ཉིན་བཅུ་གཉིས་པའི་ཆོས་ཁྲིད།
ནམ་མཁའི་མཐའ་དང་མཉམ་པའི་ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་རྣམ་པ་གསུམ་གྱིས་དུས་རྟག་ཏུ་གཟིར་ཞིང་གདུང་བ་འདི་དག་ཐམས་ཅད། བདག་གཅིག་པུས་གཏན་བདེ་བྱང་ཆུབ་དམ་པའི་ས་ལ་འགོད་པར་བགྱིའོ་སྙམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་སྟེ། དམིགས་པ་རྣམ་པར་དག་པའི་བློ་དང་ལྡན་པས་གཞི་བཅས་ཏེ། ཐབས་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་ཀྱི་ཆོས་གསན་བཞེས་ཀྱི་སྐབས་འདིར། སྣང་བ་སྐུ། གྲག་པ་གསུང་། དྲན་རྟོག་ཐུགས་རྡོ་རྗེ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན། སྣོད་དག་པ་ཞིང་དང་གཞལ་ཡས་ཁང་། བཅུད་དག་པ་ལྷ་དང་ལྷ་མོ། ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་པའི་རང་བཞིན་མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱི་དགོངས་སྤྱོད་ལས་མ་འདས་ཤིང་། ཁྱད་པར་དུ་ཐུན་མིན་རྫོགས་པ་ཆེན་པོ་སྤང་བླང་བྱ་རྩོལ་དང་བྲལ་བའི་བློ་འདས་ཆོས་ཟད་ཀྱི་དགོངས་པ་གཏན་ལ་འབེབས་པའི་སྐབས་འདིར། བྱར་མེད་ནམ་མཁའ་ལྟ་བུའི་རིག་སྟོང་སྤྲོས་པ་དང་བྲལ་བའི་རྟོགས་པ་ཀློང་དུ་གྱུར་པའམ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་རང་ངོ་འཕྲོད་པའི་རིག་རྩལ་དད་དང་མོས་གུས་སུ་ཤར་བ་དང་བཅས་ཏེ་དམ་ཆོས་གསན་བསམ་ཉམས་བཞེས་ལ་འཇུག་དགོས་པ་ཡིན་ལ། རྟོགས་པ་ངེས་ཤེས་སུ་འཆར་བ་ལ་སོ་སོར་རྟོག་པའི་ཤེས་རབ་དགོས་པ་ནི། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་མན་ངག་ལ་ཐུག་ཚུལ་རྒྱུད་ལས་གསུངས་པ་ལྟར་ཡིན་པས་ན། དེ་ལྟ་བུའི་སོ་སོའི་རྟོགས་དགོངས་དང་བསྟུན་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དང་ལྡན་དགོས་པས། དེ་གཉིས་ཀ་ཡང་མཐའ་གཉིས་སུ་གྱེས་པའི་ཅ་ལག་གཉིས་འཛོམས་དགོས་པ་ལྟ་བུ་ཞིག་མ་ཡིན་པར་ཚིག་གི་ཐོག་ནས་རིམ་ཅན་དུ་བཤད་ཀྱང་དོན་ཉམས་ལེན་དངོས་ཀྱི་སྐབས་སུ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་རང་བྱུང་བྱང་ཆུབ་ཀྱི་སེམས་གཅིག་ལ་འདུས་པ་ཡིན། དེས་ན་ཐུན་དང་ཐུན་མཚམས་ཐམས་ཅད་ལ་ཡེངས་མེད་རང་བབས་ཀྱི་དྲན་པའི་ངང་རྒྱུན་ལྡན་པ་ཞིག་ལ་སྦྱོར་དངོས་རྗེས་ཀྱི་རྣམ་གཞག་ཐམས་ཅད་གནད་གཅིག་ཏུ་ཚང་བ་ལས། སོ་སོ་ནས་ཅ་ལག་གསུམ་ཁྱེར་ཡོང་ནས་གཅིག་ཡར་མགོ་ན་བཞག གཅིག་བར་དེ་ན་བཞག གཅིག་མཇུག་ཏུ་གཞག་དགོས་པ་ལྟ་བུའི་གོ་བ་ག་ལ་ཡིན། སྤྱིར་ན་དམ་པ་རྣམ་གསུམ་དེ་མགོ་ཞྭ་རྐང་ལྷམ་དང་མཚུངས་པར་གཅིག་གི་ས་ལ་གཅིག་མི་འཕྲོད་ཅིང་གོ་འགོག་པ་ཞིག་མིན་ཕྱིར། ཆོས་ཐེག་རྩེ་རྫོགས་པ་ཆེན་པོའི་འབྲས་བུའི་ཐུས་ཀ་ནས་བཤད་པའི་སྐབས་སུའང་གང་འཆད་པའི་དམ་ཆོས་དེ་དང་མཐུན་པའི་སྦྱོར་དངོས་རྗེས་ཀྱི་རྣམ་གཞག་ཀྱང་དེ་ལྟར་བསྟན་པའི་བབས་དང་བསྟུན་དགོས་པ་ཡིན། འོན་ཀྱང་གང་ཟག་རང་གི་རྒྱུད་ཚོད་དང་མ་འབྲེལ་ན། ཐམས་ཅད་རྟོགས་པ་ཀློང་དུ་གྱུར་སོང་བ་གཅིག་འདྲ་ཏག་ཏག་ཡིན་པས་མ་ཁྱབ་པའི་ཕྱིར་ན། ཆོས་སྐད་མཐོ་གཏམ་རྐྱང་པ་བཤད་ཀྱང་དོན་ངོ་མ་དང་མ་འབྲེལ་ན་སློབ་མའི་ཉམས་ལ་མི་རན་པར་འགྱུར་བ་ཡིན། རང་རེས་རྒྱུན་དུ་མ་སེམས་ཅན་ཐམས་ཅད་ཅེས་ཚིག་མགོ་དེ་ཡིས་ལེན་པར་བྱེད་པ་ཡིན་ན། འོ་ན་སེམས་ཅན་ཐམས་ཅད་མ་རུ་གྲུབ་པའི་སྒྲུབ་བྱེད་ཅི་ཞིག་ཡོད་ཟེར་ན། སྐྱེ་བ་ནི་ཐོག་མེད་ཡིན་ཞིང་། ཐོག་མེད་ཀྱི་སྐྱེ་བ་ལེན་པའི་སྐབས་སུ་མངལ་ལས་སྐྱེས་པའི་གྲངས་རྐྱང་པ་ཡང་བགྲང་གིས་མི་ལང་པ་ཞིག་ཡོད་ཕྱིར། སེམས་ཅན་ཐམས་ཅད་གཅིག་གིས་གཅིག་ཕན་ཚུན་མ་རུ་བྱས་པར་གྲུབ་ཅིང་། དེ་བཞིན་དུ་དགྲ་གཉེན་བར་མ་བྱས་པའི་ཚད་ཀྱང་དེ་དང་མཚུངས་པར་བགྲང་གིས་མི་ལང་བ་ཞིག་ཡིན། དེ་ཡང་སྤྱིར་བཤད་ན་ཚེ་འདིའི་མ་ལ་ནི་སུས་ཡིན་ཡང་གཞན་དང་མི་འདྲ་བར་གཅེས་པ་ཡིན་པ་དེ་ལྟར་ཐམས་ཅད་ལ་སྙིང་རྗེ་བའི་ཐབས་བསྟན་པ་སྟེ། དེ་དག་གིས་མ་བྱེད་པའི་སྐབས་སུའང་ཚེ་འདིའི་མ་བཞིན་དུ་དྲིན་གྱིས་བསྐྱངས་པ་སོགས་ཀྱི་ཐད་ནས་གསུངས་པ་ཡིན། འོན་ཀྱང་མི་འགའ་རེ་ལ་མཚོན་ན་ཚེ་འདིའི་ཕ་མ་ཡིན་རུང་ཆེ་རྒྱུ་མེད་པའི་མི་ངན་ཡོད་པའི་སྟབས་ཀྱིས་མ་ཤེས་པས་མི་ཚད་དྲིན་དྲན་དགོས་པ་དང་། དྲིན་དྲན་པས་མི་ཚད་དྲིན་ལན་གསབ་འདོད་ལ་སོགས་པ་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས་གསུངས་པ་ལྟར་ཉམས་སུ་ལེན་པའམ། ཡང་ན་ཚད་མེད་རྣམ་པ་བཞི་ཡི་སྒོ་ནས་ངེས་ཤེས་སྐྱེ་ཤག་ཤག་གི་བློ་སྦྱོང་ཡང་དག་པ་བརྟན་པོ་ཞིག་ཡོང་དགོས་པ་ཡིན། ད་ལྟའི་མ་འདི་དྲིན་ཆེ་བ་ཤེས་པ་དང་། དེའི་དྲིན་དྲན་པ་དང་། དེ་ལ་དྲིན་ལན་གསབ་འདོད་ཀྱི་བློ་ཞིག་སྐྱེས་ན། མ་དེ་ཤི་ཚར་དུས་སྐྱེ་བ་གཞན་ཞིག་ལེན་ངེས་པས། འགའ་རེས་སྐྱེ་བ་ཆ་རེ་ལེན་ཚར་བའང་ཡོད་སྲིད་དེ། མི་ལུས་རྐྱང་པ་ཙམ་མིན་པར་འབུ་སྲིན་ལ་སོགས་པ་འགའ་རེས་ཉིན་རེར་སྐྱེ་ཤི་ཐེངས་མང་བྱེད་པའང་ཡོད་པ་ཡིན་ནོ་སྙམ་དུ་སེམས་པར་བྱས་ན། མ་དང་གཉེན་ཉེ་ཤི་སོང་བ་དག་གི་སྐྱེ་བ་འགའ་རེ་དང་ང་རང་ཐུག་ཡོད་ངེས་ཀྱང་། ཕན་ཚུན་མངོན་ཤེས་མེད་པའི་དབང་གིས་གཅིག་ངོ་གཅིག་གིས་མི་ཤེས་པ་ཡིན། ཐམས་ཅད་མ་བྱས་མྱོང་བ་དང་དེ་བཞིན་དུ་བུ་ལ་སོགས་པ་ཡང་རང་རོགས་ཐམས་ཅད་ཀྱིས་བྱས་མྱོང་བ་སྟེ་དེ་དག་ལ་བསམ་བློ་བཏང་ན་ད་ལྟའི་གཉེན་ཡིན་ནའང་ངེས་བརྟན་མེད་པའི་ཚུལ་ཁྲིད་ཡིག་དག་གི་ནང་ནས་ལན་གཅིག་མིན་པར་ཐེངས་མ་བརྒྱ་ཡིས་མི་ཚད་པ་ཞིག་གསུངས་པ་རྣམས་རྣ་འཇགས་སུ་ཡོད་པ་དེ་དག་དོན་ལ་གནས་པར་འདུག་སྙམ་པ་བྱུང་ཚེ། དེ་འདྲའི་ཕ་མར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཁུར་དེ་ང་རང་ཉིད་ལ་བབས་ནས་འདུག ང་གཅིག་པུས་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་རྣམ་པ་ཀུན་ཏུ་སྐྱོབ་ཐུབ་ན་ཅི་མ་རུང་། ཅི་འདྲའི་དགའ་ཞིང་སྐྱིད་པ་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་ང་གཅིག་པུ་མནར་མེད་ཀྱི་མེ་དཔུང་དུ་འཇུག་དགོས་ཀྱང་འཇུག་སྙམ་པའི་བློ་ཞིག་སྐྱེ་ཐུབ་པ་དང་། འོན་ཀྱང་ད་ལྟའི་ནུས་པ་འདིས་སེམས་ཅན་ཐམས་ཅད་ཕར་ཞོག་སེམས་ཅན་ཁེ་རུ་མ་ཞིག་གི་དོན་མཐར་ཕྱིན་པ་ཞིག་བྱེད་མི་ནུས་ལ། གཞན་དོན་མ་དགོས་རང་དོན་ཡང་སྒྲུབ་མི་ཤེས་ཤིང་། སྒྲུབ་མི་ནུས་པ་འདི་ལ་བསམས་ནས་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ནས་མི་ཞུགས་ཀ་མེད་ཡིན་པས། དགེ་སྡིག་རྒྱུ་འབྲས་བླང་དོར་ཚུལ་བཞིན་དུ་བྱེད་པའི་སྐོར་ལ་རང་ལ་རང་གིས་རྩིས་ཁྲ་ཞིག་བཤེར་དུས། སྐྱེས་བུ་ཆུང་ངུའི་མངོན་མཐོ་སྒྲུབ་བྱེད་ཀྱི་ཡན་ཞིག་གི་ཆ་ཚད་དང་ལྡན་པས་མ་ཚད། དེའི་སྟེང་ལ་བདག་མེད་རྣམ་གཉིས་གང་ལ་གང་འཚམས་རྟོགས་པའི་ཉན་རང་དགྲ་བཅོམ་གྱི་རྟོགས་རིགས་ཤིག་མངོན་དུ་གྱུར་ན་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བ་ཡིན། འོན་ཀྱང་དེ་འདྲའི་གོ་འཕང་དམན་པ་དེ་ཐོབ་ན་ཡང་སེམས་ཅན་གྱི་གཞན་དོན་ཉི་ཚེ་བ་ཞིག་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ནུས་པ་མེད་ཅིང་། དེ་མེད་དུས་དྲིན་ཆེན་གྱི་མ་ཡིན་པའི་སེམས་ཅན་ཐམས་ཅད་བློས་བཏང་ནས་རང་གཅིག་པུ་བདེ་བས་ཅི་བྱེད་སྙམ་ནས། མ་རྒན་སེམས་ཅན་ཐམས་ཅད་བདེ་བར་མ་བཀོད་ཐབས་མེད་དུ་ཆགས་པ་ཡིན། འོ་ན་དེ་ལྟ་བུའི་ནུས་པ་དེ་སུ་ལ་ཡོད་འདུག་བལྟས་ཡོང་ན་དེ་ལྟ་བུའི་ནུས་པ་ཡོད་པ་དེ་རྫོགས་པའི་སངས་རྒྱས་གཅིག་པུ་ལས་མ་འདས་པའི་ཕྱིར་ན། དེའི་གོ་འཕང་མངོན་དུ་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་དེ་ལྟར་བསྐྱེད་ནས། སྦྱོར་བ་ཕར་ཕྱིན་དྲུག་ལ་བསླབ་དགོས་པ་ཡིན། འོན་ཀྱང་སྙིགས་དུས་ཀྱི་སྐྱེ་བོ་ནི་བློ་ཆུང་བ་དང་། བློ་སྣ་ཐུང་ཞིང་བརྩོན་པ་ཞན་པའི་དབང་གིས་ཚེ་འདིའི་ལོ་ཤས་ཟླ་ཤས་ཀྱི་དུས་ཚོད་ཙམ་ལ་འབད་པ་དང་། དོན་ཆེན་དོན་ཆུང་གཉིས་ཀ་ནོར་ནས། གནད་ཆེ་བ་དེ་བསྐྱུར་ནས་ཆུང་བ་ལ་འཐམས་མཁན་དག་གིས་བསྐལ་བ་གྲངས་མེད་མང་པོ་དང་། སྐྱེ་བ་ཚེ་རབས་དུ་མ་ལ་དམ་ཆོས་སྒྲུབ་པའི་ལམ་མཐར་ཕྱིན་པ་ནི་སྨོན་ལམ་ཁ་སྟོང་ཙམ་ཞིག་ལ་འགྱུར་ཉེན་ཆེ་བ་ཡིན་ཕྱིར། ད་རེས་ནི་སྤྱིར་ཐེག་ཆེན་སྔགས་ཀྱི་ལམ་དང་། དེ་ལས་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ཟབ་ཆོས་ཀྱི་གདམས་པ་ཁྱད་པར་ཅན་དང་འཕྲད་པའི་སྐབས་འདིར། ལས་ཅི་ལ་བབས་ཀྱང་ཉམས་ལེན་འདི་ལ་འབད་དགོས་སྙམ་པའི་བློ་ནི། ཤིན་ཏུ་ནས་ཀྱང་ལས་མེད་ལས་ངན་གྱི་མཚོ་ཆེན་རྡོལ་ཞིང་ལོག་རྟོག་གི་ལྟ་བ་ཟབ་པ་ཞིག་མིན་པར་སེམས་ཤེས་ཤིག་ཡིན་དུས་སྐྱེ་ངེས་པ་ཡིན། འོན་ཀྱང་ངེས་འབྱུང་དང་བརྩོན་ཤུགས་རེས་འགའ་བ་ཆོས་གྲྭའི་ནང་གི་ཆོས་གྲལ་ལ་ཡོད་དུས་ཆོས་ལས་བསམ་རྒྱུ་མེད་ཀྱང་། སྒོ་ལ་བུད་ནས་མ་དྲངས་དྲོལ་བའི་ཁྲོད་དམ་དུས་རྒྱུན་གྱི་སྙོམ་ལས་ཀྱི་བག་ཆགས་མཐུག་པའི་རང་འདྲའི་གྲོགས་དང་ཐུག་ཡོང་དུས་ད་ལྟའི་དེ་གོ་ལོ་ཐོས་ལོ་བཤད་སྒྲོས་ཙམ་ཞིག་དང་། དེ་འདྲ་དེ་གསུང་རབ་ཀྱི་ནང་དུ་ཡོད་པ་ཙམ་དང་། གནའ་ཞིག་ལ་དེ་འདྲ་དེ་ངོ་མས་ལག་ལེན་ལ་ཁེལ་མྱོང་མཁན་ཡོད་མྱོང་པ་ཙམ་ཞིག་ཡིན་ནའང་། དེང་སང་རང་གཞན་སུ་ཞིག་ཡིན་ཡང་སྤྱོད་ཚུལ་འདྲ་འདྲ་ཡིན་སྙམ་པའི་མཉམ་འགྲོགས་དང་ངན་ཞེན་སྒྱིད་ལུག་སོགས་ཀྱི་བདུད་མང་དག་དེ་རང་གཞན་གྱི་སེམས་ཁོང་ནས་མངོན་ཏེ་ཁར་རྩང་བཤད་ན་དེ་དང་དེའི་རང་བཞིན། དེ་རིང་བཤད་ནའང་དེ་དང་དེའི་རང་བཞིན་གྱི་དྲེད་པོ་ཆོས་རྒྱུས་མཁན། ཆོས་བཤད་ཀྱང་ཉན་ཡང་ཕན་ཐོགས་ཆེར་མེད་པ་ཞིག་ཏུ་འགྲོ་བ་ཡིན། དེའི་གནད་དེ་གང་ལ་ཐུག་འདུག་སྙམ་ནས་བཙལ་ན་རྩ་བ་བློ་སྦྱོང་འདི་ཚད་དང་ལྡན་པ་ཞིག་མ་འབྱོངས་པས་ཡིན། ཚེ་སྐྱེ་བ་སྔ་ཕྱིའི་ཚུལ་ལ་བརྟགས་ཤིང་དཔྱད་ཅིང་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ལ་ཡིད་ཆེས་ཙམ་ཡོད་པ་དང་། ད་རེས་ཐོབ་པའི་ལུས་རྟེན་འདི་དལ་བརྒྱད་འབྱོར་བཅུ་ཚང་བའམ་ཚང་ལ་ཉེ་བའི་རྟེན་ཅན་ཞིག་ཡིན་པའང་ཤེས་ཤིང་། འདི་རྙེད་པར་དཀའ་བ་དང་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཧ་གོ་ན་ཡང་། འདིི་ཕྱི་རང་གཞན་གྱི་དོན་ཆེན་དམ་ཆོས་ལ་རྩེ་གཅིག་ཏུ་གཞོལ་མི་ནུས་པ་ནི། ཚེ་མི་རྟག་པ་ནམ་འཆི་ཆ་མེད་ཀྱི་ཚུལ་ལ་ངེས་པ་གདིང་ནས་མ་རྙེད་པས་ལན་པ་ཡིན། ནམ་ཞིག་ཤི་བ་ནི་མི་ཞིག་ཡིན་ཚད་ཀྱིས་ཤེས་ན་ཡང་། མགྱོགས་པོར་མི་ཤི་སྙམ་པའི་རྟག་འཛིན་འདིས་ཕམ་ཁ་བསྐུར་བ་ཡིན། དེ་རྟག་འཛིན་ཡིན་པ་ནི་སུ་ཡིན་ནའང་ཤེས་ཤིང་། འོན་ཀྱང་ཤེས་བཞིན་དུ་རང་རོགས་ཚང་མས་རྟག་འཛིན་བྱེད་པ་ཡིན། དེ་ལྟར་ཡིན་དུས་དེ་འདྲའི་རྟག་འཛིན་དེ་བེད་སྤྱོད་བྱས་ཏེ་རྟག་འཛིན་གྱི་འདེང་ཞིག་བརྒྱབ་ན། དུས་རྒྱུན་དུ་ཚེ་རིང་ལོ་བརྒྱ་ཐུབ་པར་ཤོག་ཟེར་ནས་ཐམས་ཅད་ཀྱིས་ཕན་ཚུན་ཁ་གཡང་སྒྲོག་དར་ཞིང་། དེ་ཡང་དོན་ངོ་མས་བཤད་ན་ཞེ་དེ་ན་ཤི་བའི་འཇིགས་སྐྲག་ཅིག་ཡོད་པའི་དབང་གིས་ཁ་ནས་དེ་དང་འབྲེལ་བའི་ཚིག་ཅིག་བུད་འདུག་པ་ཡིན། འཆི་བ་མེད་པའི་ས་ཞིག་ནས་མི་འཆི་བར་ཤོག་ཅེས་ག་ལ་ཟེར། དེའི་ཐ་སྙད་ཙམ་ཡང་མེད་ངེས་དཔེར་ན་བདེ་བ་ཅན་ལ་སྡུག་བསྔལ་མེད་པས་མི་ཚད་སྡུག་བསྔལ་གྱི་མིང་ཙམ་ཡང་མི་གྲགས་གསུངས་པ་ལྟ་བུ་ཡིན། མདོར་ན་ལོ་བརྒྱ་སྡོད་པའི་རྩིས་ཤིག་བརྒྱབ་ནས་བཤད་ན། འདོད་པའི་ཁམས་ལ་སྐྱེས་པའི་གང་ཟག་ཟས་དང་གཉིད་ལ་མ་བརྟེན་ན་ལུས་འཚོ་ཐབས་མེད་པས་མི་ཚེ་ཕྱེད་ཀ་གཉིད་ཀྱིས་ཟད་པ་ཡིན། དེས་ན་མི་ལོ་ལྔ་བཅུ་ཐམ་པ་དེ་གཉིད་ཀྱིས་ཟད་པ་ཡིན་པས་ཕར་ཕུད། གཉིད་སད་པའི་གསོན་པོའི་མི་ཚེ་ལོ་ལྔ་བཅུ་ཐམ་པ་དེ་གཏན་འཇགས་ཟད་རྒྱུ་མེད་པའི་རྒྱུ་ནོར་ལྟ་བུའམ། ཡར་འཕེལ་རྒྱུ་མེད་ཀྱང་མར་ཇེ་ཉུང་སྣོད་མཐིལ་རལ་དུ་ཆུ་བླུགས་པ་ལྟ་བུ་མིན་ན་བླ་ཡང་། རྒྱས་སྲས་ཞི་བ་ལྷས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར་དུ། ལོ་ལྔ་བཅུ་ཐམ་པ་དེ་ལོ་ཟླ་བས་འཛད། ཟླ་བ་ཞག་གིས་འཛད། ཞག་ཆུ་ཚོད་དང་སྐར་མས་འཛད་པ་སྟེ། ཉིན་མཚན་གཉིས་ཀར་སྐྱེས་པའི་ཉི་མ་ནས་མགོ་བཙུགས་ནས་འཛད་པ་སྟེ། དེ་ཡང་འཛད་ས་གང་ལ་འཛད་ན་ཉི་མ་ནུབ་ཀྱི་རི་མགོ་ལ་གཅར་བ་བཞིན་དུ་འཆི་བའི་ཕྱོགས་ལ་ཟད་ནས། མི་ཚེ་དེ་ཤི་བས་མཐའ་མཇུག་བསྡུས་ནས་དེར་བསྐྱལ་བ་ཡིན། གསོན་འཇིག་རྟེན་ཁམས་ཀྱི་མི་ཚེ་དེ་ལུས་སེམས་གཉིས་ཀ་མཉམ་དུ་ཚོགས་ཚེ་དང་སྦྱར་ནས་བྱུང་བ་ཞིག་ཡིན་པས། གཙོ་ཆེར་ལུས་འདིའི་འགྱུར་བ་དང་བསྟུན་ནས་དུས་ཚོད་འགྲོ་བའམ། དུས་ཀྱི་འགྱུར་བ་བཞིན་དུ་ལུས་འདི་ཡང་སྐད་ཅིག་ལ་མི་འདུག་ནས་འགྱུར་བའི་ཚུལ། དང་པོ་མའི་མངལ་ན་གནས་དུས་ཀྱི་མེར་མེར་ནུར་ནུར་ལ་སོགས་པའི་འགྱུར་བ་དང་། བྱིས་པ་རློན་པ་ཤ་རྒྱ་མ་དོ་གསུམ་ཅན་དེ་ཡར་དར་ནས་གཞོན་དར་གྱི་ལང་ཚོ་རྒྱས་ནས། རང་རང་གི་ཚོད་ཀྱིས་ང་ནི་ཁྲབ་ཆེན་བེར་གྱིས་མི་ཐུམ། འདོ་དྲུག་རྟ་ཕོས་མི་ཆོག་སྙམ་པའི་སྐབས་ཀྱི་ཉི་མ་ཁ་ཤས་རྨི་ལམ་གྱི་སྣང་བ་ལྟ་བུ་དེ་ཡོལ་ནས། མར་རྒུད་པའི་དུས་ལ་བསླེབས་ནས་ལོ་དྲུག་ཅུ་བདུན་ཅུ་ལ་ཐོན་དུས། སྔར་གྱི་དར་མ་ལང་ཚོ་ཅན་པོ་དེ་ཡིན་པར་བཤད་ན་བདེན་དུ་མི་འཛིན་པའི་གནས་སུ་གྱར་ནས་བྱ་ཆེན་ཐང་ལ་ལྷུང་བ་ལྟ་བུའི་བརྫབས་ངན་སྐྱིད་སྡུག་མེད་པ་ཞིག་ཏུ་འགྱུར་བ་ལ་ཚེགས་མེད་པ་ཡིན། ཕྱི་ལུས་ཀྱི་དར་རྒུད་བཞིན་དུ་ནང་སེམས་ཀྱང་རྟེན་གཞི་རྩ་ཐིག་རླུང་གསུམ་དེ་མར་རྒུད་པ་དང་མཐུན་པར། དང་པོ་བྱིས་པ་བསམ་མེད་ཀྱི་དུས་དང་འདྲ་བའི་རྒས་སེམས་སྣེ་ལོ་རུ་སོང་ནས་སེམས་ཇེ་ཆུང་དང་སེམས་ཤུགས་ཇེ་ཞན་དུ་ལོག་པས་མ་ཚད། བར་ཞིག་ཏུ་འཁོགས་པོ་འདུ་ཤེས་འཁྲུལ་བའི་གཅོ་བོ་ལ་ལོག་པའི་གླེན་རྒན་ལ་ལ་ཁྱིམ་ཚང་གི་མི་མཐོང་སའི་ཕུགས་ཤིག་ལ་བཙུད་བཞག་པ་ལས་ཐབས་མེད་པའི་སྡུག་རྒན་ལ་འགྱུར་རྒྱུ་མཐོང་ཆོས་མངོན་གསལ་ཡིན། དེ་ལྟ་བུའི་ལུས་ཀྱི་དར་རྒུད། སེམས་ཀྱི་འགྱུར་བ། མི་ཚེའི་བྱ་བཞག་ཐམས་ཅད་རྩིས་གཞིར་བཞག་ནས་ཞིབ་འཇུག་ཅིག་བྱས་ན། ཆུང་བྱིས་པ་བསམ་མེད་ཀྱིི་སྐབས་ལོ་བཅུ་ཁ་མ་ལོན་ཀྱི་བར་དུ་གཞན་གྱིས་སྙོར་སྐྱོང་ལ་བརྟེན་དགོས་པ་དང་། ལོ་ཉི་ཤུ་ནང་ལ་མ་ཐོན་གྱི་བར་དུ་སློབ་སྦྱོང་ལ་འབད་ནས་རང་ཚུགས་རང་གིས་མི་ཐུབ་པའི་དུས་ཡིན་པས་གཞན་གྱིས་སློབ་སྐྱོང་གི་ཁ་འོག་ནས་མི་ཚེ་སྐྱིད་ཀྱིས་འདའ་རྒྱུ་ཞིག་ཡོང་དཀའ་བ་ཡིན། ལོ་ཉི་ཤུ་དེ་ལྟར་འདས་པ་ཡིན། སྤྱིར་ན་ལོ་བཞི་བཅུ་ཞེ་གྲངས་ལ་ཐོན་དུས་དར་མའི་དུས་ཚོད་ཡལ་ནས་རྒས་པའི་ཕྱོགས་ལ་ཉེ་བཞིན་ཡོད་ཅིང་། ལོ་དྲུག་ཅུ་བདུན་ཅུ་ལ་སླེབ་དུས་ཤི་ས་ལ་ཐུག་པ་ཡིན་ཡང་། རྟག་འཛིན་ལོ་བརྒྱ་ཡི་རྩིས་གཞི་ལྟར་དུ་བྱས་དུས། བརྒྱད་ཅུ་ཡན་ཆད་བརྒྱ་ཐམ་པའི་བར་གྱི་ལོ་ཉི་ཤུ་དེ་ད་རུང་ལྷག་ཡོད་ཀྱང་། ལོ་ཉི་ཤུ་ལ་འདུག་རྒྱུ་དེ་ཡོད་པས་དགའ་དང་མེད་པས་དགའ་ཞེས་འདམ་དུ་བཅུག་ན་དེ་མེད་པས་དགའ་ཟེར་ནའང་ཐང་སྟེ། ཤི་རྒྱུ་ལ་སྨོན་ལམ་རྒྱག་པའི་རྒན་རྒོན་ཡང་མང་རབ་ཡོད་པ་ཡིན། དེ་ཡང་རང་ཉིད་ནད་དང་ན་ཚས་མནར། གཏམ་ངན་རྣ་སྡུག་གོ། རང་གཡོག་རང་གིས་མི་ནུས། མིས་བསྐྱངས་ཀྱང་རང་ལུས་བདེ་ཐང་ཡིན་དུས་དང་སྡུར་ཐབས་མེད་པ་ཡིན། དེ་ཚོས་ཐད་ནས་མ་སྐྱོན་ཡང་། མི་ཤི་མ་སྔ་ན་ལྷ་ཤི་བའི་རོ་མཐོང་། ཟེར་བའི་སྒྲུང་ཡིག་གི་གཏམ་དཔེ་ཞིག་ཡོད་པ་བཞིན་དུ། མི་སྙིང་དམར་ཅན་གྱི་སྔུན་མི་ཆོད་པའི་ཉི་མ་ནམ་ཟླ་བཅད་རྒྱུ་ལ་སྐྱིད་མ་དགོས་སྡུག་གི་སྣོན་མ་ལས་མ་འདས། དེས་ན་ལོ་གྲངས་ལྔ་བཅུའི་ཡར་བརྒྱབ་དྲུག་ཅུ་བདུན་ཅུ་ལ་ཐོན་དུས་དགོང་སྔ་དྲོ་ཟད་ཀྱི་ཕྱི་དྲོ། རྒས་ཚེ་སྟོད་ཟད་ཀྱི་ཚེ་སྨད་ལ་ཐུག་པ་ཡིན་པས། དེ་འདྲའི་ཉི་མ་ནམ་ཟླ་དེ། དབང་པོ་དར་གཟུགས་གཞི་བདེ་དུས་དང་འདྲ་བ་མ་ཡིན་པར་ཤི་ཕར་རྒྱབ་ལ་ཉེ་བའི་མགྱོགས་ལམ་ལ་ཐོན་སོང་བ་ཡིན་པས་ཡོད་རུང་མེད་རུང་བླ་བ་ཡིན། ལོ་གྲངས་ཉི་ཤུའི་ཡར་སྟོད་བཞི་བཅུ་ཞེ་གྲངས་མན་ཆད་ཀྱི་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་ཚེ་དེ། རྒས་ཐོག་ལ་བབས་པའི་དུས་སུ་བལྟས་ན་ལོ་ཆུང་དུས་ཕ་མ་མགོ་འཛོམས་ཀྱི་སྐབས། འཇིག་རྟེན་བྱ་བཞག་གི་སེམས་ཁུར་དེ་ཙམ་མི་ཆེ་བའི་དུས་ཅི་འདྲའི་སྐྱིད་པའི་དུས་སོ་སྙམ་དུ་སེམས་ཀྱང་། སྐྱིད་མགོ་ན་ཡོད་དུས་སྐྱིད་ངོ་མ་ཤེས་ཤིང་རྗེས་ཤིག་ནས་ཕྱིར་བལྟས་བྱས་ནས་དེ་དུས་སྐྱིད་པ་ལ་བསམ་དུས་འདས་པར་ཕྱོགས་པའི་འདས་དོན་རྗེས་དྲན་ཙམ་ཞིག་ལས་མ་འདས། མི་སོ་སོར་རེ་རེ་བཞིན་དུ་འདྲ་དང་མི་འདྲའི་ལས་བྲེལ་སྣ་ཚོགས་ཡས་མི་ཐོན་མས་མི་འགྲུབ། རང་ཉིད་ལ་ནད་དང་ན་ཚ་རྐྱེན་ངན་ཐོག་བབ། རང་ལ་མ་བྱུང་ནའང་ཁྱིམ་མི་དང་ཉེ་འཁོར་ལ་བྱུང་བ། དེ་དག་གི་བར་ལ་རེད་པ་མི་རེད་པ་བྱུང་བ། ཐ་ན་ཟ་ཆས་འཐུང་གཡོག འགྲོ་ཆས་འདུག་ཆས། མི་ངོ་ལེན་རྒྱུ། མགྲོན་པོ་ལ་གཏུག་རྒྱུ། གོང་མར་བཀུར་རྒྱུ། འོག་མར་སྐྱོང་རྒྱུ། མཉམ་པོར་འགྲོགས་རྒྱུ་ལ་སོགས་པའི་བྱ་ལས་སྣ་མང་རྙོག་འཛིང་ཅན། ཚར་རྒྱུ་འགྲུབ་རྒྱུ་གཉིས་ཀ་མེད་པ་དེས་དུས་འདས་སོང་དུས། ཆུང་ཆུང་བྱིས་པའི་དུས་སུ་ལོ་གཅིག་ཟེར་དུས་རིང་པོ་འདྲ་ཞིག་གི་སྣང་བ་ཡོད་པ་དེ་ལོ་སུམ་ཅུ་བཞི་བཅུ་ལ་ཐོན་དུས་ཨ་ཙི་དེའི་ཚེར་ལོ་གསུམ་བཞི་ཞིག་འདས་སོང་བ་ལ་སྙམ་དགོས་པ། ད་རུང་ཡར་རྒས་དུས་ན་ནིང་གཞེས་ནིང་གི་སྣང་བ་འདྲ་བོ་དེ་རྩིས་ཡོང་ན་ལོ་གྲངས་བཅུ་ཕྲག་གཉིས་གསུམ་འགྲོ་ཚར་ཡོད་པ་ཡིན། བྱིས་པ་ཆུང་ཆུང་ལག་ཁྱོག་པའི་སྐྱེ་སྟོབས་མཐོང་བཞིན་ཡོད་ཀྱང་། རང་ཉིད་དེ་མཚུངས་སུ་རྒས་ཀྱིན་ཡོད་པའི་སྣང་བ་མི་ཤར་ཞིང་། སྡུག་ཤོས་དེ་ལོ་སུམ་ཅུ་རེད་དུས་ནས་རྒས་པའི་སྣང་བ་ཤར་ཞིང་ལྔ་བཅུ་དྲུག་ཅུ་ལ་ཐོན་དུས་ད་རུང་ཡང་རྒས་སྣང་མི་ཤར་བར་ཡུན་རིང་གི་འཚོ་ཚིས་སྒྲུབ་པ་སྟེ། དེ་དག་གིས་ཚེ་མི་རྟག་པའི་ཚོད་འདི་མ་ཐིག་ཅིང་ཆོས་འཇིག་རྟེན་གཉིས་ཀའི་བྱ་བའི་ཆག་འཆར་གཞི་མ་ཞོག་ནས་གྱོང་བརྒྱབ་པ་ནི་མང་རབ་ཡིན་ནོ། །ལོ་བརྒྱ་མ་དགོས་ལོ་གཅིག་དང་། ཟླ་བ་རྗེས་མ་མ་དགོས་གཟའ་འཁོར་རྗེས་མ་ལ་འདུག་ཚེ་ཨེ་ཡོད་སུས་ཤེས། ལོ་ཉུང་བ་ཙམ་གྱིས་ཅི་ཕན་བྱིས་པ་ལོ་ཁ་མ་གང་བ་ཤི་བ་ཡང་ཅི་འདྲའི་མང་ལ། ནད་མེད་ཅེས་སྙམ་དུ་ཡང་མེད་དེ་ནད་གློ་བུར་དུ་འབྱུང་བ་ཡིན། ནད་མིན་ནའང་གློ་བུར་ཡེ་འདྲོག་གིས་ཤི་བའང་ཅི་འདྲའི་མི་མང་། འཆི་བ་ཟེར་བ་དེ་ཐོག་ལ་བབ་ཚེ། དགེ་སྡིག་གཉིས་ཀ་ཅི་ཞིག་བསགས་ཡོད་ན་དེ་དང་ལག་སྦྲེལ་ནས་འགྲོ་བ་ཙམ་ལས་བསགས་པའི་ནོར། བརྩིགས་པའི་མཁར། བསྐྱངས་པའི་བྲན་འཁོར་དང་བུ་སློབ། གཉེན་བཤེས་ཉེ་བ། བུ་ཚ་རྒྱུད་གཅིག་དང་ཡང་འགྲོགས་སུ་མེད་པར་གཅིག་པུ་འགྲོ་དགོས་པའི་དུས་ཚོད་དེ། དེ་རིང་ཚེས་དང་དོ་དགོང་ཚེས་ངེས་པ་མེད་པའི་ཚུལ་ལ་ཐུགས་འདེང་ཡང་དང་ཡང་དུ་བསྐོར་རྒྱུ་དེ་གལ་ཆེན་ཡིན་པ་ནི་ལྷག་ཏུ་ཞུ་ཅི་དགོས་ཀྱང་། ཚེ་མི་རྟག་པ་དེ་རྒྱུད་ལ་འབྱོངས་ནས་འཆི་བ་ད་ལྟ་མགོ་ཐོག་ལ་ཐོན་ན་སྤྲོ་བས་དང་ལེན་ཐུབ་པའི་ཉམས་ལེན་བྱེད་དགོས་པའི་སྐུལ་མ་དང་བཅས་ཏེ། གང་ཞིག་གསན་པར་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་ལེའུ་དགུ་བ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པའི་སྐབས་ནས། ས་བཅད་དང་པོ་གཉིས་སོང་ནས། ས་བཅད་གསུམ་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་སྣང་སྤྱོད་ཐ་མལ་ལས་ལོག་པའི་སྤྱོད་འབྲས་ཀྱིས་འགག་བསྡོམས་པ་ལ་ཡང་ནང་གསེས་དྲུག་ལས། དང་པོ་གཉིས་སོང་ནས་དེ་རིང་།
༼ག གསུམ་པ་གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ།
གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་། ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ནི།
ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་།།
ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས།།
གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས།།
ཟ་འཆག་ཉལ་འདུག་ཉིན་ཞག་ཕྱམ་གདལ་བས།།
རང་བཞིན་ཆོས་ཉིད་མཉམ་པའི་ངང་ཉིད་དོ།།
མཆོད་པའི་ལྷ་མེད་བརྡུང་བའི་འདྲེ་ཡང་མེད།།
བསྒོམ་པའི་ཆོས་མེད་ཐ་མལ་རང་གའི་ངང་།།
མ་བཅོས་རྒྱལ་པོ་སྙེམས་མེད་ཕྱམ་གཅིག་པས།།
ཕྱལ་པ་ལྷུག་པ་ཡན་པ་གཅིག་པུ་ཉིད།།
མ་བྱས་ཡེ་ཟིན་རྩོལ་སྒྲུབ་བྲལ་བས་བདེ།།
ཞེས་གསུངས་པ་སྟེ། ཕྱི་ཡུལ་དུ་སྣང་ཡང་དཔྱད་རས་དེ་ལ་མ་བཟུང་བས་གཟུང་བའི་ཡུལ་དག་ཅིང་། ནང་སེམས་སུ་འཆར་ཡང་དེ་ལ་ཆེད་དུ་མ་བཅད་པས་འཛིན་པའི་སེམས་དག་པ་སྟེ། སྣང་སེམས་གཞི་གྲོལ་དུ་སོང་། གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་པ་དེ་ལ། སྤྱོད་པ་ཀུན་སྤྱོད་ངེས་མེད་སྤྱོད་པའི་རྒྱལ་པོ་བདུན་སོགས་ནས་བསྟན་པའི་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་རྫོགས་ནས། གང་ལའང་ཉམ་ང་མེད་པ་སེངྒེ་ལྟ་བུའི་སྤྱོད་པ་རིག་པ་ཐོད་རྒལ། རིམ་བགྲོད་ཀྱི་རྩོལ་བ་མེད་པའི་བདེན་མཐོང་ཆོས་ཟད་བློ་འདས་ཀྱི་ས་ལ་སོང་ནས་ཡང་རྩེར་སོན་པ། དཔེར་ན་ཇི་ལྟར་རི་རྒྱལ་གྱི་རྩེ་མོར་ཕྱིན་ནས་དམའ་བའི་ལུང་ཕྲན་དག་ལ་བལྟས་པ་དང་ཁྱད་མེད་པར་གྱུར་དུས། གཞི་རང་མལ་གྱི་ཆོས་ཉིད་བདེ་བ་ཆེན་པོ་ལ་དག་ཅིང་། བློ་རང་གནས་ཀྱི་རིག་པ་དེ་བདེ་ཆེན་གཅིག་ལ་འདྲེས་ནས། གཏད་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས་པའི་དུས་སུ་ཆོས་དང་ཆོས་མིན་གྱི་རྩིས་གཞི་འགའ་ཙམ་ཡང་མེད་པར། ཟ་འཆག་ཉལ་འདུག་ཉིན་ཞག་ལ་སོགས་པ་ཡང་ཕྱམ་གདལ་བ་ཐ་མལ་པའི་མི་ཡི་སྣང་སྤྱོད་ལས་འདས་སོང་བ་དཔེར་ན། གནའ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་ཐར་བཤད་པ་དང་འདྲ་བར་ཆོས་ཟད་ཀྱི་རྟགས་ཚང་མ་ཕྱི་ནས་མཇལ་ན་ཡང་མཐོང་དུ་ཡོད་པ་དེ་ལྟ་བུ་དང་། སྣང་ཤེས་གང་ཤར་རིག་པའི་རྩལ་དང་རོལ་བར་རྟོགས་ནས་སྤང་ལེན་མེད་པར་ཡངས་པ་འཁྲོལ་ཆགས་ཀྱི་ཚད་ལ་ཕེབས་དུས། རང་བཞིན་གྱི་ཆོས་ཉིད་མཉམ་པའི་ངང་ལས་དགོངས་སྤྱོད་མ་གཡོས་པས་ན། མཆོད་པར་བྱ་སའི་ལྷ་མེད། བརྡུང་བར་བྱ་ཡུལ་གྱི་འདྲེ་མེད། བསྒོམ་པར་བྱ་བའི་ཆོས་ཟེར་བ་ཞིག་ལོགས་སུ་མེད་པའི་ཐ་མལ་རང་གའི་ངང་སྟེ། འདིའི་ཐ་མལ་འདི་སྐྱེ་བོ་ཐ་མལ་པའི་ཐ་མལ་མ་ཡིན་པར་སོ་མ་རང་བཞག་མ་བཅོས་རང་ག་ཐད་ཀའི་རིག་པ་རྗེན་པ་ལ་གོ་དགོས་སོ། །དེ་ལྟ་བུའི་མ་བཅོས་རྟོགས་པའི་རྒྱལ་པོ་དེ་ཉིད་ནི། རྒྱལ་པོ་ཆེན་པོས་རྒྱལ་སྲིད་ཟིན་ན་སུ་ལ་ཡང་འཇིགས་པའི་སྙེམས་དང་སྐྲག་པ་མི་དགོས་པ་བཞིན་དུ། འཁོར་འདས་མཉམ་ཉིད་ཕྱམ་གཅིག་ལ་གདལ་སོང་དུས། ཕྱལ་བ་རང་སར་འཛིན་མེད། ལྷུག་པ་མ་བཅོས་རང་བཞག ཡན་པ་གཟའ་གཏད་ཀྱི་སྒྲོག་ལས་གྲོལ་བ། གཅིག་པུ་ཆོས་དབྱིངས་ཆེན་པོ་ཉིད་དུ་མ་བསྒྲུབས་རང་འགྲུབ། མ་བྱས་ཡེ་ཟིན་དུ་རྩོལ་སྒྲུབ་བྲལ་བས་གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་ཆད་པ། ཕ་རྒོད་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་ཚང་གི་ཞལ་ནས། ཆོས་ཟད་ཆོས་ལས་འདས་པའི་ལྟ་སྒོམ་གྱི་ཕུ་ཐག །རང་བབས་གཤིས་སུ་ཆོད་པའི་སྨྱོན་པ་ང་སྐྱིད་པ། །བློ་བྲལ་རིག་པའི་ཁྱེའུ་ཆུང་ཡར་ཡར་ལ་ཕེབས་དང་། །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་ཐག་རིང་ན་མི་འདུག །ཅེས་གསུངས་པ་ལྟར་རོ། །འགྲེལ་བས་གནད་འདི་དག་ལ་བློ་ཆུང་གི་དོགས་པ་བསལ་བ་སྟེ། དང་པོར་དོགས་གནས་འགོད་པ་ནི། འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཐ་མལ་པ་ལས་ལོག་ནས་ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཡིན་ན། ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ན་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ་འདི་ལྟར་ཤེས་པར་བྱ་སྟེ། ཞེས་པ་སྟེ་འདིར་ཆོས་དང་ལམ་ལ་གནས་པའི་གང་ཟག་མཐོ་རིས་དང་ཐར་བ་དོན་གཉེར་གྱི་ཆོས་ལམ་ལ་ཞུགས་ནས་ཆོས་དང་ལམ་ལ་གནས་པའི་གང་ཟག་རྣམས་ལ་ཆོས་ལ་སྤྱོད་མི་ཤེས་པའི་གང་ཟག་དག་གི་བྱེད་སྤྱོད་ཐ་མལ་པ་ལས་ལོག་ནས། ཆོས་སྤྱོད་ཀྱི་བྱ་བ་བྲེལ་དོ་སྣ་ཚོགས་པས་ཉིན་མཚན་འདའ་བ་ཞིག་ཡིན་དགོས་ན། དེ་ལས་གཞན་དུ་ཐ་མལ་དུ་གནས་པས་ཅང་འགྲུབ་བམ། དེ་ལྟར་ཐ་མལ་དུ་གནས་ན་འཇིག་རྟེན་པ་དང་རྣལ་འབྱོར་པ་གཉིས་ཁྱད་མེད་དོ་སྙམ་པ་ལ། དེ་ལ་ལན་དུ་གསུངས་པ་ནི། ཁྱེད་ཅག་གིས་འདི་ལྟར་ཤེས་པར་བྱ་སྟེ། གཅིག་ནི་འཇིག་རྟེན་ཉིད་ལས་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། གཅིག་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས་ཆོས་བོར་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཁྱེད་ཀྱིས་སྨྲས་པའི་གང་ཟག་གཅིག་འཇིག་རྟེན་ཐ་མལ་པ་དག་ནི་འཇིག་རྟེན་ཉིད་ལས་དམ་པའི་ཆོས་ལ་བློ་མ་སྦྱངས་པས། ཆོས་ཡིད་ལ་མེད་པའི་ཕྱིར་ཆོས་ཀྱི་བྱ་བྱེད་དང་བྲལ་བ་ཡིན་ལ། ཅིག་ཤོས་རྣལ་འབྱོར་པ་ནི་ཆོས་མ་བྱས་ཡེ་ཟིན་དུ་རྟོགས་པས་བློ་བདེ་སྟེ། ཆོས་ཟིན་ནས། ཆོས་བོར། ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱ་བ་མེད་པ་ཆུ་བརྒལ་ཟིན་ནས་གྲུ་ལ་རྩོལ་བ་མི་བྱེད་པ་ལྟར་དུ་ཆོས་ལས་འདས་པའི་ཕྱིར་ཆོས་ཀྱི་བྱར་མེད་ཅིང་རང་བབས་ཐ་མལ་དུ་སྣང་བ་ཡིན་ནོ། །ཡང་འདི་ལྟར་འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སུ་གྱུར་པ་ལས་རྣལ་འབྱོར་པ་ལ་དེ་མེད་པས་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་པ་ནི་འཇིག་རྟེན་གྱིས་བྲེལ་ནས་སེམས་ལས་སམ་སེམས་ཀྱི་ངལ་བ་ཆེན་པོའི་གནས་སུ་གྱུར་པ་ལས། རྣལ་འབྱོར་པ་མ་བྱས་ཡེ་ཟིན་རྩོལ་སྒྲུབ་དང་བྲལ་བས་བདེ་བ་ལ། དེ་མེད་པས་ན་ཐ་མལ་འཇིག་རྟེན་པ་དང་མཚུངས་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་མཚུངས་ན་ཐ་མལ་པ་འཁོར་བ་ལྟར། རྣལ་འབྱོར་པ་ཡང་འཁྲུལ་བར་ཐལ་བ་ལས། སྒོ་གསུམ་བྱ་བ་དང་བྲལ་བས་འཁྲུལ་བའི་ཆོས་མེད་པ་དང་། ཐ་མལ་དུ་སྣང་བ་ཟང་ཐལ་དུ་སངས་པས་འཆིང་བ་སྣང་བ་མེད་དེ། ལས་དང་རྣམ་སྨིན་ལས་གྲོལ་བ་ནི། དཔེར་ན་གྲེས་མའི་ཐག་པ་མེར་ཚིག་པ་དེ་ཐག་པར་སྣང་ཡང་འཆིང་བའི་དོན་བྱེད་མི་ནུས་པ་དེ་མེས་ཚིག་པ་ལས་བྱུང་བ་ལྟར། རྣལ་འབྱོར་པའི་སེམས་ལ་ཟང་ཐལ་བས་ཤེས་པ་དགག་སྒྲུབ་ཏུ་སྐྱེ་བར་སྣང་བ་དང་། ཟས་གོས་དང་ནོར་འཛིན་པ་ལྟར་སྣང་ཡང་གཞི་མེད་རྨི་ལམ་ལྟར་རྟོགས་ནས་མ་ཞེན་པའི་ཕྱིར་འཆིང་མི་ནུས་པ་ཡིན་ལ། འཇིག་རྟེན་པ་ལ་དེ་མེད་པས་ཞེན་པ་རང་མཚན་པས་སེམས་བཅིངས་ཏེ་ཐག་པ་མེར་མ་ཚིག་པ་ལྟར་ནང་སེམས་དང་ཕྱི་སྣང་བ་ལ་དགག་སྒྲུབ་རང་གར་ཡོད་པས་འཆིང་བའོ། །དེ་ནི་གོ་བདེ་ལ་ཞལ་གསལ་བར་གསུངས་འདུག དཔལ་སྤྲུལ་ཚང་གིས། རྟོགས་པར་དཀའ་བ་རྟོག་གེའི་བསྟན་བཅོས་བཞིན། །སྒྲིམ་ཞིང་སྒྲིམ་ནས་ཚིག་དོན་འཚོལ་མི་དགོས། །རང་བབས་ངང་ལ་གཞུང་སེམས་སྲེས་ཤིག་དང་། །གུ་ཡངས་རྗེན་པ་ཟང་མ་ཐལ་གྱིས་འགྲོ། །ཞེས་གསུངས་པ་དེ་དག་ཀྱང་འདིའི་ཐད་ལ་ངེས་པ་གསར་སྣོན་གྱི་གདམས་པ་ཁྱད་པར་ཅན་དུ་ཆགས་ཡོད་པ་ཡིན། མདོར་ན་ཐ་མལ་པ་དང་ཁྱད་པར་ཡོད་པ་ནི། ཐ་མལ་པ་འཁྲུལ་རྟོག་ལ་འཐས་ནས་རེ་དོགས་བདེ་སྡུག་གི་འཕྲང་ནས་མི་ཐར་བར་ཡོད་པའི་འཁོར་བའི་སེམས་ཅན་དང་། མ་བཅོས་ཐ་མལ་གྱི་རིག་པ་ཆོས་ཉིད་མ་བྱས་ཡེ་ཟིན་དུ་རྟོགས་པའི་རྣལ་འབྱོར་པ་གཉིས་ཀ་ཅི་ལ་འདྲ་ཞེས་གསུངས་པའོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ཏེེ་ལོ་པ་གང་གི་ཞལ་སྔ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །ཞེས་པ་དང་། ཡང་རྗེས་སུ་གདམས་པ། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་གསུངས་པ་ལྟ་བུའོ། །ཡང་འདིའི་སྐོར་གྱི་འཁྲུལ་རྟོག་བསལ་བ་དེ་ཞིབ་ཏུ་བསྟན་པ་ནི། ཐ་མལ་པ་ལ་ལོག་རྟོག་སྤང་བ་ལ་དང་པོ་ལོག་རྟོག་བཀོད་པ་ནི། བསོད་ནམས་དང་སྐལ་པ་ཆུང་ཞིང་རྟོགས་པ་དང་ཆོས་ཆེན་པོ་ལ་བློ་ཁ་མ་ཕྱོགས་པ་དག་ན་རེ། གནས་ལུགས་རྟོགས་པའི་ངང་ནས་བྱ་བྱའི་ཆོས་སྤྱོད་བྱས་པས་ཆོག་མོད། དེའི་འབྲས་བུ་བདེ་བ་ཐོབ་པ་དེ་མི་འདོད་དམ་ཟེར་རོ། །སྔར་བསགས་ཀྱི་བསོད་ནམས་དམན་པ་དང་དེའི་སྟབས་ཀྱིས་ཟབ་ཆོས་མན་ངག་ཟབ་མོ་ལ་སྤྱོད་པའི་སྐལ་བ་ཆུང་ཞིང་རྟོགས་པ་མཆོག་དང་ལྡན་པ་ཕར་ཞོག་ཆོས་ཆེན་པོ་རྫོགས་པ་ཆེན་པོ་ལྟ་བུ་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པ་དག་ན་རེ། གནས་ལུགས་ཀྱི་དོན་རྟོགས་པའི་ངང་ནས་བྱ་བའི་ཆོས་སྤྱོད་ཀྱི་རིགས་བྱས་པས་ཆོག་མོད། དམ་ཆོས་སྤྱོད་པའི་འབྲས་བུ་མཐོ་རིས་དང་ཐར་བ་དེའི་རྒྱུ་སྒྲུབ་ནས་དེའི་འབྲས་བུ་ཐོབ་པ་མི་འདོད་པ་ཡིན་ནམ་ཞེ་ན། ལན་བཤད་པ། ཆོས་ཐམས་ཅད་རིག་ངོར་མཉམ་ཤར་ལ་བཟང་ངན་དུ་འབྱེད་པ་ཁྱེད་རང་དེ་ལྟར་གྱིས་ལ་རེམ་ཞིག ངེད་ནི་རྨི་ལམ་སྣང་བའི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་འདིའི་སྣོད་མ་ཡིན་པས། ཐེག་དམན་བྱིས་པ་དྲང་བའི་ཆོས་ལ་སྦྱར་བར་གསུངས་ཏེ། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་གཅིག་ལས་ཤར། རིག་པ་གཅིག་དུ་འདུམས་པའི་རིག་དབྱིངས་གཅིག་ལས་མ་འདས་པ་ལ། བཟང་ངན་གཉིས་སུ་འཛིན་པའི་གཉིས་འཛིན་གྱི་གདོན་གྱིས་ད་རུང་སྙིང་ལ་བཟུང་ཡོད་པ་ཁྱོད་ཀྱི་མཐོང་སྣང་ལ་ད་རུང་དེ་ལྟར་གྱིས་ལ་རེམ་ཞིག་ཅེས་སྟིང་ཚིག་སྨྲས་ནས། ངེད་རྫོགས་པ་ཆེན་པོ་ནི་མདང་དགོང་མར་ཉལ་གྱི་གཉིད་དུ་སྣང་བའི་རྨི་ལམ་གྱི་ཆོས་ལ་གཅིག་མི་སྤོང་། གཅིག་མི་ལེན། སྤོང་ལེན་དང་རྩོལ་སྒྲུབ་བྱེད་ན་རྣལ་འབྱོར་པ་དང་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི། འབྲས་བུ་ལ་རེ་བ་མ་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་ལ་རེ་བ་ནི་རྫོགས་པ་ཆེན་པོའི་ཆོས་འདིའི་སྣོད་མ་ཡིན་པས། ཐེག་པ་དམན་པའི་རིགས་ཅན་གྱི་གང་ཟག་བློ་སྟོབས་ཞན་པའི་ཤེས་པ་དྲང་བའི་ཆོས་སམ། གང་ཟག་བློ་དམན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ལ་དང་པོར་སྦྱར་བར་གསུངས་པ་སྟེ། ཀུན་བྱེད་ལས། དེ་ལྟར་མ་རིག་རྩོལ་སྒྲུབ་བྱས་གྱུར་ན། །རྒྱུ་འབྲས་འདས་པའི་དོན་དང་འགལ་གྱུར་ནས། །བྱར་མེད་བདེ་ཆེན་དེ་དང་མི་འཕྲད་དེ། །རྩོལ་སྒྲུབ་ནད་ཀྱི་མ་རིག་དེས་ཟིན་འགྱུར། །དེ་བས་རྒྱུ་འབྲས་འདས་པའི་རྫོགས་ཆེན་ལ། །སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། །རྒྱུ་དང་འབྲས་བུའི་ཆོས་སུ་དཔྱད་པར་བྱ། །ཞེས་པ་ཁོ་བོ་ཅག་གི་ལུང་ལས་འབྱུང་བས། ཁོ་བོ་ཅག་གིས་ནི་ལུང་དང་འགལ་བར་མི་བྱེད་དོ། །ཡང་སྐལ་ཆུང་པོ་དེ་ན་རེ། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་དང་བདེན་ན་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་བྱེད་དགོས་སོ་ཞེས་ཟེར་ན། སྨྲས་པ། མ་གྲུབ་ན་བསྒྲུབས་ཀྱང་མི་འགྲུབ། གྲུབ་ན་བསྒྲུབ་མི་དགོས། རྩོལ་སྒྲུབ་ཀུན་རྫོབ་པས་སེམས་ཉིད་དོན་དམ་ལ་ཅིར་ཡང་བྱར་མེད་པ་དང་། སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། དེ་ཡང་བཞག་ན་མངོན་ལ། བྱས་ན་མི་འགྲུབ་པ་ཆུ་དྭངས་པའི་གཟུགས་བརྙན་རྙོག་ན་མི་མངོན་པ་ལྟ་བུ་སྟེ། དེ་ཡང་ཁོ་བོ་ཅག་གི་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ལུང་ལས་དེ་ལྟར་འབྱུང་བས་ན། ཁོ་བོ་ཅག་ནི་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའི་ལུང་དང་འགལ་བར་མི་བྱེད་དོ། །ཞེས་ལུང་གིས་བསྒྲུབས་ཏེ། ཡང་སྐལ་ཆུང་པོ་དེ་ན་རེ། དེ་ལྟར་ན། ཐམས་ཅད་རིག་པར་མཉམ་པས་ཆེད་དུ་བྱར་མེད་པ་མཉམ་པར་བདེན་ན། དེ་ལྟར་དུ་བྱས་པས་འགྲུབ་ལ་མ་བྱས་ན་མི་འགྲུབ་པའི་ཕྱིར་ན་ཡང་མི་བྱེད་པ་མི་འཐད་པས་ངེས་པར་བྱེད་དགོས་སོ་ཞེས་ཟེར་ན། ལན་སྨྲས་པ། མ་གྲུབ་པ་ཞིག་ཡིན་ན་ནི་བསྒྲུབས་ཀྱང་མི་འགྲུབ་ལ། གྲུབ་པ་ཞིག་ཡིན་ན་གྲུབ་ཟིན་སླར་ཡང་བསྒྲུབ་མི་དགོས། རྩོལ་སྒྲུབ་ཐམས་ཅད་ཀུན་རྫོབ་ཀྱི་ཆོས་ཡིན་པས་ན་སེམས་ཉིད་དོན་དམ་ལ་རྩོལ་སྒྲུབ་ཀྱིས་ཅི་ཡང་བྱར་མེད་པ་དང་། འདིར་བསྟན་དོན་གྱི་སྙིང་པོ་སེམས་ཉིད་ལ་ཆོས་སྐུ་གྲུབ་ཟིན་ལ། གྲུབ་པ་དེ་ཡང་རང་སར་བཞག་ན་མངོན་པ་ལས། མངོན་དུ་བྱེད་པའི་ཆེད་དུ་རྩོལ་བ་བྱས་ན་དེ་ཕྱིར་ཞིང་མི་འགྲུབ་པ་དཔེར་ན་ཆུ་དྭངས་པའི་གཟུགས་བརྙན་དཀྲུག་སར་སོང་ནས་དྐཀྲུག་བཞིན་ཇེ་དྭངས་སུ་ཨེ་འགྲོ་སྙམ་ནའང་ཕར་སྙོག་པ་ལས་མ་འདས་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པ་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་སོ། །དེའི་ཕྱིར་རྩོལ་སྒྲུབ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། འཇོག་དགོས་པ་གཟེངས་པ་ལྟར། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་འབྲས་དང་གཞི་ལམ་འགལ་ནས་མི་འགྲུབ་པའི་སྐྱོན་དུ་ཆེ་སྟེ། ཞེས་པ་སྟེ་རྒྱུ་མཚན་དེའི་ཕྱིར་ན་རྩོལ་ཞིང་སྒྲུབ་པ་བྱང་ཆུབ་ཀྱི་གེགས་ཡིན་ཏེ། དེ་འཇོག་དགོས་པ་ནི་དཔེར་ན་སྤུ་ལ་སོགས་པ་ཡར་གཟེངས་པ་མར་འཇོག་དགོས་པ་ལྟར་ཞེས་པའམ། ཡང་ན་གི་གུ་ཡིན་པའི་དབང་དུ་བཏང་ན། རྒྱ་མཚོ་བགྲོད་པའི་གཟིངས་པ་དག་གིས་ཆུ་སྲིན་བརྟགས་པའི་བྱ་ཕུག་རོན་བཏང་པ་དེ་ཇི་ལྟར་འཕུར་ཡང་ཕྱིར་འབབ་དགོས་པ་ལྟར་ཞེས་འགྲེལ་ནའང་ཆོག་པར་སེམས། སེམས་ཉིད་བྱར་མེད་ལ་བྱ་བཙལ་བྱས་པས་རྒྱུ་ཅི་འདྲ་བ་ལས་འབྲས་བུ་དེ་འདྲ་བ་འབྱུང་བ་ནི་ཞིང་པ་རྒན་པོ་ཡན་ཆོད་ཀྱི་མཐུན་སྣང་ལ་གྲུབ་པ་དང་། འབྲུའི་རིགས་ཀྱི་ས་བོན་གང་བཏབ་ན་དེ་དང་དེའི་འབྲས་བུ་སྨིན་པ་བཞིན་དུ། གཞི་བྱ་རྩོལ་དང་བྲལ་བ་ཡིན་པས། ལམ་བྱ་རྩོལ་དང་བྲལ་བའི་འབྲས་བུ་བྱ་རྩོལ་དང་བྲལ་བའི་གཏད་མེད་ཡོངས་གྲོལ་གྱི་རྟོགས་པ་བརྙེས་དགོས་པ་ཡིན་ཕྱིར། ཁྱེད་ཅག་གིས་རྒྱུ་འབྲས་འགལ་བའི་ལམ་ཞིག་ལ་བློ་རྩེ་གཏོད་པར་བྱེད་ན། ནམ་ཡང་འཁོར་བ་ལས་ཐར་བའི་དུས་མེད་པ་ཡིན་ནོ་ཞེས་དཔེ་དོན་རྟགས་གསུམ་སྒྲུབ་བྱེད་ཀྱི་རིགས་པ་དང་བཅས་པས་བསྒྲུབས་ནས་ལུང་གིས་རྒྱབ་སྐྱོར་བ་ནི། ཀུན་བྱེད་ལས། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་སོ། །དེ་ལྟར་ཡིན་མོད་ཀྱི་ད་དུང་དེའི་སར་མ་སླེབ་པས་བྱེད་དགོས་སོ་ཞེ་ན། ལན་ནི། ཀྱེ་སྐལ་མེད་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་ཡིན་ནས་རང་འཚོལ་བ་ལ་འགྲོ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་ཏུ་གྱུར་པས། ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། ཞེས་པ་སྟེ། ཨ་ལ་ད་རུང་མི་གོའམ་བྱར་མེད་བྱ་རྒྱུ་མེད་པ་ལ་གཅིག་ནས་གཅིག་ཏུ་འགྲོར་ཡོད་པ་མ་ཡིན། འགྲོར་མེད་པས་སླེབ་ཏུ་ཡོད་པ་མ་ཡིན། རང་གིས་རང་བཙལ་བ་དང་འདྲ་བ་ཁྱོད་ནི་མཚར་ཆེ་བ་ཞིག་སྟེ། ཁོ་བོ་ཅག་གི་ལུང་ལས་ཁྱོད་ལྟ་བུ་ཕྱི་རོལ་ཏུ་གྱུར་པས། ཆོས་ཉིད་གདོད་ནས་དག་པ་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱིས་བཅིངས་ནས་ཉོན་མོངས་པར་གྱུར་ནས་ཐང་ཆད། རང་ལྟ་མཆོག་ཏུ་འཛིན་པས་མེད་པ་ལ་ཡོད་པར་བཟུང་། ཕྱོགས་མེད་ལ་ཕྱོགས་སུ་འཛིན་པས་ཐང་རེ་ཆད་ནས་རྟག་ཏུ་འཁོར་བར་འཁྱམས་པའི་རིགས་ཅན་ལ་སྙིང་རྗེ་དང་བཅས་པས་ཤིན་ཏུ་སྨད་པའི་གནས་སུ་བསྟན་པ་ནི། རྒྱུད་དེ་ཉིད་ལས། བདེ་བར་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས། །བདེ་བས་ཟིན་ཏེ་བདེ་བས་བདེ་བ་འཚོལ། །བྱང་ཆུབ་འཁྲུལ་བ་ཡེ་རྔམས་ཆོས་ལ་ཟ། །འདི་ལྟའི་ཡུལ་ཅན་སངས་རྒྱས་མཐོང་བ་མིན། །ཞེས་སོ། །འབྲས་བུ་ཆོས་སྐུ་དེ་འདུས་མ་བྱས་སུ་ཐེག་ཆེན་པ་ཐམས་ཅད་ཀྱིས་འདོད་ལ། དེ་ཉིད་སྒྲུབ་ནས་འགྲུབ་པ་ཞིག་ཡིན་ན་འདུས་བྱས་སུ་འགྱུར་བས་མི་ཚད་དེ་མི་རྟག་པར་འགྱུར་བ་ཡིན་ཕྱིར། མ་བཅོས་ཇི་བཞིན་བཞག་པས་འགྲུབ་པ་ལ་དུས་གསུམ་བྱོན་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་དགོངས་པ་མཐུན་ཞིང་། དེ་དགོངས་པས་ངང་ལ་སྐྱོང་དུས། དུས་གསུམ་བློ་ཡི་འབྲེལ་ཐག་བཅད་ནས་གསལ་སྟོང་རང་བབས་རང་གྲོལ་རང་དག་གིས་ཆོས་སྐུ་ཀ་དག་ལ་ཟད་སར་གཏུགས་ནས་རང་ས་ཟིན་པ་ཡིན། འོན་ཀྱང་ཐེག་པ་འོག་མ་དག་གིས་དེ་སྨྲ་མི་ནུས་ཤིང་། དེའི་རིགས་བཤད་ཀྱང་དོན་དུ་མི་འགྱུར་བ་མ་ཟད་ཕྱིར་ཞིང་ངན་སོང་གི་རྒྱུར་ཡང་བྱེད་པ་ཡིན་པས་ན། ཀུན་མཁྱེན་ཆེན་པོས་ཕྱི་རབས་ཀྱང་འདི་ལྟ་བུའི་རིགས་ལ་གསང་བར་གདམས་པ། ལུང་གིས་བསྟན་པ་ནི། ཡང་རྒྱུད་དེ་ཉིད་ལས། དེ་ལ་ང་ཡི་རང་བཞིན་མ་མཐོང་ན། །ཀུན་བྱེད་ང་ཡི་ཐེག་པ་བསྟན་མི་བྱ། །རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས། །རྒྱུ་འབྲས་ཐེག་པ་དྲང་བའི་ལམ་ལ་གཟུད། །ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི། །རྒྱུ་འབྲས་དགའ་བའི་སྐལ་པ་མེད་རྣམས་ལ། །བསྟན་ན་སྒྲོ་དང་སྐུར་པ་འོང་བའི་ཕྱིར། །བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས། །དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་གནས། །ཞེས་སོ། །དེ་ལྟར་ཆོས་ཀྱི་བྱ་བྱེད་བཀག་ནས། ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། ཆོས་ལ་རྩོལ་སྒྲུབ་བྱས་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཐ་མལ་དང་། ཁོ་བོའི་ཆོས་བྱས་པ་གཉིས་མཚུངས་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་བར་ལྷུན་གྱིས་གྲུབ་སྟེ། ཞེས་རྩོལ་ཞིང་སྒྲུབ་པའི་ཆོས་ཀྱི་བྱ་བྱེད་བཀག་ནས། མ་བཅོས་ཐ་མལ་རང་བབས་ཀྱི་ངང་ལ་སྤྱོད་ཀྱང་། མི་ཚེ་དམ་པའི་ཆོས་ལ་བསྐྱལ་ནས་རྩོལ་སྒྲུབ་བྱས་པའི་ཟག་བཅས་ཀྱི་དགེ་བ་སྒྲུབ་པ་རྣམས་དང་། རིག་པའི་ངོ་བོ་ལ་གཤིས་ཐོག་ནས་ཁྱད་མེད་པར་མ་ཟད། བྱ་བྱེད་ཅན་གྱི་ཐ་མལ་བའི་དགེ་ལས་དང་། ཁོ་བོའི་ཆོས་བྱས་པ་གཉིས་ལྟ་སྣང་ཙམ་ལ་ཡང་མཚུངས་པས་མི་ཚད་ལྷག་པར་ཡོད་དེ། རྣལ་འབྱོར་པའི་སྤྱོད་ལམ་ཐམས་ཅད་ཆོས་སུ་ཤར་ཟིན་པས། ཆོས་ཉིད་ཀྱི་རོལ་བར་ལྷུན་གྱིས་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །བཟའ་དང་བཏུང་བ་བསྙེན་པ་ལ། །ཉལ་དང་འདུག་པ་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་ཡིན། །གླལ་དང་ལུད་པ་དཀྱིལ་འཁོར་སྒྲུབ། །སྟོང་གསུམ་ཐམས་ཅད་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་ཆག་ཆག་བཏབ། །འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཡན་ལག་བསྐྱོད་པ་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་བསྐྱེད་རིམ་ཡིན། །ཡིད་ལ་འགྱུ་བ་མཆོད་པ་ཉིད། །གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་རོལ་མོ་ཉིད། །རང་གི་ལུས་ནི་བུམ་པ་ཉིད། །སྐྲ་ནི་ལོ་འདབ་ཁ་རྒྱན་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་ཉིད། །དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་རྣམས་བྱིན། །མ་བསྐུར་ཉིད་ལ་རྫོགས་པའོ། །འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཉིད། །གྲོལ་བར་འདོད་པ་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡིན། །མཐོང་བ་རྣམས་ནི་ཕྱག་རྒྱའི་བརྡའ། །དེ་ལ་ཆགས་པ་ཉམས་མྱོང་ཡིན། །ཤེས་ཤིང་གསལ་བ་གདམས་ངག་ལ། །ཡུལ་སེམས་གཉིས་འདུས་གདབ་པའི་ཡུལ། །སྐྱེ་རྒ་ན་འཆི་གོམས་པའི་གནད། །ཚོགས་དྲུག་མ་འགགས་རྟོགས་པའོ། །ཞེས་པ་དང་། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ནས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་སོ། །དེ་ཡན་ཆད་ཀྱིས་གཏད་མེད་ཡོངས་གྲོལ་དུ་རྟོགས་པའི་རྣལ་འབྱོར་བ་ལ་ཀུན་སྤྱོད་ངེས་པ་མེད་ཅིང་ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ་ལ་ལོག་རྟོག་བསལ་བ་དང་བཅས་པ་བསྟན་པའོ།།
༼ང བཞི་བ་ལྟ་སྒོམ་ཡུལ་མེད་ཡངས་པར་བསྟན་པ།
ལྟ་སྒོམ་ཡུལ་མེད་ཡངས་པར་བསྟན་པ་ནི།
ལྟ་བའི་གཞི་མེད་བསྒོམ་པའི་ངང་མེད་ལ།།
སྤྱོད་པའི་ཆོས་མེད་བསྒྲུབ་བྱའི་འབྲས་བུ་མེད།།
ཐམས་ཅད་རིས་མེད་མཉམ་པར་ཕྱམ་འདས་པས།།
བྱ་བཙལ་མ་དགོས་ཡངས་དོག་མེད་པར་བདེ།།
ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། རིག་པ་ཟང་ཐལ་རྗེན་པར་རྟོགས་པས་ཆོས་ཟད་པའི་ཕྱིར་ཆོས་སུ་འཛིན་པ་ཐམས་ཅད་ལས་འདས་པ་སྟེ། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་སོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་ཤིང་། རིག་པ་ཟང་ཀ་ཆོས་སྐུ་རྗེན་པ་དེ་གང་གིས་ཀྱང་མཚོན་མི་ཐུབ་ལ། ཐམས་ཅད་ལས་འདས་པས་ན་འདི་ལ་ལྟ་བའི་གཞི་མེད། བྱ་བྱེད་དང་ཞེན་འཛིན་གྱིས་རྩོལ་སྒྲུབ་བྱས་པ་ཐམས་ཅད་ཇི་ལྟར་ཉི་མའི་དཀྱིལ་འཁོར་ལ་སྤྲིན་དཀར་པོ་དང་ནག་པོས་བསྒྲིབས་པ་ལ་ཁྱད་པར་མེད་པ་བཞིན་དུ་སོང་བས་བསྒོམ་པའི་ངང་མེད། དགེ་སྡིག་རྒྱུ་འབྲས། ཆོས་དང་ཆོས་མིན་ཐམས་ཅད་རིག་པ་དངོས་མེད་སྟོང་པར་ཡེ་ནས་མཉམ་ཞིང་གདལ་བ་ཡིན་པས་ན་སྤྱད་པའི་ཆོས་མེད། ཆོས་ཐམས་ཅད་ཀྱི་ངོ་བོ་ཅི་ཡང་མ་གྲུབ་པ་ཡིན་པས་ན། འཁྲུལ་མ་འཁྲུལ། འཁོར་འདས་སྤང་ལེན། བཟང་ངན་བླང་དོར་ཐམས་ཅད་གཞི་ཆོས་ཟད་ཀུན་ཏུ་བཟང་པོའི་དགོངས་པར་ལ་བཟླས་སོང་དུས་བསྒྲུབ་བྱའི་འབྲས་བུ་མེད། རིག་པ་ཟང་ཐལ་རྗེན་པ་བསམ་བརྗོད་འབད་རྩོལ་རྩོལ་སྒྲུབ་ཐམས་ཅད་ལས་འདས་པ་ཡིན་པས་ན། བྱ་བྲལ་དབྱེ་བསལ་མེད་པ་འདི་ཀུན་ཏུ་བཟང་པོའི་རང་བཞིན། ཐམས་ཅད་རིས་མེད་ཆེན་པོར་ཕྱམ་གདལ་ཞིང་དེའི་ངང་དུ་འདས་པ་ཡིན་པས། བྱ་བཙལ་མ་དགོས་པར་མཐར་ཕྱིན་རང་སངས་ཀྱི་དགོངས་པ་ཡངས་དོག་མེད་ཅིང་། ཆོས་སུ་འཛིན་པ་ཐམས་ཅད་ལས་འདས་ཕྱིར། བདེ་དང་མི་བདེའི་མཐའ་ལས་འདས་པའི་བདེ་ཆེན་ཡངས་པ་ཆེན་པོར་སྐྱོད་པ་ཡིན་ནོ།།
༼ཅ ལྔ་བ་ཀུན་གྲོལ་ཡངས་པ་ཆེན་པོར་བསྟན་པ།
ཀུན་གྲོལ་ཡངས་པ་ཆེན་པོར་བསྟན་པ་ནི།
སྨོན་པ་མེད་པས་སྒྲུབ་བློའི་ཆོས་ཟད་དེ།།
སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་འདས།།
གང་ཡིན་ཀུན་ཡིན་ཡིན་མིན་འགའ་མེད་པས།།
གང་སྣང་གང་ཤར་འདེམ་ཀ་མེད་པར་གྲོལ།།
ཞེས་གསུངས་ཏེ། འདིར་རིག་པའི་རང་ངོ་ལ་སྤང་བླང་དང་ཡིན་མིན་མེད་པས་སྣང་ཤེས་ཐམས་ཅད་གྲོལ་ལུགས་བཞིའི་གདེང་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞིས་གྲོལ་བའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་མི་གནས། །མ་བྱུང་བྱས་པ་མེད་པ་སྟེ། །གཞི་དང་རྩ་བ་མེད་པའོ། །ཞེས་པས། འདི་ལ་གྲོལ་ལུགས་བཞིའི་རང་ངོ་སྤྱིར་བསྟན་པ་དང་། གདེང་གི་གྲོལ་བ་བྱེ་བྲག་ཏུ་བཤད་པ་ལས། གྲོལ་ལུགས་བཞི་ནི། རིག་པ་རྗེན་པར་གྲོལ་བའི་གནད་ཀྱིས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གདེང་འཆོས་ཏེ། སྣང་ཤེས་ཟང་ཀ་ཐལ་བྱུང་དུ་ཤར་བ་དང་། སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་གང་ཡང་དུས་གཉིས་པར་མི་སྡོད་པར་གྲོལ་བའི་ཆོས་ཉིད་དུ་རང་ཤར་བ་དང་། སྣང་ཤེས་གཞི་མེད་སྟོང་གཟུགས་ཡིན་པས་རང་བབས་ཅོག་གཞག་བྱར་མེད་ཀྱི་གནད་ལས་འབད་རྩོལ་འཆིང་ཞེན་ལས་འདས་པ་དང་། ཆོས་ཐམས་ཅད་རང་སྟོང་བྱ་བཙལ་ལས་འདས་པའི་གནད་ཀྱིས་གང་བབས་རང་ཡལ་རྗེན་པར་སོང་བའི་གདེང་འཆོས་པའོ། །ཐལ་འགྱུར་གྱི་ལུང་དང་བཅས་པས་ཀུན་རྫོབ་ཡངས་པ་ཆེན་པོར་བསྟན་པ་འདི་འགྲེལ་བས་ཞིབ་ཀྱིས་བཀྲལ་བ་སྟེ། འདི་ལ་གྲོལ་ལུགས་བཞིའི་རང་ངོ་སྤྱིར་བསྟན་པ་དང་། གདེང་གི་གྲོལ་བ་བྱེ་བྲག་ཏུ་བཤད་པ་རྣམ་པ་གཉིས་ཡོད་པ་ལས། དང་པོ་གནད་ཀྱིས་གྲོལ་བ་དང་། དུས་ཀྱིས་གྲོལ་བ་དང་། འབད་མེད་དུ་གྲོལ་བ་དང་། གདེང་གིས་གྲོལ་བ་དང་བཞིའི་རང་ངོ་སྤྱིར་བསྟན་པ་ནི། རིག་པ་རྗེན་པར་གྲོལ་བའི་གནད་ཀྱིས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གདེང་འཆོས་ཏེ། སྣང་ཤེས་ཟང་ཀ་ཐལ་བྱུང་དུ་ཤར་བ་དང་། རིག་པ་སྐད་ཅིག་གིས་གྲོལ་བ་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་གང་ཡང་དུས་གཉིས་པར་མི་སྡོད་པར་གྲོལ་བའི་ཆོས་ཉིད་དུ་རང་ཤར་བ་དང་། ཡང་རིག་པ་སྣང་ཤེས་གཞི་མེད་དུ་གྲོལ་བ་སྟོང་གཟུགས་ཡིན་པས་རང་བབས་ཅོག་གཞག་བྱར་མེད་ཀྱི་གནད་ལས་འབད་རྩོལ་འཆིང་ཞེན་ལས་འདས་པ་དང་། རིག་པའི་ངང་དུ་ཆོས་ཐམས་ཅད་རང་ཡལ་གྱིས་གྲོལ་བས་ན་རང་སྟོང་བྱ་བཙལ་ལས་འདས་པའི་གནད་ཀྱིས་གང་བབས་རང་ཡལ་རྗེན་པར་སོང་བའི་གདེང་འཆོས་པའོ། །དེ་ལ་གདེང་འཆོས་ལུགས་ནི་འདབ་གཤོག་རྫོགས་པའི་གདེང་གིས་ནམ་མཁའི་དབྱིངས་ལ་འཕྱོ་ཞིང་གཡང་ས་ཞར་ལ་གཅོད་པ་ལྟར། རྣལ་འབྱོར་པ་ཡང་ཆོས་ཐམས་ཅད་ཡེ་ནས་གྲོལ་བར་རྟོགས་པའི་གདེང་གིས་བསྐྱར་ནས་འབད་པས་འགྲོལ་མི་དགོས་པར་ཤེས་ཏེ། གང་ཡང་མི་བྱེད་པར་སྡོད་པ་དང་། ཆོས་ཐམས་ཅད་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་རྟོགས་པས། གཉེན་པོ་གཞན་མི་བསྟེན་པར་ཁོང་ཡངས་པ་དང་། ཆོས་ཐམས་ཅད་གང་སྣང་ཅེར་གྱི་མཐོང་ས་དེར་གྲོལ་བར་རྟོགས་པས་མཐོང་ཡལ་གཏད་སོ་མེད་པ་དང་། ཆོས་ཐམས་ཅད་ཡོངས་གྲོལ་ཕྱམ་ཕྱལ་ལ་སོང་ནས་བར་མེད་མཉམ་པ་ཆེན་པོར་རྟོགས་ནས་འབད་རྩོལ་གང་ཡང་མེད་པར་བློ་བདེ་བ་སྟེ། དེ་ལྟར་གནད་མཐོང་བས་གཉེན་པོའི་རྩོལ་བ་ཞིག སྤང་བྱའི་ཡུལ་ལས་འདས། དྲན་བསམ་གྱི་འཆིང་ཞེན་མེད། དགག་སྒྲུབ་ཀྱི་མཁར་པོ་འགྱེལ། ཕྱམ་ཕྱམ་ཡངས་པ་ཆེན་པོར་ལ་ཟློས་པས་ཆོས་ཟད་བློ་ཟད་ཀྱི་རིག་པ་ནམ་མཁའ་ལྟར་ཀློང་དུ་གྱུར་ཏེ། ངང་ཡངས་བློ་བདེའི་མཁའ་ལ་བདེ་ཀློང་གཅིག་ཏུ་འཁྱིལ་བ་ནི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་རྗེན་པར་གྲོལ་བའི་གནད་ཀྱིས་སྨོན་པ་མེད་པ་སྒྲུབ་བློའི་ཆོས་ཟད་ནས་བྱ་རྩོལ་བྱེད་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གདེང་འཆོས་ནས། སྣང་ཤེས་བཅོས་མེད་ཟང་ཐལ་ཡིན་པར་ཤེས་ཤིང་། སྐད་ཅིག་ཆ་མེད་བྱུང་ཞིག་ཏུ་སྐྱེས་པའི་གནད་ཀྱིས་སྤང་བྱ་མེད་པའི་གཉེན་པོའི་འཆིང་ཞེན་ལས་འདས་ཏེ་སྐྱེ་འགགས་ཆོས་ཉིད་དུ་རང་གྲོལ་ནས། རང་བབས་ཅོག་གཞག་བྱར་མེད་ཀྱི་གནད་ཀྱིས་གང་ཡིན་ཀུན་ཡིན་ཡིན་མིན་གྱི་ཕྱོགས་འགའ་ཡང་བཙལ་གྱིས་མི་རྙེད་པ། རང་སྟོང་བྱ་རྩོལ་ལས་འདས་པའི་གནད་དེས་གང་སྣང་གང་ཤར་འདེམས་ཀ་མེད་པར་གྲོལ་བ། གང་བབས་རང་ཡལ་རྗེན་པར་སོང་བའི་གདེང་འཆོས་པའོ་ཞེས་གནད་བཞི་གཙོ་བོར་བསྟན་པའོ། །གཉིས་པ་གདེང་གི་གྲོལ་བ་བྱེ་བྲག་ཏུ་བཤད་པ་སྟེ། འདི་ལ་གདེང་ཇི་ལྟར་འཆོས་པའི་ཚུལ་དང་། འདི་དུས་གཟུང་འཛིན་མ་སྤངས་རང་གྲོལ་དུ་སངས་ཏེ་རང་སངས་རྗེས་མེད་དུ་དག་ཚུལ་བཤད་པ་གཉིས་ལས། དང་པོ་གདེང་ཇི་ལྟར་འཆོས་ཚུལ་བཤད་པ་ནི། གྲོལ་བ་བཞི་གཙོ་བོར་བསྟན་ནས་གསུངས་པ་སྟེ། འདབ་གཤོག་རྫོགས་པའི་གདེང་གིས་ནམ་མཁའི་དབྱིངས་ལ་འཕྱོ་ཞིང་གཡང་ས་ཞར་ལ་གཅོད་པ་ལྟར། རྣལ་འབྱོར་པ་ཡང་ཆོས་ཐམས་ཅད་ཡེ་ནས་གྲོལ་བར་རྟོགས་པའི་གདེང་གིས་ད་གཟོད་བསྐྱར་ནས་འབད་པས་འགྲོལ་མི་དགོས་པར་ཡེ་གྲོལ་ཡིན་པར་བསྟན་པ་དང་། གང་ཡང་མི་བྱེད་པར་སྡོད་པ་དང་། ཆོས་ཐམས་ཅད་གཞན་རྐྱེན་ལ་ལྟོས་ནས་བཤིག་མི་དགོས་པར་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་རྟོགས་པས་སྤང་བྱ་མེད་པས་གཉེན་པོའི་འཆིང་ཞེན་ལས་འདས་པར་བསྟན་པ་དང་། གཉེན་པོ་གཞན་མི་བསྟེན་པར་ཁོང་ཡངས་པ་དང་། ཆོས་ཐམས་ཅད་གང་སྣང་ཅེར་ས་དེར་ཅེར་གྱིས་གྲོལ་བས་གང་ཡིན་ཀུན་ཡིན་ཡིན་མིན་འགའ་ཡང་མེད་པར་གྲོལ་བར་རྟོགས་པས་མཐོང་ཡལ་གཏད་སོ་མེད་པའི་ཅེར་གྲོལ་དང་། ཆོས་ཐམས་ཅད་ཡོངས་གྲོལ་ཕྱམ་ཕྱལ་ལ་སོང་ནས་བར་མེད་མཉམ་པ་ཆེན་པོར་རྟོགས་པས་ཡོངས་གྲོལ་མཁའ་ལྟར་དག་པའི་རང་ཡལ་རྗེས་མེད་གང་སྣང་གང་ཤར་འདེམས་ཀ་མེད་པར་གྲོལ་ནས་འབད་རྩོལ་གང་ཡང་མེད་པར་བློ་བདེ་བའི་ཡོངས་གྲོལ་དང་། གྲོལ་ལུགས་ལྔ་ཡི་འཆར་ཚུལ་དང་བསྟུན་ན་མཐའ་གྲོལ་དང་གཅིག་གྲོལ་གཉིས་ཀ་འདི་ལ་འདུའོ། །དེ་ལྟར་གྲོལ་བའི་གནད་དེ་ཉིད་མཐོང་བས་གཉེན་པོའི་རྩོལ་བ་ཞིག་ན་སྒྲུབ་བློའི་ཆོས་ཟད་ནས་གཉེན་པོའི་རྩོལ་བ་ཞིག་པས་སྤང་བྱའི་ཡུལ་ལས་འདས། སྤང་བྱའི་ཡུལ་ལས་འདས་པས་གཉེན་པོའི་འཆིང་ཞེན་ལས་གྲོལ། དྲན་བསམ་གྱི་འཆིང་ཞེན་མེད། ཡིན་མིན་གྱི་འགག་ལས་གྲོལ། དགག་དང་སྒྲུབ་པའི་མཁར་པོ་འགྱེལ། འདེམས་ཀ་མེད་པར་གྲོལ་བས་བཟང་ངན་གྱི་སྣང་བ་མེད། ཕྱམ་ཕྱམ་ཡངས་པ་ཆེན་པོར་མ་གྲོལ་བ་ཡི་ཆོས་འགའ་ཙམ་ཡང་མེད་པར་ལ་ཟློས་པའམ་ཐག་ཆོད་པས་ན་ཆོས་ཟད་བློ་ཟད་ཀྱི་རིག་པ་ནམ་མཁའ་ལྟ་བུ་ཀློང་དུ་གྱུར་ཏེ། ངང་ཡངས་བློ་བདེའི་མཁའ་ལ་བདེ་ཀློང་གཅིག་ཏུ་འཁྱིལ་བ་ཀུན་གྲོལ་ཡངས་པ་ཆེན་པོར་གནས་པ་དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་བྱའོ་ཞེས་གདེང་ཇི་ལྟར་འཆོས་པའི་ཚུལ་བསྟན་པའོ། །གཉིས་པ་འདིའི་དུས་ན་སྤང་བླང་གི་ཆོས་དང་གཟུང་འཛིན་ཀུན་མ་སྤངས་རང་གྲོལ་དུ་སོང་བས་རང་སངས་རྗེས་མེད་དུ་དག་པ་ནི། ནམ་ལངས་ཉི་མ་ཤར་བའི་དུས་ན་མདང་གི་མུན་པ་རང་ཡལ་རྗེས་མེད་ལ་སོང་ཡང་འདི་དང་འདིར་སོང་བྱ་བ་མེད་པ་དང་འདྲ་སྟེ། དོན་ལ་ཆོས་རྣམས་ཡོད་མ་མྱོང་བ་ལ་བློས་བཟོས་པ་ཙམ་གྱིས་སྤང་བླང་གི་ཆོས་སུ་ཡོད་ཡོད་ལྟར་ཤར་བ་དེའི་དོན་རྟོགས་པས། བྱ་བྱེད་ཀྱི་བློ་ཡལ་བས་བཟོ་བྱའི་ཆོས་ཡལ་ཏེ། མེད་པས་མེད་པ་སངས་པའི་རང་གྲོལ་ཞེས་ཐ་སྙད་ཙམ་བརྗོད་ཀྱང་། གཞི་རྩ་མེད་པའི་རིག་པ་སྟོང་གསལ་རང་མལ་དུ་གནས་པ་ཞེས་བྱའོ། །ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བར་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །ཡོངས་གྲོལ་མཉམ་པ་ཆེན་པོ་ཞེས་པ་འདི་རིག་པ་རྗེན་པ་ངོས་བཟུང་བའི་དོན་དེའི་ཐོག་ཏུ་འཇོག་དགོས་ཤིང་། དེ་ལྟར་འཇོག་དུས་གནས་ན་གནས་ཐོག་ཏུ་ཕྱམ་གདལ། ཤར་ན་ཤར་ཐོག་གིས་དྭངས་ཕྱེས་ནས་བཞག་པའི་སྐབས་དེར་རང་ཡལ་རྗེས་མེད་ཟང་ཐལ་དུ་སངས་ནས། བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བའི་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་དེ་ལ་གསུངས་ཤིང་། དབྱེ་བ་ནི། གནད་ཀྱིས་གྲོལ་བ་དང་གཅིག དུས་ཀྱིས་གྲོལ་བ་དང་གཉིས། འབད་མེད་ཀྱིས་གྲོལ་བ་དང་གསུམ་ནི་མཐའ་གྲོལ་གྱི་དོན་དང་། གདེང་གིས་གྲོལ་བའི་ནང་ལ་མཐའ་གྲོལ་ལས་གཞན་པའི་བཞི་བོ་དང་། ཡོངས་གྲོལ་མཉམ་པ་ཆེན་པོ་ནི་གྲོལ་བ་ཐམས་ཅད་འདུས་པའི་དགོངས་པ་བཀྲལ་ཚུལ་ལོ། །རིག་པ་ཟང་ཐལ་རྗེན་པའི་ལྡོག་ཆོས་ལྔ་ལ་ལྟོས་ནས་ཡོངས་གྲོལ་གྱི་ཆིངས་ལྔ་དང་། ཡེ་གྲོལ། རང་གྲོལ། ཅེར་གྲོལ་ལ་སོགས་པ་འོག་ནས་ཀྱང་འབྱུང་བ་དང་གཞན་ནས་ཀྱང་ཞུས་མྱོང་བ་ལྟར་རོ།།
༼ཆ དྲུག་པ་ཆོས་མེད་མཁའ་མཉམ་གདལ་བར་ཕུ་ཐག་བཅད་པ།
ད་ནི་ཆོས་མེད་མཁའ་མཉམ་གདལ་བར་ཕུ་ཐག་བཅད་པ་ནི།
མ་གྲོལ་ཡེ་གྲོལ་རང་གྲོལ་ཆོས་མེད་པས།།
ཕྱམ་གཅིག་གཏད་མེད་ལ་བཟླའི་ཆོས་ལས་འདས།།
ཞེས་གསུངས་ཏེ། ཆོས་ཐམས་ཅད་ཡེ་མཉམ་ཡོངས་གྲོལ་ཆེན་པོར་ལ་བཟླ་བ་དེ་ཡང་ལ་བཟླ་བྱའི་ཆོས་དང་། བཟླ་སའི་ཡུལ་དང་། ལ་བཟླ་བའི་མཁན་པོ་མེད་པས། མིང་དོན་གྱི་གཏད་སོ་གང་ཡང་བྱར་མེད་པས། འདིར་འདུག་དང་། མཐའ་སྐྱེལ་སྐྱེལ་སོ་ཅུང་ཟད་ཀྱང་མེད་དེ། རིག་པ་རང་གྲོལ་ལས། ལྟ་བའི་ཞེ་འདོད་འཛིན་པ་ཡང་། །མཚན་མའི་ཆོས་མེད་རང་སར་གྲོལ། །རང་བྱུང་སྒྲ་ཡི་ཐ་སྙད་ཉིད། །ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས། །ཐ་སྙད་གཉིས་ཀྱིས་ཆོས་རྣམས་ཀུན། །ཡང་དག་ཉིད་ལ་ལྟ་དང་བྲལ། །ཞེས་པ་དང་། ཀུན་བྱེད་ལས། སེམས་ལ་ངེས་འབྱུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །ཅེས་སོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཅི་ཡང་མ་གྲུབ་པར་འཁོར་འདས་སྤང་ལེན་གྱི་ཆོས་ལས་འདས་པ་ཡིན་པས་གྲོལ་ཞེས་པ་ཡང་བརྡ་བཏགས་ནས་སྨྲོས་པ་ཙམ་ཞིག་ལས་མ་གྲོལ་ཡེ་གྲོལ་རང་གྲོལ་གྱི་ཆོས་མེད་པ་ཡིན་པས་ན། ཐམས་ཅད་ཕྱམ་མཉམ་གཏད་མེད་ལ་བཟླའི་ཆོས་ལས་ཀྱང་འདས་པར་བསྟན་པས། ཆོས་ཐམས་ཅད་ཡེ་མཉམ་ཡོངས་གྲོལ་ཆེན་པོ་རུ་ལ་བཟླ་བྱ། ཟློ་བྱེད། བཟླ་ཡུལ། ཟླ་བའི་མཁན་པོ་དང་བཅས་པ་ཐམས་ཅད་ཡོད་མེད་ཀྱི་ཐ་སྙད་གཉིས་ལས་མ་འདས་ཕྱིར། ཤེས་བྱའི་ཆོས་ཐམས་ཅད་མིང་དོན་གྱི་གཏད་སོ་དང་སྐྱེལ་སོའི་རྣམ་གཞག་མེད་པའོ་ཞེས་ཆོས་མེད་མཁའ་མཉམ་ཡངས་པར་ཕུ་ཐག་བཅད་པའོ།།
༼ཅ༽ལྔ་བ་མ་བྱས་དོན་གྲུབ་ཀྱི་དགོངས་པར་དོན་བསྡུ་བ།
མ་བྱས་དོན་གྲུབ་ཀྱི་དགོངས་པར་དོན་བསྡུ་བ་ནི།
ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་།།
ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས།།
ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་ནི།།
སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན།།
མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ།།
ཞེས་གསུངས་ཏེ། ཕྱི་སྣང་བའི་ཀློང་གཞི་མེད་ཡེ་སྟོང་ཆེན་པོར་ཡངས་པ་དང་། ནང་འགྱུ་བའི་ཀློང་རང་སངས་རྗེས་མེད་ཆེན་པོར་ཡངས་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་ཀློང་ཟང་ཐལ་རྗེན་པར་ཡངས་པ་གསུམ་མ་བྱས་ལྷུན་གྲུབ་ཏུ་གནས་པ་ཉིད། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་གསལ་རྗེན་པར་རྟོགས་ཏེ། མ་སྤངས་པར་འཁོར་བ་ཀ་ནས་དག་པ་དང་། མ་བསྒྲུབས་པར་འདས་པ་ལྷུན་གྱིས་གྲུབ་པའི་ཀློང་འབྱམས་གདལ་ཡངས་ཆེན་པོར་ཤར་བས། འཁོར་འདས་རིག་པའི་ཀློང་གཅིག་ཏུ་ངོ་བོ་གཉིས་མེད་དུ་རྟོགས་པའི་བདེ་ཀློང་འཁྱིལ་བ་ནི། སྣ་ཚོགས་ཆོས་ཉིད་དུ་རང་བཞིན་གྱིས་གྲོལ་བའི་རྣལ་འབྱོར་པ་ཁོ་བོ་དགོངས་པ་བློ་འདས་ཀྱི་ཆོས་སྐུར་སླེབ་པས། ཆོས་ཉིད་ཟད་པའི་ས་ལ་རྟོགས་པ་ཚད་དུ་ཕྱིན་པས། ད་རེས་ཀྱི་མི་ཚེ་འདི་ལ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པས་འདུན་མ་ལེགས་པའི་རྩེ་མོར་གྲུབ་པ་ཞེས་བྱའོ། །རིན་པོ་ཆེ་སྤུངས་པ་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང་། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བའི་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །ཅེས་པ་དེའི་ཕྱིར། ཀློང་དྲུག་པ་ལས། འདི་ལྟར་ཟིན་པའི་སྐྱེས་བུ་ནི། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །རིག་སྔགས་ཀུན་གྱི་གཙོ་བོར་འགྱུར། །དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས། །ཧེ་རུ་ཀ་ཡི་དབང་རྣམས་རྫོགས། །ཁྱད་པར་ཅན་ཞེས་འཁོར་ལོས་སྒྱུར། །མི་དེ་ངན་སོང་གསུམ་འདའ་ཞེས། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས། །འདི་ལ་ལུང་ནི་བསྟན་པར་འགྱུར། །ཞེས་སོ། །འདི་རྒྱལ་བ་ཀློང་ཆེན་པ་ཉིད་ཀྱི་མཚན་དང་སྦྱར་ནས་གསུངས་པ་སྟེ། ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཞེས་པའི་ཀློང་ཡངས་དང་པོ་དེས་ཅི་ཞིག་བསྟན་ན། ཕྱི་སྣང་བའི་ཀློང་། གཞི་མེད་ཡེ་སྟོང་ཡངས་པ་ཆེན་པོ་རྫོགས་ཆེན་སེམས་སྡེའི་རིག་སྟོང་ཀ་དག་སྤྲོས་བྲལ་གྱི་ངང་དུ་བཞག་པས་སྣོད་བཅུད་སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་སྐུར་ཐག་ཆོད་པར་བསྟན་པ་དང་། ཀློང་ཡངས་གཉིས་པས་ནི་ནང་འགྱུ་བའི་ཀློང་རང་སངས་རྗེས་མེད་ཡངས་པ་ཆེན་པོར་བསྟན་པ་སྟེ། དེ་ཀློང་སྡེའི་ཡེ་གྲོལ་ཡངས་པ་ཆེན་པོ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་འདུས་པའི་ཉམས་ལེན་གྱི་གནད་བསྡུས་པའོ། །ཀློང་ཡངས་གསུམ་པས་ནི། གསང་བ་བྱང་ཆུབ་སེམས་ཀྱི་ཀློང་། ཟང་ཐལ་ཡངས་པ་རྗེན་པར་བསྟན་པས་མན་ངག་སྡེ་ཡི་འཁོར་འདས་སྤང་བླང་བྲལ་བའི་ཡིན་ལུགས་གནད་ཐོག་ལ་ཕེབས་ནས་གནས་ལུགས་རང་གསལ་གྱི་ཆོས་ཉིད་དེ་མངོན་སུམ་གཏན་ལ་ཕབ་པའི་ཡེ་ཤེས་རང་སྣང་ལྷུན་གྲུབ་ཀྱི་འོད་གསལ་ལས་མི་གཡོ་བའི་དོན་བསྟན་པ་སྟེ། ཚིག་རྐང་དང་པོ་དེ་ཡིས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞིའི་ནང་གི་གཞི་ལྟ་བས་གཏན་ལ་འབེབས་ཚུལ་དེ་བསྟན་པ་དང་། ཚིག་རྐང་གཉིས་པ་ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཞེས་པའི་ཀློང་ཆེན་གྱིས་ཀ་དག་སྟོང་པའི་ཡེ་ཤེས་དང་། རབ་འབྱམས་ཀྱིས་ལྷུན་གྲུབ་སྣང་བའི་འོད་གསལ་གཉིས་ཀ་རིམ་གྱིས་བསྟན་ནས། ཀློང་གསལ་ཀློང་འབྱམས་ཀྱིས་རང་གསལ་རྗེན་པ་སྟོང་བཞིན་སྣང་ལ་སྣང་བཞིན་སྟོང་པའི་མ་སྤངས་ཀྱང་འཁོར་བ་ཀ་ནས་དག མ་བསྒྲུབས་ཀྱང་འདས་པར་ལྷུན་གྱིས་གྲུབ་པ། རིས་མེད་མཉམ་པ་ཆེན་པོར་འབྱམས་ཤིང་ཕྱམ་གདལ་བས་ན་ལམ་སྒོམ་པས་ཉམས་སུ་ལེན་ཚུལ་བསྟན་པའོ། །ཚིག་རྐང་གསུམ་པ་ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་ནི་ཞེས་པ་འདིས། འཁོར་འདས་རིག་པའི་ཀློང་བདེ་སྟོང་གཅིག་ལ་འཆར་བ་བདེ་བའི་ཀློང་གཅིག་ཏུ་འཁྱིལ་བ་ཟང་ཐལ་ཆོས་ཉིད་རྗེན་པ་ནམ་མཁའི་དཀྱིལ་ལྟར་དག་པས་ན། སྤྱོད་པ་རེ་དོགས་བྲལ་བ་ཡིས་བོགས་དབྱུང་ཚུལ་བསྟན་ནས། ཚིག་རྐང་བཞི་བ་སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན་ཞེས་པའི་མཚན་གྱི་རྣམ་གྲངས་བསྟན་པ་དེ་དང་། ཚིག་རྐང་ལྔ་བ་མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ་ཞེས་པའི་ཚིག་རྐང་རྗེས་མ་འདིས་དགོངས་པ་བློ་འདས་ཆོས་ཟད་མི་འགྱུར་གདོད་མའི་རྒྱལ་ས་ལ་གཏན་སྲིད་ཟིན་ནས། འདུན་མ་ལེགས་པའི་རྩེ་མོར་གྲུབ་པའི་སྤང་ཐོབ་བྲལ་བའི་འབྲས་བུ་བསྟན་པ་དང་། དེ་ནས་མ་བྱས་དོན་འགྲུབ་ཀྱི་དགོངས་པ་ལུང་གི་ཁུངས་དང་བཅས་པས་བསྟན་པའོ།།
༼ཆ༽དྲུག་པ་ལེའུའི་དོན་བསྡུ་བ་བདག་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་སྐལ་ལྡན་རྣམས་ལ་གདམས་པ།
བདག་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་སྐལ་ལྡན་ལ་གདམས་པ་ནི།
བདག་བཞིན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་།།
འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ།།
ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན།།
ཞེས་གསུངས་ཏེ། བདག་གི་སྐལ་པ་དང་མཚུངས་པར་རྗེས་སུ་སློབ་པའི་སློབ་མ་རྣམས་དང་། ཕྱི་རབས་ནས་ཕྱི་རབས་སུ་ལམ་འདི་ལ་ཞུགས་པའི་སྐལ་བཟང་རྣམས་ཀྱིས། ཆོས་ཐམས་ཅད་བྱར་མེད་ཡེ་ཟིན་གྱི་དགོངས་པ་ལ་ཀློང་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པ་སྤྱིའི་ཆ་རྐྱེན་དུ་ལུང་དང་། མན་ངག་དང་། ཁོ་བོས་བྱས་པའི་ཡི་གེ་དག་ལ་བལྟ་ཞིང་ཁོང་དུ་ཆུད་པར་གྱིས་ཤིག་དང་། ཆོས་ཉིད་རྒྱལ་པོའི་ས་ལ་གཏན་སྲིད་ཟིན་ནས། སངས་རྒྱས་ཀྱི་བྱང་ཆུབ་རང་ལས་རྙེད་པར་འགྱུར་ཏེ། དེ་ཡང་བདག་ཀུན་མཁྱེན་ཆེན་པོ་མཆོག་གི་སྐལ་བ་དང་མཚུངས་པར་རྫོགས་པ་ཆེན་པོའི་ཆོས་སྒོར་ཞུགས་ནས་རིག་འཛིན་བླ་མ་ཀུ་མཱ་ར་ཛ་ལ་བསྟེན་པ་ལྟར་དུ་ཁོང་གི་རྗེས་སུ་སློབ་པའི་སློབ་མ་རྣམས་དང་། དེ་དག་གི་ཡང་སློབ་དང་ཆོས་བརྒྱུད་འཛིན་པ། ཕྱི་རབས་ནས་ཕྱི་རབས་སུ་ཐེག་པ་ཀུན་གྱི་རྩེ་རྒྱལ་བྱར་མེད་འབྲས་བུའི་ཐེག་པའི་ལམ་འདི་ལ་ཞུགས་པའི་སྔར་བསགས་བསོད་ནམས་མི་དམན་པའི་ལས་དང་སྨོན་ལམ་གྱིས་ཆོས་འདིར་སྤྱོད་པའི་སྐལ་པ་བཟང་པོ་ཐོབ་པ་རྣམས་ཀྱིས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱར་མེད་ཡེ་ཟིན་གྱི་དགོངས་པ་ཟང་ཐལ་འཕོ་འགྱུར་མེད་པ་ལ་ཀློང་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པ་སྤྱིའི་ཆ་རྐྱེན་དུ་རྫོགས་པ་ཆེན་པོའི་རྒྱུད་དང་། ལུང་དང་། མན་ངག་སྤྱི་དང་། ཁྱད་པར་དུ་ཁོ་བོས་བྱས་པའི་ཡི་གེ་ཡང་ཏིག་རྣམ་གཉིས། མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན། ངལ་གསོ་སྐོར་གསུམ་། རང་གྲོལ་སྐོར་གསུམ་ལ་སོགས་པ་དེ་དག་ལ་བལྟ་ཞིང་ཁོང་དུ་ཆུད་པར་གྱིས་ཤིག་དང་། ཁོང་བཞིན་དུ་ཆོས་ཉིད་རྒྱལ་པོའི་ས་ལ་གཏན་སྲིད་ཟིན་ནས། བསྐལ་མང་བགྲང་བའི་ངལ་བ་ལ་མ་ལྟོས་པར་ཚེ་འདིའི་ཐོག་ནས་སངས་རྒྱས་ཀྱི་བྱང་ཆུབ་རང་ལས་རྙེད་པར་འགྱུར་ཏེ། ཀུན་བྱེད་ལས། ཀྱེ་ལམ་འདིར་འཇུག་ཅིང་སྒོམ་པའི་རྣལ་འབྱོར་པ། །ད་ལྟ་ཉིད་ནས་རྒྱལ་བའི་ས་ལ་གནས། །ཞེས་པ་དང་། ཀློང་དྲུག་པ་ལས། འདི་ལ་གོམས་པའི་སྐལ་པ་ཅན། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་བཟུང་ནས། །འདི་དང་ང་ཉིད་སྐལ་པ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ཞེས་གསུངས་པ་བཞིན་ནོ། །སླར་ཡང་ནན་གྱིས་གདམས་པ་ནི་ལེའུའི་གནས་དགུ་བ་འདི་ན་རྫོགས་པ་ཆེན་པོ་འདིའི་ཉམས་ལེན་དང་། གྲུབ་པའི་མཛོད་དང་། གནད་དང་། ཆིངས་མང་དུ་བཞུགས་པས་ལེགས་པར་བལྟ་ཞིང་བསམ་པ་དང་། རང་གི་རྒྱུད་དང་མན་ངག་ལ་འདྲིས་པར་བྱ་བ་ནི་ཁོ་བོའི་རྗེས་སུ་གདམས་པ་ཟབ་མོའོ། །ལེའུའི་མཚན་བསྟན་པས་མཇུག་བསྡུ་བ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་བཟླ་བར་བསྟན་པ་སྟེ། ལེའུ་དགུ་པའི་འགྲེལ་པའོ།། །།ལེའུ་དགུ་བ་ཞུས་གྲུབ་པའོ།། །།
ལེའུ་བཅུ་བ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པའི་འགྲེལ་པ།
ལེའུ་བཅུ་བ་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་བསྟན་པས་ནི་དགོངས་པ་རྣལ་བཞག་ཆེན་པོར་བསྟན་པ་སྟེ། འདི་ལ་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ་དང་གཅིག མདོ་ཆིངས་ངེས་པས་འགག་བསྡམ་པ་དང་གཉིས། ཤན་འབྱེད་ཀྱིི་འཕྱོང་གིས་ཐེ་ཚོམ་གྱི་རྟོག་མཐའ་བསལ་བ་དང་གསུམ། དེ་དག་གི་དོན་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ཆོས་ཉིད་དུ་བསྡུ་བ་དང་བཞི་ལས།
༼ཀ༽དང་པོ་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ།
དེ་ལ་ཇི་ལྟར་ཉམས་སུ་ལེན་པའི་ངོ་བོ་སྤྱིར་གཏན་ལ་དབབ་པ་དང་། ཁྱད་པར་ཅན་གྱི་ལམ་ཉིད་ཇི་ལྟར་ཉམས་སུ་བླང་བའི་ཐབས་བསྟན་པ་དང་། དེ་དག་གི་དོན་ཆོས་ཉིད་མཉམ་པ་ཆེན་པོར་བསྡུ་བ་དང་གསུམ་ལས།
༼ཀ དང་པོ་ངོ་བོ་སྤྱིར་གཏན་ལ་དབབ་པ།
དེ་ལྟར་གནས་ལུགས་རིག་པར་ལ་བཟླས་པ་དེ་ཉིད་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ་ལས། ངོ་བོ་སྤྱིར་གཏན་ལ་དབབ་པ་ནི།
རང་བཞིན་གདོད་ནས་དག་པའི་བྱང་ཆུབ་སེམས།།
བཏང་གཞག་འགྲོ་འོང་མེད་པའི་ཆོས་ཉིད་ལ།།
བཙལ་བས་མི་འགྲུབ་ཆོས་ཉིད་ནམ་མཁའི་ཀློང་།།
རང་བཞིན་བཞག་པས་འོད་གསལ་ཉི་ཟླ་འཆར།།
ཞེས་གསུངས་ཏེ། དེ་ལ་རིག་པ་ཟང་ཀ་རྗེན་པ་ཉིད་བཏང་གཞག་མེད་པར་རང་བབས་སུ་བཞག་པས་འོད་གསལ་རང་ཆས་སུ་གནས་པ་ནི་འདིའི་ཁྱད་པར་གྱི་ཆོས་ཏེ། སྐབས་འདིར་འབྲེལ་བ་རྣམ་པར་གཞག་པ་ལ། ཉམས་སུ་བླང་བར་གདམས་པ། བསམ་གཏན་དང་བསྒོམ་པའི་ཁྱད་པར། ཇི་ལྟར་ཉམས་སུ་བླང་བ་དངོས་དང་གསུམ་ལས། ཞེས་པ་སྟེ་དེ་ལ་རིག་པ་ཟང་ཀ་རྗེན་པ་ཉིད་བཏང་གཞག་མེད་པར་རང་བབས་སུ་བཞག་པས་འོད་གསལ་རང་ཆས་སུ་གནས་པ་དགོངས་པ་རྣལ་བཞག་ཆེན་པོ་ནི་འདིའི་ཁྱད་པར་གྱི་ཆོས་ཏེ་བསྟན་དོན་དགོངས་པའི་མཐིལ་ཡིན་པས་ན། སྐབས་འདིར་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པའི་འབྲེལ་བ་རྣམ་པར་གཞག་པ་ལ། ཉམས་སུ་བླང་བར་གདམས་པ་དང་གཅིག བསམ་གཏན་དང་བསྒོམ་པའི་ཁྱད་པར་དང་གཉིས། ཇི་ལྟར་ཉམས་སུ་བླང་བ་དངོས་དང་གསུམ་ཞེས་གོང་མ་གཉིས་འགྲེལ་བས་བཀྲལ་ནས། གསུམ་པ་གོང་གི་ས་བཅད་གཉིས་པ་དང་གོ་གཅིག་གིས་བསྟན་པ་ལས། དེའི་དང་པོ་ནི། ཉམས་སུ་བླང་དགོས་ཏེ་འཁོར་འདས་ཀྱི་སོ་མཚམས་ད་རེས་འབྱེད་དགོས་པའི་ཕྱིར་རོ། །དེའང་བརྩོན་པས་ཉམས་སུ་བླངས་ན་ཚེ་འདི་ཉིད་ལ་བྱང་ཆུབ་འཐོབ་ལ། མ་བླངས་ན་ངོ་སྤྲོད་རེ་ཐོབ་པ་དང་། དལ་ཁོམ་རེས་འགའ་ཆོས་ལ་བརྩིས་པས་ དགོས་པའི་དུས་སུ་མི་ཕན་པ་དང་། མ་བསྒོམས་ན་གཏན་དུ་འཁོར་བར་འཁྱམས་དགོས་པའི་ཕྱིར་ཏེ། ཐལ ་འགྱུར་ལས། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བས། །བདག་དང་གཞན་ཏེ་ཡུལ་ཤེས་དང་། །ཚིག་དང་བཅས་ཏེ་ལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་བཅིངས་པ་དང་། །རྟོག་དང་བཅས་པས་ལྟུང་བར་འགྱུར། །ཞེས་པ་དང་། ཐུན་མོང་གི་ཐེག་པ་ལས་ཀྱང་འབྱུང་སྟེ། ཕལ་པོ་ཆེ་ལས། ཇི་ལྟར་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་མཉེན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་སྐོམ་པས་གདུངས་པ་དག །ཆུ་ནི་མཐོང་དང་ཐོས་པ་ཡིས། །སྐོམ་པའི་གདུང་བ་མི་སེལ་ལྟར། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་པ་དང་། མཛོད་ལས། བྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །ཞེས་པ་ལ་སོགས་པ་འབྱུང་བ་བཞིན་ནོ། །སྤྱིར་ན་དུས་དང་རྣམ་པ་རྒྱུན་དྲུག་ལ་བློ་སྦྱོང་གིས་བློ་སྦྱོང་བ་འདི་དང་འབྲལ་མི་རུང་བའི་ཚུལ་ཆོས་དུང་ནམ་བུས་ལ་བཤད་བཞིན་ཡོད་ཅིང་། ཁྱད་པར་དུ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་རྩ་བའི་ཆོས་བརྒྱུད་འདིའི་ཁྲིད་རྒྱུན་གྱི་སྲོལ་དེ་ཡང་སྔོན་འགྲོ་དང་དངོས་གཞིའི་རིམ་པ་ཕྱེས་ནས། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོའི་འཇུག་སྒོ་དང་པོ་དལ་འབྱོར་རྙེད་དཀའ་སོགས་ནས་བརྩམས་ཏེ། རྙེད་པར་དཀའ་བའི་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་རང་གཞན་གྱི་དོན་ཆེན་འགྲུབ་དགོས་ལ། དེ་ཡང་དམ་པའི་ཆོས་འཆད་ཉན་སྒོམ་སྒྲུབ་ལས་འབྱུང་བ་ཡིན་པ་དང་། ཐོས་བསམ་སྒོམ་པ་གོ་མ་ལོག་པའི་ཐོག་ནས་ཐོས་དོན་བསམ། བསམ་དོན་སྒོམ་པར་དྲིལ་དགོས་པ་ནི་ལུགས་འདིིའི་མདོ་རྒྱུད་ཀྱི་ལུང་འདི་དག་གི་ནང་དོན་ལྟར་དུ། རང་གཞན་ཀུན་གྱིས་ངེས་དང་ངེས་བཞིན་པ་ཡིན་ཡང་། ཡང་བསྐྱར་དུ་གདམས་ཟབ་ཀྱི་མན་ངག མདོ་རྒྱུད་ཀྱི་ཉིང་ཁུ། ཀུན་མཁྱེན་རྒྱལ་བ་གཉིས་པ་ཀློང་ཆེན་པ་ཞལ་དངོས་སུ་མཇལ་བ་དང་རྣམ་དབྱེར་མ་མཆིས་པའི་གསུང་གི་བདུད་རྩིའི་ཞལ་ཆབ་ཕྱི་རབས་གདུལ་བྱའི་དོན་ལ་བརྩེ་བས་བཞག་པའི་གསུང་འདི་དག་མཇལ་དུས། གཞན་དང་མ་འདྲ་བའི་ངེས་ཤེས་འདྲོངས་ཤིང་ལོང་མེད་རྒྱུད་ལ་སྐྱེས་ནས། གདམས་པ་ཟབ་མོ་འདི་འདྲ་རང་ལག་ལ་ཡོད་བཞིན་དུ་ཉམས་སུ་མ་བླངས་ན་སྙིང་མེད་ལས་ཀྱང་སྙིང་མེད་རེད་སྙམ་པ་ནི་མི་ཡོང་ཐབས་མེད་ཡིན་ལ། འདི་ནས་ཉམས་སུ་བླང་དགོས་ཏེ་འཁོར་འདས་གཉིས་ཀྱི་སོ་མཚམས་ད་རེས་འབྱེད་དགོས་པའི་ཕྱིར་རོ་ཞེས་པའི་ཚིག་དེ་གཉིས་ལས་མི་དགོས་པར་འདུག་སྟེ། ཚིག་དེ་གཉིས་ཀ་གོ་བ་ཙམ་གྱིས་ཨ་ཁས་ང་ལོ་དུ་ལ་ལོན་འདུག་ངས་འཇིག་རྟེན་ཚེ་འདིའི་སྣང་བ་ཤར་ནས་མི་ལུས་ཤིག་བླངས་དང་ཚུན་ཆད་ནས་ད་ཡི་བར་གྱི་དེ་འདྲའི་ལོ་ཟླ་མང་པོའི་དུས་ཡུན་ལ་ཅི་ཞིག་བྱས་པར་འདུག འཁོར་འདས་གཉིས་ཀའི་སོ་མཚམས་འབྱེད་བྱེད་ཀྱི་ཉམས་ལེན་གྱི་གཏད་སོ་ཅི་ཞིག་ཡོད་པ་ཡིན་སྙམ་དུས། རེ་བཞག་ཆེན་པོ་དོན་ལ་ཡོད་པའི་ཕོ་རབ་རེ་རེ་གཉིས་རེ་ཙམ་ལས། དུས་སྙིགས་མའི་ཁ་ཆོས་མ་གཏོགས་དོན་ཆོས་མེད་པའི་ང་ཚོ་འདྲ་འདྲ་མང་ཆེ་བ་དག་ཚིག་འདི་ཁེ་རུ་མ་འདིས་ཡར་ལང་རྒྱུ་མེད་པར་བྱེད་པ་ཡིན། འཁོར་འདས་གཉིས་ཀའི་སོ་མཚམས་ཕྱི་ཞིག་ནས་འབྱེད་རྒྱུ་མེད་པར་ནང་རང་གི་སེམས་ཐོག་ནས་འབྱེད་དགོས། དེས་ན་བརྩོན་པས་དམ་ཆོས་ཉམས་སུ་བླངས་ན་ཚེ་འདི་ཉིད་ལ་བྱང་ཆུབ་ཐོབ་ཐུབ་ཅིང་། དེ་མ་བླངས་དུས་ངོ་སྤྲོད་རེ་ཐོབ་པ་ཙམ་དང་། ཁོམ་དུས་ཤིག་ལ་བསྒྲུབ་དགོས་སྙམ་པ་དང་། སྒྲུབ་མདོག་མདོག་བྱེད་པ་དག་ནི་དགོས་པའི་དུས་ལ་ཐོན་དུས་ཕན་ཐོགས་མེད་པ་དང་། ཆོས་ལ་བརྩོན་པ་ཞེས་པ་དེ་ཡང་མ་བསྒོམས་ན་འགྲུབ་པ་མེད་པར་མདོ་རྒྱུད་ཀྱི་ལུང་དང་བཅས་པས་བསྟན་པའོ། །དེ་སྔོན་ཉི་མ་ཡན་ཆད་ཀྱི་རང་རང་སོ་སོའི་མི་ཚེའི་བྱ་བ་ཕྱོགས་བསྡོམས་བྱས་ན། ཆོས་མེད་ཀླ་ཀློའི་ས་ཆ་དུད་འགྲོའི་ལུས་རྟེན་ཞིག་བླངས་པ་དང་ཁྱད་པར་མེད་ས་ལ་མ་སྐྱེས་ཤིང་། སྐྱེ་བ་ལེན་ས་ཆོས་ལྡན་གྱི་ས་ཆ་ལ་སྐྱེས་པས་མ་ཚད། དམ་ཆོས་ཟབ་མོ་ལ་རང་དབང་གིས་འཇུག་པའི་བགོ་སྐལ་ཐོབ་པའི་ཚུལ་ལ་བསམ་བློ་རེ་བཏང་ན། ལྷ་བས་ལྷག་པའི་མི་ལུས་ཆོས་དང་ལྡན་པ་བླངས་པའི་ཐ་སྙད་འཇུག་རུང་ཙམ་ཞིག་མ་ཡིན་པར་ཆོས་ལ་རང་དབང་གིས་དངོས་སུ་སྤྱོད་ཆོག་པ་མ་ཟད། ཆོས་ཀྱང་འདྲ་འདྲའི་ནང་གི་མི་འདྲ་བའི་ཟབ་ཆོས་མྱུར་ལམ་དང་འདི་ལྟ་བུ་དང་འཕྲད་ཡོད་ཀྱང་། དེ་སྔོན་ཉན་མདོག་བྱས་པ་དང་། ཡང་བཤད་ཡང་ཟེར་བྱེད་མདོག་བྱས་པ་དང་། ཁ་ཏོན་དགེ་སྦྱོར་རེ་བྱེད་མདོག་བྱས་པ་དེ་དག་གནད་ཐོག་ངོ་མ་ཞིག་ལ་འཁེལ་བ། རང་བློ་རང་ལ་ཁེལ་ཆོག་པ་ཞིག་ནི་དཀའ་བའི་ཚད་དུ་ཕྱིན་འདུག་པས། སོ་སོའི་སྐྱེ་བོས་རང་རྒྱུགས་རང་ལ་འཕྲོད་པ་ཞིག་བྱུང་མི་འདུག་ན། འཕགས་པ་དགྱེས་པའི་དགེ་སྦྱོར་ཞིག་ཏུ་ག་ལ་འགྲོ། མདོར་ན་ཅི་ཙམ་ཉན། ཅི་ཙམ་བཤད། ཅི་ཙམ་བརྩད། ཅི་ཙམ་འདོན། གཟུངས་སྔགས་བཟླ་བ་དུང་ཕྱུར་དུ་མ་རུ་ལོངས་པ་དང་། ཕྱག་སྐོར་སྒྲིབ་སྦྱོང་ཡང་དེ་དང་དེ་བཞིན་དུ་བྱས་ནས་མི་ཚེ་ཆོས་ལ་བསྒྲིལ་ཡོད་བསམས་ཀྱང་། མ་བསྒོམས་ཚེ་དེ་དག་གཅིག་གིས་ཀྱང་ཕན་ཐོགས་ཆེར་མེད་པ་ཡིན། ཕན་པ་ཆེར་མེད་པའི་ཚུལ་ཇི་ལྟར་ཡིན་ཅེ་ན། ཀུན་མཁྱེན་ཆེན་པོས་མ་བསྒོམས་ན་གཏན་དུ་འཁོར་བར་འཁྱམ་དགོས་པའི་ཕྱིར་ཞེས་རྒྱུ་མཚན་གཉིས་བཀོད་ནས་གསུངས་པ་སྟེ། དང་པོ་ཆོས་ཉམས་སུ་ལེན་དགོས་པ་ཅིའི་ཕྱིར་ན། འཁོར་འདས་ཀྱི་སོ་མཚམས་ད་རེས་འབྱེད་དགོས་པའི་རྒྱུ་མཚན་བཀོད་ནས། ད་རེས་མ་འགྲུབ་དུས་ཕྱིན་ཆད་དཀའ་བའི་ཚུལ་ཤུགས་ཀྱིས་བསྟན། གཉིས་པ་ཉམས་སུ་ལེན་པ་ནི་བརྩོན་པ་བསྐྱེད་ནས་བསྒོམ་དགོས། དེ་ཅིིའི་ཕྱིར་ན། མ་བསྒོམས་ན་གཏན་དུ་འཁོར་བར་འཁྱམ་ཉེན་ཡོད་པའི་རྒྱུ་མཚན་བཀོད་པ་ཡིན་པས་སྒོམ་གྱི་ཕྱོགས་ལ་བསམ་བློ་གཏང་དགོས་པ་ཡིན། རང་རེ་ལ་མཚོན་ན་ང་རྐྱང་པས་འདི་ནས་རྫོགས་ཆེན་གྱི་ཁྲིད་བཤད་ནས་ད་ལོ་མི་ལོ་བཅུ་གཅིག་ལ་ཟིན་ཅིང་། རང་གཞན་གཉིས་ཀས་སྒོམ་བརྒྱབ་པ་རེད། སྒོམ་ཡང་དག་ཏུ་སོང་ཡོད་མེད་མན་ངག་ཟབ་མོའི་གདམས་པའི་ཐིག་ཚད་དང་བསྡུར་ནས་གཤིབ་ཡོང་ན་ཤེས་པ་ལས་གཞན་གྱིས་ཤེས་ཐབས་མེད་པ་ཡིན། བསམ་གཏན་དང་བསྒོམ་པའི་ཁྱད་པར་ལ། ཐུན་མོང་གི་ཐེག་པ་སྤྱི་དང་། འདིའི་ཡང་སྐལ་དམན་འཁྲིད་པའི་ཐབས་སུ་དམིགས་པའི་རིམ་པ་དུ་མ་གསུངས་ཏེ། བསྡུ་ན་དམིགས་པ་རྟེན་ཅན་དང་། རྟེན་མེད་གཉིས་སུ་བསྒོམ་ཐམས་ཅད་འདུ་བ་ཡིན་ནོ། །རྟེན་ཅན་ནི་ཕྱི་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་གང་རུང་ལ་སེམས་མ་ཡེངས་པར་འཛིན་པ་སྟེ། ལྷའི་སྐུ་དང་། ཕྱག་མཚན་དང་། ཤིང་བུ་རྡེའུ་ལ་སོགས་པ་ལ་སེམས་འཛིན་པའོ། །རྟེན་མེད་ནི་ཡིད་ཀྱི་ཡུལ་ཏེ། སྣང་བཅས་རྩ་རླུང་གི་ཐིག་ལེའི་དམིགས་པ་སོ་སོ་བ་ལ་སེམས་བཟུང་ནས་མི་རྟོག་པ་འདོད་པ་སྟེ། ཡི་གེ་དང་། འོད་ཀྱི་གོང་བུ་དང་། རྩའི་འཁོར་ལོ་དང་། གཏུམ་མོའི་མེ་དམིགས་ལ་སོགས་པ་སྟེ་ཡིད་ལ་བྱེད་པའི་རིམ་པ་ལ་སེམས་འཛིན་པའོ། །སྣང་མེད་ནི་ལུས་སྐྱིལ་ཀྲུང་ལ་སོགས་པ་བཅས་ཏེ། སེམས་གང་ཡང་མི་རྟོག་པའི་ངང་ལ་ཧ་རེ་མ་ཡེངས་པར་གཏོད་པའོ། །འདི་ཡང་སྟོང་སངས་ཀྱི་ངང་མི་རྟོག་པའི་དམིགས་པ་ཡིན་ནོ། །སྤྱིར་དམིགས་པ་ལ་རྟོག་བཅས་རྟོག་མེད་གཉིས་སུ་འདུས་པར་བཤད་པ་དེར་དེ་འདུས་པའོ། །མདོར་བསྡུ་ན་གཏད་སོ་གཅིག་གི་ངང་འདོད་པ་ཐམས་ཅད་བསྒོམ་ཞེས་བྱ་སྟེ། ངོ་བོ་སེམས་གནས། དགོས་པ་དེ་ཉིད་བརྟན་པས་འབྲས་བུ་རེ་བ། བྱེད་ལས་གཟུང་འཛིན་འགོག་པར་འདོད་པ་དེ། ཞེས་གསུངས་ཏེ། བསམ་གཏན་དང་བསྒོམ་པའི་ཁྱད་པར་ལ། ཐུན་མོང་གི་ཐེག་པ་སྤྱིའི་བསྒོམ་ཚུལ་དང་། རྫོགས་པ་ཆེན་པོ་འདིའི་སྐབས་སུ་ཡང་སྐལ་དམན་འཁྲིད་པའི་ཐབས་སུ་དམིགས་པའི་རིམ་པ་དུ་མ་ཐེག་མཆོག་མཛོད་ཀྱིི་ནང་ནས་བཤད་པ་བཞིན་དུ་གསུངས་ཏེ། བསྡུ་ན་དམིགས་པ་རྟེན་ཅན་དང་། རྟེན་མེད་གཉིས་སུ་བསྒོམ་ཐམས་ཅད་འདུ་བ་ཡིན་ནོ། །དེའི་ནང་གི་རྟེན་ཅན་ནི་ཕྱི་སྣང་བའི་ཡུལ་གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་དམིགས་པའི་ཡུལ་གང་རུང་ཞིག་ལ་སེམས་གཏད་ནས་སེམས་མ་ཡེངས་པར་འཛིན་པ་སྟེ། ལྷའི་སྐུ་དང་། ཕྱག་མཚན་དང་། ཤིང་བུ་རྡེའུ་ལ་སོགས་པ་ལ་སེམས་འཛིན་པ་ཐུན་མོང་གི་རྫོགས་རིམ་དམིགས་གཏད་ཅན་ལྟ་བུ་དང་། རྟེན་མེད་ནི་ཡིད་ཀྱི་ཡུལ་ཏེ། དེ་ལ་ཡང་སྣང་བཅས་སྣང་མེད་རྣམ་པ་གཉིས་ཀྱི་དབྱེ་བ་ཕྱེ་ཆོག་པ་ཡིན། སྣང་བཅས་རྩ་རླུང་ཐིག་ལེའི་དམིགས་པ་སོ་སོ་བ་ལ་སེམས་བཟུང་ནས་མི་རྟོག་པ་འདོད་པ་སྟེ། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཡི་གེ་དང་། འོད་ཀྱི་གོང་བུ་དང་། རྩའི་འཁོར་ལོ་དང་། གཏུམ་མོའི་མེ་དམིགས་ལ་སོགས་པ་སྟེ་ཡིད་ལ་བྱེད་པའི་རིམ་པ་སྣ་ཚོགས་པ་ཞིག་ལ་སེམས་འཛིན་པའོ། །སྣང་མེད་ནི་ལུས་སྐྱིལ་ཀྲུང་ལ་སོགས་པ་རྣམ་སྣང་ཆོས་བདུན་གྱི་བཞུགས་སྟངས་ཀྱིས་སེམས་གང་ཡང་མི་རྟོག་པའི་ངང་ལ་ཧ་རེ་མ་ཡེངས་པར་གཏོད་པའོ། །འདི་ཡང་སྟོང་སངས་ཀྱི་ངང་མི་རྟོག་པའི་དམིགས་པ་ཡིན་ནོ། །སྤྱིར་དམིགས་པ་ལ་རྟོག་བཅས་རྟོག་མེད་གཉིས་སུ་འདུས་པར་བཤད་པ་དེར་སྣང་བཅས་དང་སྣང་མེད་ཀྱི་སྒོམ་དེར་གནད་དུ་འདུས་པའོ། །མདོར་བསྡུ་ན་གཏད་སོ་གཅིག་གི་ངང་འདོད་པ་ཐམས་ཅད་བསྒོམ་ཞེས་བྱ་སྟེ། སྒོམ་གྱི་ངོ་བོ་སེམས་གནས་དང་། སྒོམ་པའི་དགོས་པ་དེ་ཉིད་བརྟན་པས་འབྲས་བུ་རེ་བ། བསྒོམས་ནས་གོམས་པར་གྱུར་པའི་བྱེད་ལས་གཟུང་འཛིན་འགོག་པར་འདོད་པ་སྟེ། ཐལ་འགྱུར་ལས། བསྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །ཞེས་པ་དང་། ཡང་། དེ་ཉིད་ལས། རྩ་དང་རླུང་དང་ཐིག་ལེ་དང་། །ལུས་གནད་དམིགས་དང་སྟོང་པ་ནི། །སྒོམ་པ་ཞེས་ནི་འདོད་པ་ཡིན། །ཞེས་སོ། །དེ་དག་ནི་གཟུང་འཛིན་འགོག་འདོད་པ་ཉིད་ཀྱིས་དམིགས་ཡུལ་དུ་གཟུང་བ་དང་། བློ་དེ་འཛིན་པར་སོང་བས། ཆོས་ཟབ་མོའི་ནང་དུ་འཇུག་པའི་ཐབས་ལས། ཟབ་མོ་དངོས་ཀྱི་རྣལ་འབྱོར་མ་ཡིན་ནོ། །འདི་ནས་བསམ་གཏན་སྒོམ་པའི་མཆོག་དམན་གྱི་ཁྱད་པར་འབྱེད་པའི་འབྱེད་ཆོས་བསྟན་པའི་སྐབས་ཡིན་ལ། སྤྱིར་ན་བསམ་གཏན་ཞེས་པའི་སྒྲ་དེ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ལ་སོགས་པ་མཉམ་བཞག་སྤྱི་དང་། མ་ཡེངས་པར་གནས་པའི་ཆ་ལ་འཇུག་དུས་ཀྱི་སྐབས་ཀྱང་ཡོད་ལ། སྒོམ་ཞེས་པ་ཡང་དེ་བཞིན་མཆོག་ཕལ་མང་པོ་ལ་འཇུག་པའི་སྐབས་ཀྱང་ཡོད་པ་དང་། འདིར་རྫོགས་པ་ཆེན་པོའི་ཐུན་མིན་གྱི་རིག་པ་རང་གནས་ཀྱི་བསམ་གཏན་གསུངས་པ་ནི། སྒོམ་པ་ཕལ་དང་ཁྱད་པར་ཆེ་བ་ཡིན་པས་ན་རང་བཞིན་བབས་ཀྱི་བསམ་གཏན་ཉམས་ལེན་གྱི་གནད་དུ་བསྣུན་པའི་སྐབས་སུ། ཐོག་མར་གང་ལས་ཁྱད་དུ་འཕགས་པ་དེ་ཉིད་བསྟན་པ་ལ། རྟེན་ཅན་ཕྱིའི་ཡུལ་ལ་གཏད་ནས་སེམས་འཛིན་པ་འདི་དག་ནི་ཐུན་མོང་ཐེག་པའི་ཉན་རང་གི་སྐབས་ནས་བསྒོམ་དུ་ཡོད་པའི་ཀེང་རུས་ཀྱི་རྣམ་པ་དང་། དབུགས་འབྱིན་རྔུབ་དང་། ཟད་པ་ཡི་སྐྱེ་མཆེད་ལ་སོགས་པ་རྣམས་དང་། རྟེན་མེད་ནི་མི་རྟོག་རྩེ་གཅིག་ལ་བཞག་ནས་བསམ་གཟུགས་དང་འགོག་སྙོམས་སྒོམ་པ་ལྟ་བུ་དང་། དེ་བཞིན་དུ་རྫོགས་ཆེན་གྱི་སྐབས་སུ་ཡང་སྣང་བ་ཡུལ་གྱི་བློ་ཅན་ལམ་རིམ་གྱིས་པ་ལ་སྣང་བཅས་རྩ་རླུང་ཐིག་ལེའི་འཇུ་འདུལ་ལ་སོགས་པ་དང་། སྣང་མེད་མི་རྟོག་པའི་ཏིང་འཛིན་སྒོམ་ཚུལ་དེ་ཡང་དབང་པོའི་རིམ་པ་ལྟར་དུ་གསུངས་ཡོད་པ་ཡིན་ལ། སྒོམ་སེམས་གནས་དེ་དག་ཐམས་ཅད་ཟབ་མོའི་ལམ་ལ་འཇུག་པའི་ཐབས་ཙམ་ཞིག་ལས་ཟབ་མོའི་ལམ་དངོས་མ་ཡིན་པར་བསྟན་ནས། དེ་ལས་ཁྱད་པར་དུ་འཕགས་པའི་རྫོགས་པ་ཆེན་པོའི་བསམ་གཏན་ཇི་ལྟར་ཡིན་པ་དེ་ཉིད་བསྟན་པ་ནི། བསམ་གཏན་ནི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་ཏེ། མེ་ཡིན་ཕན་ཆད་ཚ་བ་རང་ཆས་སུ་ཡོད་པའམ། ཆུ་ལ་གཤེར་བ་རང་བབས་སུ་ཡོད་པ་ལྟར། རིག་པ་ལ་རང་བབས་ཀྱི་བསམ་གཏན་ཡོད་པས། རིག་པ་ངོ་འཕྲོད་ཕན་ཆད་རང་བབས་ཀྱི་བསམ་གཏན་ལ་གནས་པས་བདེ་གསལ་མི་རྟོག་པའི་ཉམས་ཆེད་ཀར་མ་བསྒྲུབས་ཀྱང་རང་བཞིན་གྱིས་འཆར་ཞིང་། བར་དོ་ཡང་རང་བཞིན་གྱི་བསམ་གཏན་འཆར་བ་དེ་རིག་པ་ལ་རང་ཆས་སུ་ཡོད་པ་ཤར་བ་ལྟར། འདིར་ཡང་དེ་དང་འདྲ་སྟེ། རིག་པ་རང་བབས་ཀྱི་བསམ་གཏན་ནི་རྫོགས་པ་ཆེན་པོ་འདིའི་ཁྱད་པར་གྱི་ཆོས་ཏེ། མེ་ཡིན་ཕན་ཆད་ཚ་བ་རང་ཆས་སུ་ཡོད་པའམ། ཆུ་ཡིན་ཕན་ཆད་དེ་ལ་གཤེར་བ་རང་བབས་སུ་ཡོད་པ་ལྟར། རིག་པ་ལ་རང་བབས་ཀྱི་བསམ་གཏན་ཡོད་པས། རིག་པ་ངོ་འཕྲོད་ཡོད་ཕན་ཆད་དེའི་རང་བབས་ཀྱི་བསམ་གཏན་ལ་རང་བཞིན་གྱིས་གནས་པ་ཡིན་པས་ན་བདེ་གསལ་མི་རྟོག་པའི་ཉམས་ཆེད་དུ་མ་བསྒྲུབས་ཀྱང་རང་བཞིན་གྱིས་འཆར་ཞིང་། བར་དོར་ཡང་རང་བཞིན་གྱི་བསམ་གཏན་འཆར་བ་དེ་རིག་པ་ལ་རང་ཆས་སུ་ཡོད་པ་དེ་ཤར་ཡོང་བ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲའོ། །མདོར་ན་གོང་ནས་གསུངས་པའི་རྟེན་བཅས་དང་རྟེན་མེད། སྣང་བཅས་དང་སྣང་མེད། རྟོག་བཅས་དང་རྟོག་མེད་ལ་སོགས་པའི་འོག་མའི་སྒོམ་ཐམས་ཅད་འདིའི་ཟབ་མོའི་ལམ་ལ་འཇུག་པའི་སྒོ་དང་ཐབས་ལྟ་བུ་ཡིན་པ་ལས་དངོས་མིན་པ་ནི་རིག་པ་རང་བབས་ཀྱི་བསམ་གཏན་ཞེས་པས་ཀྱང་གོ་སྟེ། སྔགས་ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་ཉམས་ལེན། མི་རྟོག་པས་ཐབས་བྱས་པའམ། བདེ་བས་ཐབས་བྱས་པའམ། གསལ་བས་ཐབས་བྱས་པའམ། མདོར་ན་ལམ་གང་ལ་བརྟེན་ཡང་དམིགས་ཡུལ་དངོས་ནི་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཆེད་ཡིན་ཞིང་། དེ་དག་ནི་ཐབས་སམ་ལམ་ཡིན་པའི་སྟབས་ཀྱིས་བདེ་གསལ་མི་རྟོག་པའི་ཉམས་ཞེན་དང་གོལ་ཤོར་ནོར་བའི་ལམ་སྐྱོན་འབྱུང་བ་ཡིན། རིག་པ་ངོ་འཕྲོད་དེ་དེའི་ངང་ལ་རིག་ངོ་རྗེན་པ་ལྷང་ལ་བུད་པ་དེ་སྐྱོང་བའི་གནས་སྐབས་ན། རིག་པ་ཀུན་ཏུ་བཟང་པོ་ལ་གོལ་ས་དང་ནོར་ས་དང་ཤོར་ས་མེད་ཅིང་། བར་དོའི་སྐབས་སུ་བསམ་གཏན་རང་ཤུགས་ཀྱིས་འཆར་བ་དེ་ཡང་རིག་པ་ལ་རང་ཤུགས་ཀྱིས་ཡོད་པའི་སྟོབས་ཀྱིས་ཡིན་ནོ། །དེ་ནས་སེམས་དང་རིག་པའི་ཤན་འབྱེད་གསུངས་པ་ནི། སེམས་ལམ་དུ་བྱས་ཕན་ཆད་སེམས་གནས་བསྒོམ་པའི་ཉམས་རྩོལ་བ་བྱས་ན་ཡོད་ལ་བཞག་ན་ཞིག་འགྲོ་བ་སྟེ་ཆོས་ཉིད་ཡིན་ནོ། །རིག་པ་ཡེ་ཤེས་ལམ་དུ་བྱས་ཕན་ཆད་རང་བཞིན་བབས་ཀྱི་བསམ་གཏན་ཆུ་བོའི་རྒྱུན་ལ་གནས་པས། ཡོན་ཏན་ངང་གིས་སྐྱེས་པ་དེ་དུས་ཐམས་ཅད་དུ་འབྲལ་མི་སྲིད་པར་གནས་པ་ཡིན་ནོ། །རྩོལ་བཅས་དང་རྩོལ་མེད་ཀྱི་ཁྱད་པར་ཡོད་པས་མི་འདྲ་ཞིང་། སེམས་གནས་བསྒོམས་པའི་ཉམས་རྩོལ་བ་ཅན་དེ་རྩོལ་བ་ཡོད་ཚེ་ཡོད་པ་ལས་རྩོལ་བ་མ་བྱས་དུས་མེད་འགྲོ་བ་དེ་སེམས་ལམ་བྱེད་ཡིན་པའི་རྒྱུ་མཚན་གྱིས་སེམས་གནས་ཙམ་ཞིག་ཡིན་ལ། སེམས་ཡུལ་ཐོག་ལ་འཕྲོ་རུ་མ་བཅུག་པར་བཀག་པར་བྱས་ན་དེའི་ཚེ་ལ་མི་རྟོག་རྨུན་པོ་ཙམ་ཞིག་ཡིན་ཞིང་། སེམས་འགྱུ་བའམ་ཡུལ་ཐོག་ལ་འཕྲོ་བའི་སྐབས་སུ་དེའི་སྒོམ་དེ་མེད་པ་ཡིན། རིག་ངོ་འཕྲོད་ནས་རིག་ཐོག་ལ་བཞག་ན་རིག་པ་དེ་ཡེ་ཤེས་ལམ་བྱེད་ཡིན་ཕྱིར་རང་བབས་ཀྱི་བསམ་གཏན་རྒྱུན་ཆད་མེད་པ་ཆུ་གཙང་པོའི་བཞུར་རྒྱུན་མཐའི་རྒྱ་མཚོ་དང་མ་ཐུག་གི་བར་དུ་ཆད་རྒྱུ་མེད་པ་བཞིན་དུ། རྟོགས་པའི་ཡོན་ཏན་ངང་གིས་རང་བཞིན་ཤུགས་ཀྱིས་སྐྱེས་ནས་ཡེ་ཤེས་དང་ཡོན་ཏན་འདུ་འབྲལ་མེད་པ་རྩོལ་བ་མི་དགོས་པར་འབྱུང་བའོ། །དེ་ལ་སྒོམ་ཆེན་པས་སེམས་རྟོག་མེད་དུ་ཟིན་པའི་ཆ་དེ་དང་། རྣལ་འབྱོར་པས་རིག་པ་རྟོག་མེད་དུ་རྗེན་པར་ངོས་ཟིན་པ་གཉིས་རྟོག་མེད་དུ་འདྲ་ཡང་། སེམས་རྟོག་མེད་དུ་ལུས་གནད་ལ་སོགས་པ་བཞག་ན་ཞིག་པ་དང་། རྗེན་ལའང་མ་བུད་པ་ཡིན་ལ། རིག་པ་རྟོག་མེད་ནི་དེ་ལས་ལོག་པས་ཁྱད་པར་ཆེ་བ་དང་། སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་ཀ་རྟོག་མེད་ཅེས་པའི་མིང་ཙམ་ཞིག་ཏུ་མཐུན་ན་ཡང་དོན་གྱི་སྟེང་ནས་མི་འདྲ་ལ། སེམས་རྟོག་མེད་ནི་ལུས་གནད་སོགས་བཞག་ཐབས་ཀྱི་གནད་དག་ལ་བརྟེན་པར་བྱེད་པས། དེ་དང་བྲལ་ཚེ་ཞིག་ནས་རྟོག་བཅས་ལ་འགྲོ་ཞིང་། རིག་པ་རྟོག་མེད་རང་བབས་ཀྱི་བསམ་གཏན་ཡིན་པས་ནམ་དུ་ཡང་རྒྱུན་ཆད་མེད་ཅིང་། རྟོག་མེད་ཡིན་ལུགས་ཀྱང་མི་འདྲ་སྟེ། སེམས་རྟོག་མེད་རྗེན་ལ་བུད་དུ་མེད་ལ། རིག་པ་རྟོག་མེད་རྗེན་པ་དེ་སེམས་ཀྱི་ཉམས་ཞེན་གྱི་ཤུན་པ་ལས་བུད་པ་ཡིན་པ་དེས་ཀྱང་མི་འདྲའོ་ཞེས་པའི་དོན་ཏོ། །སེམས་ལམ་བྱེད་ཀྱིས་གཉེན་པོའི་རྟོག་པ་བྱང་བས་འཕྲལ་གྱི་རྟོག་པ་རྗེས་མེད་དུ་སོང་བ་འདྲ་བ་དང་། རིག་པ་མཐོང་བས་རྟོགས་པ་རྒྱ་གྲོལ་ལ་སོང་བ་གཉིས། དྲན་བསམ་ཞེན་མེད་ལ་ཡལ་བ་འདྲ་བར་སོང་ཡང་། གཞན་དེས་རྩ་བ་མ་ཆོད་པས་འཛིན་ཞེན་རང་ཀར་འཆར་ཞིང་སྐྱེ་མེད་ལས་འགག་མེད་འཆར་རོ་སྙམ་དུ་སེམས་ལ། འདིར་འཆར་ས་དང་འཆར་བྱེད་མེད་པར་རྩ་བ་ཆོད་ནས། ཐུགས་རྗེའི་རྩལ་མདངས་མ་འགགས་པར་ཚུར་སྣང་བ་མེ་ལོང་དུ་གཟུགས་བརྙན་སྣང་བ་ལྟར་མངོན་དུ་གྱུར་ཅིང་། ཁོས་ཕར་འཆར་བ་ཉི་མ་ལས་ཟེར་འཕྲོ་བ་ལྟར་མཐོང་བས་ཁྱད་པར་ཆེའོ། །སེམས་ལམ་བྱེད་ཀྱིས་འཕྲལ་གྱི་རྟོག་པ་རྗེས་མེད་ལ་སོང་བ་དང་། རིག་ངོ་མཐོང་ནས་རྟོགས་པ་རྒྱ་གྲོལ་ལ་སོང་བ་གཉིས་ཀ་ལ་གནམ་ས་འདྲ་འདྲའི་ཁྱད་པར་ཡོད་དེ། སེམས་ལམ་བྱེད་ནི་ཇི་ལྟར་བྱས་ཀྱང་རྟོག་པས་རྟོག་པ་འབུར་འཇོམས་དང་མགོ་གནོན་བྱེད་དགོས་པ་ཡིན་པས། གཉེན་པོའི་རྟོག་པ་བྱང་བར་བྱས་ནས་དེ་སྟོབས་ཆེ་བའི་སྐབས་སུ་གང་ལ་དྲན་བསམ་གྱི་རྟོག་པ་རགས་པ་ཞེན་མེད་ལ་ཡལ་བའི་ཚུལ་ལྟར་སྣང་ཡང་རྩ་བ་ཆོད་མེད་པས། ནམ་ཞིག་གཉེན་པོའི་སྟོབས་ཞན་དུས་འཛིན་ཞེན་རང་ག་བ་འཆར་ནས་གཉེན་པོ་དང་གཉིས་ཀ་སྲང་མདའི་མཐོ་དམན་འདྲ་བར་འབྱུང་བས་ན་སྐྱེ་མེད་ཀྱི་སྟེང་ནས་འགག་མེད་ལ་ཤར་ཞིང་འཕྲོ་གནས་གང་ཡིན་ཡང་དེ་ཉིད་ལ་བསྡད་ཡོད་བསམ་མདོག་བྱས་ཀྱང་དེ་ལྟར་མིན་ལ། ཞེན་འཛིན་སེམས་ཀྱི་རྩ་བ་མ་ཆོད་པས་སེམས་གཉིས་འཛིན་ཅན་ལ་འཁོར་རྒྱུན་ཆོད་དུ་མེད་ཅིང་། རིག་པ་རང་སྣང་གི་བློ་ཅན་དག་རིག་པ་རང་ངོ་འཕྲོད་པས་འཆར་བ་དང་། འཆར་བྱེད། འཆར་མཁན་གྱི་རྩ་བ་ཆོད་ནས་སེམས་ལས་འདས་པའི་ཡེ་ཤེས་ལམ་བྱེད་ཡིན་ཕྱིར། ངོ་བོའི་ངང་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རྩལ་སྣང་འགག་མེད་དུ་འཆར་བ་ཡིན། དེ་གཉིས་འཆར་ལུགས་ཀྱང་མི་འདྲ་སྟེ། སེམས་རྣམ་རྟོག་ཡུལ་ཐོག་ལ་འཕྲོ་དགོས་ཤིང་། རིག་པའི་རྩལ་མདངས་རྒྱ་མཚོ་དྭངས་པར་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་དང་། མེ་ལོང་གི་ངོར་བྱད་ཀྱི་གཟུགས་བརྙན་སྣང་བ་དང་འདྲ་བར་ཕར་མི་འཕྲོ་བར་ཚུར་འཆར་བའོ། །ཡང་སེམས་རང་གནས་ཀྱི་ངང་ས་ལེ་བ་དེ་དང་། རིག་པ་རང་གནས་ཀྱི་བབས་ས་ལེ་བ་གཉིས་གསལ་ལ་མི་རྟོག་ཙམ་དུ་འདྲ་ཡང་། སེམས་ཀྱི་ཆ་ལ་གཟུང་འཛིན་གྱི་བརྟོད་ཕུར་ཡོད་པས་གནས་ཆ་ལ་ཞེན་ཆ་ཡོད་ལ། རིག་པ་ལ་ཟང་མ་ཐལ་བར་མཚམས་མེད་པས་ཁྱད་པར་ཆེའོ། །དེ་གཉིས་གནས་པའི་གནས་ལུགས་ཀྱང་མི་འདྲ་སྟེ། སེམས་གནས་ནི་སེམས་རྟོག་མེད་ལ་གནས་པ་ཙམ་ཞིག་ཡིན་ལ། སེམས་རྟོག་མེད་ལ་གནས་པ་ཙམ་པོ་ཞེས་པ་དེ་ཇི་ལྟ་བུ་ཞིག་ལ་གོ་ན། ས་ལེ་བ་གསལ་ལ་མི་རྟོག་པ་རིག་ཅིང་མི་འཕྲོ་བ་ཙམ་གྱི་བརྡ་ཆད་འདྲ་ཡང་དོན་གྱིས་མི་འདྲ་བའི་ཁྱད་པར་ཡོད་དེ། སེམས་རང་གནས་ཀྱི་ངང་ལ་ས་ལེ་བ་ཙམ་དུ་བསྡད་ཀྱང་གཟུང་འཛིན་གྱི་རྟོད་ཕུར་དང་བྲལ་མེད་པས་ཇི་ལྟར་བྱས་ཀྱང་སེམས་ཡིན་ཕྱིར་ཞེན་འཛིན་གྱིས་མ་བཏང་ཞིང་། རིག་པ་རང་གནས་ཀྱི་བབས་དེ་ས་ལེ་བ་ཞིག་ཡིན་ན་ཡང་། གནས་སྐབས་ཙམ་གྱི་ངང་དང་། འབྲལ་མེད་རྒྱུན་གནས་ཀྱི་བབས་གཉིས་ཀ་ལ་མི་འདྲ་བའི་ཁྱད་པར་ཡོད་ཅིང་། རིག་པ་ཟང་མ་ཐལ་བྱུང་ལ་སྒྲིབ་བྱེད་ཀྱི་དྲི་མ་དང་འཛིན་བྱེད་ཀྱི་ཞེན་པ་གཤིས་ལ་དང་པོ་ཉིད་ནས་མི་གནས་ལ། གལ་ཏེ་དེ་གནས་ན་སེམས་གནས་ཀྱི་སྒོམ་པ་ལས་མ་འཕགས་པ་ཡིན་ནོ། །ཡང་རིག་པའི་དྭངས་ལ་ཡུལ་སྣང་བས་གསལ་ཆ་མ་འགགས་པ་དེ་དང་། སེམས་ལས་དྲན་བསམ་ཕར་ཡུལ་ཐོག་ཏུ་འཆར་བ་དེ་གཉིས་སྣང་ཡུལ་ཤེས་པར་འདྲ་ཡང་། རིག་པ་ཡུལ་ཕྱིར་མི་འབྲང་སྟེ། ཡུལ་སྣང་ཚུར་སྣང་ཡང་རིག་པ་ཟང་ཐལ་དུ་སོང་བས་རྟོག་པའི་རྩ་བ་ཆད་ལ། སེམས་ཡུལ་ཐོག་ཏུ་ཕར་འཕྲོ་ལ་རྩ་བ་མ་ཆད་པས་རྟོག་པར་སྐྱེ་བའི་ཁྱད་ཡོད་དེ། དེ་བཞིན་དུ་རིག་པའི་དྭངས་ལ་ཡུལ་སྣང་གི་གསལ་ཆ་མ་འགགས་པ་དང་། སེམས་ཀྱི་དྲན་བསམ་ཡུལ་ཐོག་ལ་ཤར་བ་གཉིས་ཀ་ཡུལ་ཤེས་པའི་ཆ་ནས་འདྲ་ཡང་ཤེས་ལུགས་ཀྱི་ཐད་ནས་མི་འདྲ་སྟེ། གོང་གི་དཔེ་བཞིན་དུ་ཕར་ཡུལ་རྗེས་ལ་འབྲང་བ་དང་། ཚུར་མ་འགགས་རང་གིས་ཤར་བ་གཉིས་ཀ་ཤར་བ་ཙམ་ལ་འདྲ་ཡང་རྟོག་པའི་རྩ་བ་ཆོད་མ་ཆོད་ཀྱི་ཁྱད་པར་ཆེའོ། །དེ་དག་ལུང་གིས་བསྟན་པ་ནི། ཀློང་དྲུག་པ་ལས། རྙོག་པ་མེད་པའི་རང་སེམས་དང་། །རྟོག་པ་མེད་པའི་རང་རིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་དང་། །འགྲོ་བའི་བསམ་རྒྱུན་ཞེན་པ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པའི་བསྒོམ་པ་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །མདོར་ན་དམིགས་གཏད་སེམས་ཀྱི་བསྒོམ་པ་ནི་གཟུང་འཛིན་གྱི་བརྟོད་ཕུར་ཡིན་ལ། རིག་པ་རང་བབས་ཀྱི་བསམ་གཏན་ནི་རང་བབས་ཆོས་ཉིད་ཀྱི་འཁོར་ལོ་ཡིན་པས། འཇིག་རྟེན་འཁོར་བ་བསྐྱེད་པའི་རྒྱུ་ཁམས་གོང་མའི་སེམས་སྒྲུབ་པ་དང་། ཐར་པ་མྱང་འདས་ལ་དངོས་སུ་སྦྱོར་བ་སངས་རྒྱས་ཀྱི་དགོངས་པ་ལ་རང་སར་གནས་པའི་ཁྱད་ཡོད་དེ། ཐལ་འགྱུར་ལས། རང་བཞིན་བབས་ལས་བྱུང་བ་ནི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །ཞེས་པ་དང་། ཡང་། མ་བཅོས་རང་གཞག་གནས་ལུགས་ཏེ། །ཇི་ལྟར་དེ་ལས་འགྱུར་མེད་པ། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་སོ། །འདི་ཡན་ཆད་ཀྱིས་ཐུན་མོང་གི་ཐེག་པ་སྤྱིའི་སེམས་ལམ་བྱེད་ཀྱི་སྒོམ་པ་དང་། འདིའི་རིག་པ་རང་གནས་ཀྱི་བསམ་གཏན་གཉིས་ཀ་ཁྱད་པར་ཆེ་ལུགས་བསྟན་པ་དང་། དེ་ནས་མདོར་བསྡུས་ཏེ་གཟུང་འཛིན་སེམས་ཀྱི་རྟོད་ཕུར་དང་རང་བབས་ཆོས་ཉིད་ཀྱི་འཁོར་ལོ་གཉིས་ཀ་མི་འདྲ་བར་གསུངས་པ་སྟེ། སེམས་ལམ་བྱེད་དམིགས་གཏད་ཅན་གྱི་སྒོམ་པས་འཁོར་བའི་རྒྱུ་བྱེད་དེ། མི་རྟོག་གོམས་པ་ཞེན་འཛིན་ཅན་གྱིས་གཟུགས་མེད་དང་། གསལ་བ་རིས་ཆད་ཀྱིས་གཟུགས་ཁམས་ལ་འཕེན་པ་ཡིན། གལ་ཏེ་ཐར་བའི་རྒྱུར་གྱུར་ཀྱང་དངོས་རྒྱུ་རུ་མི་འགྲོ་བ་ཡིན། རིག་པ་རང་བབས་ཀྱི་བསམ་གཏན་ཐད་ཀར་སངས་རྒྱས་ཀྱི་དགོངས་པ་ལ་གནས་པ་ཡིན་པས་བརྩོན་པ་བསྐྱེད་ན་ལོ་དང་ཟླ་བས་འཚང་རྒྱ་བའོ། །འདི་མན་ཆད་ནས་སྔགས་ཐུན་མོང་གི་ལམ་དེ་ལས་ཀྱང་གསང་བ་སྙིང་ཐིག་གི་ལམ་ཁྱད་པར་དུ་འཕགས་པའི་ཚུལ་བསྟན་པ་ནི། འདིར་ཐུན་མོང་གི་བསྒོམ་པ་ལམ་བྱེད་ལས། སྙིང་ཐིག་གི་ལམ་འདི་ཁྱད་པར་ལྔས་འཕགས་ཏེ། ལྔ་བོ་གང་ཡིན་ན། དབང་པོ་ལ་རྣོ་རྟུལ་མེད་པ་དང་གཅིག རྟོག་དཔྱོད་ཀྱི་ཤེས་རབ་ལ་རག་མ་ལུས་པ་དང་གཉིས། བློ་ཚོགས་དང་ཁ་བཤད་ལ་དོན་མི་རེ་བ་དང་གསུམ། སྣང་བ་ལ་ཞེན་འཛིན་གྱི་གདེང་མི་འཆའ་བ་དང་བཞི། སེམས་གནས་ངལ་གསོའི་ཞི་གནས་ལ་རེ་ལྟོས་མི་འཆའ་བ་དང་ལྔའོ། །དེ་ཡང་ཞིབ་ཀྱིས་ཕྱེས་ན་ཡུལ་རྐྱེན་ལ་ལྟོས་པ་གཉིས་དང་། ཡུལ་ལ་ལྟོས་པ་གཉིས། གཉིས་ཀ་ལ་ལྟོས་པ་གཅིག་དང་བཅས་པའོ། །རིག་པ་རྗེན་པར་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པ་དང་། ཟང་ཐལ་དུ་རང་གི་དབང་པོས་དངོས་སུ་རྟོགས་པས་རྟོག་དཔྱོད་ཀྱི་ཤེས་རབ་ལ་རག་མ་ལུས་པ་དང་། ཚིག་ལས་འདས་པའི་རིག་པ་ཟང་ཐལ་དུ་རྟོགས་པས་བློ་ཚོགས་དང་ཁ་བཤད་ལ་དོན་མི་རེ་བ་དང་། ཅི་སྣང་ཡང་འཁྲུལ་བ་བཟང་ངན་ཙམ་ལས་སྐུ་གསུམ་ལམ་སྣང་དུ་རྟོགས་པས་སྣང་བ་ལ་ཞེན་འཛིན་གྱི་གདེང་མི་འཆའ་བ་དང་། རིག་པ་རྗེན་པར་ཟང་ཐལ་བས་ལྟ་སྒོམ་སྤྱོད་འབྲས་རིག་པའི་སྒྲིབ་བྱེད་དུ་མཐོང་སྟེ། སེམས་གནས་ངལ་གསོའི་ཞི་ལྷག་ལ་རེ་ལྟོས་མི་འཆའ་བས་ཁྱད་པར་དུ་འཕགས་ཏེ། ཐལ་འགྱུར་ལས། སྙིང་ཐིག་ངེས་པར་བསྡུས་པ་ཡི། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོས་མཐོང་། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་ལམ་འབྲས་བུ་ལྟོས་མིན་པའོ། །ཞེས་སོ། །ཀུན་མཁྱེན་ཆེན་པོའི་གཞུང་གཞན་གྱི་ནང་ནས་ཁྱད་པར་འཕགས་ཚུལ་བདུན་དུ་གསུངས་ཤིང་། དེ་ཡང་ཚིག་དང་གོ་རིམ་གྱི་ཐོག་ནས་བསྟན་ཚུལ་ལ་ཁྱད་པར་ཅུང་ཟད་ཡོད་པ་ཚིག་དོན་མཛོད་ལས། རིག་པ་ཅེར་མཐོང་དུ་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད། ཆོས་ཉིད་དབང་པོས་མཐོང་བས་ཤེས་རབ་ལ་ཆེ་ཆུང་མེད་པའི་གནད། གནས་ལུགས་རང་ངོ་རྟོགས་པས་ཚིག་གི་ཆོས་ཉིད་མི་མཐོང་བའི་གནད། བླང་དོར་འབད་རྩོལ་མེད་པས་ན་སོ་ལ་རྒན་གཞོན་མེད་པའི་གནད། རང་རིག་ལ་དྲི་མ་མེད་པས་ལས་ལ་བཟང་ངན་མེད་པའི་གནད། ཆོས་ཉིད་བསམ་རྫོགས་ལས་འདས་པས་ལྟ་སྒོམ་གཞི་ལམ་ལ་མི་ལྟོས་པའི་གནད། འབྲས་བུ་ཀ་དག་ཡིན་པས་སྐུ་གསུམ་ལམ་སྣང་དུ་ཤར་ཏེ་ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་གནད་དེ་བདུན་དུ་གསུངས་པ་རེད། འདིར་བསྟན་ལྔ་བོའི་ནང་ལ་དེ་དག་བསྡུས་ཡོད་པར་སེམས་ཏེ། དབང་པོ་ལ་རྣོ་རྟུལ་མེད་པ་དང་། ཤེས་རབ་ལ་རག་མ་ལུས་པ་གཉིས་ཀ་དངོས་བསྟན་གཅིག་ཏུ་སོང་ཡོད་པ་དང་། ཚིག་གིས་ཆོས་ཉིད་མི་མཐོང་བ་དང་། ན་སོ་ལ་རྒན་གཞོན་དང་ལས་ལ་བཟང་ངན་མེད་རྒྱུ་དག་བློ་ཚོགས་དང་ཁ་བཤད་ལ་དོན་མི་རེ་བ་ཡི་ནང་དུ་བསྡུས་ན་ཚིག་མ་འདྲ་ཡང་དོན་དེའི་ནང་ལ་འདུས་པ་ཡིན། ལྟ་སྒོམ་གཞི་ལམ་ལ་ལྟོས་མི་འཆའ་བ་དང་། སྐུ་གསུམ་ལམ་སྣང་དུ་ཤར་ནས་ཁམས་གསུམ་ལ་ཕྱིར་མི་ལྡོག་པའི་གནད་གཉིས་ཀ་སེམས་གནས་ངལ་གསོའི་ཞི་གནས་ལ་རེ་མི་འཆའ་བའི་ནང་ལ་འདུས་པའོ། །དེ་ལྟར་ན་ཨ་ལ་ལ་ཞེས་ངོ་མཚར་བའི་བཞད་སྒྲ་རྡོ་རྗེའི་གད་མོ་དང་བཅས་པས་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམ་ས་བས་ཆེ་སྟེ། དེའི་ཚུལ་དངོས་སུ་བསྟན་ཡང་མི་རྟོགས། བཀྲལ་ནས་བཤད་ཀྱང་མི་གོ་དེ་ལྟར་མ་རྟོགས་མ་གོ་ན་ཡང་ད་དུང་ཆོས་ཀྱི་ཁ་འཛིན་བྱེད་མདོག་གིས་འདའ་བ་ཙམ་ལས། ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ལས་འབྲེལ་མེད་པས། ཅི་བྱས་ཀྱང་སངས་རྒྱ་བ་ལ་སྔ་འདྲེས་གཅིག་གིས་ཉེར་མ་སོང་། ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ། །ཐེག་རྩེ་འབྲས་བུའི་ཐེག་པ། དེའི་ནང་ནས་ཆོས་སྐུའི་བསྟན་པ། ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པའི་ངོ་སྤྲོད་འདི་ལྟར་བསྟན་ཀྱང་། ཚིག་གོ་ཡང་དོན་གྱི་སྒྲོག་མི་ཁྲོལ་བའི་གོ་ཡུལ་ཙམ་ཞིག་ཡོད་ཀྱང་ལྟ་སྒོམ་གྱི་གནད་མི་ཕིགས་པ། ཆོས་ཁར་ཁྱེར་དང་ཆོས་བརྒྱུད་རྩ་ཆེན་ཡིན་སྙམ་པའི་ཁ་འཛིན་ཙམ་ལ་མི་ཚེ་ཤོར་ནས། ཇི་ལྟར་བསྟན་ཇི་ལྟར་བཤད་ཀྱང་སྔོན་གྱི་སེམས་ལམ་བྱེད་ལ་ཤོག་བུ་དྲིལ་ལམ་ལ་རྒྱུག་པ་ལྟ་བུའི་ངན་གཤིས་སྙོག་ནས། སྒོམ་དུས་ཡོད་ལ་བསྐྱུར་ན་མེད་པ། སེམས་དགའ་དགའ་སྤྲོ་སྤྲོ་ཡིན་པའི་སྐབས་དང་སྣང་བ་དྭངས་དུས་སེམས་གནས་ཀྱི་ཐོག་ལ་སྐབས་རེ་གནས་ཀྱང་རྐྱེན་ཆེ་ཆུང་དག་དང་ཕྲད་ན་སེམས་གནས་གར་སོང་ཆ་མེད་དུ་གྱུར་པའམ། ཡང་ན་མི་རྟོག་ལྟེངས་པོ་དང་མུན་ནག་གི་ནང་ལ་བསྡད་པ་བཞིན་དུ་དུས་ཚོད་གར་འགྲོ་མི་ཤེས་པའི་ཐོམ་ཡོར་གཟུང་འཛིན་གཉིས་ཀྱི་རྟོད་ཕུར་གྱིས་མ་བཏང་བ་དེ་ལྟ་བུའི་ཞེན་འཛིན་ཅན་གྱི་རང་ལམ་ལས་འབྲལ་མི་ཐུབ་པ་དག་སངས་རྒྱས་ཀྱི་ས་ལ་རིང་ཞིང་། བཟང་ན་ཁམས་གོང་མ་དང་། ངན་ན་དུད་འགྲོ་གཏི་མུག་ཅན་གྱི་རྒྱུ་རུ་འགྲོ་བར་འདུག་དགོངས་ནས་ཡི་མུག་པ་དང་། མཚམས་རེ་ལ་ལས་བཟང་པོའི་བསོད་ནམས་དམན་པའི་དབང་གིས། ད་རུང་ཕྱོགས་ཞེན་གྱི་དབང་དུ་སོང་ནས་ཤེས་རབ་ཀྱི་མིག་རབ་རིབ་ཀྱིས་བསྒྲིབས་པ་དག་རང་ལྟ་མཆོག་འཛིན་གྱིས་མགོ་འཁོར་ཞིང་། སེམས་རྣམ་རྟོག་གི་རེ་དོགས་ཁོ་ན་ལ་གདེང་འཆའ་བར་གཟིགས་ནས། དགོད་འཆོར་ལ་མཚར་ཆེ་བ་ཞིག་ཀྱང་རེད་ཅེས་སྟིང་ཚིག་མཛད་པའོ། །དེ་ཡན་ཆད་ཀྱིས་རང་བཞིན་བབས་ཀྱི་བསམ་གཏན་གྱིས་ཉམས་སུ་བླང་བར་བསྟན་པ་ལས། ངོ་བོ་སྤྱིར་གཏན་ལ་དབབ་པ་སོང་བ་ཡིན། དེ་རིང་མཚམས་འདིར་བཞག་ནས་སང་ཉིན་ཁྱད་པར་ཅན་གྱི་ལམ་ཉིད་བསྟན་པ་ནས་བཤད་རྒྱུ་བྱེད། ཁ་རྩང་དོ་ཞག་ཅིག་ལ་ཞུ་འདུག་རྒྱུའི་རྟེན་རྫས་ཀྱི་སྐོར་གྱི་གླེང་མོལ། འདི་ན་ཡོད་པའི་རྟེན་རྫས་ཁྱད་པར་ཅན་མ་དྲག་དེ་དྲག་འགའ་རེ་ཡར་རྫོགས་ཆེན་རྟེན་སྒམ་ཨ་མའི་ནང་ལ་འབུལ་རྒྱུའི་སྐོར་དེ། ངས་ཞིབ་ཆའི་སྒོ་ནས་འདེམས་བསལ་གྱི་ཐོ་ཞིག་བཀོད་ཡོད། ཁྱེད་རྣམ་པའི་སྙན་ལ་ཞོར་དུ་གཅིག་འཇོག འདི་ཚན་པ་གཉིས་ལ་ཕྱེས་ཡོད། གཅིག་དེ་བྱིན་རླབས་ཀྱི་རྟེན་རྫས་སྣ་ཚོགས་ཀྱི་སྐོར་ཞིག་དང་། ཅིག་ཤོས་ནི་སྐུ་བརྙན་ནམ་ཕྱག་མཚན་གྱི་སྐོར་ཞིག་ཡིན། དེའི་ནང་གི་དང་པོ་ནི། ཀུན་མཁྱེན་འཇིགས་གླིང་གི་སྐུ་ཤ ལོ་ཆེན་དྷརྨ་ཤྲཱིའི་དབུ་ཞྭ། རིག་འཛིན་ཉི་མ་གྲགས་པའི་དབུ་ཞྭ། མི་འགྱུར་ནམ་མཁའི་རྡོ་རྗེའི་ཞབས་ལྷམ་ཡ་གཅིག ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དབུ་ཐོད་ཀྱི་གདུང་རུས། ཁོང་སྐུ་དམར་གདུང་བྱས་ནས་བཞག་ཡོད་པ་དེ་ལྔ་བཅུ་ང་དགུ་ལོར་མེ་ཡིས་ཚིག་སོང་བ་རེད། དེ་མི་དོ་ཏན་ཞིག་གིས་ས་རྐོས་ནས་བླངས་ཏེ་ངའི་ལག་ལ་བཞག་པ་ཡིན། འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་གསོལ་ཞལ། འཇིགས་མེད་ཡོན་ཏན་མགོན་པོའི་བརྡ་ལུང་ཕྱག་བྲིས་ཕྱག་སྟར་མ། ཨ་བུ་ལྷ་སྒང་གི་སྐུ་རུས། མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་སྐུ་རུས། དེ་གཉིས་ཀ་ང་རང་གིས་ལོན་པ་ཡིན། དགེ་མང་སྐུ་ཞབས་ཀྱི་གཏེར་མ་དུང་དཀར། འདི་པདྨའི་ཐང་ནས་གཏེར་བླངས་པ་རེད། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་མགུལ་གའུ་ནང་རྟེན་དང་བཅས་པ། དེའི་ནང་རྟེན་གྱི་ནང་དུ་རྟེན་རྫས་ཤིན་ཏུ་རྩ་ཆེན་མང་པོ་ཡོད་འདུག ཁ་ཡིག་བརྒྱབ་པ་ཚང་མ་བྲིས་གཅིག་རེད་འདུག་ཁོང་ཉིད་ཀྱི་ཕྱག་བྲིས་ཡིན་ངེས། ཞེ་ཆེན་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་རྐང་དུང་ཡ་གཅིག ལྔ་བཅུ་ང་དགུའི་ལོར་དར་རྩེ་མདོ་ཡི་བཙོན་ཁང་ནང་དུ་འདས་ནས་སྦས་པའི་སྐུ་གདུང་ལས་ལོན་པ་རེད། ཨ་བུ་ལྷ་སྒང་གི་མནབས་ཆོས། ར་ཧོར་ཆོས་གྲགས་ཀྱི་དོམ་ར། མེ་ཆ། བཞུགས་གདན། གྱི་ལིང་པདྨ་སིདྡྷིའི་ཕྱག་སྦུག རྒུ་རུ་ཐུབ་ཚེའི་ཕྱག་སྦུག དགུ་རོང་རྒྱལ་སྲས་ཀྱི་ཞལ་འདོན་ཕྱག་དཔེ་ཁོང་ཉིད་ཀྱི་ཕྱག་བྲིས་དང་བཅས་པ། གོང་ས་བཅུ་བཞི་བ་ཆེན་པོའི་མནབས་པའི་དབུ་ཞྭ། དེ་ནས་སྐུ་བརྙན་གྱི་སྐོར་ལ། ཐུབ་དབང་གཡུ་ཐོད་མ། འགོ་ཚའི་པདྨ་འོད་འབར། རྡོར་སེམས་སྒྱུ་འཕྲུལ་སྣང་བ། སྒྲོལ་མ་མནྡ་ར་དང་། སྒྲོལ་མ་ཨུཏྤལ་མཐིང་ག་ཞེས་པའི་མཚན་ངས་གསོལ་བ་ཡིན། སྒྲོལ་མ་མནྡ་ར་དེ་བསྟན་འབྱོར་ཚང་གི་རེད། སྒྲོལ་མ་ཨུཏྤལ་མཐིང་ག་ཅོག་རྡིས་ཚང་གི་རེད། འགོ་ཚའི་སྒྲོལ་མ་གཟི་འབར་མ། ཕྱག་རྡོར་ཀླུ་འདུལ་ཀུན་བཟང་སྤྲུལ་སྐུའི་མགུར་གའུ་དང་བཅས་པ། གུ་རུ་བདེ་བ་ཆེན་པོ་འཇིགས་སྐྱོབ་མ། རྒྱབ་ཤིས་འགོ་བ་ཚང་གི་མི་ཚེ་མི་བརྒྱུད་རིང་ལ་མཚོན་ཁོག་མཁན་དེ་རེད། མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་མགུལ་ཕུར་དངོས། ཁོང་ཉིད་ཀྱི་སྐུ་རྩ་སྐུ་འཁྲིས་ཀྱི་ལག་ནས་ཡོང་བ་རེད། བདེ་མཆོག་དྲིལ་བུ་མ་དེ་གླང་དར་ཁྲིམས་ཕོག་ཅིག་རེད། བཀའ་གདམས་མཆོད་རྟེན་ཞིག རྟོགས་ལྡན་སྤྲུལ་སྐུའི་ཕྱག་དྲིལ་བཅས་ཡོད་པ་ཡིན། འདིའི་རྟེན་རྫས་ཐམས་ཅད་སྤྱིར་བསྡོམས་ཀྱི་ཁ་གྲངས་རྩིས་ཡོང་དུས་སུམ་ཅུ་ཐམ་པ་ཡོད། ཨང་རྩིས་ཀྱི་གསུམ་ཞིག་དང་ཐིག་ཅིག་འབྲི་རྒྱུ་ཡིན་པས་གསུམ་འདི་ནི་མངོན་བརྗོད་པས་མེ་དང་རྩེ་མོ་སོགས་སུ་བསྙད་པས་གཅིག་བས་གཅིག་གིས་རྟེན་འབྲེལ་ཡག་པ་སྟེ། མེ་ནི་མེ་ལྕེ་བཞིན་དུ་གྱེན་ལ་འབར་བའི་རྟེན་འབྲེལ་དང་། རྩེ་མོ་ནི་ཡང་རྩེར་བསྙེགས་པའི་དོན་ཞིག་ལ་གོ་ཆོག་པ་དང་། ཐིག་དེ་སྟོང་པ་མཚོན་བྱེད། ཐིག་ལེ་སྟོང་པ་ཡི་གེ་མེད་པ་དེ་ཉིད་སྟོང་པ་ཆེན་པོའི་ཡི་གེ་བརྒྱ་ཡི་སྐྱེ་གཞི་ཡང་རེད། འཇིག་རྟེན་པའི་ལུགས་དང་བསྟུན་ནས་གཅིག་དེ་གྲངས་རྩིས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་ན་སུམ་ཅུ་ཐམ་པ་དེའི་ཐོག་ལ། གསེར་སྒ་ཡག་པ་མ་འདྲ་བ་ཞིག་པདྨའི་ཐང་ལ་ཡོད་པ་དེ་བསྣན་ནས་སུམ་ཅུ་སོ་གཅིག་ཏུ་བྱས་ཡོད། གཅིག་མེད་ན་གཉིས་དང་གསུམ་འབྱུང་བ་མ་ཡིན། དེ་བཞིན་དུ་གཅིག་ནས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་གྲངས་མེད་ཀྱི་བར་དུ་རྩི་དགོས་པས། ད་རུང་འདིའི་ཁ་ལ་ནང་རྟེན་རྩ་ཆེན་མང་པོ་འདུས་པའི་རྟེན་འབྲེལ་ཡིན། འདིའི་རྟེན་རྫས་འདི་དག་རིགས་གཉིས་ལ་ཕྱེས་པའི་རིགས་གཅིག་དེ་ན་བཟའ་ཕྱག་བྲིས་གདུང་རུས་གཏེར་རྫས་སྐུ་ཤ་ལ་སོགས་པ་སྟེ་སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་ཞེས་པའི་ཕྱོགས་སུ་གཏོགས་པའི་ཚོ་གཅིག་དང་། རིགས་ཅིག་ཤོས་དེ་བདེ་བར་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཕྱག་མཚན་དེ་ཚོ་རེད། འདི་གཉིས་ཀ་ལས་ཆོས་བརྒྱུད་རང་དང་འབྲེལ་བའི་བྱིན་རླབས་ཀྱི་ཉེ་བརྒྱུད་ཡོད་པ་ནི། ཡུལ་གཞན་དང་དུས་གཞན་ནས་ཕྱིན་ཆད་འདིའི་རིགས་རྙེད་དགོས་ན་རྙེད་རྒྱུ་མེད་པའི་དཀོན་པོ་ཡིན་པའི་ཆ་ནས། ངས་ཨང་དང་པོ་རུ་བགྲངས་ནས་བྱིན་རླབས་ཀྱི་རྟེན་རྫས་འདི་དག་གནད་ཆེན་བྱས་ཏེ་དེ་དག་སྔོན་ལ་བཞག་ནས་འབྲི་བ་དང་བཤད་པ་བྱེད་ཅིང་འདང་ཆེན་ལ་རྩིས་པ་ཡིན། གཉིས་པ་དེ་སྐུ་གཟུགས་མཆོད་རྟེན་གྱི་སྐོར་རེད། སྐུ་འདྲ་ཡི་བྱིན་རླབས་ཀྱི་ངོས་ནས་བཤད་ན་རང་གི་དད་པས་ཁྱོག་ན་ས་དང་རྡོ་ཤིང་ཕལ་བ་ལས་བྱས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ལས་ཀྱང་བྱིན་རླབས་ཁྱད་མེད་དུ་ཐོབ་པ་དང་། དད་པ་མེད་དེ་མོས་གུས་ཀྱིས་མ་ཁྱོག་ན་སྐུ་འདྲ་ལི་གཏེར་མ་དགོས། སངས་རྒྱས་མཆོག་གི་སྤྲུལ་བའི་སྐུའི་ཞལ་དངོས་སུ་མཇལ་ན་ཡང་བྱིན་རླབས་མ་ཞུགས་པའི་ཚུལ་དད་པའི་ཕན་ཡོན་གཙོ་བོར་བྱས་ནས་བཤད་པའི་སྐབས་སུ་འབྱུང་བ་ཡིན། སྐུ་འདྲ་ཡང་ཐོན་སྔ་ཕྱི་དུས་རབས་གསར་རྙིང་གིས་སངས་རྒྱས་ནས་དམ་པའི་སྐྱེས་ཆེན་དག་གིས་རབ་གནས་བྱིན་རླབས་མཛད་མྱོང་མ་མྱོང་གིས་ཁྱད་པར་འབྱེད་པ་དེ་ཡང་རྒྱུ་མཚན་ལྡན་ཞིང་། སྐུ་འདྲ་འདི་དག་གཙོ་ཆེ་བ་ལི་མ་ཏག་ཏག་ཡིན་ལ། ལི་མ་འདི་བརྟགས་དཔྱད་བྱེད་དུས། རྒྱུ་དང་གཅིག རིགས་དང་གཉིས། ངོ་བོ་དང་གསུམ་གྱི་ཐོག་ནས་དཔྱད་པ་མཛད་དར་རྒྱུ་ཞིག་ཡིན། དེའི་ནང་གི་རྒྱུ་དང་རིགས་གཉིས་ཀས་མཆོག་འབྲིང་ཕལ་བའི་དབྱེ་ཞིབ་འབྱེད་བྱེད་གཙོ་བོར་བྱེད་པ་ཡིན། རྒྱུ་དྲག་ཤོས་དེ་ཛྷཻ་ཀྵིམ་ཞེས་པ་དེ་རེད། ང་ཚོའི་འགའ་རེའི་ཁ་སྐད་ལ་གཟི་ཆེན་ཟེར་བ་དེ་རེད། དེའི་ནང་ནས་གསེར་དངུལ་གཙོ་བོར་བྱས་པའི་ལི་དམར་དང་། བཟོ་རྒྱལ་བི་ཤྭ་ཀརྨས་རིན་ཆེན་སྣ་བརྒྱད་བཞུ་བརྟུལ་བྱས་པའི་ལི་ཁྲ་དང་། ལི་སེར། ལི་སྨུག་ལི་དཀར་སོགས་སུ་ཡོད་པ་ཡིན། རིགས་ཀྱི་སྒོ་ནས་ཕྱེས་ཡོང་ན་ཡོངས་གྲགས་ཀྱི་རྒྱ་གར་ཤར་ལི་ལྷོ་ལི་ནུབ་ལི་དང་དབུས་ཀྱི་ལི་མ་ཞེས་པ་ཡོད་པ་ལས་བྱང་ལི་ཟེར་རྒྱུ་ཞིག་ཕལ་ཆེར་ཡོངས་གྲགས་ཤིག་མི་འདུག བལ་པོའི་ཡུལ་ནས་བུད་པའི་བལ་བཟོ་དེ་ལ་གསར་རྙིང་གཉིས་སུ་ཡོད་པ་ཡིན། རྒྱ་ནག་ལི་མ་ལ་ཡང་གསར་རྙིང་གཉིས། བོད་ཀྱི་ཆོས་རྒྱལ་ལི་མ་ཟེར་རྒྱུ་འདི་ལ་སྔ་ཕྱི་བར་གསུམ་དུ་དབྱེ་རུ་ཡོད་པ་ཞིག་རེད། འདི་ཚོའི་ཐད་ནས་གཅིག་འདི་རེད་དེ་རེད་ཀྱི་ཁ་ཚོན་ཆོད་དགོས་ཚེ། འདི་བརྟགས་དཔྱད་ཀྱི་ཐོག་ནས་བསམ་བློ་བཏང་ན། གཅིག་ན་རིག་གཞུང་གི་གོ་དོན་གྱི་གནད་ཕིགས་པ་ཞིག་དང་། གཉིས་ན་འདི་ལག་ལེན་ལ་བསྟར་བའི་ཉམས་མྱོང་ཡོད་པ་ཞིག་དང་། གསུམ་ན་དེང་སང་གི་འཕྲུལ་ཆས་དུས་རབས་གསར་རྙིང་འབྱེད་བྱེད་ཀྱི་སྤྱོད་ཆས་ཡོད་པ་དེ་གསུམ་པོས་གཏན་ལ་ཕབ་ནས་དོན་གཅིག་ཏུ་ཁེལ་ཡོང་ན་དེ་དེ་ཡིན་འདུག་སྙམ་པའི་བློ་ཁེལ་ཆོག་པ་ལས། ཁོ་བོའི་འདི་མ་འདྲ་བ་ཞིག་ཡིན་ཞེས་པ་ཙམ་གྱིས་དེ་ལྟར་ཡིན་པའི་ངེས་པ་ག་ལ་ཡོད། གཙོ་ཆེ་བ་རྒྱུ་དངོས་པོའི་རིགས་འདི་དག་ལྟ་དུས། ཕལ་གྱི་རྒྱུ་ལྟ་སྟངས་མི་བྱེད་ཐབས་མེད་ཡིན་པས་དངོས་ཡོད་གནས་ཚུལ་ལ་གཙོ་བོ་འཛིན་རྒྱུ་ལས་མ་འདས། དེ་ཡིན་དུས་ཐུབ་སྐུ་གཡུ་ཐོད་མ་ཟེར་རྒྱུ་ཞིག་ཡོད་པ་འདི། རྒྱ་གར་གྱི་ཛྷཻ་ཀྵིམ་ཡིན། ཛྷཻ་ཀྵིམ་ཡིན་པ་གང་ཞིག་ལ་ལི་དམར་དང་ལི་སྨུག་མ་ཡིན་པར་འདི་བརྟག་ཐབས་ཀྱིས་བརྟགས་ནས་སྣང་མུན་མཚམས་ལ་བཞག་ནས་མཇལ་ན་འཇའ་མདངས་གསལ་ལུགས་ལ་བལྟས་ན་སྣ་ཚོགས་འདུས་པའི་ཛྷཻ་ཀྵིམ་ཞིག་ལ་ངོས་འཛིན་རྒྱུའི་ཆ་རྐྱེན་འགྲིག་ཡོད་པ་དང་། འདིའི་སྐུ་ལུས་ཀྱི་ཚ་གསེར་ཞུགས་སྟངས་ལས་དཔག་ན་ཝཱ་རཱ་ཎ་སཱིའི་དབུས་ལི་ཞིག་ལ་རིགས་ཡོད་འདུག འོན་ཀྱང་སྐུ་ཤ་ལ་བལྟས་ན་སྐུའི་ཤ་ཉམས་རྒྱས་པ་ནི་རྒྱ་ནག་གི་ལི་མའི་ཁྱད་ཆོས་ཤིག་ཡིན་པ་དང་། ཁྱད་པར་དུ་ཏཱ་མིང་རྒྱལ་པོའི་རྒྱ་ནག་ལི་སར་འབྱོན་ལེགས་དང་སྒྲོས་གཙང་ཡོད་པ་ཡིན་པས་དེ་ལ་འདྲ་ཉེ་བ་ལྟ་བུ་ཞིག་ཡོད་ཀྱང་། ཤང་དང་སྤྱན་དཀྱུས་དང་མཆུ་སྒྲོས་སོགས་ཀྱི་ཐད་ནས་བལྟས་ཡོང་ན་ཁྱད་པར་ཆེན་པོ་ཡོད། དེས་ན་འདི་ཛྷཻ་ཀྵིམ་རིགས་ལྔའི་ནང་ནས་ཨ་གྲ་དྷ་རི་ཞེས་པའི་སྣ་ཚོགས་འདུས་པའི་ཛྷཻ་ཀྵིམ། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱུ་ཅན་ལ་ངོས་འཛིན་བྱས་ན་ཆོག་པ་ཡིན། བོད་ཀྱི་ཆོས་རྒྱལ་ལི་མ་ལ་སྔ་བར་ཕྱི་གསུམ་ཡོད། སྔ་བ་དེ་སྲོང་བཙན་སྒམ་པོའི་དུས་དང་། བར་བ་དེ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། ཕྱི་མ་དེ་མངའ་བདག་རལ་བ་ཅན་གྱི་སྐུ་དུས་སུ་བྱུང་བ་ལ་གཙོ་བོར་འཛིན་པ་ཡིན། དུས་ཕྱིས་སུ་ཆོས་ལི་ལ་འདྲ་བཟོ་བྱས་པ་ཡང་ཡོད་པས། ཆོས་རྒྱལ་ལི་མའི་འདྲ་རྒྱ་ནག་དང་ནོར་འདུག་པ་ཡོད་པར་གྲགས་ཤིང་། གསལ་བོ་ངོ་མ་ཞིག་ཟེར་ཤེས་དཀའ་བ་ཡིན་པར་སྨྲ། འགོ་ཚའི་སྒྲོལ་མ་གཟི་འབར་མ་ཟེར་རྒྱུ་ཞིག་ཡོད་རྒྱུ་འདི་ཆོས་རྒྱལ་ལི་མ་ཕྱི་མའི་རྗེས་ཀྱི་བཀའ་གདམས་རག་སྐུ་ཟེར་བ་ལྷོ་བྲག་དང་གཉལ་ལུང་སོགས་ནས་ཐོན་པའི་རིགས་དེ་ཡིན་ངེས། སྒྲོལ་མའི་སྐུ་འདྲ་བསྟན་འབྱོར་ཚང་གིས་ཕུལ་བ་དེ་དང་། ཅོག་རྡིས་ཚང་གིས་ཕུལ་བ་འདི་གཉིས་ཀ་ལས་གཅིག་ནི་མདོག་སེར་ཤས་ཅན་ཞིག་དང་། ཅིག་ཤོས་དེ་སྐུ་མདོག་སྨུག་ཤས་ཅན་ཞིག་ཡོད་པ་རེད། རྒྱུ་རིགས་ངོ་བོ་གསུམ་པོའི་ཐད་ནས་འདི་གཉིས་ཀ་མཆོག་ཕལ་གྱི་དབྱེ་བ་མི་འབྱེད་ལ། དབུ་སྐྲ་ལི་བ་ཡིན་མིན་དང་། ཨུཏྤལ་སྙན་གོང་ལ་འཁྲིལ་ལུགས་ཀྱི་ཁྱད་པར་དང་། གོས་རིས་དང་སྐེད་སྐབས་ཕྱེད་ལུགས་སོགས་ཕྱོགས་མང་པོ་ཞིག་ནས་དཔེ་བླུགས་ཁུངས་གཅིག་མིན་ཀྱང་། དུས་རབས་སྔ་ཕྱིའི་ཁྱད་པར་མེད་པ་ལྟ་བུ་ཞིག་དང་། འདི་གཉིས་རྒྱ་གར་མ་ཞིག་ཡིན་པ་ནི་ནོར་མེད་ཡིན་པས། འདི་རྒྱ་གར་ཤར་མ་ལ་ངོས་འཛིན་བྱེད་དགོས་འདུག་སྙམ། འགོ་ཚ་ཚང་གི་གུ་རུ་པདྨ་འོད་འབར་འདི་རྒྱ་གར་རྒྱ་ནག་ཧོར་དང་ལི་ཡུལ་ནས་ཐོན་པའི་རྒྱུ་དངོས་པོའི་ངོས་ནས་ལི་མ་ལ་སོགས་པའི་མིང་ཡོད་པ་ཞིག་ཅང་མ་རེད། ངས་བསམ་ན་འདི་ཆབ་མདོའི་བལ་བོ་ཚང་གི་མི་ཐོག་སྔོན་མ་ཞིག་གིས་མགར་བ་ཡིན་འདུག་སྙམ། ངས་ཚོད་འཇོག་བྱས་ན་རྫོགས་ཆེན་ཚང་གི་ཆོ་འཕྲུལ་ཟླ་བའི་བུམ་སྒྲུབ་དེ་འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱིས་འཚོགས་པ་ཡིན་པས། དེ་དུས་ཀྱི་ཆོས་བརྒྱུད་དགོན་ལག་མང་ཆེ་བའི་བུམ་སྒྲུབ་དེ་སྤྱི་འདུས་ཡིན་པ་དང་། དེའི་སྐབས་ཀྱི་འགོ་རྫོགས་གཉིས་ཀ་གཅིག་བྱས་ན་མི་སུམ། གཉིས་བྱས་ན་མི་ཉན་བའི་དུས་ཚོད་ཅིག་ཚེས་མྱོང་བའི་དུས་རེད། ཁྱད་པར་དུ་འགོ་ཚའི་རྒྱ་སེར་ནག་གཉིས་ཀས་རྫོགས་ཆེན་ཚང་གི་གཉེར་ཕྱག་མཛོད་བྱས་ནས་བསྟན་སྲིད་ཀྱི་འགན་ཆེན་པོ་ལེན་འདུག་སྐོར་གྱི་མི་འགྱུར་ནམ་རྡོར་གྱི་དུས་རབས་ལ་འདི་ནས་ཕར་སོང་བ་ཞིག་ཡིན་སྲིད་ནའང་ཆོག་འདུག་སྙམ་པའི་རྣམ་རྟོག་ཤར་མྱོང་། འོན་ཀྱང་སུ་ཞིག་གིས་དེ་ལྟར་ཡིན་པར་སྨྲས་པའི་གཞི་འཛིན་སའི་གཏམ་འདྲ་ནི་ཅང་མེད། མདོར་ན་རྒྱུའི་ངོས་ནས་ངོ་མཚར་ཅན་དེ་འདྲ་ཅང་མ་རེད། བྱིན་རླབས་ཅན་ཡིན་རྒྱུ་རེད་སྔར་ཡང་བུམ་སྒྲུབ་ཀྱི་སྒྲུབ་རྟེན་བྱེད་མྱོང་ན་ཅི་ཤེས་སྙམ་པ་ཡིན། དེ་མིན་གཞན་པ་ཚོ་རེ་རེ་ཁ་ནས་བཤད་མི་དགོས་པར་གཟིགས་ཡོང་དུས་མཁྱེན་ངེས། དེ་རིང་ཁར་རྩང་མི་ཚང་མས་ཕྱིའི་རྟེན་གཞི་གཙུག་ལག་ཁང་ཞིག་མཇལ་བའམ། ནང་གི་རྟེན་གསུམ་སྐུ་གསུང་ཐུགས་རྟེན་ཞིག་མཇལ་ན་འདྲ་དང་པོ་ནས་དངུལ་གྱི་རིན་གོང་གི་རྩིས་གྲངས་ཞེ་ལ་ཤར་བ་ཡིན་པས། འདིའི་ནང་གི་ཐུབ་པ་གཡུ་ཐོད་མ་འདི་དང་། སྒྲོལ་སྐུ་སེར་སྨུག་རྣམ་གཉིས་སྟེ་བསྟན་འབྱོར་ཚང་གི་སྒྲོལ་མ་དང་། ཅོག་རྡིས་ཚང་གི་སྒྲོལ་མ་དེ་གསུམ་པོ་འདི་གཅིག་བས་གཅིག་གི་དགའ་ཡིན། གདམ་དགོས་ན་གདམ་ངོ་མི་འབྱེད། འདི་ཁག་གཉིས་ཀའི་སྒྲོལ་མའི་སྐུ་འདྲ་འདི་གཉིས་ཀ་རེ་རེ་ལ་ན་ནིང་གཞེས་ནིང་གོང་ཚད་བརྒྱབ་དུས་དམངས་སྒོར་ཁྲི་བརྒྱ་སྐོར་རི་ངེས་ཞེས་བཤད་མྱོང་ཡང་། དེང་སང་བལྟས་ཡོང་ན་ཉོ་ཚོང་བྱེད་མཁན་ཞིག་གིས་ཁྲི་ལྔ་བརྒྱ་དང་ག་ལ་བརྗེ། འབྱོར་ལྡན་ཞིག་གིས་ཁྲི་སྟོང་ཕྲག་ཀྱང་སྦྱིན་ངེས། སྒོར་མོ་ཁྲི་སྟོང་ཕྲག་ལོན་རྒྱུ་ཡོད་རྒྱུ་ཞིག་རེད། འདི་འདྲའི་སྐུ་རྙིང་རྩ་ཆེན་ཉམས་མེད་པ་ལོན་རྒྱུ་དཀའ་མོ་རེད། མི་བཅུ་ཡིས་མི་རེས་ཁྲི་བརྒྱ་རེ་རུག་ཡོང་ན་ཁྲི་སྟོང་ཕྲག་ཁ་གང་རྒྱུ་མེད་རྒྱུ་ཞིག་མ་རེད། དེའི་ཁྲི་སྟོང་ཕྲག་བོ་ཁྱེར་སོང་ནས་འདི་གཉིས་ཀ་གང་ཡིན་ན་གཅིག་དང་ཨ་ན་མ་ན་ཞིག་ཁྱེར་ཤོག་ཟེར་ན། བཙོང་མཁན་རྣམས་ཀྱིས་ནི་སྔར་ནས་བཙོང་ཚར་བ་དང་། མི་བཙོང་མཁན་གྱིས་ནི་ད་དུང་ཡང་བརྗེ་རྒྱུ་མ་རེད། དེང་སང་བོད་ནས་ཕྱིའི་རྟེན་གཞི་བཞེངས་བསྐྲུན་གྱི་ཐད་ནས་རྫོགས་ཆེན་ཚང་དྲག་ཤོས་ཀྱི་གྲལ་ལ་མེད་ན་ཞན་པའི་གྲལ་ལ་མེད་ཅིང་། སྒོར་དུང་ཕྱུར་དུ་ཙམ་སོང་ཡོད་པ་ནི་ཁང་པ་སྤྱི་ཁྲུ་རྒྱ་དཔངས་གྲུ་བཞི་མ་རེ་ལ་སྒོར་མོ་ཅི་ཙམ་ཡིན་གྱི་རྩིས་ཐམས་ཅད་ཀྱིས་ཤེས་གསལ་རེད། མཚམས་རེར་རྫོང་རེ་བས་ཀྱང་འདི་ཚང་གི་འཛུགས་བསྐྲུན་གྱི་རྒྱ་ཆེ་རབས་ཀྱང་བཤད་པ་རེད། འོན་ཀྱང་ངས་བལྟས་ན་ཕྱིའི་བཞེངས་བསྐྲུན་བས་ནང་རྟེན་སྔོན་རྗེས་ཐམས་ཅད་བསྡོམས་ཡོང་ན་རྫོགས་ཆེན་ཚང་ལ། མི་སྐྱ་ཕོ་མོས་ཟེར་ཟེར་བྱས་ན་ཕྱི་རྒྱུ་བས་ནང་ཟོག་གིས་ཆེ་བ་ཞིག་ཏུ་སོང་ཡོད་སྙམ་པ་ཡིན། འོན་ཀྱང་ངས་བལྟས་ན་ད་རུང་རྒྱུ་ཆེ་བ་ངོ་མ་བོ་དང་། རྩ་ཆེ་བ་ངོ་མ་བོ་དེ་ཕྱི་རྒྱུ་ནང་ཟོག་གཉིས་ཀ་མིན་པའི་གསང་བའི་ནོར་མཆོག་གང་ཟག་གི་རྒྱུད་ན་ཡོད་པའི་དམ་པའི་ཚུལ་དགུའི་ཡོན་ཏན། རྒྱལ་བསྟན་ལུང་རྟོགས་ཀྱི་བདག་ཉིད་བཤད་དང་སྒྲུབ་པ་གཉིས་ཀའི་སྔར་རྒྱུན་མི་ཉམས་པར་འཛིན་པའི་ནུས་པ་ཡོད་རྒྱུ་དེ་ངོ་མཚར་ཅན་གྱི་རྒྱུ་ནོར་འཛད་མེད་ཀྱི་གཏེར་མཛོད་ཡིན། ཕྱིའི་དངོས་པོའི་རིགས་འདི་དག་ནི་རྟག་བརྟན་ཅན་ཞིག་མ་ཡིན་པས། དེ་དག་དབང་དུ་འདུས་པའི་མི་དེ་རྩ་ཆེན་ཡིན། མིའི་ནང་ནས་ཀྱང་མིང་དང་ཕྱི་ཚུལ་ཙམ་ཞིག་མ་ཡིན་པར་ཡོན་ཏན་ཁྱད་དུ་འཕགས་པ་ཡོད་པའི་མི་དེ་རྩ་ཆེན་རེད། དེས་ན་འཇིག་རྟེན་ན་དཀོན་པའི་རིན་ཐང་ཅན། རིན་ཐང་བརྗོད་ཐབས་བྲལ་བའི་ཁྱད་འཕགས་ཀྱི་རིན་ཐང་ཅན་གྱི་རྒྱུ་རྩ་ཆེན་དེ། བན་ཆུང་རེ་རེའི་རང་རྒྱུད་ནས་བརྩོན་པ་ཡོད་ན་རང་གིས་རང་ཉིད་ལ་བསྐྲུན་ཆོག་པ་ཡིན། མི་ལ་ཡོན་ཏན་མེད་ན་རྟེན་གསུམ་ཕར་ཤོར་འགྲོ་ཞིང་། གལ་ཏེ་མ་ཤོར་ནའང་ལྷ་གཉེར་ཞིག་གི་གོ་ཆོད་ཙམ་ལས་མི་འདའ། དེས་ན་སྐུ་ལི་མ་བས་མི་ལི་མས་རིན་ཐང་ཆེ་བ་དང་། ལྕགས་རག་ཟངས་གསུམ་དང་རྡོའི་རིགས་ཀྱི་ནོར་བུ་བས་མིའི་ནོར་བུ་རྩ་ཆེ་བས་མ་ཟད་བེམ་ཤེས་གཉིས་ཀ་ལས་ཤེས་པ་ཅན་གྱིས་ལོས་དགའ། ཤི་གསོན་གཉིས་ཀ་ལས་གསོན་པོས་དགའ་བ་ཡིན་པ་ལྟ་བུ་རེད། མིའི་ནོར་བུ་རང་གིས་རང་གྱིས་དང་། སྤྲང་པོའི་མི་ལ་ཡོན་ཏན་ཡོད་ན། །དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་དཔེ་ལྟར་ཡིན། ཕྱིའི་རྟེན་གཞི་བཞེངས་བསྐྲུན་ཁྲི་བརྒྱ་ཚོ་སྟོང་ཚོ་མང་པོས་བཞེངས་པ་དང་། ནང་རྟེན་ཁྲི་ཚོ་བརྒྱ་ཚོའི་རིན་པ་མི་དེས་བཞག་པ་རེད་ཟེར་དུས་སྐད་གྲགས་འདྲ་ཞིག་ཡོད་པས། དེ་འདྲ་ཞིག་ཧ་བོ་ཨེ་ཤེ་མ་བསམ་མ་གཏོགས་གཞོན་ཆུང་སྡེ་སྣོད་འཛིན་པ་ཡིན་ན་ལམ་ལོག་ཏུ་འཁྱར་རྩིས་རེད། སྤྱིར་ན་གོང་གི་དེ་ཚོ་སྐད་གྲགས་ལོས་ཡོད་བསོད་ནམས་བསགས་སྟོབས་ཀྱང་ཆེ་བ་ཡིན། སྒོར་རྡོག་བརྒྱ་ཚོ་སྟོང་ཚོ་བཏང་དགོས་ན་ཤ་དེ་ནས་བཅད་པ་བཞིན་དུ་ཚ་མཁན་ཞིག་གིས་སྒོར་རྡོག་ཁྲི་ཚོ་མང་པོ་བཏང་བ་དང་། དེས་མི་ཚད་རང་གི་རུམ་ན་ཡོད་པའི་རྒྱུ་སྙིང་དམར་ཅན་ལྷག་པར་དུ་གཏོང་མི་ཐུབ་ཀྱང་། ལྷག་བསམ་ལྷད་མེད་ཁ་ཡིས་བཤད་མི་དགོས་པར་དོན་མིག་གི་བལྟ་ས་ཡི་ཐད་ན་ཡོད་པའི་དཔེ་མཚོན་མ་འདྲ་བ་རེད། དེས་ཀྱང་མཚོན་དུ་མེད་པ་ནི་མཁས་པའི་ཡོན་ཏན། བཙུན་པའི་ཚུལ། བཟང་པོའི་གཤིས་རྣམས་ཡིན་པས། གནའ་བསོད་ནམས་སྟོབས་ཆེན་བསགས་པའི་རྒྱལ་བློན་འབངས་གསུམ་ཅི་འདྲའི་མང་པོ་ཡོད་ཀྱང་། ད་ལྟ་མཐོང་དུ་ཡོད་པ་ནི་གྲྭ་བཙུན་རྐྱང་པའི་ཚུལ་མཛད་ནས་སྦྱངས་པའི་ཡོན་ཏན་ལ་གནས་མཁན། སྐྱེས་སྦྱངས་ཀྱི་མཁྱེན་རབ་དང་ལྡན་པ་འགའ་རེས། མདོ་རྒྱུད་ཀྱི་འགྲེལ་བ་དང་། མན་ངག་གི་ཡི་གེ་བརྩམས་མཛད་པའི་ཡིག་སྣ་རེ་རེའི་གོ་དོན་ཡང་འུ་ཚོས་མི་ཚེ་རིང་དུ་བསམ་བློ་གཏོང་འདུག་དགོས་པ་བྲིས་ཡོད་པ་དེ་ཚོ་བྱས་རྗེས་རླབས་ཆེན་རེད། དེ་ཚོ་རེ་རེ་མཇལ་བཞག་དུས་འཇམ་དཔལ་དབྱངས་དངོས་ཡིན་འདུག་སྙམ་པ་དང་། སྤྱན་རས་གཟིགས་ཀྱང་དེ་བའི་ཕན་ལ་ཨེ་ཡོད་ན་སྙམ་དགོས་པ། འཛམ་གླིང་ལ་ངོ་མཚར་ཅན་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེང་སང་གེ་སར་གྱི་སྒྲུང་ཡིག་ཙམ་མ་གཏོགས་ལྟ་མ་ཤེས་པར་འདུག། གེ་སར་གྱི་སྒྲུང་གཟུགས་སུ་མ་གྲུབ་པའི་དངོས་པོའི་ཤུལ་བཞག་གི་ནང་ནས་རྩ་ཆེན་རེད་ཟེར་བར་འདུག འོན་ཀྱང་ནང་གི་བོད་མི་འགའ་རེས་དེའང་རྟོག་བཟོ་རེད་ཟེར་མདོག་བྱེད། དངོས་ཡོད་དངོས་མེད་ལ་སྒྲུབ། གཟུགས་ཅན་གྲུབ་གཟུགས་ལ་བཅོས། གྲུབ་གཟུགས་གཞི་མེད་རེད་བྱེད་ཀྱི་རྩོམ་ཡིག་བྲིས་ནས། རྩོམ་ཡིག་གི་ཡིག་འབྲུའི་ཁ་གྲངས་ལ་བརྟེན་པའི་ཁོ་རང་གིས་གླ་ཕོགས་ཤོག་སྒོར་རེ་ལོན་པའི་འདེང་བརྒྱབ་ནས། ཕ་ནོར་རྡོ་མགོ་ལ་རྒྱག་རྒྱུ་དེ་འབུ་ཞིག་ལ་མི་རྩི་བ་དེ་འདྲ་ཡང་མི་ཉུང་པ་ཞིག་བྱུང་བ་ཡིན། དགེ་འདུན་ཆོས་འཕེལ་གྱིས་གེ་སར་རྒྱལ་པོ་ལོགས་སུ་མ་མཆིས་གསུངས་པ་དེ། བོད་རང་གི་མི་ལས་གཞན་ཞིག་ཡིན་པའི་འཁྲུལ་བ་ཟློག་ཐབས་ལ་དེ་ལྟར་གསུངས་པ་ཡིན། འཁྲུལ་བ་ཅི་ཞིག་བཟློག་རྒྱུ་ཡོད་ཟེར་ན་སོག་པོ་ལ་སོགས་པ་མི་རིགས་གཞན་གྱིས་ཀྱང་འདྲ་འདྲ་བ་ལ་ནོར་སོ་གཏོད་མཁན་ཡོད་པ་རེད། དེ་ནི་དངོས་ཡོད་གནས་ཚུལ་རེད། འོ་དེ་ཚོ་སྐད་ཆ་འཕྲོས་སོང་བ་རེད། ད་འདིའི་རྟེན་རྫས་འདི་དག་པར་ཞིག་བརྒྱབ་ནས་ཁ་བྱང་དང་བཅས་པ་ཁྱེད་རྣམ་པ་ལ་གཟིགས་བདེ་མོ་བྱས་ནས་སྦྱར་ཡོང་། འདི་དག་གིས་ད་ལོའི་ཞིང་སྒྲུབ་སྐབས་སུ་དད་ལྡན་མང་ཚོགས་ལ་རྟེན་དབང་ཞིག་བསྐུར་ནས། དེ་ནས་གཟའ་སྐར་ཡག་ཉིན་ཞིག་ལ་སྤོས་བསུ་རྒྱགས་གླིང་གིས་མར་དགོན་ནང་དུ་གདན་འདྲེན་ཞུ་དགོས། ཕྱིན་ཆད་ཞིང་སྒྲུབ་དེ་འདི་ནས་ཚོགས་རྒྱུ་ལ་ངེས་པ་མེད། ད་ལོ་བཀྲ་གདོང་སྡེ་བས་ན་ནིང་ཨུ་ཚུགས་བརྒྱབ་པ་དེ་ཡིས་འཚོག་རྒྱུ་བྱས་པ་ཡིན། བཀྲ་གདོང་སྡེ་བ་ལ་ངས་མིང་གསར་བ་མཚོ་ཁྲི་ཀླུ་ཕྱུག་སྡེ་བ་ཞེས་བཏགས་ཡོད། བཀྲ་ནང་གདོང་ནང་གཉིས་ཀ་གནའ་ཡི་སྡེ་བ་གཉིས་དེ་ལྔ་བཅུ་ང་དགུ་ལོར་བསྡོམ་བཞག་པ་རེད། དེ་ཡིས་ངས་སྡེ་བ་ཆགས་སའི་ཕྱོགས་ཀྱི་ས་མིང་དང་བསྟུན་ནས་མིང་གཉིས་འབྱར་ཞིག་བཏགས་པ་ཡིན། སྡེ་བ་ཆུང་ནའང་ལྷག་བསམ་རྣམ་དག་སྡེ་བ་གཙང་མ་ཡིན། ས་བ་སྟོད་ཀྱི་རྐང་གླིང་གོང་འགབ་གཉིས་ཀ་ཤྲཱི་སེང་གི་འབྲོག་སྡེ་ལ་གཡར་ནས་མི་ལོ་སུམ་བཅུ་ཡིས་མི་ཚད་པས། ཐང་རྙེད་རྒད་པོའི་ངོ་ལ་བལྟས་པ་དང་། ཡུལ་སྡེ་བའི་རེ་འདུན་ལ་བསྟུན་ནས་ད་ལོ་འཚོག་རྒྱུ་བྱས་པ་ཡིན། འདིའི་ནང་ལ་སྡེ་བ་དེ་ལ་གཏོགས་པའི་གྲྭ་བ་ཡོད་པ་དག་གིས། ཞིང་སྒྲུབ་ཚོགས་པའི་དུས་སུ་ང་ལ་བརྟན་བཞུགས་འབུལ་རྒྱུ་དང་འབུལ་བ་རྒྱག་རྒྱུའི་དེ་ཚོའི་འདེང་མ་རྒྱག་ཅེས་ཤོད་ཤོག རྟེན་གསུམ་ཚང་མ་གདན་འདྲེན་ཞུ་ཤུལ་ན། ད་འདི་ཚང་ལ་ཅི་ཡང་མེད་པས་སྐོར་ཚད་བཞག་པ་དེ་ཡང་རང་ག་རང་ག་ཡིན་པར་སེམས་མི་དགོས། ཐུགས་དམ་ཙིན་ཏ་མ་ཎི་ཞེས་པ་སཱ་ཙྪ་མཐེ་རྡོག་འདྲ་ཞིག་ཡོད་པ་དེ། དུས་འདི་ལ་ལྷག་པ་བྱིན་རླབས་མྱུར་བ་དོན་གྱི་འགྲེལ་བཤད་མང་པོ་ཡོད་པ་ཞིག་དང་། ཇོ་བོ་རྒྱ་ནག་མ་ལོ་རྒྱུས་སྔར་ཡང་ཞུས་བཞིན་པ་སྔར་མི་ཉག་རབ་སྒང་ལ་བཞུགས་པ་དེ་ས་འདིའི་བསོད་ནམས་ཀྱི་རྟེན་སྐལ་ལ་བྱོན་པ་དེ་ཚོ་བཞུགས་པ་དང་། མ་ཚད་ལི་མ་ཆ་ངེ་ཆུང་ངེ་དུས་རྒྱུན་དུ་ཡོང་འདུག་རྒྱུ་ཞིག་རེད། རབ་རེ་ཕར་གཟུངས་གཞུག་ལ་ཕུལ་བ་ཡིན། དེ་ཚོ་རྒྱུན་མཐོང་གི་གནས་ཚུལ་རེད་བཤད་རིན་ཡོད་རྒྱུ་ཞིག་མ་རེད། མདོ་ཚང་གི་ནང་རྟེན་མང་ཆེ་བ་མདོ་མཁྱེན་རྩེའི་གཏེར་མ་ཤ་སྟག་ཡིན་པ་དང་། མདོ་རིན་པོ་ཆེའི་གཏེར་མ་གཟིའི་སྒྲོམ་བུ་དེ་གུ་རུ་ཡིད་བཞིན་དབང་རྒྱལ་གྱི་ཐུགས་ཀའི་གཟུངས་ལ་ཕུལ་བཞག་ཡོད་དེ་ཚང་མས་མཁྱེན་བཞིན་པ་དང་། གཞན་ཡང་ཐུབ་པ་གྲོང་ཁྱེར་མ་དང་། རྒྱལ་སྲས་རིག་པའི་རལ་གྲིའི་རལ་གྲི་ལ་སོགས་པ་དཀར་ཆག་ལྟར་དུ་བཞུགས་པ་ཡིན། རྟེན་འདི་ཚོ་རེ་རེ་ལ་དགོན་པ་རེ་རེའི་ཆགས་རྟེན་གྱི་ལྷ་ཁང་ཐོག་བརྩེགས་དགུ་བ་རེ་བཞེངས་ན་ཆོག་པ་ཏག་ཏག་ཡིན། གཞན་ཡང་གནས་འདི་དང་ཆོས་གྲྭ་འདི་ནས་རྫོགས་པ་ཆེན་པོའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པ་མི་ལོ་བཅུ་ཕྲག་ལ་འཆད་ཉན་སྒོམ་སྒྲུབ་དང་ཆོས་དུང་གི་རྒྱུན་མ་ཆད་པས་ན། འབྲེལ་ཚད་དོན་ལྡན་གྱི་བྱིན་རླབས་ནུས་པ་ཞིག་འཐོབ་རྒྱུ་ཡོད་པ་ནི་རྒྱལ་བའི་བཀའ་དང་བླ་མའི་ལུང་གིས་གྲུབ་པ་ལ་བསྐྱར་བཟློས་མི་དགོས། དེ་ཡིས་དུས་ཚོད་ཟེར་རྒྱུ་བོ་འགྲོ་མགྱོགས་པ་རེད། དོ་ཞག་ཚོགས་འཁོར་འཚོགས་ནས་ཉི་མ་བཅོ་ལྔ་བུད་སོང་སས། སང་ཉིན་ཡང་གྲོ་བཞིན་ཟླ་བའི་ཚེས་པ་བཅུ་ལ་ཁེལ་བ་རེད། སྔ་དྲོ་གྲ་སྒྲིག་བྱས་ནས་ཕྱི་དྲོ་ཚེས་བཅུའི་ཚོགས་འཁོར་མཛད་རྒྱུ་བྱེད། ཞལ་འདོན་དེ་རིག་འདུས་ཀྱིས་གཞུང་བསྲངས་ནས་འདོན་པ་དང་དབྱངས་དང་ཕྱག་རྒྱ་བསྡུས་པ་དོ་ཞག་དེ་འདྲ་ཞིག་བྱས་ན་ཆོག དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱིས་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།