གསུམ་རྩ་གསུམ་ཐམས་ཅད་ནི་གང་ལ་མཆོད་པ་འབུལ་བའི་ཡུལ་ཡིན་ལ། གང་ཞིག་མཆོད་པ་འབུལ་རྒྱུའི་དངོས་པོའི་ཐད་ནས་དབྱེ་ན་བླ་ན་ཡོད་པའི་མཆོད་པ་ཞིག་དང་། བླ་ན་མེད་པའི་མཆོད་པ་ཞིག་སྟེ་རྣམ་པ་གཉིས། བླ་ན་ཡོད་པའི་མཆོད་པ་དེ་ལ་ཡང་། རྒྱུ་ཟང་ཟིང་གི་དངོས་པོའི་མཆོད་པ་ཞིག་དང་། སྒོམ་སྒྲུབ་པ་ཉམས་ལེན་གྱི་མཆོད་པ་ཞིག་སྟེ་རྣམ་པ་གཉིས། དེ་ལས་ཟང་ཟིང་དངོས་པོའི་མཆོད་པ་དེ་ཡང་། ཕྱག་གི་མཆོད་པ། བསྟོད་པའི་མཆོད་པ། རྫས་རིམ་པར་བཤམས་པའི་མཆོད་པ་དང་གསུམ་ལས། རྫས་རིམ་པར་བཤམས་པའི་མཆོད་པ་ནི་དངོས་སུ་འབྱོར་བ་རང་ལ་ཅི་ཡོད་པ་དེ་ཡང་འབྱོར་འཁོས་དང་རྒྱུ་རྩ་ཆེ་ཆུང་ལ་མ་ལྟོས་པར། དངོས་གཙང་མ་སེར་སྣའི་དྲི་མས་མ་གོས་པ། དེས་དམིགས་རྟེན་བྱས་ནས། ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཟད་པ་མེད་པ། ཀུན་ཏུ་བཟང་པོས་མཆོད་པ་ཕུལ་བ་ལྟ་བུའི་ཀུན་བཟང་གི་མཆོད་སྤྲིན་རྒྱ་ཆེན་པོར་ཏིང་ངེ་འཛིན་གྱིས་སྤྲུལ་ནས་འབུལ་དེ་ལྟར་འབུལ་བ་དང་། བདག་པོའི་ཡོངས་སུ་མ་བཟུང་པའི་མཆོད་པ་དེ་ཚོ་ཕུལ་དུ་བྱུང་བའི་མཆོད་པ་ཡིན་གསུངས་ཡོད་པས། རང་ཡིད་ལ་འབུལ་བའི་ནུས་པ་ཡོད་ན། དཀོན་མཆོག་ལ་བཞེས་པའི་ཐུགས་རྗེ་ཡོད་པ་ཡིན། གཉིས་པ་སྒྲུབ་པའི་མཆོད་པ་ནི། དུས་རྒྱུན་པར་རབ་སྒྲུབ་པ། འབྲིང་ལུས་ངག ཐ་མ་ཟང་ཟིང་གི་མཆོད་པ་ཡིན་ཅེས་པའི་རབ་ཅན་པོ་དེ་རེད། དེ་ཡང་སྤྱིར་བཏང་གི་བསྐྱེད་རྫོགས་དང་ཆོས་མཐུན་གྱི་བསམ་སྒོམ་རྣམས་ཡིན། བླ་ན་མེད་པའི་མཆོད་པ་ནི། དམིགས་པ་དང་བཅས་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ཏེ། ཇི་སྐད་དུ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་པ་ལ། །མཆོད་པ་འདི་ནི་དམ་པ་སྟེ། །ཞེས་གསུངས་པའི་ཕྱིར། དམིགས་པ་མེད་པ་བདག་མེད་ཀྱི་དོན་བསྒོམ་པ་དང་། ཆོས་བརྒྱུད་འདི་ལ་མཚོན་ན་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་སྒོམ་པའི་ངང་བསྐྱངས་ནས་སྒྲུབ་པ་མཐར་ཕྱིན་པར་བྱེད་པ་སྟེ། དེ་ནི་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུ་ལས། བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དག །ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས། །གང་གིས་གང་ལ་བདག་དང་སྲོག་དང་ནི། །གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག །ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ། །དེ་ཡིས་མི་མཆོག་དམ་པ་མཆོད་པ་ལགས། །ཞེས་པ་དང་། སེང་གེ་སྒྲ་ཆེན་གྱི་མདོ་ལས་ཀྱང་། གང་འདུ་ཤེས་དང་མཚན་མ་སྐྱེད་པར་མི་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །བླང་དོར་མེད་པ་དང་། གཉིས་སུ་མེད་པར་འཇུག་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པས། དེ་ནི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པར་བླང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་དམིགས་མེད་ཀྱི་མཆོད་པ་ནི་བླ་ན་མེད་པའི་མཆོད་པ་ལས་རབ་ཏུ་གྱུར་པ་ཡིན་ཀྱང་། དམིགས་མེད་ཁ་ཡིས་བཤད་ཤེས་པ་ཙམ་དང་། དམིགས་མེད་ཡིན་ནོ་སྙམ་པ་ཙམ་གྱིས་མི་འོང་པས། དམིགས་མེད་མཚན་མ་དང་བྲལ་བའི་དོན་རྟོགས་ནས་མངོན་དུ་མ་གྱུར་ཚེ་དམིགས་མེད་ཀྱི་མཆོད་པ་བློ་གཏད་ཆོག་ས་ཞིག་ཡོད་པ་མིན། དེས་ན་དགའ་སྡུག་བཟང་ངན། ཆགས་སྡང་ལ་སོགས་པ། འདིའི་མངོན་མཚན་ཅན་གྱི་སྣང་བའམ་བློ་གཉིས་འཛིན་གྱི་འཁྲུལ་བ་འདི་དག་དང་མ་བྲལ་ཚེ། བསོད་ནམས་ཀྱི་ཚོགས་རྫོགས་ཆེད་དུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་དང་། དེའི་ནང་ནས་ཀྱང་མཆོད་མེ་ཀོང་བུ་གང་། མེ་ཏོག་རྐང་གཅིག ཡོན་ཆབ་ཆུ་གཙང་གི་མཆོད་པ་བདུན་ཚར་ཆ་གཅིག་ལས་མེད་ཀྱང་། བསམ་པ་དག་པས་ཕུལ་ན་ཚོགས་ཆེན་པོ་རྫོགས་པ་ཡིན། གང་གིས་མཆོད་པ་འབུལ་བའི་གང་ཟག་དེས། དེ་ལྟ་བུའི་བསམ་པ་རྣམ་དག་གི་ཚུལ་གྱིས་མཆོད་པ་འབུལ་དགོས་པ་ཡིན། དམིགས་བཅས་བསོད་ནམས་ཀྱི་ཚོགས་དེ་ལ་བརྟེན་ཏེ། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་མཆོད་བྱ་མཆོད་བྱེད་མཆོད་ཡུལ་དང་བཅས་པ་མདོར་བསྡུས་ཤིག་གསར་བུ་པ་དང་རྒན་ཞུགས་ཚོར་བློ་གསོས་ཙམ་ཞུས་པ་དང་བཅས་ཏེ། གང་ཞིག་འཆད་ཉན་བྱ་བ། སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཞེས་གསུངས་པའི་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་བྱེད་པའི་སྐལ་བ་བཟང་པོ་ཐོབ་པའི་སྐབས་ཡིན་ལ། དེ་ཡང་དཔལ་སྤྲུལ་ཚང་གིས་མཛོད་བདུན་བལྟ་བསྐུལ་གྱི་ནང་དུ་ཡིད་བཞིན་མཛོད་འདིའི་གཞུང་དབུ་ཞབས་ཀྱི་དོན་དྲིལ་ནས་ཚིག་བཞི་དེའི་ནང་དུ་བསྡུས་ཏེ་གསུངས་པ་ཡིན། གོང་ནས་བཤད་པ་ལྟར་དུ་ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་ཀྱི་སྒོ་ནས་ལེགས་པར་ཇི་ལྟར་གསུངས་ན། སྤང་བླང་གི་གནད་སྟོན་པ་དང་། བླང་དོར་གྱི་དམིགས་ཕྱེ་བའི་སྒོ་ནས་གསུངས་པས། སྤང་བླང་གི་གནད་ཐམས་ཅད་སྟོན་པ་ནི། ཡིད་བཞིན་ནོར་བུ་འདོད་པ་འབྱུང་བ་ཞིག་གི་བྱེད་ལས་ལ་ཆོས་མཚུངས་སྦྱར་ནས། སྤང་བླང་གི་གནས་མཐའ་དག་ཡིད་ལ་འདོད་པ་བཞིན་དུ་གང་དགོས་ཅི་མཁོ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོས་བསམ་སྒོམ་པའི་མཐུན་རྐྱེན་ལ་ཚང་པའི་སྒོ་ནས་འཆད་པའི་ཟད་མེད་ཀྱི་གཏེར་གྱི་ཆོས་མཛོད་འདི་མཐོང་བ་དང་ཐོས་ནས་བསམ་སྒོམ་གྱི་བརྩོན་པ་བསྐྱེད་ཐུབ་ན། བསྟན་པ་ཀུན་གྱི་དེ་ཉིད་གནད་ཀྱི་སྙིང་པོ་ཐམས་ཅད་ཤེས་པར་འགྱུར་བ་ཡིན། གལ་ཏེ་གཞུང་མང་བརྒྱ་ཕྲག་སྦྱོང་དགོས་ན་བློ་དང་ཤེས་རབ་བརྩོན་པ། ཐ་ན་མི་ཚེའི་དུས་ཚོད་ཀྱིས་ཀྱང་འདང་བ་མ་ཡིན་ཀྱང་། འདི་སྦྱངས་ན་གཞུང་བརྒྱ་ཕྲག་ཅིག་ཅར་སྦྱངས་པ་དང་ཁྱད་མེད་པ་ཡིན། དེ་ལྟ་བུའི་གཞུང་གཅིག་བལྟས་ན་གཞུང་བརྒྱ་ཐོས་བསམ་བྱས་པའི་གོ་ཆོད་པ་ཡིན་ན། འདི་ལ་བརྩོན་པ་མ་བསྐྱེད་ཚེ་རིགས་ཆད་པ་མ་ཡིན་ཀྱང་རིགས་སྲ་མོ་རྡོ་འདྲ་འདྲ། དབྱར་ཡིན་པས་སྔོ་རྒྱུ་དང་། དགུན་ཡིན་པས་སྐྱ་རྒྱུ་མེད་པ། དེ་ཡང་མཚོ་གདིང་གི་རྡོ་འདྲ་འདྲ་གསལ་ཉི་མ་མིག་གིས་རིག་མ་མྱོང་པ་ཞིག་མིན་ཚེ། བརྩོན་དགོས་པའི་རྒྱུ་མཚན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་བསྐུལ་བར་ལྟར་དུ་བརྩོན་འོས་པས་དད་ཅིང་དྭངས་པའི་སེམས་ཀྱིས་འདིའི་ཞལ་རབ་ཏུ་ཕྱེ་བ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས་བར་དུ་དགེ་བ་གཞུང་གི་དོན་ལ་ཡང་། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པའི་རྡོ་རྗེའི་གནས་རྣམ་པ་གཉིས་ཡོད་པའི་ནང་ནས། ཕྱི་མ་འཆད་པའི་སྐབས་ཡིན་ལ། དེ་ཡང་སྦྱང་བྱེད་ལམ་དང་། སྦྱངས་བའི་འབྲས་བུ་བཤད་པ་གཉིས་ཀྱི་ནང་གི དང་པོའི་སྐབས། སྤང་བྱ་ཕྱི་རོལ་པ་དང་། བླང་བྱ་ནང་བའི་གྲུབ་མཐའ་གཉིས་ལས་ཀྱང་ཕྱི་མའི་སྐབས། དེ་ལས་ཀྱང་ཐེག་དམན་ཉན་རང་གི་སྐོར་སོང་ནས། ཐེག་ཆེན་གྱི་སྐབས་ལ་ཐུག་པ་དང་། དེ་ལ་ཡང་ཐེག་ཆེན་དབུ་སེམས་གཉིས་སམ། སེམས་ཙམ་རང་རྒྱུད་ཐལ་འགྱུར་ཞེས་བཞག་པའི་རྣམ་བཞག་དེ་ལས། སེམས་ཙམ་སོང་བས་མ་ཚད་རང་རྒྱུད་འོག་མའི་སྐབས་ཀྱི་འདོད་པ་བཀོད་པ་སོང་ནས། དེ་དགག་པ་ལ་གསུམ་སྟེ། རང་བཞིན་དོན་མེད་པ་དང་། རིག་ངོར་སྒྱུ་མ་མི་འགྲུབ་པ་དང་། རྒྱལ་བའི་དགོངས་པ་མ་ཡིན་པའོ། །དང་པོ་ནི། རང་བཞིན་བརྗོད་མེད་སྒྱུ་མ་ལྟ་བུར་འདོད་པ་ཡིན་ན། སྒྱུ་མའི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཡིན་ལ། རང་བཞིན་མེད་པ་དེ་དོན་དམ་དང་རང་བཞིན་ཐ་དད་མེད་པས་ན་དེ་ལྟར་ན་དོན་དམ་སྐྱེ་འཇིག་བྱེད་པར་ཐལ་ཏེ། སྒྱུ་མ་སྐྱེ་འཇིག་བྱེད་པའི་ཕྱིར་ཏེ། སྒྱུ་མ་མཁན་གྱིས་རིག་སྔགས་དང་ཤིང་བུ་རྡེའུ་ལས་སྐད་ཅིག་གིས་རྟ་གླང་དུ་སྐྱེ་བར་སྣང་བའི་ཕྱིར་འཇིག་པ་བཞིན་ནོ། །ཞེས་དོན་དམ་ཡང་འཇིག་པར་འགྱུར་རོ་ཞེས་སོ། །གཉིས་པ་ནི་སྒྱུ་མའི་མཚན་ཉིད་མ་གྲུབ་སྟེ། མཐར་ཐུག་དཔྱོད་པའི་རིགས་པས་གཞལ་ན་དུས་སྔ་ཕྱིའི་རིགས་པ་དང་ཕྲད་པ་དང་མ་ཕྲད་པ་རྟག་པ་དང་རྒྱུན་དང་སྐད་ཅིག་གིས་བརྟགས་ཤིང་དཔྱད་པས་ཆོས་གང་ཡང་བདེན་པར་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་བཤད་ན་ནི་སྒྱུ་མ་དོན་དམ་བདེན་པར་མི་འགྲུབ་ཅིང་སྒྱུ་མའི་རང་བཞིན་དུ་མི་བདེན་ན་ཡང་སྒྱུ་མ་སྒྱུ་མར་བདེན་པར་ཁྱོད་ཀྱི་རིགས་པས་མི་ཁེགས་སོ་ཞེ་ན། གཞི་ལམ་འབྲས་གསུམ་སྒྱུ་མའི་རིགས་པས་དོན་དམ་དུ་ཁས་བླངས་པ་དེ་ཉིད་དཔྱད་བཟོད་དུ་གྲུབ་པར་ཁས་བླངས་པ་ཡིན་པས། རྡུལ་དང་སྐད་ཅིག་ལ་སོགས་པས་མ་གྲུབ་པའི་ཕྱིར་དོན་དམ་དཔྱོད་བྱེད་ཀྱི་རིག་ངོ་དེ་ཉིད་དུ་སྒྱུ་མ་མ་གྲུབ་པས་ཁས་བླང་དུ་མི་རུང་བ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་མ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། རྫུན་པའམ་ནི་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །ལྟ་བ་འཛིན་པར་དེ་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །ཅེས་པ་དང་། སྡུད་པ་ལས། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་སྟེ་བསླུ་བ་མེད་པའི་ཆོས་མྱ་ངན་ལས་འདས་པའོ། །འདུ་བྱེད་རྣམས་ནི་རྫུན་པ་བསླུ་བའི་ཆོས་ཅན་ཞེས་པ་དང་། སློབ་དཔོན་གྱིས་ཀྱང་དབུ་མ་རྩ་བར་ཡང་དག་པ་ན་སྒྱུ་མ་དང་སྒྱུ་མ་མ་ཡིན་པའི་ཚུལ་གཉིས་ལས་འདས་པར་གསུངས་པ་ནི། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་རྫུན་པ་ཡིན་པར་བརྗོད། །ཅེས་པ་དང་། འཕགས་པ་ལྷས་ཀྱང་། བཞི་བརྒྱ་པར། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་དུས་ནི་རིང་པོར་ཡང་། །གཅིག་ཀྱང་ཀླན་ཀ་བྱར་མི་རུང་། །ཞེས་སོ། །དེས་ན་གཤིས་ལ་བདེན་པའམ་རྫུན་པ་གང་ཡང་མེད་དོ། །གཞི་ལམ་འབྲས་གསུམ་པོ་སྒྱུ་མ་ལྟ་བུའི་རྒྱ་ཡིས་བཀབ་པས། སྒྱུ་མ་བཞིན་དུ་དོན་དམ་སྐྱེ་འཇིག་བྱེད་པ་དང་། སྒྱུ་མ་དཔྱད་བཟོད་དུ་ཐལ་བ་ལ་སོགས་སྤྲོས་པའི་དྲ་བ་ལས་མ་འདས་པས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་མིན་ནོ། །ཡང་རང་རྒྱུད་འོག་མའི་ནང་ཚན་གྱི་སློབ་དཔོན་དཔལ་སྦས་ལ་སོགས་པ་ཁ་ཅིག་ནི་སྒྱུ་མ་དོན་དམ་པ་མ་ཡིན་ཏེ། ཇི་ལྟར་སྣང་བ་ཀུན་རྫོབ་ཏུ་རྐྱེན་ལས་སྐྱེས་པའི་ཕྱིར་སྣང་བར་བདེན་ལ། དོན་དམ་པར་ཅི་ཡང་མ་གྲུབ་སྟེ། འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས། ཀུན་རྫོབ་ཏུ་ནི་དངོས་པོའི་ངོ་བོ་ཉིད་དོ། །དོན་དམ་པར་ནི་ཅི་ཡང་མི་དམིགས་སོ་ཞེས་པ་དང་། ཡུམ་ལས། དོན་དམ་པར་ནི་འགའ་ཡང་ཡོངས་སུ་གྲུབ་པ་མེད་དོ་ཞེས་གསུངས་པས། ཀུན་རྫོབ་ཏུ་སྟོང་པ་ཉིད་མ་ཡིན་ཏེ་དོན་བྱེད་པར་ནུས་པས་དབང་པོའི་སྣང་ཡུལ་སོ་སོ་ལ་བདེན་པའི་ཕྱིར་རོ། །ཀུན་རྫོབ་བདེན་པའི་མཚན་གཞི་ནི་དེ་བཞིན་ཉིད་སྐྱེ་བ་མེད་པ་མ་རྟོགས་པའི་ཤེས་བྱ་ཐམས་ཅད་དང་། ཀུན་རྫོབ་ཏུ་སྣང་བ་ཡང་མེད་པ་གསལ་སྣང་རྨི་ལམ་དང་འདྲ་བ་ཡིན་ལ། དེ་ཉིད་རང་རྒྱུ་ལས་སྐྱེ་བ་སྣང་བ་ཙམ་དུ་གྲུབ་ན་ཡང་དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་བ་བདེན་གཉིས་ལ་སོགས་པ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་གྲུབ་པར་སྟོང་པ་ཉིད་ཡིན་ཏེ་ཅི་ཡང་མ་གྲུབ་པའི་ཕྱིར་ཞེས་འདོད་དོ། །སྒྲུབ་བྱེད་ཀྱི་རིགས་པ་ཡང་དོན་དམ་གྱི་མཚན་ཉིད་དཔྱད་བཟོད་ཡིན་ལ། ཀུན་རྫོབ་ཀྱི་མཚན་ཉིད་ཆོས་ཅན་གང་ཞིག་རིགས་པས་དཔྱད་མི་བཟོད་ཡིན་པས་ན་དེ་ཡང་རང་གི་ངོ་བོ་བདེན་པས་སྟོང་པ་རང་བཞིན་མེད་པར་འདོད་པ་ཡིན་ན། བདེན་གཉིས་བདེན་རྫུན་ཅན་དེ་དག་དངོས་འགལ་ཡིན་པས་བདེན་རྫུན་གཉིས་གཞི་གཅིག་ཏུ་མི་རུང་བའི་ཕྱིར་ཆོས་ཅན་དང་ཆོས་ཉིད་མ་ཡིན་ཞིང་ཡིན་པར་མ་གྲུབ་པ་ཡིན་ནོ། །གལ་ཏེ་ཡིན་ན་ཀུན་རྫོབ་མི་རྟག་པ་ལྟར་ཀུན་རྫོབ་ཀྱི་ཆོས་ཉིད་དོན་དམ་བདེན་པ་ཡང་མི་རྟག་པར་ཐལ་བའམ། ཆོས་ཉིད་དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་བདེན་པའང་སྐྱེ་འགག་མི་བྱེད་པའི་སྐྱོན་ཡོད་དེ། དེས་ན་སྣ་ཚོགས་སུ་སྣང་བརྟགས་ཐམས་ཅད་ཀུན་རྫོབ་ཡིན་ལ། ཡང་དག་ཀུན་རྫོབ་ཟླ་གཅིག་ལྟ་བུ་མཚན་ཉིད་ལ་མི་བསླུ་བ་དང་། ལོག་པའི་ཀུན་རྫོབ་ཟླ་གཉིས་སུ་སྣང་བ་ལྟར་མཚན་ཉིད་ལ་བསླུ་བར་དབྱེ་ཞིང་། དོན་དམ་ཅིར་ཡང་མ་གྲུབ་པས་ཡང་དག་ཀུན་རྫོབ་མཚན་ཉིད་ལ་མི་བསླུ་བ་ཡིན་ཅེས་ཡར་དབྱེ་བ་དང་། ལོག་པའི་ཀུན་རྫོབ་བསླུ་བ་ཅན་ཡིན་ཅེས་མར་བསལ་རྒྱུའི་དབྱེ་བསལ་མེད་དོ། །དེས་ན་བདེན་གཉིས་འགལ་འདུ་ཅན་དངོས་པོ་གཅིག་ལ་འདུ་བའི་ཆོས་མ་ཡིན་པས་དེ་ལྟ་བུའི་བློའི་བཏགས་དེ་ཆོས་ཅན་གྱི་ཆོས་ཉིད་ཅེས་མི་བརྗོད་དེ། སྣང་སྟོང་གི་དབྱེ་བ་བྱས་ན་རང་བཞིན་དུ་སྣང་བ་ཀུན་རྫོབ་ཡིན་པས་ཆོས་ཅན་དང་། སྟོང་པར་གྲུབ་པ་དོན་དམ་གྱི་ཆོས་ཉིད་ཕན་ཚུན་ལྟོས་པས་འགྲུབ་པ་ཡིན་ནོ་ཞེས་པའོ། །མདོར་ན་རང་རྒྱུད་འོག་མ་དག་གིས། དོན་དམ་པར་ཅིར་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ཞེས་དམིགས་སུ་མེད་པ་དང་། ཀུན་རྫོབ་ཐ་སྙད་ཙམ་དུ་བུམ་སོགས་སྟོང་པ་ཉིད་མ་ཡིན་ཏེ། དོན་བྱེད་པར་སྣང་ཞིང་བདེན་པའི་ཕྱིར། དོན་དམ་པར་དཔྱད་ན་ཅི་ཡང་མི་རྙེད་པའི་ཕྱིར་སྟོང་པའོ། །དེས་ན་དོན་དམ་པ་དཔྱད་བཟོད་དང་། ཀུན་རྫོབ་དཔྱད་མི་བཟོད་གཉིས་ཆོས་ཅན་དང་ཆོས་ཉིད་ཅེས་གཞི་གཅིག་ལ་མི་འདུ་སྟེ། ཀུན་རྫོབ་མི་རྟག་པ་ལྟར་དོན་དམ་མི་རྟག་པར་ཐལ་བ་དང་། དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་ཀྱང་སྐྱེ་འགག་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་སྣང་བ་ཀུན་རྫོབ་ཆོས་ཅན་དང་། སྟོང་པ་དོན་དམ་ཆོས་ཉིད་གཉིས་ཕན་ཚུན་ལྟོས་པས་གྲུབ་པ་ཙམ་མོ། །ཀུན་རྫོབ་ལ་ཡང་ལོག་གཉིས་སུ་དབྱེ་བ་ནི་རང་རྒྱུད་གོང་མ་བཞིན་ནོ། །དེ་དགག་པ་ལ་ནི་གསུམ་སྟེ། མི་སྲིད་པ། རྟོག་བྱར་མི་རུང་བ། གོ་སྐབས་མི་རྙེད་པའོ། །དང་པོ་ནི་སྣང་བ་མ་ཡིན་པའི་སྟོང་པ་ནི་བདེན་པ་གཉིས་ཀར་མི་སྲིད་དེ། སུ་ལའང་སྣང་དུ་མི་རུང་ན་རྣམ་པ་མེད་པ་ཡིན་ཞིང་རྣམ་པ་ཀུན་རྫོབ་ཏུའང་མེད་པའི་ཕྱིར་དངོས་མེད་དུ་འགྱུར་བ་ནམ་མཁའ་བཀག་པ་བཞིན་ནོ། །གཉིས་པ་ནི་བརྟག་བྱའི་ཡུལ་དུའང་གལ་ལ་རུང་སྟེ་མི་རུང་བས་རྟོག་བྱའི་དོན་དུའང་མི་རུང་སྟེ། ཤེས་བརྗོད་ཀྱིས་གཞལ་བྱའི་ངོ་བོ་ཡིན་ན་རྫུན་པར་འགྱུར་ལ། དེ་དག་གི་ངོ་བོ་མ་ཡིན་པ་མི་སྲིད་པས་རྟོགས་སུ་མི་རུང་བའི་ཕྱིར་དང་། སྣང་བ་ཐམས་ཅད་སྟོང་པར་རྟོགས་ཙམ་གྱིས་སྒྲིབ་པ་མི་སེལ་ཞིང་། ཐ་དད་དུ་འཛིན་པ་སྤང་གཉེན་དུ་མི་འཐད་དེ་དགྲ་ལ་ཞེ་སྡང་སྐྱེས་པ་ལ་ནམ་མཁའ་སྟོང་པར་ཤེས་པས་ཞེ་སྡང་སེལ་བར་མི་ཕན་པ་ལྟར། གཞི་རྫུན་གྱི་སྣང་བ་ལ་བདེན་པར་ཞེན་ནས། དེ་ལས་ལོགས་སུ་སྟོང་པ་རྟོགས་པས་ཅི་ལ་ཡང་མི་ཕན་པས་རྟོགས་པ་དེ་ལ་དགོས་པ་མེད་པའི་ཕྱིར་རོ། །ཞེས་རྟོགས་བྱར་མི་རུང་བར་བསྟན་ཏོ། །གསུམ་པ་ནི་སྟོང་ཉིད་གནས་པའི་གོ་སྐབས་ཀྱང་མི་རྙེད་པར་ཐལ་ཏེ། ནམ་མཁས་ཁྱབ་ཚད་དུ་སྣང་བས་ཁྱབ་པས་ཕྱོགས་བཅུ་གང་ནས་ཀྱང་སྣང་བ་མེད་པའི་གོ་སྐབས་མེད་པའི་ཕྱིར་རོ། །ཤེས་པས་རྟོགས་པའང་མི་རུང་སྟེ་སེམས་སྣང་རྟོག་པ་དང་རྟོག་མེད་གཉིས་ལས་མ་འདས་པར་འདོད་པའི་ཕྱིར་ན་ནམ་ཡང་སྟོང་ཉིད་ཀྱི་ཕྱོགས་ལ་མི་གཅར་ནས་སྟོང་ཉིད་མི་རྙེད་པའི་ཕྱིར་དང་། རྟོག་བྱ་དེ་ཡང་རྟོག་བྱེད་སེམས་སྣང་ཡིན་པས་ན་འགལ་བར་གྲུབ་པའི་ཕྱིར་རོ། །དེས་ན་ཀུན་རྫོབ་ལས་ཐ་དད་པའི་དོན་དམ་མི་འཐད་དེ། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དོན་དམ་ཉེ་བར་མི་དམིགས་སོ། །སྟོང་ཉིད་གང་ཡིན་ཀུན་རྫོབ་ལ། །ཀུན་རྫོབ་གང་ཡིན་སྟོང་ཉིད་དོ། །ཞེས་སོ། །དེ་བཞིན་དུ་བདེན་གཉིས་ངོ་བོ་གཅིག་པའང་དེ་ཉིད་ཀྱིས་ཁེགས་ལ། ཐ་དད་པའང་ཁེགས་པ་ཉིད་དེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་སོ། །དོན་བསྡུས་ནས་བཤད་ན། སྣང་སྟོང་ཐ་དད་དུ་འདོད་པ་ལམ་ཡང་དག་མིན་པ་ནི། སྣང་བ་མིན་པའི་སྟོང་པ་བདེན་པ་གཉིས་ཀར་མི་སྲིད་དེ། སུ་ལའང་སྣང་བ་མེད་ན་དེའི་རྣམ་པ་གཏན་ནས་མེད་པའི་ཕྱིར་ཀུན་རྫོབ་ཏུའང་མེད་པར་ཐལ་ཏེ་རི་བོང་གི་རྭ་བཞིན་ནོ། །སྟོང་པ་ལས་ཐ་དད་པའི་སྣང་བའང་མི་རྙེད་དེ་གང་སྣང་བ་ཐམས་ཅད་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །དོན་དམ་བརྟགས་བྱའི་སྣང་ཡུལ་དུ་མི་རུང་ན་རྟོགས་བྱའི་དོན་དུའང་མི་རུང་སྟེ། ཤེས་བརྗོད་ཀྱིས་གཞལ་བྱ་ཡིན་ན་རྣམ་པ་སྣང་དགོས་ལ། དེ་མེད་ན་རྟོགས་སུ་མི་རུང་ངོ་། །སྤྲོས་བྲལ་ནི་དེ་དང་མི་འདྲ་སྟེ་སྣང་སྟོང་ཕྱོགས་རེ་བའི་མཐའ་ལས་འདས་པའི་ཕྱིར་རོ། །འདི་ཡི་སྟོང་པ་ནི་སྣང་བ་དང་བྲལ་བར་དམིགས་དགོས་ན་དེ་མི་རུང་ངོ་། །སྣང་བ་ལས་ཐ་དད་པའི་སྟོང་པ་བསྒོམ་པ་ལམ་མིན་ཏེ། དེས་སྒྲིབ་པ་མི་སེལ་ཞིང་སྤང་གཉེན་དུ་མི་འཐད་པའི་ཕྱིར། དཔེར་ན་དགྲ་ལ་ཞེ་སྡང་སྐྱེས་ཚེ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་བཞིན་ནོ། །སྟོང་ཉིད་ཅེས་པ་གང་ནས་ཀྱང་མི་རྙེད་དེ། ཕྱོགས་དུས་ཀྱི་ཤེས་པ་གང་གི་ཡུལ་ཡིན་ཀྱང་དེའི་རྣམ་པ་སྣང་བ་དང་བཅས་པའི་ཕྱིར་རོ། །དེས་ན་རང་རྒྱུད་འོག་མ་སྒྱུ་མ་དོན་དམ་དུ་འདོད་པས་བདེན་གཉིས་ངོ་བོ་གཅིག་པ་དང་། སྣང་སྟོང་ཐ་དད་དུ་འདོད་པས་ངོ་བོ་ཐ་དད་དུ་བཞག་པའང་ཐུབ་པའི་དགོངས་པ་ལེགས་པར་རྟོགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་མེད་ཀྱི་མཐར་ལྷུང་བའི་ཕྱིར། ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་ཆད་པ་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གང་ཡང་གཉིས་པོ་དག་ནི་མེད་ཤེས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་སོ། །རང་རྒྱུད་འོག་མ་འདི་གཉིས་ཀས་བདེན་གཉིས་རོ་གཅིག་ཏུ་སྒྲུབ་མ་ནུས་ཤིང་། གཅིག་གིས་བདེན་པ་གཉིས་ཆར་སྒྱུ་མ་ལྟར་འདོད་པ་དང་། གཅིག་གིས་ཀུན་རྫོབ་བསླུ་བ་དཔྱད་མི་བཟོད་པ་དང་། དོན་དམ་སྟོང་བ་དཔྱད་བཟོད་དུ་ཁས་ལེན་པ་དེ་ཡང་བརྟགས་ན་མི་འཐད་པའི་ཚུལ་བཤད་པས་རང་རྒྱུད་འོག་མ་དེ་ལ་ཡང་ནང་ཚན་གྱིས་བཞེད་པ་མི་འདྲ་བའི་འདོད་ཚུལ་དང་། དེ་ལ་བརྟགས་ནས་དེའི་འདོད་ཚུལ་མ་དག་པའི་ཕྱོགས་ལ་དགག་པ་དང་བཅས་པ་སོང་ནས། རང་རྒྱུད་གོང་མ་ནི། སློབ་དཔོན་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་ཐུབ་པའི་དགོངས་པ་འདི་ལྟར་རྟོགས་ཏེ། ཡང་དག་པར་མཐའ་ལས་འདས་ཤིང་། ཀུན་རྫོབ་ཏུ་རྟེན་འབྲེལ་སྒྱུ་མའི་རྣམ་པར་ཇི་ལྟར་གནས་པ་བཞིན་འཇོག་ལ། དེ་ཡང་ཀུན་རྫོབ་ཏུ་རང་ཕྱོགས་སྒྲུབ་པ་དང་། གཞན་ཕྱོགས་དགག་པ། གཏན་ཚིགས་རང་རྒྱུད་འདུ་འགོད་པས་རང་རྒྱུད་འཕེན་པའི་ཚུལ་གསུམ་གྱི་ཚད་མས་བྱེད་དེ། དཔེར་ན་ཕྱོགས་སྔས་དངོས་པོ་རྟག་པར་འདོད་པ་ན། དངོས་པོ་ཆོས་ཅན། མི་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར། བུམ་པ་བཞིན་ནོ། །ཞེས་པའི་ཚུལ་གསུམ་གྱི་ཚད་མས་བཀག་པའི་རྗེས་སུ་རང་རྒྱུད་ཀྱི་དམ་བཅའ། དངོས་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱིར། ཞེས་པ་འཕེན་པ་ལྟ་བུའོ། །འདིའི་ལུགས་ཀྱི་བདེན་པ་གཉིས་ནི་སྣང་བཞིན་པ་འདི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྟེན་འབྲེལ་ཙམ་དུ་སྣ་ཚོགས་སུ་སྣང་ལ། མུ་བཞིའི་སྐྱེ་བའི་ནང་གི་གཞན་ལས་སྐྱེ་བར་འདོད་པ་ཡིན་ནོ། །རང་རྒྱུད་གོང་མ་འདི་མན་ཆད་ནང་པ་ཀུན་གཞན་སྐྱེ་འདོད་པར་མཐུན་ནོ། །ཀུན་རྫོབ་དེ་ཡང་སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དང་། །ནུས་པའི་ཕྱིར་དང་མི་ནུས་ལས། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དེའང་ཀུན་རྫོབ་པ་རྣམས་འཁྲུལ་པ་ཡིན་པས་དག་པའི་ས་མ་ཐོབ་ཀྱི་བར་དུ་མི་ལྡོག་སྟེ། འཕགས་པ་རྣམས་ལ་ནི་རྗེས་ཐོབ་ན་ཀུན་རྫོབ་ཀྱི་ཆ་དེ་ཉིད་ཡོད་པས་དག་པ་འཇིག་རྟེན་པ་ཞེས་ཟེར་ཞིང་། སོ་སོ་སྐྱེ་བོ་ལ་དུས་ཐམས་ཅད་དུ་ཡོད་དེ། ཚོགས་སྦྱོར་དུ་མཉམ་པར་བཞག་ཀྱང་སྒོ་ལྔའི་གསལ་སྣང་མི་འགག་པའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བ་འདི་སེམས་ཙམ་པའི་འདོད་པ་ལྟར་སེམས་ཀྱང་མ་ཡིན་ལ་ཉན་ཐོས་པ་ལྟར་དོན་གཞན་དུ་བདེན་པར་གྲུབ་པ་ཡང་མ་ཡིན་ཏེ། བག་ཆགས་འཁྲུལ་པའི་དབང་གིས་སེམས་ལ་དེ་ལྟར་སྣང་བ་ཡིན་ནོ། །དེས་ན་སྤང་བྱའི་དྲི་མ་ཀུན་རྫོབ་པའོ་ཞེས་འདོད་དོ། །དོན་དམ་ནི་ཀུན་རྫོབ་དེ་ཉིད་རིགས་པས་དཔྱད་ན་གཅིག་དང་དུ་མའི་རང་བཞིན་མེད་པས་ཡོད་མེད། ཡིན་མིན། གྲུབ་མ་གྲུབ་ལ་སོགས་པའི་ཆོས་གང་གིའང་སྤྲོས་བརྗོད་བསམ་ཡུལ་ལས་འདས་པས་སྔར་བཞིན་མ་གྲུབ་ཅེས་སུའང་བཞག་ཏུ་མེད་པར་འདོད་དེ། བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་དང་། རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་དང་། སྔ་མ་དེ་ཉིད་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞེས། །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་སོ། །རྟོགས་ཚུལ་ནི་ཤེས་རབ་ཀྱིས་དཔྱད་པས་འགའ་ཡང་དམིགས་སུ་མེད་པ་ནི་དོན་དམ་པ་སྟེ། སོ་སོ་རང་རང་གི་རིག་པའི་ཡེ་ཤེས་ཀྱིས་འགའ་ཡང་མཐོང་མེད་ཀྱི་ཚུལ་གྱིས་རྟོགས་པ་སྟེ་ཡུམ་ལས། ཆོས་གང་ཡང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བའོ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་དོན་ཤེས་པས་ཀུན་རྫོབ་ཏུ་ཐབས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། དོན་དམ་པ་ཤེས་རབ་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་མཐར། ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱས་ཏེ། རང་དོན་དུ་ཆོས་སྐུ་སྤྲོས་པ་དང་བྲལ་བ་དང་། གཞན་དོན་དུ་གཟུགས་སྐུ་སྒྱུ་མ་ལྟ་བུ་སྣང་བས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པ་སྟེ། སེམས་ཅན་གྱི་དོན་མཛད་པ་དེ་ཡང་མཉམ་པར་བཞག་པའི་རྗེས་ལ་ཡེ་ཤེས་སྒྱུ་མ་ལྟ་བུས་མཛད་ཅིང་དོན་དམ་པར་ནི་སངས་རྒྱས་པ་ཡང་མེད་ལ་དོན་མཛད་པ་ཡང་མེད་དེ་སྤྲོས་པའི་མཐའ་ལས་འདས་པའི་ཕྱིར་རོ་ཞེས་འདོད་དོ། །རང་རྒྱུད་གོང་འོག་གི་ཁྱད་པར་འབྱེད་ཆོས་གང་ཡིན་ན། རང་རྒྱུད་འོག་མ་ལས། དོན་དམ་སྒྱུ་མ་དང་སྟོང་པར་འདོད་པ་གཉིས་ཡོད་པ་དེ་ཉིད། འདིར་གོང་མས་ཡོད་མེད་ལས་འདས་པས་འོག་མའི་འདོད་པ་དེ་གཉིས་ཀར་མི་འདོད་ལ། འོག་མ་གཉིས་ཀས་ཀུན་རྫོབ་སྒྱུ་མ་དང་དངོས་པོར་བདེན་པ་ལས། འདིར་རྫུན་པ་ཉིད་ཀྱང་རྫུན་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཙམ་ཞིག་སྨྲ་བའི་ཁྱད་པར་ཡོད་དོ། །རང་རྒྱུད་གོང་མའི་འདོད་པ་དེ་དགག་པ་ལ། ཐ་སྙད་དུ་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ལས་སྒྱུ་མ་ལྟར་སྣང་བ་དང་། དངོས་པོ་ལས་ཐ་དད་པའི་དོན་དམ་ལོགས་སུ་མི་འདོད་པ་ཤིན་ཏུ་འཐད་ནའང་། ཀུན་རྫོབ་དངོས་སྣང་ལ་བདེན་རྫུན་གཉིས་སུ་འདོད་པ་མི་འཐད་དེ། ཆུ་ཟླ་དང་གནམ་ཟླ་གཉིས་རྐྱེན་ལས་སྣང་བ་འདྲ་བ་དང་། མིག་ཤེས་ལ་སྣང་བར་འདྲ་བ་དང་། དཔྱད་ན་མ་གྲུབ་པར་གཉིས་ཀ་མཚུངས་པའི་ཕྱིར་རོ། །གནམ་ཟླ་ཉིད་རྡུལ་ཕྲན་དུ་བརྟགས་པས་ཆ་ཤས་མ་གྲུབ་པས་མེད་པ་དང་། སྐད་ཅིག་གི་རྒྱུན་དང་དུས་ཀྱི་ཆ་དང་། མཐའ་དབུས་ལྟོས་པས་མ་གྲུབ་པའི་རིགས་པས་ཀྱང་གནམ་ཟླ་ཡོད་པར་ཁེགས་པས། མེད་ལ་སྣང་བའི་གནམ་ཟླ་དེ་ཉིད་ཆུ་ཟླ་དང་མཚུངས་པར་ཐལ་བའི་ཕྱིར་དང་། བག་ཆགས་འཁྲུལ་པའི་ཤེས་པ་ལ་གནམ་ཟླ་ཆུ་ཟླ་གཉིས་ཀ་སྣང་བར་ཡང་ཁྱད་པར་མེད་པའི་ཕྱིར་རོ། །དོན་བྱེད་ནུས་མི་ནུས་ཀྱི་ཁྱད་ཡོད་དེ་གནམ་ཟླས་མུན་པ་སེལ་ལ། ཆུ་ཟླས་མི་སེལ་ལོ་ཞེ་ན། ཕྱོགས་རེའི་དཔྱད་པ་ཞུགས་ན་ཡང་མཚུངས་ཏེ། འོ་ན་ཆུ་ཟླ་རང་མཚན་པ་ལྟར་གནམ་ཟླས་དོན་བྱེད་མི་ནུས་པར་ཐལ་ཏེ། རྫིང་བུར་ཤར་བའི་དོན་བྱེད་གནམ་ཟླས་མི་ནུས་པའི་ཕྱིར་ཏེ་དེ་ཆུ་ཟླ་མིན་པར་མཁའ་ཟླ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་སྣང་བ་ཡང་མེད་པ་གསལ་སྣང་རྨི་ལམ་སོགས་དང་འདྲ་བ་དེ་ཉིད་རང་རྒྱུ་ལས་སྐྱེ་བ་སྣང་བ་ཙམ་དུ་གྲུབ་པ་ཡིན་ཀྱང་། དོན་དམ་པར་བདེན་པ་གཉིས་ལ་སོགས་པ་ནས། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གྲུབ་པ་མིན་ནོ། །དེས་ན་སྣང་ཙམ་གྱི་དོན་བྱེད་པ་ལས། ཐམས་ཅད་ནས་ཐམས་ཅད་དུ་གནམ་ཟླས་ཀྱང་དོན་བྱེད་ནུས་པ་མ་ཡིན་པས། བདེན་གཉིས་ཀྱི་དབྱེ་བ་དང་མཚན་ཉིད་རྣམ་པར་བཞག་པ་རྣམས་རྣམ་གྲངས་པའི་དོན་དམ་བདེན་པར་ལྟོས་ནས་དེའི་ངོར་བཞག་པ་ལས། རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་ངོར་ཤེས་བརྗོད་ཀྱི་སྤྲོས་པའི་ཡུལ་ལས་འདས་པ་ན། དངོས་པོ་ཐམས་ཅད་ཆུ་ཟླ་དང་མཚུངས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྙོག་པ་མེད་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །ཡང་དག་པའི་དོན་དུ་ཡང་ལོག་གི་ཀུན་རྫོབ་མཉམ་སྟེ། གཉིས་ཀ་རྒྱུ་རྐྱེན་ལས་སྐྱེས་ཤིང་ཡུལ་དུ་སྣང་བ་དཔྱད་ན་མ་གྲུབ་པར་འདྲ་བས་དངོས་པོ་རང་མཚན་གྱིས་གྲུབ་ཅེས་པའང་། སྤྲོས་པ་ལ་དགའ་བས་ནན་གྱིས་བཏགས་པ་ཙམ་སྟེ་དཔྱད་ན་ཅི་ཡང་མ་གྲུབ་བོ། །གཞན་སྐྱེ་འདོད་པ་དེ་ཡང་མི་འཐད་དེ་དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་ལས་སྐྱེ་བར་སྣང་ཡང་། གཞན་ཁོ་ན་ལས་འདོད་པར་མི་རིགས་ཏེ་ཞེས་དམ་བཅས་ལ། ཐ་སྙད་ཙམ་དུ་གཞན་སྐྱེ་ཞེས་པ་ཡིན་ཅེ་ན། ཐ་སྙད་དུ་གཞན་ལས་སྐྱེ་བ་གྲུབ་ན་རང་ལས་སྐྱེ་བའང་དེ་དང་འདྲ་བར་འགྲུབ་པར་འགྱུར་རོ། །རང་ལས་སྐྱེ་བ་དེ་མེད་དེ་རང་གྲུབ་དུས་སམ་མ་གྲུབ་དུས་ན་སྐྱེ་བར་མི་རུང་བའི་ཕྱིར་རོ་གཞན་སྐྱེ་དེ་དང་མི་འདྲ་ཞེ་ན། གཞན་སྐྱེའང་མེད་དེ་རྒྱུ་འགགས་པ་ལས་སྐྱེའམ་མ་འགགས་པ་ལ་ལས་སྐྱེ། རྒྱུ་འགགས་པ་ལས་སྐྱེ་པ་ཡིན་ན་སྐྱེ་བ་རྒྱུ་མེད་དུ་ཐལ་ཞིང་། མ་འགགས་པ་ལས་སྐྱེ་ན་རྟག་པ་ལས་ཀྱང་སྐྱེ་བར་ཐལ་བས་དོན་དུ་མ་སྐྱེས་པར་འགྱུར་བ་དང་། དུས་མཉམ་པར་གྱུར་བ་བསྐྱེད་བྱ་སྐྱེད་བྱེད་དུ་མ་གྲུབ་པའི་ཕྱིར་དང་། རྒྱུན་ལས་སྐྱེ་བ་ཕྲད་པ་བཀག་པའི་ཕྱིར་རིགས་པས་མ་གྲུབ་པར་གཏན་ལ་ཕབ་པའི་ཕྱིར་ན་མ་གྲུབ་པ་ཁོ་ནའོ། །བརྟགས་ན་རང་སྐྱེ་གཞན་སྐྱེ་གཉིས་ཀ་འདྲ་སྟེ་གཉིས་ཀ་གང་ལྟར་ཡང་སྐྱེ་བ་མི་རྙེད་དོ། །དེས་ན་རྒྱུ་ལས་འབྲས་བུ་སྐྱེ་བར་སྣང་བ་ཙམ་ལས། དངོས་པོ་གཤིས་དང་ཐ་སྙད་གང་དུའང་རང་དང་གཞན་རང་མཚན་པ་མེད་པས་དེ་ལས་སྐྱེ་བར་མ་གྲུབ་བོ། །འོན་ཀྱང་གཞན་ལས་སྐྱེ་བར་སྣང་བ་ཡང་འཁྲུལ་སྣང་ཡིན་གྱི་དོན་ལ་མེད་པས་ཀྱང་གཞན་སྐྱེ་མ་གྲུབ་པར་ཤེས་སོ། །གང་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མ་སྐྱེས་པ་དེ་ཉིད། སྐྱེས་པའི་དངོས་པོ་མཐའ་དག་གིས་སྟོང་ལ། ཆོས་ཅན་དངོས་པོ་ཙམ་ཡང་དོན་དམ་པར་སྐྱེ་བས་སྟོང་པ་དཔེར་ན་དངོས་མེད་ཀྱི་དོན་སྤྱི་ལྟ་བུ་ཡིན་ཅིང་། གང་གཅིག་དང་དུ་མ་བྲལ་བས་ཁྱབ་པ་དེ་ཉིད་བདེན་པའི་དངོས་པོས་སྟོང་པས་ཀྱང་ཁྱབ་སྟེ། །འདི་ལྟར་སྣང་བ་ཐམས་ཅད་ལ་དོན་དམ་པར་གཅིག་དང་དུ་མར་བྲལ་བ་ཁྱབ་བྱེད་དུ་ཡོད་པས་སོ། །འོན་ཀྱང་རྒྱུ་རྐྱེན་ལས་སྐྱེ་བར་སྣང་ཙམ་མི་འགོག་སྟེ། ཇི་ལྟར་སྣང་ཉིད་དགག་མིན་གྱི། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པ་ལྟར་རོ། །རྒྱུ་ས་བོན་ལ་སོགས་པའི་མཐུ་ལས་འབྲས་བུ་མྱུ་གུ་སོགས་བསླུ་མེད་དུ་འཕེན་པར་སྣང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས། ཁས་ལེན་གྱི་མཐའ་བཞི་དང་བྲལ་བ་ཡིན་པར་བལྟའོ། །དེ་ནི་ཁོ་བོ་ཅག་རང་རྒྱུད་གོང་མས་ཀྱང་སྣང་ཙམ་མི་དགག་པ་ཙམ་ལ་གཞན་སྐྱེ་ཞེས་འདོགས་པར་བྱེད་དོ་ཞེ་ན་མ་ཡིན་ཏེ། སྣང་ཙམ་ལ་བདག་གཞན་གྱི་དཔྱད་པ་མ་ཞུགས་པའི་ཕྱིར་དང་། སྐྱེ་མི་སྐྱེའི་ཐ་སྙད་མེད་པའི་ཕྱིར་དང་། སྣང་ཙམ་ཡིན་པས་ན་འགག་མི་འགག་ཏུ་བློས་མ་ངེས་ཤིང་ངེས་སྣང་ཙམ་ལ་བཏགས་པ་ཡིན་པའི་ཕྱིར་རོ། །དེས་ན་རྟག་མི་རྟག་དང་རྫས་དང་དུས་ལ་སོགས་པ་བརྟག་པའི་རིགས་པས། སྣང་བ་མི་དགག་པར་གཞན་ལས་སྐྱེའོ་ཞེས་པ་ཙམ་ཡང་ཁེགས་པས་ཁས་བླང་དུ་མི་རུང་ངོ་། །དེས་ན་རྨི་ལམ་གྱི་སྐྱེ་བ་ལྟར་སྣང་ལ་རང་བཞིན་མེད་པར་རྒྱུ་ལས་འབྲས་བུ་ཡོད་པ་དང་མེད་པ་དེ་སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་པས་ན་ཆོས་ཅན་སྣང་བ་རྟེན་འབྲེལ་འདི་ཡང་དོན་དམ་པར་རྒྱུ་དང་འབྲས་བུ་ཡོད་མེད་གཉིས་ཀས་སྟོང་བར་དེ་ལྟར་བུར་ཤེས་པར་བྱ་སྟེ། ཚངས་པས་ཞུས་པ་ལས། རྟག་ཏུ་རང་བཞིན་མེད་པ་ཡིས། །དངོས་པོ་སྣ་ཚོགས་སྣང་བ་ལ། །སྐྱེ་བ་འཇིག་པ་འགག་པ་དག །ཁྱོད་ཀྱིས་རྨི་ལམ་སྒྱུ་འདྲར་བསྟན། །ཞེས་སོ། །དེ་ལྟར་སྣང་འཇིག་རྟེན་པའི་ཐ་སྙད་དང་འགལ་བས་ཀྱང་མེད་དེ། འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་སོ། །དེས་ན་རྒྱུ་འགག་མ་འགགས་ལ་སོགས་ཀྱི་དཔྱད་པས་བདག་སྐྱེ་གཞན་སྐྱེ་མ་གྲུབ་པ་ཉིད་དུ་ཤེས་པར་བྱའོ། །ཐ་སྙད་ཙམ་དུ་སྣང་བའི་དངོས་པོ་ས་སྨྱུག་ལྟ་བུ་ཞིག་ལ་བདག་སྐྱེ་གཞན་སྐྱེ་གཉིས་ཀ་གྲུབ་པ་མིན་ཅིང་། དེ་མིན་པའི་དོན་དམ་གྱི་གཞན་སྐྱེ་ཞིག་དེ་པས་ཀྱང་འགྲུབ་པ་མིན་ནོ། །སྣང་ཚོད་དཔྱད་ནས་མ་དམིགས་པའི་དོན་དམ་ཡང་མེད་དེ། ཀུན་རྫོབ་ཉིད་ཆ་ཤས་ལ་སོགས་པའི་ཆར་མ་གྲུབ་པའི་ཕྱིར་དེ་ལ་དཔྱད་པའི་དོན་དམ་མི་འགྲུབ་པ་ཉིད་དེ་མོ་གཤམ་གྱི་བུ་མ་གྲུབ་པས་དེ་ལ་དཔྱད་པའི་དོན་དམ་མ་གྲུབ་པ་བཞིན་ནོ། །གཞན་སྐྱེ་ཞེས་པ་དེ་ནི་ཐ་ན་འཇིག་རྟེན་པའི་ཐ་སྙད་ཀྱི་རྣམ་བཞག་དང་འགལ་བས་འགྲུབ་པ་མིན་ནོ། །ཡང་དཔྱད་མཁན་རྟོག་པར་སྐྱེས་པའི་ཕྱིར་འཁྲུལ་རྟོག་གི་བློ་དེས་དཔྱད་པའི་བློ་ལས་འདས་པའི་དོན་དམ་མ་གྲུབ་པར་ཐལ་ཏེ། དམིགས་བཅས་རྟོག་དཔྱོད་ཀྱི་བློ་སྟོང་ཉིད་དང་འགལ་ནས་མ་གྲུབ་པའི་ཕྱིར་རོ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པ་དང་། སེམས་ནི་དམིགས་དང་བཅས་རྣམས་ལ། །སྟོང་པ་ཉིད་ནི་དཀའ་བར་གནས། །ཞེས་སོ། །རྟོག་པས་བསམ་ཞིང་གཞིག་པ་རྟོག་པ་ཡིན་པའི་ཕྱིར་ཡང་གནས་ལུགས་མ་ཡིན་ཏེ་ཀུན་རྟོག་ཡིན་པའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། ཀུན་ཏུ་རྟོག་དང་བཅས་རྣམས་ལ། །སྟོང་ཉིད་དམ་པ་ཡོད་མ་ཡིན། །དམིགས་པས་ཀུན་ཏུ་དཀྲུགས་པའི་ཡིད། །འཁོར་བ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དཔྱོད་མཁན་བློ་ཡིན་པར་བསྒྲུབས་ནས་དེ་ལྟར་ན་དཔྱད་ཡུལ་ཀུན་རྫོབ་མ་དམིགས་པ་དེ་ཉིད་དོན་དམ་དུ་མི་འཐད་དེ། མ་དམིགས་པ་དེ་བློས་ངེས་པ་དེ་ཡིན་ནམ། ཡུལ་དེ་ཡིན། བློས་ངེས་པ་དེ་ཡིན་ན་དཔྱད་བྱ་དང་དཔྱོད་བྱེད་བློ་གཉིས་རྫས་འགལ་བས་མ་གྲུབ་ལ། ཡུལ་ཡིན་ན་ཆ་ཤས་དང་ཆ་མེད་དང་མ་གྲུབ་པ་གསུམ་དུ་འགྱུར་བས་དོན་དམ་གང་དུའང་མ་གྲུབ་པའི་རང་བཞིན་དང་འགལ་བའི་ཕྱིར་དང་། གལ་ཏེ་ཡུལ་ཡིན་ན་སྐྱེ་འགག་ཏུ་སྣང་བར་ཐལ་བའི་ཕྱིར་དང་། མིག་དང་རྣ་བ་སོགས་ཀྱི་མཐོང་ཐོས་ཀྱི་ཡུལ་དུ་ཐལ་བའི་ཕྱིར་རོ། །དེས་ན་དོན་དམ་རྣལ་མའམ་ངོ་མ་ནི་དཔྱད་རུང་མ་དཔྱད་རུང་དཔྱད་པ་ལ་མི་ལྟོས་པ་ཉིད་དུ་གནས་དགོས་ཏེ། ཡུམ་ལས། དེ་བཞིན་གཤེགས་པ་རྣམས་མ་བྱོན་ཡང་རུང་། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། དེ་བཞིན་ཉིད་འདི་ནི་འཕེལ་བའམ་འགྲིབ་པར་མི་འགྱུར་རོ་ཞེས་སོ། །དཔྱད་པ་རྟོགས་པའི་ཐབས་ཡིན་ནོ་ཞེས་པའང་མི་རུང་སྟེ། བློ་ལ་བརྟགས་ན་སྐད་ཅིག་ཆ་ཤས་མེད་པ་ལ་རྟོག་དཔྱོད་ཀྱི་ཆ་ཙམ་ཡང་མེད་པས་དཔྱོད་མཁན་ཉིད་ཀྱང་མ་གྲུབ་པ་དང་། དོན་དམ་དམིགས་བསམ་སྤྲོས་པ་ལས་འདས་པ་དཔྱད་གཞིར་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་སྣང་ཚོད་པ་འདི་ལ་དཔྱད་ནས་མ་གྲུབ་པའི་དོན་དམ་ཀྱང་མེད་དེ། སྣང་བ་ཉིད་མེད་པར་དེའི་སྟོང་པའང་མི་འགྲུབ་ལ། གཉིས་ཀ་བཏགས་པ་ཙམ་ལས་མ་གྲུབ་པར་མགོ་མཉམ་ཞིང་། བདེན་པ་གཉིས་སུ་ཕྱེ་བའང་བློ་ངོར་གནས་ཀྱི། དོན་ལ་གཉིས་སུ་གྲུབ་པ་མེད་པས་ན། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་ཡང་མི་འཐད་དེ། ངོ་བོ་གཅིག་ན་ལྡོག་པ་ཐ་དད་ཡིན་པར་སྨྲས་པས་ན་ཕན་ཚུན་འཆོལ་བའི་སྐྱོན་དུ་ཐལ་ཞིང་། ལྡོག་པ་ཐ་དད་ཡིན་ན་ནི་དེ་ཉིད་སྒྲོ་བཏགས་ཙམ་ཡིན་པས་རྫས་སུ་མེད་པའི་ཕྱིར་ཏེ་སྤྱི་མཐུན་པའི་སྣང་རྫས་ཀྱང་ཁེགས་པར་ཐལ་བའི་ཕྱིར་ཏེ། ཀུན་རྫོབ་ལས་རྫས་གཞན་དོན་དམ་མེད། དོན་དམ་ལས་རྫས་གཞན་ཀུན་རྫོབ་མེད་དུས་གཉིས་ཀའི་རྫས་མ་གྲུབ་པའི་ཕྱིར་རོ། །རྫས་མ་གྲུབ་ན་མ་གྲུབ་པ་དེའི་ལྡོག་པའང་མེད་པས་ཡོད་པའི་བདེན་གཉིས་ཤིག་ཡོད་པར་བཞག་ཏུ་མེད་པར་ཐལ་བའི་ཕྱིར། བློས་དཔྱོད་པ་བྱེད་པ་དང་དཔྱད་ཡུལ་གྱི་བདེན་གཉིས་དངོས་པོའི་གཤིས་ལ་མེད་པས་བདེན་པ་གཅིག་དང་ཐ་དད་དུ་མེད་དེ། ལངྐར་གཤེགས་པ་ལས། བདེན་པ་གཅིག་སྟེ་བདེན་པ་གཉིས་སུ་མེད། །བྱིས་པ་སྤྲོས་ལ་དགའ་བས་བརྟག་པ་ཡིན། །ཞེས་སོ། །འོ་ན་ལུང་ལས་གསུངས་མོད་ཅེ་ན། ལུང་ལས་གསུངས་པའི་བདེན་གཉིས་ཀྱི་རྣམ་བཞག་དེ་དཔྱད་བྱ་དཔྱད་ཡུལ་དུ་གསུངས་པ་མ་ཡིན་གྱི། སྣང་ཚོད་དཔྱད་པ་མ་ཞུགས་པའི་ངོ་བོ་ལ་སྣང་བ་ཀུན་རྫོབ་དང་དེ་ཉིད་རང་བཞིན་དུ་མེད་པ་དོན་དམ་པའི་ཆ་ཙམ་ལས་ཐ་སྙད་དུ་བརྡ་ཤེས་པའི་རྣམ་བཞག་ཙམ་དུ་བརྗོད་ཀྱི། གཤིས་ལ་བདེན་རྫུན་གང་ཡང་མེད་པས་བདེན་པ་གཉིས་སུ་བཞག་ཏུ་མེད་དོ། །བདེན་པ་གཉིས་སུ་བཞག་ཏུ་ཡོད་ན་བདེན་པའི་ལྟོས་ཆོས་རྫུན་པའང་ཡོད་དགོས་པས་རྫུན་པ་དང་གསུམ་དུ་ཡོད་པར་འགྱུར་ཞེས་བརྟགས་པ་མཚུངས་སོ། །ཡུམ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་བདེན་པའམ་རྫུན་པ་གང་དུ་ཡང་མེད་དེ་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་སོ། །དེ་ཉིད་དོན་དམ་དུ་གསུངས་སོ་ཀུན་རྫོབ་དུ་དེ་ལྟར་མིན་ནོ་ཞེ་ན། དཔྱད་པ་མཚུངས་ཏེ་དོན་ལ་མ་གྲུབ་ན་ཐ་སྙད་དུའང་བཞག་ཏུ་མེད་པའི་ཕྱིར་ཏེ། མོ་གཤམ་ལ་བུ་དོན་དམ་ལ་མེད་ལ་ཀུན་རྫོབ་ཏུ་ཡོད་པར་མི་རུང་བ་བཞིན་ནོ། །དེས་ན་ཚུལ་འདི་ཡང་སྒྲོ་བཏགས་ཀྱི་གཟེབ་ལས་མ་འདས་པས་སྣང་བར་གྲུབ་ཀྱང་། དོན་ལ་མ་གྲུབ་ཅེས་པས་དེ་ཡང་རྟག་ཆད་ལས་མ་འདས་པ་ཉིད་དེ་སྣང་སྟོང་ལ་བདེན་ཞེན་གྱི་ཆ་མ་བྲལ་བའི་ཕྱིར་རོ། །དོན་དམ་པར་མེད་ལ། ཀུན་རྫོབ་ཏུ་ཡོད་པར་སྒྲུབ་པའི་རྟགས་དེས་ཇི་ལྟར་སྒྲུབ་ཀྱང་རྟག་ཆད་གཉིས་ཀྱི་དངོས་པོ་ལས་མ་འདས་པ་ཡིན། བློས་དཔྱད་པའི་རིག་ཤེས་ཙམ་ནི་རྟོག་པ་ཞིག་ལས་ཡང་དག་པའི་དོན་དུ་མི་རུང་པ་ཡིན་ཏེ། སྤྲོས་པ་བཀག་ཙམ་པའི་བྱེད་པ་ལས་མ་འདས་པས་སོ། །དེའི་དོན་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གང་ཡང་ཀུན་རྫོབ་ཏུ་ཡོད་པས་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་ཁས་བླངས་པ་དེའི་ཚེ་ཆད་པར་འགྱུར་བའི་ཕྱིར་ཞེས་སོ། །དེ་ལྟར་བདེན་པ་ཐ་དད་དུ་འདོད་ཅིང་དེ་གཉིས་ཀ་རྫས་གཅིག་ན། དོན་དམ་པ་མེད་པར་ལྟར་ཀུན་རྫོབ་ཀྱང་མེད་པར་འགྱུར་བ་དང་། ཀུན་རྫོབ་སྣ་ཚོགས་སུ་ཡོད་པར་ལྟར་དོན་དམ་ཡང་སྣ་ཚོགས་སུ་འགྱུར་བ་དང་། མི་རྟག་པར་འགྱུར་བ་ལ་སོགས་པ་དང་། རྫས་ཐ་དད་ན་བདེན་གཉིས་རིས་ཅན་དུ་འགྲོ་བ་སོགས་ཀྱི་འགལ་བ་འདུ་བས། རྟག་ཆད་དུ་ལྟ་བ་ནི་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་པས་བཀག་པ་ཡིན་ཏེ། རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་བཀག་པར་མཛད། །ཅེས་པ་དང་། རིན་ཆེན་ཕྲེང་བ་ལས། གཞན་ཡང་འདི་ལ་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་གྱིས། །སྤོངས་པས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་སོ། །གྲུབ་མཐའི་སྤྲོས་པས་བཞག་པ་སྣང་བའི་རྣམ་གཞག་ཞིབ་མོར་བྱེད་པ་དག་ཀྱང་སྤྲོས་པ་ཕྲ་མོ་མི་ལྡོག་པའི་རྒྱུར་གྱུར་པས་ན། མཉམ་པ་ཉིད་ཀྱི་དོན་ལ་རྟོག་གེས་བསླད་པ་ཡེ་མ་ཞུགས་པའི་ཚུལ་གྱིས་དང་པོ་ནས་སྣང་ཀུན་རང་སར་གྲོལ་བ་དབུ་མ་ཆེན་པོ་ཀ་དག་གི་དོན་ལ་འཇུག་པར་བྱའོ། །གསུམ་པ།
ཐལ་འགྱུར་པ་བཤད་པ།
ད་ནི་ནང་པ་སངས་རྒྱས་པ་དག་གི་མཚན་ཉིད་ཐེག་པ་ཆེན་པོའི་རྩེ་མོ་དབུ་མ་ཐལ་འགྱུར་བའི་ལུགས་རྣམ་པར་གཞག་པ་ནི། རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །ཐལ་འགྱུར་པས་ནི་སྤྲོས་པ་ཀུན་འགོག་སྟེ། །ཆོས་ཀུན་རྟེན་འབྲེལ་སྟོང་ཉིད་རང་བཞིན་མེད། །བདེན་གཉིས་སྒྱུ་མ་མཐའ་བྲལ་ཉིད་སྒོ་ནས། །ལམ་དང་འབྲས་བུའི་ཆོས་རྣམས་མཐར་ཕྱིན་བྱེད། །ཅེས་གསུངས་ཏེ། ཐུབ་པ་བཅོམ་ལྡན་འདས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་དབུ་མ་ཐལ་འགྱུར་ཡིན་ལ། དེའི་ཤིང་རྟ་འདྲེན་པའི་སྲོལ་འབྱེད་པ་ཐོག་མ་ནི་བཅོམ་ལྡན་འདས་ཀྱིས་རྔ་བོ་ཆེ་ཆེན་པོའི་མདོར་ལུང་བསྟན་པ་འཕགས་པ་ཤེས་རབ་ཀྱི་ཉི་མ་དྲི་མ་མེད་པས་ལྟ་བ་ངན་པའི་ཐིབས་པོ་སེལ་བར་མཛད་པ་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་རྔ་བོ་ཆེ་ཆེན་པོའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ཅུ་ལོན་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ་ཆུ་བོ་མུ་རུན་དེ་ཞེས་བྱ་བ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར། དཀར་པོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཛིན་པའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ལོ་བརྒྱའི་བར་དུ་ངའི་བསྟན་པ་རྒྱས་པར་བྱས་ཤིང་། ས་རབ་ཏུ་དགའ་བ་བསྒྲུབས་ནས་ཕྱིས་ས་བརྒྱད་པ་ཐོབ་པའི་འོག་ཏུ་ཚེའི་དུས་བྱས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་དེར་སྐྱེས་ཏེ། རྣམ་པར་སྨིན་པའི་ལུས་དེར་བཞག་སྟེ་སྤྲུལ་པའི་ལུས་ཀྱིས་ནི། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཆོས་ཉན་པར་བྱེད་དོ་ཞེས་ལུང་བསྟན་ཅིང་། དེར་འདུས་པའི་འཁོར་རྣམས་ཀྱིས་ཀྱང་། ཀྱེ་མ་འཇིག་རྟེན་ཀུན་མཐོང་དགའ། །བརྟན་པོ་དགེ་སློང་གཟུགས་གྱུར་ནས། །བསྟན་པ་རིང་ཞིག་འཛིན་བྱེད་ཅིང་། །ཆོས་རྔ་ཆེན་པོ་བརྡུང་བར་འགྱུར། །དེ་ནི་མྱ་ངན་ཡོངས་འདས་ནས། །དེ་འོག་འཇིག་རྟེན་སྟོངས་འགྱུར་ཏེ། །ཆོས་སྨྲ་དེ་ནི་འདས་གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང་། །དགེ་སློང་དེ་འདྲ་རྙེད་དཀའ་སྟེ། །སྣང་བ་རིམ་གྱིས་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་བའི་ཐ་མ་གཅིག་ཡིན་ནོ། །ཞེས་པའི་བསྟོད་པ་ཡང་སྨྲས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང་། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱི་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་སོགས་རྣམ་པ་དུ་མས་ལུང་བསྟན་པའི་འཕགས་པ་ཀླུའི་དབང་པོ་སྟེ། དེའི་གཞུང་རིགས་པའི་ཚོགས་དྲུག་གི་དོན་ཏེ། དེ་ཡང་རྩ་བ་ཤེས་རབ། །རིགས་པ་དྲུག་ཅུ་པ། །སྟོང་ཉིད་བདུན་ཅུ་པ། །ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ། ཐ་སྙད་བསྒྲུབ་པ་སྟེ་ལྔ་དང་། བོད་ཕྱི་རབས་པའི་འདོད་པ་ལྟར་ན་དབུ་མ་རྩ་བ་ཤེས་རབ། རྩོད་བཟློག སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག་སྟེ་ལྔ་དང་། རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་བརྩི་བ་ཡིན། དེ་དག་གི་དགོངས་པ་འགྲེལ་པ་པོའང་། འཕགས་པ་ལྷ་དང་། སངས་རྒྱས་བསྐྱང་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་ལ་སོགས་པ་སྟེ། དེ་དག་གི་ནང་ནས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་འཕགས་པ་ཟླ་བ་གྲགས་པས་ནི་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་དབུ་མ་རྩ་བའི་དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་དང་། ཚིག་གི་འགྲེལ་པ་ཚིག་གསལ་མཛད་དེ། འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་དབུ་མ་ཐལ་འགྱུར་གྱི་ཉི་མ་ཤར་བར་མཛད་པས། ལྟ་བ་ངན་པའི་ཐིབས་པོ་བསལ་བར་བྱས་པ་ཡིན་ནོ། །དེ་ཡང་རྒྱལ་པོ་བདེ་སྤྱོད་ཀྱི་བུས། མགོན་པོ་ཀླུ་སྒྲུབ་ཀྱི་མགུར་ལ་རྩྭ་འཇག་མས་བརྒྱབ་ནས་བཀྲོངས་དུས། མི་ཐམས་ཅད་ཀྱིས་ད་ནི་འཇིག་རྟེན་གྱི་ཉི་མ་ནུབ་བོ་ཞེས་མྱ་ངན་གྱི་སྨྲེ་ངག་བཏོན་ནས་གདུང་བས་བོས་ཚེ། ནམ་མཁའ་ནས། ང་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་། །ཞེས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ཟླ་གྲགས་ཕྱི་མ་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ། རི་མོ་བྲིས་པའི་བ་དྲུས་མ་ལས་འོ་མ་འཇོ་བའི་གྲུབ་ཐོབ་ཆེན་པོ་དེ་ཡིས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པའི་དགོངས་པ་རང་རྒྱུད་དུ་བཀྲལ་བར་ལུང་རིགས་ཀྱིས་བཀག་ནས། སངས་རྒྱས་བསྐྱང་དང་མཐུན་པར་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བའི་བསྟན་བཅོས་རྣམས་མཛད་ནས། ལྟ་བ་ངན་པའི་ཐིབས་པོའམ་མུན་པ་བསལ་བར་བྱས་པ་ཡིན་ནོ། །འདིར་དབུ་མ་ཐལ་འགྱུར་པ་དེའི་གཞུང་ཕྱིན་ཅི་མ་ལོག་པའི་དོན་བསྡུས་ཏེ་བརྗོད་པ་ནི། ཐལ་འགྱུར་པས་བདེན་གཉིས་དབྱེར་མེད་ཆོས་དབྱིངས་ཐ་སྙད་ཀུན་དང་བྲལ་བ་དང་པོ་ཉིད་ནས་གཏན་ལ་ཕབ་པར་མཛད་ནས། ཡོད་མེད་ཡིན་མིན་གྱི་དམིགས་པ་དང་བཅས་པའི་སྤྲོས་པ་ཐམས་ཅད་འགོག་པ་བྱེད་པ་ཡིན་པས་གཤིས་ངོ་བོར་འཁོར་འདས་སྣང་བཏགས་ཀྱི་ཆོས་གང་ཡང་རང་བཞིན་མ་གྲུབ་པ་དང་། ཕྱོགས་རེའི་ཁས་ལེན་གྱི་གྲུབ་མཐའི་རྣམ་པ་བཞག་པ་ཐམས་ཅད་བདེན་ཞེན་གྱི་བློ་སྐྱོན་དང་བཅས་པ་ཡིན་པས་ན་ཞེན་ཕྱོགས་ཀྱི་དབང་གིས་རང་བཞིན་དུ་བབ་ཅོལ་དུ་སྨྲ་བ་དག་གི་ལུགས་དེ་དག་ཐམས་ཅད་སོ་སོའི་རང་གི་གཞུང་ཁས་བླངས་ནང་འགལ་བ་དང་། དངོས་པོ་སྟོབས་ཞུགས་ཁས་ལེན་པ་པོ་དེའི་གཞུང་ལ་གྲགས་ཚོད་ཀྱི་གཏན་ཚིགས་དེས་འགོག་པ་ཡིན་ལ། བཀག་པའི་རྗེས་ལ་རང་རྒྱུད་པ་ལྟར་ངེས་པའི་དམ་བཅའ་བཀོད་པ་ཡང་མཛད་པ་མེད་དེ། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་ཚུལ་གྱིས་གོ་བར་བྱེད་པས། དབུ་མ་ཐལ་རང་གི་དབྱེ་བ་འབྱེད་ཆོས་གཏན་ཚིགས་རང་རྒྱུད་དུ་འགོད་མི་འགོད་ཡིན་ཀྱང་། གཙོ་བོར་ཟུང་འཇུག་རབ་ཏུ་མི་གནས་པར་སྨྲ་པས་དོན་ལ་བདེན་གཉིས་ཐ་དད་དུ་སོང་བ་དབུ་མ་རང་རྒྱུད་པའི་གཞུང་དང་། སྤྲོས་བྲལ་རབ་ཏུ་མི་གནས་པར་སྨྲ་བས་དོན་ལ་བདེན་གཉིས་མཉམ་ཉིད་དུ་གྱུར་བ་དབུ་མ་ཐལ་འགྱུར་བའི་གཞུང་ཡིན་ནོ། །འདིར་དེ་ལྟ་བུའི་དབུ་མ་ཐལ་འགྱུར་བའི་བཞེད་དོན་དེ་ཉིད་གཏན་ལ་དབབ་པ་ལ་གསུམ་སྟེ། གཤིས་ངོར་ཁས་ལེན་མེད་པས་སྤྲོས་པ་འགོག་པའི་ཚུལ། ཐ་སྙད་དུ་སྣང་ཚུལ་མི་འགོག་པའི་རྣམ་པར་གཞག་པའི་ཚུལ། ཁས་ལེན་མི་ལེན་གྱི་རྣམ་པར་གཞག་པ་གཞན་བསྟན་པའོ། །དང་པོ་ནི་ཆོས་ཐམས་ཅད་ཇི་ལྟར་སྐྱེ་འགག་གནས་པ་ལ་སོགས་པར་སྣང་བའི་དུས་སམ་སྐྱེས་པའི་དུས་ཉིད་ནས་རང་བཞིན་འགའ་ཡང་མེད་པ་སྐྱེ་མེད་སྐྱེ་བར་སྣང་བའི་གཟུགས་བརྙན་དང་འདྲ་བའི་ཕྱིར། གྲུབ་མ་གྲུབ་དང་ཁས་བླང་བྱ་ལེན་བྱེད་གང་ཡང་མེད་པས། དངོས་པོར་སྨྲ་བ་དག་གི་བདེན་ཞེན་གྱི་འཛིན་སྟངས་དང་བཅས་པའི་གྲུབ་མཐའ་ཐམས་ཅད་འཇིག་པ་ལ་གཏན་ཚིགས་ཆེན་པོ་ལྔ་སྟེ། གཅིག་དང་དུ་བྲལ་གྱི་གཏན་ཚིགས། རྡོ་རྗེ་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་བྲལ་གྱི་གཏན་ཚིགས། དོན་བྱེད་འགོག་པའི་གཏན་ཚིགས། རྟེན་འབྲེལ་ཆེན་པོའི་གཏན་ཚིགས་སོ། །འདིའི་སྐབས་སུ་རྒྱལ་བ་ཀློང་ཆེན་པས་དེ་ལྔ་པོའི་སྟེང་དུ་སྔར་མེད་པའི་གཏན་ཚིགས་ངོ་མཚར་བ་མང་པོ་རྩལ་འདོན་མཛད་པའི་གཞན་ཡང་རྟག་འཇིག་མེད་པ་དང་། འགྱུར་མི་འགྱུར་དང་། ཆོས་བཞི་འགོག་པའི་གཏན་ཚིགས་གསུམ་མོ། །དེ་གསུམ་ནི་ཀློང་ཆེན་པས་བསྣན་པའོ། །དང་པོ་ནི་དོན་དུ་སྣང་བ་འདི་ཆོས་ཅན། དངོས་པོ་དངོས་མེད་གང་དུའང་མ་གྲུབ་པར་ཐལ་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཆུ་ཟླ་བཞིན་ཞེས་པའོ། །བྲལ་ལུགས་སྔར་བརྗོད་པ་བཞིན་ནོ། །གཅིག་དུ་མ་ཐམས་ཅད་སྔར་ནས་བཀག་ཟིན་པ་འབའ་ཞིག་གོ །དེའང་དགག་བྱ་རང་མཚན་པ་མེད་དེ་ཆོས་གང་ཡང་རང་བཞིན་མེད་པའི་ཕྱིར་རོ། །དགག་བྱ་ལ་བདེན་གྲུབ་ཀྱིས་ཁྱད་པར་སྦྱར་མི་དགོས་ཏེ། བདེན་གྲུབ་ཡན་གར་བ་ཞིག་འགོག་ན་སྟོང་ཉིད་དེས་དངོས་འཛིན་མི་ཁེགས་པ་ཡིན་པས། སྟོང་ཉིད་གཏན་ལ་དབབ་པའི་དགོས་པ་སྟོར་བ་ཡིན་པའི་ཕྱིར། དབུ་མའི་གཞུང་གི་དོན་དམ་དཔྱོད་པའི་རིགས་པས་དངོས་པོར་འཛིན་པའི་ཞེན་པ་འགོག་པ་ཡིན་པས། བདེན་གྲུབ་ཡན་གར་པ་འགོག་པའི་སྟོང་ཉིད་དེས་གཉིས་སྣང་སེལ་མི་ནུས་ཤིང་། དེ་མ་ནུས་ཚེ་དངོས་ཞེན་འགོག་མི་ནུས་པ་ཡིན་པས་ན། དེ་འཛིན་སྤྲོས་པ་ཅན་གྱིས་བློ་སྤྲོས་པ་ཀུན་གྲོལ་གྱི་སྟོང་ཉིད་རྟོགས་པའི་སྐལ་བ་དང་ཐག་རིང་པ་ཡིན། འོན་ཀྱང་མེད་པ་ལ་ཡོད་པར་སྒྲོ་སྐུར་འཛིན་པ་ཉིད་འདིར་བཀག་པ་ཙམ་དུ་ཟད་དེ། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་ཏེ། དངོས་པོ་རྣམས་བརྟེན་ནས་སྐྱེ་བ་ཙམ་དང་། དངོས་མེད་རྣམས་བརྟེན་ནས་བཏགས་པ་ཙམ་ཞིག་ཡིན་ལ། དེ་ཡིན་པས་རྟེན་འབྲེལ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་ཅིང་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། དེས་ན་གཅིག་ཐ་དད་དང་མཐའ་བཞིའི་སྐྱེ་བ་གྲུབ་པ་ཅུང་ཟད་ཀྱང་མེད་པས། བདེན་མེད་སྒྱུ་མ་ལྟ་བུ་རྟག་དང་ཆད་པའི་མཐའ་ཕྲ་བ་ཙམ་དང་ཡང་བྲལ་བ་ཉིད་ཀྱི་སྒོ་ནས་གནས་སྐབས་ལམ་དང་མཐར་ཐུག་འབྲས་བུའི་ཆོས་ཐམས་ཅད་མཐར་ཕྱིན་པ་བྱེད་པ་ཡིན་ནོ། །གཉིས་པ་ནི་ཇི་ལྟར་སྣང་བཞིན་པ་ཆོས་ཅན། དངོས་པོར་མེད་པར་ཐལ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རྨི་ལམ་བཞིན་ཞེས་པའོ། །དེའང་ས་བོན་ལས་མྱུ་གུ་སྐྱེ་ན་རྒྱུ་ཡོད་མེད་གཉིས་ཡིན་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་པའི་ཤུགས་ཀྱིས་གཉིས་མ་ཡིན་ལས་སྐྱེ་བའང་ཁེགས་ལ། རྒྱུ་མེད་ལས་སྐྱེ་བ་ཧ་ཅང་ཐལ་ཏེ་ནམ་མཁའ་ལས་ཨུཏྤལ་སྐྱེ་བར་ཐལ་བའི་ཕྱིར་རོ། །ཡོད་པ་ལས་སྐྱེ་ན་ཡེ་ནས་ཡོད་པའི་ཕྱིར་ན་སྐྱེ་བ་དོན་མེད་པར་ཐལ་བ་འགལ་བ་སྡུད་པའི་ཐལ་འགྱུར་ཡིན་ཅིང་། རང་ལས་སྐྱེ་བ་མ་གྲུབ་སྟེ་བསྐྱེད་བྱ་སྐྱེད་བྱེད་དུ་རྫས་འགལ་བའི་ཕྱིར་རོ། །གཞན་ལས་གཞན་སྐྱེ་ན། ཟླ་བ་གྲགས་པས། གཞན་ལ་བརྟེན་ནས་གཞན་ཞིག་སྐྱེ་བར་འགྱུར་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བ་འགྱུར། །ཞེས་གསུངས་པ་ལྟར་དུ་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ཏེ་གཞན་ཡིན་པའི་ཕྱིར་རོ། །རང་རྒྱུ་གཞན་ལས་སྐྱེའོ་ཞེ་ནའང་། རྒྱུ་རྟག་པ་ལས་སྐྱེའམ་མི་རྟག་པ་ལས་སྐྱེ། །རྒྱུ་རྟག་པ་ལས་སྐྱེ་བ་མི་སྲིད་དེ་རྒྱུ་མི་འཕོ་བས་འབྲས་བུ་སྐྱེད་པར་མ་གྲུབ་པའི་ཕྱིར། གལ་ཏེ་རྒྱུ་རྟག་པས་སྐྱེད་ན་འཕོ་འགྲོ་བས་རྟག་པའི་ཁས་བླངས་ཉམས་སོ། །མི་རྟག་པ་ལས་སྐྱེས་ན་སྐད་ཅིག་གིས་འགགས་པས་རྒྱུ་མ་གྲུབ་པས་འབྲས་བུ་སྐྱེ་བར་མི་རུང་ངོ་། །ཕྲད་པ་བཀག་པས་ཀྱང་རྒྱུ་འབྲས་ལ་ཕྲད་པ་མེད་པས་རྒྱུ་ལས་སྐྱེ་བ་མ་གྲུབ་བོ། །དེ་ཡང་བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་དང་། གཞན་ལས་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་དང་། གཉིས་ཀ་ལས་སྐྱེ་ན་གཉིས་ཀར་བརྗོད་པའི་སྐྱོན་གཅིག་ཆར་འབབ་པ་དང་། རྒྱུ་མེད་ལས་སྐྱེ་ན་ཐམས་ཅད་མི་སྣང་བའམ། འབྲས་བུའི་ཆེད་དུ་རྩོམ་པ་རྒྱུན་ཆད་པར་ཐལ་བས་ན། ས་བོན་ལས་མྱུ་གུ་སྐྱེ་བ་འདི་ཡང་རྟེན་འབྲེལ་ཙམ་དུ་སྣང་གི དོན་ལ་ས་བོན་དང་མྱུ་གུ་གཉིས་གཅིག་དང་ཐ་དད་གང་དུ་ཡང་མ་རྙེད་པས་ན་དམིགས་པ་དང་བྲལ་བའོ། །ཞེས་པའོ། །གསུམ་པ་ནི་དངོས་སྣང་སྣ་ཚོགས་པ་འདི་ཆོས་ཅན། དངོས་པོར་མེད་པར་ཐལ། ངོ་བོ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །དེའང་བུམ་པ་ཉིད་བུམ་པར་གྲུབ་ཟིན་དུས་སྐྱེའམ་མ་གྲུབ་གོང་མེད་དུས་སུ་སྐྱེ་བ་ཡིན། བུམ་པར་ཡོད་དུས་སྐྱེ་ན་བུམ་པར་གྲུབ་ཟིན་པས་སྐྱེ་བར་མི་འཐད་ལ། མེད་དུས་སྐྱེ་ན་མེད་པ་ལས་ཡོད་པར་འབྱུང་མི་སྲིད་དེ་རྫས་འགལ་བའི་ཕྱིར་རོ། །དེ་ཡང་ཡོད་པ་སྐྱེས་ཟིན་པས་སྐྱེ་བར་མི་འཐད། མེད་པ་ཉིད་ཡོད་པ་དང་འགལ་བས་ན་ཡོད་པར་འགྱུར་མི་རུང་ངོ་། །ཞེས་པའོ། །བཞི་པ་ནི་ཤེས་བྱ་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། དོན་བྱེད་པ་མ་གྲུབ་པའི་ཕྱིར་རོ། །སྐད་ཅིག་གིས་དོན་མི་བྱེད་དེ། དོན་བྱེད་པར་གཟོ་དུས་འགགས་ནས་མེད་དོ། །རིམ་གྱིས་མི་བྱེད་དེ། སྐད་ཅིག་དང་རྒྱུན་ཁེགས་པའི་ཕྱིར་རོ། །དེ་ཡང་དོན་བྱེད་མི་ནུས་པ་ནི། སྐད་ཅིག་མས་དོན་མི་བྱེད་དེ། དོན་བྱེད་པར་གཟོ་དུས་འགག་པའི་ཕྱིར་དང་། རིམ་གྱིས་མི་བྱེད་དེ་རྒྱུན་དང་སྐད་ཅིག་ཁེགས་པའི་ཕྱིར་རོ། །ཞེས་པ་དང་། ལྔ་པ་ནི་སྣང་ཙམ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །དངོས་པོ་རང་བཞིན་དུ་གྲུབ་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྲེལ་བ་ཅན་དུ་མི་འབྱུང་སྟེ། དངོས་པོར་གྲུབ་ཟིན་པའི་ཕྱིར་རོ། །རྟེན་འབྲེལ་ཡིན་པ་ལ་སྟོང་ཉིད་ཡིན་པས་ཁྱབ་སྟེ། ཤིང་བུ་དང་རིག་སྔགས་གཉིས་ཚོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་རྟ་གླང་སྣང་དུས། རྟ་གླང་གིས་སྟོང་པ་བཞིན་དུ་རགས་པ་དང་ཕྲ་བ་གང་ལའང་གཅིག་ལ་གཅིག་བརྟེན་ནས་རྣམ་པ་གཞན་དུ་སྣང་དུས་རྣམ་པ་འགྱུར་བས་སྔ་མས་སྟོང་ལ། རང་བཞིན་སྔོན་ལས་ལོགས་སུ་མེད་པས་ཕྱི་མས་སྟོང་སྟེ། རྟ་གླང་སྣང་དུས་རྣམ་པ་ཤིང་བུ་དང་རིག་སྔགས་སུ་མེད་པས་སྟོང་ལ། ངོ་བོ་རྟ་གླང་དུ་མ་གྲུབ་པས་སྟོང་པ་བཞིན་ནོ། །དེ་ཡང་དངོས་པོ་རང་བཞིན་གྱིས་གྲུབ་ན་བརྟེན་ནས་མི་འབྱུང་སྟེ་དངོས་པོར་གྲུབ་ཟིན་པའི་ཕྱིར་རོ། །བརྟེན་ནས་འབྱུང་བ་ལ་སྟོང་ཉིད་ཀྱིས་ཁྱབ་སྟེ། སྒྱུ་མའི་རྟ་གླང་སྣང་དུས་ནས་རྟ་གླང་གིས་སྟོང་པ་བཞིན་ཕྲ་རགས་གང་དུའང་མ་གྲུབ་བཞིན་རྒྱུ་རྐྱེན་ཚོགས་པ་ཙམ་གྱིས་དབང་གིས་སྣང་བ་བསླུ་མེད་འདི་ཡང་སྟོང་བཞིན་དུ་སྣང་བ་སྟེ་དཔྱད་ན། གང་དུའང་མ་གྲུབ་ཅིང་ཁས་བླང་གི་གནས་མི་རྙེད་པའོ། །རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །ཚུལ་འདིས་རི་ཁང་བཟང་སྐྱེས་པ་བུད་མེད་སྣ་ཚོགས་ཅིར་སྣང་བ་ཀུན་རགས་སྣང་རྡུལ་ཕྲན་གྱི་ཚོགས་པ་ལས་རགས་པར་མེད་པས་སྟོང་ལ། ཕྲ་བ་སྐད་ཅིག་གི་རང་བཞིན་རྒྱུན་གྱིས་སྟོང་པས། རྟེན་འབྲེལ་སྣང་ལ་རང་བཞིན་མེད་པའི་གསལ་སྣང་ཙམ་དུ་ཤེས་པར་བྱའོ། །དེས་ན་སྐྱེ་བ་སྣང་འདི་ཅི་སྙམ་ན། སྐྱེ་བར་སྣང་བ་ལ་སོགས་པ་ནི་སྟོང་པའི་རང་བཞིན་ཏེ། ཀླུ་སྒྲུབ་ཀྱིས། མི་སྟོང་ཅུང་ཟད་ཡོད་མིན་ན། །ཞེས་པ་དང་། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་སོ། །སྐྱེ་བར་སྣང་བ་ནི་གཞི་མེད་པའི་རྣམ་པ་གསལ་བར་འཛིན་པས་རྨི་ལམ་ལྟ་བུར་འབྱུང་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་པོ་ཡོད་མིན་པ། །དེ་ཡི་དངོས་མེད་གསལ་བར་རྫུན། །བརྟག་བྱའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དཔེར་ན་རྨི་ལམ་བུ་ཤི་ན། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཞེས་སོ། །དེ་ཡན་གྱིས་ཡོངས་སུ་གྲགས་པ་དབུ་མའི་གཏན་ཚིགས་ཆེན་པོ་ལྔ་ཡིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་སྟོང་ཉིད་དམིགས་བསམ་བརྗོད་པ་དང་བྲལ་བར་གཏན་ལ་ཕབ་པའོ། །རྟག་འཇིག་མེད་པའི་གཏན་ཚིགས་ནི། སྣང་ཙམ་པའི་དངོས་པོ་འདི་དག་ཆོས་ཅན། དངོས་པོར་མེད་དེ་འཇིག་མི་འཇིག་གཉིས་ཀར་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན་དེ་ཡང་འཇིག་པ་མེད་དེ་འཇིག་ན་བུམ་པ་ཡོད་དུས་འཇིག་གམ་མེད་དུས་འཇིག ཡོད་དུས་འཇིག་པར་མི་རུང་སྟེ་འཇིག་པའི་དོན་ནི་ཡོད་པ་མེད་པར་འགྱུར་བ་ཡིན་པ་ཡིན་པ་ལ་ཡོད་པ་ཉིད་མེད་པ་དེ་དང་འགལ་བའི་ཕྱིར། མེད་དུས་འཇིག་པ་མི་རུང་སྟེ། ཡོད་མེད་རྫས་གཅིག་མི་རུང་བས་འཇིག་པ་མ་གྲུབ་པར་ཐལ་བའི་ཕྱིར་རོ། །མི་འཇིག་པར་མེད་དེ། སྐད་ཅིག་དང་རྡུལ་ཆ་འགྱུར་ཞིང་དུས་འགྱུར་བ་མངོན་སུམ་མཐོང་ཆོས་སུ་སྣང་བའི་ཕྱིར་རོ། །དེས་ན་དངོས་པོ་གཅིག་ལ་ཡོད་མེད་གཉིས་མི་འཐད་པས་ཀྱང་མ་གྲུབ་སྟེ། རྩ་བ་ཤེས་རབ་ལས། རེ་ཞིག་དངོས་པོར་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ལ་ནི་དངོས་པོ་དང་། །དངོས་པོ་མེད་པའི་འཐད་པ་གང་། །དངོས་པོ་མེད་པར་འགྱུར་བ་ལའང་། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །རྟག་འཇིག་མེད་པའི་གཏན་ཚིགས་འདིས་རྟག་པ་བཀག་ཅིང་། རྟག་པ་སྔར་ནས་བཀག་ཟིན་ཡང་འདིར་རྟག་འཇིག་གཉིས་ཀ་མེད་པར་སྒྲུབ་པའི་སྐབས་སུ་འཇིག་པ་བཀག་ཤུལ་དུ་མི་འཇིག་པ་ཞིག་མ་གྲུབ་པར་བསྟན་པའོ། །སྐད་ཅིག་མའི་རང་བཞིན་ཡིན་པའི་སྒྲུབ་བྱེད་ཀྱིས་འཇིག་པ་བཀག་ལ། དེས་ན་མི་འཇིག་པ་གནས་པའི་གཞི་ཡོད་པ་མིན་ལ། འཇིག་མི་འཇིག་གཉིས་ཀ་མ་གྲུབ་དུས་འཇིག་པ་གང་ནས་འགྲུབ། རྟག་པ་མིན་པའི་རྒྱུ་མཚན་གྱིས་འཇིག་པ་ཡོད་ཅེས་སྨྲ་ན། བུམ་པ་འཇིག་པའི་འཇིག་པ་དེ་བུམ་པ་ཡོད་དུས་འཇིག་གམ་མེད་དུས་འཇིག ཡོད་དུས་འཇིག་པར་མེད་དེ། ཡོད་པ་རང་ཉིད་འཇིག་པའི་འགལ་ཟླ་ཡིན་ཅིང་། མེད་དུས་འཇིག་དགོས་པ་མིན་ཏེ་གཏན་ནས་འཇིག་ཏུ་མེད་པས་སོ། །དེས་ན་སྣང་ཙམ་པའི་ཆོས་ཅན་འདི་དངོས་པོར་མ་གྲུབ་པར་གཏན་ལ་ཕབ་པའོ། །དེས་མ་ཚད་དངོས་མེད་དུ་འཛིན་པར་མ་གྲུབ་པའང་གཏན་ལ་ཕབ་པའོ། །འགྱུར་མི་འགྱུར་གྱི་གཏན་ཚིགས་ནི། སྣང་ཙམ་ཆོས་ཅན། དངོས་པོ་མེད་པར་ཐལ། འགྱུར་བ་དང་མི་འགྱུར་བ་གཉིས་ཀར་མེད་པའི་ཕྱིར་རོ། །དེའང་དངོས་པོ་གནས་སྐབས་གཞན་དུ་འགྱུར་རམ་མི་འགྱུར། འགྱུར་ན་རྒན་པོ་ལས་ཀྱང་གཞོན་ནུར་འགྱུར་བར་ཐལ་ཏེ། འགྱུར་བའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡང་རྟག་པ་ལ་འགྱུར་བ་མ་གྲུབ་མི་རྟག་ནས་འགྱུར་བ་ཡིན་ན་འགྱུར་བར་གཟོ་དུས་འགག་པས་འགྱུར་བ་མ་གྲུབ་པའི་ཕྱིར་རོ། །འགྱུར་རྒྱུའང་མེད་དེ། ཆ་ཤས་བརྟགས་པས་ཁེགས་སོ། །མི་འགྱུར་ན། གཞོན་ནུ་ལས་རྒན་པོར་འགྱུར་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཉིད་དང་གཞན་མ་གྲུབ་པས་ཀྱང་འགྱུར་བ་མེད་དེ། སྣང་ཙམ་ཆོས་ཅན། དངོས་པོ་མེད་དེ། འགྱུར་མི་འགྱུར་གཉིས་ཀར་མེད་པའི་ཕྱིར། དེ་ཡང་དངོས་པོ་གནས་སྐབས་འགྱུར་ན་རྒན་པོ་ལས་ཀྱང་གཞོན་ནུར་འགྱུར་བར་ཐལ་ཞིང་འགྱུར་བ་ཉིད་ཀྱང་རྟག་མི་རྟག་གང་ལ་ཡོད་ཚུལ་དང་། ཆ་ཤས་བརྟགས་པས་མ་གྲུབ་བོ། །མི་འགྱུར་ན་གཞོན་ནུ་ལས་རྒན་པོར་འགྱུར་བ་མི་སྲིད་པར་ཐལ་ལོ། །རྩ་ཤེ་ལས། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པ་མི་རྒའོ། །ཞེས་སོ། །ཡང་རང་དུས་སུ་མ་གྲུབ་སྟེ། གཞོན་ནུ་རྒས་པ་མ་ཡིན་ཏེ། རྒས་པ་དང་རྫས་འགལ་བའི་ཕྱིར་རོ། །དེ་བཞིན་དུ་རྒན་པོ་མི་རྒས་ཏེ་རྒས་པ་ཉིད་ཀྱི་སྐད་ཅིག་ལ་བྱ་བྱེད་རྫས་འགལ་བ་དང་། རྒས་ཟིན་པ་ཡང་རྒས་པ་དོན་མེད་པའི་ཕྱིར་རོ། །ཆོས་བཞི་འགོག་པ་ནི་ཉན་ཐོས་ཀྱི་སྐབས་སུ་བཤད་ཟིན་ཏོ། །དེ་ཡང་སྐྱེ་རྒ་གནས་འཇིག་བཞི་རིམ་གྱིས་འབྱུང་ན་སྐད་ཅིག་ལ་མི་ཚང་ཞིང་། གཅིག་ཆར་འབྱུང་ན་སྐྱེ་ཤི་དང་རྒས་གཞོན་མཉམ་དུ་འབྱུང་བ་སོགས་འགལ་བ་གཅིག་ཏུ་འདུ་བས་གནོད་དེ་ཉན་ཐོས་ཀྱི་སྐབས་ནས་བཤད་པ་བཞིན་ནོ། །དེས་ན་དངོས་པོར་སྨྲ་བའི་སྒྲུབ་བྱེད་ཐམས་ཅད་རྨི་ལམ་གྱི་གྲོང་ཁྱེར་གསོ་བའི་འབད་པ་ཡིན་པས་ན། སེངྒེའི་སོ་ཕྲག་ཏུ་ཝས་མ་འཕྲས་པ་ཉིད་ཆེས་དགེ་བ་ཡིན་ནོ། །ཕ་རོལ་གྱི་འདོད་པ་གང་ལའང་རིགས་པ་འདི་དག་གི་གང་རུང་རེ་རེས་ཕྱེ་མའི་རྡུལ་དུ་འཐག་པས་ཐལ་འགྱུར་པ་ནི་དབུ་མ་པ་ཀུན་ལས་མཆོག་ཏུ་འཕགས་པར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཏེ། ཡུམ་ལས། རབ་འབྱོར་ཆོས་ཉིད་འདི་ནི་ཤིན་ཏུ་ཟབ་སྟེ། སྐྱེས་བུ་མཁས་པ་གསལ་བ། ཡིད་གཞུངས་པ་དག་གིས་རིག་པར་བྱ་བ་ཡིན་གྱི། རྟོག་གེ་བ་དག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་པ་དང་། ཚིག་གསལ་ལས། སྡེབ་ལེགས་ངག་གིས་སྦྱར་ཞིང་རྟོག་གེ་ཡི། །རླུང་གིས་མ་དཀྲུགས་པ་དག་གསལ་བར་བྱ། །ཞེས་སོ། །འདིར་དངོས་པོར་སྨྲ་བ་ཐམས་ཅད་རང་རང་གི་རྟོག་པ་ལ་གང་སྣང་ཞིང་ཞེན་པའི་ཕྱོགས་སུ་གནས་བ་དེ་ཉིད་ཀྱིས་དོན་དགོད་པའི་ཕྱིར་རྟོག་ཅིང་དཔྱོད་པའི་རྟོག་གེ་བ་ཞེས་བྱའོ། །ཐལ་འགྱུར་འཕེན་པའི་ཚུལ་འདི་ཉིད་ཀྱིས་དཔྱོད་པ་བྱེད་པ་ནི། དུས་གཉིས་ལ་དགོས་པ་ཡིན་ཏེ། ལོག་རྟོག་ལྡོག་པའི་ཕྱིར་དུ་ཕན་ཚུན་གྲུབ་མཐའ་རྣམ་པར་རྩོད་པའི་དུས་འདི་དགོས་པ་དང་། རང་ཉིད་ཀྱིས་ལམ་བསྒྲུབས་ནས་ཤེས་རབ་ཀྱིས་གྲོལ་བ་བྱ་བའི་ཚེ་ན་འདི་དགོས་པའོ། །གྲུབ་མཐའ་རྩོད་དུས་ཀྱང་རང་ཕྱོགས་ལ་ཁས་ལེན་མེད་པས་དམ་བཅའ་སྒྲུབ་པ་དང་སྐྱོན་སྤོང་བ་མི་དགོས་ལ་ཕ་རོལ་པོ་དངོས་པོར་སྨྲ་བ་དེ་ཉིད་ཀྱི་གཞུང་ནང་འགལ་བ་བསྒྲིག་པ་ཡིན་ཏེ། གལ་ཏེ་ངས་དམ་བཅའ་འགའ་ཡོད་ཅེས་པ་དང་། རྩོད་བཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་དགག་པར་བྱ་ན་དེ། །མེད་ཕྱིར་ང་ལ་གླན་ཀ་མེད། །ཅེས་སོ། །རྫོགས་ཆེན་གྱི་ཁྲིད་ཀྱི་སྐབས་སུ་སེམས་ཀྱི་བྱུང་གནས་འགྲོ་གསུམ་ཉུག་དུས་སུ་དབུ་མ་ཐལ་འགྱུར་པའི་གཏན་ཚིགས་ཆེན་པོ་འདི་དག་གིས་ཤེས་བྱའི་སྤྲོས་པ་ཐམས་ཅད་བཅད་ན། སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ནང་གི་དེ་ཉིད་མཐོང་སླ་བའོ། །ལམ་ཤེས་རབ་ཀྱིས་དཔྱོད་དུས་ནའང་ཕྱི་སྣ་ཚོགས་སྣང་བའི་ཡུལ། ནང་སྣ་ཚོགས་རྟོག་པ་དང་མི་རྟོག་པའི་སེམས། ཏིང་ངེ་འཛིན་དང་སྒོམ་པ་ལ་སོགས་པའི་ཉམས་མྱོང་། འགྲོ་བ། འདུག་པ། ཟ་བ། འཆག་པ། དགའ་བ། མི་དགའ་བ། གཏམ་སྨྲ་བ། ཆོས་སེམས་པ། ཆོས་མ་ཡིན་པ་སེམས་པ། ཉལ་བ། གཉིད་ལོག་པ། སད་པ། ཆོས་ལ་སྤྱོད་པ་ལ་སོགས་པ་ཐམས་ཅད་དུ། འདི་ནི་རང་གི་གྲུབ་མཐའོ། །འདི་ནི་གཞན་ནོ། །འཁོར་བའོ། །འདས་པའོ། །དངོས་པོའོ། །དངོས་པོ་མེད་པའོ། །བདེ་སྡུག་གོ །སྤང་བླང་ངོ་། །ཆོས་སོ། །ཆོས་མ་ཡིན་པའོ། །སྙམ་པ་ལ་སོགས་པའི་ཁས་ལེན་དང་སྙམ་བྱེད་གང་ཡང་མི་བྱ་བར། གང་ལའང་མཚན་ཞེན་དང་དམིགས་པ་མེད་པས། བྱ་བྱེད་ཅི་བྱེད་པ་ཐམས་ཅད་དཔྱད་པར་བྱ་སྟེ། དབུ་མ་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བ་འཕགས་པ་གསུམ་གྱི་མཉམ་གཞག་གི་གནས་སྐབས་ལྟ་བུ་ཡིན་པས། སྤྲོས་བྲལ་གྱི་སྣང་བརྙན་པའི་རང་བཞིན་ཆུ་ཟླ་དང་སྒྱུ་མའི་རང་བཞིན་ལྟར་དཔྱད་པ་ཉིད། སྡུད་པ་ལས། དཔེར་ན། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་སོ། །དེ་ལྟར་ཆོས་ཀུན་རང་བཞིན་མེད་པར་ངེས་པའི་བློས་དུས་དང་རྣམ་པ་ཐམས་ཅད་དུ་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་བཅད་ནས། དམིགས་མེད་མཉམ་པ་ཆེན་པོའི་ངང་དུ་གནས་དགོས་པར་བསྟན་པའོ། །གཉིས་པ་ཐ་སྙད་དུ་སྣང་ཚུལ་མི་འགོག་པས་རྣམ་པར་གཞག་པའི་ཚུལ་ལ་གསུམ་སྟེ། གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་སོ། །དང་པོ་ལ་ལྔ་སྟེ། བདེན་གཉིས་ཀྱི་ངོ་བོ། ངེས་ཚིག མཚན་ཉིད། དབྱེ་བ། དགོས་ཆེད་དོ། །ངོ་བོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། དེའང་ཀུན་རྫོབ་ཀྱི་ངོ་བོ་བློ་དང་དབང་པོས་བསམ་པའི་ཡུལ་དང་། དོན་དམ་གྱི་ངོ་བོ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་ཡུལ་སྤྲོས་པའི་མཐའ་དང་བྲལ་བ་སྟེ། བདེན་པ་གཉིས་ཀའང་རང་བཞིན་མེད་པ་ཉིད། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་མ་ཡིན། །ཞེས་སོ། །སོ་སོ་རང་རིག་དང་བློ་གཅིག་ཡིན་མོད་སྙམ་ན། བརྡ་ལ་རྨོངས་པས་རེ་བདེན། འོན་ཀྱང་བློ་ནི་འཁྲུལ་བ་ཀུན་རྟོག་པ་ལ་སྐབས་འདིར་རྣམ་བཞག་མཛད་དེ། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །ཀུན་རྟོག་པའི་ཡུལ་རྫུན་པ་དང་དབང་པོ་བསླུ་བའི་ཆོས་ཅན་དང་ཡིད་ལ་བྱེད་པ་འཁྲུལ་བ་རྣམས་ཀུན་རྫོབ་པ་ཡིན་ཏེ་དེ་ལྟ་བུའི་ཡིད་དབང་ཤེས་གསུམ་དེ་དག་འཁྲུལ་པ་ཁོ་ནའོ། །སོ་སོ་རང་གི་རིག་པ་ནི། མ་འཁྲུལ་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། མཚན་བརྗོད་ལས། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་སོ། །རང་བཞིན་དུ་བློ་དང་རང་རིག་གཅིག་ཏུ་བརྟག་པ་ནི་སེམས་ཙམ་གྱི་སྐབས་ཏེ། འདིར་སྐབས་འཆོལ་བར་ཟད་དོ། །བློ་དང་རང་རིག་གཅིག་མི་གཅིག་བཤད་པ་ནི་སེམས་ཙམ་གྱི་སྐབས་ཡིན་པས་དོགས་པ་སློང་བའི་སྐབས་ནོར་བའོ། །གཞི་དབུ་མ་བདེན་གཉིས་ཟུང་འཇུག་བཤད་པའི་སྐབས་ཀྱི་བདེན་གཉིས་ཀྱི་ངོ་བོ་ནི། ཀུན་རྫོབ་བློ་ཡི་ཡུལ་དང་། དོན་དམ་པ་བློ་བྲལ་སོ་སོ་རང་རིག་གི་ཡུལ་གཉིས་ཀའང་ངོ་བོ་རང་བཞིན་མ་གྲུབ་པ་ཙམ་ཡིན་ལ། བདེན་གཉིས་ཀྱི་ངེས་ཚིག་ནི་སྒྱུ་མར་སྣང་ལ་རང་བཞིན་མེད་པ་ཀུན་རྫོབ། རེ་ཞིག་འཁྲུལ་ངོར་རང་རང་གི་མཚན་ཉིད་མི་བསླུ་བས་བདེན་པ་ཞེས་བརྗོད་དེ་བློའི་ཡུལ་དུ་སྣ་ཚོགས་སྣང་བ་དང་བཅས་པ་ལ་བདེན་ཞེན་གྱི་ཆ་ཐམས་ཅད་དེ། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་སོ། །དེའང་སྣང་ཡུལ་བདེན་རྫུན་འཁྲུལ་མ་འཁྲུལ་གང་དུའང་མ་གྲུབ་སྟེ། རང་བཞིན་མེད་པའི་ཕྱིར་རོ། །འོན་ཀྱང་བློས་འདི་ནི་སྣང་བའོ། །འདི་དབང་པོ་དང་། ཤེས་པ་དང་ཆོས་སོ་སྙམ་ནས། གཟུང་འཛིན་དུ་ཞེན་དུས་གཟུང་བའི་ཆ་ཀུན་རྫོབ་ཏུ་བརྟགས་སོ། །དོན་དམ་བདེན་པའི་ངེས་ཚིག་ནི། གཉེར་བྱའི་དོན་ཡིན་པ་དང་། ལམ་དང་འབྲས་བུའི་ཆོས་སུ་མི་བསླུ་བར་བདེན་པས་ཏེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྟོགས་པར་བྱ་ཞིང་བསྒོམ་པར་བྱའོ། །ཡོངས་སུ་བསྒོམས་པ་ལས་ནི་བླ་ན་མེད་པའི་ཆོས་ཐོབ་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །བདེན་གཉིས་ཀྱི་ངེས་ཚིག་ཀུན་རྫོབ་སྣང་ལ་རང་བཞིན་མེད་པ་འཁྲུལ་ངོར་མི་བསླུ་བ་དང་། དོན་དམ་གཉེར་བྱའི་དོན་ཡིན་པ་དང་ལམ་དང་འབྲས་བུའི་ཆོས་སུ་མི་བསླུ་བས་བདེན་པར་བཞག་གོ །བདེན་གཉིས་ཀྱི་མཚན་ཉིད་ནི་ཆོས་དང་ཆོས་ཉིད་དག་མཉམ་སྤྲོས་པ་ལས་འདས་པའི་ངོ་བོ་བློ་དང་མཚན་མས་དབེན་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མིན། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བློའི་ཡུལ་ལས་མ་འདས་པའི་ཆོས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་བློ་ལས་འདས་པའི་ཆོས་ཉིད་དམིགས་པ་ཉེ་བར་ཞི་བའོ། །འདི་དཔྱད་བཟོད་ཅེས་ན་མི་ཆོག་གམ་ཞེ་ན་དཔྱད་བཟོད་མི་འཐད་དེ་སྔར་རང་རྒྱུད་ཀྱི་སྐབས་ནས་བཀག་ཟིན་ཏོ། །བདེན་གཉིས་ཀྱི་མཚན་ཉིད་ནི། ཀུན་རྫོབ་བློ་ཡི་ཡུལ་ལས་མ་འདས་པའི་ཆོས་དཔྱད་མི་བཟོད་པ། དོན་དམ་བློའི་ཡུལ་ལས་འདས་པའི་ཆོས་ཉིད་དམིགས་པ་ཉེ་བར་ཞི་བའོ། །དེ་གཉིས་ཀའང་དོན་ལ་སོ་སོར་གྲུབ་པ་མེད་དེ། ཆོས་དང་ཆོས་ཉིད་དག་མཉམ་སྤྲོས་པ་ལས་འདས་པའི་ངོ་བོར་བློ་དང་མཚན་མས་དབེན་པར་གནས་པའོ། །བདེན་གཉིས་ཀྱི་དབྱེ་ན་ཀུན་རྫོབ་དང་། དོན་དམ་པ་གཉིས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པའི་བདེན་པ་རྣམ་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིིགས། །ཞེས་སོ། །བདེན་གཉིས་ཀྱི་གྲངས་ངེས་པ་ནི་སྤྲོས་པ་ལས་གྲོལ་མ་གྲོལ་དངོས་འགལ་དུ་ངེས་པས་སྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་ཁེགས་པས་གཉིས་སུ་གྲངས་ངེས་སོ། །རྣམ་པ་གཅིག་ཏུ་ན་ཡུལ་རྣམས་ནི་ཡུལ་ཅན་ལ་ལྟོས་ནས་འཇོག་པ་ན་ཡུལ་ཅན་ནི་མཐར་ཐུག་པ་འཁྲུལ་པའི་བློ་དང་། མཐར་ཐུག་པ་མ་འཁྲུལ་པའི་བློ་གཉིས་ལས་མི་འདའ། དེ་ལ་འཁོར་བའི་ཆོས་རྣམས་ནི་འཁྲུལ་པ་དང་ཆོས་ཉིད་ནི་མ་འཁྲུལ་པའི་ཡུལ་ཡིན་པས། བློའི་དབང་གིས་གཉིས་སུ་བཞག་སྟེ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །ཀུན་རྫོབ་ལ་ཐ་སྙད་འཇིག་རྟེན་པས་བདེན་རྫུན་དུ་བྱེད་པ་དང་བསྟུན་ནས་བརྡ་ཤེས་པའི་ཡན་ལག་ཏུ། ཡང་དག་ཀུན་རྫོབ་དབང་པོ་གནོད་པ་མེད་པ་དྲུག་གི་སྣང་ཡུལ་དུ་སྣང་བའི། གཟུགས་སྒྲ། དྲི་རོ། རེག་བྱ་དང་ཆོས་རྣམས་ཡིན་ལ། ལོག་པའི་ཀུན་རྫོབ་གནོད་པས་དཀྲུགས་པའི་སྣང་བ་རབ་རིབ་དང་སྐྲ་ཤད་ལ་སོགས་པར་སྣང་བ་སྟེ། འཇུག་པ་ལས། གནོད་པ་མེད་པ་དབང་པོ་དྲུག་རྣམས་ཀྱི། །ཡུལ་འགྱུར་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ལ་ལྟོས་ཡུལ་གྱུར་ལོག་པར་འདོད། །ཅེས་སོ། །དབྱེ་ན་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་སུ་བཞག་ལ། དེ་ལའང་། འཇིག་རྟེན་པའི་ཐ་སྙད་དང་བསྟུན་ནས་བརྡ་བཏགས་ན། གནོད་མེད་ཀྱི་དབང་པོ་དྲུག་གི་ཡུལ་དུ་སྣང་བ་གཟུགས་སོགས་ཡང་དག་ཀུན་རྫོབ་དང་། གནོད་པ་ཅན་གྱི་དབང་པོ་ལ་སྣང་བའི་སྐྲ་ཤད་སོགས་ལོག་པའི་ཀུན་རྫོབ་ཅེས་བཞག་གོ །དགོས་ཆེད་ནི། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །བདེན་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་ཤིང་། ཚོགས་རྫོགས་ནས་ཕ་རོལ་ཏུ་བགྲོད་ཚུལ་ལམ་དང་འབྲས་བུའི་སྐབས་འབྱུང་མ་རགས་པ་ལྟར་དུའོ། །དེ་ཡན་གྱིས་གཞི་དབུ་མ་བདེན་གཉིས་ཟུང་འཇུག་བཤད་ནས། ལམ་དབུ་མ་ཚོགས་གཉིས་ནི། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཐབས་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཉམས་སུ་ལེན་ཞིང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་དོན་དམ་པའི་ཡེ་ཤེས་འོད་གསལ་བའི་དོན་ལ་སྒོམ་པར་བྱེད་དོ། །འོད་གསལ་བ་ནི་སེམས་སེམས་བྱུང་གི་འཇུག་པ་ཞི་བས་སྤྲོས་པ་དང་བྲལ་བའི་དོན་ནང་དུ་རིག་པའི་ཡེ་ཤེས་ཏེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོ། །ལམ་དབུ་མ་ནི་ཀུན་རྫོབ་ཏུ་ཕར་ཕྱིན་དྲུག་གི་ཉམས་ལེན་དང་། དོན་དམ་པར་སྤྲོས་བྲལ་འོད་གསལ་བའི་ཡེ་ཤེས་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ལྟ་བུའི་རིག་པའི་ཡེ་ཤེས་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཇི་ལྟར་བྱས་བསྒོམ་སྙམ་ན། དེའི་དོན་ཇི་ལྟར་ཉམས་སུ་བླང་བ་ནི། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། འདི་ལ་སྦྱོར་བ་དངོས་གཞི་སྔོན་འགྲོ་གསུམ་ཡོད་པ་ལས་སྦྱོར་བ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ནས། ཤེས་པ་གང་བབས་ཅིག་ལ་ཙེན་གྱིས་གློད་ནས། གང་ལ་ཡང་མི་སེམས་ཅི་ལ་ཡང་མི་རྟོག་པའི་ངང་ལ་ས་ལེ་སིང་ངེ་མ་ཡེངས་སྤྲོ་བསྡུ་དང་བྲལ་བར་བཞག་པས། འདིས་བཞག་ཐབས་བསྟན་ལ། མཉམ་བཞག་གི་ཉམས་ལེན་གྱི་སྐབས་སུ་དེ་ལྟ་བུའི་ལུས་སེམས་གཉིས་ཀའི་མཉམ་པར་བཞག་ཐབས་སྔོན་དུ་འགྲོ་བ་དང་མ་བྲལ་བཞིན་དུ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཕྱི་ཡུལ་དུ་མི་རྟོག་པས་ཕྱིའི་དངོས་པོ་དང་། ནང་སེམས་སུ་མི་རྟོག་པས་ནང་གི་དངོས་པོ་མེད་པ་ནི་གཟུང་འཛིན་གཉིས་དང་བྲལ་བ་སྟེ། བསྒོམ་པའི་བློ་ལའང་དགག་སྒྲུབ་མེད་པས་ན། དེ་ལས་གཞན་པའི་ཆོས་སུ་མ་གྲུབ་པས་ན་དམིགས་བྱ་བློའི་མདུན་ན་མེད་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་གང་དུ་ཡང་མ་གྲུབ་པར་ལྟ་བས་ཐག་བཅད་པའི་ངང་དེར་སྤྲོ་བསྡུ་དང་བྲལ་བར་གཞིའི་སྐབས་སུ་སྒོམ་དུས། དམིགས་པ་མེད་པའི་སོ་སོ་རང་རིག་གི་ཡེ་ཤེས་ཁོང་ནས་རིག་པ་ཉིད། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་དམིགས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པའི་དོན་ཏོ། །ཕྱི་ཡུལ་ནང་སེམས་གང་ལ་ཡང་མི་རྟོག་མ་ཡེངས་སྤྲོ་བསྡུ་དང་བྲལ་བར་གསལ་ལེ་སེང་ངེ་མི་གཡོ་མཉམ་པར་ཆེན་པོར་གཟུང་འཛིན་མཚན་མ་དང་བྲལ་བའི་ངང་ལ་བློ་དགག་སྒྲུབ་བཅས་བཅོས་མེད་པར་བཞག་པས། དམིགས་པ་ཐམས་ཅད་དང་། སེམས་སེམས་བྱུང་གི་འཇུག་པ་ཐམས་ཅད་ཉེ་བར་ཞི་ནས་སྤྲོས་པ་དང་བྲལ་བ་ཞིག་ནང་ནས་རིག་པ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་འོད་གསལ་གྱི་དོན་སྒོམ་པའོ། །དེ་ནི་དངོས་གཞིའོ། །རྗེས་ལ་སྒྱུ་མ་ལྟར་སྣང་ལ་རང་བཞིན་མ་གྲུབ་པའི་སྣང་བ་ལ་བལྟས་ནས། སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དུ་བསྔོ་བ་བྱའོ། །དེ་དོན་དམ་བདེན་པས་ཉམས་སུ་ལེན་ཚུལ་ཡིན་ལ། ཀུན་རྫོབ་བདེན་པས་ཉམས་སུ་ལེན་ཚུལ་ནི་མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཀྱི་ཐུན་མཚམས་སུ་ཚེ་འདིའི་སྣང་བ་སྒྱུ་མའི་རང་བཞིན་ལ་ཆགས་ཞེན་དང་འཁྲི་བ་ཅུང་ཟད་མེད་པས། ཕྱག་དང་། བསྐོར་བ་དང་། མདོ་བཀླག་པ་དང་། ཚ་ཚ་གདབ་པ་དང་། ཆུ་སྦྱིན་ལ་སོགས་པ་སྣང་བཅས་བསོད་ནམས་ཀྱི་ཚོགས་ལ་འབད་པར་བྱའོ། །ཞེས་དེས་ནི་རྗེས་ཀྱི་བྱ་བ་བསྟན་པའོ། །མཉམ་བཞག་ལ་ཅི་ཡང་མི་དམིགས་པའམ་དམིགས་པ་ཉེ་བར་ཞི་བ་སྤྲོས་པ་དང་བྲལ་བའི་འོད་གསལ་གྱི་དོན་བསྒོམ་པ་དང་། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ངང་ནས་སེམས་ཅན་གྱི་དོན་དུ་བསྔོ་བ་བྱ་ཞིང་། ཆགས་ཞེན་མེད་པར་ཕྱག་སྐོར་མཆོད་འབུལ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལ་འབད་པ་བྱེད་དགོས་ཞེས་སོ། །དེ་ལྟར་བྱས་ན་དེའང་མཉམ་བཞག་ཆོས་ཉིད་ལ་བཞག་པས་དངོས་པོར་འཛིན་པའི་བློ་རྟོག་འཕྲོ་འདུ་དང་བཅས་པ་ཞི་ནས། ཕྱིས་བསྒོམ་བྱའི་ཆོས་ཉིད་ལའང་འཛིན་པ་ཞི་བར་འགྱུར་ཏེ། དེ་ལྟར་མཉམ་རྗེས་ཐབས་དང་ཤེས་རབ་ཀྱིས་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །དེ་ཉིད་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་བསྒོམས་པས་ནི། །ཕྱི་ནས་དེ་ཡང་སྤོང་བར་འགྱུར། །ཞེས་སོ། །སྤང་བྱ་བདག་དང་དངོས་པོར་འཛིན་པའི་འདུ་ཤེས་སྐྱེ་མེད་ཀྱི་ངང་ལ་བཞག་པས་ཞི་དུས། སྤོང་བྱེད་གཉེན་པོ་ཆོས་ཉིད་ཀྱང་དམིགས་པ་ཞི་བས་ཤེས་རབ་ཀྱི་ཕ་རོལ་ཏུ་འགྲོ་ཞིང་། ངང་ལ་བསྒོམས་པའི་བསམ་གཏན་ལའང་མི་གནས་ཏེ། སྡུད་པ་ལས། འདུ་ཤེས་རྣམ་པར་བཤིག་ནས་སྤང་བ་ཕ་རོལ་འགྲོ། །ཞེས་སོ། །ས་ཐོབ་པའི་མཉམ་བཞག་དང་སངས་རྒྱས་ཀྱི་ས་ན་ཤེས་བྱ་ཤེས་བྱེད་ལ་སོགས་པའི་ཡུལ་ཡུལ་ཅན་གྱི་ཤེས་བྱ་གཟུང་འཛིན་དུ་གྲུབ་པ་གང་ཡང་མེད་པས། ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞི་བ་ཡིན་པས་དེ་དུས་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུན་ཆད་ནས་སྨྲ་བསམ་བརྗོད་མེད་ཀྱི་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་པར་ཡང་དག་པའི་བློ་མ་འཁྲུལ་པ་ཞེས་བཏགས་པའོ། །ལམ་རྗེས་ཐོབ་ཏུ་ཚོགས་གཉིས་སྣང་བཅས་ལ་འབད་པས་གནས་སྐབས་ཀྱི་དོན་དང་མཐར་ཐུག་གི་འདོད་པ་ཐམས་ཅད་འགྲུབ་བོ། །དེས་ནི་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་བསྟན་ལ། འབྲས་བུ་དབུ་མ་སྐུ་གཉིས་ནི། ས་བཅུ་རྒྱུན་གྱི་ཐ་མར་འཁོར་བའི་རྒྱུ་སེམས་དང་སེམས་བྱུང་གི་འཇུག་པ་བག་ཆགས་དང་བཅས་པ་ཆོས་ཀྱི་དབྱིངས་སུ་ཞི་ཞིང་ནུབ་ནས། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལྟར་དུ། །ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་དམ་པ་མངོན་དུ་གྱུར་པས་སེམས་ཅན་གྱི་མོས་པ་དང་། སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྲུབ་པའི་ནུས་པ་ལས་ཆུ་ཟླ་ལྟར་སོ་སོའི་སྐྱེ་བོ་ལ་སྣང་ཞིང་། ལོངས་སྐུ་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་སྣང་བས། ནོར་བུ་བུམ་མཆོག་དཔག་བསམ་ཤིང་ལྟར་མཛད་པ་ལྷུན་གྲུབ་ཏུ་འབྱུང་བས་ཆོས་སྐུ་རང་གི་དོན་དང་། གཟུགས་སྐུ་གཞན་གྱི་དོན་གཉིས་མངོན་དུ་གྱུར་པ་ནི་འབྲས་བུ་དམ་པ་སྟེ། ས་བཅུའི་རྒྱུན་མཐར་འཁོར་བའི་རྒྱུ་སེམས་སེམས་བྱུང་གི་བག་ཆགས་དང་བཅས་པ་ཆོས་ཀྱི་དབྱིངས་སུ་ཞི་ཞིང་ནུབ་ནས། ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པ་ཆོས་ཀྱི་སྐུ་དང་། དེ་ལས་གཟུགས་སྐུ་གཉིས་ཀྱི་ཚུལ་ལྷུན་གྱིས་གྲུབ་པས་འཁོར་བ་ཇི་སྲིད་དུ་ཕན་བདེ་མཛད་པའོ། །འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་པ་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །དབུ་མ་ཐལ་འགྱུར་པ་ལ་ཁས་ལེན་མེད་ཅིང་། ཁས་ལེན་ཀུན་བྲལ་ཡིན་པ་ལ། རྣམ་ཀུན་ཁས་ལེན་དང་བཅས་པ་དེ་མི་འཐད་དོ་སྙམ་དགོས་པ་མིན་ལ། མཉམ་བཞག་སྤྲོས་པ་དང་བྲལ་བའི་འཇལ་ཚུལ་གྱི་སྐབས་སུ་གནས་ཚུལ་གྱི་དབང་གིས་ཁས་ལེན་མེད་པ་དང་། རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་སྣང་ཚུལ་གྱི་དབང་དུ་བྱས་ནས་ཁས་ལེན་ཡོད་པའི་རྣམ་དབྱེའང་གཞག་ཆོག་གོ །གསུམ་པ་ཁས་ལེན་མི་ལེན་གྱི་རྣམ་གཞག་གཞན་བསྟན་པ་ལ་གསུམ་སྟེ། མི་ལེན་པ། ལེན་པ། མཐུན་པར་དོན་བསྡུ་བའོ། །དང་པོ་ཁས་མི་ལེན་པའི་རྣམ་གཞག་ནི། དབུ་མ་པ་ལ་ཁས་བླང་རྒྱུ་ཅུང་ཟད་མེད་དེ་འཕགས་པ་གསུམ་གྱི་མཉམ་གཞག་གི་སྐབས་ཡིན་པའི་ཕྱིར་དང་། དམ་བཅའ་མེད་པའི་ཕྱིར་རོ། །དེའང་དོན་དམ་འཕགས་པའི་མཉམ་གཞག་གི་རྗེས་སུ་འབྲང་ལ། ཀུན་རྫོབ་འཇིག་རྟེན་པའི་རྗེས་སུ་འབྲང་ཟེར་ནས་གང་ཡང་ཁས་མི་ལེན་ཏོ། །དེ་ཡང་མི་རིགས་ཏེ་དབུ་མ་ལ་ཁས་ལེན་མེད་ཀྱང་དབུ་མ་པས་དེའི་དོན་གཞལ་བ་ཉིད་ཁས་བླང་བར་ཡང་སོང་ལ། འཕགས་པའི་མཉམ་གཞག་གསུམ་གྱི་སྐབས་བཞིན་ནོ་ཞེས་པས་ཀྱང་མཉམ་གཞག་ཏུ་ཁས་བླང་བར་འགྱུར་ལ། དོན་དམ་འཕགས་པ་གསུམ་གྱི་མཉམ་གཞག་གི་རྗེས་སུ་འབྲང་ན་ལམ་དང་འབྲས་བུའི་ཆོས་ལས། གཞིའི་ཆོས་རྣམས་དེའི་སྐད་ཅིག་ལ་མ་གཞལ་བས་མི་ཤེས་པར་ཡང་འགྱུར་རོ། །འོན་ཏེ་ཐམས་ཅད་མཁྱེན་པའི་བློས་སྐད་ཅིག་ལ་གཞལ་ལོ་ཞེ་ན། གཞན་སྣང་གི་སངས་རྒྱས་དེས་གཞལ་གཞལ་འདྲ་ཡང་གཞལ་བ་མེད་དེ་གཞན་སྣང་ཡིན་པའི་ཕྱིར་ཞེས་འདོད་པས་བསལ་བ་ཡིན་ནོ། །རྗེས་ཐོབ་འཇིག་རྟེན་པའི་རྗེས་སུ་བྱེད་པ་མི་འཐད་དེ། འཇིག་རྟེན་པ་ལ་ལམ་སྒྲུབ་པ་དང་། གྲོལ་བ་འདོད་པའི་རྣམ་གཞག་མེད་ཅིང་། ཆགས་སྡང་རང་ག་མའི་སྣང་བ་ལ་བདེན་ཞེན་གྱི་འཁྲུལ་པ་ཉིང་འཁྲུལ་དུ་སྤྱོད་པ་ཡིན་པས། དེའི་རྗེས་སུ་བྱེད་ན་ཧ་ཅང་ཐལ་བས་ལམ་དབུ་མ་དང་འབྲས་བུའི་དབུ་མ་མི་འབྱུང་ངོ་། །དེས་ནི་དབུ་མ་ཐལ་འགྱུར་པ་ལ་མཉམ་བཞག་སྤྲོས་བྲལ་གྱི་གཞལ་ལུགས་གནས་ཚུལ་གྱི་དབང་དུ་བྱས་ན་ཁས་མི་ལེན་པར་བསྟན་ཏོ། །ཁས་ལེན་པའི་རྣམ་གཞག་ལྟར་ན། དོན་དམ་པར་གང་ཡང་མ་གྲུབ་པས་ཁས་བླང་མེད་ལ། ཀུན་རྫོབ་ཏུ་ཆོས་རྣམས་ཀྱི་རྣམ་པར་གཞག་པ་ཇི་ལྟར་གསུངས་པ་བཞིན་ཁས་ལེན་ཏོ་ཞེས་པའང་མི་རུང་སྟེ། དོན་ལ་མེད་ལ་ཐ་སྙད་དུ་ཡོད་པ་འགལ་བ་འཛིན་པས་ལུང་པ་འཚོལ་བ་དང་། ཁས་ལེན་ན་ཐ་སྙད་ལས་དོན་དམ་པར་འོག་མ་རྣམས་ལས་གོང་མ་སུ་ཞིག་ཁས་ལེན། ཡོད་མེད་རྫས་འགལ་བས་སོ་མ་ཟིན་པའི་གྲུབ་མཐའ་དེ་ནི་དབུ་མ་ཆེན་པོའི་ལུགས་མ་ཡིན་ནོ། །དེས་ནི་རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་སྣང་ཚུལ་གྱི་དབང་དུ་བྱས་ནས་ཁས་ལེན་པའི་རྣམ་བཞག་བསྟན་ཏོ། །གསུམ་པ་མཐུན་པར་དོན་བསྡུ་བ་ནི། དེ་གཉིས་ཀ་ཡང་ཕྱོགས་རེའི་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བས། གཞུང་གི་དོན་མ་གོ་བར་ཟད་མོད། འོན་ཀྱང་སྐྱོན་གཉིས་པོ་ཁས་བླངས་མ་བླངས་གང་ལའང་ཡོད་པས། ཕྱོགས་གཅིག་ཏུ་ངེས་པའི་དམ་བཅའ་མ་ཡིན་པས་འདིར་འདི་ལྟར་གོ་བར་བྱ་སྟེ། ཁས་ལེན་མི་ལེན་ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་ཀྱི་དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན་རེ་ཞིག་ཀུན་རྫོབ་ཐ་སྙད་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་། མི་ལེན་པ་གཉིས་སུ་གོ་བར་བྱའོ། །འདི་ནས་ཁས་ལེན་མི་ལེན་ཞེས་པ་འདི་ཐ་སྙད་དུ་ཁས་བླང་མིན་ལ་གསུངས་ཀྱི་དོན་དམ་ལ་སྤྲོས་བྲལ་ཡིན་པ་རང་རྒྱུད་པས་ཀྱང་བཞེད་པ་ཡིན་པ་དང་། ཐལ་འགྱུར་པས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་སྐབས་སུ་ཁས་ལེན་མེད་དོ། །དེའང་རྩོད་པ་དང་དོན་དམ་ཡུལ་དུ་བྱེད་པའི་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གཤིས་ལ་ཡོད་པར་ཁས་ལེན་མེད་པའི་ཕྱིར་ཁས་བླང་བར་བྱ་བ་མ་ཡིན་ནོ། །ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང་། གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ་འབྲས་བུ་སྐུ་གཉིས་འགྲུབ་པའི་དགོས་པ་ཡོད་དོ། །དང་པོ་ཁས་མི་ལེན་པའི་དུས་ཀྱང་བཤད་དེ། རྒྱབ་སྐྱོར་གྱི་ལུང་ནི། གལ་ཏེ་ངས་དམ་བཅའ་འགའ་ཡོད། །ལ་སོགས་པ་ཡིན་ལ། གཉིས་པ་ཁས་ལེན་པའང་། སློབ་དཔོན་ཟླ་བ་གྲགས་པས་ཚིག་གསལ་དུ། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་པ་དང་། འཇུག་པའི་འགྲེལ་པར། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམས་ཏེ། གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་གསུངས་སོ། །ལུགས་འདི་གཉིས་སྔ་རབས་པ་དག་གིས་མ་ཕྱེད་པས་གཙང་བ་ནི་ཁས་མི་ལེན་ལ། རྨ་བྱ་ནི་ལེན་པར་སྣང་སྟེ་གཉིས་ཀར་ལེགས་ཆོས་རེ་དང་སྐྱོན་རེ་དམིགས་པའི་ཕྱིར་གཞུང་ཇི་ལྟ་བ་བཞིན་གྱི་དོན་ཅུང་ཟད་མ་དགོངས་པར་སྣང་ངོ་། །འདི་ནི་རྣམ་པར་དཔྱོད་པའི་བློ་གྲོས་དང་གཞུང་ལུགས་ཕལ་པོ་ཆེ་མཐོང་བ་ལས་བྱུང་བའི་མིག་རྒྱས་པས་གཞུང་ན་གབ་ཅིང་འཐོར་བའི་དོན་གསལ་པོར་ཕྱེ་བ་ཡིན་ནོ། །ཕྱིན་ཆད་དམ་བཅའ་འདི་འཆའ་ཤེས་པ་རྣམས་ནི་ཁོ་བོའི་གཞུང་འདིའི་མཐུར་ཤེས་པར་བྱའོ། །དེ་ལྟར་ན་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། ཁས་ལེན་ཡོད་ཚུལ་དང་མེད་ཚུལ་སོགས་ཤན་ཕྱེད་པ་གལ་ཆེའོ། །དེས་ན་འཁོར་འདས་འཆིང་གྲོལ་གྱི་ཚུལ་རྣམས་མཉམ་གཞག་གི་ཡེ་ཤེས་ཀྱི་ངོ་ན་མི་གནས་ཀྱང་། རྗེས་ཐོབ་ཤེས་རབ་ཀྱི་གཞལ་བྱར་ཡོད་པ་དེས་ན་ཟླ་བའི་ཞབས་ཀྱིས་ཀྱང་ལམ་ལ་སློབ་ཚུལ་དང་འབྲས་བུ་སངས་རྒྱས་ཚུལ་རྣམས་བཞེད་ཀྱི་འཇིག་རྟེན་ཐ་མལ་པའི་སྣང་ངོ་ན་སྣང་བ་ཁོ་ན་ལས་དེར་མ་གྲགས་པ་ཐམས་ཅད་ཁས་མི་ལེན་ཏོ། །ཞེས་མ་གསུངས་སོ། །དེ་ལ་ཐལ་འགྱུར་པས་འཇིག་རྟེན་གྲགས་པ་ལྟར་ཁས་ལེན་ཚུལ་དེའང་། འདིའི་འཇིག་རྟེན་ཞེས་པ་ལམ་ཞུགས་མ་ཞུགས་གཉིས་ཀ་ལ་འཛིན་དགོས་ཏེ། ཞི་བ་ལྷས། རྣལ་འབྱོར་འཇིག་རྟེན་དང་འཇིག་རྟེན་ཕལ་པ་ཞེས་གསུངས་པ་བཞིན་ནོ། །དེས་ན་ལམ་ལ་ཞུགས་མ་ཞུགས་ཀྱི་འཇིག་རྟེན་དེ་དག་ལ། དག་པ་དང་མ་དག་པའི་རྟེན་འབྲེལ་གྱི་དབང་གིས། རང་རང་ལ་གྲགས་ཤིང་གྲུབ་པའི་སྣང་ཚུལ་སྣ་ཚོགས་ཡོད་པའི་རང་ངོའི་སྣང་བ་དེ་དག་ཐད་ཀར་རང་སར་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཡིན་གྱི། རྐྱེན་ཉིད་འདི་པ་ཙམ་གྱི་ཐ་སྙད་དེ་ལ་གྲུབ་མཐའི་དཔྱད་པ་ཞིབ་མོར་གཞུག་མི་དགོས་པར་མ་དཔྱད་པར་གྲགས་པ་ལྟར་ཁས་ལེན་པ་ཡིན་པའི་ཤན་འདི་ལྟར་ཕྱེད་པ་གལ་ཆེའོ། །དེ་དག་གིས་དབུ་མ་ཆེན་པོ་ཐལ་འགྱུར་གྱི་ཚུལ་བཤད་ཟིན་ཏེ། བསྡོམས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་གཏན་ལ་ཕབ་ཟིན་ཏོ། །དེ་རིང་འདིར་གཞག་ནས་སང་ཉིན་གསང་སྔགས་རྡོ་རྗེ་ཐེག་པ་ནས་བཤད་རྒྱུ་བྱེད། ཁ་རྩང་དེ་རིང་རྣམ་པ་ཚང་མ་འོ་བརྒྱལ་ཆེན་པོར་བྱུང་འདུག ཁྱད་པར་དུ་ཁ་རྩང་ཞིག་ལ་དོས་སྐྱེལ་རླངས་འཁོར་གྱི་ནང་ནས་ཅ་ལག་ཕོག་རྒྱུ་ལ་སོགས་པས་ཉིན་གུང་གི་གསོལ་བ་ཡང་ཡག་པོ་ཞིག་རག་ཡོད་ས་མེད། ཕྱི་དྲོ་བཙུན་མ་རྣམ་པས་ནང་གི་གྲ་སྒྲིག་དང་། གྲྭ་བཙུན་ ཁང་ཚན་གསུམ་པོས་གུར ་ཕུབ་འདུག གུར་ཕུབ་དུས་མུ་ཏིག་ ཁང་ཚན་གྱི་གུར ་ཕུབ་སྟངས་ལྷག་པར་ཡག་ཁི་ཟེར་རྒྱུ་གོ་ཐོས་བྱུང་། སྒྲོལ་མ་ཁང་ཚན་དང་། གཡུལ་རྒྱལ་ཁང་ཚན་གཉིས་ཀྱིས་ཀྱང་དེ་བཞིན་དུ་ཕྱག་ལས་མཛད་ཡོད་ནི་རེད། ཡང་སྒོས་སྒྲོལ་མའི་ཁང་ཚན་གྱི་འདུས་པའི་ཞལ་གྲངས་ཉུང་ཉུང་རེད། ཁང་ཚན་འདི་ལ་དེའི་ཡན་དུ་གྲ་ཤག་རྒྱག་རྒྱུ་འཕར་མ་ཆོག་པས་རེད། འབུམ་མཆོད་ཆེན་མོའི་གྲ་སྒྲིག་འདིས་ཁྱེད་བླ་གྲྭ་དགེ་མདུན་པ་འཁོར་ཡུག་སྡེ་འབངས་དང་བཅས་པ་ལ་དཀའ་ལས་ཆེན་པོ་ཞིག་གཏད་འགྲོ་ཁི། ཡིན་ན་ཡང་མ་བསྐུལ་དང་བླངས་ཀྱི་ནུས་ཤུགས་ཤིག་མངོན་རྒྱུ་འདི་ཁྱད་ཆོས་ཁྱད་པར་བ་ཞིག་རེད་བསམ་ཁི་ཡོད། དཔེ་ཆག་ཅིག་བཞག་ན་ཤྲཱི་སེང་གི་སྡེ་སྣོད་འཛིན་པ་གཞུང་ཆེན་རབ་འབྱམས་པ་མཁན་པོ་དེ་ཚོས་གཙོ་བོར་མཛད་ནས་འདྲེན་པར་མཛད་ནི་རེད། ཁོང་རྣམ་པས་ཁེངས་པ་དང་ང་རྒྱལ་མེད་པར་གདོང་མཆོང་གི་སྤོབས་སེམས་གང་ལ་ཡང་ཞུམ་པ་མེད་པ་དེ། རྗེས་སུ་ཡི་རང་དང་མིག་ལྟོས་བྱ་འོས་པ་རེད་ཀྱང་། དེ་རྣམ་པ་བྱོན་སྐབས་ཅ་ནེ་བཟེད་དགོས་དུས་བག་ཚ་མོ་འདྲ་འདྲ། ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་དེ་གཏམ་མི་ལ་བཤད་ནས་རང་གི་འགོ་མཇུག་བསློགས་པར་མི་འདུག་གམ་བསམ་པར་བྱུང་། རྣམ་པ་ཚང་མ་ཆོས་ཞུ་ལ་བྱོན་ནི་རེད། ལས་ཀར་བྱོན་ནི་མ་རེད། འདིའི་ཉིན་སྲིབ་ཀྱི་གཏན་བཞུགས་པ་ང་དང་བཅས་པ་ཚང་མ་ཡང་དེ་རེད། ངའི་མི་ཚེའི་ལོ་རྒྱུས་ཕྱོགས་སྡོམ་ཞིག་བྱས་ན་ཕོ་ལོ་བཞི་བཅུ་ལ་མ་ཐོན་གྱི་བར་ལ་དུས་ངན་གྱི་རྒུད་པས་གཙེས་པའི་ནང་དུ་ས་ལས་དང་རྡོ་ལས་ཏག་ཏག་གིས་མི་ཚེ་སྐྱེལ་ནི་རེད། དེས་སྔོན་བསགས་རྣམ་སྨིན་གྱི་སྒྲིབ་པ་སྦྱོང་གིན་བསྡད་པ་རེད། བཞི་བཅུ་ནས་ལྔ་བཅུར་ཉེ་མ་ཡོང་གི་བར་ལ་མིང་གི་ཐོག་ལུགས་ཤིག་དང་། བསྐོས་ཐང་ཐོད་པའི་རི་མོ་ཞིག་གིས། རྫོགས་ཆེན་དགོན་པའི་གྱང་ཤུལ་ནས་འདི་འགྲུབ་ཟེར་རྒྱུ་ཞིག་མེད་ཀྱང་། ངེད་བླ་གྲྭ་རྒན་པ་ཁ་ཤས་བོས་མི་རབས་མང་པོའི་ཆག་ཆག་གྲུག་གྲུག་པོ་སྐེ་ཐོག་ཏུ་བླངས་ཏེ། ས་རེ་བཟུང་ནས་སོ་རེ་བཙུགས་ཁུལ་བྱས་པ་རེད། དེ་ནས་ལོ་གྲངས་ལྔ་བཅུ་ང་སྟོད་ལ་མ་ཐོན་གྱི་བར་དུ་མི་ལོ་བཅུ་ཕྲག་ཕྱེད་གཉིས་ལྷག་ལ་འདིའི་ལུང་པའི་སྐེད་པ་ཀན་ནས་ཤྲཱི་སེང་ཆོས་གྲྭ་བཙུགས་ཏེ་དེས་རྒྱུན་བསྐྱངས་པ་རེད། ད་ཕོ་ལོ་བདུན་ཅུ་ལ་མ་ཉེ་བའི་བར་དུ་འདི་ན་བསྡད་ནས་འདིའི་རྫ་ཁུག་འདིའི་ཡན་དུ་ལ་རྒྱུག་ས་མེད་པ་འདིར་ཐོན་ནས། ད་ཉལ་འདེང་ལས་བྱ་བ་ཆེན་པོ་ཞིག་གི་འགོ་རྩམ་འདེང་ཡོད་པ་མ་རེད། གོང་ནས་བཤད་པ་ལྟར་དུ་དམ་པའི་ལྷ་ཆོས་རྣམ་དག་ཅིག་སྒྲུབ་ནས་ཚེ་དང་སྒྲུབ་པ་སྙོམས་པ་ཕ་རིའི་རི་ལ་རྒྱོབ་ཀྱང་། ཐེག་ཆེན་ཐར་བའི་ལམ་སྣེ་ཞིག་ཟིན་དགོས་འདུག ཆོས་མི་ལ་ཕར་འཆད་མདོག་རེད། ཆོས་འཆད་རྒྱུ་དེ་ཡང་ངས་མ་འདྲ་པ་ཞིག་བཤད་ཤེས་ཁྱེད་རྣམས་ཉན་པར་ཕེབས་ཤོག་དང་ངས་བཤད་ཟེར་ནས་ལྷག་པར་ཁས་བླངས་པ་ཞིག་ཅང་མ་རེད་ཀྱང་། ལོ་རྒན་གཞོན་དང་དུས་རབས་བརྒྱུད་ལན་ཞིག་གིས་ཆོས་བརྒྱུད་ཅིག་སྤེལ་རྒྱུ་དེ། ཁྱི་མེད་ས་ནས་བྱི་ལས་རུས་པ་མུར་ཞེས་པ་དེ་ལ་ཐུག་སོང་བ་རེད། དེ་ཡིན་དུས་འགའ་རེས་བླ་མ་རེད་བསམས་ནས་ཤི་གསོན་གཉིས་ཀའི་འབྲེལ་འཇོག་བྱེད་ཀྱིན་ཡོད་པ་རེད། བསམ་ཡང་ལོས་བསམ་མིང་ཞིག་གནའ་ཞིག་ནས་བཏགས་བཞག་ཡོད་པ་རེད། དོན་ལ་བསམ་བློ་གཏོང་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པ་རེད། སོ་སོའི་སྐྱེ་བོ་བསམ་སྤྱོད་ལས་འདས་ཡོད་པ་མ་རེད། དེ་བསམས་ནས་རང་གིས་ཐུན་རེ་བཅད་ནས་ཉལ་ན་རང་དོན་རེད། ཉན་རང་གི་ལམ་བཤད་པ་འདྲ་འདྲ་རང་གི་འཆི་ཆོས་རྐྱང་པར་བསམ་རྒྱུ་དེ་འདེང་རྒྱག་མ་ནོར་བ་ཞིག་རེད་མེད་པ་འདྲ་འདྲ་རེད་བསམ་བྱུང་། སེམས་ཅན་གཞན་དོན་ལ་འདེང་ཞིག་བརྒྱབ། སྤྱི་ཁྱབ་ཀྱི་ཕྱོགས་ལ་བསམ་བློ་ཞིག་སྐོར་ན་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་ཡིན་པ་རེད། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་དགོས་ན། བསྟན་འཛིན་གྱི་སྐུ་ཚེ་བརྟན་ནས་དེའི་ཐུགས་བཞེད་ལམ་ལ་ཡོང་དགོས་པ་རེད། དེ་འགྲུབ་རྒྱུ་དེ་རེ་སྟོང་ཞིག་གིས་ཡོང་བ་མིན་པར་བསོད་ནམས་སྟོབས་ཆེན་ཞིག་མ་བསགས་ན་མང་པོའི་མཐུན་སྣང་དུ་གྲུབ་པའི་བྱ་བ་ངོ་མཚར་ཅན་རྒྱུ་རྐྱེན་མ་ཚོགས་པར་འགྲུབ་དཀའ་བ་ཡིན། སྨོན་ལམ་ཞིག་བཏབ་ན་རྒྱུ་ཞིག་དགོས་པ་ཡིན། དེའི་ཆེད་དུ་མཆོད་པ་འབུམ་ཚོ་ཆ་རེ་ཕུལ་ན་ཆོག་འདུག་ཀྱང་། བསྟན་འཛིན་དགེ་འདུན་གྱི་སྡེ་ཚོགས་མཉམ་དུ་འཚོགས་ན་བདེན་ཚིག་འགྲུབ་རྒྱུ་དང་ཚོགས་རྫོགས་ཐབས་འདྲ་རྒྱུ་མ་རེད་བསམས་པ་ཡིན། དེས་ན་བསྟན་པ་སེམས་ཅན་སྤྱི་དང་བྱེ་བྲག་ལ་ཕན་ཐོགས་ཅན་གྱི་ཚོགས་བསགས་རྣམ་པར་དག་པ་ཞིག་དགོས་འདུག་བསམས་ནས་གང་དགའ་འདེང་མང་པོ་བརྒྱབ་མཐར་འབུམ་མཆོད་ཆེན་མོ་འཚོག་རྒྱུ་འདི་བདམས་པ་ཡིན། ད་ལོའི་འདི་འཚོགས་ཐེངས་བརྒྱད་པ་ཡིན་པ་རེད། མཆོད་མེ་མཆོད་པ་ཕྲ་ལམ་མེ་ཡོད་པ་དང་། དགེ་འདུན་འདུས་པས་ས་གཞི་གང་བ་དང་། དགོན་སྡེ་བརྒྱ་ཕྲག་མང་པོའི་འདུས་པས་ཞལ་འདོན་ཐུགས་སྨོན་གནང་དུས་ཡིད་སྤྲོ་དང་བ་འདྲེན་པ། སེམས་སྐྱིད་ཡོང་བྱེད་ཅིག་རེད་མོད། འོན་ཀྱང་དེ་འགྲུབ་རྒྱུ་བོ་སྤྲུལ་བའི་སྒྱུ་འཕྲུལ་བཀོད་པ་ལྟ་བུའི་སླ་མོ་ཞིག་ཅི་ལ་ཡིན། རྒྱུ་བས་ཚེགས་ཀྱིས་ཆེ་བར་འདུག ཡང་སྒོས་ཁྱེད་རྣམ་པ་འོ་བརྒྱལ་ཆེ་འདུག རྒྱུའི་ཐད་ཀྱི་མི་ལོ་བརྒྱད་ཀྱི་འགྲོ་གྲོན་ལ་རྩིས་ཤིག་བརྒྱབ་ནས་དངོས་པོ་གཟུགས་ཅན་གྱི་བཞེངས་བསྐྲུན་ཞིག་བྱས་ན་རིག་རྒྱུ་ཅན་ཞིག་ཡོང་བར་འདུག དེ་ལ་ཡང་མེད་ཅེས་རུང་ཆགས་ཞེན་གྱི་འཛིན་པ་ཡོད་འདུག་པ་དང་། རྒྱུན་བསྐྱངས་ནས་བདག་སྐྱོང་བྱེད་རྒྱུ་དེ་ལའང་ཉོན་མོངས་བྱེད་དང་། ཟག་པ་ཉེར་ལེན་རྒྱུན་མི་ཆད་པའི་རྒྱུ་ཞིག་ཏུ་འགྲོ་བར་འདུག དེས་ན་དགེ་རྩ་རྣམ་དག་ཅིག་འདི་རེད་འགྲོ་ཁི་བསམས་ནས་འདིར་འཐམས་པ་ཡིན། འཐམས་ས་དང་ལས་རྒྱུ་ནོར་མེད་བསམ་གྱིན་ཡོད། གཅིག་ན་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་གནས་རྩ་ཆེན་ཡིན་པ་དང་། གསང་སྔགས་རྫོགས་པ་ཆེན་པོའི་སྙིང་ཐིག་གི་རྩ་བའི་ཁྲིད་རྒྱུན་སྤེལ་ས་ཡང་ཡིན་པ་དང་། འཇའ་ལུས་པ་མང་པོ་བྱོན་སའི་གདན་ས་ཁྱད་པར་ཅན་གདན་ས་ཉམས་མ་མྱངས་པ་ཞིག་དང་། གཉིས་ན་རྟེན་གསུམ་རྩ་ཆེན་སའི་སྟེང་འདིར་གཅིག་པུ་ལ་མ་གཏོགས་མེད་པའི་རྟེན་ཁྱད་པར་ཅན་ཡང་བཞུགས་པ་རེད། ལྷག་དོན་གྱི་འདི་ནས་མང་ཆེ་བ་དེ་སྒྲུབ་པ་ཉམས་ལེན་བྱེད་མཁན་ཏག་ཏག་ཡིན་པས། རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གྲོགས་ཀྱི་ཚོགས་བསགས་ཀྱི་འགྱུར་སྟོབས་ལྷག་པར་ཆེ་ངེས་སྙམ་པའི་བསམ་ཚུལ་ཡོད་པ་རེད། དེ་ཡིན་དུས་འབུམ་ལྔའི་བསགས་སྦྱོང་རེ་བས་འདིས་དགའ་རྒྱུ་རེད་ཟེར་ནས་འུད་བཤད་བྱས་པ་མིན་ཀྱང་། ང་རང་ལ་མཚོན་ན་ཁང་སྟོང་ནང་ནས་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་རེ་དང་འདྲེས་ཞོར་ལ་བཟླས་བརྗོད་ཀྱི་གྲངས་ལ་རེ་བའི་ཁ་གྲངས་ཤིག་འགྲུབ་པ་ལས་འདིའི་རྣམ་པ་དག་འདུག་སྙམ། ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་ན་དམ་པའི་ཆོས་ལུང་རྟོགས་ཀྱི་བསྟན་པ་དྲི་མ་མེད་པ་དེ་དར་ས་བོད་མཐོ་སྒང་གི་ས་ཆ་འདི་ཡིན་པ་རེད། ཡང་དགོས་ད་ལྟའི་འདིའི་མི་རབས་འདི་སྔར་གྱི་བསྟན་སྲོག་འཛིན་མཁན་ཡིན་པས་མ་ཚད། མ་འོངས་བསྟན་རྒྱུན་སྤེལ་མཁན་ཡང་ཡིན་པ་རེད། དེང་གི་དུས་སྐབས་འདི་གཉན་འཕྲང་ཅན་གྱི་འགག་མདོའི་དུས་ཚོད་ཅིག་ལ་ཁེལ་ཡོད་པ་རེད། སངས་རྒྱས་བསྟན་པ་ནི་སེམས་ཅན་གྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་ན་དེ་ད་ལྟའི་སྐབས་སུ་བོད་མིའི་ལག་འོག་ན་ཡོད་པས། ཆོལ་གསུམ་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་མངའ་ཐང་འབྱོར་བ་རྒུད་ཉན་པ་མ་རེད། དེ་རྒུད་སོང་ན་སངས་རྒྱས་ཀྱི་བསྟན་པ་དག་མ་ནང་བསྟན་མདོ་སྔགས་རིག་གཞུང་དང་བཅས་པ་ཆ་ཚང་དེ་འཇིག་རྟེན་གྱི་ཁམས་ནས་ཉམས་འགྲོ་བ་རེད། འོན་ཀྱང་དེ་མི་འབའ་ཞིག་གིས་ཨུ་ཚུགས་ཏག་ཏག་བྱས་ཏེ་འགྲུབ་པ་ཞིག་མ་རེད། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་ཐམས་ཅད་འགྲུབ། །ཅེས་པ་ལྟར་དུ་བསོད་ནམས་བསག་རྒྱུ་ལ་རག་ལས་པས། བསྟན་སྲིད་སྤྱི་དང་བྱེ་བྲག་ལ་ཐུགས་བསམ་བཞེས་ན་འུ་གུས་བྲེལ་ཟིང་གི་དཀའ་ལས་རྒྱག་རྒྱུ་འདི་ཡང་རྒྱག་རིན་གནང་རིན་ཡོད་པ་ཞིག་རེད་བསམ་པ་ཡིན། འུ་ཅག་རྐྱང་པའི་ལས་ཀས་བོད་གངས་ཅན་ལིང་ངེ་གཏང་འགྲོ་ནི་རེད་ཟེར་བ་མིན་ཀྱང་ཕྱོགས་རེ་རེ་ནས་འདི་ལྟར་བྱས་ཡོང་ན་དེས་སྐུལ་འདེབས་ཀྱིས་ཕྱོགས་མང་པོར་སྒུལ་ཤུགས་ཀྱི་ནུས་པ་ཐོན་སོང་དུས་ཁྱོན་ཡོངས་ཀྱི་ནུས་པའི་སྔོན་འགྲོའི་བྱེད་པ་གལ་ཆེན་ལ་འགྱུར་མི་སྲིད་རྒྱུ་མ་རེད་བསམས་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།