Nitartha Digital Library
Tibetan
 
previousཉིན་ཉེར་ལྔ་བའི་ཆོས་ཁྲིད། next

ཉིན་ཉེར་ལྔ་བའི་ཆོས་ཁྲིད།

དེ་ཡང་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། གང་ཞིག་ཐོས་ནས་སྐྱེ་ཤི་རྒྱུན་ཆད་དེ། །བདེ་ཆེན་མཆོག་དང་ནམ་ཡང་མི་འབྲལ་བ། །ཞི་བའི་ཆོས་མཆོག་རིན་ཆེན་གྲུ་བཟང་གིས། །སྲིད་གསུམ་ཉོན་མོངས་ཆུ་གཏེར་བརྒལ་ཕྱིར་འབད། །ཅེས་གསུངས་ལྟར་དུ། དམ་པའི་ཆོས་གང་ཞིག་དང་པོར་ཐོས་ཞིང་། དེ་ནས་ཐོས་པ་དེ་ཉིད་བསམ་སྒོམ་གྱིས་ཉམས་སུ་བླངས་ཏེ་རྒྱུད་ལ་སྦྱར་ན། འཁོར་བའི་རྩ་བ་མ་རིག་པ་གཞི་ལ་བཟློགས་ཏེ་ལུགས་འབྱུང་སྲིད་པའི་འཁོར་ལོ་འདི་ཉིད་ཀྱི་འཁོར་མཚམས་བཞག་ནས་སྐྱེ་ཤི་རྒྱུན་ཆད་དེ་བདེ་ཆེན་བདེ་བ་ཀུན་གྱི་མཆོག་དམ་པ། གཏན་བདེའི་ཐར་བ་མཆོག་དང་དུས་ནམ་ཡང་མི་འབྲལ་བར་བྱེད་པའི་དམ་པའི་ཆོས་ནི། ཞི་བ། བསིལ་བ། མྱ་ངན་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཡིན་པས་ན། དེ་ལྟ་བུའི་གྲུ་གཟིངས་བཟང་པོ་ལ་བརྟེན་ཏེ་སྲིད་པ་ཁམས་གསུམ་འཁོར་བའི་ཉོན་མོངས་ཀྱི་ཆུ་གཏེར་ཉམ་ང་བའི་སྡུག་བསྔལ་ཅན་གྱི་ཕ་རོལ་ཏུ་བསྒྲལ་ཞིང་རྒལ་བའི་ཕྱིར་དུ་འབད་རེ་རེམ་ཞེས་གསུངས་པའོ། །གཞན་ཡང་རང་རེས་ཆོས་འདིའི་འཆད་ཉན་གྱི་དབུ་བཟུང་ནས་ད་ལྟའི་བར། འུ་ཚོས་ཟུར་གྱི་ཁ་བརྡ་བྱས་ནས། ད་རེས་རྟེན་འདིའི་ཐོག་ནས་འབད་པ་དོན་ལྡན་ཞིག་བྱ་དགོས་པ་དང་། དགོས་ཚུལ། དེ་ཡང་དེ་སྔོན་ཡན་ཆད་ནི་འཆི་བར་སྐྲག་ནས་དམ་པའི་ལྷ་ཆོས་དོན་གཉེར་ལ་ཕྱོགས་པ་ཡིན་ཀྱང་། ད་བཤད་ཅིང་བཤད་ཉན་ཞིང་ཉན་ན་འཆི་བ་ལས་ཀྱང་སྐྱེ་བས་སྐྲག་འདུག སྐྱེ་བའི་རྒྱུན་དེ་མ་ཆད་ན་འཆི་བའི་རྒྱུན་དེ་ཆོད་པར་མི་འདུག སྐྱེ་བ་དེ་ཡང་མཐོ་རིས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཏག་ཏག་མིན་པས། ད་རེས་ཐར་ལམ་གྱི་བྱང་ཆུབ་ཅིག་མ་འགྲུབ་དུས་ཕྱིན་ཆད་བདེ་འགྲོའི་མིང་ཡང་མི་གྲགས་ཤིང་ངན་སོང་མཐའ་མེད་ཀྱི་གནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏན་དུ་འཁོར་བའི་གནས་ནས་ཐར་བར་མི་འདུག་ཅེས་བསམས་ནས་བློ་ལྡོག་རྣམ་བཞི་ལ་ངེས་པ་རྙེད་པ་རེད། དེ་ལྟར་བློ་ལྡོག་རྣམ་བཞི་ལ་ངེས་པ་རྙེད་དུས་འཁོར་བའི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པར་ཤེས་ནས་ཐར་བའི་ལམ་ལ་སྐོམ་པ་ཆུ་འདོད་ལྟ་བུའི་སྒོ་ནས་ངེས་འབྱུང་སྐྱེ་བ་ཡིན། ཕུགས་འདུན་ཕྱི་མ་དོན་གཉེར་བྱེད་པ་ཞིག་ལ་མཚོན་ན་གཅིག་པུར་དབེན་པའི་རི་ངོགས་ནས་ཆོས་བསྒྲུབ་རྒྱུ་ལས་དགའ་ཞིག་མི་འདུག་བསམས་ནས་བློ་ཆོས་སུ་འགྲོ་བ་ཡིན། བློ་ཆོས་སུ་སོང་བ་རྐྱང་པས་ཀྱང་ཕན་པ་མེད་དེ། ཆོས་སྒྲུབ་ལུགས་གལ་ཏེ་ཉེས་སོང་པ་ཡིན་ན་དེ་བས་ཐ་མེད་པར་འགྱུར་བ་ཡིན་པ་དེ་ཤེས་ནས། ཆོས་ལམ་དུ་འགྲོ་བ་ལ་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན། ཐོས་བསམ་སྒོམ་པས་རང་རྒྱུད་སྦྱངས་ཏེ་ཐར་བ་མ་གཏོགས་བསམ་རྒྱུ་མེད་པར། གང་བྱས་དགེ་བར་འགྱུར་བ་དང་ནི་གཞན་དོན་སྙིང་པོར་བྱེད་པའི་སེམས་བསྐྱེད་དང་ལྡན་ན། ཆོས་ལམ་དུ་འགྲོ་བ་ཡིན། ད་རུང་དེ་བས་ཀྱང་གནད་ཆེན་ཞིག་ནི་ལམ་གྱི་འཁྲུལ་བ་སེལ་ཐུབ་དགོས། དེ་ལ་ཡང་ཐུན་མོང་། ཁྱད་པར། བླ་མེད་གསུམ་གྱིས་འཁྲུལ་བ་སེལ་ཚུལ་ལ་བསམ་གཞིག་བཏང་ན། ཉམས་ལེན་གང་ཅན་པོ་བྱས་ཀྱང་བདག་འཛིན་གྱི་འཁྲུལ་བ་རང་སར་གྲོལ། ཉོན་མོངས་པ་དབྱིངས་སུ་དག་པའི་ཐབས་ཀྱི་སྤྱོད་པ་ལ་མཁས་ན་ལམ་གྱི་འཁྲུལ་བ་སེལ་བ་ཡིན། ད་རུང་དེ་ཙམ་གྱིས་མི་ཆོག་པར་འཁྲུལ་བ་ཡེ་ཤེས་སུ་འཆར་ཐུབ་དགོས། དེ་ལ་ཡང་ཐུན་མོང་། ཁྱད་པར། བླ་མེད་ཀྱིས་ཉོན་མོངས་པ་སྦྱོང་སྒྱུར་དབྱིངས་སུ་དག་པའི་ཡེ་ཤེས་སུ་འཆར་ཚུལ་ཡོད་པ་ཡིན། འོན་ཀྱང་གང་ནས་བཤད་ཀྱང་ཉོན་མོངས་དག་པའི་དོན་དུ་གཅིག་པ་ཡིན་པས་དུག་ལྔ་ཡེ་ཤེས་ལྔ་རུ་དག་ནས་བྱང་ཆུབ་ཞི་བ་རྡུལ་བྲལ་གྱི་དག་པ་གཉིས་ལྡན་མངོན་དུ་བྱེད་དུས་ཡང་དག་པར་སོང་བ་ཡིན། རེད་ཀྱང་དུས་རིང་བསྐལ་ཆེན་མང་པོ་དང་། མི་ཚེ་མང་པོའི་གྲངས་ཀར་སྒུག་དཀའ་བ་ཡིན་པས། མྱུར་ལམ་གསང་ཆེན་རྡོ་རྗེའི་ཐེག་པར་འཇུག་དགོས་པ་ཡིན། འོན་ཀྱང་ལམ་དང་འབྲས་བུའི་སྤྱི་འགྲོས་ཙམ་ཞིག་ཤེས་པ་རྐྱང་པས་ཕན་པ་མེད་པ་ནི། མཁའ་ལམ་ཡངས་པོའི་མཐོངས་སུ་ལྡིང་སོང་ན་ས་གཞིའི་གཡང་ས་ལ་ཉམ་མི་ང་བར་ཤེས་ཀྱང་། མགོ་མཐོ་ས་ལ་བཏགས་ཀྱང་། སྐེ་དམའ་ས་ནས་བཅད། ཟེར་བར་ལྟར་དུ་ཁ་བཤད་མཐོ་ཡང་ལག་ལེན་དམའ་ན་དོན་འབྲས་ཀྱིས་དབེན་པ་ཡིན། དེས་ན་སྦྱང་པ་མངོན་དུ་འགྱུར་རྒྱུ་ལ་ལམ་གྱི་རིམ་པ་བརྒྱུད་དགོས་པ་ཡིན་པས། སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་ནས་བརྒྱུད་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་དང་འཇུག་པའི་བདག་ཉིད། ཆོ་གས་ཇི་ལྟར་ལེན་ཚུལ་དང་། དེ་བླངས་པའི་ཕན་ཡོན་དགོས་པ་དང་བཅས་པ་དེ་ཚོའི་ལོ་གླེང་བྱས་ཤིང་། ད་ནི་དེའི་སྨོན་འཇུག་གི་བསླབ་བྱ་ཇི་ལྟར་ཡིན་པའི་ཚིག་གི་མཚམས་ལ་ཐོན་ཡོད་པས། དེ་ཡང་ཇོ་བོའི་ཞལ་ནས་སྨོན་པའི་བསླབ་བྱ་ལྔ་སྟེ། ཚོགས་གསོག་པ་དང་། ཕན་ཡོན་དྲན་པ་དང་། སེམས་ཅན་བློས་མི་སྤང་བ་དང་། བྱང་སེམས་སྦྱང་ཞིང་སྤེལ་བ་དང་། ནག་པོའི་ཆོས་བཞི་སྤངས་ཤིང་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དེ་དག་ནི་ཆོ་ག་གཞུང་ནས་ཀྱང་རྒྱས་པ་གསུངས་ཡོད་ཅིང་། འདི་ནས་འཇུག་པའི་བསླབ་བྱ་ལ་ནན་ཆེར་གྱིས་བསམ་བློ་བཏང་ན། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ་ཕར་ཕྱིན་དྲུག་གིས་འཇུག་པའི་བསླབ་བྱ་བསྡུས་པ་ཡིན་ཅིང་། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབང་དུ་བྱས་པ་སྟེ། མངོན་མཐོའི་དོན་གསུམ་དང་། ངེས་ལེགས་ཀྱི་དོན་གསུམ་མོ། །དེ་ལ་མངོན་མཐོའི་དོན་གསུམ་ནི། ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པའོ། །ལུས་ཀྱི་དོན་དུ་ཚུལ་ཁྲིམས་སོ། །འཁོར་གྱི་དོན་དུ་བཟོད་པའོ། །ངེས་ལེགས་ཀྱི་དོན་གསུམ་ནི། ཡོན་ཏན་འཕེལ་བར་བྱེད་པའི་དོན་དུ་བརྩོན་འགྲུས་སོ། །ཞི་གནས་ཀྱི་དོན་དུ་བསམ་གཏན་ནོ། །ལྷག་མཐོང་གི་དོན་དུ་ཤེས་རབ་བོ། །འདི་ཐམས་ཅད་ཀྱི་གོ་རིམ་ངེས་པ་ནི། རྒྱུད་ལ་སྐྱེ་བའི་གོ་རིམ་སྟེ། སྦྱིན་པས་ལོངས་སྤྱོད་ལ་མི་བལྟ་བར་ཚུལ་ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་པར་འགྱུར་རོ། །བཟོད་པ་དང་ལྡན་པས་བརྩོན་འགྲུས་རྩོམ་ནུས་སོ། །བརྩོན་འགྲུས་བརྩམ་ན་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་ན་དམན་པ་དང་མཆོག་གི་གོ་རིམ་སྟེ། གང་དམན་པ་ནི་སྔོན་དུ་བསྟན་ལ་མཆོག་ཏུ་གནས་པ་ནི་ཕྱིས་བསྟན་པའོ། །ཡང་ན་ཕྲ་བ་དང་རགས་པའི་གོ་རིམ་སྟེ། གང་རགས་རགས་སུ་གྱུར་པ་འཇུག་སླ་སླ་ནི་སྔོན་དུ་བསྟན་ལ། གང་ཕྲ་ཕྲར་གྱུར་པ་འཇུག་དཀའ་དཀའ་ནི་ཕྱིས་བསྟན་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་བཞི་ལྡན་ཡིན་ཏེ། མི་མཐུན་པའི་ཕྱོགས་ཉམས་དམས་པར་བྱེད་པ་དང་གཅིག རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་གཉིས། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་དང་གསུམ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་རྣམ་པ་བཞིའོ། །འདི་དག་གི་ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པའོ། །བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་སོ། །ཁྲོ་བ་བཟོད་པར་བྱེད་པས་ན་བཟོད་པའོ། །མཆོག་ལ་སྦྱོར་བར་བྱེད་པས་ན་བརྩོན་འགྲུས་སོ། །ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ནོ། །འདིས་དོན་དམ་པ་ཤེས་པས་ན་ཤེས་རབ་བོ། །འདི་རྣམས་ཀྱིས་འཁོར་བའི་ཕ་རོལ་མྱ་ངན་ལས་འདའ་བར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །འདི་དག་ལ་རབ་ཏུ་དབྱེ་བ་དང་བསྡུ་བ་ཡོད་པ་ལས། རབ་ཏུ་དབྱེ་བ་ནི། སྦྱིན་པའི་སྦྱིན་པ། སྦྱིན་པའི་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཡང་དྲུག་དྲུག་ཏུ་དབྱེ་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་གོ །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་སོ། །བསྡུ་བ་ནི་ཚོགས་རྣམ་པ་གཉིས་སུ་བསྡུས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས་ཡིན། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གསུམ་ཚོགས་གཉིས་ཀར་གཏོགས་པ་ཡིན་ནོ། །ཡང་དང་པོ་བཞི་བསོད་ནམས་དང་། དྲུག་པ་ཡེ་ཤེས། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་སུ་གསུངས་པ་དང་། ཡང་དང་པོ་ལྔ་བསོད་ནམས་དང་དྲུག་པ་ཡེ་ཤེས་སུ་གསུངས་པའང་ཡོད་དོ། །གང་ལྟར་གསུངས་ཀྱང་ཚོགས་གཉིས་སུ་འདུ་བ་ཡིན། རང་ལུགས་ལ་དང་པོ་ལྔ་བསོད་ནམས་དང་ཕྱི་མ་ཡེ་ཤེས་སུ་འཇོག་པ་གཙོ་ཆེའོ། །ད་དེ་ལྟ་བུའི་རྣམ་བཞག་ཡོད་པ་ལས། དང་པོ་སྦྱིན་པ་ལྟ་བུ་ཞིག་ལ་མཚོན་ན། གང་ཞིག་སྦྱིན་པ་དང་མི་ལྡན་ན་རང་ཡང་རྟག་ཏུ་བཀྲེན་པས་སྡུག་བསྔལ་ཏེ། ཕལ་ཆེར་ཡི་དྭགས་སུ་སྐྱེ་ལ། གལ་ཏེ་མི་ལ་སོགས་པར་སྐྱེས་ན་ཡང་། དབུལ་ཞིང་ཕོངས་ནས་ཉམ་ཐག་པར་འགྱུར་བའོ། །ཡང་སྦྱིན་པ་དང་མི་ལྡན་ན། གཞན་དོན་ཡང་མི་ནུས་ལ། བྱང་ཆུབ་ཀྱང་མི་ཐོབ་བོ། །དེ་ལས་བཟློག་སྟེ་སྦྱིན་པ་དང་ལྡན་ན་རང་ཡང་སྐྱེ་བ་ཐམས་ཅད་དུ་ལོངས་སྤྱོད་དང་ལྡན་ནས་བདེ་བ་ཐོབ་པ་ཡིན་ནོ། །ཡང་སྦྱིན་པ་དང་ལྡན་ན་གཞན་དོན་བྱ་བ་ཡང་ནུས་ཏེ། སྦྱིན་པས་བསྡུས་ནས་དམ་ཆོས་ལ་འགོད་དུ་ཡོད་དོ། །ཡང་སྦྱིན་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཀྱང་བསྒྲུབ་པར་སླ་བ་ཡིན་ནོ། །དེ་ལྟ་བུའི་སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བའོ། །སྦྱིན་པ་ལ་དབྱེ་ན་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པས་ནི་གཞན་གྱི་ལུས་བརྟན་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པས་ནི་གཞན་གྱི་སྲོག་བརྟན་པར་བྱེད་པའོ། །ཆོས་ཀྱི་སྦྱིན་པས་ནི་གཞན་གྱི་སེམས་བརྟན་པར་བྱེད་པའོ། །ཡང་སྦྱིན་པ་དང་པོ་གཉིས་ཀྱིས་ནི་གཞན་ལ་ཚེ་འདིའི་བདེ་བ་སྒྲུབ་པ་ཡིན་ལ། ཆོས་ཀྱི་སྦྱིན་པས་ནི་ཕྱི་མའི་བདེ་བ་སྒྲུབ་པ་ཡིན་ནོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོ་ཟང་ཟིང་གི་སྦྱིན་པ་ལ་གཉིས་ཏེ། མ་དག་པའི་སྦྱིན་པ་དང་། དག་པའི་སྦྱིན་པའོ། །དེ་ཡང་དང་པོ་ནི་སྤང་བར་བྱ་བའོ། །གཉིས་པ་ནི་ཉམས་སུ་བླང་བར་བྱ་བའོ། །དེ་ལ་ཡང་མ་དག་པའི་སྦྱིན་པ་ནི་བཞི་སྟེ། བསམ་པ་མ་དག་པ་དང་། དངོས་པོ་མ་དག་པ་དང་། ཞིང་མ་དག་པ་དང་། ཐབས་མ་དག་པའོ། །དེ་ལ་བསམ་པ་མ་དག་པ་ནི། ལོག་པའི་བསམ་པ་དང་། དམན་པའི་བསམ་པའོ། །དེ་ལ་ལོག་པའི་བསམ་པས་སྦྱིན་པ་གཏོང་བ་ནི། གཞན་ལ་གནོད་པའི་ཕྱིར་སྦྱིན་པ་དང་། ཚེ་འདིའི་གྲགས་པ་འདོད་པའི་ཕྱིར་སྦྱིན་པ་དང་། གཞན་དང་འགྲན་པའི་ཕྱིར་སྦྱིན་པའོ། །དམན་པའི་སྦྱིན་པ་ནི། ཚེ་ཕྱི་མ་ལ་དབུལ་གྱིས་དོགས་ནས་སྦྱིན་པ་དང་། ལྷ་མིའི་ལུས་དང་ལོངས་སྤྱོད་འདོད་ནས་སྦྱིན་པའོ། །དངོས་པོ་མ་དག་པ་སྤང་བ་ནི། བྱང་ཆུབ་སེམས་དཔས་དུག་དང་མེ་དང་མཚོན་ཆ་ལ་སོགས་པ། ལེན་པ་པོ་ཁོ་རང་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་མི་རུང་བ་ཡིན་ནོ། །ཞིང་མ་དག་པ་སྤང་བ་ནི། བདུད་རིགས་ཀྱི་ལྷ་མཐོ་འཚམ་པའི་བསམ་པས་ལུས་སློང་ན་ཡང་། རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་ནམ། སྨྱོས་པ་དང་སེམས་འཁྲུགས་པའི་སེམས་ཅན་རྣམས་ལ་ཡང་ལུས་སྦྱིན་པར་མི་བྱེད་དེ། དེ་དག་ནི་འདོད་པའི་དངོས་པོ་མེད་དེ། སེམས་ལ་རང་དབང་མེད་པའི་ཕྱིར་བླ་བརྡོལ་ཙམ་དུ་ཟད་པ་ཡིན། སེམས་ཅན་འགྲངས་ངོམས་ཅན་ལ་ཡང་བཟའ་བཏུང་སྦྱིན་པར་མི་བྱེད་དོ། །ཐབས་མ་དག་པ་སྤང་བ་ནི། མི་དགའ་བ་དང་ཁྲོས་པ་དང་འཁྲུགས་པས་སྦྱིན་པ་སྦྱིན་པར་མི་བྱེད་པ་དང་། ངན་པ་ལ་བརྙས་པ་དང་། མ་གུས་པ་དང་སྦྱར་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་པ་དང་། སློང་བ་ལ་ཡང་འཕྱ་བ་དང་། སྡིགས་པ་དང་། དཔའ་བཀོང་བས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དེ་ལས་ལྡོག་སྟེ་དག་པའི་སྦྱིན་པ་ཉམས་སུ་བླང་བ་ལ་དོན་གསུམ་སྟེ། དངོས་པོ་དང་། ཞིང་དང་། ཐབས་སོ། །དང་པོ་ལ་ཡང་གཉིས་ཏེ། ནང་གི་དངོས་པོ་དང་། ཕྱིའི་དངོས་པོའོ། །དེ་ལ་ནང་གི་དངོས་པོ་ནི། རང་གི་ལུས་སུ་གཏོགས་པ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བདག་གཞན་མཉམ་པའི་བློ་མ་སྐྱེས་པའི་དུས་སུ་ལུས་རིལ་པོ་བཏང་བ་ལས་ལུས་སེལ་ཞིང་གཏང་མི་རུང་བ་ཡིན། ཕྱིའི་དངོས་པོ་ནི། བཟའ་བ་དང་བཏུང་བ་དང་། བགོ་བ་དང་བཞོན་པ་དང་། བུ་དང་ཆུང་མ་ལ་སོགས་པ་ཆོས་བཞིན་དུ་བསྒྲུབས་པ་རྣམས་ཡིན། དེ་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་ཕྱི་ནང་གི་དངོས་པོ་བདོག་ཚད་གཏང་བར་གནང་བ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ནི་གཞན་ཐམས་ཅད་གཏོང་ཆོག་ལ། ཆོས་གོས་རྣམས་བྱིན་ན་གཞན་དོན་ཉམས་པར་འགྱུར་བས་། ཆོས་གོས་གསུམ་པོ་དེ་ནི་སྦྱིན་པར་མ་གནང་པ་ཡིན། སྦྱིན་པ་གཏང་སའི་ཞིང་ནི་བཞི་ལས། ཡོན་ཏན་གྱི་ཁྱད་པར་དུ་བྱས་པའི་ཞིང་ནི། བླ་མ་དང་དཀོན་མཆོག་ལ་སོགས་པ་དང་། ཕན་བཏགས་པས་ཁྱད་པར་དུ་བྱས་པའི་ཞིང་ནི། ཕ་དང་མ་ལ་སོགས་པ་དང་། སྡུག་བསྔལ་བས་ཁྱད་པར་དུ་བྱས་པའི་ཞིང་ནི། ནད་པ་དང་། མགོན་མེད་པའི་རྒན་བྱིས་ལ་སོགས་པ་དང་། གནོད་པ་བྱེད་པས་ཁྱད་པར་དུ་བྱས་པའི་ཞིང་ནི་དགྲ་ལ་སོགས་པ་ཡིན་ནོ། །སྦྱིན་པ་གཏོང་བའི་ཐབས་ནི། བསམ་པ་ཕུན་སུམ་ཚོགས་པས་སྦྱིན་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པའོ། །དེ་ལ་དང་པོ་ནི་སྙིང་རྗེས་ཀུན་ནས་བསླངས་ནས་བྱང་ཆུབ་དང་སེམས་ཅན་གྱི་དོན་དུ་སྦྱིན་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པ་ནི། དུས་གསུམ་དུ་དགའ་བ་དང་ལྡན་པ་སྟེ། སྦྱིན་པའི་སྔ་རོལ་དུ་ཡིད་དགའ་བ། སྦྱིན་པའི་ཚེ་སེམས་དང་བ་དང་། བྱིན་ཟིན་ནས་འགྱོད་པ་མེད་པ་དང་། གུས་པས་སྦྱིན་པ་དང་། གཞན་ལ་མ་བཅོལ་བར་སྦྱིན་པ་དང་། རང་གིས་ཐོབ་པའི་དུས་སུ་སྦྱིན་པ་དང་། རང་གི་འཁོར་དང་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ལ་མི་གནོད་པར་སྦྱིན་པ་བྱེད་དགོས་སོ། །དེས་ཟང་ཟིང་གི་སྦྱིན་པ་བཤད་ཟིན་ལ། མི་འཇིགས་པའི་སྦྱིན་པ་ནི། ཆོམ་རྐུན་གྱི་འཇིགས་པ་དང་། དགྲ་དང་གཅན་གཟན་གྱི་འཇིགས་པ་དང་། ནད་དང་། མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་ལ་སོགས་པས་འཇིགས་པ་དག་གི་སྐྱབས་བྱེད་པ་དེ་ཡིན་ལ། ཆོས་ཀྱི་སྦྱིན་པ་ལ་དོན་བཞི་སྟེ། སྦྱིན་པའི་ཡུལ་དང་། བསམ་པ་དང་། ཆོས་དངོས་དང་། ཆོས་སྟོན་པའི་ཐབས་སོ། །དེ་ལ་ཡུལ་ནི། གང་ཡིན་ཡིན་ལ་བསྟན་དུ་མེད་དེ། མ་གུས་པ་ལ་ཆོས་མི་བཤད། །ཅེས་པ་ཡིན་པས་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་། ཆོས་འདོད་པ་རྣམས་ལ་སྦྱིན་པའོ། །བསམ་པ་ནི་ངན་པ་སྤངས་ཤིང་བཟང་པོ་བསྟེན་པ་སྟེ། དེ་ཡང་བསམ་པ་ངན་པ་སྤང་བ་ནི། རྙེད་བཀུར་དང་བསྟོད་གྲགས་ལ་སོགས་པ་ཟང་ཟིང་གི་སེམས་དང་བྲལ་བས་སྙིང་རྗེས་ཀུན་ནས་བསླངས་ཏེ་ཕན་སེམས་ལྡན་པས་ཆོས་སྟོན་པ་དང་། ཆོས་དངོས་ནི། མདོ་ལ་སོགས་པའི་དོན་མ་ནོར་བ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་། ཆོས་སྟོན་པའི་ཐབས་ནི། ཆོས་ཞུ་བ་ལ་དེ་མ་ཐག་ཏུ་བཤད་པར་མི་བྱ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་དང་། འཕྲལ་དུ་བརྗོད་པར་མི་བྱའོ། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་པ་ལྟར་བྱེད་དགོས་སོ། །དེ་ལྟ་བུའི་ཟང་ཟིང་གི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། ཆོས་ཀྱི་སྦྱིན་པ་གསུམ་པོས་སྦྱིན་པའི་ཕར་ཕྱིན་བསྡུས་པ་ཡིན། སྦྱིན་པ་སྤེལ་བ་ནི། སྦྱིན་པ་གསུམ་པོ་དེ་དག་ཉུང་ངུ་ཡིན་ཡང་མང་པོར་སྒྱུར་བའི་ཐབས་ཡོད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི། སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་པ་ཡིན། དེ་ལ་ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ་ཞེས་པ་ནི། འཁོར་གསུམ་ཡོངས་དག་ཏུ་ཤེས་པ་སྟེ། སྦྱིན་པ་བྱེད་པ་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པའི་དངོས་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པར་བྱེད་པའི་ཡུལ་ཡང་སྒྱུ་མ་ལྟ་བུའོ། །སྦྱིན་པའི་བསོད་ནམས་མང་པོ་འབྱུང་བའི་དོན་དུ། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ་ཞེས་པ་ནི། སྦྱིན་པ་གང་གཏང་ཡང་། དང་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་གཏོང་། བར་དུ་སྦྱིན་པའི་དངོས་པོ་ལ་ཞེན་པ་མེད། མཐར་སྦྱིན་པའི་རྣམ་སྨིན་ལ་རེ་བ་དང་བྲལ་ན། སྦྱིན་པའི་བསོད་ནམས་རྒྱས་པར་ཐོབ་བོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་ཅེས་པ་ནི། སྦྱིན་པ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་དཔག་ཏུ་མེད་པར་འགྱུར་བ་དང་། བསྔོ་བས་ནི་འཕེལ་བ་གཅིག་པུར་མ་ཟད་ཀྱིས། མི་ཟད་པར་ཡང་འགྱུར་བ་ཡིན་ནོ། །སྦྱིན་པ་སྤེལ་བས་མི་ཚད་སྦྱིན་པ་དག་དགོས་པས་སྦྱིན་པ་དག་པར་བྱེད་པ་ནི། སྦྱིན་པ་དེ་དག་སྟོང་པས་ཟིན་པ་ནི་འཁོར་བའི་རྒྱུར་མི་འགྲོ་ལ། སྙིང་རྗེས་ཟིན་པ་ནི་ཐེག་པ་དམན་པའི་རྒྱུར་མི་འགྲོ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་འབའ་ཞིག་གི་རྒྱུར་འགྲོ་བས་ན་དག་པའོ། །དེ་ལྟར་སྦྱིན་པ་བཏང་བའི་འབྲས་བུ་ཅི་ཞིག་ཡོད་ཟེར་ན་མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་ནི་ཟང་ཟིང་གི་སྦྱིན་པ་བཏང་བས། མི་འདོད་ཀྱང་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་དང་། གཞན་ཡང་སྦྱིན་པས་བསྡུས་ནས་མཆོག་ལ་སྦྱོར་བ་བྱེད་ནུས་པ་དང་། མི་འཇིགས་པའི་སྦྱིན་པ་བཏང་བས་ནི་བདུད་དང་བར་ཆད་ཀྱིས་མི་ཚུགས་པར་འགྱུར་བ་དང་། ཆོས་ཀྱི་སྦྱིན་པ་བཏང་བས་ནི་སངས་རྒྱས་དང་མྱུར་དུ་མཇལ་ནས་འགྲོགས་པ་དང་། འདོད་པ་ཐམས་ཅད་མྱུར་དུ་ཐོབ་པ་ཡིན་ནོ། །དེ་ཡིས་རང་རེས་སྦྱིན་པ་བཤད་དེ། ད་ཕར་ཕྱིན་གཉིས་པ་ཚུལ་ཁྲིམས་བཤད་པ་ནི། གང་ཞིག་སྦྱིན་པ་དང་ལྡན་ཡང་ཚུལ་ཁྲིམས་དང་མི་ལྡན་ན། དེས་ལྷ་མི་རྣམ་པར་དག་པ་ལྟ་བུའི་ལུས་ཕུན་སུམ་ཚོགས་པ་མི་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་དམ་པའི་ཆོས་དང་མི་ཕྲད་དོ། །དེ་ལྟར་ཡང་ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་ཁམས་གསུམ་འཁོར་བ་ལས་མི་ཐར་རོ། །དེ་ལྟར་ཡང་མདོ་དེ་ཉིད་ལས། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་སངས་རྒྱས་ཀྱི་ལམ་མ་ཚང་བས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་དག་ལས་བཟློག་སྟེ་ཚུལ་ཁྲིམས་དང་ལྡན་ན་ལུས་ཕུན་ཚོགས་པ་ཐོབ་བོ། །ཡང་ཚུལ་ཁྲིམས་དང་ལྡན་ན། བདེ་ལེགས་ཐམས་ཅད་ཀྱི་གཞི་ཐིངས་པ་ཡིན་ནོ། །དེ་ལྟར་ཡང་བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན་ཞིང་ས་གཤིན་པོ་དང་འདྲ་སྟེ། དེ་ལ་བརྟེན་ནས་ཡོན་ཏན་གྱི་ལོ་ཐོག་ཐམས་ཅད་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན་ཏིང་ངེ་འཛིན་གྱི་སྒོ་དུ་མ་སྐྱེ་བ་དང་། ཚུལ་ཁྲིམས་དང་ལྡན་ན་སྨོན་ལམ་ཅི་བཏབ་པ་འགྲུབ་པ་དང་། ཚུལ་ཁྲིམས་དང་ལྡན་ན་བྱང་ཆུབ་བསྒྲུབ་པར་སླ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི་ཡོན་ཏན་བཞི་ལྡན་ཡིན་ཏེ། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པ་ཞིག་ཡིན། ཡོན་ཏན་བཞི་པོ་འདི་དག་ཀྱང་མདོར་བསྡུས་ན། ལེན་པ་དང་བསྲུང་བ་གཉིས་ཏེ། དེ་ཡང་བཞི་བོ་དེའི་ནང་གི་ཚིག་དང་པོ་ལེགས་པར་ཡང་དག་པ་བླངས་པ་ནི་ལེན་པ་དང་། ཚིག་གཞན་མ་བསམ་པ་ཤིན་ཏུ་རྣམ་པ་དག་པ་དང། ཉམས་ན་ཕྱིར་གསོ་བ། མི་ཉམས་པའི་ཆེད་དུ་གུས་པ་བསྐྱེད་པ་ནས་དྲན་པ་ཉེ་བར་གནས་པ་དེ་གསུམ་པོ་བསྲུང་བའི་ནང་དུ་འདུས་པ་ཡིན་ནོ། །ཚུལ་ཁྲིམས་ལ་དབྱེ་ན་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེ་ལ་དང་པོ་ནི་སེམས་གནས་པར་བྱེད་པའོ། །གཉིས་པ་ནི་རང་རྒྱུད་ཀྱི་ཆོས་སྨིན་པར་བྱེད་པའོ། །གསུམ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། སྡོམ་པའི་ཚུལ་ཁྲིམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་བ་ནི། སོ་སོར་ཐར་པ་རིས་བདུན་པོའོ། །འདི་དག་ཀྱང་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ཏེ། དེ་ཡང་སོ་སོར་ཐར་པ་རང་རྐྱ་བ་ནི་རང་དོན་དུ་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་ལོག་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་ནི། རྒྱལ་པོའི་རྩ་བའི་ལྟུང་བ་ལྔ། བློན་པོའི་རྩ་བའི་ལྟུང་བ་ལྔ། ལས་དང་པོ་པའི་རྩ་བའི་ལྟུང་བ་བརྒྱད་དེ། མིང་དུ་བཅོ་བརྒྱད། རྫས་སུ་བཅུ་བཞི་པོ་སྤོང་བ་ལ་བསླབ་པ་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གི་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། མདོར་བསྡུས་ན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ནོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། མདོར་བསྡུས་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གང་ཞེ་ན། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་ལ་རིག་པ་སྟོན་པ་དང་། བྱས་པ་གཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱི་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་། འདུན་པར་བྱེད་པའོ། །ཞེས་གསུངས་པ་དང་། མདོར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཡོད་པ་ཞིག་གིས་དངོས་བརྒྱུད་གཉིས་ཀ་ནས་སེམས་ཅན་གྱི་དོན་བྱེད་རྒྱུ་མ་གཏོགས་པའི་ལས་གཞན་ཞིག་བྱེད་དུ་མེད་པ་ཡིན། འོན་ཀྱང་སེམས་ཅན་གྱི་དོན་བྱེད་པ་ལ་མ་མཁས་ན་བྱས་ཚད་སེམས་ཅན་གྱི་དོན་དུ་མི་འགྱུར་པའམ་མཚམས་རེ་གནོད་པ་ཡང་འགྱུར་སྲིད་པ་ཡིན། བརྟག་པ་རྣམ་པ་དགུ་ཡིས་བརྟག་ནས་སེམས་ཅན་གྱི་དོན་བྱ་བར་གསུངས་ཡོད་དེ། བདག་གཞན་གཉིས་ལ་བརྟག་པ། ལུས་ཀྱི་སྦྱིན་པའི་འབྱོར་རྒུད་ལ་བརྟག་པ། ཆོས་ཀྱི་སྦྱིན་པའི་འབྱོར་རྒུད་ལ་བརྟག་པ། མི་འཇིགས་པའི་སྦྱིན་པའི་འབྱོར་རྒུད་ལ་བརྟག་པ་ལ་སོགས་པ་ཞིབ་པར་གཞུང་ནས་ཤེས་པར་བྱ་བའོ། །མདོར་ན་ཚུལ་ཁྲིམས་གསུམ་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་པོ་སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་པ་ཙམ་ཞིག་ཏུ་ངོ་བོ་གཅིག་པ་ཡིན་པ་ལ་དུས་དང་གོ་རིམ་གྱི་དབང་གིས་ལྡོག་པ་ཐ་དད་ཡིན་པ་རེད། དེ་ཡང་ཇི་ལྟར་ཡིན་ན་སྡོམ་པའི་ཚུལ་ཁྲིམས་སེམས་ཅན་གྱི་ཕྱིར་དུ་རང་དོན་སྒྲུབ་པའི་དུས་ཡིན་པ་དང་། དགེ་བ་ཆོས་སྡུད་རང་གཞན་གཉིས་ཀའི་དོན་སྒྲུབ་པའི་སྐབས་ཡིན་པ་དང་། སེམས་ཅན་དོན་བྱེད་གཞན་དོན་རྐྱང་པ་སྒྲུབ་པའི་སྐབས་ཡིན་ལ། ལས་དང་པོ་པ་ཞིག་ལ་མཚོན་ན་སྡོམ་པའི་ཚུལ་ཁྲིམས་གཙོ་བོར་བྱ་རྒྱུ་དང་། མོས་སྤྱོད་ཀྱི་ས་ལ་གནས་པ་ཞིག་ཡིན་ན་དགེ་བ་ཆོས་སྡུད་གཙོ་བོར་བྱེད་རྒྱུ། ས་ཐོབ་ཀྱི་སེམས་དཔའ་ཞིག་ལ་མཚོན་ན་སེམས་ཅན་དོན་བྱེད་གཙོ་བོར་བྱ་དགོས་པ་ཡིན། ཚུལ་ཁྲིམས་སྤེལ་བ་དང་ཚུལ་ཁྲིམས་དག་པར་བྱེད་པ་ཡང་གང་གི་སྦྱིན་པའི་སྐབས་དང་གཅིག་པ་ཡིན། ཚུལ་ཁྲིམས་རྣམ་པ་གསུམ་པོ་སྲུང་ཐབས་ནི་དྲན་པ་དང་ཤེས་བཞིན་བག་ཡོད་གསུམ་གྱིས་བསྲུང་དགོས་པ་ཡིན་ནོ། །ཕར་ཕྱིན་གྱི་སྐོར་འདི་དེ་རིང་འོག་གཞུང་གི་ནང་ནས་འབྱུང་བའང་ཡིན་ཀྱང་། རང་རེས་ཆོས་ནམ་བཤད་ལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་བ་ཡིན་པས། གྲོགས་བདག་མེད་རྟོགས་པའི་ཤེས་རབ་མེད་ན། སེམས་ཅན་ཡོངས་ལ་ཕྱོགས་མེད་དུ་ཁྱབ་པའི་སེམས་བསྐྱེད་སྐྱོ་སེམས་མེད་པ་ཞིག་ཡོང་དཀའ་བ་ཡིན། བདག་མེད་རྟོགས་པའིི་ཤེས་རབ་ཀྱིས་དོན་དམ་པའི་ཆོས་ཐམས་ཅད་དངོས་མེད་ནམ་མཁའ་ལྟ་བུར་ཤེས་ན། སྐྱོ་སེམས་འབྱུང་བ་མ་རེད། ཁྱད་པར་དུ་རྫོགས་ཆེན་ཉམས་ལེན་གྱི་རྣལ་འབྱོར་པ་ཚོས་རིག་པ་ཟང་ཐལ་རྗེན་པའི་ངང་ལ་བཞག་ནས་རྩལ་སྙིང་རྗེར་ཤར་བའི་བྱང་ཆུབ་ཀྱི་སེམས་དང་མ་བྲལ་པའི་མཁའ་མཉམ་སེམས་ཅན་ཡོངས་ལ་ཁྱབ་པའི་སྦྱོར་བ་སེམས་བསྐྱེད་ཁྱད་པར་ཅན། དེ་ཡང་དངོས་གཞི་དམིགས་མེད་དང་ཡ་མ་བྲལ་ཞིང་། སྦྱོར་དངོས་གཉིས་ཀ་གཅིག་ཡོད་གཅིག་མེད་མིན་པའི་སྦྱོར་དངོས་ཁྱད་པར་ཅན་དང་། རྗེས་བསྔོ་བ་ཡང་དེའི་ངང་དེ་དང་མི་འབྲལ་པ་ཞིག་ཡོང་ཐུབ་པ་ཡིན། དེས་ན་འདིར་ཡང་བཤད་པ་ཡིན། དེ་ལྟ་བུའི་དགོས་པ་དང་འབྲེལ་བའི་ཕར་ཕྱིན་སྔ་མ་སྦྱིན་ཚུལ་གཉིས་ཀྱི་ཚུལ་རགས་བསྡུས་ཀྱིས་དྲན་བསྐུལ་ཙམ་ཞིག་ཞུས་ནས། སྐབས་སུ་བབ་པའི་འཆད་བྱ་གང་ཡིན་ན་གངས་ལྗོངས་འཇམ་པའི་དབྱངས་དངོས་རྒྱལ་བ་ཀློང་ཆེན་པའི་གསུང་གི་གསང་བ་ཟབ་མོ། མདོ་རྒྱུད་བསྟན་བཅོས་མཐའ་དག་གི་དོན་ཐོས་བསམ་སྒོམ་པས་གཏན་ལ་འབེབ་ཅིང་ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་དམ་པ་ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དགོངས་འགྲེལ་ཊཱིཀ་ཆེན་པདྨ་དཀར་པོ་འདི་ཉིད་འཆད་བཞིན་པའི་སྐབས་ཡིན་པར་རེད། གསུམ་པ།

དད་པ་སྐྱེ་བའི་ཚད་བསྟན་པ།

དེ་ལྟར་དད་པ་བསྐྱེད་པ་ལས་སྐྱེས་པའི། ཚད་ནི་སྲིད་ལ་སྐྱོ་ཞིང་དཀོན་མཆོག་གུས། །ཐོས་བསམ་གཉེར་ཞིང་བསླབ་གསུམ་གཅེས་སྤྲས་བྱེད། །དགེ་ལ་སྤྲོ་ཞིང་སྡིག་ལ་ཤིན་ཏུ་འཛེམ། །ཡོན་ཏན་གོང་མ་ཐོབ་པ་རྣམས་སུ་བཞེད། །ཅེས་གསུངས་ཏེ། དད་པ་ཡོད་པའི་ཚད་ནི་འཁོར་བའི་འཁྲུལ་སྣང་ལ་ཡིད་བྱུང་བ་སྐྱུག་ནད་ཅན་ཟས་མཐོང་བ་ན་ཟ་མི་བསམ་པ་ལྟ་བུ་དང་། བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་གདུང་སེམས་བུ་ཆུང་མ་ལ་གདུངས་པ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པ་ཆུས་གདུངས་པ་ལྟ་བུ། བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ལ་ཉམས་ལེན་སྤྲོ་བ་ཚོང་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ། སྡིག་པ་ལ་འཛེམ་བག་ཆེ་བ་མིག་ཏུ་རྡུལ་སྤང་བ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུ་བྱུང་བ་ནི་དད་པ་སྐྱེས་པའི་ཚད་ཡིན་པས་མ་ཉམས་ཤིང་གོང་འཕེལ་དུ་བྱ་བ་གལ་ཆེའོ། །དེ་ལྟར་ཞིག་ཏུ་འགྱུར་མེད་དུས་དད་པ་ཡོད་ཅེས་རུང་ཁ་ཟེར་དོན་གྱི་དད་པ་ཅན་མིན་པའི་རྟགས་སོ། །དེ་ལྟར་གྱུར་ཡོད་མེད་ཀྱི་བརྟག་ཐབས་ནི་དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ཆོས་དང་རང་རྒྱུད་ཐོད་ཐུག་ཡོད་ན་དད་པ་ཡོད་པའི་རྟགས་དང་དད་པ་བྱེད་ཤེས་པའི་རྟགས་ཡིན་ནོ། །གསུམ་པ།

མཇུག་བསྡུ་བ།

དད་པ་འགྲིབ་ན་བསྐྱེད་པའི་ཐབས་ཀྱིས་ཉིན་མཚན་དུ་བསྐུལ་བ་ནི། བཙལ་བའི་ཐབས་ཀྱིས་དད་པ་མ་བསྐྱེད་ན། །དགེ་ལེགས་མི་འགྲུབ་གཏན་དུ་སྲིད་པར་འཁྱམ། །དེ་ཕྱིར་གང་དང་གང་ལ་བརྟེན་ནས་ཀྱང་། །དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ། །ཞེས་གསུངས་ཏེ། དད་པ་ནི་དགེ་སྡིག་རྒྱུ་འབྲས་ཀྱི་གནད་ཤེས་ནས་དེ་ལ་ཡིད་ཆེས་ཡོད་པས་དེ་བཞིན་དུ་ལག་ལེན་བྱེད་པ་ཡིན་ལ། དད་པ་མེད་ན་ཡོན་ཏན་གཞན་མང་ཡང་ཕན་པ་མེད་དེ། གཟུགས་མཛེས་ཀྱང་མིག་མེད་པ་འདྲ་བས་ཡག་ཀྱང་མིག་མེད་ན་ཡག་གོ་མི་ཆོད་པ་དེ་དང་འདྲ་བས་དད་པ་བསྐྱེད་དོ། །དེའང་ཉིན་དང་མཚན་མོའི་དུས་བཞིར་མི་རྟག་པ་བསྒོམས་ལ་དད་པ་བསྐྱེད། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་གནད་ཆེ་བ་ཡིན་པས། ལས་འབྲས་ཕྲ་མོ་བསམས་ལ་དད་པ་བསྐྱེད། གང་ལའང་སྐྱོན་དུ་མི་རྟོག་ནས་ཡོན་ཏན་ཁོ་ན་བསམས་ནས་དད་པ་བསྐྱེད། ཆོས་ཀྱིི་དཀོན་པ་བསམས་ནས་དད་པ་བསྐྱེད། བླ་མའི་བཀའ་དྲིན་བསམས་ནས་དད་པ་བསྐྱེད། མཆེད་གྲོགས་ཀྱི་དག་སྣང་བསམས་ནས་དད་པ་བསྐྱེད། སངས་རྒྱས་ཀྱི་ཡོན་ཏན་བསམས་ནས་དད་པ་བསྐྱེད། དང་པ་དང་སྐད་ཅིག་ཀྱང་འགྲིབ་ཏུ་ཕངས་ཤིང་འགྲིབ་ན་གྱོང་ཆེ་བ་ཡིན་པས་རང་ལས་གཞན་པ་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམས་ལ། གང་སྣང་ཐམས་ཅད་བཙོག་པ་དང་སྡུག་པོ་ངན་པ་འབའ་ཞིག་ཏུ་མི་བསམ་པར་གང་སྣང་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམས་པའི་དག་སྣང་གི་སྒོ་ནས་མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་རྒྱུད་རང་གིས་གདུལ་བ་གཅེས་ཏེ། བཤེས་སྤྲིངས་ལས། སྙེམས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཉིད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་སོ། །གལ་སྲིད་གཞན་ཕྱོགས་དང་མཉམ་འགྲོགས་ཀྱི་དབང་གིས་དད་པ་མ་ཞོགས་ཀྱང་། དད་ལོག་མ་བྱེད་པར་སྡོད་ཅིག མཐོ་དམན་དང་ཕྱོགས་རིས་ཀྱི་དབང་གིས་མིང་ཆེན་དང་ཐོབ་མཐོ་བ་ཞིག་ཡིན་དུས་དད་སའི་ཡོན་ཏན་འདི་འདུག་བསམ་རྒྱུ་སྣ་གཅིག་མ་རིག་ཀྱང་དད་མདོག་བྱེད་ལ། མིང་དང་ཐོབ་ཐང་མེད་པའི་ནང་ན་སྦྱངས་ཡོན་ལ་གནས་པའི་དམ་པའི་སྐྱེས་བུ་སྦས་པའི་ཚུལ་ཅན་ཅི་ཙམ་ཡོད་པ་དེའི་རིན་ཐང་མང་ཆེ་བས་ཤེས་པ་མིན་ལ། ཡང་ཕྱོགས་རིས་ཀྱིས་ངའི་ཆོས་བརྒྱུད་ཀྱི་བླ་མ། ངེད་རང་གི་བླ་མ་དེ་བས་བཟང་ཞིག་མེད་བསམས་པ་དང་། གཞན་ཕྱོགས་ཀྱི་བླ་མ་ལ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མཐོང་ཆོས་སུ་མངོན་རུང་དེ་ལ་སྨད་པ་བྱེད་པ་ནི་མི་མི་ཐུབ་པར་རང་སྡུག་ཉོ་བ་ཡིན་ནོ། །གལ་སྲིད་གཞན་ཕྱོགས་དང་མིང་གྲགས་མེད་པ་ལ་དད་པ་མ་ཞོགས་རུང་། དད་ལོག་མ་བྱེད་པར་ཞོག་དང་འགྲིགས་ཡོད་ཅིང་། དཀོན་མཆོག་དང་བླ་མ་ལའང་ཡོན་ཏན་མཐོང་བའི་དད་པ་བཟང་པོ་ཞིག་མ་སྐྱེས་ན། གྱོང་རང་ལ་ཆེ་བས་སེམས་ཆོས་ཀྱི་རྩ་བ་ཡིན་པས་སེམས་རྒྱུད་ཆོས་ཀྱིས་ཐུལ་བའི་དད་པའི་ཞིང་ས་གཤིན་པོ་ཞིག་ལ་རང་སེམས་བསྒྱུར་ཐུབ་དགོས་སོ། །གཉིས་པ་བརྟན་པར་བྱ་བ་ལ། སྤང་བྱ་དང་། བླང་བྱ་གཉིས། དང་པོ།

སྤང་བྱ་བསྟན་པ།

འདྲ་མིན་གོལ་སར་གྱུར་པའི་དད་པ་རེ་འགའ་བ་སྤངས་ལ། ཐང་ཐུབ་པའམ་ཐང་ལྷོང་རེས་འགའ་བ་མི་བྱ་པར་བྱ་བ་ལ་གདམས་པ་ནི། དད་པའི་གོལ་ས་ཤེས་ནས་སྤང་བ་ནི། །དམ་པའི་དྲུང་དུ་དད་ལས་གཞན་དུ་མིན། །ཅུང་ཟད་རྐྱེན་གྱིས་འཕེལ་དང་འགྲིབ་པ་ཅན། །རྐྱེན་ངན་སོལ་ནས་ཅུང་ཟད་དད་པ་མེད། །བློ་མང་གང་ལའང་འཇུག་ལ་ཐང་མི་ཐུབ། །གཅིག་ཏུ་མ་ངེས་གང་བདེར་སྤྱོད་པ་ཅན། །གཏད་མེད་བབ་ཅོལ་ཕྲ་མོའི་རྐྱེན་གྱིས་བཟློག །འདི་དྲུག་སྤངས་ལ་བློ་གཏད་རྒྱུན་རིང་བྱ། །ཞེས་གསུངས་ཏེ། དེ་ལ་དད་པ་ཡིན་ཡང་ཡང་དག་པའི་དད་པར་མ་སོང་བ་དྲུག་ཡོད་པས་དད་པའི་གོལ་ས་དེ་དག་སྤངས་པར་བྱས་ལ། གཡོ་སྒྱུ་མེད་པས་རྟག་ཏུ་གུས་པའི་དད་པ་བསྐྱེད་པར་བྱའོ། །གོལ་ས་དྲུག་པོ་གང་ཞེ་ན་འདི་ལྟ་སྟེ། ཆོས་བྱེད་ལས་དང་པོ་པ་ཁ་ཅིག་བླ་མ་དང་འགྲོགས་པའི་དུས་དང་ཆོས་བཤད་པའི་སྐབས་སུ་དད་པ་ཆེ་ཆེ་ལྟར་བྱེད་ཅིང་། བླ་མ་དང་བླ་མས་ཆོས་བཤད་པའི་གནས་སྐབས་ལས་བྲལ་ནས་ནི་ཆོས་གོ་མ་མྱངས་པའི་སྐྱེ་བོ་ཐ་མལ་ལས་ཀྱང་ངན་པ་ཡོད་པས་དེ་ལྟའི་སྐྱོན་སྤང་བར་བྱའོ། །ཁ་ཅིག་རྐྱེན་དང་འཕྲད་པའི་དུས་ན་དད་པ་སྐྱེ་བ་མྱུར་ཡང་རྐྱེན་གཞན་ཞིག་དང་ཕྲད་དུས་ཅིག་ཅར་ཡལ་ནས་གར་སོང་ཆ་མེད་དུ་གྱུར་ནས་མེད་པར་འགྱུར་བས་དེ་ཡང་སྤོང་ངོ་། །ཁ་ཅིག་རང་འདོད་པའི་ཆོས་ལ་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ལ། ནད་གདོན་གྱིས་གཙེས་པ་དེ་དྲག་པའམ་རང་ལ་དགོས་པའི་ཆོས་དེ་ཐོབ་ཟིན་པ་དང་ཤེས་དགོས་རྒྱུའི་ཆོས་དེ་ཤེས་ཟིན་དུས་དེ་བཤད་པའི་བླ་མ་དང་ཆོས་ལ་བྲོས་པའམ་བྱོལ་ནས་སྤོང་པ་དེ་ཡང་སྤོང་ངོ་། །ཁ་ཅིག་དགེ་སྦྱོར་གཅིག་འཕྲོ་ལ་གཅིག་བྱེད་བཞིན་དུ་དུ་མ་རྩོམ་ཡང་གཅིག་མགོ་མི་ཐོན་པ་དེ་ཡང་སྤོང་ངོ་། །ཡས་རྒྱུག་མས་རྒྱུག་བྱེད་ཁུལ་བྱས་ཀྱང་མཐའ་མ་ཅི་ཡང་མ་འགྲུབ་པར་ལག་སྟོང་དུ་ལུས་པ་རྣམས་སོ། །ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་ཕྱེད་པའི་དད་པ་མེད་པར། གང་བདེ་བདེར་འཇུག་པ་ཡང་སྤང་ངོ་། །ཁ་ཅིག་དད་པ་ཅུང་ཟད་རྐྱེན་གྱིས་སྐྱེས་པ་ལས་ཡང་རྐྱེན་ཅུང་ཟད་རེས་འགྲིབ་པ་གློ་བུར་ཡེ་འདྲོག་གི་བསམ་སྤྱོད་ཅན་དེ་ཡང་སྤངས་ལ། དང་པོ་བརྟགས་ནས་ཆོས་དང་བླ་མར་བཟུང་ཟིན་ནས་ཕྱིས་སྐྱོ་ངལ་དང་འཕེལ་འགྲིབ་མེད་པའི་དད་གུས་བྱའོ། །གཉིས་པ།

བླང་བྱ་བསྟན་པ།

ཇི་ལྟར་དད་པ་བརྟན་པར་བྱ་བ་ནི། དང་པོ་རབ་བརྟགས་དད་པའི་ཡུལ་རྣམས་ལ། །ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །འཕེལ་འགྲིབ་གཉིས་མེད་ཉི་མཁའ་རྒྱ་མཚོ་ལ། །ཐང་ལྷོད་གཉིས་མེད་གཞུ་མོའི་རྒྱུད་དང་མཚུངས། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ་ལ། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་བཞིན། །མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། །རྐྱེན་གྱིས་མི་འཕྲོགས་ནམ་མཁའ་ལྟ་བུར་བརྟན། །ཞེས་གསུངས་ཏེ། དང་པོ་བརྟག་དགོས་ལ། བརྟག་ནས་དད་པ་བྱས་རྗེས་བརྟན་དགོས། འདི་ནས་དཔེ་བཅུའི་ཐོག་ནས་དད་པ་བརྟན་པོ་རྒྱུན་ཆད་མེད་པ་ལ་སོགས་པར་བསྟན་པ་ནི། འགྱུར་དུ་མེད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པ་ཉི་མཁའ་རྒྱ་མཚོ་གསུམ་ལ་དཔེ་བཞག་པ་དང་། ཐང་ལྷོད་མེད་པ་གཞུ་རྒྱུད་ལྟ་བུ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུ། སྐྱོ་དུབ་མེད་པ་གྲུ་གཟིངས་ལྟ་བུ། མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ། རྐྱེན་གྱིས་མི་འཕྲོགས་པ་ནམ་མཁའ་ལྟ་བུ་ལ་སོགས་པར་དཔེར་བྱས་པའོ། །སྐྱེས་བུ་དམ་པ་དག་ནི་དང་པོར་བརྟག་པ་དང་དཔྱོད་པ་སྔོན་དུ་འགྲོ་བས་བླ་མ་དང་ཆོས་འཚོལ་བ་ཡིན་ལ། བླ་མ་བཙལ་ཏེ་རྙེད་ནས་དཔེ་བཅུའི་མཚོན་པའི་དད་པ་བཤད་པ་ནི་འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་གཡོ་འགུལ་མེད་པ་ལྟ་བུ། འཕེལ་འགྲིབ་མེད་པའི་དད་པ་ཆེ་ཆུང་དང་བྲི་གང་མེད་པའི་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ཆེན་པོ་གཏིང་མཐའ་མེད་པ་ལྟ་བུ། མས་བུའི་དོན་དུ་དཀའ་ལས་ཅི་ཙམ་བརྒྱབ་རུང་བྱས་ཡུས་དང་ཡུས་ཆེ་མེད་པའི་དད་པ་མ་ལྟ་བུ། ཚད་གཟུང་དང་མཐའ་དབུས་མེད་པའི་དད་པ་ནམ་མཁའ་ལྟ་བུ་སྟེ་རྒྱ་ཆེན་གྱི་ཚད་ནམ་མཁའི་ཕན་དུ་འཇོག་ཏུ་མེད་པའོ། །ཐང་ལྷོད་མེད་པའི་དད་པ་གཞུ་བདུངས་པའམ་གཞུ་འཐེན་པའི་གཞུ་རྒྱུད་ཐང་ལྷོད་མེད་པ་ལྟ་བུ། གཞན་གྱིས་དབྱེན་བཅུག་ནས་བསྒྱུར་རམ་ཡང་ན་བླ་མས་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོགས་པའི་དད་པ་རྐྱེན་གྱིས་བསྒྱུར་དུ་མེད་པ་ནམ་མཁའ་ལྟ་བུ་སྟེ་ནམ་མཁའ་ལ་འགྱུར་དུ་མེད་པ་དེ་ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་ཡིན་པས་སོ། །སྐྱོ་དུབ་མེད་པའི་དད་པ་གྲུ་དང་ཟམ་པས་སྐྱིད་སྡུག་ཁྱོག་པ་བཟང་ངན་སུ་སོང་ཡང་ཁྱད་མེད་པ་ལྟ་བུ་དང་། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་རྒྱུན་ཆད་མེད་པ་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ། དེ་ལྟ་བུའི་དཔེ་བཅུ་དང་ལྡན་པའི་དད་པས་བསྟེན་པར་བྱའོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་གུས་པ་དང་དད་པ་རྒྱ་མཚོ་ལྟ་བུས་བསྙེན་བཀུར་དུ་བྱའོ། །བཀའ་བཞིན་བསྒྲུབ་བོ། །བདག་ཉིད་ཀྱང་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་པ་ཇི་ལྟ་བར་རིང་པོར་མི་ཐོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་སོ། །གསུམ་པ།

དེ་ཡི་ཕན་ཡོན་བསྟན་པ།

དེ་ལྟར་བསྟེན་ཅིང་དད་པ་བསྐྱེད་པའི་ཕན་ཡོན་ནི། དད་པའི་ཕན་ཡོན་རྣམ་གྲངས་དཔག་ཏུ་མེད། །དཀར་པོའི་ཆོས་ཀུན་གཞིར་གྱུར་སྡུག་བསྔལ་སེལ། །བྱང་ཆུབ་ལམ་འདྲེན་ཟབ་མོའི་སྣོད་དུ་གྱུར། །དམ་པས་དགོངས་ཤིང་ཡོན་ཏན་ཕུན་ཚོགས་ལྡན། །དེ་ཕྱིར་སྐྱེ་བོ་དམ་པའི་ཚུལ་དགེ་བ། །དད་བརྒྱའི་འདབ་སྟོང་རྒྱས་ལ་ནན་ཏན་མཛོད། །ཅེས་གསུངས་ཏེ། ཕན་ཡོན་རྣམ་པ་བརྒྱད་བསྟན་པ་སྟེ་དད་པ་ལ་ཡོན་ཏན་ཚད་མེད་པ་སྙེད་མཆིས་པ་དག་བསྡུ་ན། དད་པ་ནི་དཀར་པོ་དགེ་བའི་ཆོས་ཐམས་ཅད་ཀྱི་གཞིར་རམ་རྟེན་དུ་གྱུར་བ་དང་། དད་པ་ཡོད་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་ཐུབ་བ་དང་། དད་པ་ཡོད་པའི་རྐྱེན་གྱིས་ཐར་པའི་ལམ་སྣ་ཟིན་པ་དང་། དད་པ་ཅན་ཆོས་ཟབ་མོ་ཉན་བསམ་སྒོམ་པའི་སྣོད་དུ་གྱུར་པ། དད་པ་ཅན་གྱི་གང་ཟག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་མཛད་པ་དང་། དད་པ་ཅན་གྱིས་ནི་ངོ་ཚ་ཤེས་པ་དང་། དད་པ་ཅན་ལ་ཁྲེལ་ཡོད་པ་དང་། དད་པ་ཅན་ནི་ཤེས་རབ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་དང་། དད་པས་མོས་པའི་གང་ཟག་གིས་དགེ་རྩ་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། སྐྱེ་བ་ཀུན་ཏུ་བླ་མ་དམ་པ་དང་ཆོས་དམ་པ་དང་། གྲོགས་དམ་པ་རྣམས་སྐྱེས་མ་ཐག་ནས་མཇལ་ཞིང་ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་པ་འགྱུར་བ་དང་། དད་པ་ཅན་གྱི་མི་དེ་ལ་དཀར་པོའི་ཕྱོགས་ལ་དགའ་བའི་ལྷས་བསྲུང་བ་དང་། དད་པ་ཅན་ཉིན་བདེ་ཞིང་མཚན་མོ་ཡང་བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དུའང་བླ་མ་དང་དཀོན་མཆོག་དང་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨི་ཞིང་བདེ་བར་སད་པ་དང་། ཅི་བསམས་པའི་དོན་རྣམས་འབད་པ་ཆེན་པོ་ལ་མ་ལྟོས་པར་འགྲུབ་པ་དང་། བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་བདེ་བར་འདྲེན་པ་དང་། བར་དོའི་འཇིགས་པ་ཐམས་ཅད་མེད་པ་དང་། གང་དུ་སྨོན་ལམ་གདབ་པའི་གནས་སུ་སྐྱེ་བས་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་འགྱུར་བ་སྟེ། མདོར་བསྡུས་ན་དད་པའི་ཕན་ཡོན་དེ་དག་སྟེ། རྒྱས་པ་ནི་བསྐལ་པ་མཐའ་ཡས་པ་སྙེད་བརྗོད་ཀྱང་ཟད་མི་ཤེས་པའོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་སྒྲོན་མེའི་མདོ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་འདི་ཉིད་དེ་ལ་མེད། །ཅེས་པ་དང་། འདུལ་བ་ལུང་ལས། དགེ་སློང་དངོས་པོ་མཆོག་ཏུ་བྱ་དཀའ་བས། །དད་པས་དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །རྗེས་མཐུན་གྲོགས་བསྟེན་སྡིག་གྲོགས་ནམ་ཡང་སྤང་། །དམ་པའི་ཆོས་བཙལ་དེ་ཡི་དོན་བསམ་ཞིང་། །ནོར་བུ་རིན་ཆེན་འདྲ་བའི་ཚུལ་ཁྲིམས་བསྲུང་། །བྱང་ཆུབ་མཆོག་སེམས་བསྐྱེད་ལ་བརྩོན་པས་འབད། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །ཅེས་སོ། །ཨོ་རྒྱན་ཆེན་པོས། དད་པ་ཅན་ལ་པདྨ་འབྱུང་སྒོ་ཉལ་ཡོད། །ཅེས་སོ། །ལེའུ་བཅོ་ལྔ་པའི་སྐབས་ཀྱི་དོན་བསྡུ་བ་ནི། དད་པ་བསྐྱེད་ན་ཡོན་ཏན་ཐམས་ཅད་ཀྱི་གཞིར་འགྱུར་ཞིང་། དད་པ་མེད་ན་སྐྱོན་རྣམས་ཀུན་གྱི་གཞིར་འགྱུར་བ་ཡིན་པ་དེའི་ཕྱིར་སྔར་སྨོས་པའི་མོས་པའི་དད་པ་ལ་སོགས་པའི་དད་པ་དྲུག་པོ་སྲིད་པ་སྐྱོ་བ་དང་། གྲོགས་ངན་ལ་སྐྱོ་བ་ལ་སོགས་པའི་ཡུལ་དྲུག་ལ་དམིགས་ནས་བརྒྱ་འགྱུར་དུ་བརྩོན་པ་དེ་ཡང་། ལུས་ངག་ཡིད་ཀྱི་དགེ་བ་བཅུ་དང་སྦྱིན་ཚུལ་བཟོད་བརྩོན་བསམ་ཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་དང་སེམས་ཅན་གྱི་ཚོགས་ལ་དམིགས་པར་འགྲེས་པས་དད་པའི་འདབ་མ་སྟོང་རྒྱས་པར་མཛོད་ཅིག་ཅེས་ལེགས་པར་གདམས་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པའི་རྒྱ་ཆེར་འགྲེལ་པའོ།། །།གསུམ་པ་ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་ལ། ཐུན་མོང་སྲིད་ཞིའི་དགེ་བ་འགྲུབ་པའི་བསམ་བྱ་དང་། ཐུན་མིན་ངེས་ལེགས་ཀྱི་ཆོས་འགྲུབ་པའི་བསམ་བྱ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ།

མདོར་བསྟན་པ།

དེ་ལྟར་དད་པ་བསྟན་པའི་རྗེས་ཐོག་ཉིད་དུ་དད་པ་དང་ལྡན་པ་དེས་བསམ་པར་བྱ་བའི་ཆོས་རྣམས་ཀྱི་ནང་ནས་གནད་ཆེ་བ་ནི། ལས་རྒྱུ་འབྲས་ཡིན་པས་འདིར་དེ་བརྗོད་པ་ནི། དེ་ནས་དད་ལྡན་རྣམས་ཀྱིས་བསམ་བྱ་བ། །རྒྱུ་འབྲས་ལས་དེ་དགེ་སྡིག་བླང་དོར་བྱ། །ཞེས་གསུངས་ཏེ། དེ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་ལས་དགེ་བ་དང་། མི་དགེ་བ་གཉིས་ཡིན་པས་འདིར་ཐར་པ་འདོད་པ་དག་གིས་དགེ་སྡིག་དེ་གཉིས་ཀ་བླང་དོར་དུ་བྱའོ། །སོ་སོར་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཆ་མཐུན་གཉིས་ཀྱི་དབྱེ་བ་དང་། སོ་སོའི་རང་བཞིན་གཉིས། དང་པོ།

ཆ་མཐུན་གཉིས་ཀྱི་དབྱེ་བ་བསྟན་པ།

འོ་ན་གང་ཞིག་དགེ་བ་ཡིན་ཞེ་ན། དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་པ་ཆ་མཐུན་རྣམ་པ་གཉིས་དག་ལས། །ཞེས་གསུངས་ནས་གཉིས་པ་ལ། བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ།

བསོད་ནམས་ཆ་མཐུན་སྤྱིར་བསྟན་པ།

དང་པོ་གང་ཡིན་ཞེ་ན། སྲིད་པའི་བདེ་འབྲས་བསྐྱེད་པའི་དགེ་བ་རྣམས། །བསོད་ནམས་ཆ་མཐུན་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་ཏེ། དེ་ལ་སྤྱིར་དགེ་བ་ནི་འབྲས་བུ་བདེ་བ་བསྐྱེད་པ་ཙམ་གྱི་རྒྱུ་ཐམས་ཅད་དེ། ངལ་སོས་པའི་བདེ་བ་ཙམ་ཡིན་ཀྱང་རྒྱུ་བསོད་ནམས་སྔོན་སོང་ཅན་ཡིན་པ་དང་། སྲིད་པ་དང་ཞི་བ་གཉིས་ཆར་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་དགེ་བས་བསྐྱེད་པའོ། །སྡུག་བསྔལ་གྱི་རྒྱུ་མི་དགེ་བས་ནི། ངན་འགྲོ་དང་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན་པར་ཤེས་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ལ་དགེ་བ་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་སྲིད་པའི་བདེ་འབྲས་ཙམ་བསྐྱེད་ནས་ཟད་པར་འགྱུར་བ་དགེ་བ་བཅུ་དང་བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ཐར་པ་དང་མ་འབྲེལ་བ་རྣམས་དང་། དེ་དག་ཐར་བ་དང་འབྲེལ་བ་ནི་ཐར་པ་ཆ་མཐུན་མྱ་ངན་ལས་འདས་པའི་རྒྱུར་མཐུན་པ་རྣམས་སོ། །གཉིས་པ་ལ། བླང་བྱ་དགེ་བཅུ་དང་། སྤང་བྱ་མི་དགེ་བཅུ་གཉིས། དང་པོ་ལ། ལས་ཀྱི་ངོ་བོ་དང་། འབྲས་བུ་གཉིས། དང་པོ།

ལས་ཀྱི་ངོ་བོ་བསྟན་པ།

དང་པོ་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་ནི། རྣམ་གྲངས་མང་ཡང་བསྡུ་ན་དགེ་བ་བཅུ། །ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །ཞེས་གསུངས་ཏེ། དེ་ལ་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ་གསུམ་སྤངས་པ་ནི། ལུས་ཀྱི་དགེ་བའི་ལས་གསུམ་མོ། །རྫུན་དང་ཕྲ་མ། ངག་འཁྱལ། ཚིག་རྩུབ་བཞི་སྤངས་པ་ནི་ངག་གི་ལས་དགེ་བ་བཞིའོ། །བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་གསུམ་སྤངས་པ་ནི་ཡིད་ཀྱི་ལས་དགེ་བ་གསུམ་མོ། །གཉིས་པ་ལ་སྤྱི་བྱེ་བྲག མཇུག་བསྡུ་གསུམ། དང་པོ།

སྤྱིར་བསྟན་པ།

འདི་བཅུ་བསམ་གཏན་གཟུགས་མེད་མ་འབྲེལ་བས། །འདོད་པའི་ལྷ་མིར་བདེ་འབྲས་བསྐྱེད་པ་ཉིད། །ཅེས་གསུངས་ཏེ། དགེ་བ་བཅུ་པོ་འདི་ཉིད་སྤྱད་པའི་རང་བཞིན་བསམ་གཏན་གཟུགས་མེད་བསྒོམ་པ་དང་མ་འབྲེལ་ན་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་བདེ་བ་ལ་ལོངས་སྤྱོད་པའོ། །དེ་ཡང་གླིང་བཞི་གླིང་ཕྲན་གྱི་མི་དང་འདོད་ལྷ་དྲུག་པོ་ཐོབ་པའོ། །དགེ་བ་བཅུ། བསམ་གཏན་གཟུགས་མེད་དང་འབྲེལ་གོང་མ་གཉིས། །ཞེས་གསུངས་ཏེ། དགེ་བ་བཅུ་དང་བསམ་གཏན་བཞི་སྦྲེལ་ནས། འབྱོངས་ཞིང་འགྲུབ་ན་གཟུགས་ཀྱི་ཁམས་སུ་སྐྱེ་ལ། དགེ་བ་བཅུ་དང་གཟུགས་མེད་བཞི་འབྲེལ་བ་ཚད་དུ་ཕྱིན་པས་སྐྱེ་མཆེད་མུ་བཞི་ཐོབ་པའོ། །བསམ་གཟུགས་སྒོམ་པའང་དགེ་བའི་ཚོགས་དང་མ་འབྲེལ་ན་ཁམས་གོང་མར་སྐྱེ་ཐུབ་པ་མིན་ལ། འུ་ཚོས་སྒོམ་མཉམ་བཞག་གི་ཉམས་ལེན་སོ་མ་ཟིན་པ་ཞིག་གིས་ཚོགས་བསགས་ཀྱི་ལམ་དང་མ་འབྲེལ་ན་སངས་རྒྱས་ཐོབ་དཀའ་ཞིང་། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་སངས་རྒྱས་པ་རྒྱུན་མཐའི་རྡོར་ཏིང་གི་སྐབས་ཀྱི་སྐད་ཆ་ཞིག་ཡིན་སྙམ། དེའང་འཕེན་བྱེད་དང་བདེ་བའི་ཆར་རྫོགས་བྱེད་ཀྱི་ལས་དགེ་བ་བཅུས་བྱེད་ལ། བསམ་གཏན་གཟུགས་མེད་ཀྱི་རང་སའི་སེམས་སུ་འགྲུབ་པ་བསམ་གཏན་གཟུགས་མེད་བསྒོམས་པ་གྲུབ་པ་དེས་བྱེད་དོ། །གཉིས་པ་ལ། རྣམ་སྨིན་སོགས་ཀྱི་འབྲས་བུ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གཉིས། དང་པོ།

རྣམ་སྨིན་སོགས་ཀྱི་འབྲས་བུ།

དགེ་བས་བདེ་འགྲོ་བདེ་བའི་རིགས་ཀུན་བསྐྱེད། །ཅེས་གསུངས་ཏེ། དེ་ལྟར་ན་དགེ་བས་བདེ་བའི་རིགས་དང་མཐོ་རིས་སུ་སྐྱེ་བའི་ལུས་མངོན་པར་འགྲུབ་པ་ཡིན་ནོ། །དགེ་བ་བཅུའི་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མི་ཡིན་ལ། བདག་པོའི་འབྲས་བུ་ཡུལ་ལ་སྨིན་པའི་ཆ་མེ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་ལ་བགྲོད་བདེ་བ་ལ་སོགས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དགེ་བ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་ནད་མེད་པ་དང་ལོངས་སྤྱོད་དང་ལྡན་པ་ལ་སོགས་པའོ། །གཉིས་པ།

མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་བསྟན་པ།

དེ་དག་ཆ་ཤས་དབྱེ་བས་བསྟན་པ་ནི། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་པ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །ཅེས་གསུངས་ཏེ། དེ་ལྟར་ལུས་ཀྱི་ལས་མི་དགེ་གསུམ་སྤངས་ཏེ་དགེ་བར་སྤྱད་པས། སྲོག་གཅོད་སྤངས་པས་ཚེ་རིང་བ་དང་། མ་བྱིན་ལེན་སྤངས་པས་ནོར་འབྱོར་པ་དང་། ལོག་གཡེམ་སྤངས་པས་ཁྱིམ་ཐབ་རང་དབང་དང་བཅས་པ་ཐོབ་ལ། ངག་གི་ལས། རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་སྟེ། །རྩུབ་མོ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །བཀྱལ་པ་སྤངས་པས་ཚིག་གཟུང་འོས་པར་འགྱུར། །ཞེས་གསུངས་ཏེ། ངག་གི་ལས་མི་དགེ་བ་བཞི་སྤངས་པ་ལས་ནི་རྫུན་སྤངས་པས་ཀུན་གྱིས་བསྟོད་པ་དང་། ཕྲ་མ་སྤངས་པས་སྙན་པར་གྲགས་པ་དང་། ཚིག་རྩུབ་སྤངས་པས་མཐོང་ན་ཡིད་དུ་འོང་ཞིང་འཁོར་འདུན་པ་དང་། ངལ་འཆལ་སྤངས་པས་ཚིག་ཡིད་ཆེས་པའི་གནས་སུ་འཛིན་པ་ཐོབ་བོ། །ཡིད་ཀྱི་ལས། བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་པར་ལྟ་སྤངས་ལྟ་བ་བཟང་པོ་སྟེ། །ཞེས་གསུངས་ཏེ། ཡིད་ཀྱི་ལས་མི་དགེ་བ་གསུམ་སྤངས་པ་ལས། བརྣབ་སེམས་སྤངས་པས་བསམས་པ་བཞིན་དོན་ཐམས་ཅད་འགྲུབ་པ་དང་། གནོད་སེམས་སྤངས་པས་ཕ་རོལ་གྱིས་མཐོང་ན་ཞི་ཞིང་དེས་ལ་ཡིད་དུ་འོང་བ་དང་། ལོག་ལྟ་སྤངས་པས་སྐྱེས་མ་ཐག་ནས་སྲིད་པ་དང་སྐྱེ་བ་ཀུན་ཏུ་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པའོ། །དེ་ཉིད་རིན་ཆེན་ཕྲེང་དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་བཤད་པ་བཞིན་ནོ། །མི་དགེ་བཅུ་སྤངས་པས་མ་ཚད། དགེ་བཅུ་སྒྲུབ་པར་རང་གིས་དམ་བཅས་ནས། གཞན་ལ་དེ་དག་བྱེད་པར་བསྐུལ་བ་དགེ་བཅུ་ཁྱད་པར་བ་ཡིན་པ་གཞུང་ནས་གསུངས་པ་ལྟར་རོ། །གསུམ་པ།

མཇུག་བསྡུ་བ།

མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་བླངས། །ཞེས་གསུངས་ཏེ། འདི་བཅུ་ནི་བདེ་འགྲོ་དང་བདེ་བ་འདོད་པས་སྤྱད་དོ། །གཉིས་པ་མི་དགེ་བ་ལ། མི་དགེའི་འབྲས་བུ་བསྟན་པ་དང་། དེའི་མཇུག་བསྡུ་བ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ།

མི་དགེའི་འབྲས་བུ་སྤྱིར་བསྟན་པ།

ད་ནི་དགེ་བའི་མི་མཐུན་ཕྱོགས་ནི། མི་དགེའི་ལས་བཅུ་ངན་འགྲོར་སྡུག་བསྔལ་རྒྱུ། །ཞེས་གསུངས་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་མོ་སྟེ་ངག་གི་མི་དགེ་བ་བཞི་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་གྱི། མི་དགེ་བ་བཅུ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོ་སྟེ། །ཉོན་མོངས་ཅན་ཀུན་བཀྱལ་བ་ཡིན། །བསྟན་ཆོས་ངན་བཞིན་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན་ནོ། །ཞེས་པ་སྟེ་དེ་ལྟ་བུའི་མི་དགེ་བཅུ་སྤྱད་པས་ངན་འགྲོའི་གནས་སུ་སྡུག་བསྔལ་བ་ཡིན་ནོ། །གཉིས་པ་ལ། རྣམ་སྨིན་དང་། མྱོང་བ་རྒྱུ་མཐུན་གཉིས། དང་པོ།

རྣམ་སྨིན་གྱི་འབྲས་བུ་བསྟན་པ།

ཆེ་འབྲིང་ཆུང་ངུས་དམྱལ་བ་ཡི་དྭགས་དང་། །དུད་འགྲོར་ལྟུང་འགྱུར་སྣ་ཚོགས་སྡུག་བསྔལ་ལྡན། །ཞེས་གསུངས་ཏེ། དེ་ལྟ་བུའི་མི་དགེ་བ་བཅུ་ཆུང་ངུར་སྤྱད་པས་དུད་འགྲོ། འབྲིང་གིས་ཡི་དྭགས། ཆེན་པོས་དམྱལ་བ་མྱོང་བ་ནི། རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུའི་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་གང་བྱེད་དེར་སྐྱེ་ལ། མྱོང་བ་རྒྱུ་མཐུན་གྱིས་ཚེ་ཐུང་བ་ལ་སོགས་པའི་འབྲས་བུ་མྱོང་པའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་སྟེ་ཡུལ་ཚེར་མ་དང་ལོ་འབྲས་མ་སྨིན་པ་ལ་སོགས་པའོ། །གཉིས་པ།

མྱོང་བ་རྒྱུན་མཐུན་གྱི་འབྲས་བུ་བསྟན་པ།

དེ་དག་ཀྱང་ཆ་ཤས་བརྗོད་ན་རྣམ་སྨིན་ལས་མྱངས་སྟོབས་ཀྱིས་སྲབས་ནས་ངན་སོང་ལས་ཐར་ཏེ། བརྒྱ་ལམ་ཞིག མཐོ་རིས་ཐོབ་ཀྱང་དེ་ཡི་སྡུག་བསྔལ་འགྲུབ། །སྲོག་གཅོད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་ལེན་པས་དབུལ་ཞིང་ཕོངས་པར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །ཞེས་གསུངས་ཏེ། ལས་ཀྱི་ལྷག་མ་དེས་མཐོ་རིས་སུ་སྐྱེས་ནའང་། སྲོག་གཅོད་ཀྱིས་ཚེ་ཐུང་ཞིང་ནད་མང་བ་དང་། མ་བྱིན་ལེན་གྱིས་དབུལ་བར་འགྱུར་བ་དང་། ལོག་གཡེམ་གྱིས་ཁྱིམ་ཐབ་འཐུས་མའམ་གཡེམ་ལ་དགའ་བར་འགྱུར་རོ། །ངག་གི་ལས། རྫུན་དུ་སྨྲ་བས་བསྐུར་བ་མང་འགྱུར་ཞིང་། །ཕྲ་མས་བཤེས་འབྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་བཀྱལ་བས་ངག་མི་བཙུན། །ཞེས་གསུངས་ཏེ། རྫུན་བཤད་པའི་རྣམ་སྨིན་རང་ལ་སྐྱོན་མེད་ཀྱང་མ་ཉེས་ཁ་གཡོག་གིས་སྐུར་པ་འདེབས་མཁན་མང་བ་དང་། ཕྲ་མ་བཤད་པས་མཛའ་བཤེས་དང་འབྲལ་ལ་འཁོར་མི་མཐུན་པ་དང་། ཚིག་རྩུབ་ཀྱིས་མི་སྙན་པ་ཤ་སྟག་ཐོས་པ་དང་། ངག་འཁྱལ་བ་སྨྲས་པའི་རྣམ་སྨིན་གྱིས་སུས་ཀྱང་ངག་བདེན་པར་མི་འཛིན་པ་ནི་ངག་གི་ལས་ངན་པ་བཞིའི་འབྲས་བུའོ། །ཡིད་ཀྱི་ལས། བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་ཉིད། །ཅེས་གསུངས་ཏེ། བརྣབ་སེམས་བྱས་པའི་འབྲས་བུ་གང་བསམས་པ་མི་འགྲུབ་པ་དང་། གནོད་སེམས་ཀྱིས་རྟག་ཏུ་འཇིགས་ཤིང་བག་ཚ་བ་དང་། ལས་འབྲས་ལ་སྐུར་པ་འདེབས་པའི་རིགས་སུ་སྐྱེ་བ་ནི་ཡིད་ཀྱི་མི་དགེ་བའི་འབྲས་བུའོ། །དེ་དག་ཀྱང་། རིན་ཆེན་ཕྲེང་བ་ལས། སྲོག་བཅད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་བླངས་པས་ནོར་དང་འབྲལ། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་བ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །ཚིག་རྩུབ་པས་ནི་མི་སྙན་ཐོས། །བཀྱལ་བ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །གསུམ་པ།

མཇུག་བསྡུ་བ།

ཇི་སྐད་བཤད་པའི་ཚུལ། དེ་ལྟར་མི་དགེ་བཅུ་པོ་དུག་འདྲ་བས། །སེམས་ཤེས་རྣམས་ཀྱིས་རབ་ཏུ་སྤང་འཚལ་ལོ། །ཞེས་གསུངས་ཏེ། མི་དགེ་བ་ནི་གང་གིས་སྤྱད་པའི་འབྲས་བུ་རྣམ་སྨིན་རྩུབ་མོ་མྱོང་བའི་ཕྱིར་ངོ་ལྐོག་གང་དུའང་སྤང་དགོས་ཏེ། སྤྱོད་འཇུག་ལས། མ་མཐོང་བ་ནི་སྡིག་པ་བྱེད་པ་དག །ཁོང་དུ་དུག་ཟོས་བདེ་བར་མི་འགྱུར་བཞིན། །ལྷ་དང་རྣལ་འབྱོར་ཅན་དང་དེ་བཞིན་དུ། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །འདིའི་སྐོར་འདི་ལ་བསམ་བློ་བཏང་ན་སྤྱིར་ལས་འདི་ལ་དཀར་ནག་དགེ་སྡིག་གི་དབྱེ་བ་གཉིས་གསུངས་ཤིང་། དེའང་སྲིད་པ་མངོན་པར་བསྒྲུབ་པ་དང་། ཞི་བར་སྦྱོར་བའི་ལས་གཉིས་ལས། ཕྱོགས་དང་པོ། མི་དགེ་བ་བཅུ་དང་། བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུས་སྲིད་པ་མངོན་པར་བསྒྲུབ་བོ། །གཉིས་པ་ཞི་བར་སྦྱོར་བའི་ལས་ནི། བསོད་ནམས་ཆ་མཐུན་གྱི་དགེ་བ་དང་། སྡིག་པ་གཉིས་ཀ་ལས་རྣམ་པར་འདས་པ། སྲིད་པ་དང་འཁོར་བར་སྐྱེ་བའི་རྒྱུ་ཟག་པ་དང་བཅས་པ་ཀུན་ལས་རྣམ་པར་གྲོལ་བའི་དགེ་བ་ནི་ཐར་པའི་རྒྱུར་གྱུར་པ་ཁོ་ན་སྟེ། དེ་ཡང་སྣང་བཅས་བསོད་ནམས་ཀྱི་ཚོགས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་ཀུན་རྫོབ་པ་རྣམས་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་དོན་གཉིས་ཟུང་དུ་འབྲེལ་པ་ལམ་ལྔའི་རིམ་པས་བསྡུས་པ་ནི་སངས་རྒྱས་ཀྱི་སར་གཞོལ་བས་ན་འཇིག་རྟེན་པའི་དགེ་བ་ལས་འདས་པ་ཡིན་ནོ། །དེ་ལ་འཇིག་རྟེན་པས་ནི་དངོས་པོ་དང་མཚན་མར་འཛིན་པ་ལས། འདིར་དགེ་བ་སྤྱོད་དུས་ཉིད་ནས་དངོས་པོ་དང་མཚན་མ་མེད་པ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་བློ་ལས་གྲོལ་བ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ཤེས་པ་སྟེ། དགེ་བར་སྣང་ལ། བདེན་པའི་བློ་དང་། །ཞེན་པའི་འཁྲིས་མེད་པར་སྤྲུལ་པ་དང་སྒྱུ་མ་ལྟར་གཞན་གྱི་དོན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་ཚོགས་དམ་པའོ། །དེའང་ཤེས་རབ་ནམ་མཁའ་ལྟ་བུས་ཟིན་པའི་དགེ་བ་ཉིད་ཐར་པའི་ལམ་ཡིན་གྱི་མ་ཟིན་ན་མི་འགྱུར་བ་ཡིན། དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་ཙམ་ནི་བསོད་ནམས་ཆ་མཐུན་ཡིན་ཡང་། འདིར་གང་ཟག་གཅིག་གི་དགེ་རྩ་སེམས་བསྐྱེད་ཐབས་དང་ཤེས་རབ་ཀྱིས་ཟིན་དུས་དགེ་བ་བཅུ་དང་། བསམ་གཏན་གཟུགས་མེད་ལ་སོགས་པ་དེ་དག་ཐར་པའི་རྒྱུར་འགྱུར་ཏེ། ཡུམ་བར་མ་ལས། རབ་འབྱོར། གང་བྱིས་པ་རྣམས་ཀྱིས་ཀུན་དུ་སྤྱད་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་ཡང་ནམ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ་ཐར་པའི་ཆ་དང་མཐུན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་འགྱུར་བ་སྟེ་ཡོངས་སུ་སྤྱད་པར་བྱ། བརྟུན་པས་བསྒྲུབ་པར་བྱ་ཞེས་སོ། །བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུས་འཁོར་བར་འཁྲུལ་པ་ལྟར། འདི་ཡང་དེར་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། ལས་རང་བཞིན་མེད་པར་ཤེས་ནས་སྤྱོད་པས་ཐར་བར་འདྲེན་པ་ཚུལ་མཚུངས་པའི་དཔེས་བསྟན་གྱིས། སྲིད་པ་ལས་གྲོལ་བའི་ཐབས་ཡིན་པས་སྲིད་པར་འདུ་བྱེད་པ་མ་ཡིན་ཏེ། འོན་ཀྱང་སྙིང་རྗེ་ཆེན་པོས་སྲིད་པ་ལས་སྐྱོབ་ཅིང་སྲིད་པར་གནས་ཀྱང་སྲིད་པའི་ཉེས་པས་མི་གོས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་དང་། ཐབས་སྙིང་རྗེ་ཆེན་པོས་ཞི་བ་ཕྱོགས་གཅིག་པའི་སར་མི་ལྟུང་བ་སྟེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་པ་དང་། རིན་ཆེན་འཕྲེང་བ་ལས། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་པའི་ཚུལ་གྱིས་མི་གནས་པའི་མྱང་འདས་ཐར་བ་ཆེན་པོའི་གོ་འཕངས་ཐོབ་ནས། ནམ་མཁའ་ཇི་སྲིད་དུ་རྟག་ཁྱབ་ལྷུན་གྲུབ་ཏུ་འགྲོ་དོན་འབྱུང་བ་ཡིན་ནོ། །འབྲས་བུ་སྨིན་ལུགས་ཀྱི་ཐད་ནས་ཀྱང། བསོད་ནམས་ཆ་མཐུན་ལྟར་ཟད་པར་འགྱུར་བ་མ་ཡིན་གྱི། གནས་སྐབས་ལྷ་མིའི་བདེ་བ་མྱོང་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཉིད། བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ། དགེ་བའི་རྩ་བ་གང་གིས་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་ནས་བླ་ན་མེད་པའི་སངས་རྒྱས་སུ་འགྱུར་བ་ཡོད་དེ་གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་དང་ལྡན་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ནམ་ཡང་བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ་ཞེས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི། དགེ་བ་བཅུ་བསྟན་པའི་མདོ་ལས། དེ་དག་དགེ་བ་བཅུའི་ལས་ལ་ཕྱིར་ཞིང་བརྩོན་པས་གོང་དུ་འཕེལ་ཏེ། ཚེ་རིང་བར་འགྱུར་རོ། །ལོངས་སྤྱོད་ཆེ་བར་འགྱུར་རོ། །མཐུན་པའི་ཁྱིམ་ཐབ་དགྲ་ཟླ་མེད་པར་འགྱུར་རོ། །སྐུར་པ་འབྱུང་བར་མི་འགྱུར་རོ། །ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ཚིག་གཟུང་བར་འོས་པར་འགྱུར་རོ། །ཀུན་གྱི་རྣ་བར་སྙན་པར་འགྱུར་རོ། །ཆོག་ཤེས་པར་འགྱུར་རོ། །ཕན་ཚུན་བྱམས་པར་འགྱུར་རོ། །ལྟ་བ་བཟང་པོར་འགྱུར་རོ་ཞེས་སོ། །དབང་གི་འབྲས་བུ་ནི། སྲོག་གཅོད་པ་སྤངས་པས་ནི་ཡུལ་བཟང་ལ་ཉམས་དགའ་བར་སྐྱེའོ། །མ་བྱིན་པར་ལེན་པ་སྤངས་པས་བཟའ་བཏུང་འཇུ་སླ་ཞིང་རོ་བྲོ་བ་དང་སྨན་མཐུ་ཆེ་བའི་ཡུལ་དུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པ་སྤངས་པས་ས་ཕྱོགས་གཙང་ལ་སྤོས་ཀྱི་ངད་དང་ལྡན་པའི་སྨན་ཤིང་ཅན་དུ་སྐྱེའོ། །བརྫུན་དུ་སྨྲ་བ་སྤངས་པས་ཡུལ་ཕྱོགས་གང་ན་དགྲ་དང་ཆོམ་རྐུན་ལ་སོགས་པའི་གནོད་འཚེ་མེད་ཅིང་མི་སླུ་བར་སྐྱེའོ། །ཕྲ་མ་སྤངས་པས་གང་ན་སྐྱེ་དགུ་མཐུན་ཅིང་ས་ཕྱོགས་རྡོ་གསེག་དང་ཚེར་མ་ཉུང་བར་སྐྱེའོ། །ཚིག་རྩུབ་མོ་སྤངས་པས་དུས་ཚིགས་མ་ལོག་ཅིང་མེ་ཏོག་དང་འབྲས་བུ་དུས་སུ་སྨིན་པའི་ཡུལ་དུ་སྐྱེའོ། །བཀྱལ་པ་སྤངས་པས་ས་ཕྱོགས་ཐད་ཀ་མཉམ་ལ་མཚོ་དང་རྫིང་བུས་བརྒྱན་པར་སྐྱེའོ། །བརྣབ་སེམས་སྤངས་པས་ས་ཕྱོགས་མེ་ཏོག་དང་། འབྲས་བུ་དང་། ལོ་ཐོག་བཟང་དགུ་འཕེལ་བ་མཐོང་བར་སྐྱེའོ། །གནོད་སེམས་སྤངས་པས་ལོ་མ་དང་འབྲས་བུའི་ཤིང་སྡོང་མང་ཞིང་རོ་ཞིམ་པར་སྐྱེའོ། །ལོག་པར་ལྟ་བ་སྤངས་པས་འབྲས་བུ་དང་རིན་པོ་ཆེ་ལ་སོགས་པའི་འབྱུང་ཁུངས་བཟང་ཞིང་། མགོན་སྐྱབས་དང་དཔུང་གཉེན་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་དགེ་བ་བཅུའི་མདོ་ལས་འབྱུང་ངོ་། །བྱེད་པའི་འབྲས་བུ་ནི། རྒྱ་རོལ་ལས། དགེ་ལ་སྤྲོ་བ་བསོད་ནམས་ཚོགས་འཕེལ་ཞིང་། །ལེགས་པའི་བྱང་ཆུབ་ཚོགས་རབ་འཛིན་པར་བྱེད། །ཅེས་པ་དང་། བཟང་པོ་སྤྱོད་པ་ལས། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཞེས་སོ། །ཕར་ཕྱིན་དྲུག་གི་འབྲས་བུ་ནི། གཞན་ཡང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་འགྲུས་ཡོན་ཏན་བརྗིད། །བསམ་གཏན་སེམས་ཞི་བློ་ཡིས་གྲོལ་བ་འཐོབ། །ཅེས་པ་ལྟར་དང་། ཚད་མེད་བཞིའི་འབྲས་བུ་ནི། བྱམས་པས་ཀུན་གྱི་ཡིད་དུ་འོང་བ་དང་། སྙིང་རྗེས་ཕན་པ་མཐའ་ཡས་པ་དང་། དགའ་བས་འབྱོར་པ་ཕུན་སུམ་ཚོགས་པ་དང་། བཏང་སྙོམས་ཀྱིས་སེམས་ལས་སུ་རུང་བ་སྟེ། དད་པས་མི་ཁོམ་པའི་གནས་སུ་མི་སྐྱེ་བ་དང་། སྟོང་བ་ཉིད་ལ་གོམས་པས་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་སེམས་ཐོབ་པ་དང་། ཆོས་ཉན་པ་དང་ཆོས་ཀྱི་སྦྱིན་པ་བྱས་པས་རྟག་ཏུ་སངས་རྒྱས་ཐམས་ཅད་དང་འགྲོགས་པ་དང་། འདོད་པ་ཐམས་ཅད་མྱུར་དུ་ཐོབ་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱས་པས་བདུད་ཀྱིས་གླགས་མི་ཁེལ་བ་དང་སྟོབས་དང་ནུས་མཐུ་ཅན་དུ་འགྱུར་བ་དང་། ཆོས་ལ་དཀའ་སྤྱད་བཟོད་པ་བྱས་པས་མི་བརྗེད་པའི་གཟུངས་ཐོབ་པ་དང་། མཆོད་རྟེན་དང་སྐུ་གཟུགས་ལ་མར་མེ་ཕུལ་བས་ལྷའི་མིག་ཐོབ་པ་དང་། དེ་བཞིན་དུ་རོལ་མོ་དང་ དྲིལབུ ་སོགས་ཕུལ་བས་ལྷའི་རྣ་བ་ཐོབ་པ་དང་། གཞན་གྱི་སྐྱོན་མི་བརྗོད་པས་གཞན་སེམས་ཤེས་པའི་མངོན་ཤེས་ཐོབ་པ་དང་། སྨོན་ལམ་དག་པས་སངས་རྒྱས་ཀྱི་ཞིང་དག་པར་འགྱུར་བ་ལ་སོགས་པ་མདོ་ལས་མང་དུ་གསུངས་སོ། །མདོར་ན་བྱང་ཆུབ་སེམས་ཀྱིས་ཟིན་ན་དགེ་རྩ་གང་བསྒྲུབས་ཐམས་ཅད་སངས་རྒྱས་ཀྱི་སར་བགྲོད་པའི་ཐབས་དམ་པར་འགྱུར་བ་ཡིན། ཇི་སྐད་བཤད་པའི་ལས་ཐམས་ཅད་ཀྱང་། སེམས་ལ་བརྟེན་པས། བརྟགས་ན་ངོ་བོ་ཉིད་མེད་ཅིང་འོད་གསལ་བ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པས་རབ་ཏུ་ཕྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱིས་རྣམ་པར་དག་པ་ཞིག་དང་། དེ་འདྲའི་དགེ་སྡིག་སོ་སོའི་འབྲས་བུ་ནི། མེད་བཞིན་དུ་སྣང་བ་རྨི་ལམ་དང་འདྲ་བའི་ལས་ཀྱི་དཔེ། ཀུན་མཁྱེན་ཆེན་པོས། གདོད་ནས་རྣམ་དག་མེད་བཞིན་སྣང་བ་ཡི། །ལས་ནི་ཀུན་བྱེད་རི་མོ་མཁན་འདྲ་ཞིང་། །རྟག་ཏུ་རྗེས་འགྲོ་ལུས་ཀྱི་གྲིབ་མ་འདྲ། །གཞན་དུ་མི་འཕོ་ལུས་ཀྱི་བདེ་སྡུག་བཞིན། །རང་བཞིན་ལྡོག་དཀའ་ཆུ་ཀླུང་འབབ་འདྲ་ཞིང་། །མཐོ་དམན་ལྟུང་བྱེད་འགྲོ་ཀུན་དབང་པོ་འདྲ། །ཤིན་ཏུ་རྒྱ་ཆེ་ནམ་མཁའི་དབྱིངས་འདྲ་ཞིང་། །དཀར་ནག་མི་འགྱུར་ཀུནྡ་ཨུཏྤལ་འདྲ། །ཞེས་གསུངས་པ་སྟེ། དཔེ་རི་མོ་མཁན་དང་འདྲ་སྟེ། མི་གཅིག་གི་ཚེ་གཅིག་ལ་ལས་སྣ་ཚོགས་ཀྱིས་བདེ་སྡུག་སྣ་ཚོགས་མྱང་པ་ལ་མཚོན་ན། ངུ་བ། དགོད་པ། ཁེ་བ། ཕམ་པ། ཐོབ་པ། ཤོར་བ། སྐྱེ་བའི་དུས། བྱིས་པའི་དུས། གཞོན་པའི་དུས། རྒས་པའི་དུས། འཆི་བའི་དུས་ལ་སོགས་པ་རི་མོ་མཁན་གྱིས་མུ་འབྲེལ་གྱི་རི་མོ་ཞིག་དང་མཚུངས་པ་ནི་སྐྱེ་བ་མང་པོའི་སྐབས་རྣམས་བརྗོད་ཀྱིས་ག་ལ་ལངས་ཀྱང་། ཚེ་གཅིག་གི་རིང་ལའང་དེ་ལྟར་ཡོད་པ་ཡིན། རྟག་ཏུ་རྗེས་འགྲོ་ལུས་ཀྱི་གྲིབ་མ་དང་འདྲ་སྟེ། ལས་བསགས་པ་རང་ཉིད་ཀྱི་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པ་ནི། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་ཀུན་མཁྱེན་འཇིགས་གླིང་གིས་གསུངས་པ་ལྟ་བུ་དང་། གཞན་དུ་མི་འཕོ་བ་ལུས་ཀྱི་བདེ་སྡུག་དང་འདྲ་བ་ལུས་ཀྱི་བདེ་སྡུག་རང་གིས་མྱོང་བ་ལས་ས་ལ་སྤོ་མི་ཐུབ་ཅིང་། རྡོ་ལ་སྤོ་མི་ཐུབ་པ་དང་། བགོ་བཤའ་བྱེད་རྒྱུ་མེད་པ་ལྟ་བུ་སྟེ། གལ་སྲིད་བགོ་རྒྱུ་ཡོད་ན་གཉེན་བཤེས་མཛའ་གྲོགས་ཚོས་ཅུང་ཙམ་རེ་ཁུར་ངེས་ཏེ། གཅེས་པའི་མིའི་སྡུག་བསྔལ་རང་གིས་ལེན་བསམ་མཁན་ཡོད་པའི་ཕྱིར། འོན་ཀྱང་ལས་སུས་བསགས་ཡོད་ན་དེ་ལས་སྤོ་ཐབས་མེད་ཅིང་། ད་དུང་ཆུ་ཀླུང་ཆེན་པོས་རྩྭ་སྦུར་དང་རིལ་མ་ཁྱེར་བ་ལྟར་ཆུ་རྒྱུན་འབབ་ཕྱོགས་གང་ལ་གཏད་ན་དེའི་རྗེས་སུ་འབྲང་བ་ལས་འོས་མེད་པའོ། །དེ་ལྟ་བུའི་ལས་ཉོན་དེ་དག་གི་ནང་དང་ཕྱི་རོལ་གྱི་ཁམས་ཀུན་དུ་རྟོག་ཅིང་དཔྱོད་པས་བཙལ་ཡང་ལས་དང་ཉོན་མོངས་པ་དེ་དག་མི་རྙེད་དེ། སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་སྩོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤངས་ཤེས་ཕྱིར་བརྩོན་པ་བསྟེན། །ཞེས་པ་ལྟར། དོན་དམ་པའི་གཤིས་ལ་ལས་མེད་ཀྱང་། ཀུན་རྫོབ་རྨི་ལམ་དང་འདྲ་བའི་ནང་འདིར་དགེ་བ་དང་མི་དགེ་བས་བདེ་སྡུག་སོ་སོར་བྱེད་དོ། །དེའང་བློས་ཕྱེ་ཞིང་གཞིགས་ན་ལས་ཡོད་མེད་ལས་འདས་པ་ཉིད་ཀྱིས་ནམ་མཁའ་ལྟ་བུ་སྟེ། དེས་ན་ལས་གསོག་པར་བྱ་བ་མེད་པས། བློ་ནན་གྱིས་འཁྲུལ་པས་བསྐྱེད་པའི་ལས་མ་སོག་ཅིག་པར་གདམས་ཏེ། ཚུལ་འདི་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ནས་གསུངས་ཀྱི། ཕྱི་རོལ་པ་དག་གི་ལུགས་ལ་མེད་དེ། སློབ་དཔོན་བྷ་བྱས་དབུ་མ་རིན་པོ་ཆེའི་སྒྲོན་མར་གསུངས་པ། རྒྱུ་འབྲས་སླུ་བ་མེད་པ་ཡི། །ལས་རྣམས་རྨི་ལམ་ལྟ་བུ་ཞེས། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །མདོ་དོན་རྩ་བ་གང་ནས་བཤད་ཀྱང་། ལས་འབྲས་བསླུ་བ་མེད་པ་རྟག་དང་ཆད་པའི་མཐའ་ལས་འདས་པ། རྟེན་འབྲེལ་ཟབ་མོའི་རང་འགྲོས་སྟོང་ཉིད་ཀྱི་གཤིས་ལས་འདའ་བ་མེད་པའོ། །དེས་ན་ཨོ་རྒྱན་ཆེན་པོས་ལྟ་བ་མཐོ་ཡང་སྤྱོད་པ་ཞིབ་དགོས་གསུངས་པ་ལྟར་དུ། དགེ་སྡིག་རྒྱུ་འབྲས་ཀྱིས་ཕན་གནོད་མེད་པའི་སར་མ་ཐོན་གྱི་བར་དུ། དགེ་བ་མཐའ་དག་སྒྲུབ། སྡིག་པ་མཐའ་དག་སྤངས་ནས་མི་ཚེ་དོན་ཡོད་བྱ་རྒྱུ་ནི་གདམས་པའི་གནད་ཀྱི་སྙིང་པོའོ། །བཤེས་སྤྲིངས་ལས། ཁྱོད་ཀྱིས་དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱིད་དེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གཞན་གྱིས་སྐལ་བ་ཁྱེར་དུ་མེད་པས། སྡིག་པ་མ་སོག་མ་གཏོགས་འབབ་ས་ཁྱོད་རང་ཁོ་ན་ཡིན། ཁྱོད་ཀྱི་མྱོང་སྐལ་ངས་ལེན་འགྲོ་ཟེར་མཁན་སུ་ཞིག་ཡོད་པ་མིན་ཅེས་སོ། །གཞན་ཡང་། དེ་ལས། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་དེ། །འཆི་བའི་དུས་ལ་བབས་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་མི་དགེའི་སྡིག་ལས་བསགས་པ་དེ། བསགས་པ་ཙམ་གྱིས་གྲིས་བརྒྱབ་པ་ལྟར་དུ་དེ་མ་ཐག་ཏུ་མཐོང་བ་ཞིག་མིན་ཀྱང་། མི་བཙན་པོ་ལ་འགྲས་ཡ་བཟུང་བ་དང་། ལྷ་བཙན་པོ་ལ་ཕོག་ཐུག་སོང་བ་ལྟར་དུ་ནམ་ཞིག་ཐར་ས་མེད་པར་བསྟན་པའོ། །དེས་བསོད་ནམས་ཆ་མཐུན་གྱི་དགེ་སྒྲུབ་སྡིག་སྤང་བཤད་ནས། གཉིས་པ། ཐར་པ་ཆ་མཐུན་ལ། མཚན་ཉིད་དང་། ངོ་བོ་གཉིས། དང་པོ།

ཐར་བ་ཆ་མཐུན་གྱི་མཚན་ཉིད་བསྟན་པ།

ད་ནི་ཐར་པ་ཆ་མཐུན་གྱི་དགེ་བ་བཤད་པ་ནི། ཐར་པའི་ལམ་ནི་བྱང་ཆུབ་ཞི་བ་སྒྲུབ། །སྲིད་ལས་འདའ་བྱེད་སྡུག་བསྔལ་སྤང་བར་བྱེད། །ཅེས་མཚན་ཉིད་བསྟན་ནས། གཉིས་པ་ལ་ཐེག་པ་གསུམ་སྤྱིར་བསྟན་པ་དང་། ཐེག་ཆེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ།

ཐེག་པ་གསུམ་སྤྱིར་བསྟན་པ།

ཐར་པའི་རྒྱུ་བྱེད་པའི་དགེ་བ་འཁོར་བ་ལས་འདའ་ཞིང་སྡུག་བསྔལ་སྤོང་བར་བྱེད་པ་དེ་ནི། གང་ཞིག་ཐེག་པ་གསུམ་གྱི་ལམ་ཞུགས་པའི། །འགྲོ་བ་རྣམས་ཀྱིས་ལེགས་པར་སྒྲུབ་པ་ནི། །སོ་སོའི་སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་། །ཕར་ཕྱིན་དྲུག་སྤྱོད་བྱང་ཆུབ་ཕྱོགས་ཆོས་སྒྲུབ། །ཉིན་མཚན་བརྩོན་པས་དགེ་བར་འགྱུར་རྣམས་ཡིན། །ཅེས་གསུངས་ཏེ། ཉན་ཐོས་ཀྱི་ལམ་འཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་གཞག་བསྒོམ་པ་ནས་ཡོངས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུའོ། །རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་འབྲིང་ངོ་། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་སྒྲུབ་པ་ཆེན་པོ་སྟེ། སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དྲན་པ་ཉེར་གཞག་བཞི་དང། ཡང་དག་སྤང་བ་བཞི་ལ་སོགས་པ་ལ་སྤྱོད་ཅིང་། ཚད་མེད་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཉིན་མཚན་དགེ་བ་ལ་བརྩོན་པ་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བས་ཟིན་པ་རྣམས་ནི་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །དེ་ལ་ཚད་མེད་པ་བཞི་ནི་སེམས་ཅན་བདེ་བ་དང་མི་ལྡན་པ་བདེ་བ་དང་འཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ལྡན་པ་དེ་ལས་མི་འབྲལ་བར་འདོད་པ་དགའ་བ། ཉེ་རིང་ཆགས་སྡང་ཅན་རྣམས་སེམས་སྙོམས་པ་ལ་སེམས་པའི་བཏང་སྙོམས་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་པ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །ཚད་མེད་བཞི་འདི་ཕན་དང་བདེ་བའི་དགོངས་པ་ཅན་དུ་འདུས་ཞེས་སྔོན་ཆད་ཀྱང་བཤད་མྱངས་ལ། ཚད་མེད་སྔ་མ་གསུམ་བདེ་བའི་དགོངས་པ་དང་། ཕྱི་མ་ཕན་གདགས་པའི་དགོངས་པ་ཡིན་ཅིང་། དེའང་བརྩེ་བས་སེམས་ཅན་བདེ་བ་དང་འཕྲད་པར་འདོད་པ་བྱམས་པ། སྡུག་བསྔལ་དང་བྲལ་བ་འདོད་པ་སྙིང་རྗེ། དེ་གཉིས་དང་མི་འབྲལ་བར་འདོད་པ་དགའ་བ། དགྲ་གཉེན་ཆགས་སྡང་ལ་སོགས་པ་ཆོས་བརྒྱད་སྙོམས་པར་འདོད་པ་བཏང་སྙོམས་ཞེས་བྱ་ལ། འདི་ནགས་ཀྱི་ལྗོན་ཚལ་ཡིད་འོང་ཞིག་ལ་དཔེ་སྦྱར་ནས་གཟུགས་ཅན་ལ་བཀོད་ན། བྱམས་པའི་ས་གཞི་སྔོ་ཞིང་སྣུམ་པ་སྐྱེ་བོ་ཀུན་དགའ་བའི་བསྟི་གནས་ཀྱི་སྐྱེད་ཚལ་ལ། སྙིང་རྗེའི་མེ་ཏོག་མདངས་མཚར་བ་རྣམ་པ་སྣ་ཚོགས་ཁ་བྱེ་བས་བཀྲམ་ལ། དགའ་བའི་ལྗོན་ཤིང་གི་ནགས་ཀྱི་གྲིབ་མས་བསིལ་ཞིང་བྱ་དང་རི་དྭགས་དུ་མས་བསྟེན་པར། བཏང་སྙོམས་ཀྱི་མཚོ་དང་། རྫིང་དང་། ཕུ་ཆུ་བཟང་པོའི་རྒྱུན་ཁ་དུ་མ་ནས་འབབ་པའི་ཚོགས་ཀྱིས། སྲིད་པར་དུབ་པའི་འགྲོན་པོ་རྣམས་དབུགས་འབྱིན་པ་དེར། རང་གི་སེམས་ཀྱང་ངལ་གསོ་ཞིང་སྦྱང་ངོ་ཞེས་གཟུགས་ཅན་གྱི་རྒྱན་དུ་སྦྱར་བའོ། །དེ་ཡང་འདི་བཞི་ཐར་པའི་ལམ་དང་མ་འབྲེལ་ན། །ཚངས་པའི་གནས་པ་བཞི་སྟེ་སྲིད་པའི་རྒྱུ་ཡིན་ལ། སེམས་ཡང་དག་པར་བསྐྱེད་པ་སོགས་ཞི་བའི་ལམ་གྱིས་ཟིན་པའི་དེ་བཞི་ནི་སྲིད་པའི་ཆུ་གཏེར་ལས་འདའ་བའི་ཕྱིར་ན་ཚད་མེད་བཞི་ཞེས་བྱ་སྟེ། སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པར་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ་ཞེས་སོ། །ཡང་སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའི་ཚད་མེད་ཀྱི་དབྱེ་བ་ཡང་འབྱུང་ངོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་རང་ལ་བདོག་པ་སྟེ་ཡོད་པ་གཞན་ལ་སྦྱིན་པར་འདོད་པའི་གཏོང་སེམས་དགེ་བ་བྱེད་ལས་དང་བཅས་པ། ཚུལ་ཁྲིམས་ནི་མི་དགེ་བའི་ཕྱོགས་སྤང་སེམས་དགེ་བ་བྱེད་ལས་དང་བཅས་པ། བཟོད་པ་ནི་ཕ་རོལ་གྱི་འཚེ་བ་ལ་སོགས་པ་ལ་མི་ཁྲོ་བར་བསྲན་སེམས་དགེ་བ་བྱེད་ལས་དང་བཅས་པ། བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སྤྲོ་བ་བྱེད་ལས་དང་བཅས་པ། བསམ་གཏན་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་བྱེད་ལས་དང་བཅས་པ། ཤེས་རབ་ནི་ཆོས་ཀྱི་ཚིག་དོན་རྟོགས་པ་བྱེད་ལས་དང་བཅས་པ། དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངང་ནས་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་མིན་པ་ནི་སྦྱིན་པ་ཙམ་དང་། ཚུལ་ཁྲིམས་ཙམ་ལ་སོགས་པ་ཡིན་པའང་ཤུགས་ཀྱིས་གོའོ། །སྦྱིན་པའི་བྱེད་ལས་རྫས་དེ་དག་གཞན་གྱིས་ཐོབ་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་བྱེད་ལས་གཞན་ལ་མི་འཚེ་བ་དང་། བཟོད་པའི་བྱེད་ལས་ཁྲོ་བའི་ལན་དུ་མི་ཁྲོ་བ་དང་། བརྩོན་འགྲུས་ཀྱི་བྱེད་ལས་དགེ་བ་སྤྱོད་པ་དང་། བསམ་གཏན་གྱི་བྱེད་ལས་སེམས་གནས་པས་ཞི་ལྷག་སྐྱེས་པ་དང་། ཤེས་རབ་ཀྱི་བྱེད་ལས་རྟོགས་ནས་ཐེ་ཚོམ་མེད་པ་རྣམས་བྱེད་ལས་སོ། །གང་ཡང་མ་གྲུབ་པར་ཤེས་ནས་སྣང་བའི་ཚོགས་ལ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའི་བྱེད་ལས་ངོ་མཚར་ཅན་ཏེ། ཀུན་ལའང་ཤེས་རབ་ཀྱིས་ཁྱབ་པ་དེ་ཉིད་བསྟན་པ་ཡིན། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་འདི་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོ། །དེས་ནི་འཁོར་བར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་འགྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པ་ལས། བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་སོ། །ཞེས་སོ། །དེའང་ཕ་རོལ་ཏུ་ཕྱིན་པ་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་དང་བཅས་པའི་དང་པོ་ལྔ་བསོད་ནམས་དང་། ཞེས་གོང་ནས་བཤད་པ་ལྟར་དུ་འདི་རང་ལུགས་ལ་སྤྱོད་འཇུག་ལྟར་དུ་ཀུན་མཁྱེན་ཆེན་པོས་གསུངས་པའོ། །ཕྱི་མ་ཤེས་རབ་དེ་ཉིད་ཡེ་ཤེས་ཀྱི་ཚོགས་ཡིན་ལ། བསླབ་གསུམ་གྱི་དབང་དུ་བྱས་ན་དང་པོ་སྦྱིན་ཚུལ་བཟོད་གསུམ་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་ངོ་བོ་བྱེད་ལས་ཡིན་ཞིང་། བསམ་གཏན་སེམས་ཀྱི་བསླབ་པ་དང་། ཤེས་རབ་ཤེས་རབ་ཀྱི་བསླབ་པ་དང་། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་ཡིན་པར། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཕྱི་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་པ་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །མདོ་སྡེ་རྒྱན་ལྟར་ན། སྦྱིན་པ་བསོད་ནམས། ཤེས་རབ་ཡེ་ཤེས། གཞན་བཞི་གཉིས་ཀའམ། ཡང་ན་དང་པོ་བསོད་ནམས། ལྷག་མ་ལྔ་ཡེ་ཤེས་སོ་ཞེས་འདོད་ཚུལ་འདྲ་མིན་ཡོད་ཀྱང་། གང་ལྟར་ཚོགས་གཉིས་ཀྱི་ནང་དུ་འདུའོ། །འདིར་སྤྱོད་འཇུག་ལྟར་རོ། །དེའང་དགེ་བ་གང་བྱེད་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་རང་བཞིན་མེད་རྟོགས། རྗེས་བསྔོ་བ་གསུམ་གྱིས་ཟིན་ན་ཐར་པ་ཆ་མཐུན་ནོ། །མ་ཟིན་ན་མོས་པས་སྤྱོད་པའི་ས་འདིར་ཐར་པའི་རྒྱུར་དཀའ་སྟེ། མདོ་སྡེ་རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་བྱ་སྟེ། །ཞེས་བཤད་པས། ཚོགས་སྦྱོར་དུ་དེ་གསུམ་གྱིས་མ་ཟིན་ན། ཕལ་ཆེར་དོན་མེད་ལ། ས་དང་པོ་ནས་བདུན་པའི་བར་དོན་ཡོད་པའོ། །དག་པ་ས་གསུམ་དུ་རྣམ་ཀུན་དོན་ཡོད་པས་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའོ། །དེ་ཡང་ས་དང་པོ་ཡན་ཆད་དུ་དབང་བཅུ་ཐོབ་པས་ཚོགས་དཔག་ཏུ་མེད་པ་རྫོགས་ལ། མན་ཆད་དུ་འབད་ཀྱང་ཆེར་རྫོགས་པ་མ་ཡིན་ནོ། །སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བའོ། །སྦྱིན་པ་ལ་དབྱེ་ན་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི་ལེན་པ་དང་བསྲུང་བའི་བདག་ཉིད་ཅན་ནོ། །ཚུལ་ཁྲིམས་ལ་དབྱེ་ན་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པའི་ངོ་བོ་ནི། ཇི་མི་སྙམ་པའོ། །བཟོད་པ་ལ་དབྱེ་ན་གསུམ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པའོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་བའོ། །བརྩོན་འགྲུས་ལ་དབྱེ་ན་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །བསམ་གཏན་གྱི་ངོ་བོ་ནི། ཞི་གནས་ཀྱི་རང་བཞིན་སེམས་ནང་དུ་དགེ་བ་ལ་རྩེ་གཅིག་ཏུ་གནས་པའོ། །དེ་ལ་དབྱེ་ན་གསུམ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་སྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ཤེས་རབ་ཀྱི་ངོ་བོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཤེས་རབ་ལ་དབྱེ་ན། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་རྣམ་པ་གསུམ་གསུངས་ཏེ། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། །གོང་ནས་སྤྱོད་འཇུག་གི་ལུང་དྲངས་མ་ཐག་པ་ལྟར་དུ། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་དུ། ཤེས་རབ་དང་ལྡན་པ་ཐབས་ཀྱིས་གྲོལ་བ་དང་། ཤེས་རབ་དང་མི་ལྡན་ན་ཐབས་ཀྱིས་འཆིང་བར་འགྱུར་བའང་ཡིན་ཏེ། །ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ནའང་། །འཁོར་བ་འདི་ནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་པས། ཐོས་བསམ་སྒོམ་པའི་ཤེས་རབ་ཀྱང་རིམ་གྱིས་སྤྱད་པར་བྱ་དགོས་པ་ཞིག་ཡིན་པས། དང་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་བྱ་བའི་ཆེད་དུ། ཐོས་པས་གཏན་ལ་དབབ་ནས། འཇལ་བྱེད་རིན་ཆེན་གྱི་སྡེ་མིག་གི་རྣམ་བཞག་དང་། གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་ལ་མཁས་པ་བྱས་ནས། མཐར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ནས་མཉམ་པར་བཞག་དུས། ཕྱི་སྣ་ཚོགས་སྣང་བའི་དངོས་པོ་དང་། ནང་མེད་ལ་འཆར་བའི་རིག་པ་གཉིས་ཀ་ལ་སེམས་སྤྲོ་བསྡུ་མེད་པར་བཞག་པའི་སྐབས་སུ། དེ་ལས་གཞན་པའི་ཆོས་གང་ཡང་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་བློའི་འཇུག་པ་ནུབ་པའི་དབྱིངས་དོན་དམ་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་ཐེག་ཆེན་བྱེ་བྲག་ཏུ་བཤད་པ་ལ། ལམ་གྱི་མདོ་གནད་བསྟན་པ་དང་། ལམ་གྱི་ཆིངས་བཤད་པ་གཉིས། དང་པོ།

ལམ་གྱི་མདོ་གནད་བསྟན་པ།

འདིར་དེའི་དོན་བསྡུ་བ་ནི། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་པའི་དོན་ནི་སྔར་ནས་བཤད་ཟིན་ཏོ། །འདིར་ཐབས་སྙིང་རྗེ་ནི་དགེ་བ་གང་བྱེད་དེའི་དུས་ན་ཡོད་པ་དེ་དང་། ཤེས་རབ་སྟོང་པ་ཉིད་དུས་མཉམ་དུ་ཟུང་དུ་འཇུག་པས་སྔ་ཕྱི་མེད་དོ། །ཐབས་དང་ཤེས་རབ་གཉིས་ཀ་སྔ་ཕྱི་མེད་པའི་དོན་དེ་མ་གོ་ན། ཁ་ཅིག་ཆོས་ཉིད་བསྒོམ་དུས་དང་པོ་སྔོན་དུ་སྦྱོར་བའི་སྙིང་རྗེ་ཞིག་དགོས་པ་དང་། དངོས་གཞིའི་སྟོང་པ་ཞེས་པའང་ཁ་ཁར་ཡོད་པས་དངོས་གཞི་དང་དེ་གཉིས་སྦྱོར་དགོས་ཞེས་ཟུང་འཇུག་ཏུ་འདོད་པ་ནི། ཕྱོགས་མ་གོ་བར་ཟད་དེ། སྦྱོར་བ་སྔོན་སོང་འདས་པ་ཡིན་པས་འདས་པ་དངོས་མེད་ཡིན་པ་དང་། དངོས་གཞིའི་སྒོམ་པ་ད་ལྟ་བ་ཡིན་དགོས་ཤིང་དངོས་པོ་དང་དངོས་པོ་མེད་པ་ཟུང་དུ་འཇུག་པ་ནི་དུས་འགལ་བས་ཟུང་དུ་འཇུག་ཐབས་མེད་པས་བཞད་གད་ཀྱི་གནས་སོ། །དོན་ངོ་མའི་ཐོག་ནས་ཇི་ལྟར་ཡིན་ཅེ་ན། དེ་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་བློ་རྫས་ནི་སྙིང་རྗེ། ངོ་བོ་གང་དུ་ཡང་མི་དམིགས་པ་ནི་སྟོང་པ། སྟོང་ཉིད་དང་སྙིང་རྗེ་དེ་གཉིས་བློ་རྫས་ངོ་བོ་གཅིག་པ་ལ་ལྡོག་པ་སོ་སོ་བ་ཟུང་འཇུག་གམ། དམིགས་མེད་དེ་ཉིད་སྟོང་པ་ཡིན་ལ། སྟོང་ཉིད་དམ་དམིགས་པ་མེད་པའི་སྙིང་རྗེར་གྱུར་པ་གཉིས་རོ་གཅིག་པས་ཅ་ལག་ཐ་དད་པ་གཉིས་མཉམ་པོར་བཅིང་ནས་ཟུང་འཇུག་ཡིན་ཅེས་པ་ལྟ་བུ་མིན་པར་ངོ་བོ་ཐ་དད་མེད་པའི་ཟུང་འཇུག་ཅེས་འདོད་པ་ཡིན་ནོ། །འདི་ནི་གནད་གལ་པོ་ཆེའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བ་ཅི་བསྒྲུབས་ཀྱང་། བྱེད་པོ་རང་ཉིད། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ་པོ་དེ་བྱེད་དུས་ནས་བདེན་ཞེན་མེད་པའི་སྒྱུ་མ་ལྟ་བུས་སྤྱད་དེ། ཤེས་རབ་ཀྱིས་ལྟ་བ་དག ཐབས་ཀྱིས་སྤྱོད་པ་དག་ན། ལྟ་བ་མ་རྨོངས་ནས་སྤྱོད་པ་དག་དུས། ལྟ་སྤྱོད་རྣམ་པར་དག་སྟོབས་ཀྱིས་ལམ་གོལ་དུ་མི་འགྲོ་བར་ཐར་བ་རང་ལག་ཏུ་ལོན་པ་ཡིན་ནོ། །གཉིས་པ།

ལམ་གྱི་ཆིངས་བཤད་པ།

བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་མདོར་བསྡུ་བ་ནི་ཞེས་མཚམས་སྦྱར་ཏེ། རྩོམ་པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད། །ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །འབྲས་བུ་བླ་མེད་བྱང་ཆུབ་འགྲུབ་པ་ཡིན། །ཅེས་གསུངས་ཏེ། གང་ཅི་རྩོམ་པ་ཐམས་ཅད་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱ་ལ། དེའི་གཞུང་ལམ་ཐམས་ཅད་བསྡུ་ན་ལྟ་བ་སྟོང་པ་ཉིད་བཅོ་བརྒྱད་དམ་ཉི་ཤུ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་དུ། ནང་དང་ཕྱི་རོལ་རྣམས་དང་ནི། །གཉིས་དང་སྟོང་པའི་དངོས་པོ་དང་། །ཕྱོགས་དང་མྱ་ངན་འདས་ལམ་དང་། །རྐྱེན་ལས་སྐྱེས་དང་ཅིག་ཤོས་དང་། །མཐའ་འདས་ཐོག་མ་དོར་བ་མེད། །རང་བཞིན་དང་ནི་ཆོས་ཀུན་དང་། །ཆོས་སྐྱེ་ལ་སོགས་འདས་སོགས་དང་། །ལྡན་དང་ཅིག་ཤོས་ངོ་བོ་དང་། །མཁའ་དང་སྟོང་པ་ཞེས་བྱ་དང་། །ཆོས་ཀྱི་གཞན་གྱི་ངོ་བོ་ཉིད། །རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་པ་ལྟ་བུ་ལམ་སྒྲུབ་པའི་ལྟ་བའོ། །སྒོམ་པ་ནི་སྔར་སྨོས་པ་བཞིན་ཆོས་སུམ་ཅུ་རྩ་བདུན་ནོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །འབྲས་བུ་ནི་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་ཇི་སྙེད་པ་རྣམས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་དག་གི་གཞི་ལམ་འབྲས་བུའི་ཆོས་ཚང་ལ་མ་ནོར་བ་ནི་དེ་ཙམ་ཞིག་ཏུ་འདུས་པར་བསྟན་ཏོ། །མདོར་བསྡུས་ན། ལྟ་བ་སྟོང་ཉིད། སྒོམ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག འབྲས་བུ་སངས་རྒྱས་པའི་སྤངས་རྟོགས་ཐམས་ཅད་ལ་ཐེག་ཆེན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་འདུས་པ་ཡིན་ཅེས་སོ། །གསུམ་པ་ལས་ཀྱི་མཇུག་བསྡུ་བ་ལ། སྤང་བླང་སོ་སོའི་མཇུག་བསྡུ་བ་དང་། མཐར་ཐུག་གི་བླང་བྱ་ངོས་བཟུང་བའོ། །དང་པོ། སྤང་བྱ་སྤང་བའི་ཚུལ། བླང་བྱ་བླང་བའི་ཚུལ་གཉིས། དང་པོ།

སྤང་བྱ་སྤང་བའི་ཚུལ།

ད་ནི་ལས་ཀྱི་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་སྤང་བྱ་འཁོར་བ་རྒྱུ་འབྲས་ལས་ལྡོག་ཚུལ་ངེས་པར་བསྡུ་བ་ནི། འདི་ལྟར་སྣང་སྲིད་འཁོར་བའི་ཆོས་རྣམས་ཀུན། །དགེ་དང་མི་དགེའི་བག་ཆགས་ལས་བྱུང་སྟེ། །ལས་མ་ཟད་པར་འཁྲུལ་སྣང་སྟོངས་མི་སྲིད། །དེ་ཡི་ཕྱིར་ན་མི་དགེ་སྤང་ལ་འབད། །ཅེས་གསུངས་ཏེ། ཁམས་གསུམ་རིགས་དྲུག་གིས་བསྡུས་པའིི་གནས་དང་བདེ་སྡུག་སོ་སོའི་སྣང་ཚུལ་མི་འདྲ་ཅི་སྣང་བ་འདི་ཐམས་ཅད་ཀུན་གཞི་ལ་བག་ཆགས་འཁྲུལ་པ་བཞག་པའི་སྣང་གཟུགས་ཏེ། དགེ་བ་བསོད་ནམས་ཆ་མཐུན་གྱི་བདེ་བའི་རིགས། རིགས་དྲུག་ན་ཡོད་དོ་ཅོག་དང་ལྷ་མི་བསྐྱེད་ལ། མི་དགེ་བས་སྡུག་བསྔལ་གྱི་རིགས་ཐམས་ཅད་དང་ངན་འགྲོ་བསྐྱེད་ནས། སྣང་བ་མི་འདྲ་བ་དཔག་ཏུ་མེད་ཀྱང་སྣང་ཚུལ་དྲུག་ཏུ་འདུས་པར་སྣང་བ་འདི་ཐམས་ཅད་ལ་འཁྲུལ་སྣང་ཞེས་བྱ་སྟེ། བག་ཆགས་མ་ཟད་ཀྱི་རིང་ལ་སྟོངས་མི་སྲིད་པ་དྷ་དུ་རའི་ནུས་པ་ཡོད་རིང་ལ་འཁྲུལ་སྣང་ཤར་བ་བཞིན་ཏེ། དྲན་པ་ཉེར་གཞག་ལས། འཇིག་རྟེན་དག་ན་ཇི་ལྟར་སྣང་བ་ཀུན། །ཐམས་ཅད་རང་གི་ལས་ལས་ཉེ་བར་བྱུང་། །ཞེས་པ་བཞིན་ནོ། །དེས་ན་སྤང་དགོས་ཏེ། སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པ་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་པ་དང་། རྟ་དབྱངས་ཀྱི་དྲི་བ་དྲུག་པ་ལས། སྡིག་པས་སྡུག་བསྔལ་བསོད་ནམས་ཀྱིས། །བདེའོ་འདྲེས་མས་འདྲེས་མ་སྟེ། །ལས་རྣམས་ཀྱི་ནི་རྣམ་པར་སྨིན། །འདྲ་བ་རྒྱུ་མཚན་ཡིན་པར་རྟོགས། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ལས་བསགས་པ་ན་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པའི་ཚུལ་གྱིས་ལས་ངན་སྤང་དགོས་སོ། །སེམས་ཉིད་རྟོགས་པས་ཆོག་གི་ལས་འབྲས་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པ། །མདོར་ན་མེད་པར་ལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་བ། །ཞེས་པ་ཡིན་པའི་ཕྱིར་རོ། །ལས་དང་ལས་ཀྱི་འབྲས་བུར་ཆ་ཕྲ་བ་ནས་འཛེམ་དགོས་པར་བསྟན་ཏོ། །གཉིས་པ།

བླང་བྱ་བླང་བའི་ཚུལ།

གཉིས་པ་མྱ་ངན་ལས་འདས་པ་རྒྱུ་འབྲས་ལ་ནན་ཏན་བྱ་བར་ངེས་པས་དགེ་བའི་ཕྱོགས་བླང་བྱར་དོན་བསྡུ་བ་ནི། དག་པའི་རྒྱལ་སྲས་ལམ་གྱི་ཡོན་ཏན་དང་། །རྣལ་གྲོལ་རྒྱལ་བའི་འབྱོར་བ་ཕུན་ཚོགས་ཀུན། །ཚོགས་གཉིས་བསགས་པས་ཁམས་ལ་སྒྲིབ་གཉིས་བྲལ། །དགེ་ཚོགས་ལས་བྱུང་ཤེས་ནས་འབད་པར་མཛོད། །ཅེས་གསུངས་ཏེ། དགེ་བའི་འབྲས་བུ་ནི་མངོན་པར་མཐོ་བའི་བདེ་བ་ཐམས་ཅད་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའི་ཡོན་ཏན་དང་། སྤྱན་དང་མངོན་པར་ཤེས་པ་རྒྱ་མཚོ་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་རྒྱུ་དགེ་བ་ལས་བྱུང་བའི་འབྲས་བུ་ཡིན་པས་ཚོགས་གཉིས་བསགས་པ་ལ་འབད་པར་བྱའོ། །དེའང་སེམས་སྟོབས་ཆེན་པོས་ཡུན་རིང་དུ་སྲིད་པར་སེམས་ཅན་གྱི་དོན་དུ་ཚོགས་གཉིས་གསོག་དུས་བདེ་བ་དུ་མར་བརྒྱུད་པས་སྐྱོ་བར་བྱ་མི་དགོས་ཏེ། དགེ་བའི་གནས་སྐབས་ཀྱི་འབྲས་བུས་རང་ཉིད་བདེ་བའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་རྟ་བཟང་པོ་ཞོན་ནས་འགྲོ་བའི་ཕྱིར་རོ། །སྤྱོད་འཇུག་ལས། འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་པ་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅིས་ཏེ་སྐྱོ། །ཞེས་པ་དང་། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་སོ། །གཉིས་པ་ལ། དངོས་དང་། ཇི་ལྟར་བླང་ཚུལ་གཉིས། དང་པོ།

དངོས་བསྟན་པ།

འདིར་དམན་པ་བསོད་ནམས་ཆ་མཐུན་ཐར་པ་ཆ་མཐུན་དུ་བསྒྱུར་དགོས་པར་གདམས་པ་ནི། དགེ་བའང་བསོད་ནམས་ཆ་མཐུན་འཁོར་བའི་རྒྱུ། །དེ་ལས་ལོག་སྟེ་ཐར་པ་ཆ་མཐུན་སྒྲུབ། །འཁོར་བ་སྤང་ཕྱིར་དེ་ཡི་རྒྱུ་སྤང་འཚལ། །ཞེས་གསུངས་ཏེ། གང་ཞིག་འཁོར་བ་མི་འདོད་ན་དེའི་རྒྱུ་སྤང་དགོས་པས། སྲིད་པར་དབང་མེད་དུ་འཇུག་པས་ལས་མི་དགེ་བ་དང་། དགེ་བ་བསོད་ནམས་ཆ་མཐུན་གཉིས་སྤངས་ཏེ། ཐར་པ་ཆ་མཐུན་ཁོ་ན་ལ་འབད་དོ། །བསོད་ནམས་ཆ་མཐུན་ནི་སྲིད་པའི་རྒྱུ་བྱེད་པས། དོན་གྱི་མི་དགེ་བའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་ངན་འགྲོ་སྟེ། །གཉིས་ལ་མི་རྟེན་ཐར་པ་ལགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ།

ཇི་ལྟར་བླང་ཚུལ་བསྟན་པ།

ད་ནི་ཐར་པ་ཆ་མཐུན་གྱི་དགེ་བ་སྤྱད་པར་གདམས་པས་མཇུག་བསྡུ་བ་ནི། ཕ་རོལ་ཕྱིན་ལྔ་སྣང་བཅས་བསོད་ནམས་དང་། །ཤེས་རབ་ཡེ་ཤེས་ཚོགས་གཉིས་བསྟེན་པར་མཛོད། །ཅེས་གསུངས་ཏེ། མྱུར་དུ་སངས་རྒྱས་འདོད་པས་དེའི་རྒྱུ་སྣང་བཅས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔ་དང་། སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟས་དེ་ནི་རྟག་བསྟེན་མཛོད། །ཅེས་པ་བཞིན་ནོ། །ཐབས་ཤེས་རབ་ཟུང་དུ་འཇུག་དགོས་ཏེ། སེམས་ཉིད་སྟོང་པ་འབའ་ཞིག་གིས་ཆོག་པར་འཛིན་པ་ལམ་བཟང་པོ་མ་ཡིན་པའི་ཕྱིར་རོ། །རྣམ་པར་འཐག་པ་ཐམས་ཅད་སྡུད་པའི་མདོ་ལས། བྱམས་པ་མི་བླུན་པོ་དག་ནི་ཤེས་རབ་ཁོ་ན་ལམ་དུ་སྨྲ་བ་དེ་ལྟར་ན་ངས་བསྐལ་པ་དུ་མར་ཕ་རོལ་ཏུ་ཕྱིན་པ་ལྔ་སྤྱད་པ་དོན་མེད་པར་འགྱུར་རོ་ཞེས་པ་དང་། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་ཐབས་དང་བྲལ་བའི་ཤེས་རབ། ཤེས་རབ་དང་བྲལ་བའི་ཐབས་སོ་ཞེས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྒྱུ་མ་མཆིས་པ་དང་། རྒྱུ་དང་བྲལ་བའི་མངོན་པར་འདུ་མི་བགྱི་བ་མ་མཆིས་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་མི་བརྩོན་ན་ཤེས་རབ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ། །བདུད་ཀྱི་ལྕགས་ཀྱུ་དེ་དག་ལས་མ་འདས་ན་མངོན་པར་རྫོགས་པ་འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མ་མཆིས་སོ་ཞེས་པ་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཤེས་རབ་ཙམ་བསྟེན་པ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ལྟུང་སྟེ། མི་གནས་པའི་མྱ་ངན་ལས་འདའ་བར་འགྲོ་བར་མི་འགྱུར་རོ། །དེ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ། །ཞེས་པ་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པ་དང་། ག་ཡ་གོ་རིའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་གོལ་སའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་གོལ་སའོ་ཞེས་པ་དང་། རབ་རྩལ་གྱིས་རྣམ་པར་གནོན་པའི་ཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང་། །མཁས་པར་རབ་ཏུ་ཞི་མི་འགྱུར། །ཞེས་པ་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་ཡིས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་པ་ལ་སོགས་པ་མདོ་རྒྱུད་ཀྱི་ལུང་དཔག་ཏུ་མེད་པ་རྣམས་ལ་ཡིད་ཆེས་པར་བྱས་ཏེ་ཚོགས་གཉིས་དྲི་མ་མེད་པ་ངོམས་མི་ཤེས་པར་བསྐལ་པ་རྒྱ་མཚོ་ཀུན་ཏུ་བསགས་པར་སྤྲོ་བས་གོ་ཆ་ཆེན་པོ་བགོ་བར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པའི་རྒྱ་ཆེར་འགྲེལ་པའོ།། །།སྤྱིར་ན་མན་ངག་གི་གཞུང་འདིའི་ལེའུ་བརྒྱད་པ་ནས་ཉི་ཤུ་རྩ་གཅིག་པའི་བར་གྱིས་སྦྱོང་བྱེད་ཐབས་ཀྱི་རིམ་པ་བསྟན་པའི་ལས་རྒྱུ་འབྲས་བསམ་པའི་ལེའུ་རྩ་འགྲེལ་གཉིས་ཀ་སོང་ནས། གཉིས་པ་ཐུན་མིན་ངེས་ལེགས་འགྲུབ་པའི་བསམ་བྱ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་དང་། མྱང་འདས་ཞི་བདེར་བསམ་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ །

འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་མདོར་བསྟན་པ།

དེ་ལྟར་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དེས། འཁོར་བའི་རང་བཞིན་ལ་བསམས་པས་ཐར་པ་ལ་སྤྲོ་བར་གྱུར་པ་དེའི་ཕྱིར། ཇི་སྐད་བཤད་མ་ཐག་པའི་རྗེས་ཐོགས། དེ་ནས་འཁོར་བ་སྡུག་བསྔལ་བསམ་བྱ་སྟེ། །སྙིང་པོ་མེད་ཅིང་རྟག་མི་ཐུབ་དེའི་ཕྱིར། །ཁམས་གསུམ་རིགས་དྲུག་སྲིད་པའི་སྡུག་བསྔལ་ལས། །མྱུར་དུ་འདའ་བའི་ཐབས་ལ་འབད་པར་བྱ། །ཞེས་གསུངས་ཏེ། ལས་དང་ཉོན་མོངས་པའི་རང་བཞིན་གྱིས་རང་དབང་མེད་པར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་བདེ་བ་མེད་ཅིང་སྡུག་བསྔལ་གྱི་ཆུ་བོར་བྱིང་བས་བློས་བཟོད་དཀའ་ཞིང་རྟག་མི་ཐུབ་པ་སྙིང་པོ་མེད་པའི་ཕྱིར། གནས་འདི་ལས་མྱུར་དུ་འདའ་བར་བྱ་དགོས་ཏེ། ཙནྡྲ་པས། མི་གཙང་བ་ལ་དྲི་ཞིམ་མེད་པ་ལྟར། །དེ་བཞིན་འགྲོ་ལྔ་དག་ནའང་བདེ་བ་མེད། །ཅེས་པ་བཞིན་ནོ། །འོ་ན་འཁོར་བར་མི་སྐྱོ་བས་ཡུན་རིང་དུ་གནས་པར་བྱ་བ་མ་ཡིན་ནམ་ཞེ་ན། ཐོག་མར་རང་གི་དྲོད་ཚད་མ་ཟིན་པར་ནི་གཞན་གྱི་དོན་བྱ་བའི་ནུས་པ་མེད་པས། མོས་སྤྱོད་ཀྱི་སར་འཁོར་བ་ལས་ངེས་པར་འབྱུང་དགོས་ཏེ། སྤྱོད་འཇུག་ལས། འགྲོ་བ་ཉོན་མོངས་ལས་སྒྲོལ་བར། །དམ་བཅས་གང་ཚེ་བདག་ཉིད་ཀྱང་། །ཉོན་མོངས་རྣམས་ལས་མ་གྲོལ་ན། །བདག་གིས་ཚོད་ཀྱང་མི་ཤེས་པར། །སྨྲ་བ་ཇི་ལྟར་སྨྱོན་པ་མིན། །ཞེས་པ་དང་། མདོ་སྡེ་རྒྱན་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །འཁོར་བའི་སྡུག་བསྔལ་ཞེས་པའི་འཁོར་བ་འདི་ལ་དཔྱད་པ་ཞིག་ཞུགས་ན། དེ་ཡང་རིགས་དྲུག་གཅིག་ནས་གཅིག་ཏུ་བརྒྱུད་དེ་འགལ་མེ་བཞིན་འཁོར་ཞིང་འཁྲུལ་བཞིན་ཡོད་པས་ན་འཁོར་བ་ཞེས་བྱ་ཞིང་། དེ་ཡང་འཁྲུལ་གཞི། འཁྲུལ་ཚུལ། དབྱེ་བ་གསུམ་གྱིས་གཏན་ལ་འབེབས་པ་ལ། དང་པོ་འཁྲུལ་གཞི་ལ་ཡང་གཉིས་ཏེ། དང་པོ་ཁམས་གསུམ་འཁྲུལ་པའི་རྟེན་དུ་བསྟན་པ་སྟེ། ཁམས་གསུམ་ནི། སྣང་བ་དང་། ཕྱེད་སྣང་བ་དང་། མི་སྣང་བའི་གྲོང་ཁྱེར་གསུམ་སྟེ། རགས་པ་དང་། དངས་པ་དང་། མི་སྣང་བའི་ཕྱིར་རོ། །དེའང་སྡུག་བསྔལ་གང་ཅི་ཡོད་པ་དག་གི་རྟེན་གཞི་ནི་ནང་གི་ཁམས་གསུམ་ཡིན་པས། ལུས་ནི་རགས་པའི་དངོས་པོར་འདུས་པའི་ཕྱིར་སྣང་བའི་གྲོང་ཁྱེར་དང་། ངག་ནི་བྲག་ཅ་ལྟར་མེད་བཞིན་དུ་སྣང་བས་ཕྱེད་སྣང་བའི་གྲོང་ཁྱེར་དང་། ཡིད་ནི་སྒོ་ལྔའི་རྣམ་པར་མེད་པས་ཤིན་ཏུ་དངོས་པོ་མེད་པའི་ཕྱིར་མི་སྣང་བའི་གྲོང་ཁྱེར་ཏེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ཞེས་བཏགས་སོ། །དེ་གང་ལས་གསུངས་ཞེ་ན། དགོངས་འདུས་ལས། ལུས་རགས་པ་འདོད་པའི་ཁམས་དང་། ངག་ཕྲ་བ་གཟུགས་ཀྱི་ཁམས་དང་། ཡིད་ཆེས་ཕྲ་བ་གཟུགས་མེད་པའི་ཁམས་ཏེ། གྲོང་ཁྱེར་དེ་གསུམ་ན་ཁྱེའུ་སྣང་བ་དམ་པ་ཞེས་བྱ་བ་གནས་སོ་ཞེས་རང་བྱུང་གི་ཡེ་ཤེས་ལ་བཤད་དོ། །དེ་ལྟར་སྒོ་གསུམ་པོའི་སྟེང་དུ་སྡུག་བསྔལ་གསུམ་གྱིས་གདུང་བ་ཡང་། ཀུན་ནས་རྟོག་པའི་རྐྱེན་གྱིས་ཤར་ཏེ་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་མྱོང་བའོ། །ཇི་ལྟར་ཤར་ན་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་དྲུག་དབང་པོའི་སྒོ་སོ་སོ་ལས་འཐོན་ཏེ། ཡུལ་འཛིན་པས་བདེ་བ་དང་སྡུག་བསྔལ་དང་བར་མ་གསུམ་གང་རུང་ཤེས་པའི་རྒྱུན་ལ་ཞེན་ཏོ། །དེ་ལ་གཟུགས་ལ་སོགས་པའི་རྣམ་པ་སོ་སོར་ཤར་བའི་ཆ་ནི་རྣམ་པར་ཤེས་པའོ། །ཡུལ་དང་པོར་རགས་པ་སྤྱིའི་རྣམ་པར་ལམ་སྟེ་རིག་པ་ནི་སེམས་སོ། །དེའི་ཁྱད་པར་ལ་དཔྱོད་ཅིང་ཆགས་པ་དང་། སྡང་བ་དང་། གཏི་མུག་གསུམ་གང་རུང་དུ་རྒྱུན་མཐུད་པའི་སེམས་བྱུང་ལ་ཡིད་ཅེས་བྱ་ལ། དེའང་སེམས་ཡོད་པས་ན་སེམས་ལས་བྱུང་བ་ཡང་དེའི་རྗེས་སུ་མཚུངས་ལྡན་ཏེ་གྲོགས་ཀྱི་ཚུལ་དུ་སེམས་ཀྱི་ཀུན་འགྲོར་ཡོད་ལ། སེམས་ལས་བྱུང་བ་ལའང་སེམས་ཀྱིས་ཁྱབ་པར་འབྲེལ་པ་གྲུབ་པས་མཚུངས་པར་ལྡན་ཞིང་གྲོགས་ཅན་གྱི་ཚུལ་དུ་སེམས་བྱུང་གི་ཀུན་འགྲོར་ཡང་གནས་ཏེ། ཡུལ་རིག་པས་འཇལ་བ་ན་དང་པོར་སྤྱིའམ་ངོ་བོ་ལ་དམིགས་པའི་ཆ་ནས་སེམས་ཞེས་པ་དང་། དེ་ནས་ཆ་ཤས་བྱེ་བྲག་འཇལ་བས་སེམས་ལས་བྱུང་བ་ཞེས་ཐ་སྙད་སོ་སོར་བཏགས་ཀྱང་། དོན་ལ་ཡུལ་རིག་ཅིང་དཔྱོད་པ་ཉིད་ཁོ་ན་ལས་གཞན་མེད་དོ། །འོ་ན་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་ལ་མཉམ་པར་བཞག་པའི་སྐབས་སུ་ཚོགས་དྲུག་གིས་ཡུལ་འཛིན་པའི་འཇུག་ཤེས་དྲུག་པོ་འགགས་སམ་ཞེ་ན། གནས་ལུགས་རྣམ་པར་མི་རྟོག་པའི་ཚེ་ཡུལ་རིག་པས་སྣང་ཡུལ་སོ་སོར་འཇལ་ཡང་སེམས་ཡིད་རྣམ་པར་ཤེས་པ་ཞེས་མི་བྱ་སྟེ། གཟུང་བ་ཡུལ་ལ་འཛིན་པ་ཤེས་པས་གཉིས་སྣང་དུ་འཛིན་པ་མེད་པའི་ཕྱིར་རོ། །སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས། འགྲོ་བས་སེམས་ཡིད་རྣམ་ཤེས་སུ། །གཟུང་འཛིན་གོམས་པས་རྣམ་བརྟགས་པ། །མི་རྟོག་ཡེ་ཤེས་དེ་མེད་ཕྱིར། །དོན་མཐོང་བློ་ནི་ཡེ་ཤེས་མཆོག །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་སོ། །དེས་ནི་སྒོ་གསུམ་མམ་ཁམས་གསུམ་དེ་འཁྲུལ་བའི་རྟེན་ཡིན་ལུགས་བཤད་ནས། ད་ནི་དེ་དག་གི་འཆར་གཞི་དང་དབྱེ་བ་རྒྱས་པར་སྟོན་པ་ནི། འདི་ལྟར། ཀུན་གཞིའི་རྣམ་ཤེས་ཡིད་དང་སྒོ་ལྔའི་ཤེས། །རིམ་བཞིན་མཆེད་པ་མཆེད་པའི་རིམ་པ་ཡིན། །དེ་ལས་སྲིད་པའི་སྡུག་བསྔལ་རྒྱུ་འབྲས་འབྱུང་། །རྩ་བ་མ་རིག་གཟུང་འཛིན་འཁྲུལ་པ་ཅན། །ཡུལ་དང་དོན་དང་སེམས་སུ་བག་ཆགས་པས། །ང་དང་ང་ཡིར་འཛིན་པས་འཁོར་བ་གྲུབ། །ཅེས་པ་ལྟར་དུ་ཀུན་གཞིའི་རྣམ་ཤེས་དང་། ཡིད་དང་། སྒོ་ལྔའི་ཤེས་པ་རྣམས་རིམ་པ་བཞིན་དུ་མཆེད་ནས། གཅིག་ཡོད་པའི་རྐྱེན་གྱིས་གཅིག་བྱུང་བས། རྩ་བ་མ་རིག་པ་ལས་གཟུང་འཛིན་གྱི་འཁྲུལ་བ་འདི་དག་བྱུང་བའོ། །དེ་ལས་ཀུན་གཞིའི་རྣམ་པར་ཤེས་པ་གང་ཞེ་ན། ཡུལ་སོ་སོ་ལ་འཆར་བའི་ཤེས་པ་དག་གི་རང་དུས་ན། སལ་གྱིས་རྣམ་དབྱེ་མེད་པར་རིག་པ་གང་ཡིན་པའི་སེམས་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ནས་དེར་འཛིན་པའི་བློ་ཞིབ་ཚགས་དང་ཆེ་ལོང་ལ་སོགས་པས་ཡུལ་གྱི་རྣམ་པར་དཔྱོད་པ་ནི་ཡིད་ཡིན་པ་དང་། མིག་ལ་བརྟེན་ནས་གཟུགས་མཐོང་བའི་མཐོང་ཆ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པའོ། །དེ་བཞིན་དུ་རྣ་བ་ལ་བརྟེན་ནས་སྒྲ་དང་། སྣ་ལ་བརྟེན་ནས་དྲི་དང་། ལྕེ་ལ་བརྟེན་ནས་རོ་དང་། ལུས་ལ་བརྟེན་ནས་རེག་བྱར་རེག་པའི་ཤེས་པའི་ཆ་ནི་དེ་དག་གི་རྣམ་པར་ཤེས་པ་སྟེ་ལྔའོ། །སྔ་མའི་ཆ་ལས་ཕྱི་མའི་ཤེས་པ་སྐྱེ་བས་སྐྱེ་མཆེད་ཅེས་བྱ་བ་དང་། དེ་དག་གི་ཡུལ་དང་ཤེས་པ་རྐྱེན་རྣམས་ཡོད་པར་དཔག་ཏུ་མེད་པས་ན་མང་ཞིང་རྒྱ་ཆེ་ལ་སོ་སོའི་ཆ་མི་འདོར་བས་ན་ཁམས་ཞེས་བྱའོ། །ཡུལ་ལས་ཡུལ་ཅན་གྱི་བློ་བརྟེན་པ་ལྟར་འཆར་བ་ཉིད་དང་། སྔ་མ་ལས་ཕྱི་མ་འབྲེལ་བར་འབྱུང་བ་དང་། ཆོས་ཅན་དང་ཆོས་ཉིད་དུ་གྱུར་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་དང་། ཡུལ་དང་ཡུལ་ཅན་གྱི་བློ་གཉིས་འདུས་པའི་ཚེ་བདེ་བ་ལ་སོགས་པའི་རྣམ་པར་ཚོར་ཞིང་རིག་པའི་ཆ་ནས་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །དེ་དག་ལ་སོགས་པའི་རྣམ་པའི་བྱེ་བྲག་དཔག་ཏུ་མེད་དོ། །དེའང་ཕྱི་རོལ་ལྟར་སྣང་བའི་དངོས་པོ་རྨི་ལམ་དང་འདྲ་བ་རྣམས་ལ་གཞན་ནོ་ཞེས་བཟུང་བས་ཡུལ་དུ་བག་ཆགས་ཏེ་དག་མ་དག་རྣམ་པ་སྣ་ཚོགས་པར་སྣང་ཞིང་འཁྲུལ་པའི་གནས་སུ་གྱུར། ལུས་འབྱུང་བ་ལས་བསྐྱེད་པ་ཡང་ནང་གི་དེ་ཁོ་ན་ཉིད་མ་ཤེས་པའི་རྐྱེན་གྱིས་དོན་དུ་བག་ཆགས་ཏེ། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་། དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་ཆ་འཛིན་པས་འཁྲུལ་པའི་རྟེན་དུ་གྱུར། རང་བྱུང་གི་ཡེ་ཤེས་འོད་གསལ་བ་ལ་ངོ་བོ་སྟོང་། རང་བཞིན་གསལ། གདངས་སྣ་ཚོགས་སུ་འཆར་སྒོ་མ་འགགས་པ་ལ་གཟུང་འཛིན་རང་མཚན་དུ་ཞེན་པས་རིག་པ་སེམས་སུ་བག་ཆགས་ཏེ་དུག་ལྔ་དུག་གསུམ་དུ་འཆར་ཞིང་། འཁྲུལ་པའི་རྩ་བ་ང་དང་བདག་ཏུ་འཛིན་པ་ཅན་དུ་གྱུར་པས་འཁོར་བ་འཁྲུལ་པའི་སྣང་བ་གཟུགས་བརྙན་ནམ་རྨི་ལམ་ཁུང་ངམ་སྐྲ་ཤད་འཛག་པ་ལྟར་མེད་ལ་སྣང་བ་བདེན་བདེན་འདྲ་བ་འདི་བྱུང་བ་ཡིན་ནོ། །དེའང་འཛིན་བྱེད་ང་དང་། གཟུང་ཡུལ་ང་ཡིར་འཛིན་པ་སྟེ་ཁང་ཁྱིམ་ལ་བདག་ཏུ་འཛིན་པའི་བློ་བཞིན་ནོ། །དེས་ནི་གང་ལས་འཁྲུལ་བའི་གཞི་དེའང་རྟེན་དང་གཞི་གཉིས་ཀྱི་དབྱེ་བའི་ཐོག་ནས་བཤད་ཅིང་། འཁྲུལ་ཚུལ་ཇི་ལྟར་འཁྲུལ་བ་ཡིན་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལས་གྲུབ་པའི་མཐའ་ཆེན་པོ་གསུམ་གསུངས་ཏེ། ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའོ། །ཀུན་བརྟགས་པ་དེ་ཡང་གཉིས་ཏེ། མཚན་ཉིད་ཆད་པ་དང་། རྣམ་གྲངས་པའོ། །དེ་ལ་མཚན་ཉིད་ཆད་པ་ནི་གང་གི་ངོར་ཡང་མེད་ལ་རྟོག་པས་བཏགས་པ་སྟེ། རི་བོང་གི་རྭ་དང་། བདག་ཅེས་བྱ་བ་ལྟ་བུའོ། །རྣམ་གྲངས་པའི་ཀུན་བརྟགས་ནི། རེ་ཞིག་འཁྲུལ་ངོ་ན་སྣོད་བཅུད་བདེ་སྡུག་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་ཤར་བ་འདི་རྣམས་སོ། །དེ་ཡང་དོན་དུ་མ་གྲུབ་ལ་སེམས་ཀྱི་འཁྲུལ་ངོར་སྣང་བ་རྨི་ལམ་དང་འདྲ་བའི་ཕྱིར་རྣམ་གྲངས་པའི་ཀུན་བརྟགས་ཞེས་བྱའོ། །དེ་ཐམས་ཅད་ཀྱང་གཤིས་ལ་མེད་བཞིན་དུ་འཁྲུལ་ངོར་སྣང་ཞིང་སྒྲོ་བཏགས་པས་ཀུན་བརྟགས་ཞེས་བྱ་ཞིང་། གཞན་གྱི་དབང་ལའང་གཉིས་ཏེ། མ་དག་པ་དང་། དག་པ་གཞན་གྱི་དབང་ངོ་། །དེ་ལ་མ་དག་པ་གཞན་གྱི་དབང་ནི། མ་དག་འཁྲུལ་བའི་སྣོད་བཅུད་དབང་པོ་སོ་སོའི་སྒོར་སྣང་བ་དང་། དག་པ་གཞན་དབང་ནི། གཟིགས་པ་དག་པའི་ཡུལ་དུ་སྣང་བའི་ཞིང་དང་གཞལ་ཡས་ཁང་སོགས་སོ། །ཡོངས་སུ་གྲུབ་པ་ལའང་། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའོ། །དེ་ལ་འགྱུར་བ་མེད་པའི་ཡོངས་གྲུབ་ནི། གཤིས་ཀྱི་གནས་ལུགས་ཡེ་ཇི་བཞིན་པ་འཁྲུལ་མ་འཁྲུལ་གང་གི་ཡང་མིང་དོན་ལས་འདས་པའི་ཆོས་ཉིད་རང་གཤིས་ཀྱིས་དག་པའི་སྟོང་ཉིད་དོ། །སྟོང་ཉིད་ལ་ཡང་རང་སྟོང་གཞན་སྟོང་གཉིས་ཀས་སྟོང་བ་ལ་སོགས་པར་བརྗོད་ཚུལ་དང་འདོད་པ་མང་ན་ཡང་། བརྗོད་བྱས་སྟོང་པ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་དང་། རྗོད་བྱེད་རྣམ་གྲངས་པས་སྟོང་པ་བློ་ལས་འདས་པའི་ཚུལ་གཉིས་སུ་འདུ་བས་ན་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡང་ཚུལ་དེ་ལྟར་རྟོགས་པར་བྱའོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། ཚོགས་གཉིས་རྫོགས་ནས་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ཐར་བ་དམ་པའི་ལམ། གཅིག་དང་དུ་མ་ལས་འདས་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དེའོ། །སྐབས་དོན་གང་བཤད་བྱ་ཁམས་གསུམ་འཁོར་བའི་གནས་ནས་འཁྲུལ་ཚུལ་བཤད་པ་ལས། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པའི་འགྱུར་མེད་ཆོས་སྐུའི་ངོ་བོར་ཡེ་ནས་ཡོངས་སུ་གྲུབ་པའི་འགྱུར་མེད་ཡོངས་གྲུབ་ཀྱི་ངོ་བོ་ལས་མ་འདས་ཤིང་གཡོ་བ་མེད་པ་ཡིན་ན་ཡང་། མེད་ལ་ཡོད་པར་རྟོག་པའི་མ་རིག་ཀུན་བརྟགས་གཉིས་འཛིན་གྱི་འཁྲུལ་བས་བསླད་ནས། ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་འདིའི་དབུ་ནས་གསུངས་པའི། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔ་པོ། །ལ་སོགས་པས་བསྟན་པ་ཡིན་ལ། འཁོར་བའི་སྣོད་བཅུད་དུ་ཤར་བའི་མ་དག་གཞན་དབང་དེའི་དབང་དུ་འཁྲུལ་ནས་རིགས་དྲུག་འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འདི་མྱངས་པ་ཡིན་པས། འཁྲུལ་ཚུལ་ཤེས་པའི་གནད་འདིས་འཁྲུལ་བ་བཟློགས་ནས་གྲོལ་ཚུལ་ཡང་གོ་ཐུབ་པ་ཡིན། ནམ་ཞིག་གནད་གསང་འདི་ཤེས་ནས་འཕྲིག་སད་དུས་ཐོས་དང་བསམ་པའི་ཤེས་རབ་ཀྱིས་འགྱུར་མེད་སེམས་ཀྱི་གནས་ལུགས། གཤིས་ཆོས་ཉིད་འཕོ་འགྱུར་དང་བྲལ་བ་དེའི་དོན་རྟོགས་ནས། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཐར་བ་དམ་པའི་ལམ་གནད་མ་ནོར་བ་དེ་ཉིད་བསྒོམས་ནས། སྣང་ཆ་མ་དོར་བས་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས། སྟོང་བའི་རང་བཞིན་དུ་བསམས་པས་དོན་དམ་པ་ཡེ་ཤེས་ཀྱི་ཚོགས་བསགས། ཚོགས་གཉིས་ཀྱང་རེས་འཇོག་ཅན་གཅིག་ཡོད་གཅིག་མེད་མིན་པའི་སྣང་སྟོང་འདུ་འབྲལ་མེད་པའི་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་ལམ་ནས་རྫོགས་ཏེ། དག་པ་གཞན་དབང་སངས་རྒྱས་ཀྱི་ཞིང་དང་གཞལ་ཡས་ཁང་ལ་སོགས་པ་གསང་གསུམ་མི་བཟད་རྒྱན་གྱི་འཁོར་ལོར་མངའ་དབང་རྫོགས་པ་བསྟན་པ་དམ་པའི་ཆོས་ཀྱི་གནད་གཅིག་ཏུ་དྲིལ་ནས་དེ་ལྟར་གསུངས་སོ། །ཡིན་ཀྱང་སངས་རྒྱས་ཕལ་པོ་ཆེའི་ནང་དུ། ཟླ་བའི་དཀྱིལ་འཁོར་ཤར་གྱུར་ཀྱང་། །སྣོད་དུ་མ་གྱུར་མི་སྣང་ལྟར། །སངས་རྒྱས་ཐུགས་རྗེའི་ཟླ་བ་ཡང་། །སྐལ་བ་མེད་གྱུར་མི་སྣང་ངོ་། །ཞེས་དང་། རྒྱལ་ཚབ་བྱམས་པས་ཀྱང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་པ་ལྟར་དུ། སྲིད་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པས་ནམ་མཁའ་དང་འདྲ་ལ། བཟོད་པར་དཀའ་བས་མེའི་ཁྲོད་དང་། རིགས་མི་འདྲ་བས་ཕྱི་རོལ་དཀར་དམར་སྣ་ཚོགས་ཀྱི་སྣང་ཡུལ་འདྲ་བ་བཟོད་པ་ནི་མི་རིགས་ཏེ། སྤྱོད་འཇུག་ལས། གནས་མིན་བཟོད་པ་སྨད་པའི་གནས། །ཞེས་པ་སྟེ། བཟོད་པར་བྱེད་པ་འདི་ཉིད་ལ་ཡང་དག་པའི་ངོ་ཚ་དང་ཁྲེལ་མེད་པས། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས་ཇི་ལྟར་གཟིགས་ཏེ། སའི་འོག་གི་མུན་པ་ལ་ཉི་མས་སྣང་བ་འཇུག་པའི་སྐབས་མི་རྙེད་པ་བཞིན་ནོ། །དེའང་ས་འོག་གི་མུན་པའང་དེ་ཉིད་ཀྱི་འདུག་ཚུལ་མ་དག་པས་སྣང་བར་བྱེད་པའི་རྐྱེན་མ་ཚོགས་པ་བཞིན་དུ། རང་གི་རྒྱུད་མུན་པའི་སྨག་རུམ་ལའང་ཐུགས་རྗེའི་གོ་སྐབས་དཀའོ། །རྒྱལ་བའི་ཐུགས་རྗེ་ཡང་གདུལ་བྱའི་བསོད་ནམས་དང་སྐལ་པ་ཇི་ལྟ་བ་བཞིན་ཡོད་པ་དེ་ལ་སྣང་གི་གཞན་དུ་མ་ཡིན་པས་ད་རེས་ངེས་པར་ཐར་བའི་ཐབས་ལ་འབད་པར་རིགས་སོ། །གཉིས་པ་ལ། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་ཡི་སྡུག་བསྔལ་དྲུག དང་པོ་ལ་བསྟན་བཤད་གཉིས། དང་པོ།

དམྱལ་བ་མདོར་བསྟན་པ།

དམྱལ་བའི་གནས་ནའང་སྡུག་བསྔལ་དཔག་ཏུ་མེད། །ཅེས་མདོར་བསྟན་ནས། གཉིས་པ་ལ། ཚ་དམྱལ་གྲང་དམྱལ་གཉིས། དང་པོ་ལ། དངོས་དང་། ཚེ་ཚད་གཉིས། དང་པོ་ལ། དངོས་གཞིའི་གནས་དང་། ཉེ་འཁོར་གཉིས། དང་པོ།

ཚ་དམྱལ་དངོས་གཞིའི་གནས་བསྟན་པ།

ད་ནི་སྡུག་བསྔལ་གྱི་རྣམ་གྲངས་རྒྱས་པར་བཤད་པ་ལས། དང་པོ་དམྱལ་བའི་ནང་ནས་ཚ་བའི་དམྱལ་བའི་སྡུག་བསྔལ་ནི། ཡང་སོས་ཕན་ཚུན་མཚོན་གྱིས་འདེབས་པ་ལས། །ཡང་ཡང་སྐྱེ་ཤིའི་སྡུག་བསྔལ་བཟོད་གླགས་མེད། །ཅེས་གསུངས་ཏེ། ཚ་བའི་གནས་བརྒྱད་ཀྱི་དང་པོ་ཡང་སོས་ན་གནས་པ་དེ་དག་ཕན་ཚུན་དགྲ་མཐོང་བ་ལྟར་ཞེ་སྡང་སྐྱེས་པའི་ཚེ་ལག་ཏུ་མཚོན་ཆ་སྣ་ཚོགས་པ་རང་བྱུང་བ་བསྣུན་རེས་བྱས་ཏེ་ཤི་བ་ལས། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་སྔར་བཞིན་སོས་མ་ཐག་ཡང་མཚོན་གྱིས་སྐྱེ་ཤི་འབའ་ཞིག་བྱེད་དེ། བཤེས་སྤྲིངས་ལས། འདི་ན་ཉིན་ཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ཡིས་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་སོ། །དམྱལ་གནས་འོག་མ་རྣམས་ན་སྡུག་བསྔལ་བདུན་གྱིས་ཆེ་བ་སྟེ་དེ་ལས་བདུན་འགྱུར་གྱིས་སྡུག་བསྔལ་བའི་དམྱལ་བ། ཐིག་ནག་ལྕགས་ཀྱི་སོག་ལེས་གཤོག་པ་སྟེ། །བསྡུས་འཇོམས་རི་དང་གཏུན་དང་ལྗོངས་སུ་འཐག །ངུ་འབོད་ལྕགས་ཁྱིམ་འབར་བར་སྲེག་བྱེད་ཅིང་། །ངུ་འབོད་ཆེན་པོ་ལྕགས་ཁྱིམ་ཉིས་རིམ་བསྲེག །ཅེས་གསུངས་ཏེ། དམྱལ་བ་གོང་མའི་སྡུག་བསྔལ་མྱངས་པའི་ཐོག་ཏུ་ཐིག་ནག་རང་གི་སྡུལ་བསྔལ་ནི་ལྕགས་ཀྱི་སོག་ལེ་མེ་འབར་བས་ལུས་ལ་ཐིག་ནག་པོ་བཏབ་པའི་རྗེས་སུ་གཤོག་ཅིང་འབྱར་བ་ལ་ཡང་གཤོག་པ་ནི་དམྱལ་བ་ཐིག་ནག་གོ །རིའི་བར་དང་གཏུན་དང་། ལྗོངས་སུ། ནམ་མཁའ་ནས་ལྕགས་ཀྱི་ཐོ་བ་མེ་འབར་བས་རྩི་བཞིན་འཐག་པ་ནི་བསྡུས་འཇོམས་ཏེ་སླར་ཡང་སོས་སོ། །ལྕགས་ཀྱི་ཁང་པ་སྒོ་མེད་ལ་མེ་འབར་བར་བསྲེག་པ་ནི་ངུ་འབོད་དོ། །ལྕགས་ཁྱིམ་ཉིས་རིམ་པར་བསྲེག་པ་ནི་ངུ་འབོད་ཆེན་པོའོ། །དེ་དག་ལས་ཀྱང་བདུན་འགྱུར་གྱིས་སྡུག་བསྔལ་ཆེ་བ་ནི། ཚ་བ་མདག་མེ་འབར་བའི་ས་གཞི་ལ། །པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། །རབ་ཏུ་ཚ་བ་ཕྱི་ནང་མེས་གདུང་ཞིང་། །ཟངས་ཞུན་བསྐོལ་མས་ལུས་ཀུན་རྡུལ་དུ་བསྲེག །ཅེས་གསུངས་ཏེ། ཚ་བ་ནི་ལྕགས་ཀྱིི་ས་གཞི་མེ་འབར་བར་ལུས་ཀྱི་པགས་པ་བཤུས་ཏེ་ཕུར་བུས་བརྒྱངས་པའི་སྟེང་དུ་ཐོ་བས་བརྡུངས་ལ། རབ་ཏུ་ཚ་བ་ཕྱི་ནས་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི་མེ་དང་ནང་ནས་གློ་སྙིང་ལ་མེ་འབར་བས་ན་མེའི་ཕུང་པོ་བཅུ་གཅིག་གིས་བསྲེག་གོ། གཞན་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་། ཟངས་ཞུན་བསྐོལ་མ་ཁར་དབང་མེད་དུ་ལྡུགས་པས་ལུས་རྡུལ་དུ་བུན་གྱིས་ཚིག་པའོ། །དེ་ཐམས་ཅད་ལས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བ་ནི་གནས་ཐ་མ། མནར་མེད་ལྕགས་ཁང་འབར་བར་བཟོད་གླགས་མེད། །བརྡུངས་དང་འཚོག་དང་གཤོག་དང་ཕྱེ་མར་འཐག །འཚེད་དང་འབིགས་དང་ལྕགས་ལེབ་འབར་བས་དཀྲི། །ཞེས་གསུངས་ཏེ། སྡུག་བསྔལ་དེ་ལས་ཆེར་མེད་ཅིང་མནར་དུ་བྱར་མེད་པས་མནར་མེད་དོ། །ལྕགས་ཁང་མེ་འབར་བའི་ནང་དུ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཐོ་བས་བརྡུང་བ་དང་། དགྲ་སྟས་འཚོག་པ་དང་སོག་ལེས་གཤོག་པ་དང་། གཏུན་དུ་འཐག་པ་དང་། ཟངས་ཆེན་ཁོལ་མར་འཚོད་པ་དང་། མདུང་དང་རྩེ་གསུམ་ལ་སོགས་པའི་མཚོན་གྱིས་འབིགས་པ་དང་། ལྕགས་ལྗང་ངམ་ལྕགས་ལེབ་མེ་འབར་བས་ལུས་མགོ་མཇུག་ཐག་པས་འཆིང་བ་ལྟར་དཀྲི་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །གཉིས་པ།

ཉེ་འཁོར་བ་བསྟན་པ།

གནས་དེའི། ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་ནི། །རོ་མྱགས་འདམ་དང་ཆུ་བོ་རབ་མེད་དང་། །སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ཚལ། །ཤལ་མའི་སྡོང་པོས་ཀུན་ནས་འཁོར་བ་ལ། །དམྱལ་བ་པ་རྣམས་སྣ་ཚོགས་སྡུག་བསྔལ་སྤྱོད། །ཅེས་གསུངས་ཏེ། མནར་མེད་ཀྱི་ཕྱོགས་འཁོར་བར་རོ་མྱགས་ཀྱི་འདམ་རོ་རུལ་བ་ཅན་དུ་སྔར་གྱི་དམྱལ་བ་པ་དག་སྒོ་དབྱེ་བ་ཕྱིར་ཐོན་ནས་ཞུགས་པ་ལས། སྲིན་བུ་ལྕགས་དང་ཟངས་ཀྱི་མཆུ་ཅན་མང་པོས་འབིགས་ཤིང་ཤ་རུས་ཟའོ། །དེ་ལས་བརྒྱ་ལམ་ཐར་པ་སྙམ་བྱེད་པས་ཕྱིར་སོང་བ་ལས། ཐལ་ཚན་གྱི་ཆུ་བོ་རབ་མེད་ཚ་བ་དེར་ཤ་རུས་ཚིག་སྟེ། སྤྱོད་འཇུག་ལས། ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །ཅེས་སོ། །འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་བས་མི་ཐར་རོ། །རྒྱ་ལམ་ཐར་པའི་མཐར། སྤུ་གྲིའི་ཐང་ལ་རྐང་པ་བཞག་དུས་གཤོག་ཅིང་། བཏེགས་ན་སླར་འཚོ་བ་ལ་འགྲོའོ། །རལ་གྲིའི་ཚལ་ཤིང་སྡོང་གི་ཡལ་ག་ལོ་མ་ཐམས་ཅད་རལ་གྲིར་གྱུར་བས་ལུས་གཅོད་པ་དང་། མཚམས་བཞི་ན་ལྕགས་ཀྱི་ཤལ་མ་རིའི་ལྕགས་ཀྱི་སྡོང་པོ་ཡོད་པས། ཤལ་མ་རི་ལྕགས་ཀྱི་ཐུར་མ་གྱེན་ཐུར་ལ་བསྟན་པར་འཛེག་ཅིང་འབབ་པ་དེར་ཁྱི་དང་བྱ་ལ་སོགས་པས་ཟའོ། །དེ་དག་ཕྱོགས་བཞི་ན་བཞི་བཞི་འཁོར་བར་གནས་པས་ཉེར་འཁོར་ལྷག་མ་བཅུ་དྲུག་ཅེས་བྱའོ། །བར་བསྐལ་ཕྱེད་དུ་སྡུག་བསྔལ་བར་དྲན་པ་ཉེ་བར་གཞག་པ་ལས་གསུངས་སོ། །ཉི་ཚེ་བའི་གནས་དང་གཟུགས་ལ་ངེས་པ་མེད་དེ། རྒྱ་མཚོ་དང་རི་དང་ཤིང་དང་བར་སྣང་དང་། ཁང་པ་དང་། བྲག་རི་ལ་སོགས་པ་ན། སྲོག་ཆགས་ཀྱི་གཟུགས་དང་། རྡོ་དང་ཤིང་དང་། ཕྱགས་མ་དང་། སྣོད་སྤྱད་དང་། སེག་དང་། རེ་ལྡེ་ལ་སོགས་པ་བཀོལ་སྤྱད་བྱེད་པའི་སྡུག་བསྔལ་མྱོང་བའོ། །རྩ་མི་གཅོད་པ་ཡང་འདི་ལ་དགོངས་པའོ། །གཉིས་པ།

ཚེ་ཚད་བསྟན་པ།

དམྱལ་བ་དེ་དག་གི་ཚེ་ཚད་ནི། ཚེ་ཚད་ཡང་སོས་ལ་སོགས་དྲུག་པོ་ན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡིས། །རང་ལོ་དེ་སྙེད་བར་དུ་ཐུབ་པ་སྟེ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། །མནར་མེད་བར་བསྐལ་གཅིག་ཏུ་གནས་པར་གསུངས། །ཞེས་གསུངས་ཏེ། སྔར་སྨོས་པའི་རིམ་པས་འདོད་ལྷ་དྲུག་པོའི་ཚེ་རིལ་གྱི་ལོ་དེ་དག་གཅིག་ཏུ་བསྡོམས་པ་དྲུག་པོ་ཡང་སོས་ལ་སོགས་པ་དྲུག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་དེ་སྙེད་རེ་རེ་ཐུབ་སྟེ། དཔེར་ན་རྒྱལ་ཆེན་བཞིའི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །སུམ་ཅུ་རྩ་གསུམ་པའི་ལོ་སྟོང་དང་། མཚེ་མའི་ཉིས་སྟོང་དང་། དགའ་ལྡན་པའི་བཞི་སྟོང་དང་། འཕྲུལ་དགའི་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་པས་ཁྲི་དྲུག་སྟོང་རྣམས་ཉིན་ཞག་རེ་རེ་བྱས་པའི་ཐིག་ནག་གིས་རང་ལོ་སྟོང་དང་། བསྡུས་འཇོམས་ཀྱིས་ཉིས་སྟོང་དང་། ངུ་འབོད་ཀྱིས་བཞི་སྟོང་དང་། ངུ་འབོད་ཆེན་པོས་བརྒྱད་སྟོང་དང་། ཚ་བས་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་སྟེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པ་ལ་སོགས་པ་བཞིན་ནོ། །དམྱལ་གནས་ཀྱི་ཚེ་ཚད་འདི་ཚོ་ཐེག་པ་ཐུན་མོང་པའི་མདོ་རྒྱུད་བསྟན་བཅོས་ལས་སྤྱིར་བཏང་གིས་བཤད་པའི་སྒོ་དང་བསྟུན་པར་མ་གཏོགས། གཉེན་པོ་དྲག་པོ་བརྒྱུད་ལ་སྐྱེས་ནས་གློ་བུར་དུ་འཕོ་བ་དང་། སྔགས་ཀྱི་དམ་ཚིག་དང་འགལ་བ་རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་སོགས་པ་འགའ་རེ་ཚེ་ཚད་འདི་བས་ཀྱང་མང་པའི་བསྐལ་ཆེན་མང་པོར་གནས་དགོས་པར་གསུངས་སོ། །གཉིས་པ་གྲང་དམྱལ་ལ། དངོས་དང་། ཚེ་ཚད་གཉིས། དང་པོ།

གྲང་དམྱལ་དངོས་བསྟན་པ།

གྲང་བའི་དམྱལ་བ་ནི་ཚ་བའི་དམྱལ་བ་དེ་དག་དང་འདབ་འབྱོར་དུ་གནས་པར་གསུངས་ཏེ། གངས་དང་ཁ་བའི་བུ་ཡུག་ལངས་པ་ཡིས། །རབ་ཏུ་སྦྲེབས་པའི་ལུས་ཅན་རྣམ་བརྒྱད་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱི་ཧུད་སོ་འཐམས་དང་། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བས་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །ཞེས་གསུངས་ཏེ། གངས་དང་ཁ་བའི་བུ་ཡུག་གིས་སྦྲེབས་ཤིང་གངས་བར་ཤིན་ཏུ་གྲང་བ་ན་གནས་པའི་དམྱལ་བ་བརྒྱད་ལས། གྲང་བས་ཉེན་ཆེ་ནས་ལུས་ལ་ཆུ་བུར་མཐེབ་རྡོག་ཙམ་ཡོད་པ་ནི་ཆུ་བུར་ཅན་ནོ། །དེ་དག་རྡོལ་ནས་རྨར་སོང་བ་ནི་ཆུ་བུར་རྡོལ་བ་ཅན་ནོ། །གྲང་པའི་ང་རོ་ཨ་ཆུ་ཆུ་ཟེར་བས་ཨ་ཆུ་ཟེར་བའོ། །དེ་བས་ཀྱང་གྲང་པས་ཀྱི་ཧུད་ཀྱི་སྒྲ་ཙམ་ལས་སྒྲ་ཆེན་པོ་མི་ཐོན་པས་ཀྱི་ཧུད་ཟེར་བའོ། །འཁྱག་ཆེས་ནས་སྐད་མི་ཐོན་པས་རེངས་ཤིང་སོ་འཐམས་པས་སོ་ཐམ་ཐམ་པའོ། །ལུས་ཚལ་པ་བཞིར་གས་ཤིང་མདོག་དམར་པོ་གྱུར་པས་པདྨ་ལྟར་གས་པའོ། །རྨ་དེ་དག་ཕྱི་ནང་ལོག་ནས་ཆུ་རྒྱུས་ཀྱི་གཟུགས་ཕྲ་མོས་སྦྲེལ་བས་མདོག་ཀྱང་སྔོན་པོ་གྱུར་བས་ཨུཏྤལ་ལྟར་གས་པའོ། །དེ་བས་ཀྱང་ཆེ་གས་ཏེ་ཚལ་པ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སམ་བརྒྱ་སྟོང་དུ་གས་པས་པདྨ་ཆེན་པོ་ལྟར་གས་པའོ། །གཉིས་པ།

ཚེ་ཚད་བསྟན་པ།

དེ་དག་གི ཚེ་ཚད་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས། །ལོ་བརྒྱ་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུ་འགྱུར། །ཞེས་གསུངས་ཏེ། ཀོ་ས་ལའི་ཏིལ་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས་ཏིལ་ཉག་མ་རེ་ལོ་བརྒྱ་བརྒྱ་སོང་དུས་ཕྱིར་བོར་བས་ཏིལ་སྦྱང་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་རྣམས་ཉི་ཤུ་འགྱུར་གྱིས་རིང་བར་འདོད་དེ། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་སོ། །གཉིས་པ་ཡི་དྭགས་ལ་དངོས་དང་། ཚེ་ཚད་གཉིས། དང་པོ།

ཡི་དྭགས་དངོས་བསྟན་པ།

དེ་ནས་ངན་སོང་གི་གནས་གཉིས་པ། ཡི་དྭགས་བཀྲེས་སྐོམ་འཚེ་བས་སྡུག་བསྔལ་བ། །ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་སྐམ། །ནང་གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་པ་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །གཞན་གྱིས་འཚེ་དང་བསྲུང་བར་སྣང་བའོ། །ཞེས་གསུངས་ཏེ། རྟག་ཏུ་བཀྲེས་པས་ཟས་སྐོམ་འབའ་ཞིག་ཡིད་ལ་འདོད་པས་ན་ཡི་དྭགས་ཏེ། དབྱེ་ན་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནམ་ཐུན་མོང་ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ཡུལ་ཡིད་དུ་འོང་བ་ཡང་མི་འོང་བ་ཉིད་དུ་འགྱུར་བར་སྣང་སྟེ། སྨན་ཤིང་ནགས་འདབ་ཆུ་ཀླུང་ཆེན་པོའང་མཐོང་བ་ཙམ་གྱིས་སྐམ་ཞིང་མགལ་དུམ་ལ་སོགས་པ་རད་རོད་དུ་སྣང་བ་དང་། དུས་ཚིགས་ཀྱང་ཕྱིན་ཅི་ལོག་པ་ཉིད་དུ། བཤེས་སྤྲིངས་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ཞིང་དགུན་ནི་ཉི་མའང་བསིལ། །ཞེས་སོ། །ནང་གི་སྒྲིབ་པ་ཅན་ལ་ཁོང་པ་ནས་མེ་འབར་བས་ནང་ཁྲོལ་ཀུན་བསྲེག་ཅིང་ཁ་ནས་དུད་པ་མེ་ལྕེར་བཅས་པ་འཐུལ་ལ། སྤྱི་མཐུན་པར་ཐུན་མོང་དུ་ཡོད་པའི་སྒྲིབ་པ་ནི་ཟས་སྐོམ་འདོད་པས་ལྟོག་པ་ལ་བཟོད་གླགས་མེད་ཀྱང་ལོ་བཅུ་གཉིས་སུ་ཆུའི་སྒྲ་མི་ཐོས་པ་དང་། ཆུ་མཐོང་ཡང་སྐམ་པའམ། བསྲུང་བར་སྣང་བས་སྤྱད་དབང་མེད་དོ། །ལུས་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་ཡོད་པ། དགེ་སྦྱོང་དང་བྲམ་ཟེས་སྣབས་ལུད་དང་མི་གཙང་བ་དོར་བ་སྔགས་ཀྱིས་བྱིན་པ་ཅུང་ཟད་ཁར་སོང་ན་དང་པོར་མི་ཚུད། སོང་ནས་མེ་འབར་བ་ལ་སོགས་པས་སྡུག་བསྔལ་དུ་འགྱུར་ཞིང་། རྒྱ་མཚོ་འཐུངས་ཀྱང་མགུལ་པར་མ་སླེབས་པ་ནས་ཁའི་དུག་གིས་སྐམ་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པའི་སྟེང་དུ་གཞན་གྱིས་འཚེ་ཞིང་ལུས་སེམས་ལ་གནོད་པ་མང་སྟེ། སློབ་སྤྲིངས་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཛེག་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ཡི་རླན་ཡང་སྐམ་པར་འགྱུར། །ཞེས་སོ། །གཉིས་པ།

ཚེ་ཚད་བསྟན་པ།

དེ་དག་གི ཚེ་ཚད་མི་ཡི་ལོ་བརྒྱ་ཡི་དྭགས་ཞག །རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། །ཅེས་གསུངས་ཏེ། མི་རྣམས་ཀྱི་ལོ་བརྒྱ་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་སྟེ། བཤེས་སྤྲིངས་ལས། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་བཏུབ། །ཅེས་སོ། །དེ་ཡང་མི་ལོ་བརྩིས་པའོ། །ད་དེ་ཡན་གྱི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པའི་སྐབས་ནས་ངན་སོང་དམྱལ་བ་དང་ཡི་དྭགས་ཀྱི་གནས་གཉིས་ཀྱི་སྡུག་བསྔལ་བཤད་པ་སོང་ནས། དེ་རིང་འདིའི་མཚམས་ནས་བཞག་སྟེ་སོང་ཉིན་རིམ་པས་ངན་སོང་གི་གནས་གསུམ་པ་ནས་ཞུ་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱིས་དུས་གསུམ་བསགས་དང་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་བརླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག།


previousཉིན་ཉེར་ལྔ་བའི་ཆོས་ཁྲིད། next