Nitartha Digital Library
Tibetan
 
previousཉིན་ཉི་ཤུ་པའི་ཆོས་ཁྲིད། next

ཉིན་ཉི་ཤུ་པའི་ཆོས་ཁྲིད།

དེ་ཡང་སྐྱེས་བུ་ཆེན་པོའི་བློ་རང་གཞན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་ཆེད་དུ། དེའི་ཐབས་དང་མན་ངག་དམ་པ། དམ་པའི་ཆོས་ཟབ་མོ་དོན་དུ་གཉེར་ནས། ཉི་མ་རེ་རེ་བཞིན་དུ་ཆོས་ཉན། ཆོས་ཀྱི་དོན་བསམ། དེ་རྒྱུད་ལ་སྦྱོར་བའི་ཆེད་དུ་བརྩོན་པ་བསྐྱེད་དང་སྐྱེད་བཞིན་ཡིན་ལ། དེ་ཡང་དང་པོ་ཉིད་ནས་ཆོས་བསྒྲུབ་པའི་སྒྲུབ་ལུགས་ཤེས་དགོས་པ་དེ་གལ་ཆེན་ལ་རྩིས་ནས། ཐེག་ཆེན་ལམ་གྱི་འཇུག་སྒོ། ཐར་བ་བྱང་ཆུབ་སྒྲུབ་པའི་ཐབས་དམ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ཡིན་པར་ཤེས་ནས་དེར་འཇུག་རྒྱུའི་བློ་ཐག་བཅད་དེ། ཐེག་ཆེན་མདོ་སྔགས་ཀྱི་ཆོས་འཆད་ཉན་གྱི་གྲལ་དུ་ཞུགས་པ་ཡིན་ལ། དེ་ཡང་བསམ་པ་བཟང་པོ་ནས་འགོ་བཟུང་། ཚད་མེད་རྣམ་པ་བཞི་བྱང་ཞིང་འབྱོངས་པ་སྔོན་དུ་སོང་ནས། དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན་པས། དེ་རིང་དངོས་གཞི་སེམས་བསྐྱེད་ཀྱི་སྐོར་ནས་ཅུང་ཙམ་ཞུ་ན། དེ་ཡང་སེམས་བསྐྱེད་དེའི་ངོ་བོ་དང་དབྱེ་བ་ལ་སོགས་པའི་སྒོ་ནས་བཤད་དགོས་པས། ད་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པ་དེའི་ངོ་བོ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ཉིད་དེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་མགོན་པོ་བྱམས་པས་གསུངས་པ་ལྟར་དུ་དུས་རྒྱུན་བཤད་འདུག་རྒྱུ་དེ་རེད། སེམས་བསྐྱེད་ཀྱི་དབྱེ་བའི་ཐོག་ནས་བསམ་བློ་བཏང་ན། དཔེའི་སྒོ་ནས་དབྱེ་བ་དང་། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བའི་དབྱེ་ཚུལ་ཏེ་རྣམ་གྲངས་དུ་མ་ཡོད་པ་ཡིན། དཔེའི་སྒོ་ནས་དབྱེ་བ་ལྟ་བུ་ལ་མཚོན་ན། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་པ་ལྟར་དུ་དཔེ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི། དོན་འདུན་པ་ནས་ཆོས་སྐུའི་བར་དུ་ཡིན་ཏེ། དེ་ཡང་ལམ་ལྔ་དང་སྦྱར་ན། འདུན་པ་དང་ལྡན་པ་ནི་ས་དང་འདྲ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་བྱེད་པའོ། །བསམ་པ་དང་ལྡན་པ་ནི་གསེར་དང་འདྲ་སྟེ། བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི་ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བའོ། །དེ་གསུམ་ནི་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱི་ལས་དང་པོ་པའི་སས་བསྡུས་པའོ། །སྦྱོར་བ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པའོ། །དེ་ནི་སྦྱོར་བའི་ལམ་གྱིས་བསྡུས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའོ། །བཟོད་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུག་པའོ། །བརྩོན་འགྲུས་དང་ལྡན་པ་ནི་རྡོ་རྗེ་དང་འདྲ་སྟེ། མི་ཤིགས་པ་ཉིད་ཀྱིས་ན་སྲ་བའོ། །བསམ་གཏན་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའོ། །ཤེས་རབ་དང་ལྡན་པ་ནི་སྨན་དང་འདྲ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཞི་བར་བྱེད་པའོ། །ཐབས་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། །སྨོན་ལམ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའོ། །སྟོབས་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་སྒྲ་དབྱངས་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའོ། །དེ་ལྟར་བཅུ་ནི་རིམ་པ་ལྟར་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། མཐོང་བའི་ལམ་དང་། སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་དང་འདྲ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའོ། །བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི་བང་མཛོད་དང་འདྲ་སྟེ། ཚོགས་མང་པོའི་མཛོད་དུ་གྱུར་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། །སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་དང་འདྲ་སྟེ། འཁོར་འདས་གང་དུ་ཡང་མི་བཏང་བར་བདེ་བླག་ཏུ་འགྲོ་བའོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའོ། །དེ་ལྟར་ལྔ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའོ། །ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་ནི་སྒྲ་སྙན་པ་ཐོས་པ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་སྙན་པར་སྒྲོག་པའོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། གཞན་གྱི་དོན་བྱ་བ་མི་ཉམས་པའོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི་སྤྲིན་དང་འདྲ་སྟེ། དགའ་ལྡན་གྱི་གནས་སུ་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས། སེམས་ཅན་གྱི་དོན་དུ་བྱ་བ་རྣམས་དེ་ལ་རག་ལས་པའོ། །དེ་ལྟར་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། དེ་ལྟར་ན་ཉི་ཤུ་རྩ་གཉིས་པོ་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་སོ། །ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི་བཞི་སྟེ། མོས་པ་དང་ལྡན་པའི་སེམས་བསྐྱེད་དང་། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེ་ལ་དང་པོ་ནི། མོས་པས་སྤྱོད་པའི་སས་བསྡུས་པ་རྣམས་སོ། །གཉིས་པ་ནི། ས་དང་པོ་ནས་བདུན་པའི་བར་དག་གོ །གསུམ་པ་ནི། ས་བརྒྱད་པ་ནས་བཅུ་པའི་བར་དག་གོ །བཞི་པ་ནི། སངས་རྒྱས་ཀྱི་སའོ། །མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །འོ་ན་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཅི་ཙམ་ཞིག་སྙམ་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བའོ། །འོ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཅི་ཙམ་ཞིག་ཡིན་སྙམ་ན། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཡིན་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དེ་གནས་སྐབས་གང་ན་ཡོད་ཅེ་ན། ས་དང་པོ་རབ་ཏུ་དགའ་བ་ཡན་ཆད་ན་ཡོད་དོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དབྱེ་ན་གཉིས་ཏེ། སྨོན་པའི་སེམས་དང་། འཇུག་པའི་སེམས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །སྨོན་འཇུག་གཉིས་ཀྱི་ཁྱད་པར་འདི་ལ་ཡང་བཞེད་པ་ཐ་དད་པ་མང་ཡང་། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུ། སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་འབྲས་བུ་ལ་དམ་བཅའ་ལེན་པ་ཡིན་ལ། འཇུག་པ་ནི་སངས་རྒྱས་ཀྱི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་སྙམ་དུ་རྒྱུ་ལ་དམ་བཅའ་ལེན་པར་བཞེད་པའོ། །ཡང་ན་ཀུན་མཁྱེན་ཆེན་པོའི་ཐུན་མིན་གྱི་བཞེད་པ། བསམ་པས་སྨོན་པའི་ཆ་དང་འཇུག་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་ནས་སྨོན་འཇུག་གི་ཁྱད་པར་གསུངས་པའོ། །སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཟེར་བའང་དེ་དང་དོན་གཅིག་པ་ཡིན། སེམས་ཅན་ལ་དམིགས་པ་ཞེས་བྱ་བ་ཡང་། སེམས་ཅན་གཅིག་གམ། གཉིས་སམ། འགའ་ཙམ་མ་ཡིན་ཏེ། ནམ་མཁས་གར་ཁྱབ་ན་སེམས་ཅན་གྱིས་ཁྱབ། དེས་གར་ཁྱབ་པ་ན་ལས་དང་ཉོན་མོངས་པས་ཁྱབ་ལ། དེས་གང་ན་ཁྱབ་པ་ན་སྡུག་བསྔལ་གྱིས་ཁྱབ་པས། དེ་རྣམས་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་ཆེད་དུ་སེམས་བསྐྱེད་པའོ། །དེ་ལྟར་ཡང་བཟང་སྤྱོད་སྨོན་ལམ་ལས། ནམ་མཁའི་མཐས་གཏུགས་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུ་ནི། མདོ་སྡེ་རྒྱན་ལས་ནི། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་དང་། དོན་དམ་པའི་སེམས་བསྐྱེད་པ་གཉིས་རྒྱུ་སོ་སོར་གསུངས་ཏེ། དེ་ལ་དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་ཏེ། གཞན་གྱིས་བསྟན་པའི་སེམས་བསྐྱེད་ཅེས་པ་ནི། གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་སྐྱེ་བ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་ཀྱང་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ཏེ་དགེ་བའི་བཤེས་གཉེན་གྱི་ངོར་སྐྱེ་བ་ཡོད་དོ། །རྒྱུའི་སྟོབས་ལས་ཏེ་རིགས་ཀྱི་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བའི་སྟོབས་ལས་ཏེ། དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་ཏེ། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་སྐྱེ་བ་ཡང་ཡོད་དོ། དགེ་བ་ལ་གོམས་པ་ལས་ཏེ་ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་འཛིན་པ་དང་འཆང་བ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་མི་བརྟན་ལ། རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པར་འབྱུང་བའོ། །དོན་དམ་པའི་སེམས་སྐྱེ་བའི་རྒྱུ་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་ཏེ། ལུང་དང་། བསྒྲུབ་པ་དང་། རྟོགས་པའི་ཁྱད་པར་དག་གིས་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཡུལ་ནི། སློབ་དཔོན་ཡོད་པའི་ལུགས་དང་། མེད་པའི་ལུགས་གཉིས་ཡིན་ཏེ། སློབ་དཔོན་གྱི་མཚན་ཉིད་ཀྱང་། སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པ་དང་། རང་ཉིད་སྡོམ་པ་ཐོབ་ལ་མ་ཉམས་པར་གནས་པ་དང་། ལུས་ངག་གི་རིག་བྱེད་ཀྱི་དོན་གོ་བར་ནུས་པ་དང་། ཟང་ཟིང་ལྷུར་མི་བྱེད་པར་བརྩེ་བས་སློབ་མ་སྐྱོང་བའོ། །དེ་ལྟ་བུའི་བླ་མ་དེ་ཐག་ཉེ་བ་ན་བཞུགས་ཀྱང་དེའི་སྤྱན་སྔར་འགྲོ་བ་ལ་སྲོག་གམ། ཚངས་པར་སྤྱོད་པ་ལ་བར་ཆད་ཡོད་ན། བླ་མ་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྨོན་འཇུག་གང་ལེན་པའི་ཚིག་རྣམས་སྙིང་ཐག་པ་ནས་ལན་གསུམ་བརྗོད་པས་སྨོན་པའམ་འཇུག་པ་དེ་ཐོབ་བོ། །བླ་མ་དང་སྐུ་གཟུགས་གཉིས་ཀ་མ་རྙེད་ན། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བསྒོམས་ནས། སྨོན་པའམ་འཇུག་པའི་ཚིག་རྣམས་ལན་གསུམ་བརྗོད་པས་ཐོབ་བོ། །བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཆོ་ག་ནི། བླ་མ་མཁས་པ་དག་གི་བརྒྱུད་པའི་མན་ངག་ལས། ཚུལ་ལུགས་ཐ་དད་པ་དུ་མ་སྣང་ངོ་། །དེ་ལྟར་སྣང་ཡང་ནི། འདིར་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་ལ་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་དང་། འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ན་མར་བརྒྱུད་པ། ཇོ་བོ་གསེར་གླིང་པའི་ལུགས་དང་གཉིས་སུ་ཤེས་པར་བྱའོ། །དེ་ཡང་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་ལྟར་ན་གསུམ་སྟེ། སྦྱོར་བའི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། རྗེས་ཀྱི་ཆོ་གའོ། །དང་པོ་ལ་དྲུག་སྟེ། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བའོ། །དེ་དྲུག་གི་མིང་ལ་ཡན་ལག་བདུན་པ་ཞེས་བརྗོད་ན་ཕྱག་འཚལ་བ་མཆོད་པར་གཏོགས་པའི་དབང་དུ་བྱས་པ་ཡིན། ཁྱད་པར་དུ་བྱང་ཆུབ་སེམས་སྡོམ་ལེན་དུས་ངེས་པར་དུ་མཆོད་པའི་ཡན་ལག་ཚང་དགོས་པས་མ་ཚད་དེ་ལས་ཀྱང་དངོས་འབྱོར་གྱི་མཆོད་པ་དེ་རྒྱ་ཆེན་འབུལ་དགོས་པ་ཡིན། མཆོད་པ་འབུལ་བ་འདི་ལ་ཡང་གང་ཞིག་མཆོད་པར་བྱ་བའི་རྫས་དང་། གང་ལ་མཆོད་པར་བྱ་བའི་ཡུལ། ཇི་ལྟར་མཆོད་པར་བྱེད་པ་འབུལ་ཚུལ་གསུམ་གྱི་སྒོ་ནས་འཆད་དུ་ཡོད་ལ་འདི་དག་རིམ་པ་བཞིན་དུ་ཆོས་ཁྲིད་རྗེས་མའི་ཞར་ལ་བཤད་ཆོག་གི །དེ་དག་ཀྱང་ལས་དང་པོ་པ་དང་། གསར་བུ་པ་ཚོར་འདི་ཙམ་གྱིས་ཀྱང་ཕན་ཐོགས་རེ་འབྱུང་རྒྱུར་དམིགས་ནས་ཞུས་པ་ཡིན། སྐབས་དོན་ཆེད་དུ་བྱ་བ་གང་ཞིག་འཆད་ཉན་བགྱི་བའི་དམ་པའི་ཆོས་ནི། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་གི་གསང་བ་ཟབ་མོ། ཀློང་ཆེན་མཛོད་བདུན་ལས། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་རྩ་འགྲེལ་གཉིས་ཀ་སྟབས་ཅིག་ཏུ་བཤད་མ་ཁྲིད་དམ་ཁྲིད་མ་ལུང་གི་རྣམ་པ་ཅན་གྱི་རྒྱུན་འབུལ་བའི་སྐབས་ལས། དེ་ལས་ཀྱང་ཐོག་མདགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་མང་རབ་ཅིག་སོང་ནས། ལེའུ་བཅུ་གཉིས་པ་གྲུབ་མཐའི་རིགས་མཛོད་ཆེན་མོ་བཤད་པའི་སྐབས་ལས། ཤེས་བྱའི་ཆོས་རྣམས་ཐམས་ཅད་སྤང་བླང་གཉིས་སུ་གནས་པ་ལས། སྤང་བྱ་ཕྱི་རོལ་མི་སྟེགས་པའི་སྟོན་པ་སྡེ་དྲུག འཇིག་ལྟ་ཉི་ཤུ། ལྟ་ངན་དྲུག་ཅུ། ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་སྤྱིར་བཀག་ནས། བྱེ་བྲག་ཏརྐ་སྡེ་ལྔའི་འདོད་པ་རེ་རེ་བཞིན་དུ་བཀག་ནས། གཉིས་པ་བླང་བྱ་ནང་པ་སངས་རྒྱས་གྲུབ་མཐའ་ལ་ཡང་ཐེག་པ་དམན་མཆོག་གཉིས་ཡོད་པའི་ནང་གི་ཐེག་དམན་ལའང་ཉན་ཐོས་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་བློ་སྐྱོན་བཀག་ནས། རང་ལ་རྒྱལ་ཐུག་ནས། རང་རྒྱལ་ལ་ཡང་ཉན་ཐོས་དང་བསྡུར་ན་བདག་མེད་ཕྱེད་དང་གཉིས་རྟོགས་ཡིན་པས་ལྟ་བ་མཐོ་ཞིང་། དམ་ཆོས་པདྨ་དཀར་ལས། འདི་ལྟར་མྱ་ངན་འདས་པ་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱོད་ཐར་ཡང་། །ཁྱོད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བ་གྱིས། །ཞེས་པས་ཐེག་ཆེན་གྱི་ལམ་ལ་འཇུག་རྒྱུའི་སྤྲོ་བ་སྐྱེས། གཟོད་སེམས་བསྐྱེད་དགོས་པའི་རང་རྒྱལ་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་གྲུབ་མཐའི་བློ་སྐྱོན་དམན་པ་སོགས་ཀྱང་བསལ་ནས། ཐེག་ཆེན་བཤད་པའི་སྐབས་ལས་ཐུག་ཅིང་། དེ་ལ་སྔོན་གྱི་སྲོལ་འབྱེད་ཀྱི་སློབ་དཔོན་རྣམས་ཀྱི་བཞེད་པ་མི་འདྲ་བའི་དབང་གིས་སེམས་ཙམ་དང་དབུ་མ། དབུ་མ་ལ་ཡང་ཐལ་རང་གི་དབྱེ་བ་ཡོད་པའི་སེམས་ཙམ་གྱི་བཞེད་པ་བཤད་པའི་སྐབས་ནས། འགའ་ཞིག་སོང་སྟེ་དེ་རིང་མཚན་ཉིད་རྣམ་པ་གསུམ་གྱི་ནང་གི་ཡོངས་གྲུབ་བཤད་པའི་སྐབས་ལ་ཐུག་པ་ལས་ཡོངས་གྲུབ་ལ་ཡང་འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་རྣམ་པ་གཉིས་ཡོད་པ་ལས། འགྱུར་བ་མེད་པའི་ཡོངས་གྲུབ་ནི་ཡུལ་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ཡུལ་ཅན་སེམས་རྣམ་པར་དག་པའི་མི་རྟོག་པའི་ཡེ་ཤེས་གཉིས་ཡིན་ཏེ། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་གྲུབ་རྣམ་པ་གཉིས་སུ་བརྗོད། །ཅེས་སོ། །དེས་ན་ཤེས་བྱ་གཞི་ལྔ་མཚན་ཉིད་གསུམ་བསྡུ་ལུགས་ལ། གཞི་ལྔའི་ནང་གི་སྣང་བ་གཟུགས་ཀྱི་གཞི་ནི་ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་། དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། །དེ་ཡང་ཤེས་བྱ་ཐམས་ཅད་ཀུན་བརྟགས། གཞན་དབང་། ཡོངས་གྲུབ་གསུམ་དུ་འདུས་པར་འདོད་དོ། །དེའང་རྣམ་གྲངས་སུ་བརྗོད་ཅིང་བརྟགས་པའི་ཆ་རྣམས་ནི་ཀུན་བརྟགས་ཏེ། དབྱེ་ན་དོན་ལ་མེད་ལ་ཐ་སྙད་དུ་བརྗོད་པ་ཟླ་གཉིས་ཀྱི་རྣམ་པ་ལྟ་བུ་མེད་པ་གསལ་སྣང་དང་། བདག་ཅེས་པ་ལྟ་བུ་རྣམས་ནི་མཚན་ཉིད་ཆད་པའི་ཀུན་བརྟགས་ཡིན་ལ། རྣམ་གྲངས་པའི་ཀུན་བརྟགས་ནི་མིང་ཚིག་ཡི་གེ་རྣམ་པར་བརྟགས་པ་དང་གང་དང་གང་གི་རབ་ཏུ་དབྱེ་བར་བཀོད་པ་ཐམས་ཅད་དེ། ཚིག་དོན་དང་། བརྗོད་བྱ་དང་རྗོད་བྱེད་ཅེས་པ་ལ་སོགས་པ་ནས། ཕུང་པོ་དང་ཁམས་ལ་སོགས་པར་དབྱེ་བའི་ཚུལ་རྣམས་ནི་བློས་བཀོད་པ་ཡིན་ལ། དེ་དང་དབྱེ་བྱའི་དོན་གཉིས་མ་འབྲེལ་བཞིན་དུ་ཤེས་པར་བྱེད་པའི་ཐབས་སུ་སྣང་བས། ཀུན་བརྟགས་པའོ། །ཚིག་བསྡུས་ན་དོན་ལ་མི་སྲིད་པའི་བློས་བཏགས་ཆོས་དེ་མཚན་ཉིད་ཆད་པའི་ཀུན་བརྟགས་དང་། མེད་བཞིན་སྣང་བ་གཟུགས་དང་དོན་སྤྱི་ལྟ་བུ་མིང་གིས་ལྡོག་པ་ཐམས་ཅད་རྣམ་གྲངས་པའི་ཀུན་བརྟགས་སུ་འདོད་པའོ། །སེམས་དང་སེམས་བྱུང་ནི་གཞན་དབང་སྟེ་རིགས་འདྲ་སྔ་མ་ལས་སྐྱེ་བའི་ཕྱིར་རོ། །མི་ལྡན་པའི་འདུ་བྱེད་ནི་གང་དུ་བསྡུ་ཞེ་ན་དེའི་ནང་གི་གཟུགས་ཀྱི་གནས་སྐབས་རྣམས་ཀུན་བརྟགས་ཡིན་ལ། སེམས་དང་སེམས་བྱུང་གི་གནས་སྐབས་རྣམས་གཞན་དབང་ངོ་། །གཞན་དབང་ལའང་གཉིས་ལས། མ་དག་པ་གཞན་གྱི་དབང་ནི། བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ་དོན་ལུས་དང་བཅས་པ་སྟེ། འདི་དག་ལས་དང་བག་ཆགས་ཀྱི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་པའོ། །དག་པ་གཞན་དབང་ནི་ཤིན་ཏུ་དག་པའི་ཞིང་དང་ཡེ་ཤེས་ལ་སོགས་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་རྐྱེན་ལས་གནས་སྐབས་ལྟོས་པ་དང་བཅས་པའི་ཆ་ནས་བརྟགས་པའོ། །འདུས་མ་བྱས་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པ་ལ་མི་གཡོ་བའི་འགོག་པ་དང་འདུས་ཤེས་ཚོར་བ་འགོག་པ་ལ་སོགས་པའི་གཞན་རྣམས་ཡོངས་གྲུབ་ཀྱི་གནས་སྐབས་སོ། །ཡོངས་སུ་གྲུབ་པ་ལའང་གཉིས་ལས། དང་པོ་འགྱུར་བ་མེད་པའི་ཡོངས་གྲུབ་ནི། གནས་ལུགས་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ལམ་ཟག་མེད་འབྲས་བུ་དང་བཅས་པ་ཡིན་ཏེ། ཡང་དག་པར་འགྲོ་བ་དང་འགྲོ་བའི་སར་ཕྱིན་ནས་སླར་མི་ལྡོག་པའི་ཕྱིར་རོ། །རྣམ་ངེས་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་སྣང་བརྟག་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡིན། །ངོ་བོ་ཉིད་དེ་དེ་མེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་ནི་དེ་ལས་སྔ་མའོ། །རྟག་ཏུ་མེད་པར་འགྱུར་བ་གང་། །ཞེས་སོ། །དེ་ཡན་གྱིས་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་སོང་ནས། གཉིས་པ་རྫས་ཡོད་བཏགས་ཡོད་ཀྱི་སྒོ་ནས་བཞག་ན། འཇོག་གཞི་ནི་ཤེས་བྱ་གཞི་ལྔ་ཡིན་ཅིང་། གཟུགས་དང་སེམས་སེམས་བྱུང་རེག་པ་ལ་སོགས་པ་ཉི་ཤུ་རྩ་གསུམ་དང་དེ་བཞིན་ཉིད་ནི་རྫས་ཡོད་དེ། ཉེར་གསུམ་མིན་པའི་སེམས་བྱུང་བག་ཡོད་ལ་སོགས་པ་ཉི་ཤུ་རྩ་དགུ་དང་། མི་ལྡན་པའི་འདུ་བྱེད་ཐམས་ཅད་དང་། ནམ་མཁའ་དང་འགོག་པ་བཞི་བཏགས་ཡོད་དེ། བསྡུ་བ་ལས། དེ་བཞིན་ཉིད་རྫས་སུ་ཡོད་པར་བརྗོད་པར་བྱ་བའམ། བརྟགས་པར་ཡོད་པར་བརྗོད་པར་བྱ་ཞེ་ན་རྫས་སུ་ཡོད་པར་བརྗོད་པར་བྱའོ་ཞེས་སོ། །བཏགས་ཡོད་དང་རྫས་ཡོད་ཀྱི་སྒོ་ནས་རྣམ་པར་བཞག་པ་བསྟན་ནས། གསུམ་པ་བདེན་གཉིས་ཀྱི་སྒོ་ནས་བཞག་པ་ནི་ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་ན། དོན་དམ་ལའང་ཆོས་ཅན་དོན་དམ་དང་། ཆོས་ཉིད་དོན་དམ་རྣམ་པར་གཉིས་སུ་ཕྱེས་ནས། གཞན་དབང་ནི་ཆོས་ཅན་དོན་དམ་དང་། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཀུན་བརྟགས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེའི་དོན་དབུས་མཐའི་འགྲེལ་པ་ལས། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ན་སྟེ་གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར་རོ་ཞེས་པ་དང་འགལ་ལོ་སྙམ་ན་མི་འགལ་བས་མ་ཚད་མཐུན་པ་ཡིན་ཏེ། གཞན་དབང་ནི་རེ་ཞིག་མཐུན་སྣང་དུ་དོན་བྱེད་ནུས་པ་ཉིད་དང་། མྱོང་བ་གསལ་བ་ཙམ་དུ་ཡོད་པའི་ཆ་ནས་ཆོས་ཅན་དོན་དམ་དུ་བཞག་ལ་བགྲང་བའི་སྐབས་སུ་དེ་སྐད་དུ་བརྗོད་པས་དོནདམ་གྱི་ཕྱོགས་དེར་བླན་པའོ། །དངོས་པོའི་ཆ་ནས་བཞག་པ་ལ་དང་པོ་ཀུན་བཏགས་གཞན་དབང་གཉིས་ཀུན་རྫོབ། ཕྱི་མ་ཡོངས་གྲུབ་དོན་དམ་དུ་གནས་སོ། །གསུམ་པ་ཐུབ་པའི་དགོངས་པ་དང་སྦྱར་བ་ནི། མཚན་ཉིད་གསུམ་དྲང་ངེས་ཀྱི་རྣམ་བཞག་དང་སྦྱར་བ་ནི། སེམས་དང་སེམས་བྱུང་ལ་བདག་དང་ཆོས་ཀྱིས་སྟོང་པ་འདི་ནི་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་ཡིན་པས་ན། དེ་ལྟར་གསུངས་པའི་བཀའ་ཐམས་ཅད་ངེས་དོན་ཡིན་ཅིང་། བདག་དང་གཟུགས་ཡོད་པར་གསུངས་པ་དང་། ཡང་དག་པར་ཅི་ཡང་མེད་པར་གསུངས་པ་ཐམས་ཅད་དྲང་བའི་དོན་ཡིན་ཏེ། དེའང་བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྟོང་པར་གསུངས་པ་ཐམས་ཅད་ཀུན་བརྟགས་པའི་མཚན་ཉིད་མེད་པ་དང་། གཞན་དབང་ལ་རང་ལས་སྐྱེ་བའི་ངོ་བོ་མེད་པ་དང་། ཡོངས་གྲུབ་ལ་དོན་དམ་པར་དངོས་པོའི་ངོ་བོ་མེད་པ་ལ་དགོངས་ཏེ་དེ་ལྟར་གསུངས་པའོ། །རྣམ་ཤེས་མེད་པར་གསུངས་པའང་། ཀུན་བརྟགས་ཀྱི་རྣམ་ཤེས་ལ་དགོངས་ཏེ་གསུངས་པའོ། །ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པར་གསུངས་པ་ཡང་རང་སྐྱེ་བ་མེད་པ་དང་འགགས་པ་ལ་རྫས་སུ་མ་གྲུབ་པ་ལ་དགོངས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་དུས། བདག་ལས་མ་ཡིན་གཞན་ལས་མ་ཡིན་གཉིས་ཀ་མ་ཡིན་རྒྱུ་མེད་མིན་པ་ལ་སོགས་པར་བཤད་པ་ཡང་རྒྱུ་དང་རྐྱེན་ཁོལ་བུ་བ་རེ་རེ་ཁོ་ན་ལས་མི་འབྱུང་བ་དང་། ཚོགས་པ་ལ་ཡང་དེ་བཞིན་དུ་ཡེ་ནས་མི་གནས་པ་ལ་དགོངས་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཞེས་པའང་ཀུན་བརྟགས་འཁྲུལ་བ་ཅན་ཉིད་ཀྱི་མཚན་མ་མེད་པ་ལ་དགོངས་པའོ། །ཆོས་ཐམས་ཅད་བརྗོད་དུ་མེད་ཅེས་པའང་ལྐུགས་པའི་རྨི་ལམ་ལྟ་བུ་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི། གཞན་ལ་བསྟན་པ་ཐམས་ཅད་དོན་སྤྱི་ལ་སྒྲོ་བཏགས་པ་ཙམ་ལས་དངོས་སུ་བརྗོད་དུ་མེད་པ་ལ་དགོངས་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཞེས་པའང་སྒྲ་རྟོག་གི་ཡུལ་མ་ཡིན་པ་སྟེ། སྒྲ་བརྗོད་པ་དང་། རྟོག་པ་ལ་སྣང་བ་མཐའ་དག་དོན་སྤྱིར་སྒྲོ་བཏགས་ཁོ་ན་ཡིན་པས་ན་སྒྲ་རྟོག་ཏུ་སྣང་བ་དེ་དག་ལས་སེམས་ཉིད་དངོས་སུ་བརྗོད་པ་དང་རྟོག་པ་སྣང་བ་རྣམས་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་པའང་། རྐྱེན་ལ་ལྟོས་པ་དང་། གཟུང་འཛིན་དུ་སྣང་བའི་འཁྲུལ་ངོར་སྣང་བ་ལ་དགོངས་པ་ཡིན་གྱི། ཅི་ཡང་མེད་པ་ལ་ནི་རྐྱེན་ཙམ་ལ་ཡང་མི་ལྟོས་པའི་རྒྱུ་མཚན་གྱིས་དེའི་དཔེར་སྒྱུ་མ་ཤིན་ཏུའང་མི་རུང་ངོ་། །དེས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་རྣམ་རིག་པའམ་སེམས་ཙམ་པའི་གྲུབ་མཐའ་འཛིན་པ་ཁོ་ན་ལ་འཐད་པ་ཡིན་ཏེ། རང་སྟོང་གཟུགས་རང་གིས་སྟོང་པ་ལྟ་བུ་མ་ཡིན་གྱི། དགག་བྱའི་ཆོས་ཅན་གྱི་སྟེང་དུ་བཀག་ཆོས་ཀ་བ་ལ་སོགས་པ་གཞན་གྱིས་སྟོང་པ་ལྟ་བུ་ལ་བརྗོད་པས། གཞན་དབང་སེམས་དང་སེམས་བྱུང་འདི་སྟོང་ངོ་། །དགག་བྱ་གང་གིས་སྟོང་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀྱིས་སྟོང་ངོ་། །གྲུབ་དོན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དོན་དམ་པ་བདེན་གྲུབ་ཏུ་ཡོད་དེ། ཅི་ཡང་མེད་པ་ལ་ནི་དགག་གཞི་མེད་པས་ན་སྟོང་པའི་ཐ་སྙད་ཙམ་ཡང་བརྗོད་དུ་མི་རུང་ངོ་། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པ་ཐམས་ཅད་གཟུང་འཛིན་དུ་ཀུན་བཏགས་པའི་ཡུལ་ལ་དགོངས་ཤིང་མཚན་ཉིད་གསུམ་སོ་སོར་ཀུན་བཏགས་མཚན་ཉིད་ངོ་བོ་མེད་པ། གཞན་དབང་རང་ལས་སྐྱེ་བའི་ངོ་བོ་མེད་པ། ཡོངས་གྲུབ་དངོས་པོའི་ངོ་བོ་མེད་པ་ལ་དགོངས་པ་ཡིན་གྱི། ཤེས་པ་རང་གསལ་ཙམ་ནི་འཁོར་འདས་ཀྱི་གཞིར་ཡོད་པས་དེ་དགག་པ་མིན་པས་ན་རྒྱལ་བའི་དགོངས་པ་མཐར་ཐུག་སེམས་ཙམ་གྱི་ཚུལ་འདི་ལས་གཞན་དུ་མེད་པར་འདོད་པའོ། །སྒོམ་པ་དམིགས་པའི་གཞི་ནི་བདག་མེད་པ་ཡིན་པས་གཞན་དབང་ཆོས་ཅན་དོན་དམ་ལ་ཡང་བློ་མི་གཏད་པར་ཅི་ཡང་མི་དམིགས་པའི་ངང་ལ་བཞག་པ་སྟེ། ས་བསྡུ་བ་ལས། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལའང་མི་གནས་སོ། །ཞེས་སོ། །གང་ཟག་གི་བདག་དང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་བདག་དང་བྲལ་བའི་མི་དམིགས་པའི་ངང་ལ་བློ་འཇོག་པའོ། །སྤྱོད་པའི་བདག་ཉིད་ནི་སེམས་སྐད་ཅིག་གི་ཕྲེང་བ་ཙམ་ལ་བདག་ཏུ་ཞེན་ནས་སེམས་ཅན་དུ་སྒྲོ་བཏགས་པའི་འགྲོ་བ་དཔག་ཏུ་མེད་པ་ལ་དམིགས་ནས་གཞན་དོན་དུ་བསྐལ་པ་གྲངས་མེད་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །ཐེག་པ་ཆེན་པོ་ཡིན་པས། དམིགས་པ་བརྩོན་འགྲུས་སྒྲུབ་པ་ལ་སོགས་པ་ཆེན་པོའི་ཁྱད་ཆོས་དང་ལྡན་པས་ན། དམིགས་པ་སེམས་ཅན་དུ་བཏགས་པའི་འགྲོ་བ་དཔག་མེད་ལ་དམིགས་ནས། དུས་གྲངས་མེད་གསུམ་ལ་སོགས་པ། སྤྱོད་པ་ཕར་ཕྱིན་དྲུག་ལ་སྤྱོད་པའོ། །གྲུབ་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་ལ་སོགས་པའི་ཡོན་ཏན་གྱི་རྣམ་དབྱེ་བསམ་གྱིས་མི་ཁྱབ་ཀྱང་། བདེན་པ་གཉིས་ཀྱིས་ཕྱེས་ཡོང་ན་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་དག་པ་འབའ་ཞིག་ཡུལ་དུ་བྱེད་པ་དེ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྟེ་དོན་དམ་ཡིན་ལ། རྗེས་ཐོབ་སྣོད་བཅུད་ལ་སོགས་པ་མཁྱེན་པའི་རྟོགས་པ་ནི་གཞན་དོན་སྤྲུལ་པ་འབྱུང་བ་དང་། འོག་མིན་གྱི་ཞིང་གིི་རྒྱན་བཀོད་པར་སྣང་བ་ལོངས་སྤྱོད་རྫོགས་པའི་སྣང་བ་དང་བཅས་པ་ནི་དག་པ་གཞན་དབང་ཞེས་པ་ཀུན་རྫོབ་སྟེ། ཆོས་དབྱིངས་ཡེ་ཤེས་མ་གཏོགས་པའི་ཡེ་ཤེས་བཞི་དང་བཅས་པ་རྫས་ཐ་དད་དོ། །དེ་དག་ཀྱང་སྔར་བཤད་པ་ལྟར་ཡུལ་དོན་སེམས་སུ་བག་ཆགས་པ་ཀུན་གཞི་དང་བཅས་པ་གནས་གྱུར་པའི་འབྲས་བུའོ། །གནས་འགྱུར་ལུགས་ཇི་ལྟར་འགྱུར་བ་ཡིན་ན། མཚན་ཉིད་གསུམ་པོ་དེ་ལས་གཞན་དབང་མ་དག་པ་ཡུལ་དུ་སྣང་བ་གནས་གྱུར་པས་ཞིང་དག་པའོ། །དོན་དང་སེམས་སུ་བཅས་པ་དག་ཅིང་གནས་གྱུར་པས་ཡེ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་གནས་གྱུར་པས་མེ་ལོང་ཡེ་ཤེས་སོ། །ཡིད་ཤེས་གྱུར་པས་མཉམ་ཉིད་ཡེ་ཤེས་སོ། །ཉོན་ཡིད་གྱུར་པས་སོར་རྟོག་ཡེ་ཤེས་སོ། །སྒོ་ལྔའི་རྣམ་ཤེས་གྱུར་པས་བྱ་གྲུབ་ཡེ་ཤེས་སོ། །རྟེན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལོག་ནས། དོན་གྱི་ཀུན་གཞིར་བཞག་པའི་ཆ་སྒྲིབ་པ་རྣམས་དག་པས། དོན་མངོན་དུ་གྱུར་ཏེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་པའི་བདག་ཉིད་འཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འབྱུང་བའོ་ཞེས་འདོད་པ་ཡིན་ནོ། །གྲུབ་པའི་འབྲས་བུ་ནི་གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞིང་དང་སྐུ་དང་ཕྲིན་ལས་ཀྱི་ཚུལ་ཚད་མེད་པས་མཛེས་པ་ཡིན་ལ། དེ་ཡང་མཉམ་བཞག་མི་རྟོག་པའི་པའི་ཡེ་ཤེས་ཆོས་ཉིད་དག་པ་འབའ་ཞིག་ཡུལ་དུ་བྱེད་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། རྗེས་ཐོབ་གཞན་དོན་གཟིགས་པ་ལོངས་སྐུའི་སྣང་བ་དང་བཅས་པ་དག་པ་གཞན་དབང་ཡིན་པས། ཡུལ་དོན་སེམས་སུ་བག་ཆགས་པ་ཀུན་གཞི་དང་བཅས་པ་གནས་འགྱུར་བའི་ཆ་ཡིན། གཉེན་པོས་སྤང་བྱ་བཅོམ་ཞེས་པ་མེ་དང་གྲང་རེག་ལྟར་རྫས་ཐ་དད་ལ། རྒྱུན་འཇུག་པ་དང་འགལ་བར་བསྐྱེད་པའི་གནོད་བྱ་དང་གནོད་བྱེད་དུ་གྱུར་པ་ཚོགས་བརྒྱད་དུ་སྨྲ་བས། ཀུན་གཞི་ས་བོན་གྱི་ཆ་གནོད་བྱ་ལ། བདག་མེད་གོམས་པའི་ཡིད་གནོད་བྱེད་ཀྱི་མཐུས་བསྐྱེད་པའི་ནུས་པ་མེད་པར་བྱས་པ་མ་ཡིན་ཏེ། དར་ལ་བབ་པའི་རྫས་ཀྱི་རྒྱུན་ཉིད་རྒན་པོར་སྐྱེས་པ་ན་རྒྱུན་དེ་ཉིད་སྔར་གྱི་དར་ལ་བབ་པའི་རྣམ་པ་ཅན་ལོག་པས་རྒས་པས་ལང་ཚོ་བཅོམ་ཞེས་བརྗོད་པ་ལྟར། །ཕྱིན་ཅི་ལོག་པའི་རྣམ་པ་ཅན་གྱི་ཤེས་པའི་རྫས་ཀྱི་རྒྱུན་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཤེས་པར་སྐྱེས་ལ། དེ་ལ་ཕྱིན་ཅི་ལོག་བསྐྱེད་པའི་ནུས་པ་མེད་པར་གྱུར་པ་ཉིད་ལ་གཉེན་པོས་སྤང་བྱ་བཅོམ་པ་ཞེས་བརྗོད་པས། ཕྱིས་འབྱུང་པའི་གཉེན་པོས་སྔར་ཡོད་པའི་སྤང་བྱ་སྤོང་བར་བརྗོད་པ་ཡིན་ནོ། །དེ་དགག་པ་ནི་བདག་གཉིས་དང་སྤྱི་མཚན་དོན་ལ་མེད་པ་དང་། སྒོམ་པ་ཅིར་ཡང་མི་དམིགས་པ་དང་། བག་ཆགས་མེད་པའི་བྱང་ཆུབ་འགྲོ་དོན་རྒྱུན་མི་འཆད་པར་ལྷུན་གྲུབ་ཏུ་འབྱུང་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང་། རྗེས་ཐོབ་ཀུན་རྫོབ་དག་པའི་ཞིང་ཁམས་སྣང་བ་དང་བཅས་པ་དགག་བྱ་མིན་པ་བདེན་མོད་ཀྱི། འོན་ཀྱང་བདེན་པར་ཞེན་པའི་དབང་གིས་སྐྱོན་གཉིས་ཏེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །དང་པོ་ལ་གཉིས་ཏེ། རིགས་པ་མེད་པ་དང་། ལུང་མེད་པའོ། །དང་པོ་ལ་ཕྱིའི་དོན་མེད་པའི་སྒྲུབ་བྱེད་ནི་མི་དགག་སྟེ་དེ་ནི་ཐེག་ཆེན་ཐུན་མོང་གི་འདོད་པ་ཡིན་པས་དགག་བྱ་མིན་ལ། དོན་དངོས་པོ་བ་ཡོད་པར་ཁོ་བོ་ཅག་ཀྱང་མི་འདོད་པས་སོ། །འོན་ཀྱང་དོན་སྣང་སེམས་སུ་འདོད་པ་མི་འཐད་དོ། །གྲུབ་པའི་མཐའ་དེ་དག་ལ་བརྟགས་ན་ཕྱི་དོན་བདེན་པ་མེད་པར་གྲུབ་ཀྱང་། ནང་གི་ཤེས་པའང་བདེན་པར་མ་གྲུབ་པས་ན་ཐ་སྙད་དུ་སྣང་ངོས་ན་ཡོད་མཉམ་དང་། དོན་དམ་གནས་ཚུལ་ལ་མེད་མཉམ་དུ་གནས་པས། ཕྱི་དོན་མེད་ལ་ཤེས་པ་ཡོད་པའང་མི་གྲུབ་བོ། །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་སངས་རྒྱས་ཀྱིས་གསུངས་སོ་ཞེ་ན། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་རྣམས་ཚང་བའི་དྲང་དོན་ཡིན་པས་དགོངས་པ་ཅན་ཏེ། དགོངས་གཞི་ནི་ཐམས་ཅད་སེམས་གཙོ་ཆེ་བས་འཁོར་བའི་སྐབས་འདིར་ལམ་རིམ་བགྲོད་ཀྱི་བྱེད་པ་ཙམ་ལ་དགོངས་ཏེ་སེམས་ལ་དབང་མ་ཐོབ་ན་ལས་དང་ཉོན་མོངས་པས་འཁོར་བར་འཁྱམས་པ་དང་། སེམས་ལ་དབང་ཐོབ་པ་ལ་ཕྱོགས་ན་ཐར་པ་འདོད་པ་དང་ཐར་བ་ཐོབ་ནས་ཡོན་ཏན་གོང་དུ་མཆེད་པ་ལ་སོགས་པ་བག་ཆགས་ཡོད་རིང་ལ་སེམས་ཀྱི་འདུ་བྱེད་གཙོ་ཆེར་བྱེད་པར་སྣང་བ་ཙམ་གྱི་དགོངས་གཞི་ཡོད་པའི་ཕྱིར་རོ། །དགོས་པ་ནི་དོན་ལ་གཞན་དངོས་པོ་རང་མཚན་དུ་ཞེན་པ་རྣམས་ཁེགས་པས་ཆགས་སྡང་རང་ཁ་བ་རྣམས་མངོན་གྱུར་ལྡོག་པའི་ཆེད་དུ་གསུངས་པ་ཙམ་མོ། །ཡང་སྟོང་ཉིད་ལ་རིམ་གྱིས་གཟུད་བའི་ཐབས་སུ་གསུངས་ཏེ། བྱམས་པས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་རྫས་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་གསུངས་པར་མཛད། །ཅེས་པ་དང་། གཟུགས་ལ་ལྷག་པར་ཆགས་པའི་སྐྱེ་བོ་དག །གཟུགས་ལྡོག་པ་སྟེ་དེ་ཡང་དྲང་དོན་ཡིན། །ཞེས་སོ། །དངོས་ལ་གནོད་བྱེད་ནི་རི་ཁང་བཟང་ལ་སོགས་རང་གི་སེམས་སུ་གྲུབ་ན་ཧ་ཅང་ཐལ་བའི་ཕྱིར་རིགས་པས་གནོད་པ་ཉིད་སྔར་ཡང་བརྗོད་ལ། འདིར་ཡང་སྤྲོས་པས་ཆོག་གོ །འདིར་ལྟར་སྣང་བའི་ཆོས་ཐམས་ཅད་སེམས་ཡིན་ན་རི་ར་བ་ཁང་ཁྱིམ་སོགས་ཀྱང་སེམས་ཡིན་དགོས་ཤིང་། དེ་ལྟར་འདོད་ན་ཧ་ཅང་ཐལ་ལོ། །གནོད་བྱེད་ཡོད་པ་ལ་གསུམ་སྟེ། རིགས་མི་འཐད་པ། ཐུབ་པའི་དགོངས་པ་མ་ཡིན་པ། རང་གི་རྣམ་གཞག་འགལ་བའོ། །དང་པོ་ལ་དགུ་སྟེ། རིགས་ངེས་པ་དགག་པ། གཞན་དབང་སྤྱིར་དགག་པ། ཚོགས་བརྒྱད་གཅིག་མི་གཅིག་ཏུ་མི་རུང་བ། ཀུན་གཞི་དང་། ཉོན་ཡིད་དང་། གཙོ་འཁོར་མི་དམིགས་པ་དང་། འགོག་པ། དེ་བཞིན་ཉིད། མཁྱེན་ཚུལ་དགག་པའོ། །དང་པོ་ལ་གསུམ་སྟེ། ས་བོན་མ་གྲུབ་པ། རྒྱུ་མེད་དུ་འགྱུར་བ། རྣོ་རྟུལ་མ་ངེས་པའོ། །དང་པོ་ནི་ཟག་པ་མེད་པའི་ས་བོན་ཆོས་ཉིད་ཀྱིས་གནས་པ་མི་རུང་སྟེ། ས་བོན་ནི་ནུས་པ་བསྐྱེད་ནུས་ཅན་ཡིན་པས་ནུས་པ་སྔར་ནས་བཀག་པའི་ཕྱིར་རོ། །གཉིས་པ་ནི་དབང་པོ་རྣོ་བ་ཉིད་རྒྱུ་མེད་དུ་ཐལ་ཏེ་རིགས་ཡོད་པའི་ཕྱིར་རྣོ་བའི་རྒྱུ་ལས་མ་བྱུང་བའི་རྣོ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་སྐྱེ་བ་གཏན་དུ་དབང་པོ་རྣོན་པོའམ་རྟུལ་པོར་གནས་མི་སྲིད་དེ། རྣོན་པོའང་སྡིག་པ་འགའ་ཞིག་གིས་འགྲིབ་ཅིང་རྟུལ་པོའང་དགེ་བ་འགའ་ཞིག་གིས་འཕེལ་བའི་ཕྱིར་ལམ་ཆུང་བའི་དབྱར་སྔ་ཕྱི་བཞིན་ནོ། །ལམ་ཆུང་པས་དབྱར་སྔ་མའི་སྐབས་སུ་དབང་པོ་རྟུལ་ནས་ཨོཾ་བྷི་ཞེས་པ་ཞིག་མ་ཤེས་ཀྱང་དབྱར་ཕྱི་མའི་སྐབས་སུ་དགྲ་བཅོམ་ཐོབ་ནས་ཤེས་རབ་ནས་རྒྱས་པ་ལྟ་བུའོ། །ཡང་སངས་རྒྱས་ཀྱི་རིགས་ཅན་དབང་པོ་རྣོན་པོར་འཇོག་ན་བདེ་གཤེགས་སྙིང་པོའི་སེམས་ཅན་ཀུན་ལ་ཁྱབ་ཅིང་དེ་ཉིད་སངས་རྒྱས་ཀྱི་རིགས་ཡིན་པས་ན་སེམས་ཅན་ཐམས་ཅད་རྣོན་པོར་ཐལ་བས་རྟུལ་པོ་མི་སྲིད་པའི་ཕྱིར་རོ། །དེ་ལ་ལྟོས་པའི་རྣོན་པོའང་ལྟོས་པ་མ་གྲུབ་པས་མ་གྲུབ་པར་ཐལ་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །རིགས་ངེས་ཏེ་འཁོར་བ་ཙམ་ཟད་པར་སུ་ཡང་མི་འདོད་པས་གཏན་དུ་འཁོར་བར་གནས་པ་དེ་ཉིད་ལ་རིགས་ཆད་པའི་གང་ཟག་ཅེས་པ་ཐ་སྙད་བྱ་སྟེ། ཐར་པ་ཐོབ་པ་མི་སྲིད་པའི་ཕྱིར་རོ་ཞེ་ན་གཏན་དུ་འཁོར་བར་གནས་པ་མི་སྲིད་མོད་ཀྱི། འཁོར་བའི་རྫས་ལ་ཟད་པའི་ཐ་མ་ཡོད་ཅིང་། རིགས་ལ་ཐ་མ་མེད་པས་སྐྱོན་གང་ཡང་མེད་དེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་མཐའ་བཞིན་ནོ། །དེ་ཡང་གང་ཟག་སྒེར་གྱི་རྫས་ལ་བསམ་ན་མཐའ་ཡོད་དང་། སྤྱི་རིགས་ལ་བསམ་ན་མཐའ་མེད་དེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་རེ་རེའི་དབང་དུ་མཐའ་ཡོད་ཅིང་། སྤྱི་ལ་མཐའ་མེད་པ་བཞིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་པ་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་ལས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང་ཆུབ་ཀྱི་མཐའ་ཐུག་པ་ཅན་ཡིན་ཏེ་ཞེས་སོ། །དེས་ན་རིགས་ཡོད་པ་གང་ཞིག་ལ་དགེ་རྩ་ཕྲ་མོ་ས་བོན་དུ་བཞག་པ་གཉིས་རྐྱེན་ནུས་པ་སྨིན་པས་སད་དེ་བྱང་ཆུབ་ཏུ་འགྲོ་བ་མཐའ་ཡས་ཡོད་པ་ཡང་། དཀོན་མཆོག་གསུམ་མཐོང་བ་ཙམ་དང་། དཀོན་མཆོག་གསུམ་གྱི་མཚན་ལ་སོགས་པའི་སྒྲ་ཐོས་པ་དང་། བདེ་བར་གཤེགས་པའི་མཆོད་རྟེན་ལ་གུས་པའི་སེམས་ཀྱིས་ཐ་ན་ཐལ་མོ་ཡ་གཅིག་སྦྱར་རམ། གཡས་ཕྱོགས་སུ་བཞག་ནས་བསྐོར་བའི་ཕྱོགས་སུ་གོམ་པ་གཅིག་དོར་རམ། མཆོད་པའི་རྫས་སུ་མེ་ཏོག་གམ་ཆུ་ཐིགས་པ་གཅིག་ཕུལ་ལམ། དེ་བཞིན་དུ་མ་དད་པའི་སེམས་ཀྱིས་སངས་རྒྱས་ཆོས་དང་དགེ་འདུན་ལ་སྨད་པའང་རུང་སྟེ། དཀོན་མཆོག་ལ་བརྟེན་པའི་ལས་ཐམས་ཅད་མཐར་ཐར་པ་ཆ་མཐུན་དུ་འགྱུར་བས་འདིའི་ནམ་ཞིག་འཁོར་བ་མཐའ་ཅན་དུ་འགྱུར་བ་ནི། སྔོན་སངས་རྒྱས་རྣམས་ཀྱིས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཡིས་དེ་ལ་བརྟེན་པའི་ལས་ཐམས་ཅད་ཐར་བ་ཆ་མཐུན་དུ་འགྱུར་ནས་བྱང་ཆུབ་ཐོབ་སྟེ་ཡུལ་ཁྱད་པར་ཆེ་བའི་ཕྱིར་རོ། །དམ་པའི་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དང་བའི་སེམས་ཀྱིས་ཐལ་མོ་སྦྱར་བའམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟ་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེད་པར་མཐོང་། །བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དངོས་སུ་བཞེངས་པ་ལ་བསོད་ནམས་ཆེན་པོ་ཐོབ་རྒྱུ་ཡོད་པ་ལྟ་ཞོག ཐ་ན་ལན་ཅིག་རྩེད་མོས་ཚུལ་དུ་ས་ཐོག་ཏུ་མཆོད་རྟེན་ལ་སོགས་པའི་ས་རིས་སུ་བྲིས་པའང་མཐར་སངས་རྒྱའོ། །དེའང་སེམས་དགེ་བ་དང་ལུང་མ་བསྟན་ལྟ་ཞོག དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པ་དང་། མཆོད་རྟེན་བཤིག་པ་དང་། གསུང་རབ་འཚོང་བ་ལ་སོགས་པའང་། གནས་སྐབས་ངན་འགྲོར་འགྲོ་ཡང་མཐར་ཐུག་བྱང་ཆུབ་འགྲུབ་སྟེ། མཐོང་བ་དང་ཐོས་པ་དང་། རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་དེ་དག་སངས་རྒྱས་ཀྱི་བདེན་པས་མཆོད་རྟེན་དུ་བྱིན་གྱིས་བརླབས་པ་ཉིད་དང་། བྱང་ཆུབ་སེམས་དཔའི་གནས་སྐབས་ན་བདག་ལ་བརྟེན་པའི་དགེ་བའམ་མི་དགེ་བ་ཅི་བྱས་པ་བྱང་ཆུབ་ཏུ་གྱུར་ཅིག་པའི་སྨོན་ལམ་བཏབ་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི། དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་གང་གནོད་པ་བྱེད་པ་དང་། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཞེས་པ་དང་། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་པ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་ཅན་ལ་ལ་ཞིག་གིས་ལས་ཀྱི་སྒྲིབ་པ་ཀུན་ཏུ་འཁོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ན་ཡང་། དེ་དག་གིས་མཐོང་བའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དོན་ཡོད་དོ་ཞེས་སོ། །དེས་ན་སེམས་ཅན་རྣམས་འཁོར་བ་ལས་ཐར་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཐའ་ཡས་པ་མཛད་པ་དང་། སེམས་ཅན་ཡང་སངས་རྒྱས་ཀྱི་རིགས་ཅན་ཡིན་པས་རིམ་གྱིས་མྱ་ངན་ལས་འདའ་བ་འདི་ནི་མདོ་རྒྱུད་ཀུན་ན་གསལ་བར་བཞུགས་པས། ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བ་མི་འཐད་དེ། དུས་རིང་ཞིག་མི་ཐར་པ་ལ་དགོངས་སོ། །འོ་ན་འཁོར་བ་ལ་མཐའ་ཡོད་པར་ཐལ་ཞེ་ན། ཐམས་ཅད་བྱང་ཆུབ་ཏུ་རིམ་གྱིས་སངས་རྒྱ་བར་ཁས་བླངས་ཀྱི། མཐའ་ཡོད་པར་ཁས་མ་བླངས་ཏེ། སངས་རྒྱས་པ་དེ་མྱང་འདས་ཡིན་གྱི་འཁོར་བའི་མཐའ་མ་ཡིན་ཏེ། འཁོར་བའི་མཐའ་འཁོར་བ་ཡིན་པའི་ཕྱིར་ཏེ། ཞིང་གི་མཐའ་ཞིང་ཡིན་པ་བཞིན་ནོ། །གཤིས་ལ་གང་ཡང་མ་གྲུབ་པས་འཆིང་གྲོལ་དང་ཐོག་མཐའ་མེད་པའི་ཕྱིར་ཡང་མཐའ་ཡོད་མེད་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་རྟེན་ནི་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དུ་ཇི་ལྟར་འགལ། །ཐོག་མ་ཉིད་ནས་རིམ་གྱིས་ནི། །རང་བཞིན་རྟག་ཏུ་མེད་པར་གྲུབ། །དངོས་པོ་རང་བཞིན་གྱིས་གྲུབ་པ། །རང་བཞིན་མེད་ཉིད་བརྗོད་མ་ཡིན། །དེ་སྐད་བརྗོད་ནས་སེམས་ཀྱིས་ནི། །བདག་གི་གནས་པ་སྤངས་པ་ཡིན། །རང་གི་རང་བཞིན་ལས་འདས་པ། །འདི་ནི་ཆོས་རྣམས་ཡོད་མ་ཡིན། །ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་སོ། །མདོར་ན་རིགས་རང་བཞིན་གྱིས་གྲུབ་པ་མེད་དེ་ཤེས་པ་རང་བཞིན་མ་གྲུབ་པའི་ཕྱིར། དབང་པོའི་རྣོ་རྟུལ་ལ་སོགས་པ་རྐྱེན་ལས་བསྒྱུར་རུང་བའི་ཕྱིར་དང་། སེམས་རང་བཞིན་གྱིས་འོད་གསལ་ཞིང་དྲི་མ་གློ་བུར་བ་སྦྱང་རུང་བ་དང་། དྲི་མ་ཟད་པའི་གཉེན་པོ་མཆོག་གསུམ་ལ་བརྟེན་པ་ཕྲ་མོ་ཡང་ཆུད་མི་ཟ་བས་ན་རིགས་ཆད་པའང་མེད་དོ། །གཞན་གྱི་དབང་སྤྱིར་དགག་པ་ནི། དངོས་པོར་སྣང་བ་གང་ལའང་རང་བཞིན་ཅུང་ཟད་ཀྱང་མེད་པའི་ཕྱིར་གཞན་དབང་ཞེས་པ་དེ་ཉིད་དོན་ལ་མེད་དེ་ཆུའི་ཟླ་བ་བཞིན་ནོ། །ཆུ་ཟླ་དང་ནམ་མཁའི་ཟླ་བའང་མི་མཚུངས་པའམ་མེད་པར་མཚུངས་ཏེ། མིག་ལམ་དུ་སྣང་བ། རྐྱེན་ལས་བྱུང་བ། བག་ཆགས་འཁྲུལ་པའི་རྒྱུས་སྐྱེད་པར་ཐ་མི་དད་པའི་ཕྱིར་རོ། །དེས་ན་ཕྱི་རོལ་སྣ་ཚོགས་སུ་སྣང་བ་གཞན་དུ་མ་གྲུབ་སྟེ། རང་གི་སེམས་ཀྱི་བག་ཆགས་བརྟས་པར་ཐ་སྙད་དུ་གྲགས་ལ། དོན་དམ་དུ་མ་གྲུབ་པའི་ཕྱིར་རོ། །གཞན་མེད་པ་ཁེགས་པའི་ཚེ་ན་གཞན་དབང་ཡོད་པའང་རང་ཤུགས་ཀྱིས་ཁེགས་ཏེ། འདྲེ་མེད་པས་འདྲེ་དབང་ཁེགས་པ་བཞིན་ནོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེས་ན་གཞན་དབང་མི་རུང་སྟེ། སྐད་ཅིག་སྔ་མས་བསྐྱེད་པའི་ཕྱིར་དང་། སྐད་ཅིག་གཉིས་པར་འགྱུར་བའི་ཕྱིར་དང་། ལྟོས་པ་བ་མཚན་མཚོན་དང་གཞན་དབང་གི་ལྡོག་པ་དང་། རྟེན་འབྲེལ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་ནི་ཡོད་པ་སྟེ། ཞེས་པའི་ལུང་དེའང་ཐ་སྙད་དུ་ཡོད་པར་སྣང་ཙམ་ལ་དགོངས་ཀྱི་དངོས་པོ་ལ་མེད་དེ། སྔ་མ་ཏིང་འཛིན་རྒྱལ་པོ་ལས། བློ་ཡིས་རབ་ཏུ་གཞིག་ན་ནི། །བརྟག་པ་མེད་ཅིང་གཞན་དབང་མེད། །གྲུབ་པའི་དངོས་པོའང་ཡོད་མིན་ན། །ཇི་ལྟར་བློ་ཡིས་རྣམ་པར་བརྟག །ཅེས་སོ། །མདོར་ན་རྐྱེན་ལས་སྐྱེས་པའི་ཕྱིར་གཞན་དབང་བདེན་པ་མེད་དོ། །གསུམ་པ་ཚོགས་བརྒྱད་གཅིག་དང་ཐ་དད་དུ་མི་རུང་བ་ནི་རྣམ་ཤེས་བརྒྱད་རྫས་གཅིག་ཏུ་མི་རུང་སྟེ། རྫས་གཅིག་ན་མིག་གིས་ཀྱང་སྒྲ་ཐོས་པ་ནས་ཐམས་ཅད་གཅིག་པ་ནས་གཅིག་གིས་བྱ་བ་ཐམས་ཅད་ཀྱིས་བྱེད་ཆོག་པའི་ཕྱིར་ན་དབང་པོ་འགའ་རེ་མ་ཚང་བའི་འོན་ལོང་སོགས་མེད་པར་ཐལ་བའི་ཕྱིར་རོ། །དེ་དག་རྫས་གཅིག་ཏུ་འདོད་པ་ཡིན་པས་ཡིད་ཤེས་རྟོག་པ་དང་སྒོ་ལྔ་རྟོག་མེད་དུ་བཞག་པའང་མི་རུང་བར་རྟོག་མེད་ཡིན་ན་ཐམས་ཅད་རྟོག་མེད་དང་། རྟོག་བཅས་ཡིན་ན་ཐམས་ཅད་རྟོག་བཅས་ཡིན་དགོས་པར་ཐལ་ཞིང་། མིག་འབྲས་ལྟ་བུའི་གོ་ས་རེ་རེ་ནའང་ཚོགས་བརྒྱད་པོ་གནས་པར་ཐལ་བའི་ཕྱིར་རོ། །དེས་ན་ཚོགས་བརྒྱད་གཅིག་ཏུའང་མི་རུང་ལ། ཐ་དད་དུའང་མི་རུང་བ་སྟེ་ཐ་དད་ཡིན་ན་སེམས་མེད་ཤི་བའི་མིག་དབང་གིས་ཀྱང་གཟུགས་མཐོང་བ་ཐལ་བ་ལ་སོགས་པའི་སྐྱོན་འབྱུང་བ་ཡིན་ནོ། །ཕན་ཚུན་ལྟོས་པ་རྟེན་འབྲེལ་གྱི་དབང་ལས་བྱུང་བས་དོན་ལ་གྲུབ་པ་ཞིག་མེད་དོ་ཞེས་སོ། །ཀུན་གཞི་དགག་པ་ལའང་གསུམ་སྟེ། རྒྱུན་བརྟན་པ་དགག་པ། དམིགས་པ་དགག་པ། ས་བོན་དགག་པའོ། །དེའང་བག་ཆགས་ཀྱི་ཀུན་གཞི་འཁོར་བའི་ས་པ་དེ་ཉིད་མེད་ལ་ཡོད་པར་སྣང་བའི་ཕྱིར་དགག་དགོས་པ་ཡིན་ལ་དེ་བཞིན་ཉིད་ལ་ཀུན་གཞིའི་སྒྲས་སྙད་པའི་དོན་དམ་གྱི་ཀུན་གཞི་བདེན་པ་བར་འདོད་ནའང་དེ་ལ་ཞེན་པ་ལྡོག་པའི་ཕྱིར་དགག་དགོས་སོ། །དང་པོ་རྒྱུན་བརྟན་པ་དགག་པ་ནི་རྫས་སྐད་ཅིག་མཐུད་པའི་རྒྱུན་བརྟན་པ་ཉིད་མི་རུང་སྟེ། དེ་ལྟ་བུའི་རྫས་རྒྱུན་དེ་དུས་མཉམ་པ་ལ་མཐུད་དང་མི་མཉམ་པར་མཐུད། དུས་མཉམ་པ་ལ་མཐུད་པ་མེད་དེ། མཐུད་མི་དགོས་པའི་ཕྱིར་ཏེ་དུས་མཉམ་པས་ན་གང་མཐུད་བྱ་མ་འགགས་པའི་ཕྱིར་དང་། མི་མཉམ་ན་མཐུད་དུ་མེད་དེ་འགག་པ་དང་མ་འགགས་པ་རྫས་འགལ་བའི་ཕྱིར་དང་། སྐད་ཅིག་ལ་ཆ་མེད་པས་ཕྲད་པ་མ་གྲུབ་པས་ཀྱང་ཁེགས་པའི་ཕྱིར་རོ། །དེས་ན་རྫས་བརྟན་པ་དུས་སྐད་ཅིག་དུ་མ་ལྟར་དུ་རྒྱུན་ཡང་དུ་མ་འགྱུར་དགོས་པ་དང་། འདས་པའི་རྒྱུན་འགགས་ནས་མེད་པ་དང་མ་འོངས་པའིི་རྒྱུན་མ་སྐྱེས་ནས་མེད་པའི་ཕྱིར་ཏེ། བདེན་གཉིས་ལས། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །ཞེས་པ་དང་། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་སོ། །དམིགས་པ་དགག་པ་ནི། ཀུན་གཞིས་སྣོད་བཅུད་རྒྱ་ཆེ་བ་ལ་དམིགས་པར་མི་རུང་སྟེ། གང་ལ་དམིགས་པའི་སྣོད་བཅུད་ཀྱི་དོན་སྤྱི་དེ་སྣང་བ་ཡིན་ནམ་མེད་པ་གསལ་སྣང་ཡིན། སྣང་བ་ཡིན་ན་རྟོག་པས་མངོན་སུམ་གྱིས་ངེས་པར་འགྱུར་ཞིང་། གལ་ཏེ་མེད་པར་གསལ་བ་ཡིན་ན་ཀུན་གཞི་དེས་སྣོད་བཅུད་དངོས་ལ་མ་དམིགས་པར་གྱུར་ལ། དོན་རང་མཚན་སྣང་བ་ཡིན་ན་དེ་ལ་མིག་ལ་གཟུགས་སྣང་བ་ལྟར་དུ་མུན་པ་དང་སྒྲིབ་བྱེད་ཀྱིས་སྒྲིབ་ཅིང་གནོད་པར་ཐལ་བའི་ཕྱིར་དང་། སྣོད་བཅུད་ཙམ་ལ་དམིགས་ན་རང་གི་འཁོར་དགུ་པོ་ལའང་དམིགས་པར་ཐལ་བའི་ཕྱིར་རོ། །ས་བོན་དགག་པ་ལ་གསུམ་སྟེ། རྣམ་སྨིན་དང་གཅིག་མི་གཅིག་ཏུ་མི་འཐད། བག་ཆགས་བགོས་པ་དགག ནུས་པ་དགག་པའོ། །དང་པོ་ནི་རྒྱུ་ས་བོན་གྱི་ཆ་ཉིད་འབྲས་བུ་རྣམ་སྨིན་དང་ཐ་དད་དུ་མི་རུང་སྟེ། ཀུན་གཞིའི་ས་བོན་འཇོག་བྱེད་ལས་མ་བྱུང་བས་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་། རྣམ་སྨིན་དང་ས་བོན་གྱི་ཆར་གྱུར་བའི་ཀུན་གཞིའི་རྫས་གཉིས་ཡོད་པས་ན་དེ་ཉིད་རྒྱུད་གཉིས་སུ་ཐལ་བའི་ཕྱིར་རོ། །ས་བོན་དང་རྣམ་སྨིན་གྱི་ཆ་གཅིག་པར་ཡང་མི་རུང་སྟེ་ཆ་ཤས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་གཉིས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི་བགོ་བྱ་བགོ་བྱེད་གཉིས་དུས་མཉམ་དང་མི་མཉམ། བགོ་བྱ་བགོ་བྱེད་གཉིས་དུས་མཉམ་པ་མི་རུང་སྟེ་བག་ཆགས་དེ་བགོ་བྱ་བགོ་བྱེད་ཆ་གཉིས་སུ་ཐལ་བའི་ཕྱིར་རོ། །དེ་གཉིས་དུས་མི་མཉམ་ན་བགོས་པར་མི་རུང་སྟེ། བགོ་བྱ་ཡོད་དུས་བགོ་བྱེད་མེད་པའི་ཕྱིར་རོ། །ནུས་པ་དགག་པ་ནི། སྤྱིར་གང་ལའང་གང་གིས་ནུས་པ་ཉིད་མི་སྲིད་དེ། ནུས་པ་རྒྱུ་ལས་བྱུང་བས་རྒྱུ་འགགས་ན་སྐྱེ་རྒྱུ་མེད་པས་ནུས་པ་མ་གྲུབ་ལ། མ་འགགས་པ་ལས་སྐྱེ་བ་མི་སྲིད་དེ་རྟག་དངོས་གཞི་མཐུན་པ་ཞིག་མི་སྲིད་པས་ནུས་པ་ཁེགས་སོ། །དེས་ན་འཁྲུལ་སྣང་དུ་ཀུན་གཞིར་བརྗོད་ཀྱང་རྨི་ལམ་བཞིན་ཏེ་དངོས་པོ་ལ་མེད་པས་གྲུབ་པ་མི་སྲིད་དོ། །ལངྐར་གཤེགས་པ་ལས། རང་རིག་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་པོ་མེད། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་སོ། །ཀུན་གཞིའང་སྐད་ཅིག་མའི་ཕྲེང་བ་ལ་རྒྱུན་བརྟན་པ་དོན་ལ་མ་གྲུབ་ལ། འདིས་དམིགས་པ་དང་ས་བོན་དང་རྣམ་སྨིན་ཐམས་ཅད་ཀྱང་དུ་མ་ཡིན་པའི་ཕྱིར་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཉོན་ཡིད་མེད་དེ་ཉོན་ཡིད་ཀྱིས་ཀུན་གཞི་ལ་དམིགས་པར་འདོད་པས། དམིགས་པའི་ཡུལ་ཀུན་གཞི་མེད་པའི་ཕྱིར་དང་། ཉོན་མོངས་པ་དོན་དུ་མ་གྲུབ་པའི་ཕྱིར་དང་། ཡིད་ཀྱང་རྒྱུན་དང་སྐད་ཅིག་ཏུ་མ་གྲུབ་པའི་ཕྱིར་ཉོན་ཡིད་ཁེགས་པ་ཡིན་པའི་ཕྱིར་རོ། །གཙོ་འཁོར་ཕན་ཚུན་མི་དམིགས་པའང་མི་རུང་སྟེ། མ་དམིགས་ན་ཡིད་ཤེས་ཀྱི་ཡུལ་ཆོས་ཐམས་ཅད་མ་ཡིན་པར་ཐལ་བའི་ཕྱིར་དང་། ཀུན་གཞིས་སྣོད་བཅུད་ཐམས་ཅད་ལ་མ་དམིགས་པར་ཐལ་བ་དང་། དེ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཆོས་ད་ལྟར་བ་རྣམས་མི་སྣང་བར་ཐལ་བའི་ཕྱིར་རོ། །འགོག་པ་ཡང་མེད་དེ་དགག་བྱ་ཚོགས་དྲུག་ལ་སོགས་པ་རྫུན་པའི་ཕྱིར་དང་། དགག་གཞི་དེ་བཞིན་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་ཉིད་བདེན་གྲུབ་ནི་རང་བཞིན་དང་ཐ་སྙད་གཉིས་ཀར་མེད་དེ་དེ་བཞིན་ཉིད་དེ་ཉིད་ཡུལ་སྣང་བ་དང་གཅིག་ན་མི་རྟག་པར་འགྱུར་ཞིང་། མི་གཅིག་ན་སྣང་བས་མ་ཁྱབ་པ་ཡིན་དུས་མེད་པས་དེ་བཞིན་ཉིད་གང་ནའང་མི་གནས་པར་ཐལ་ལོ། །ཡང་དགག་བྱ་བདག་དང་ཤེས་པ་ཆོས་རྫུན་པའི་ཕྱིར་དང་། བུམ་པའི་དེ་བཞིན་ཉིད་ནི་བུམ་པ་ལྟར་བྱས་པར་ཐལ་བའི་ཕྱིར་རོ། །ཡུམ་ལས། དེ་བཞིན་ཉིད་མི་དམིགས་སོ་ཞེས་སོ། །ཡེ་ཤེས་ཀྱི་མཁྱེན་ཚུལ་དགག་པ་ནི། སངས་རྒྱས་ལ་ཕྱི་དོན་མ་དག་པར་སྣང་དུ་མི་རུང་སྟེ་སྣང་ན་སངས་རྒྱས་ཀྱི་གཟིགས་པ་འཁྲུལ་པར་ཐལ་ལོ། །ཕྱི་དོན་མ་དག་པ་མི་སྣང་བར་ཡང་མི་རུང་སྟེ་ཤེས་བྱ་ཐམས་ཅད་མངོན་སུམ་གྱིས་གཟིགས་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འགྲོ་བའི་དོན་སྣང་གི་སེམས་མཁྱེན་པའི་ཤུགས་ལ་མཁྱེན་པའང་མི་རུང་སྟེ། དོན་སྣང་བ་ཞེས་དོན་གྱི་ཁྱད་པར་དུ་བྱས་པའང་རྫུན་པས་ན་སངས་རྒྱས་ཀྱི་གཟིགས་སྣང་ན་རྫུན་པ་ཡུལ་དུ་བྱེད་པར་ཐལ་བའི་ཕྱིར་རོ། །ཐུབ་པའི་དགོངས་པ་མིན་པ་ནི་ཐུབ་པས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པ་མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་རྣམས་ཐམས་ཅད་རྟག་ཏུ་རང་བཞིན་སྟོང་། །རྒྱལ་བའི་སྲས་ཀྱིས་དངོས་པོ་རྣམས་གཞིག་ན། །སྲིད་པ་རྣམས་ནི་ཡང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཏེ། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་པ་དང་། རྟ་ལ་གཡག་མེད་པ་ལྟར་དུ་གཅིག་ལ་གཅིག་མེད་པ་རྣམས་ནི་སྟོང་པ་ཉིད་རྣམས་ཀྱི་ཐ་ཤལ་ལོ་ཞེས་སོ། །ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགག་པ་ལ་རང་གི་ངོ་བོ་སྐྱེ་བ་མེད་པ་ལ་སོགས་པར་དགོངས་ཏེ། འགྲེལ་ཆུང་ལས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་བཞིན་ནོ། །དེ་ཡང་། ཕྱི་དང་ནང་དང་ཕྱི་ནང་སྟོང་། །སྟོང་པ་ཉིད་ནི་སྟོང་ཉིད་དང་། །ཆེན་པོ་སྟོང་པ་ཉིད་དང་ནི། །དོན་དམ་སྟོང་དང་འདུས་བྱས་སྟོང་། །འདུས་མ་བྱས་སྟོང་མཐའ་འདས་སྟོང་། །ཐོག་མཐའ་མེད་སྟོང་དོར་མེད་སྟོང་། །རང་བཞིན་སྟོང་དང་ཆོས་ཐམས་ཅད། །རང་གི་མཚན་ཉིད་སྟོང་པ་དང་། །མི་དམིགས་པ་ནི་སྟོང་ཉིད་དང་། །དངོས་མེད་ངོ་བོ་ཉིད་སྟོང་ཉིད། །དེ་ལྟར་སྟོང་ཉིད་བཅུ་དྲུག་དང་། །སླར་ཡང་བསྡུས་ཏེ་བཞིར་བསྟན་པ། །དངོས་པོ་སྟོང་པ་ཉིད་དང་ནི། །དངོས་པོ་མེད་པ་སྟོང་པ་ཉིད། །ངོ་བོ་ཉིད་ནི་སྟོང་པ་ཉིད། །གཞན་གྱི་དངོས་པོ་སྟོང་ཉིད་དོ། །ཞེས་དེ་ལྟར་ཉི་ཤུ་བསྟན་པ་ལས་གཅིག་ལ་གཅིག་མེད་པའི་སྟོང་ཉིད་ནི་མ་གསུངས་སོ། །རྟེན་འབྲེལ་མཐའ་བྲལ་དེ་ཡང་རྒྱུ་རྐྱེན་ཁོ་ན་ལས་མི་འབྱུང་བ་དང་ཡེ་ནས་གནས་པ་ཡིན་ཏེ། ཡུམ་ལས། ཆོས་ཐམས་ཅད་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ་ཞེས་སོ། །རྣམ་པར་དག་པའི་བདག་མེད་ཙམ་མ་ཡིན་ཏེ་སྐྱེ་འགག་འགྲོ་འོང་གིས་དག་པའི་ཕྱིར་ཏེ། ཡུམ་ལས། ཆོས་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མ་སྐྱེས་པའོ་ཞེས་སོ། །བརྗོད་མེད་ཀྱང་ཡོད་པ་བརྗོད་མི་ཤེས་ཀྱི་བརྗོད་མེད་མ་ཡིན་གྱི་ཡོད་མེད་ཀྱི་མཐའ་བྲལ་བས་བརྗོད་དུ་མེད་པ་སྟེ། ཡུམ་ལས། བརྗོད་དུ་མེད་པ་ཞེས་བྱ་བ་ནི་བསམ་དུ་མེད་ཅིང་བལྟར་མེད་ལ་དམིགས་པ་ཐམས་ཅད་ལས་འདས་པའི་ཕྱིར་ཞེས་སོ། །སྒྱུ་མ་ལྟ་བུ་ཞེས་པའང་རྐྱེན་ལས་སྐྱེས་པ་ལ་གསུངས་པ་མ་ཡིན་ཏེ། ཡུམ་ལས། འདུས་མ་བྱས་སྟོང་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པས། སྣང་ལ་རང་བཞིན་གྱིས་སྟོང་པའི་ཆོས་ལ་སྒྱུ་མར་བརྗོད་པ་ཡིན་ནོ། །དེས་ན་དངོས་པོར་སྨྲ་བ་ལ་སངས་རྒྱས་ཀྱི་དགོངས་པ་མེད་དེ། འཇུག་པ་ལས། དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་ནས། །རྩོད་འདི་སེལ་བྱེད་སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་སོ། །བདག་མེད་པ་ལ་ཐ་སྙད་རུང་བ་མིན་ཅིང་། ཤེས་པའི་ངོར་ཆོས་བདག་མེད་སྣང་དང་མི་སྣང་། སྣང་ན་ཤེས་པའི་རྫས་ཡིན་པས་སྟོང་ཉིད་དུ་མི་རུང་ལ། མ་སྣང་ན་ཚད་མའི་ཡུལ་མིན་པས་མཚན་ཉིད་ཅན་དུ་མ་ངེས་པའི་ཕྱིར། བདག་མེད་པའི་ཐ་སྙད་ཙམ་དུ་ཡང་མི་རུང་བ་ནི་ཞར་ལ་འབྱུང་བའོ། །རྣམ་གཞག་འགལ་བ་ནི་གཟུང་འཛིན་མི་སྲིད་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་འདོད་པ་འགལ་ཏེ། ཁྱོད་ཀྱིས་ཟེར་བ་ལྟར་ན་གཟུང་བ་ཐམས་ཅད་ཀུན་བཏགས་ཡིན་ན་གང་ཟག་གཞན་གྱི་སེམས་དེ་སེམས་དེ་གཟུངས་པ་ཡིན་པས་གང་ཟག་གཞན་ལ་སེམས་མེད་པར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་བདག་མེད་པ་དང་སེམས་དོན་དམ་དུ་འདོད་པ་འགལ་ཏེ། ཆོས་ཀྱི་བདག་ཅེས་པ་ཆོས་ཀྱི་ངོ་བོ་ཡིན་པས་ན་སེམས་ངོ་བོ་ཅན་དུ་འདོད་པའི་ཕྱིར་རོ། །དེའང་དབང་པོའི་ཁྱད་ཀྱིས་བུམ་པ་གཅིག་ལ་ཉན་ཐོས་པས་རྡུལ་ཆར་གྱུར་པ་ལ་ཆ་མེད་དུ་མཐོང་ནས་ང་དང་ང་ཡིར་གཟུང་དུ་མེད་པར་མཐོང་བ་གང་ཟག་གི་བདག་མེད་ཡིན་ལ། ཐེག་ཆེན་པས་དེའི་སྟེང་དུ་བུམ་པའི་ཆོས་སུའང་མ་གྲུབ་པས་གཞི་མེད་པར་རྟོགས་པའི་ཕྱིར་ཆོས་ཀྱི་བདག་མེད་ཅེས་བྱའོ། །མདོར་ན་ཤེས་པ་དང་དེས་གཟུང་བ་མ་གྲུབ་པ་གང་ཟག་དང་། ཡུལ་ཆོས་སུ་སྣང་བ་གཞི་མེད་དུ་རྟོགས་པ་ཆོས་ཀྱི་བདག་མེད་དུ་བཞག་གོ །ལྟ་བས་སེམས་དང་ཡོངས་གྲུབ་དོན་དམ་དུ་འདོད་པ་དང་སྒོམ་པ་ཅི་ཡང་མི་དམིགས་པ་ལྟ་སྒོམ་གཉིས་ཀ་འགལ་བ་ཡིན་ཏེ། ལྟ་སྒོམ་གཉིས་ཀ་ཟུང་དུ་འབྲེལ་དགོས་པ་ཡིན་པས་རྒྱུའི་དུས་ཀྱི་གནས་ལུགས་དེ་དང་འཛིན་སྟངས་མི་མཐུན་པའི་དངོས་འགལ་གྱི་དོན་ཞིག་བསྒོམས་པས་འབྲས་བུ་ཐོབ་མི་སྲིད་དེ། དོན་ཤར་དུ་གཉེར་བ་ལ་ཁ་ནུབ་ཏུ་བལྟས་ནས་འགྲོ་བ་བཞིན་ནོ། །ཚུལ་འདིས་དངོས་པོ་ལ་ཚོགས་བརྒྱད་འདོད་པ་དང་རྒྱུན་བརྟན་པ་བ་འདོད་པ་དང་། ཟབ་མོའི་དོན་ཡོད་ཀྱང་བསྟན་དུ་མི་རུང་བར་འདོད་པ་རྣམས་ཁེགས་པ་ཡིན་ནོ། །འདིར་ངེད་དབུ་མ་པའི་ལུགས་ལ་ནི་འཁྲུལ་ངོར་ཚོགས་བརྒྱད་དུ་བཏགས་ཀྱང་རིག་པ་ཉིད་ལས་གཅིག་དང་དུ་མར་མེད་པ་དང་། རྫས་དང་རྒྱུན་ལ་བརྟན་མི་བརྟན་མེད་དེ་བྱིས་པ་བློ་འཁྲུལ་བའི་ངོར་སྣང་བ་ཙམ་དང་། ཅིར་ཡང་མ་གྲུབ་པའི་ཆོས་ཉིད་དམིགས་སུ་མེད་པའི་ཚུལ་གྱིས་བསྒོམ་པར་འདོད་པ་ཡིན་ནོ། །དེ་ཡན་གྱིས་ཐེག་ཆེན་སེམས་ཙམ་པའི་སྤྱིའི་འདོད་པ་དགག་པ་སོང་ནས། ད་ནི་ནང་གསེས་སོ་སོའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། དོན་སྣང་ཤེས་པར་འདོད་དང་མི་འདོད་ལས། །རྣམ་པ་བདེན་རྫུན་གཉིས་སུ་གྲགས་དེ་ནི། །ཡང་དག་མ་ཡིན་ཀུན་རྟོག་སྦྱར་བ་ཉིད། །ཅེས་གསུངས་ཏེ། ཕྱི་རོལ་སྣ་ཚོགས་སུ་སྣང་བ་རང་གི་ཤེས་པ་དོན་གཞན་དུ་སྣང་བར་འདོད་པ་རྣམ་བདེན་པ་དང་། ཤེས་པ་མ་ཡིན་ཏེ་ཤེས་པར་རྫུན་པས་ན་བག་ཆགས་བརྟན་པའི་རྣམ་པ་དེར་སྣང་བའོ་ཞེས་པ་རྣམ་རྫུན་པ་གཉིས་ཀྱང་། ཞེས་པ་སྟེ་རྣམ་བཅས་པས་གཟུགས་སུ་སྣང་བ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཉིད་བག་ཆགས་གོམས་པས་གཟུགས་ཀྱི་རྣམ་པར་ཤར་བས་ཏེ། ཤེས་པ་ལས་རྫས་གཞན་མ་ཡིན་པར་འདོད་ལ། དབང་པོ་ལྟར་སྣང་བ་དང་། སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ནི། ཀུན་གཞི་ཁས་ལེན་པ་ལྟར་ན་ཀུན་གཞི་འཁོར་དང་བཅས་པ་ཉིད་དེ་ལྟར་སྣང་བར་ཁས་ལེན་ལ། ཀུན་གཞི་ཁས་མི་ལེན་པ་ལྟར་ན་ཡིད་རྟོག་པ་མེད་པ་རྒྱུན་མ་ཆད་པར་གནས་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་པར་འདོད་དོ། །འདི་ལ་དབྱེ་ན་གཟུང་འཛིན་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པ། སྒོ་ང་ཕྱེད་ཚལ་པ་དང་གསུམ་ཡོད། རྣམ་མེད་པས་དམིགས་པའི་གཞི་ལྔའི་ནང་གི་གཟུགས་ཀྱི་གཞི་ཤེས་པ་ཕྱི་རོལ་གྱི་དངོས་པོ་རུ་སྣང་བ་མིན། ཐོག་མ་མེད་པའི་མ་རིག་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན། དེས་ན་གཟུགས་ཀྱི་གཞི་དང་། སེམས་དང་སེམས་བྱུང་གི་གཞི་ཡང་སྒྲོ་བཏགས་ཡིན་པས། གཟུང་བྱའི་རྣམ་པ་དང་དེ་ལ་འཛིན་མ་གྲུབ་ཀྱང་། གཟུང་འཛིན་གཉིས་མེད་རྟོགས་པའི་ཤེས་པ་རང་རིག་རང་གསལ་གྱི་སྐད་ཅིག་མ་ཉིད་དོན་དམ་དུ་འདོད་དོ། །འདིའི་ལུགས་ལ་ཡུལ་དུ་མར་འདོད་པ་དང་། སྣང་བ་དང་ཤེས་པ་རྫས་གཅིག་ཡིན་པ་དང་། ཤེས་པའི་གྲངས་མཐའ་ཡས་པ་དེ་དག་མི་འདོད་པ་ཡིན། སེམས་སེམས་བྱུང་རྫས་གཅིག་པ་དང་ཐ་དད་མི་ལྡན་འདུ་བྱེད་དང་། འདུས་མ་བྱས་རྣམ་བཅས་སུ་ཡོད་པའང་རྣམ་རྫུན་པ་དང་འདྲ་བར་འདོད་དོ། །དེ་ལྟ་བུའི་རྣམ་བདེན་རྫུན་གཉིས་ཀྱང་ཐེག་དམན་ལས་འཕགས་ཀྱང་དབུ་མའི་དོན་ལས་གཞན་དུ་གྱུར་པས་རང་རང་གི་ཀུན་རྟོག་གཡོ་བའི་བློ་རྫུན་པས་སྦྱར་བའི་གྲུབ་མཐར་ཟད་དོ། །དེ་ལ་དང་པོ་འདོད་པ་དགོད་པ་ནི། སེམས་ཙམ་པ་རྣམ་བདེན་རྫུན་གཉིས་པོ་དེ་དག་ཕྱིའི་དོན་དངོས་པོར་རང་མཚན་མེད་པ་དང་། ནང་གི་སེམས་ཡོད་པ་དང་། ཁ་ནང་ལྟ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་དོན་དམ་བདེན་གྲུབ་ལ་མཐུན་ཡང་། དོན་སྣང་འདི་དངོས་པོར་ཡོད་མེད་ལ་མི་མཐུན་པའོ། །དེས་ན་བྲམ་ཟེ་ཤཾ་ཀ་རཱ་ནནྡ་ལ་སོགས་པས་ཕྱི་ཡུལ་གཟུང་ཆར་སྣང་བ་ཙམ་ཆོས་ཅན། འཛིན་བྱེད་ངོ་བོ་ཙམ་ཡིན་ཏེ། གསལ་ཞིང་རིག་པའི་ཕྱིར་དཔེ་བདེ་སྡུག་སྣ་ཚོགས་བཞིན་ཞེས་འཕེན་པས་ན། དངོས་མེད་མི་སྲིད་དེ་ཆོས་ཐམས་ཅད་སེམས་ཀྱི་དངོས་པོ་མི་རྟག་པ་གཞན་དབང་ཁོ་ན་ཡིན་ལ། ཀུན་བརྟགས་ནི་དེ་ལ་བདག་ཏུ་ཞེན་པ་ལ་ཟེར་ཞེས་སྨྲའོ། །འདིར་དེའི་ལུགས་རྣམ་བདེན་པ་ལ། བྱེ་བྲག་གསུམ་སྟེ། ཤེས་རྣམ་སོ་སོ་བ། རྣམ་པའི་གྲངས་སྙེད་པ། སྣ་ཚོགས་གཉིས་མེད་པའོ། །དང་པོ་ནི་ཁ་ཅིག་རི་ལ་སོགས་པའི་དོན་དུ་སྣང་བ་ཉིད་ཤེས་པའམ་སེམས་ཡིན་མོད་ཀྱི། གཟུང་ཆར་སྣང་བའི་ཤེས་པ་ཞེན་པ་ལས་རྫས་ཐ་དད་པས་ན་སྒོ་ང་བཙོས་པ་བསྐམས་དུས་སེར་པོ་དང་དཀར་པོ་ཐད་ཀར་ཡོད་པ་ལྟར་སྔོ་སྣང་དང་སྔོ་འཛིན་གྱི་ཤེས་པ་ཐད་ཀར་ཆ་གཉིས་སུ་བདེན་པར་འདོད་པའོ། །རི་ལ་སོགས་པའི་དོན་སྣང་ཤེས་པ་ཡིན་མོད་ཀྱི། གཟུང་ཆར་སྣང་བ་དང་འཛིན་ཆར་སྣང་བའི་ཤེས་པ་ཐ་དད་དེ་སྒོ་ང་བཙོས་པ་སྐམ་དུས་སེར་པོ་དང་དཀར་པོ་ཐ་དད་དུ་ཡོད་པ་ལྟར་སྔོ་སྣང་དང་སྔོ་འཛིན་གྱི་ཤེས་པ་ཐད་ཀར་ཆ་གཉིས་སུ་བདེན་པར་འཛིན་པས་སྒོ་ང་ཕྱེད་ཚལ་པའང་ཟེར་རོ། །གཉིས་པ་ནི་ཁ་ཅིག་ཅི་ཙམ་རྣམ་པ་ལ་དབྱེ་བར་ནུས་པ་ལྟར་ཤེས་པ་ལ་ཡང་ནུས་པས་ན་སོར་མོ་ལྔ་ཤེས་པའི་རྫས་ལྔར་བདེན་གྱི། གཅིག་ཏུ་མི་བདེན་པ་ལ་སོགས་པ་རྣམ་པ་གཉིས་ཤེས་པ་གཅིག་ལ་སྣང་མི་སྲིད་པར་འདོད་པའོ། །དེ་ནི་གཟུང་འཛིན་གྲངས་མཉམ་པས་ཡུལ་ཁ་དོག་དུ་མ་དང་། ཁ་དོག་རེ་རེ་ལ་ཡང་ཆ་དུ་མ་དང་མཐར་རྡུལ་དུ་མའི་བར་དུ་ཡོད་པས། དེ་དང་བདག་གཅིག་པའི་མིག་གི་རྣམ་ཤེས་ཉིད་ཀྱང་དུ་མ་ཡིན་ལ་རེ་རེ་སྣང་བའི་ཤེས་པ་ནི་གཅིག་ཉིད་དོ། །དེ་བཞིན་དུ་སྒྲའི་ཤེས་པ་ལ་སོགས་པ་རེ་རེ་ཡང་རྣམ་དབྱེ་དཔག་ཏུ་མེད་པ་རྣམ་པར་ཤེས་པ་རྒྱུ་གཅིག་ལའང་། གྲངས་ལས་འདས་པ་ཡོད་དོ་ཞེས་ཟེར་རོ། །གསུམ་པ་ནི་སྔོ་སེར་དང་བརྟན་གཡོ་ལ་སོགས་པ་སྣང་ངོ་ཅོག་ཤེས་པ་གཅིག་ལ་སྣང་ཞིང་ངོ་བོ་བདེན་པར་འདོད་ཀྱི། ཚོགས་པ་དུ་མར་སྣང་ཡང་ཤེས་པ་གཅིག་གི་རང་བཞིན་དུ་བདེན་པར་སྣང་བའོ་ཞེས་འདོད་དོ། །ཞེས་པ་སྟེ་དེ་དག་གིས་ནི་སྔོ་སེར་སོགས་སྣང་བ་སྣ་ཚོགས་པ་ཤེས་པ་གཅིག་ལ་སྣང་ཡང་ཤེས་པ་གཅིག་གི་རང་བཞིན་དུ་བདེན་པར་འདོད་པའོ། །དེ་དག་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །དང་པོ་ནི། གསལ་ཞིང་རིག་པ་ཞེས་བྱ་བའི་རྟགས་ཀྱི་དོན་རིག་བྱ་དངོས་ཡིན་ནམ། རིག་པའི་བྱ་བ་ཙམ་པོ་ཡིན། སྣང་བ་ཤེས་པ་ཡིན་ཏེ་རིག་བྱ་ཡིན་པའི་ཕྱིར་ཞེས་པ་དང་། རིག་བྱ་ཙམ་པོ་ཡིན་པའི་ཕྱིར་ཞེས་པ་ལ་ཁྱབ་པ་མ་གྲུབ་སྟེ་དོན་དངོས་པོ་རིག་ ་ལའང་འཇུག་པར་དོགས next hit་པས། ལྡོག་པའམ་དེའི་ཆ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྣང་བ་དང་ཤེས་པ་དེ་ནི་དུས་མཉམ་པ་ལ། འབྲེལ་བ་མེད་པས་རིག་ཏུ་མི་རུང་ཞིང་། དུས་མི་མཉམ་པ་དང་འདྲ་བ་གཞན་བྱུང་བཀག་པས་རིག་ཏུ་མེད་པས། མི་མཐུན་པ་སྣང་བ་ཤེས་པ་མ་ཡིན་པའི་ཕྱོགས་ལ་ཁེགས་སོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེས་དོན་དངོས་སྣང་བ་ཁེགས་ཀྱང་གཟུང་བྱ་དངོས་མེད་མ་ཁེགས་པས་ན་ཤེས་པའི་ངོ་བོར་མི་འགྲུབ་སྟེ། གཟུགས་བརྙན་བྱད་ཡིན་པ་ཁེགས་ཀྱང་མེ་ལོང་དུ་མི་འགྲུབ་པ་བཞིན་ནོ། །དེ་ལ་གསལ་ཞིང་རིག་པའི་རྟགས་ཀྱིས་ཕྱི་དོན་ཤེས་པར་བསྒྲུབ་ཚེ། རིག་བྱའི་དངོས་པོ་རང་དང་། རིག་པར་བྱ་བ་ཡིན་པ་ཙམ་ནི་ཕྱི་དོན་ཡོད་པ་ལའང་འཇུག་པས་ཐེ་ཚོམ་དང་བཅས་ལ། དེ་གསལ་རིག་གི་ཤེས་པ་ཡིན་པ་ནི་བསྒྲུབ་བྱ་ཡིན་པས་མི་འགྲུབ་ཅིང་། གལ་ཏེ་རིག་བྱ་རིག་བྱེད་དུས་མཉམ་པ་ལ་འབྲེལ་བ་བཀག་ཅིང་། མི་མཉམ་པ་ལའང་འདྲ་བ་ཁེགས་པས་ཤེས་པའི་གསལ་རིག་ཏུ་གྲུབ་ཅེ་ན། དེས་ཕྱི་དོན་རྫུན་པར་གྲུབ་ཀྱང་། བདེན་པའི་ཤེས་པ་དང་གཅིག་པར་མི་གྲུབ་སྟེ། གཟུགས་བརྙན་བྱད་ཡིན་པ་ཁེགས་ཀྱང་མེ་ལོང་ཡིན་པར་མི་འགྲུབ་པ་བཞིན་ནོ། །གནོད་བྱེད་ལ་ལྔ་སྟེ། འཁྲུལ་མ་འཁྲུལ་དུ་མི་འཐད་པ། གཅིག་དང་དུ་མར་མི་འཐད་པ། ཤེས་པའི་ངོ་བོར་ངེས་པར་ཐལ་བ། གསལ་བར་ཐལ་བ། ཧ་ཅང་ཐལ་བའོ། །དང་པོ་ནི། འཇིག་རྟེན་ན་ཡུལ་རྫུན་པ་དངོས་མེད་སྣང་བ་ཉིད་བློ་འཁྲུལ་པར་འཇོག་པ་ཡིན་ཏེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །དངོས་པོར་སྣང་བ་ཉིད་ལ་མ་འཁྲུལ་པར་འཇོག་པ་ཡིན་ཏེ་རྨི་ལམ་སད་པའམ་ཟླ་བ་གཅིག་འཛིན་གྱི་ཤེས་པ་བཞིན་ནོ། །དེ་བས་ན་སྔོ་སོགས་ཆོས་ཅན། སེམས་མ་ཡིན་ཏེ་དོན་དུ་སྣང་བའི་ཕྱིར་རོ། །ཁྱབ་པ་མེད་ན་དོན་དུ་སྣང་བ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་དེ་སེམས་སུ་མི་རུང་སྟེ། མ་འཁྲུལ་པ་ཐམས་ཅད་ཀྱིས་ཡུལ་དེ་ཁོ་ན་ལྟར་འཛིན་པས་ན་དོན་སྣང་ཉིད་མ་འཁྲུལ་བའི་དོན་དངོས་སུ་བདེན་པའི་ཕྱིར་རོ། །འཁྲུལ་བ་ཡིན་ན་སེམས་སུ་མི་འཐད་དེ་དོན་སྣང་རྫུན་ཞིང་རྫུན་པ་དངོས་མེད་ཡིན་པས་ན་དངོས་པོ་ཙམ་ཁེགས་པས་སེམས་ཀྱི་དངོས་པོ་མི་རྫུན་པ་གྲུབ་པ་མི་སྲིད་པའི་ཕྱིར་རོ། །དངོས་པོ་ཙམ་མེད་ཀྱང་ཤེས་དངོས་སུ་ཡོད་པར་རུང་ན་ནི་དེ་གཉིས་ཀ་འབྲེལ་བ་མ་གྲུབ་པས་བུམ་པ་མི་སློང་གསེར་བུམ་སློང་ཞེས་པ་རྣམ་པ་བསྒྱུར་ནས་བསྐྱར་དུ་ལབ་བཟློས་བྱས་པ་བཞིན་ནོ། །གལ་ཏེ་ཁོ་བོ་ཅག་ལ་འཁྲུལ་པ་ཉིད་མེད་དེ་ཐམས་ཅད་ལ་ཤེས་པའི་དངོས་པོ་ཉིད་སྣང་བའི་ཕྱིར་རོ། །འོན་ཀྱང་དོན་དུ་བརྟགས་པས་འཁོར་བར་འཁྱམས་པ་ཡིན་ནོ་ཞེ་ནའང་མི་རུང་སྟེ། དོན་མེད་པ་ཞིག་ལ་དོན་དུ་ཡོད་པར་སྣང་བ་འཁྲུལ་པ་མ་ཡིན་ན། དོན་མེད་པ་ལའང་དོན་དུ་བརྟགས་པ་འཁྲུལ་པར་མི་འགྱུར་བས་དེ་ལྟར་ན་འཁྲུལ་པ་ཞེས་པ་མེད་ནས་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །ཁོ་བོ་ཅག་དངོས་པོ་སྣང་མི་སྣང་གིས་འཁྲུལ་མ་འཁྲུལ་དུ་མི་འཇོག་གི འཛིན་སྟངས་ཀྱི་རྣམ་པ་དོན་དང་མཐུན་མི་མཐུན་གྱིས་འཇོག་པ་ཡིན་ནོ་ཞེས་པའང་མི་འཐད་དེ། བུམ་པ་ལ་སོགས་པ་ཇི་ལྟར་སྣང་བའི་རྣམ་པ་ཉིད་དུ་ཡོད་ན་མ་འཁྲུལ་བར་འགྱུར་ཞིང་། མེད་ན་མེད་པ་ཉིད་གང་གིའང་དངོས་པོར་མི་རུང་བའི་ཕྱིར་རོ། །གཅིག་དང་ཐ་དད་དུ་མི་འཐད་པ་ནི་ཤེས་པ་དང་རྣམ་པ་སོ་སོར་ཐ་དད་དུ་བདེན་པ་མི་རུང་སྟེ། ཡུལ་མི་རིག་པ་ལ་ཤེས་པའི་མཚན་ཉིད་དུ་འཇོག་ན་ཡུལ་མི་རིག་པ་ལ་ཤེས་པའི་མཚན་ཉིད་ཀྱང་མེད་པའི་ཕྱིར་དང་། ཡུལ་རིག་པའི་ཆེད་དུ་རྣམ་ཤེས་ལུས་ཀྱི་ཕྱིར་ཐོན་པས་ཤི་བར་ཐལ་བའི་ཕྱིར་དང་། ཤེས་པའམ་སེམས་ཀྱི་དབྱིབས་དང་ཁ་དོག་མིག་གིས་མཐོང་བ་དང་དེའི་ཡང་ལྗིད་ཀྱང་སྲང་ལ་གཞལ་དུ་རུང་བར་ཐལ་བའི་ཕྱིར་དང་། ཤེས་པ་ཡུལ་ཕྱིར་སོང་བས་རི་དང་ཤིང་ལ་སོགས་པས་ཚུར་རང་རིག་པར་ཐལ་ཏེ། རང་གིས་དེ་དག་ཕར་རིག་པའི་ཕྱིར་ཞེས་མགོ་མཚུངས་ཀྱི་རིགས་པའོ། །ཁྱབ་པ་མེད་ན་རི་ལ་སོགས་པ་རང་གི་ཤེས་པ་ཡིན་པ་དམ་བཅའ་ཉམས་སོ། །དེ་ལྟར་ན་དུས་གཅིག་ཏུ་ཤེས་པ་གཉིས་རྒྱུད་གཅིག་ལ་སྲིད་པར་ཐལ་བའི་ཕྱིར་རོ། །དེའི་མ་ཚད་དེ་ཡང་ཡུལ་སྣང་རེ་རེ་བཞིན་དུ་ཤེས་པར་འདོད་པས་དུས་གཅིག་ཏུ་ཤེས་པ་བྱེ་བ་རྒྱུད་གཅིག་ལ་སྲིད་པར་ཡང་ཐལ་ལོ། །དེ་ལྟར་ཡུལ་སྣང་རེ་རེ་ལ་ཤེས་པ་རེ་རེ་ཡོད་པར་འདོད་ན་དེ་ནི་མི་སྲིད་དེ་རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འབྱུང་བ་མེད། །ཅེས་སོ། །རྣམ་པའི་གྲངས་སྙེད་པའང་མི་རུང་སྟེ། མཐོང་བྱེད་ཀྱི་ཤེས་པ་སོ་སོ་བ་ཡིན་པར་ཁས་བླངས་པས་རྐང་པ་མཐོང་དུས་ལག་པ་མི་མཐོང་བས་རགས་པར་སྣང་བ་རྒྱུན་བཅད་པའི་ཕྱིར་དང་། ཟྭ་འོག་གི་སྔོན་པོ་མཐོང་སྤྱད་དང་སེར་པོ་མཐོང་སྤྱད་ཁ་ཁ་ཡིན་པས་ཟྭ་འོག་གི་སྔོན་པོ་སེར་པོ་མ་མཐོང་བས་ཁྲ་བོར་སྣང་བ་རྒྱུན་ཆད་པའི་ཕྱིར་དང་། རྡུལ་ལ་སོགས་པ་དངོས་པོ་ལ་ཆ་མེད་མི་སྲིད་པས་རྡུལ་ཡང་མི་མཐོང་བས་མཐོང་བ་ཙམ་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །ཕྱི་དོན་རྫུན་ན་དེ་དང་གཅིག་པའི་ཤེས་པའང་རྫུན་པར་ཐལ་ལ། བདེན་ན་སྣང་བ་ལྟར་དོན་དུའང་གྲུབ་པར་ཐལ་ཞིང་། ནང་འཛིན་ཤེས་དང་ཐ་དད་པའི་ཕྱི་དོན་དུ་སྣང་བའི་ཤེས་པ་ཡོད་ན། རྣམ་ཤེས་ལུས་ལས་ཕྱིར་དོན་པར་ཐལ་བ་དང་། སེམས་ལ་ཁ་དོག་སོགས་ཡོད་པ་དང་། རི་སོགས་ཀྱིས་ཚུར་རིག་པར་ཐལ་བ་དང་། སྣང་བ་སྣ་ཚོགས་ཀྱི་གྲངས་བཞིན་དུས་གཅིག་ལ་ཤེས་པ་ཤིན་ཏུ་མང་པོ་རྒྱུད་གཅིག་ལ་སྲིད་པར་ཐལ་བས་གནོད་དེ། རྣམ་ཤེས་བདེན་པར་གྲུབ་ལ་ཡུལ་སྣང་རེ་རེ་ཤེས་པ་རེ་རེ་ཡིན་པའི་ཕྱིར་རོ། །རགས་སྣང་ཡང་རྟོག་པས་བརྟགས་པ་ཡིན་ནོ་ཞེས་པའང་མི་རུང་སྟེ། རྟོག་པའི་གཟུང་ཡུལ་ན་རགས་སྣང་མེད་པས་གསལ་སྣང་རྒྱུན་ཆད་པར་ཐལ་བའི་ཕྱིར་དང་། རྟོག་པ་གཅིག་ལའང་དོན་གཅིག་ཆ་བཅས་སུ་སྣང་དུ་མི་རུང་བར་མཚུངས་པའི་ཕྱིར་དང་། རགས་སྣང་བཀག་པས་ན་ཕྲ་མོ་སྣང་བ་ཉིད་ཀྱང་བཀག་པའི་ཕྱིར་རོ། །རྣམ་འགྲེལ་ལས། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་གྱུར་པའི། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་སོ། །འདིའི་འདོད་པ་ལྟར་དུ་ཡིན་ན་ཁྲ་བོ་མཐོང་བ་ལྟ་བུ་སོགས་སྣ་ཚོགས་དུས་གཅིག་མཐོང་བའི་རགས་སྣང་རྒྱུན་ཆད་པར་ཐལ་ཏེ། ཤེས་པ་རེ་རེ་བཞིན་ཐ་དད་པ་ཡིན་ཞིང་དེ་བདེན་གྲུབ་ཡིན་པའི་ཕྱིར། རེ་རེའི་ངོ་བོ་ལ་གཞན་མེད་པས་ན་མི་དུ་མའི་རྒྱུད་ཀྱི་རྟོག་པ་བཞིན། དེས་ན་སྣ་ཚོགས་སུ་སྣང་བའི་ཤེས་པ་གཅིག་མིན་ཀྱང་། ཐ་དད་དུ་མར་ཡང་བདེན་གྲུབ་མེད་པའི་གནད་ཀྱིས་ཤེས་པ་ལ་དུ་མ་གཅིག་ཆར་སྣང་བ་ཡིན་ནོ། །སྣ་ཚོགས་གཉིས་མེད་དུ་བདེན་པར་ཡང་མི་རུང་སྟེ། དུ་མར་སྣང་བ་གཅིག་ཏུ་བདེན་པ་ཙམ་སྤྱི་བཀག་པ་བཞིན་ནོ། །བདེན་གཉིས་ལས། སྣ་ཚོགས་ཅན་སྣང་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །དེ་བློ་སྣ་ཚོགས་སྣང་བ་ཡང་། །གཅིག་པ་ཉིད་དུ་ཇི་ལྟར་རིགས། །ཞེས་སོ། །དུ་མར་སྣང་བཞིན་དུ་གཅིག་གི་ཐ་སྙད་དུ་བྱེད་ན། སོར་མོ་ལྔ་དང་། ཉི་ཟླ་གཟའ་སྐར་ལ་སོགས་པ་དུ་མའི་རྣམ་གཞག་རྒྱུན་ཆད་པར་ཐལ་ཏེ། དེ་ཉིད་ལས། གཞན་དུ་གཅིག་གི་ངོ་བོ་ལ། །རང་བཞིན་དུ་མར་སྣང་བ་ཡི། །རྣམ་པར་ཇི་ལྟར་བདེན་གྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་དང་། །གཞན་གྱིས་གཞན་ཉིད་ཉམས་ཕྱིར་རོ། །ཞེས་སོ། །འོ་ན་ཁྱེད་ཀྱང་དངོས་པོ་དངོས་མེད་ཀྱི་རྣམ་གཞག་ཉམས་པར་ཐལ་ཏེ། ཕུང་པོ་ལྔ་དངོས་པོར་སྣང་བཞིན་དུ་སྟོང་པའི་ཐ་སྙད་བྱེད་པའི་ཕྱིར་ཞེ་ན། དཔྱད་བཟོད་དུ་སྣང་བ་ཞིག་རང་གཞན་སུ་ལའང་མེད་ཅིང་། འཁྲུལ་སྣང་ལ་དངོས་པོའི་ཐ་སྙད་དུ་བརྡ་སྤྲོད་པའི་ཆེད་དུ་སྒྲོ་བཏགས་ནས་བྱེད་པ་ཉིད་དེ། བདེན་གཉིས་དེ་ཉིད་ལས། རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་སྟེ། །དངོས་དང་དངོས་མེད་ཇི་ལྟར་འགལ། །ཞེས་པ་བཞིན་ནོ། །དུ་མར་སྣང་བཞིན་དུ་གཅིག་གི་ཐ་སྙད་བྱེད་ན། ཁ་དོག་ལྔ་ལ་སོགས་པ་དུ་མའི་ཐ་སྙད་རྒྱུན་ཆད་པར་ཐལ་ཏེ། དུ་མར་སྣང་བ་ལས་ཐ་དད་པའི་འཇོག་བྱེད་གཞན་མེད་པས་སོ། །དེས་ན་ཁྲ་བོ་མཐོང་བའི་མིག་ཤེས་ལ་ཤེས་པ་གཅིག་གི་ཐ་སྙད་ཙམ་རུང་ནའང་། དུ་མ་ལ་བཏགས་པའི་ཕྱིར་གཅིག་པུར་མི་བདེན་པའི་གནད་ཀྱིས་ཡིན་ནོ། །དེས་ན་ཇི་ལྟར་སྣང་བ་བཞིན་ཐ་སྙད་བྱེད་པ་ལས་གཞན་དུ་རྣམ་པར་གཞག་ན་སྐྱོན་གཞན་ཡང་། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་ཐལ་ཏེ་འགྲོ་བའི་སེམས་རྒྱུད་སངས་རྒྱས་ལ་གསལ་བར་སྣང་བའི་ཕྱིར་དང་། གཞན་དུ་སྣང་ཡང་གཞན་དུ་བདེན་ན་མེ་འབར་བ་ཡང་ཆུར་བདེན་པ་སོགས་ཐམས་ཅད་ཐམས་ཅད་དུ་ཐལ་བས་ཧ་ཅང་ཐལ་ཆེས་སོ། །དེས་ན་དོན་དུ་དཔྱད་ན་ཡུལ་ཤེས་གཉིས་ཀ་བདེན་པར་མ་གྲུབ་པའི་གནད་ཀྱིས་ཡུལ་དང་ཤེས་པ་རང་དང་གཞན་སྣ་ཚོགས་སུ་སྣང་བར་རུང་ཡང་དོན་ལ་དེ་ལྟར་མ་གྲུབ་པར་ཤེས་པར་བྱ་བ་ནི་གནད་ཀྱི་དོན་ཏོ། །ཤེས་པའི་ངོ་བོར་ངེས་པར་ཐལ་བ་ནི། དོན་སྣང་མིག་ཤེས་ལ་སྣང་དུས་ཤེས་པའི་ངོ་བོར་ངེས་པར་ཐལ་ཏེ། ངོ་བོ་སྣང་ལ་གསལ་ཞིང་ཡིད་དེར་གཏད་ལ་འཁྲུལ་པའི་རྒྱུ་མཚན་གྱིས་མ་ཟིན་པའི་ཕྱིར་དཔེར་ན་བདེ་སྡུག་བཞིན་ནོ། །གསལ་ཞིང་ཡིད་གཏད་པ་མངོན་སུམ་གྱིས་གྲུབ་ཅིང་ངོ་བོ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །རྣམ་པ་དོན་དུ་སྣང་བས་ཤེས་པར་མི་གསལ་ཏེ་སྔོན་པོའི་སྐད་ཅིག་བཞིན་ཞེས་པའང་མི་རུང་སྟེ། དྲན་པ་དང་མངོན་སུམ་ལྟར། གསལ་བའི་མིག་ཤེས་ལ་མི་གསལ་བའི་དོན་སྣང་ཡང་དེ་གཉིས་རྫས་གཅིག་ཏུ་མི་རུང་བའི་ཕྱིར་རོ། །རྣམ་ངེས་ལས། དངོས་མཐོང་མེད་ཕྱིར་གཅིག་མ་ཡིན། །བློ་དངོས་ཐ་དད་མི་མཐོང་བས། །ཐ་དད་མེད་པར་ངེས་པར་འགྱུར། །ཞེས་སོ། །གསལ་བར་ཐལ་བ་ནི་འགྲོ་བ་ཐམས་ཅད་རྒྱུད་གཅིག་ཏུ་ཐལ་ཏེ། འགྲོ་བའི་སེམས་རྒྱུད་སངས་རྒྱས་ལ་སྣང་དུ་རུང་ཞིང་གཟུང་འཛིན་ཙམ་ལ་འགྲོ་བ་ཐམས་ཅད་གཅིག་པའི་ཕྱིར་རོ། །ཧ་ཅང་ཐལ་བ་ནི་གཞན་དུ་སྣང་ཡང་གཞན་དུ་བདེན་ན་ལྷོའི་མེ་འབར་བ་བྱང་གི་ཆུ་རྡོལ་བར་བདེན་པ་དང་། རྒྱང་འཕེན་པ་ལྟར་བློ་ཉིད་ཀྱང་ཕྱི་དོན་དུ་བདེན་པ་དང་། གྲངས་ཅན་པ་ལྟར་བདེ་སྡུག་ཉིད་ཀྱང་བེམ་པོར་བདེན་པ་དང་། གཏི་མུག་ཤེས་རབ་ཏུ་བདེན་པ་དང་བདེ་བ་སྡུག་བསྔལ་དུ་བདེན་པར་འགྱུར་ཏེ། དེ་དག་ཐམས་ཅད་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡུམ་ལས། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ་ཞེས་སོ། །དེས་ན་ཆོས་རྣམས་ལ་སྣང་བ་ལྟར་བདེན་པར་རྟོགས་པ་བདེན་གྱི། གཞན་དུ་སྣང་བ་གཞན་དུ་བདེན་པར་འདོད་པ་དམུས་ལོང་སྟེ། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་སོ། །ཚུལ་འདིས་སྣང་བ་སེམས་སུ་འདོད་པ་དང་། འགྲོ་བ་ཐམས་ཅད་ཤེས་རྒྱུད་གཅིག་ཏུ་སྨྲ་བའི་གཏི་མུག་ཅན་གཞན་རྣམས་བཀག་པ་ཡིན་ནོ། །ཁོ་བོ་ཅག་ནི་འཁྲུལ་ངོར་སྣང་བ་འདི་ཉིད་ཇི་ལྟར་སྣང་བཞིན་པའི་རྟེན་འབྲེལ་དུ་སྣང་བ་ཉིད་ཀྱིས། སེམས་དང་སེམས་ལས་གཞན་དུའང་ཅུང་ཟད་བདེན་པར་མི་འདོད་དེ་རྨི་ལམ་བཞིན་ནོ། །མདོར་ན་རྣམ་བདེན་སྐབས་སྒོ་ང་ཕྱེད་ཚལ་པ་སོགས་གསུམ་གྱི་འདོད་པ་ནི། གཟུང་རྣམ་འཛིན་རྣམ་མང་ཉུང་ལས་ཕྱེ་ཡང་སྐབས་འདིར་ཤེས་པ་ཆ་གཉིས་སུ་བདེན་པ་དང་། དུ་མར་བདེན་པ་དང་། གཅིག་པུར་བདེན་པར་འདོད་པ་དགག་པའི་ཚུལ་གྱིས་ཤེས་པར་བྱའོ། །དེས་རྣམ་བདེན་པ་དགག་པ་སོང་ནས་རྣམ་རྫུན་པ་ལའང་དང་པོ་འདོད་པ་བརྗོད་པ་ནི། སློབ་དཔོན་ཆོས་མཆོག་ལ་སོགས་པས་གཞན་རིག་པར་སྣང་བ་ཐམས་ཅད་དོན་དང་ཤེས་པ་གང་ཡང་མ་ཡིན་གྱི། མ་རིག་པས་བསླད་པ་ལ་སྣང་བའི་ཀུན་བརྟགས་ཉིད་དེ། རྣམ་ངེས་ལས། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་བས། །དེ་ལྟར་འདི་ནི་བཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ཅན་ལ་བརྩད་བྱ་མིན། །ཞེས་སོ། །དེས་ན་དོན་དུ་སྣང་བ་ཐམས་ཅད་ལ་ཀུན་རྫོབ་ཏུ་ཡང་དངོས་པོར་མི་སྲིད་ཅིང་། རྨི་ལམ་གྱི་ཡུལ་དང་སྣང་བ་སྣ་ཚོགས་པ་ཤར་བ་དང་། མངོན་སུམ་གྱི་ཡུལ་སྣང་ལ་ཁྱད་པར་ཅུང་ཟད་ཀྱང་མེད་མོད་ཀྱི། བག་ཆགས་བརྟན་མི་བརྟན་གྱིས་སྣང་བ་ཡུན་རིང་ཐུང་དང་བདེན་རྫུན་ལྟར་སྣང་བ་བཞིན་ནོ། །དེ་ལྟར་ཕྱི་གཟུང་བ་རྫུན་སྣང་དང་དེ་ལ་འཛིན་པ་མ་གྲུབ་ལ། གཟུང་འཛིན་གཉིས་མེད་དུ་རྟོགས་པའི་ཤེས་པ་རང་གསལ་གྱི་སྐད་ཅིག་མ་ཉིད་དོན་དམ་དུའང་ཡོད་པར་འདོད་དོ། །དེ་ཡང་དོན་དུ་སྣང་བ་ཐམས་ཅད་དོན་དང་ཤེས་པ་གཉིས་གང་ཡང་མིན་ཏེ། མ་རིག་པས་བསླད་པའི་དབང་གིས་མཁའ་ལ་སྐྲ་ཤད་ལྟར་མེད་པ་གསལ་སྣང་ཙམ་སྟེ་ཤེས་པ་ཤེལ་གོང་དག་པ་ལྟ་བུ་རྣམ་པ་མེད་པར་འདོད་པ་ཡིན་ནོ། །རྣམ་རྫུན་པ་དེའང་ནང་ཚན་གྱིས་བྱེ་བྲག་ཏུ་ཤེས་པ་གཉིས་ཡོད་པ་ཡིན་ཏེ། དྲི་བཅས་པ་དང་དག་པ་པའམ་དྲི་མེད་པའོ། །དེ་གཉིས་ཀྱི་ཁྱད་པར་ནི་རྒྱུ་དུས་དང་། འབྲས་དུས་ཀྱི་ཁྱད་པར་གཉིས་ལས། དྲི་བཅས་པས་སེམས་ཅན་གྱི་དུས་ན་རྣམ་ཤེས་ཚོགས་བརྒྱད་ཅར་དོན་དམ་དུ་འདོད་ཅིང་སངས་རྒྱས་ཀྱི་ས་ན་སྣོད་བཅུད་ཐམས་ཅད་གསལ་བར་སྣང་བར་འདོད་དོ། །དྲི་བཅས་སུ་སྨྲ་བས་ནི། སེམས་ཀྱི་དུས་ན་རྣམ་ཤེས་བརྒྱད་ཆར་དོན་དམ་དུ་ཡོད་ཅིང་། སངས་རྒྱས་ཀྱི་ས་ནའང་སྣོད་བཅུད་གསལ་བར་སྣང་བས་ན་རྣམ་པ་གཤིས་ལ་མེད་ཀྱང་མི་ལྡོག་པར་འདོད། དག་པ་པས་ནི་སེམས་ཅན་གྱི་དུས་ནའང་ཚོགས་བདུན་གནས་སྐབས་གློ་བུར་བའི་ཤེས་པ་ཀུན་རྫོབ་པ་ཡིན་ལ། ཀུན་གཞིའི་རྣམ་ཤེས་ནི་འཕེལ་འགྲིབ་དང་འཛིན་སྟངས་མི་མཐུན་པ་མེད་པས། རང་བཞིན་གཉུག་མའི་ཤེས་པ་ཞེས་དོན་དམ་དང་། སངས་རྒྱས་ཀྱི་ས་ནའང་གཉིད་སད་པ་ན་རྨི་ལམ་ཞི་བ་ལྟར། འཁྲུལ་པའི་དོན་སྣང་ཐམས་ཅད་རྒྱུན་ཆད་ནས། སེམས་ལས་གཞན་ཅི་ཡང་མི་སྣང་ཞིང་ཅིར་ཡང་མི་རྟོག་པ་མྱོང་བ། རང་རིག་རང་གསལ་ཙམ་དུ་གནས་པ་དེ་ཆོས་སྐུ་ཡིན་ལ། དེའི་བྱིན་རླབས་ཀྱིས་དངོས་པོ་ལ་མེད་ཀྱང་གདུལ་བྱའི་ངོར་སྣོད་བཅུད་ཐམས་ཅད་མཁྱེན་པ་དང་། ཆོས་གསུངས་པ་དང་། དེས་དོན་མཛད་པར་སྣང་བ་ནི་གཟུགས་སྐུའོ། །དྲི་མེད་པའམ་དག་པ་བས། སེམས་ཀྱི་དུས་ན་ཚོགས་བདུན་གནས་སྐབས་གློ་བུར་བའི་ཤེས་པ་ཀུན་རྫོབ་ཏུ་འདོད་ལ། ཀུན་གཞི་རྣམ་ཤེས་ལ་འཕེལ་འགྲིབ་དང་འཛིན་སྟངས་མི་མཐུན་པ་མེད་པས། དེའི་རང་བཞིན་མཐར་ཐུག་པ་ལ་གཉུག་མའི་ཤེས་པ་ཞེས་དོན་དམ་དང་སངས་རྒྱས་ཀྱི་ས་ན་བག་ཆགས་ཟད་པའི་ཕྱིར་གཉིད་སད་ན་རྨི་ལམ་གྱི་སྣང་བ་རྒྱུན་ཆད་པ་ལྟར། སེམས་ལས་གཞན་ཅི་ཡང་མི་སྣང་ཞིང་། སེམས་རྣམ་པ་ཀུན་དང་བྲལ་བ་ཅི་ཡང་མི་རྟོག་པར་མྱོང་བ་རང་རིག་རང་གསལ་ཙམ་དུ་གནས་པ་དེ་ཆོས་སྐུ་ཡིན་ལ། དེའི་བྱིན་རླབས་ལས་དངོས་པོ་ལ་མེད་ཀྱང་གདུལ་བྱའི་ངོར་སྣོད་བཅུད་ཐམས་ཅད་མཁྱེན་པ་དང་། ཆོས་གསུངས་པ་དང་དོན་མཛད་པར་སྣང་བ་གཟུགས་སྐུའོ་ཞེས་འདོད་དོ། །ད་དུང་དྲི་མེད་པའམ་དག་པ་བའི་ནང་གི་ཁ་ཅིག་སེམས་ཀྱི་རྒྱུ་འབྲས་ལ་སོགས་པའི་ཆ་ལ་དོན་དམ་དུ་འདོད་ལ། ཁ་ཅིག་མྱོང་བ་རང་གསལ་ལས་གཞན་དུ་གྱུར་ཤེས་རིག་ཐམས་ཅད་ཀུན་རྫོབ་པར་འདོད་དོ། །དེ་དགག་པ་ནི། དོན་སྣང་ཅི་ཡང་མི་བདེན་པ་ཉིད་ཤིན་ཏུ་འཐད་མོད་ཀྱི། སེམས་དོན་དམ་དུ་འདོད་པ་དགག་པ་ལ་མགོ་སྙོམས་ལྔ་སྟེ། དོན་དང་ཤེས་པ་མཚུངས་པ་དང་། རང་རིག་དང་གཞན་རིག་མཚུངས་པ་དང་། འཛིན་པ་དང་མྱོང་བ་མཚུངས་པ་དང་། གཞན་དབང་དང་ཀུན་བརྟགས་མཚུངས་པ་དང་། གཉུག་མ་དང་གནས་སྐབས་མཚུངས་པའོ། །དང་པོ་ནི་ཕྱི་དོན་དངོས་པོར་མེད་ན་ནང་གི་སེམས་ཀྱང་དངོས་པོར་མེད་དོ་ཞེས་བྱའོ། །དེ་ནི་མ་ཡིན་ཏེ་རང་རིག་མངོན་སུམ་གྱིས་བདེ་བ་སིམས་པའི་དོན་བྱེད་པ་དང་། སྡུག་བསྔལ་གདུང་བའི་དོན་བྱེད་པ་ལ་སོགས་པར་དངོས་སུ་གྲུབ་པོ་ཞེ་ན། དོན་ཡང་དངོས་པོར་ཡོད་པ་ཡིན་ཏེ་གཞན་རིག་མངོན་སུམ་གྱི་མེས་བཙོ་སྲེག་གི་དོན་བྱེད་པ་དང་། ཆུས་ངོམས་པའི་དོན་བྱེད་པས་སོ། །དོན་དུ་སྣང་བའི་གཞན་རིག་ནི་འཁྲུལ་པ་ཡིན་ཏེ་དེའི་ཡུལ་རྡུལ་ཕྲན་དཔྱད་པས་ཁེགས་སོ་ཞེ་ན། བདེ་སྡུག་ཏུ་སྣང་བའི་རང་རིག་ཀྱང་འཁྲུལ་པ་ཡིན་ཏེ་དེའི་ཡུལ་སྐད་ཅིག་ཀྱང་དཔྱད་པས་ན་རྡུལ་ཕྲན་བཞིན་དུ་དེ་ཡང་ཁེགས་སོ། །དེས་ན་འཁྲུལ་ངོར་གཉིས་ཀ་གྲུབ་ཅིང་དངོས་པོ་ལ་གཉིས་ཀ་ཁེགས་པར་མཚུངས་ཏེ། ལུང་ཡང་མཚུངས་པ་ཉིད་འཇུག་པ་ལས། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ན་ནི་གཟུགས་མེད་མ་འཛིན་ཅིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་སོ། །དེ་ལ་དེ་དག་གིས་དོན་སྣང་གང་དུའང་མི་བདེན་པ་འཐད་མོད་ཀྱི། རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བ་མི་འཐད་དེ། ཇི་ལྟར་འཁྲུལ་ངོར་ཡུལ་སྣང་བ་བཞིན་ཡུལ་ཅན་ཤེས་པ་ལ་སྣང་ལ། དཔྱད་ན་ཡུལ་མ་གྲུབ་པ་བཞིན་དུ་ཡུལ་ཅན་ཤེས་པའང་མི་འགྲུབ་ཅིང་། རང་རིག་དང་གཞན་རིག་མཚུངས་པ་ནི། ཤེས་པ་རང་གིས་རང་རིག་པ་ཡིན་ན། གཟུགས་ལ་སོགས་པ་གཞན་རིག་ཀྱང་ཡོད་ཅེས་བྱའོ། །དེ་ནི་མི་རུང་སྟེ་དུས་མི་མཉམ་པར་རིག་ན་མཐོང་བ་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་། དུས་མཉམ་པ་རིག་ན་མི་ལྟོས་པར་འགྱུར་བའི་ཕྱིར་རོ་ཞེ་ན། རང་གིས་རང་རིག་པའང་མི་རུང་སྟེ་རིག་བྱ་རིག་བྱེད་གཉིས་མེད་པའི་ཕྱིར་དང་། རལ་གྲི་རང་གིས་རང་མི་གཅོད་པ་བཞིན་ནོ། །བློ་རྫས་དུས་གཅིག་པ་རིག་བྱ་རིག་བྱེད་ཀྱི་རྫས་འགལ་ཞིང་། དེས་རང་གིས་རང་རིག་པ་མ་གྲུབ་བོ། །འཛིན་པ་དང་མྱོང་བ་མཚུངས་པ་ནི་བློ་ཉམས་སུ་མྱོང་བ་ཞིག་ཡོད་ན་ཡུལ་འཛིན་པའང་ཡོད་དེ་མྱོང་འཛིན་ཁྱད་མེད་པའི་ཕྱིར་རོ་ཞེས་བྱའོ། །དེ་ནི་ཡུལ་གཟུང་བ་རྫུན་པ་ལ་ལྟོས་པས་འཛིན་པ་བདེན་པར་མི་རུང་སྟེ། རྫུན་པ་ལ་ལྟོས་པའི་བདེན་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། མྱོང་བ་ཡང་བདེན་པར་མི་རུང་སྟེ་རང་ལ་མྱང་བྱ་མྱོང་བྱེད་གཉིས་མེད་པའི་ཕྱིར་དང་། མྱོང་བཞིན་པ་མེད་པའི་ཕྱིར་དང་། འཛིན་པའི་ངོ་བོ་ཡིན་པས་རྫུན་ཞིང་དེའི་ངོ་བོ་ལ་བདེན་པ་མེད་པའི་ཕྱིར་རོ། །ཤེས་པ་རང་ཉམས་སུ་མྱངས་པས་གྲུབ་པ་ཡིན་ན་ཡུལ་ཡང་མྱངས་པས་གྲུབ་ཆོག་ལ་དེ་མ་གྲུབ་པས་ན་དོན་དམ་པ་རང་རིག་འགྲུབ་པ་མིན་ཅེས་སོ། །གཞན་དབང་དང་ཀུན་བརྟགས་མཚུངས་པ་ནི། གཞན་དབང་སེམས་དང་སེམས་བྱུང་དངོས་པོར་ཡོད་ན་གང་ཟག་གི་བདག་ཀྱང་དངོས་པོར་ཡོད་ཅེས་བྱའོ། །དེ་ནི་མི་རུང་སྟེ་བདག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བཙལ་ན་མི་རྙེད་པས་སོ་ཞེ་ན། སེམས་དང་སེམས་བྱུང་ཡང་དངོས་པོར་མེད་དེ་སྐད་ཅིག་དང་རྒྱུན་ནམ་ལུས་ཀྱི་ཕྱི་ནང་ནས་བཙལ་ན་མི་རྙེད་པས་སོ། །གཉུག་མ་དང་གནས་སྐབས་མཚུངས་པ་ནི། རང་བཞིན་གྱི་ཤེས་པ་ཀུན་གཞི་ཡོད་ན་གློ་བུར་བའི་ཤེས་པ་ཚོགས་དྲུག་ལ་སོགས་པའང་ཡོད་ཅེས་བྱའོ། །དེ་ནི་བདེན་པར་མེད་དེ་རྐྱེན་གྱི་དབང་གིས་རེས་འགའ་འབྱུང་ཞིང་། རེས་འགའ་མི་འབྱུང་བས་ན་རང་བཞིན་དུ་གནས་པ་མེད་པའི་ཕྱིར་རོ་ཞེ་ན། ཀུན་གཞི་ཡང་བདེན་པར་མེད་དེ་བཙལ་ན་མི་རྙེད་པས་སོ། །ད་ལྟའི་སྐད་ཅིག་ཉིད་སྔ་ནས་ཀྱང་མེད་ཅིང་ཕྱི་ནས་ཀྱང་མེད་ལ་དངོས་པོ་ཙམ་ལ་འདས་མ་འོངས་ཀྱིས་ཁྱབ་པས་ན་རང་དུས་སུ་མེད་པའི་ཕྱིར་རོ་ཞེས་བྱའོ། །ཡུམ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་སོ། །ཚུལ་འདིས་ད་ལྟའི་སྐད་ཅིག་གི་ཤེས་པ་གཉུག་མ་འདི་ཟང་ངེ་ཐལ་ལེ་ཞེས་པའང་ཁེགས་པ་ཡིན་ནོ་ཞེས་གདམས་ངག་གནང་བའོ། །འདིར་ནི་གཉུག་མ་དང་གཉུག་མ་མ་ཡིན་པའི་ཤེས་པ་གང་དུའང་མ་གྲུབ་པ་ཉིད་ཡིན་པས་ནམ་མཁའི་རང་བཞིན་དུ་མཉམ་པ་ཉིད་དོ། །ཀུན་བཏགས་མ་གྲུབ་པ་བཞིན་དུ་གཞན་དབང་སེམས་སེམས་བྱུང་ཡང་བཙལ་ན་མི་རྙེད་ལ། གནས་སྐབས་ཀྱི་ཤེས་པ་ཚོགས་བདུན་བརྟགས་ན་མི་རྙེད་པ་བཞིན་དུ་ཀུན་གཞིའང་མེད་དེ། ཚོགས་བདུན་སོགས་སྣ་ཚོགས་སུ་སྣང་བའི་གཞིར་བཞག་པ་ལས་སྣ་ཚོགས་པའི་དངོས་པོ་མེད་ན་དེའི་གཞི་ཡང་མེད་དེ། ཤིང་རེ་རེ་ནས་བསལ་བའི་ནགས་བཞིན་ནོ། །དེ་དག་གིས་ཐེག་ཆེན་སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པའི་གཞུང་བསྟན་ཟིན་ཏོ། །གཉིས་པ།

དབུ་མ་རང་རྒྱུད་པ་བཤད་པ།

ད་ནི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་གསལ་བར་བརྗོད་པ་ནི། རང་ལུགས་སྒྲུབ་པ་དང་གཞན་ཕྱོགས་དགག་པ་ཐམས་ཅད་གཏན་ཚིགས་རང་རྒྱུད་ཀྱི་སྒོ་ནས་བཤད་པས་རང་རྒྱུད་པ་ཞེས་བྱའོ། །རང་རྒྱུད་སྡེ་པས་བདེན་གཉིས་དབྱེ་བ་ཡིས། །ཆོས་རྣམས་ཡོད་མེད་སྤྲོས་པ་རབ་འགོག་ཅིང་། །སྣང་བའི་རྣམ་གཞག་ཞིབ་མོར་བྱེད་དེ་ཡང་། །གོང་འོག་རང་བཞིན་རྣལ་དོན་གཞན་དུ་འགྱུར། །འགྱུར་ཞེས་གསུངས་ཏེ། ཐུབ་པའི་གསུང་གི་གསང་བ་མཆོག་ཏུ་ཟབ་དབུ་མའི་པའི་ལུགས་ལ། ཤེས་བྱའི་གཞི་ལྔར་ཡོད་ཀྱང་། བདེན་པ་གཉིས་སུ་འདུས་པ་དེའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ཆེན་པོ་གཉིས་ཏེ། རང་རྒྱུད་པའི་རྣམ་གཞག་དང་། ཐལ་འགྱུར་བའི་རྣམ་གཞག་གོ །སྐབས་ཀྱི་བཤད་བྱ་རང་རྒྱུད་པ་དེ་ལའང་དོན་དམ་པའི་བདེན་པ་རིག་ཤེས་ཀྱི་ཡུལ་དུ་ཁས་ལེན་པའི་རྣམ་གཞག་དང་། ཁས་མི་ལེན་པའི་ཁྱད་པར་ངེས་པར་བྱ་བ་ལ། དབུ་མ་རང་རྒྱུད་པ་དག་ནི་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱིས་དབྱེ་བས། ཡོད་མེད་ཀྱི་སྤྲོས་པ་འགོག་ཅིང་། དོན་དམ་པ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པའི་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ན་ཡང་། ད་དུང་རང་གི་ཕྱོགས་སྒྲུབ་པའི་ཁས་ལེན་ལ་ཞེན་པ་ཡོད་པས། རབ་ཏུ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དབུ་མ་ལས་གཞན་དུ་རྣམ་པར་གཞག་གོ །འདི་ལ་རང་རྒྱུད་འོག་མ་དང་གོང་མ་གཉིས་སོ། །དང་པོ་ནི། སྤྱིར་སེམས་ཙམ་ལ་རང་རྒྱུད་འོག་མར་གྲགས་ཀྱང་། ཡེ་ཤེས་བླ་མའི་ནང་དུ་དབུ་མ་སེམས་ཙམ་པ་ཞེས་པ་དེ་འདིའི་གོ་དོན་འབྲེལ་བའོ། །སེམས་ཙམ་པ་ལ་ཡང་རང་རྒྱུད་འོག་མར་གྲགས་པའི་སྐབས་ཡོད་ན་ཡང་རང་རྒྱུད་དངོས་དང་མི་འདྲ་བའི་ཁྱད་པར་ཤེས་བྱ་རང་རིག་དོན་དམ་དུ་མི་འདོད་པའི་གཞུང་ལ་ཕྱེ་ན། སྣང་བ་སྒྱུ་མའི་ངོ་བོ་རང་བཞིན་གྱིས་སྟོང་པ་དོན་དམ་དུ་འདོད་པ་དང་། མི་འདོད་པ་གཉིས་ལ་གོང་འོག་ཏུ་བཞག་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་རང་རྒྱུད་དུ་འདོད་པས་རང་རྒྱུད་གོང་འོག་གཉིས་ཀའི་གྲུབ་མཐའི་དོན་མ་གོ་བར་ཟད་དོ། །འདི་ནས་རང་རྒྱུད་འོག་མའི་འདོད་པ་བཀོད་པ་ནི་སློབ་དཔོན་རྒྱ་མཚོ་སྤྲིན་ལ་སོགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གྱི་ངོ་བོར་གནས་ཏེ། འདིའི་སྐབས་ཀྱི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི་ཆོས་ཅན་གང་ཞིག་རིགས་པས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་གང་ཞིག་རིགས་པས་དཔྱད་བཟོད་པའོ། །དེའང་མཐར་ཐུག་དཔྱོད་པའི་རིགས་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཟེར་ཞིང་། རིགས་པ་གང་གིས་ཀྱང་དགག་པ་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་བྱའོ། །དེས་ན་ཀུན་རྫོབ་ལ་ཡང་ལོག་གཉིས་དང་། དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་འཆད་ཚུལ་འབྱུང་བ་ཡིན། དེའང་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། རང་རང་གི་རིགས་ལ་མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་གཟུགས་ལ་སོགས་པའི་ཆོས་ནི་ཡང་དག་ཀུན་རྫོབ་སྟེ་སོ་སོའི་དོན་བྱེད་ནུས་པར་ཡོད་ལ། སྣང་ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འབབ་པ་དང་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པའི་ལོག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པར་མེད་པས་རབ་ཏུ་དབྱེ་བའོ་ཞེས་འདོད་དོ། །དོན་དམ་པ་ལའང་ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་བཀག་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་བའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་ལས་གྲོལ་པ་རྣམ་གྲངས་མ་ཡིན་པའི་དོན་དམ་དུ་བཞེད་པ་ཡིན་ནོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གྱི་ངོ་བོར་ཇི་ལྟར་གནས་པ་ནི། ཀུན་རྫོབ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་མེད་པ་གསལ་སྣང་དུ། འཁྲུལ་སྣང་ལ་ཇི་ལྟར་སྣང་བཞིན་པའི་ངོ་བོར་ཐ་སྙད་དུ་དོན་བྱེད་ནུས་པ་ཙམ་གྱི་ཆ་ནས་བདེན་ལ། དོན་དམ་པར་ནི། ཀུན་རྫོབ་ཀྱི་ཆའི་བརྟགས་པ་ལོག་པས་རྒྱུ་རྐྱེན་དང་རྒྱུ་རྐྱེན་མ་ཡིན་པ་ལ་སོགས་པ་མིང་ཚིག་ཡི་གེ་ལ་སོགས་པའི་སྤྲོས་པས་སྟོང་ཡང་། གཟུགས་བརྙན་ལྟར་རྟེན་འབྲེལ་དུ་གསལ་བ་མ་འགགས་པའི་ཆ་ནས་སྒྱུ་མར་བརྗོད་དེ། ཏིང་ངེ་འཛིན་གྱི་སྣང་ཡུལ་གྱི་གཟུགས་སོགས་སྣང་ཡང་གཅིག་དང་ཐ་དད་དུ་སྤྲོས་པ་ཞི་བའི་སྣང་བ་སྒྱུ་མར་ཤར་བ་ཙམ་མོ། །དེས་ན་རྒྱུ་ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས་འབྲས་བུ་བྱང་ཆུབ་སྒྱུ་མ་ལྟ་བུ་ཐོབ་ནས། སྒྱུ་མའི་རང་བཞིན་ལ་རྟག་ཏུ་གནས་པ་ནི་མཉམ་པར་གཞག་པ་ཡིན་ལ། སྒྱུ་མའི་ཚུལ་གྱིས་འཕྲིན་ལས་བྱུང་ནས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །དེ་ལྟར་མ་ཡིན་པར་དོན་དམ་པར་ཡོད་པར་བདེན་པའམ། ཡང་ན་ཅི་ཡང་མེད་ན་ལམ་དང་རྣམ་གྲོལ་འབད་པ་དང་ཐོབ་པ་མེད་པར་འགྱུར་རོ། །སྟོང་པ་ཉིད་ལ་སོགས་པ་ཅི་ཙམ་བརྗོད་ཀྱང་སྣང་བའི་དངོས་པོ་རྟེན་འབྲེལ་པ་རྣམས་སྣང་བའི་ཕྱིར་གྱིས་ཀྱང་། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་བདེན་པས། དེའི་ངོར་སྤང་བླང་གི་རིམ་པས་རང་དང་གཞན་གྱི་དོན་གཉིས་གནས་སྐབས་པ་དང་མཐར་ཐུག་པ་གཉིས་སྒྲུབ་པར་འོས་པ་ཡིན་ནོ། །དབུ་མ་རང་རྒྱུད་པ་དག་གི་སྡེ་བས། ཆོས་ཐམས་ཅད་བདེན་པ་གཉིས་སུ་རྣམ་པར་དབྱེ་བའི་སྒོ་ནས། ཆོས་རྣམས་ལ་ཡོད་པ་བདེན་གྲུབ་དང་། ཐ་སྙད་དུ་མེད་པའི་སྤྲོས་པ་དག་རབ་ཏུ་འགོག་པར་བྱེད་ཅིང་། ཁྱད་པར་ཐ་སྙད་ཀྱིས་གཞལ་ནས་སྣང་བའི་རྣམ་གཞག་ཞིབ་མོར་བྱེད་པ་དེ་ལའང་། གྲུབ་མཐའ་གོང་འོག་གཉིས་སུ་བྱུང་བ་དག་ཀྱང་། ཆོས་ཉིད་རྣལ་མའི་དོན་ལས་གཞན་དུ་གྱུར་པ་སྟེ། སྤྲོས་པའི་དྲ་བར་འཆེལ་བ་ཤས་ཆེ་བའི་ཕྱིར་རོ། །དེ་ཡང་རང་རྒྱུད་འོག་མ་ལ། སྒྱུ་མ་རིགས་གྲུབ་པ་དང་། སྣང་སྟོང་ཐ་དད་པ་གཉིས་ཀྱི་དང་པོ། སློབ་དཔོན་རྒྱ་མཚོ་སྤྲིན་ལ་སོགས་པ་ནི། ཆོས་ཐམས་ཅད་ངོ་བོ་མ་གྲུབ་པ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གནས་ཏེ། ཀུན་རྫོབ་ཀྱི་སྣང་བ་མི་བདེན་པ་སྒྱུ་མ་ལྟ་བུ་དང་། དོན་དམ་སྟོང་ཡང་རྟེན་འབྲེལ་དུ་སྣང་བ་མ་འགགས་པས། ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས། འབྲས་བུ་བྱང་ཆུབ་སྒྱུ་མ་ལྟར་ཐོབ་ནས། སྒྱུ་མའི་རང་བཞིན་ལ་རྟག་ཏུ་མཉམ་པར་བཞག་བཞིན། སྒྱུ་མའི་ཕྲིན་ལས་ཀྱིས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །དེས་ན་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ལས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། འཁྲུལ་སྣང་སྒྱུ་མ་དང་། འཁྲུལ་པ་བྲལ་བའི་ཡེ་ཤེས་ཀྱི་སྣང་ཡུལ་དུ་སྤྲོས་པ་ཞི་ཡང་གསལ་བ་མ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུ་སྟེ། མདོར་ན་གཞི་ལམ་འབྲས་བུ་ཐམས་ཅད་སྒྱུ་མ་ལྟར་འདོད་པའོ། །སློབ་དཔོན་དཔལ་སྦས་ལ་སོགས་པ་ནི། དོན་དམ་པར་ཅིར་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ཞེས་དམིགས་སུ་མེད་དེ། ཀུན་རྫོབ་ཐ་སྙད་ཙམ་དུ་བུམ་སོགས་སྟོང་པ་ཉིད་མ་ཡིན་ཏེ། དོན་བྱེད་པར་སྣང་ཞིང་བདེན་པའི་ཕྱིར། དོན་དམ་པར་དཔྱད་ན་ཅི་ཡང་མི་རྙེད་པའི་ཕྱིར་སྟོང་པའོ། །དེས་ན་དོན་དམ་པ་དཔྱད་བཟོད་དང་། ཀུན་རྫོབ་དཔྱད་མི་བཟོད་གཉིས་ཆོས་ཅན་དང་ཆོས་ཉིད་ཅེས་གཞི་གཅིག་ལ་མི་འདུ་སྟེ། ཀུན་རྫོབ་མི་རྟག་པ་ལྟར་དོན་དམ་མི་རྟག་པར་ཐལ་བ་དང་། དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་ཀྱང་སྐྱེ་འགག་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་སྣང་བ་ཀུན་རྫོབ་ཆོས་ཅན་དང་། སྟོང་པ་དོན་དམ་ཆོས་ཉིད་གཉིས་ཕན་ཚུན་ལྟོས་པས་གྲུབ་པ་ཙམ་མོ། །སློབ་དཔོན་རྒྱ་མཚོའི་སྤྲིན་ལ་སོགས་པའི་རང་རྒྱུད་འོག་མའི་སྒྲུབ་བྱེད་ཀྱི་ལུང་ཇི་ལྟར་གསུངས་པ་ནི། ཡུམ་ལས་ཀྱང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག །གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཅེས་པ་དང་། ཇི་ལྟར་སྐྱེ་བོ་མང་པོའི་མདུན་དག་ཏུ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣང་བ་སྣ་ཚོགས་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ཀྱེ་རྡོ་རྗེ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་པ་ལ་སོགས་པ་གསུངས་པས། ཐམས་ཅད་སྒྱུ་མའི་ཚུལ་གཉིས་སུ་འདོད་དོ། །དེའང་མ་དག་པ་སྒྱུ་མ་ནི། ཀུན་རྫོབ་ཏུ་སྣང་ལ་དོན་དམ་པར་བདེན་པའི་རང་བཞིན་མེད་དེ་ལམ་མཐར་ཕྱིན་པ་ན་འགགས་པའི་ཕྱིར་ཏེ། བདེན་ཞེན་སྒྲིབ་པ་ཀུན་སྤོང་བའི་ཕྱིར་རོ། །དག་པ་སྒྱུ་མ་ནི་ལམ་དུ་སྣང་ལ་རང་བཞིན་མེད་པར་བསྒོམས་པས། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་པའི་རང་གི་ངོ་བོ་སྣང་ལ་རང་བཞིན་མེད་པ་འོག་མིན་ན་སྒྱུ་མའི་ཚུལ་དུ་བཞུགས་པ་ལས། སྤྲུལ་པ་སྒྱུ་མ་ལྟ་བུ་འབྱུང་བའོ། །དེ་དག་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་རྒྱུ་རྐྱེན་རྟེན་འབྲེལ་ལ་བདེན་པར་ཞེན་པ། དོན་དམ་སྒྱུ་མ་རྟེན་འབྲེལ་གྱི་སྣང་བ་གཅིག་དང་དུ་མའི་སྤྲོས་པ་ལས་གྲོལ་བར་སྣང་ལ་སྤྲོས་བརྗོད་མེད་པ་ཉིད་གནས་ལུགས་སུ་བརྗོད་པའོ་ཞེས་འདོད་པའོ། །དེ་ལྟ་བུའི་རང་རྒྱུད་འོག་མ་ནི་བདེན་གཉིས་རོ་གཅིག་ཏུ་སྒྲུབ་མ་ནུས་པ་སྟེ། དེ་ལ་བདེན་པ་གཉིས་ཆར་ཡང་སྒྱུ་མ་ལྟར་འདོད་པ་དང་། ཀུན་རྫོབ་དཔྱད་མི་བཟོད་པ་དང་། དོན་དམ་སྟོང་པ་དཔྱད་བཟོད་སོ་སོར་ཁས་ལེན་པ་གཉིས་སུ་ཡོད་དོ། །ད་དེ་རིང་རང་རྒྱུད་འོག་མའི་འདོད་པ་བཀོད་པའི་སྐབས་ཀྱི་ཞེས་འདོད་པའོ་གསུངས་ས་འདིར་བཞག་སྟེ་སང་ཉིད་དེ་དགག་པ་ནས་བཤད་རྒྱུ་བྱེད། སྔར་ཡང་ཞུས་མྱོང་བ་ལྟར་དུ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་འདི་ནི་ཚིག་སྟེང་ནས་འཇུར་བུའི་བློ་མིག་དོག་པོས་བརྩམས་པའི་བསྟན་བཅོས། འཕྲང་ལམ་དོག་མོའི་ནང་ནས་འགྲོ་བ་ལྟར་དུ་ཡས་མས་ལ་ཐོགས་ཨེ་འགྲོ་དང་། རྡོག་འཁྱོར་ཨེ་འགྲོ་བསམ་ནས་ཚིག་འཁྲི་མང་པོ་སྦྱར་ནས་གཟབ་གཟབ་བྱེད་པའི་ཚིག་ལ་བསྒྲིམས་པ་རྟོག་གེའི་བསྟན་བཅོས་དང་མི་འདྲ་བར། དོན་གྱི་ཆ་ནས་སྤྱི་རྒྱ་རླབས་ཀྱིས་བཅད་ནས་ཐེག་པ་ཐམས་ཅད་ཀྱི་དོན་ཁ་འོག་ཏུ་ཆུབ་པ་ཞིག་ཡིན་པས། གསུང་རབས་འདི་ལས་ཡང་སྒོས་གོང་མའི་ཐེག་པ་ཞིག་ལ་ཐུག་དུས། དཔེ་ཞིག་བཞག་ན་ཡང་། ཉི་ཟླ། ནོར་བུ། ནམ་མཁའ། རྒྱ་མཚོ། ཁྱུང་ཆེན་ལྡིང་འགྲོས་སོགས་སུ་བཀོད་པ་སྟེ། ལྟ་བ་ནམ་མཁའ་ཤང་ཡངས། སྒོམ་པ་ཉི་ཟླ་སྤྲིན་བྲལ། སྤྱོད་previous hit ་རང་བབས་ཤུགས་འབྱུང་། འབྲས་བུ་རེ་དོགས next hit་དང་བྲལ་བ། སོགས་སུ་གསུངས་ཡོང་དུས་ཅི་འདྲའི་གང་ཟག་ཉམས་ཞན་པ། བློ་གུ་དོག་ཅན་གཉིས་འཛིན་གྱིས་འཆིང་ནས་སྒྱིད་ལུག་པ་ཞིག་ཡིན་ན་ཡང་། རིགས་ཤིག་ཡོད་དུས་སད་དེ། ཉམས་རྟོགས་ཀྱི་ན་མི་འཕར་ཐབས་མེད་ཀྱི་མན་ངག གསུང་གི་ཚིག་འགོ་གཟུང་དུས་ནས་ཀྱང་གཞན་དང་མ་འདྲ་བའི་ཁྱད་ཆོས་དེ་ལྟར་ཡོད་པ་ཡིན། དེས་ན་དཔལ་སྤྲུལ་ཚང་གིས་ཀྱང་། མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །ཞེས་གསུངས་པ་སྟེ། དཀོན་མཆོག་གསུམ་ཡོངས་སུ་རྫོགས་པའི་ཆོས་སྐུའི་མཆོད་སྡོང་། རྒྱལ་བ་ཀུན་གྱི་གཤེགས་ཤུལ། ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་འདི་ན་དངོས་སུ་བཞུགས་པ་སུས་མཇལ་ན་ཡང་སྲིད་པ་ཐ་མ་ཡིན་པར་བསྟན་ཏོ། །དེས་ཀྱང་ཕལ་བའི་བསྟན་བཅོས་ཀྱི་ཕྱོགས་ཙམ་འགྲན་དུ་མེད་པའི་ཁྱད་ཆོས་བསྟན་ཡོད་པ་ཡིན། ཡང་དཔལ་སྤྲུལ་ཚང་གིས་རྒྱལ་བའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་བསྟོད་པའི་ནང་ན། སྲིད་ཞིའི་དགྲ་གྱུར་མ་ལུས་ཟིལ་མནན་ཅིང་། །དུས་གཅིག་ཉིད་དུ་དུ་མར་གསུང་མཛད་ལ། །དུས་རྣམས་ཀུན་ཏུ་རྒྱུན་ཆད་མེད་གསུང་བ། །མོས་པ་རྒྱ་མཚོའི་སྣོད་དང་མཐུན་པར་གསུངས། །ཞེས་པ་ལྟར་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །ཞེས་པ་འདི་ལུང་དུ་མ་ལས་བྱུང་བ་དང་། དེ་བཞིན་དུ། མེ་ལོང་ཤིན་ཏུ་ཡང་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པའི་མདོ་འདི་ལྗོན་པས་ཞུས་པ་ལས་གསུངས་པ་མ་ཡིན་ནམ་ཞེ་ན། འགལ་བ་མེད་དེ། སྔོན་གདུལ་བྱ་ཐ་དད་པ་བཅོམ་ལྡན་འདས་ལ་ཆོས་ཉན་པ་ན། རང་རང་གི་མོས་པ་བཞིན་མདོའི་རྣམ་གྲངས་ཐོས་ཏེ། དུས་གཅིག་ལ་འཁོར་གྱི་ཁྱམས་གཅིག་ཏུའང་ཡབ་སྲས་མཇལ་བའི་མདོ། །ལྗོན་པས་ཞུས་པའི་མདོ། །དྲི་མ་མེད་པའི་མདོ། །དཀོན་མཆོག་བརྩེགས་པའི་མདོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པར་རང་རང་གིས་ཐོས་པ་དེ་བཟུང་ནས་གཞན་དུ་བརྗོད་པས་དེ་ལྟར་བྱུང་བ་ཡིན་ནོ། །དེའང་གནས་དང་གླེང་གཞི་མཐུན་པ་དང་། མི་མཐུན་བ་ཅི་རིགས་སུ་སེམས་ཅན་ལ་སྣང་བ་དང་། དུས་སྔ་ཕྱིར་སྣང་བ་དེ་ཉིད་སངས་རྒྱས་ཀྱི་བྱིན་རླབས་ཏེ། གནས་གཅིག་དུས་གཅིག་ན་འདུག་བཞིན་དུ་གནས་དང་དུས་ཐ་དད་པར་སྣང་བ་ཆོ་འཕྲུལ་ཡིན་པ་གོང་དུ་གསུངས་པ་བཞིན་ཡིན་པས། ལུང་ཁུངས་ནོར་བ་སོགས་སེམས་ནས་ཐོས་ཆུང་བློ་མིག་དོག་པོ་ཕྱི་ལ་བསྟན་ན། ཕ་རོལ་པོ་མཁས་མཛངས་དཀྱེལ་ཆེ་དག་གི་མདུན་ནས་ཁྲེལ་བའི་རྒྱུར་འགྲོ་བ་ཡིན་ནོ། །ཡིད་བཞིན་རིན་པོ་ཆེའི་མཛོད་འདི་རྩ་བ་སྡེབ་གྲངས་བཅུ་ཕྲག་གཉིས་གསུམ་ཙམ་ཞིག་དང་། འགྲེལ་བ་དུམ་པ་གཉིས་ལས་མེད་ཀྱང་། འདིའི་ཚིག་རེའི་ནང་དུ་མདོ་རྒྱུད་བཀའ་དང་བསྟན་བཅོས་ཀྱི་གནད་རྣམས་ཚང་ཡོད་པ་ཡིན་པས། ངོ་མས་ཞིབ་ཀྱིས་བལྟ་བསམ་ན་སྡེ་སྣོད་རྒྱུད་སྡེ་སོ་སོའི་རང་གཞུང་དང་ཁོག་བསྒྲིགས་ན་ཧ་གོ་བ་ཡིན། མི་ཤེས་པ་ཞིག་གིས་བལྟས་ནས་མདོར་བསྡུས་མདོར་བསྡུས་ཙམ་ལས་མེད་པ་དང་། ཁྱད་པར་དུ་གྲུབ་མཐའི་ཕྱོགས་ཞེན་ཅན་གྱིས་དེ་ལྟར་སྨྲ་སྲིད་ཀྱང་། ཚིག་གི་འགྲོས་ཐམས་ཅད་ཡིག་འབྲུ་རེ་རེ་བཞིན་དུ་ཆད་ལྷག་མེད་པར་ཚང་དགོས་ན་བཀའ་བསྟན་རྒྱུད་འབུམ་དང་བཅས་པ་ཚང་དགོས་པས། དེ་ཚར་གཅིག་འདོན་དགོས་ཀྱང་ལོ་དུ་མར་འགོར་བ་ཡིན། དེ་དག་གི་མན་ངག་གི་གནད་ཐམས་ཅད་འདིའི་གླེགས་བམ་གཉིས་ཀྱི་ནང་དུ་འདུས་ཡོད་པས་མན་ངག་གི་བསྟན་བཅོས་ཞེས་གསུངས་ལ། མཛོད་བདུན་ལྟ་བསྐུལ་ལས། སྤང་བླང་གནས་ཀུན་ཡིད་བཞིན་ལེགས་སྟོན་པ། །ཆོས་ཚུལ་ཡོངས་རྫོགས་ཐོས་བསམ་སྒོམ་པའི་མཛོད། །འདི་མཐོང་བསྟན་པ་ཀུན་གྱི་དེ་ཉིད་ཤེས། །བརྒྱ་ཕྲག་གཞུང་ལ་ཅིག་ཆར་སྦྱངས་པར་འགྱུར། །ཞེས་གསུངས་པ་ལྟར་དུ། བརྒྱ་ཕྲག་གི་གཞུང་ལུགས་དུས་གཅིག་ལ་བལྟས་ནས་སྦྱངས་བཞིན་དུ་བསྟན་པ་ཀུན་གྱི་དེ་ཉིད་འདིའི་ནང་ན་གསལ་བ་ཡིན། ང་ཚོ་གོ་བ་ནི་དེ་ལས་རྒྱ་མཚོའི་ནང་ནས་སྐྲ་རྩེའི་ཆུ་ཐིགས་བླངས་པ་ལས་མ་འདས་ཀྱང་། ནམ་མཁའ་ཆེན་པོ་དང་ཡུངས་འབྲུ་སྲིན་ཟོས་ཀྱི་ནམ་མཁའ་གཉིས་ཀ་ནམ་མཁའ་ཡིན་པར་གཅིག་པའི་དཔེ་བཞིན་དུ། ཅུང་ཟད་གོ་བ་ལའང་གོ་བའི་སྒྲ་འཇུག་པ་དང། ཅུང་ཟད་བཤད་པ་ལའང་བཤད་པའི་སྒྲ་འཇུག་པས་མི་ཚད། རྡོ་རྗེ་ཕ་ལམ་གྱི་ཟེགས་མ་ཆུང་ཆུང་ཞིག་ཀྱང་རིན་པོ་ཆེ་ཕལ་གྱིས་དོ་ཟླ་མེད་པ་བཞིན་དུ། གོ་དོན་ཆེན་པོ་ཞིག་གི་གཏིང་མ་དཔོག་ཀྱང་ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་གི་ཆ་ཤས་ཤིག་བཟུང་བ་ཡིན། དེས་ན་ཀུན་མཁྱེན་བླ་མའི་གསུང་བྱིན་རླབས་ཅན་ཆོས་སྐུའི་མཆོད་སྡོང་ལ་འཆད་ཉན་བྱས་བཞག་པ་དེས་སྐྱེ་བ་འདིའམ་ཚེ་རབས་རྗེས་མར་ཀུན་མཁྱེན་ཆེན་པོའི་གསུང་གི་གསང་བ་ཡོངས་རྫོགས་བཟུང་ནས་བལྟས་དུས། མ་འོངས་སངས་རྒྱས་རི་རབ་མར་མེའི་རྒྱ་མཚན་གྱི་འཁོར་གྱི་ཐོག་མར་སྐྱེས་ནས་ཐོས་པ་འཛིན་པའི་མཆོག་གམ་ཤེས་རབ་ཅན་གྱི་མཆོག་ཏུ་འགྱུར་སྲིད་སྙམ། དེ་ཡང་ད་ལྟ་ནས་འདིའི་གསུང་རབས་ཀྱི་རིན་ཐང་དང་མཇལ་བར་དཀོན་པའི་གནད་ཤེས་པ་ནི་རྒྱུ་སྔོན་སོང་གི་ས་བོན་བསྐྲུན་པའི་དོན་རྐྱེན་རེད་བསམ་པ་ཡིན། འདི་ལྟ་བུའི་གསུང་བྱིན་རླབས་ཅན་གྱི་ཆོས་སྒོ་འབྱེད་སྐབས། རྒྱུན་མཁོའི་སློབ་ཁྲིད་ཕལ་བ་ཉན་ཉན་མི་བྱེད་པར། ཆོས་ཉན་པའི་དུས་སུ་ཡང་མ་བཅོས་རིག་སྟོང་རྗེན་པའི་ངང་ལ། ཀུན་མཁྱེན་རྒྱལ་བ་གཉིས་པའི་མཁྱེན་རབ་ཡེ་ཤེས་ཀྱི་མེ་ལོང་དང་། རང་གི་སེམས་ཉིད་གཉིས་མེད་དུ་འདྲེས་པའི་གསལ་སྣང་ཏིང་འཛིན་དང་མ་བྲལ་བས་ཉན་ན། གཞི་རྒྱུད་བདེ་གཤེགས་སྙིང་པོས་སུ་ལ་ཡང་ཁྱབ་ཡོད་པས། ཆོས་ཉིད་ནང་འཕྲད་ཀྱི་སྟོབས་ཀྱིས་རྒྱས་འགྱུར་གྱི་རིགས་དེ་ཡར་སད་དེ། ཤེས་རབ་ཀྱི་རྩལ་ཁ་བྱེ་ནས་སྔར་ན་མེད་པའི་གཟུངས་སྤོབས་བློ་གྲོས་ཀྱི་སྣང་བ་ནང་ནས་རྒྱས་པ་དང་མཉམ་དུ་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་ཏེ། ཀུན་མཁྱེན་བླ་མའི་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བའམ། ཡང་ན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་ཕྱི་མ་དག་པའི་ཞིང་ནས་མཇལ་ཏེ། སྐུ་དངོས་ཀྱི་མདུན་ནས་ད་ལྟ་མ་གོ་བ་དང་། འགྲེལ་ནོར་བྱས་པ་དང་། ཡིག་ནོར་རྒྱུན་འབྱམས་སུ་སོང་བ་རྣམས་དག་ཐེར་ཐུབ་ན་ཐང་། ཨ་ལ་ཁ་མཚར་དང་འདྲེས་མ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསག་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉི་ཤུ་པའི་ཆོས་ཁྲིད། next