ཉིན་ཉེར་བཞི་པའི་ཆོས་ཁྲིད།
དེ་ཡང་འདི་ལྟར་ནམ་མཁས་གར་ཁྱབ་ཏུ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ཏུ་ལས་ཉོན་གྱིས་ཁྱབ། ལས་ཉོན་གྱིས་གར་ཁྱབ་ཏུ་སྡུག་བསྔལ་གྱིས་ཁྱབ་པའི་ཁམས་གསུམ་འཁོར་བའི་གནས། མཐོ་དམན་འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་འཕྱན་པའི་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སྐྱབས་མེད་མགོན་མེད། ཉམ་ཐག་པའི་སེམས་ཅན། ཐོག་མེད་ནས་ཕ་མར་མ་གྱུར་པ་མེད་པ་འདི་དག་ཐམས་ཅད་གཅིག་ཀྱང་མ་ལུས་པ། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པར་འགོད་པར་བགྱིའོ། །དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཐོས་བསམ་སྒོམ་སྒྲུབ་ལ་ཞུགས་པ་ཡིན་སྙམ་པའི་ཐུགས་འདུན་གྱིས་ཞུགས་དང་འཇུག་བཞིན་པ་ཡིན་ལ། དེ་ཡང་དལ་འབྱོར་རྙེད་པར་དཀའ་བ། ཚེ་ལ་ངེས་བརྟན་མེད་ལུགས། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་ཡིན་པ། དཀར་ནག་ལས་ཀྱི་རྒྱུ་འབྲས་ལ་བསླུ་བ་མེད་ལུགས་རྣམས་ཤེས་ནས། འཁོར་བ་ལ་སྐྱོ་བ་སྐྱེས་ཤིང་ཐར་བ་ལ་འདུན་པའི་སེམས་ཤིག་རྙེད་དེ་ངེས་འབྱུང་གི་བློ་སྐྱེས་པ་ཡིན་ལ། གང་ལ་བསྟེན་ན་ཐར་ལམ་རྣམ་དག་ཏུ་ཁྲིད་པའི་དགེ་བའི་བཤེས་དང་། དགེ་བའི་གྲོགས་ཀྱི་མཚན་ཉིད་ཀྱང་ཤེས་པས་མི་ཚད། ཐར་བའི་ལམ་ལ་ཞུགས། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འཇུག་མཁན་རང་ཉིད་ཀྱིས། གུས་པའི་ཚུལ་གྱིས་ཆོས་ཇི་ལྟར་ཉན་ཚུལ་དང་། ཉན་པའི་ཆོས་ཀྱི་བདུད་རྩི་དེས་རང་རྒྱུད་མ་ཞི་བ་ཞི་བ་དང་མ་དུལ་བ་དུལ་བའི་ཐབས་བྱས་ཏེ། སྔར་གྱི་མ་ཞི་མ་དུལ་བའི་སྐྱོན་དེ་བཅོས་ནས། ཇི་ལྟར་ལམ་ལ་སློབ་ཚུལ་དེ་ལ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོད་པས་ན། དེ་ཡང་ཐེག་ཆེན་གྱི་ལམ་ཡན་ལག་དང་བཅས་པར་འདུས་པའི་གནད་ཆ་ཚང་ཤེས་ཤིང་། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ལམ་གྱི་གཞུང་ཤིང་། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ་དེ་གང་ཡིན་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ནོ་སྙམ་ནས། དེ་ཉིད་རྒྱུད་ལ་བསྐྱེད་པ་ལ། སྔོན་དུ་སེམས་རྒྱུད་ལེགས་པར་སྦྱང་དགོས་པ་དེ་གནད་ཀྱི་གལ་མདོ་ཡིན་པ་དེ་ཐུགས་ལ་ངེས་ཤིང་། བཀའ་སྲོལ་རྣམ་པ་གཉིས་ཀྱི་བརྒྱུད་པ་སོ་སོའི་ཕྱག་ལེན་འདེབས་ལུགས་ཀྱི་བློ་སྦྱོང་རེ་ཡང་སྔོན་དུ་སོང་བའི་ཐོག་ནས། རྒྱལ་བ་ཀློང་ཆེན་པས། དེ་ལྟར་ཚད་མེད་ལེགས་པར་གོམས་པ་ཡིས། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་གཉིས་བསྒོམ། །ཞེས་གསུངས་པ་ལྟར་དུ་བློ་སྦྱོང་གི་དབྱེ་བསྡུ་དང་མིང་གི་རྣམས་གྲངས་གསུང་ལུགས་མི་གཅིག་པ་སྣ་ཚོགས་གང་གི་ཐད་ནས་གསུངས་ཀྱང་། དོན་གྱི་འབབ་ས་གཅིག་ལ་འབབ་པ་སྟེ། རྒྱུ་འབྲས་མན་ངག་བདུན་ལྡན་གྱི་རྒྱུ་བཞི་ཚད་མེད་བཞིའི་ཁོངས་སུ་འདུས་པ་དང་། ལྷག་པའི་བསམ་པ་བྱང་ཆུབ་སེམས་ཀྱི་ཁོངས་སུ་འདུས་པ་དང་། འབྲས་བུ་ལ་གཉིས་སུ་ཕྱེས་ཏེ་བདུན་མཛད་པས་ཀྱང་ཤེས་པ་ཡིན་ནོ། །དེ་ལྟར་ཡིན་ན་དེ་ལ་ཤེས་བྱེད་ཀྱི་ཁུངས་ཇི་ཞིག་ཡོད་ཅེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལྟར་དུ། གཅིག་ཏུ་བསྡུས་ཀྱང་འདུ་བ་ཡིན། ཀློང་ཆེན་པས་སེམས་ཉིད་ངལ་གསོ་ལས་སེམས་བསྐྱེད་འདི་ཁྲིད་རྐང་བཅུའམ་དོན་བཅུ་ཡི་ཐོག་ནས་གསུངས་པ་ཡིན། སྲོལ་གཉིས་གང་གི་ལུགས་ཡིན་ཡང་བྱང་ཆུབ་སེམས་བསྐྱེད་ཀྱི་སྐབས་སུ་དེའི་ཕན་ཡོན་གང་དང་ཡོད་པ་སྔོན་གསུངས་པ་དང་། སོ་ཐར་གྱི་སྡོམ་པའི་སྐབས་སུ་དང་པོ་སྡོམ་པ་བྱིན། དེ་ནས་བསླབ་བྱ་བརྗོད་ཀྱང་། བྱང་ཆུབ་སེམས་བསྐྱེད་ཀྱི་སྐབས་སུ་དེ་དང་མི་འདྲ་བ་སྔོན་དུ་གསུངས་པའི་རྒྱུ་མཚན་གང་ཡིན་ན། གང་ལ་བསླབ་པར་བྱ་བའི་གནས་ལ་བསླབས་ཏེ། བསླབ་པ་དེ་དག་སྲུང་ཐུབ་དང་མི་ཐུབ་ཀྱི་ཉམས་གཞིགས་རང་གིས་བླངས་ནས། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་དངོས་སུ་བླངས་ན་བཟང་ཆ་ཡོད་པའི་དགོངས་པ་ཡང་དོན་དངོས་དང་མཐུན་པའི་ཕྱག་ལེན་ཡིན་པའོ། །གང་ལྟར་བྱང་ཆུབ་ཀྱི་སེམས་ནི། སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་ལ་གྲུ་ལྟ་བུ་དང་། འཁོར་བ་ངན་སོང་གི་འཇིགས་པ་འཕྲང་དམ་པོ་ལས་སྒྲོལ་བར་བྱེད་པ་ལ་སྐྱེལ་མ་དཔའ་བོ་ལྟ་བུ། ལས་དང་ཉོན་མོངས་བུད་ཤིང་སྲེག་པར་བྱེད་པ་ལ་མེ་དཔུང་ལྟ་བུ་ཡིན་ཞེས་དཔེ་དེ་དག་བཞག་སྟེ་སྲིད་ནས་ཞི་བ་འདྲེན་པའི་ཕན་ཡོན་སྡོང་པོ་བཀོད་པའི་མདོ་དང་འཕགས་པ་བྱམས་པའི་རྣམ་པར་ཐར་བ། ཁྱད་པར་དུ་རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ལས་ཞིབ་པར་གསུངས་པ་སྟེ། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་དང་། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཞེས་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་སེམས་དེ་བསྐྱེད་ན་འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བའི་ཕན་ཡོན། ཀུན་མཁྱེན་ཆེན་པོས་ཀྱང་། གང་ལ་སེམས་པ་མངོན་གྱུར་མེད་ན་ཡང་། །སྙིང་རྗེའི་དགེ་རྒྱུན་གོང་ནས་གོང་འཕེལ་ཞིང་། །མཉམ་བཞག་ན་ཡང་ཐབས་ཤེས་ཟུང་དུ་འབྲེལ། །ལུས་ངག་རྩོམ་པ་ཐམས་ཅད་དོན་ཡོད་ཅིང་། །ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་སྡོང་འགྱུར། །ཞེས་གསུངས་ཏེ། དེ་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་ཡོད་ན། དེ་ཡོད་པའི་སྟབས་ཀྱིས་མཉམ་བཞག་མི་རྟོག་པའི་གནས་སྐབས་ན་ཡང་མཉམ་བཞག་གི་ཤེས་རབ་དང་ཟུང་དུ་འབྲེལ་བའི་སེམས་བསྐྱེད་ཐབས་ཤེས་ཟུང་དུ་འབྲེལ་ཞིང་། གཉིད་དང་རྒྱལ་བ་ལ་སོགས་སེམས་མེད་ལྔའི་གནས་སྐབས་ན་ཡང་བསོད་ནམས་རྒྱུན་མི་ཆད་པ། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟ་བུ་དང་། གཞན་ཡང་བརྩོན་པ་ཐམས་ཅད་དོན་ཡོད་པར་འགྱུར་བ་སྟེ། ལུང་མ་བསྟན་དང་། དགེ་བའི་སྤྱོད་པ་ཐམས་ཅད་ལ། སེམས་བསྐྱེད་མངོན་འགྱུར་གྱིས་འཕྲལ་དུ་མ་ཟིན་ན་ཡང་ཐོབ་ལ་མ་ཉམས་པའི་སེམས་བསྐྱེད་ཀྱིས་ཟིན་ན། ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་བར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་སེམས་བསྐྱེད་དང་ལྡན་པ་དེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བཀུར་བར་འོས་པའི་མཆོད་སྡོང་ཆེན་པོ། དགེ་བ་གོང་ནས་གོང་དུ་འཕེལ་བའི་ཕན་ཡོན་ཡང་། བསོད་ནམས་ཆ་མཐུན་གྱི་དགེ་བ་ཇི་ཙམ་བསགས་ཀྱང་། ཆུ་ཤིང་གི་སྡོང་པོ་ལྟ་བུ་འབྲས་བུ་ལན་གཅིག་བྱུང་ནས་དེའི་འཕྲོར་ཟད་ནས་མེད་པར་འགྱུར་བ་དེ་ལྟ་བུ་མ་ཡིན་པར་བྱང་ཆུབ་སེམས་དཔའི་དགེ་བ་ནི། ས་གཞི་བཟང་པོ་ས་བོན་ཆུང་ཆུང་བཏབ་ཀྱང་འབྲས་བུ་རྒྱ་ཆེན་འཕེལ་བ་དང་། རྒྱ་མཚོ་ཆེན་པོར་བབ་པའི་ཆུ་ཐིགས་དེ་ཆུ་ཐིགས་ཆུང་ཡང་འདྲེས་ས་རྒྱ་མཚོ་ཡིན་པས། ཆུ་ཐིགས་རྒྱ་མཚོ་དང་མཉམ་དུ་བསྐལ་བའི་བར་དུ་མི་ཟད་པ་ལྟ་བུ། འབྲས་ལྡན་ལྗོན་ཤིང་བཟང་པོའི་འབྲས་བུ་ལྟར་དུ་ཇི་ཙམ་བླངས་ཀྱང་ཟད་པ་མེད་པར་འཕེལ་བ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ཏེ། སྲིད་དང་ཞི་བའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དང་། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ཐམས་ཅད་ཀྱི་རྒྱུ་དང་། སྡུག་བསྔལ་གྱི་ནད་གསོ་ཞིང་ཡེ་ཤེས་ཀྱི་སྣང་བ་ཡང་འདིས་བསྐྱེད་ཅིང་སྦྱིན་པར་བྱེད་པ་སྟེ། ཇི་སྐད་དུ། འགྲོ་བའི་མགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །གསུངས་པ་ལྟར་དང་། ཡོན་ཏན་རྒྱ་ཆེ་ལུགས་ཀྱང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་དེ་གང་ཞེ་ན་འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་པོ་དེ་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་པར་འགྱུར་རོ། ཞེས་གསུངས་པ་དང་། དེ་བཞིན་དུ་ཆོས་ཀྱི་རྣམ་པ་དུ་མ་དག་ཀྱང་སྣང་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བྱིན་གྱིས་རློབ་པར་འགྱུར་བ་དང་། ཡོན་ཏན་རྒྱ་ཆེ་བའི་ཕན་ཡོན་ཡོད་པའང་མདོ་ལས། བཅོམ་ལྡན་འདས། འདི་ལྟ་སྟེ་དཔེར་ན། གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ་དཔེར་ན། ཡན་ལག་གི་དང་པོ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །དེ་བཞིན་དུ་ལྷག་པའི་བསམ་པ་གང་ལ་ཡོད་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། ཞེས་སོ། །གཞན་ཡང་དེ་བཞིན་གཤེགས་པ་མཆོད་པའི་མཆོག་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་པ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པ་ལ་དགོངས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བར་གསུངས་ཏེ། ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ནས། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ནས། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་པ་དང་། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་པ་ལ་སོགས་པ་གསུངས་སོ། །མདོར་བསྡུས་ན་ཕན་ཡོན་ཐམས་ཅད་སྡོང་པོ་བཀོད་པའི་མདོ་ལས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་གསུངས་པ་ནི་མདོར་བསྟན་དང་སྡོམ་ཡང་ཡིན་པས་ན་དེར་འདུས་པའོ། །དེ་ལྟ་བུའི་ བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་བོ་ནི། མགོན་པོ ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། སེམས་བསྐྱེད་པ་མཐའ་ཡས་ཚད་མེད་ཀྱི་འགྲོ་བའི་དོན་རབ་བསྒྲུབ་པའི་ཆེད་དུ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ཡིན་ཕྱིར། བྱང་ཆུབ་དམ་པ་དེ་ཉིད་བསྒྲུབ་བྱ་ཡིན་ལ། དེ་ལ་འདུན་པ་ལ་སོགས་པས་སྦྱོར་བ་ནི་སེམས་བསྐྱེད་ཡིན་དགོས་པས། སེམས་དང་སེམས་བྱུང་གང་ཡིན་ཡང་སེམས་དེ་དོན་གྱི་ངོ་བོ་རིག་པ་དང་སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པ་ཡིན་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞོར་དུ་བསྐྱེད་པ་ལ་གསུངས་པ་ཡིན་ནོ། །འདིའི་ངོ་བོའི་དབྱེ་བ་ནི་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་གི་ནང་ན། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སུ་གསུངས་ཤིང་། དེ་ཡང་ཇི་ལྟར་ཡིན་པ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་ཏེ། དབྱེ་བ་ཕྱེས་མཛད་ན་འདིར་བཞེད་ཚུལ་མང་ཡང་། རང་ལུགས་ཀུན་མཁྱེན་ཆེན་པོས་བསམ་པས་སྨོན་དང་སྦྱོར་བས་ཁྱབ་པ་ལ་བཞེད་པས། སྨོན་པ་སེམས་བསྐྱེད་བསམ་པས་སྨོན་པའམ་བྱང་ཆུབ་ཐོབ་པར་འདུན་པ་འགྲོ་བར་འདོད་པ་ལྟ་བུ་ཞིག་དང་། འཇུག་པ་སེམས་བསྐྱེད་སྦྱོར་བས་ཁྱབ་པ་དེའི་ཆོས་ལ་སྦྱོར་བ་འགྲོ་བཞིན་པ་ལྟ་བུ་ཞིག་ཡིན་པར་གསུངས་པ་དང་། སྨོན་པ་ཚད་མེད་བཞི་ཡི་ངོ་བོ་ལ། འཇུག་པ་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་བཤད་ཀྱང་ཆོག་པ་ཡིན། ཕར་ཕྱིན་བཅུ་དང་བསྡུ་དངོས་བཞི་ཡང་ཕྱིན་དྲུག་གི་ནང་ན་འདུ་བ་ཡིན། གཞན་དོན་དུ་སེམས་པ་དང་དགེ་བར་སྤྱོད་པ་སྨོན་འཇུག་ཏུ་གྲུབ་པའོ། །སེམས་བསྐྱེད་ཀྱི་དབྱེ་བ་མང་ཡང་གཉིས་སུ་དབྱེ་ན། ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས། དེ་ཡང་ཕྱི་རོལ་སེམས་ཅན་ལ་དམིགས་པ་སོ་སོའི་སྐྱེ་བོའི་སེམས་བསྐྱེད་ཀྱིས་བསྡུས་པ་ཀུན་རྫོབ་སེམས་བསྐྱེད་དང་། ནང་སེམས་ཉིད་ལ་དམིགས་པ་འཕགས་སའི་སེམས་བསྐྱེད་ཀྱིས་བསྡུས་པ་དོན་དམ་སེམས་བསྐྱེད། ཀུན་རྫོབ་སེམས་བསྐྱེད་ཆོ་གས་ལེན་པ་བརྡ་ལས་ཐོབ་པའི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་ཆོས་ཉིད་ལས་ཐོབ་པ་གོམས་པའི་སྟོབས་ཀྱིས་ཐོབ་པར་བྱ་བ་ཡིན་པ་དང་། ཚོགས་སྦྱོར་གྱི་ལམ་དུ་སྨོན་འཇུག་གི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་དེ་ལ་བརྟེན་ནས། བློ་སྦྱོང་ཞིང་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་པའི་མཐུ་དེ་ལས། མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་མངོན་སུམ་དུ་རྟོགས་པ་དོན་དམ་གྱི་སེམས་བསྐྱེད་དུ་འཇོག་པར་ཡིན་པ་མཁྱེན་བཞིན་པ་ལྟར་རོ། །སེམས་བསྐྱེད་འདི་ལ་བློ་སྟོབས་ཀྱི་དབྱེ་བས་ཕྱེ་ན། རྒྱལ་བོ་ལྟ་བུའི་སེམས་བསྐྱེད་དང་། མཉན་པའམ་གྲུ་པ་ལྟ་བུའི་སེམས་བསྐྱེད། རྫི་བོ་ལྟ་བུའི་སེམས་བསྐྱེད་དང་གསུམ་དང་། ཡང་ཚུལ་ཁྲིམས་གསུམ་མམ་བསླབ་པ་གསུམ་ལ་ལྟོས་ནས་ཀྱང་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དུ་དབྱེ་བ་དང་། མོས་པས་སྤྱོད་པའི་སེམས་བསྐྱེད་དང་། ལྷག་བསམ་དག་པའི་སེམས་བསྐྱེད་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་བཞིར་ཡང་ཚོགས་སྦྱོར་ནས་སངས་རྒྱས་ཀྱི་སའི་བར་དུ་འཇོག་པ་དང་། ལམ་ལྔ་དང་སྦྱར་ནས་ལས་དང་པོ་པའི་སེམས་བསྐྱེད་པ་དང་། ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད་པ་དང་། ཆོས་མཐོང་བའི་སེམས་བསྐྱེད་པ་དང་། རྣམ་པར་གྲོལ་བའི་སེམས་བསྐྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ་ལྔར་དབྱེ་བ་དང་། ཡང་ཕར་ཕྱིན་དྲུག་ལ་ལྟོས་ནས་དྲུག་དང་། ཕར་ཕྱིན་བཅུ་ལ་ལྟོས་ནས་བཅུར་དབྱེ་བ་དང་། ས་མཚམས་ཀྱི་དབྱེ་བ་ཕྱེས་ན། དེ་ཡང་ས་གསེར་ཟླ་བ་མེ། །ལ་སོགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དགོངས་དོན་མངོན་རྟོགས་རྒྱན་ནས་དཔེས་བསྟན་པ་ཉི་ཤུ་རྩ་གཉིས་ཀྱི་དབྱེ་བ་ཚོགས་ལམ་ནས་ས་བཅུ་བའི་བར་དུ་བསྟན་པ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་ཡོད་དམ་མེད་ཅེ་ན། སློབ་ལམ་གྱི་སེམས་བསྐྱེད་ལྟར་གཟོད་ཐོབ་པར་འདོད་པ་དེ་ལྟ་བུ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། ཐོབ་ཟིན་པས་ཏེ། ཁས་བླངས་པའི་དུས་ལས་འདས་པས་ཆོ་གས་བླངས་པའི་སེམས་བསྐྱེད་མེད་པ་ཡིན། འོན་ཏེ་དོན་དམ་སེམས་བསྐྱེད་ཡོད་དེ་དོན་དམ་སེམས་བསྐྱེད་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར་ན། ཐོབ་ལ་མ་ཉམས་པ་གོང་ནས་གོང་དུ་འཕེལ་བའི་གོང་འཕེལ་མཐར་ཐུག་གི་ཚུལ་དུ་ཡོད་པས་ན་ཡོད་དོ། །ཅིའི་ཕྱིར་ཡོད་ཅེ་ན། དོར་བ་མེད་པའི་སྟོང་ཉིད་ཡོད་པ་དང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་དོན་མཛད་པ་ཡོད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་གྲུབ་པའོ། །གོང་གི་ས་མཚམས་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་ལས་འདུན་པ་ས་ལྟ་བུ་དང་། བསམ་པ་གསེར་ལྟ་བུ་དང་། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་གསུམ་སྨོན་པ་དང་། གཞན་བཅུ་དགུ་འཇུག་པར་འདོད་ཚུལ་ཡང་ཡོད་མོད་ཀྱང་། རང་ལུགས་ལ་རེ་རེར་བཞིན་སྨོན་འཇུག་གཉིས་གཉིས་ཏེ། བསམ་པས་སྨོན་པ་དང་སྦྱོར་བས་ཁྱབ་པའི་འགྲོས་ཀྱིས། བསམ་པས་དོན་གཉེར་གྱི་ཆ་སྨོན་པ་དང་། སྦྱོར་བ་ལག་ལེན་ལ་འདེབས་པའི་ཆ་འཇུག་པ་ཡིན་ནོ། །སེམས་བསྐྱེད་ཀྱི་རྟེན་དེ་ལ་ཡང་། དབུ་སེམས་ཀྱིས་བཞེད་ཚུལ་ལ་ཁྱད་པར་ཡོད་ཀྱང་། ལུགས་གཉིས་ཀ་དོན་གྱིས་མི་འགལ་བའི་ཁྱད་པར་དང་རྣམ་དབྱེ་ཡང་འཆད་དུ་ཡོད་དོ། །བྱང་སེམས་གནས་པའི་རྟེན་ཡང་། གང་ལ་སྐྱེས་པ་དེའི་རྟེན་ལ་ཉམས་པའི་རྒྱུ་མ་བྱུང་གི་བར་དུ་གནས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུ་ནི་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་སྟེ་གསུམ་ལས་སྐྱེ་བར། མདོ་སྡེའི་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་བརྟན་དང་མི་བརྟན་པའི་རྒྱུ་ལས་སྨོན་པ་དང་འཇུག་པའི་སེམས་སྐྱེ་བར་གསུངས་པ་དང་། སེམས་བསྐྱེད་ཀྱི་སྡོམ་པ་ཆོ་གས་ལེན་པའི་སྐབས་སུ་དགོངས་སུ་གསོལ་བ་གསུམ། སྐྱབས་འགྲོ་རེ་རེ་དང་སྦྲགས་ནས་གསུམ་བྱེད་པར་གསུངས་པ་དང་། ཕྱག་ལེན་ཡང་དེ་ལྟར་ཡོད་པ་དང་། བསྡེབས་གཅིག་ཏུ་དགོངས་གསོལ་གསུམ་སྔོན་ལ་བརྒྱུད་དེ་དུས་རྒྱུན་གྱི་བཤད་ལུགས་ལྟར་དུ་དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་སྟེ། དངོས་གཞི་བརྗོད་པ་གསུམ་གྱིས་སྡོམ་པ་ལེན་པའོ། །འདི་ལ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་བསྐྱེད་པ་ཙམ་དང་མི་འདྲ་བ་དེ་གང་ཡིན་ན། དམིགས་པ་སེམས་བསྐྱེད་པ་དེ་ལ་དམིགས་ནས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་དེ་མི་གཏང་ངོ་སྙམ་པའི་དམ་བཅའ་བ་སྟེ། དེའི་རྒྱུ་མཚན་གྱིས་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་དགོས་པ་ཡིན། སྨོན་སེམས་ལ་ཁས་བླངས་ཀྱི་དམ་བཅའ་བརྟན་པོ་བསླབ་བྱ་ལ་སློབ་ནུས་ཤག་ཤག་དགོས་ཤིང་། གལ་ཏེ་སེམས་བསྐྱེད་པ་ཙམ་ཆོ་གས་བླངས་ན་འགལ་བ་མི་ཆེ་ཡང་། འཇུག་སེམས་ལ་མཐའ་གཅིག་ཏུ་བསླབ་བྱ་ལ་སློབ་པའི་དམ་བཅའ་བརྟན་པོ་མེད་ན་སྡོམ་པ་ལེན་མི་རུང་བའི་ཁྱད་པར་གསུངས་པ་ཡང་ཡོད་ལ། སྨོན་འཇུག་གི་སྡོམ་པ་སྟབས་གཅིག་ཏུ་ལེན་པ་དང་། སོ་སོར་ལེན་པའི་བཞེད་སྲོལ་ཐ་དད་དང་། སྨོན་འཇུག་གི་སེམས་བསྐྱེད་པའི་ཕན་ཡོན་གོང་ནས་ཀྱང་ཐུན་མོང་གིས་བཤད་པ་དང་། གང་ཟག་གང་གིས་སྨོན་སེམས་བླངས་པའི་ཕན་ཡོན་ནི། ཕྱོགས་མཐས་གཏུགས་པའི་སངས་རྒྱས་ཐམས་ཅད་ལ་བསྐལ་བ་བྱེ་བ་མང་པོར་བསྙེན་བཀུར་བྱེད་ཅིང་རང་ཉིད་ལེགས་པ་ཙམ་ཞིག་དོན་དུ་གཉེར་བའི་བསོད་ནམས་དེ་ཡིས་སྨོན་པའི་བསོད་ནམས་ཀྱི་ཆ་ཙམ་བསྒྲུན་དུ་མི་ཕོད་པ་དང་། འཇུག་སེམས་བླངས་ནས་སྦྱོར་བ་དངོས་ཀྱིས་ཁྱབ་པའི་སེམས་མཆོག་སྐད་ཅིག་མ་གཅིག་གིས་བསྐལ་བ་མང་པོའི་ཚོགས་གཉིས་བཟླུམ་པར་གསུངས་ཤིང་། འདི་གཉིས་ཀྱི་ཁྱད་པ་གང་གིས་འབྱེད་ཅེ་ན། སྨོན་པ་ལ་འབྲས་བུ་རྒྱུན་ཆགས་སུ་འབྱུང་བའི་བསོད་ནམས་མེད་པ་དང་། འཇུག་པ་ལ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ཁྱད་པར་ཡོད་པས་ན་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་པའི་ཕན་ཡོན་ཆེ་ཞིང་། བསླབ་པ་ཚུལ་བཞིན་དུ་བསྲུངས་ན་ཕན་ཡོན་ཆེ་བ་སྨོས་མ་དགོས་ཀྱང་། བསླབ་པ་ཉམས་ནའང་སོ་ཐར་གྱི་ཕམ་ལྟུང་གིས་གཞལ་དུ་མེད་པའི་ཉེས་པ་ཡང་དེ་བཞིན་དུ་ལྕི་བ་ཡིན། དེའི་ཕྱིར་ན་ཉིན་དང་མཚན་དུས་དྲུག་ལ་བཤགས་སྦྱོང་དང་བཅས་ཏེ། རང་ཉིད་ཀྱིས་དངོས་སམ་ཡིད་ཀྱི་རྟེན་གྱི་མདུན་ནས་ཆོ་ག་རྒྱས་བསྡུས་ལ་མ་ལྟོས་པར་སྡོམ་པ་བསྐྱར་ཏེ་ལེན་དགོས་པ་དེ་ཡིས་ཡིན། དེའི་སྐབས་སུ་གནས་ཁང་བྱི་དོར་དང་། རྟེན་བཀྲམས་པ་དང་། མཆོད་པ་གཙང་མ་གྱ་ནོམ་པའི་བཤམས་བཀོད་རྣམས་བྱས་ཏེ། བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱས་པའི་མཇུག་ཏུ། རང་ལུགས་ལ་བརྗོད་པ་གསུམ་གྱིས་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ཕྱག་ལེན་ཏེ། དེའི་གོ་དོན་ཇི་ལྟར་ཡིན་པ་གསར་བུ་ཚོ་ལ་ཞུས་ན། བརྗོད་པ་དང་པོས་སྨོན་སེམས། གཉིས་པས་འཇུག་སེམས། གསུམ་པས་གཉིས་ཀ་བརྟན་ཅིང་དག་པར་ཐོབ་པ་ཡིན། སོ་ཐར་གྱི་སྐབས་སུ་སྡོམ་པ་དེ་བརྗོད་པ་གསུམ་གྱི་ཐ་མའི་སྐབས་སུ་སྟེ། སྐྱབས་བརྗོད་དང་གཞན་བརྗོད་རྫོགས་པའི་བདག་བརྗོད་ཀྱི་ཐོག་མར་སྡོམ་པ་དངོས་སུ་ཐོབ་པ་དང་གཅིག་པ་གཅིག་རྐྱང་མ་ཡིན་ནའང་། བརྗོད་པ་གསུམ་གྱི་ཐ་མར་སྨོན་འཇུག་སྟབས་གཅིག་ཏུ་བརྟན་ཅིང་དག་པར་ཐོབ་པའི་སྒྲ་འདི་ལ་ཡང་འཇུག་གོ་སྙམ། སྨོན་འཇུག་སྟབས་གཅིག་ཏུ་ལེན་ཆོག་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། སྨོན་འཇུག་ངོ་བོ་གཅིག་ཏུ་བསྐྱེད་པ་མ་གཏོགས་དངོས་པོ་ཐ་དད་གཉིས་མེད་པའི་རྒྱུ་མཚན་གྱིས་ཡིན་ལ། འོ་ན་ཆོ་ག་ལས་བརྗོད་པ་དང་པོ་དང་གཉིས་པ་ལས་ཁ་ཁར་ལེན་པ་ཅིའི་ཕྱིར་ཞེ་ན། བློ་རྫས་གཅིག་དང་། དུས་གཅིག་དང་། བྱེད་པ་གཅིག་པར་ཡིན་པའི་ཕྱིར་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱིས་ཕྱེས་པ་ཙམ་ལས་ངོ་བོ་ཐ་དད་མ་ཡིན་པས་སོ། །དེ་ལ་ཁུངས་ཅི་ཞིག་ཡོད་པ་རེད་ཅེ་ན། བྱང་ཆུབ་སེམས་དཔའི་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི། ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང་། ཐ་མི་དད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ཡིན། འདིའི་བརྗོད་པ་གསུམ་ལ་ཐོབ་ལུགས་གསུམ་ཡོད་པའི་ཁུངས་གང་ལ་གཏུགས་པ་ཡིན་ན། རྒྱ་མཚོ་སྤྲིན་ལས། དེ་ལ་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་གིས་སྨོན་པ་དང་འཇུག་པ་དང་གཉིས་ཀ་ཆེས་བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ་ཞེས་པ་ལ་གཏུགས་ནས་ཀློང་ཆེན་པས་གཏན་ལ་ཕབ་པ་ཡིན། རྗེས་རང་གཞན་དགའ་བ་སྒོམ་པ་དང་བཅས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་བསྐྱེད་ནས་སྐྱེས་པ་ཙམ་གྱིས་མི་ཆོག་པར་དེ་མི་ཉམས་པ་བཟུང་བ་དང་། དྲི་མ་དག་པར་བྱ་བ་དང་། དགེ་བ་སྤེལ་བའི་ཐབས་རྣམས་ལ་བརྩོན་པ་རྒྱུན་དུ་མི་འདོར་བ་སྟེ། མདོར་བསྡུས་ན། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་དུ་དྲན་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་པས། སྨོན་པའི་བསླབ་བྱ་ཚད་མེད་བཞི་སྒོམ་པ་དང་། འཇུག་པའི་བསླབ་བྱ་ཕྱིན་དྲུག་གི་སྤྱོད་པ་སྤྱད་པ་ལ་སོགས་པ་གོང་ནས་ཀྱང་སྣེ་ཟིན་སྣེ་ཟིན་རེ་བཤད་པ་དང་། ཞིབ་པར་གཞུང་ལས་གསལ་བ་ཇི་བཞིན་དུ་ཕྱག་ལེན་དུ་འདེབས་པའི་རེ་སྐུལ་ཐུགས་གསོས་ཙམ་ཞིག་གི་ཚུལ་དུ། བློ་སྦྱོང་གི་སྒོས་ཆོས་སུ་དམིགས་སུ་བཀར་ནས་ཆེད་དུ་ཞུས་པ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལ་མ་བརྟེན་པར་ཆོས་སྒོ་ཅི་ཞིག་ལ་ཞུགས། སྒྲུབ་པ་ཉམས་ལེན་ཇི་ཙམ་བྱས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་དུ་མི་འགྱུར་པ་དང་། ཆོས་གང་སྒྲུབ་བྱང་ཆུབ་ཀྱི་སེམས་འདི་དང་མ་བྲལ་ན། ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་ཡིན་པས། ནམ་དང་ནམ་ཡིན་ལ་ཡང་ཡང་བཤད་དོན་པོ་ཆོས་བརྒྱུད་འདི་ལ་ཞུགས་པའི་བརྒྱུད་པ་ཡང་བརྒྱུད་དང་བཅས་པ་ཐམས་ཅད་ཀྱིས། དུས་དང་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཉག་མ་རེ་ཡིན་ཡང་རང་རྒྱུད་དུ་སྐྱེ་ཐབས་ལ་འབད་རོགས་གྱིས་ཞེས་ཐར་མོ་སྦྱར་ཏེ་ཞུ་བ་དང་བཅས་པས། གང་ཞིག་སྐབས་སུ་བབ་པའི་འཆད་བྱ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་ཀྱི་ལེའུ་བཅུ་གསུམ་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ་རྩོལ་བ་དང་སྒྲུབ་པ་མེད་པ་ཡང་སངས་རྒྱས་པར་བསྟན་པའི་ལེའུ་འདིའི་སྐབས་ལས་སྟོན་དོན་མང་ཆེ་བ་སོང་སྟེ། སྐུ་དང་ཡེ་ཤེས་རྣམ་གྲངས་རྒྱས་པར་བཤད་པའི་སྐབས་ནས་ཆོས་སྐུའི་ཡེ་ཤེས་དང་བཅས་པ་བཤད་པ་ལས་ཆོས་སྐུའི་ངོ་བོ། ངེས་ཚིག དབྱེ་བ་དང་བཅས་པ་བསྟན་མ་ཐག་པའི་མཚམས་ཀྱི་དེ་རིང་བརྟེན་པ་ཡེ་ཤེས་ཀྱི་རིམ་པ་ལ། སྤྱིར་བསྟན་པ་དང་། ཆོས་སྐུའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི། སྤྱིར་མཐར་ཐུག་གི་ཀ་དག་ཆོས་སྐུ་ཉག་གཅིག་ཏུ་གྲོལ་དུས། གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་སྐུ་དང་ཡེ་ཤེས་ཕྱིར་གསལ་གྱི་འཆར་གཞི་བྱེད། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས་དག་པའི་གདུལ་བྱ་ལ་སྣང་བ་སྟོན། ཤེས་བྱའི་ཡེ་ཤེས་ཀྱིས་མ་དག་པའི་གདུལ་བྱའི་རེ་བ་སྐོང་བ་སྟེ། ཐལ་འགྱུར་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི། །རྐྱེན་གྱིས་དག་པ་མིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོ། །འབྲས་བུའི་མཐར་ཐུག་ཆོས་ཟད་ཀ་དག་གི་ས་ལ་ཕྱིན་ནས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཆོས་སྐུའི་དགོངས་དབྱིངས་ལ་གྲོལ་དུས། སྐུ་གསུམ་གཅིག་ཏུ་འདུས་པའི་ཀ་དག་གི་མཐར་ཕྱིན་འབྲས་བུའི་དབྱིངས་ན། ཆོས་སྐུའི་གཞི་གནས་ཀྱི་ཡེ་ཤེས་གསུམ་གྱིས་ཡེ་ཤེས་ཐམས་ཅད་ཕྱིར་གསལ་གྱི་འཆར་གཞི་བྱེད་པ་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཡིས་དག་པའི་གདུལ་བྱ་ལ་ཇི་བཞིན་པའི་སྣང་བ་སྟོན། ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱིས་མ་དག་སྣ་ཚོགས་ཀྱི་གདུལ་བྱའི་རེ་འདོད་སྐོང་བའོ། །འདི་དབུ་མའི་སྐབས་ཀྱི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་དང་། ཀ་དག་གི་རང་ངོ་ནས་བཤད་ན་འདྲ་བ་ལ། ངོ་བོའི་ཆ་ལས་ལྷུན་གྲུབ་ཡིན་པས་ཁྱད་པར་གྱིས་ཕྱེ་བ། མདོ་ནས་གབ་པའི་གནད་གལ་ཆེན་ཕྱུང་བ་ཡིན་པས་ཤེས་རབ་ཅན་དག་གིས་ཞིབ་མོར་ཤེས་པར་གྱིས་ཤིག་ཅེས་ཀུན་མཁྱེན་ཆེན་པོས་གདམས་ཡོད་དོ། །གཞི་གནས་ཆོས་སྐུའི་ཡེ་ཤེས། མཚན་ཉིད་འཛིན་པ་ལོངས་སྐུའི་ཡེ་ཤེས། ཤེས་བྱའི་ཡེ་ཤེས་སྤྲུལ་སྐུའི་ཡེ་ཤེས་ཏེ། དེ་ལྟར་གསུམ་ལས་དང་པོ་ཆོས་སྐུའི་ཡེ་ཤེས་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་དེ་ཉིད་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་བ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །སེམས་ཉིད་ཡེ་ནས་དག་པ་ཡང་དག་གིས་སྨིན་ཏེ་དག་པ་གཉིས་ལྡན་ཆོས་སྐུའི་གཞི་ལ་བཞུགས་དུས། ངོ་བོ་ཀ་དག་གི་ཡེ་ཤེས་ཡེ་ནས་གྲོལ་འཁྲུལ་མེད་པའི་དྲི་མ་རང་ཟད། རང་བཞིན་གསལ་བའི་ཡེ་ཤེས་འཆར་བྱེད་མ་འགག་ལྷུན་གྲུབ་ཏུ་ཡོད་པ། ཀུན་ཁྱབ་ཐུགས་རྗེའི་ཡེ་ཤེས་གདུལ་བྱའི་ཡུལ་དང་འབྲེལ་བ་སྟེ། དེ་ལྟར་གཞི་ལ་གྲུབ་པས་ན་འཁོར་འདས་ལྟེ་མ་ཆད་པ་ཡིན་པར་མདོར་བསྟན་ཏེ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་སྟོང་ཆ་སྤྲོས་པ་དང་བྲལ་བས་དབྱིངས་ཐིག་ལེ་ཉག་གཅིག རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གསལ་ཆ་ཡོན་ཏན་གྱི་གཞི་མར་གྱུར་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་ཚུལ་མ་འགགས་པའི་སྒོར་གནས་པས་གཟུགས་སྐུ་ཡེ་ཤེས་དང་བཅས་པའི་དྭངས་འབྱེད་པ་སྟེ། ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་འདི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཞི་གཅིག་ལ་ཚང་བའི་མཚོན་ཚུལ་གྱིས། ལྡོག་པ་ཅིར་ཡང་མ་གྲུབ་པ་ལས་ཅིར་ཡང་འཆར་རུང་གི་སྒྲུབ་གཞི། འཁོར་འདས་ཡེ་མཉམ་གྱི་དག་པ་མངོན་འགྱུར། གཞི་འབྲས་དབྱེར་མེད་ཀྱི་གཞི་འདིས་འཛིན་པ་ཡིན་པས། ངོ་བོ་ཀ་དག་གི་ཡེ་ཤེས་སྟོང་ངོས་སྤྲོས་པ་དང་བྲལ་བ། སྟོང་གསལ་དབྱེར་མི་ཕྱེད་པ། སྤྲོས་བྲལ་མཐར་ཐུག་གི་ཆོས་སྐུ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཏུ་སྐུ་གསུམ་དབྱེར་མི་ཕྱེད་པའི་འཆར་གཞིར་གནས་པ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གསལ་ཆ་ཡོན་ཏན་གྱི་གཞིར་གྱུར་པ་སྟེ། གཏིང་གསལ་འོད་ཀྱི་འཆར་གཞིར་གནས་པས་ཞིང་དང་གཞལ་ཡས་ཁང་འོད་དང་འོད་ཟེར་ལ་སོགས་པར་སྣང་བས། དེའི་ངོ་ཁར་གྱུར་པའི་གདུལ་བྱའི་རེ་འདོད་སྐོང་བ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་ཚུལ་མ་འགགས་པའི་སྒོར་གནས་པས་གཟུགས་སྐུ་ཡེ་ཤེས་དང་བཅས་པའི་དྭངས་ཇི་ལྟར་འབྱེད་པ་སྟེ། དེ་ཡང་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཀྱི་སྐུའི་སྐབས་ཡིན་པས། ཡུལ་ལ་འཇུག་པའི་ཐ་སྙད་མེད་ཀྱང་མཁྱེན་པ་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞིར་གནས་པ་ཡིན་པས། དབྱིངས་དང་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་ངང་ལ་མ་གཡོས་བཞིན་དུ་འགྲོ་བའི་དོན་གཉིས་གཡོ་རྩོལ་མེད་པར་འབྱུང་བའི་ས་བོན་བྱེད་པའོ། །དེ་དག་གི་དོན་ཐལ་འགྱུར་གྱི་ལུང་གིས་ཞིབ་པར་བཀྲལ་བ་ནི། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མཐའ་མེད། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་ཚིག་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མི་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །ཞེས་ངོ་བོ་སྟོང་པའི་ཡེ་ཤེས་བསྟན་པ་དང་། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་ཟུང་འཇུག་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་རྡུལ་བྲལ་དག་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །རང་བཞིན་གསལ་བའི་ཡེ་ཤེས་བསྟན་པ་དང་། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་ལྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལ་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་བསྟན་པའོ། །ཞེས་གསུངས་སོ། །དེ་ཡན་གྱིས་ཆོས་སྐུ་ཡེ་ཤེས་དང་བཅས་པ་བསྟན་ཏེ།
ཁ༽གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ།
ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་ནི།
ལོངས་སྐུའི་ངོ་བོ་རང་བཞིན་ལྷུན་གྲུབ་སྟེ།།
རོལ་པར་རིགས་ལྔ་ཡེ་ཤེས་རྣམ་པ་ལྔ།།
ནམ་མཁའི་དབྱིངས་ཀུན་གང་བར་སྣང་བ་ཡིན།།
ཞེས་གསུངས་ཏེ། རིག་པའི་རང་བཞིན་ལྷུན་གྲུབ་ཀྱི་ཆ་ནི་ཡོན་ཏན་རྫོགས་པའི་བདག་ཉིད་ཀྱི་ལོངས་སྐུ་དངོས་ཏེ། ཆོས་ཀྱི་སྐུ་དང་ངོ་བོ་དབྱེར་མེད་ལ། དེའི་ཆ་ལས་རོལ་པར་ཕྱིར་གསལ་དུ་རིགས་ལྔ་སོ་སོའི་སྐུ་མངོན་པར་སྣང་བས་ནམ་མཁའི་དབྱིངས་ཀུན་ཁྱབ་པ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་བཅས་པ་རོལ་པའི་ལོངས་སྐུ་གངས་ཆེན་མཚོ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱུང་བ་ཞེས་བརྗོད་དོ། །ཞེས་ངོ་བོའི་སྤྱི་ཆིངས་ཀྱི་མདོར་བསྟན་པ་སྟེ། ལོངས་སྐུ་དངོས་ནི་གཞི་གནས་ཀྱི་ཡེ་ཤེས་གསུམ་ལས་རང་བཞིན་ལྷུན་གྲུབ་ཀྱི་ཆ་ཆོས་ཀྱི་སྐུ་དང་ངོ་བོ་དབྱེར་མེད་པ་དེ་ཡིན། དེའི་ལོངས་སྐུ་དངོས་ཀྱི་རོལ་བ་ཕྱིར་གསལ་དུ་རྒྱལ་བ་རིགས་ལྔ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་བཅས་པ་རོལ་བའི་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའི་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་གམ་མགོན་དུ་ནམ་མཁའི་དབྱིངས་ཀུན་ཁྱབ་པར་རང་བྱུང་བའོ། །གངས་ཆེན་མཚོ་ཞེས་པ་འདི་གྲངས་མེད་བསམ་འདས་བརྗོད་མི་ལང་བ་རོལ་བས་ནམ་མཁའི་དབྱིངས་ཀུན་ཁྱབ་པར་བསྟན་པ་སྟེ། རྒྱལ་བའི་འཕྲིན་ལས་ཚད་མེད་ཅིང་ལོངས་སྐུའི་ཞིང་ཁམས་དང་གཞལ་ཡས་ཁང་སོགས་ཀྱི་ཚད་གཞལ་དུ་མེད་པའི་མཚོན་ཚིག་གོ །གཉིས་པ་རྒྱས་པར་བཤད་པ་སྟེ། འདི་ལ་རྟེན་སྐུའི་རང་བཞིན་དང་། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་རྒྱ་ཆེར་བསྟན་པ་གཉིས་ལས། དང་པོ་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ལ། ངོ་བོ། ངེས་ཚིག དབྱེ་བ་གསུམ་གྱིས་བསྟན་པ་ལས་དང་པོ་ངོ་བོ་ནི་ཞེས་མཚམས་སྦྱར་ཏེ། ལྷུན་གྲུབ་ཡེ་ཤེས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པའི་མཚན་དཔེར་ལྡན་པ་སྟེ། ལུང་གིས་བཀྲལ་ཏེ་བསྟན་པ་ནི། རང་ཤར་ལས། ཁ་དོག་མ་འདྲེས་སོ་སོའི་མཚན་འཛིན་པ། །མཚན་དང་དཔེ་བྱད་བཟང་པོ་འོད་ཟེར་འཕྲོ། །ཡབ་དང་ཡུམ་དང་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་མཚན་ཉིད་དོ། །ཞེས་སོ། །རང་གསལ་ཆེན་པོ་ཡོངས་སུ་རྫོགས་པ་ལོངས་སྐུའི་ངོ་བོའི་མཚན་ཉིད་ནི། བཞུགས་ཚུལ་རང་བཞིན་མི་གཡོ་ཞིང་མཚན་དཔེས་བརྒྱན་པ། མ་འདྲེས་རིགས་ཀྱི་ཁ་དོག་གི་འོད་ཟེར་འཕྲོ་བ་དང་ཚོམ་བུའི་སྐུ་ཡི་ཆ་ལུགས་གསལ་བར་འཛིན་པའོ། །ངེས་ཚིག་ནི་རྒྱུད་རང་ཤར་དེ་ཉིད་ལས། གསལ་ལ་མ་འདྲེས་ཀུན་ལ་ཁྱབ་པས་ལོངས། །སྣང་བ་ལྔ་ཉིད་མཚན་མ་མེད་པས་སྤྱོད། །དམིགས་མེད་དོན་ལ་ཅིག་ཆར་སྣང་བས་རྫོགས། །སྟོང་ཉིད་མ་འགགས་སོ་སོར་གསལ་བས་པ། །སྣང་བ་སོ་སོའི་མཚན་ཉིད་འཛིན་པས་སྐུ། །ཞེས་སོ། །རྒྱུད་ཀྱི་རྡོ་རྗེའི་ཚིག་ལ་འདི་དང་རིགས་འདྲ་ཡིས་འབྲུ་གཤགས་བྱས་ཏེ་འགྲེལ་ས་མང་ཞིང་། འདི་དོན་འཇལ་གྱིས་བཀྲལ་བའི་གོ་དོན་དབྱིངས་ཆེ་བས། འུ་ཚོས་རྟོག་གེའི་རྣམ་དཔྱོད་ཀྱིས་འབྲུ་རེ་རེའི་ཚིག་གནོན་པའི་བཤད་པ་རྒྱང་ཐག་ཐུང་ཐུང་ཅན་གྱིས་འདི་ལ་རིགས་འགྲེ་རྒྱུ་ཡོད་པ་མ་ཡིན། ལོངས་སྐུར་སྣང་བའི་ལོངས་སྤྱོད་ཚད་མེད་ཅིང་། ཡེ་ཤེས་ཀྱི་རང་སྣང་རྒྱ་ཆེན་པོ་ལ་སྤྱོད་པ། མཁྱེན་པ་མ་འགགས་ཡོངས་སུ་རྫོགས་པའི་སྐུ་ཞེས་པའི་དོན་ནོ། །དབྱེ་ན་ཕུན་སུམ་ཚོགས་པ་ལྔ། རིགས་ལྔ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔར་དབྱེ་བ་དང་བཅས་པས་ལྔ་ཚན་གསུམ་ལས། དང་པོ་ཕུན་སུམ་ཚོགས་པ་ལྔར་དབྱེ་ན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་ལ་སྟོན་པ། ཞིང་ཁམས། གནས། འཁོར། བསྟན་པ། དུས་བཅས་ཀྱི་རྣམ་པར་འཕྲུལ་པའི་དབང་གིས་ཆོས་བཅོ་ལྔར་གནས་པ་ལས། དང་པོ་ལོངས་སྐུའི་ཆོས་སྐུའི་གནས་སྐབས་ན། སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ། རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་ལ། ཐུགས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུགས་རྣམ་པར་སྣང་མཛད་དུ་བཞག་པ་ནི་ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་དགོངས་པ། ཀུན་མཁྱེན་ཆེན་པོས་རྩལ་འདོན་མཛད་པའི་རང་ལུགས་ཐུན་མིན་ཡིན་ལ། གཞི་དུས་སུ་ཀུན་གཞིའི་རྣམ་ཤེས་ལ་བརྟེན་ནས་ཉོན་མོངས་དང་གཟུགས་སོགས་ཕུང་པོ་བཞི་འབྱུང་ཞིང་ཀུན་གྱི་རྩ་བར་འགྱུར་བ་དེ། སངས་རྒྱས་པའི་སྐབས་སུ་ཡང་མེ་ལོང་ཡེ་ཤེས་ལས་ཡེ་ཤེས་གཞན་དང་འཁོར་རྣམས་འབྱུང་བའི་རྒྱུ་མཚན་དང་གནད་ཁྱད་པར་ཅན་ཡོད་པ་ཡིན་ནོ། །སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་པའི་དོན་ཡང་། ཆོས་སྐུའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ལས་དེ་དང་དབྱེར་མེད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དུ་ལོངས་སྐུའི་ཞིང་དང་སངས་རྒྱས་དཔག་མེད་དུ་སྤྲུལ་བ་དང་། ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་སྤྲུལ་སྐུའི་ཞིང་ཁམས་དཔག་མེད་དུ་སྤྲུལ་ནས་སེམས་ཅན་དཔག་མེད་ཀྱི་དོན་མཛད་པས་གངས་ཆེན་མཚོས་ཁྱད་པར་དུ་བྱས་པའི་ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་དོ། །ལོངས་སྐུ་རྣམ་པར་སྣང་མཛད་དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ། མདུན་དང་རྒྱབ་ཏུ་མེད། གང་ནས་མཇལ་ཡང་དེར་གཟིགས་ཡོད་པའི་ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། །དེའི་ཞིང་ཁམས་ཕྱག་མཐིལ་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་གཅིག་ལ་མངའ་མཛད་པའོ། །ཡིད་བཞིན་མཛོད་ལས། ཁྱད་པར་ཟེའུ་འབྲུ་དབུས་མའི་སྟེང་ཉིད་ན། །སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མ་སྟེ། །ཕན་ཚུན་གྲངས་མེད་ཟ་འོག་བེར་ཁྱིམ་བཞིན། །ཞེས་གསུངས་པའང་ཡོད། གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟོགས་པ་མངོན་དུ་གྱུར་པའོ། །ལོངས་སྐུའི་ལོངས་སྐུའི་གནས་སྐབས་ན། སྟོན་པ་རིགས་ཀྱི་གཙོ་བོ་སོ་སོའོ། །རྡོ་རྗེའི་རིགས་ལ་ཐུགས་རྡོ་རྗེ་མི་བསྐྱོད་པ་མཐིང་ཀ སྐུ་རྣམ་པར་སྣང་མཛད་དཀར་པོ་ལ་སོགས་པ་ལྟ་བུའོ། །དེ་ཉིད་ཀྱི་མཚན་ཉིད་ངོ་བོ་ཐ་དད་ལ་རང་བཞིན་གཅིག་པ། འདི་གོང་ནས་རང་བཞིན་སྟོང་ངོ་བོ་གསལ་ཞེས་བཤད་ན་ཇི་ལྟར་ཡིན་པའི་རྣམ་བཤད་བྱས་པ་དང་དོན་འདྲ་བའི་གོ་ཕྱོགས་སོ། །ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན་འཐུག་པོའམ་སྟུག་པོ་བཀོད་པ། འཁོར་རིགས་ཀྱི་གཙོ་བ་གང་ཡིན་གྱི་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ། འོག་ནས་བྱུང་མ་རག་པ་དང་། དུས་སྣང་བ་འདུ་བ་མཆེད་པའོ། །མདངས་ནང་གསལ་ཡིན་ཡང་གདངས་ཕྱི་གསལ་ཡིན་པས་དེ་ལྟར་གསུངས་པའོ། །ལོངས་སྐུའི་སྤྲུལ་སྐུའི་གནས་སྐབས་ན། སྟོན་པ་རིགས་ལྔའི་སངས་རྒྱས་སོ་སོའི་གཙོ་བོ་ལྔ། དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་ཅིང་གསལ་ལ་རྟོག་པ་མེད་པའོ། །དེའི་ཞིང་ཁམས་ལྷ་དང་ལྷ་མོ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་རང་གནས་པ་ལ་ལོངས་སྤྱོད། གནས་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའི་རང་བཞིན་བདེ་ཆེན་ལྕང་ལོ་ཅན་ཡེ་ཤེས་དག་པའི་གནས། འཁོར་རང་སྣང་བའི་སངས་རྒྱས་དང་དཀྱིལ་འཁོར་སོ་སོ། འདིའི་བར་ནས་བསྟན་པ་དེ་ཆད་སོང་བ་ལྟ་བུར་སྣང་ལ། ཆད་འཛུད་རྒྱུད་ཁུངས་མ་དངོས་ལ་མ་གཏུགས་ན་བྱེད་ག་ལ་ཤེས། གོ་བའི་ཕྱོགས་དང་བསྟུན་ནས་འགྲེལ་ན། བསྟན་པ་མཁྱེན་པའི་ཡེ་ཤེས་མངོན་པར་རང་སྣང་བ་ཞེས་དོད་ཐུབ་ཀྱིས་གོ་བ་བླངས་ན་འགལ་མི་ཆེ་སྙམ། དཀྱུས་སུ་འཛུད་ག་ལ་ཕོད། དུས་རིག་པ་རང་སྣང་བའི་དུས་སོ། །དེ་ཡིས་ཕུན་སུམ་ཚོགས་པ་ལྔ་རུ་དབྱེ་བ་སོང་ནས། གཉིས་པ་རིགས་ལྔར་དབྱེ་བ་ནི། རང་ཤར་ལས། དེ་ཡང་རིགས་ནི་ལྔར་སྣང་ཞིང་། །དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པ་དང་། རྣམ་སྣང་དང་ནི་རྡོ་རྗེ་སེམས། །དེ་བཞིན་རིན་ཆེན་འབྱུང་ལྡན་དང་། །སྣང་བ་མཐའ་ཡས་དོན་གྲུབ་བོ། །ཞེས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད། རྡོ་རྗེ་རིགས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་མི་བསྐྱོད་པ། དེ་བཞིན་དུ་རིན་ཆེན་རིགས་ཀྱི་གཙོ་བོ་རིན་ཆེན་འབྱུང་ལྡན་ཡིན་པ་སོགས་དང་། རྒྱུད་ལས་དེ་བཞིན་གཤེགས་པའི་རིགས་དང་པོར་བསྟན་པ་ནི་ཐུགས་ཀྱི་རིགས་གྱུར་པའི་མཆོག་དཀྱིལ་འཁོར་གྱི་གཙོ་བོར་བསྟན་པའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ནི། འདི་ཡང་ལུང་གིས་གསལ་བར་མཛད་པ་སྟེ། ཐལ་འགྱུར་ལས། ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །སྟོང་གསལ་འཛིན་པ་དང་བྲལ་བ་ནམ་མཁའི་འཇའ་ཚོན་ལྟ་བུ་དང་། གསུང་ནི་རང་བྱུང་རང་སྣང་དང་། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐ་དད་རྣམ་པ་གཅིག་པའི་འཁོར་ལོ་རྒྱུན་མི་ཆད་ཅིང་འགག་པ་མེད་པའི་བརྡ་ཡི་རྣམ་པ་ལ་གོ་དགོས་སོ། །ཐུགས་ནི་རྒྱུན་མེད་གཟིགས་པ་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །མཚན་ཉིད་སོ་སོར་འཛིན་པའི་ཡེ་ཤེས་རྟག་ཏུ་རྒྱུན་ཆད་མེད་པ་དང་། ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །སྐུ་མཚན་དཔེ། གསུང་རང་བྱུང་། ཐུགས་མངོན་ཤེས་དང་ཏིང་འཛིན་གྱི་གཏེར་དུ་གྱུར་པ་དང་། འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཆོས་ཀྱི་འཁོར་ལོ་ཚད་མེད་རྒྱུན་མི་ཆད་པར་བསྐོར་བའོ། །ཞེས་གསུངས་སོ། །དེ་ཡན་གྱིས་ལོངས་སྤྱོད་རྫོགས་པ་སྐུའི་དབྱེ་བ་དང་བཅས་པས་རྟེན་སྐུའི་རང་བཞིན་བཤད་པ་སོང་སྟེ། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ལ་མདོ་རྒྱས་གཉིས་ཡོད་པ་ལས། དང་པོ་མདོར་བསྟན་པ་ནི་རྒྱུད་དེ་ཉིད་ལས། ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན། །ཡུལ་དངོས་དག་པས་མེ་ལོང་སྟེ། །འཁོར་འདས་གཟུགས་བརྙན་གསལ་བའོ། །ཕྱོགས་རིས་མེད་པས་མཉམ་པ་ཉིད། །དབང་པོའི་ཡུལ་བསྟན་སོ་སོར་རྟོག །འབད་པས་མ་ཡིན་བྱ་བ་གྲུབ། །ཐ་དད་མེད་པས་ཆོས་དབྱིངས་སོ། །ཞེས་སོ། །འདིའི་མདོར་བསྟན་ལུང་གིས་འཐུས་པར་མཛད་ན། ལོངས་སྐུའི་ཡེ་ཤེས་ཀྱིས་སོ་སོའི་མཚན་ཉིད་འཛིན་པས་ན་མཚན་ཉིད་འཛིན་པའི་ཡེ་ཤེས། དེ་ཡང་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ངོ་བོ་དང་བཅས་པར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། སྟོང་གསལ་རིག་པའི་འབྱུང་གནས་ཏེ། ཡེ་ཤེས་ལྔས་རང་རང་གི་མཚན་ཉིད་འཛིན་པས། རྣམ་སྣང་ལ་ཆོས་དབྱིངས་ཡེ་ཤེས་གཙོ་བོ་དང་། གཞན་བཞི་བོ་འཁོར་དུ་ཡོད་པ་དང་། མི་བསྐྱོད་པ་ལ་མེ་ལོང་ཡེ་ཤེས་གཙོ་བོར་ཡིན་པ་དང་། རིན་འབྱུང་ལ་མཉམ་ཉིད་ཡེ་ཤེས་གཙོ་བོ་ཡིན་པ་ལ་སོགས་པའོ། །ཆོས་དབྱིངས་ཡེ་ཤེས་ཀྱི་རྒྱས་བཤད་ལུང་གིས་བཀྲལ་བ་ནི། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱའོ། །དེ་ཡང་ཀ་དག་སྟོང་པའི་དབྱིངས་ཡུལ་དང་གཅིག རང་གསལ་ཡེ་ཤེས་ཀྱི་རང་འོད་དང་གཉིས། ཡེ་ཤེས་རིག་པའི་སྤྱོད་ཡུལ་དང་གསུམ་པོ་ཐ་དད་མེད་པར་གཅིག་ཏུ་འཛོམས་པར་ཆོས་ཀྱི་དབྱིངས་ཞེས་བྱའོ། །ཞེས་པ་དང་། ངོ་བོ་ངེས་ཚིག་དང་བཅས་པ་ཉིད། ཐལ་འགྱུར་ལས་ཀྱང་། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་ངོ་བོ་བསྟན་པ་དང་། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དག་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་པས་ངེས་ཚིག་བསྟན་པ་དང་། ཞེས་སོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་དཔེ་བཅས་པ་ཡང་། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །ཞེས་དཔེ་བསྟན་པ་དང་། དེ་བཞིན་རིག་པ་དྲི་མེད་ལ། །ཡེ་ཤེས་དག་པའི་སྣང་བ་གསལ། །ཞེས་པའི་དོན་ནམ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་བསྟན་པའོ། །ཞེས་པ་དང་། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །གཞག་མེད་རང་གྲོལ་གཞིར་རྫོགས་པའོ། །དེ་ཡིས་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བ་བསྟན་པའོ། །ཞེས་སོ། །གསུམ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། རང་ཤར་ལས། ཆོས་རྣམས་མཉམ་པའི་ངོ་བོ་ལ། །གང་གི་ཕྱོགས་སུ་མ་ལྷུང་བའོ། །ཞེས་པ་དང་། ཐལ་འགྱུར་ལས། མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལས་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་ཉིད། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །མཉམ་རྒྱུ་མཉམ་རྐྱེན་མཉམ་པའི་དུས་མཉམ་པའི་ཚད་རྣམས་ཀྱིས་བསྟན་པ་སྟེ། མཉམ་རྒྱུ་འཁོར་འདས་གཉིས། མཉམ་རྐྱེན་སྣང་བ་དང་། སྟོང་པ་དང་། གཉིས་སུ་མེད་པར་རྟོགས་པ་གསུམ་ནི། མཉམ་དུས་མཐར་ཕྱིན་འབྲས་བུའི་དུས་སུ་མངོན་དུ་གྱུར་པས། མཉམ་པའི་ཚད་ཟད་སར་སྐྱོལ་བའོ། །མཉམ་ཉིད་ཡེ་ཤེས་འདིའི་མཉམ་རྒྱུ་འཁོར་འདས་གཉིས་དབྱིངས་སུ་ཡེ་ནས་གྲོལ་བའི་མཉམ་པ་ཆེན་པོ་ལ། མཉམ་རྐྱེན་སྣང་དང་སྟོང་པ་གཉིས་མེད་མཉམ་པར་རྟོགས་པ་དང་གསུམ་མཉམ་པས་ན། སྒོ་གསུམ་སྐུ་གསུང་ཐུགས་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཉམ་པ་ཆེན་པོར་བཞུགས་པས་མཉམ་པའི་ཚད་ཟད་སར་སྐྱེལ་བ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མཉམ་ཉིད་ཐིག་ལེ་གཅིག་ཏུ་འཁྱིལ་བའོ། །བཞི་བ་སོ་སོར་རྟོག་པའི་ཡེ་ཤེས་ནི། རང་ཤར་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །བྱ་བྱེད་བྲལ་བའི་རིག་པར་རྟོགས། །ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་ཇི་བཞིན་དུ་འབྱེད་ཅིང་རྟོག་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཞེས་པ་དང་། ཐལ་འགྱུར་ལས། སོ་སོར་རྟོག་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །རྟོག་པས་རང་སྣང་དག་ནས་ནི། །རིག་པའི་ཡུལ་དུ་གྱུར་པ་ཉིད། །ཞེས་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་དང་། སོ་སོ་ཞེས་བྱ་བྱེ་བྲག་ལས། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོག་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ །ཞེས་ངེས་ཚིག་བསྟན་ཏོ། །ཞེས་སོ། །ལྔ་བ་བྱ་བ་གྲུབ་པའི་ཡེ་ཤེས་ནི། རང་ཤར་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཅིར་སྣང་རིག་པའི་ངང་དུ་རྫོགས། །རང་དོན་རིག་པའི་ངང་དུ་གྲུབ་ནས་གཞན་དོན་དགོས་འདོད་འབྱུང་བའི་ནོར་བུ་ལྟར་དུ་ལྷུན་གྲུབ་རྩོལ་མེད་དུ་འབྱུང་བ་བྱ་གྲུབ་ཡེ་ཤེས་སོ། །ཞེས་པ་དང་། བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ངེས་ཚིག་དང་བཅས་པ་ཐལ་འགྱུར་ལས། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གིས་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །དེ་ཡིས་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་དང་། ཅིག་ཅར་རྟོགས་པས་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་དོ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །དེ་ཡིས་ངེས་ཚིག་བསྟན་ཏོ། །ཞེས་སོ། །དེ་ཡན་ཆད་ཀྱིས་ལོངས་སྐུའི་ངོ་བོ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཏེ། དེའི་རོལ་བ་རིགས་ལྔ་དང་ཡེ་ཤེས་རྣམ་པ་ལྔར་སྣང་བ་དང་། ལོངས་སྤྱོད་རྫོགས་པ་སྐུའི་སྐུ་དང་མངོན་ཤེས་ཡོན་ཏན་འཕྲིན་ལས་དང་བཅས་པས་ནམ་མཁའི་དབྱིངས་ཀུན་གང་བར་སྣང་བའི་དོན་ཆ་ཚང་བསྟན་པའོ།།
ག༽གསུམ་པ་སྤྲུལ་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ།
སྤྲུལ་པའི་སྐུ་ཡེ་ཤེས་དང་བཅས་པ་བསྟན་པ་ནི།
སྤྲུལ་སྐུའི་ངོ་བོ་ཐུགས་རྗེའི་འཆར་གཞི་སྟེ།།
རོལ་པར་གང་ལ་གང་འདུལ་དེར་སྣང་ཞིང་།།
ཕྲིན་ལས་ཆེན་པོས་མངའ་དབང་འབྱོར་པ་ཡིན།།
ཞེས་གསུངས་ཏེ། འདི་ཡང་ཆོས་སྐུའི་ངོ་བོ་དང་གཅིག་པའི་ཐུགས་རྗེ་ཉིད་དང་དེའི་རོལ་པ་སྤྲུལ་པའི་སྐུ་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་མ་དག་པའི་གདུལ་བྱ་སོ་སོ་ལ་སྟོན་པ་ཐ་དད་དུ་སྣང་བ་སྟེ། སྤྲུལ་སྐུ་དངོས་ནི་ཆོས་སྐུའི་ངོ་བོ་དང་གཉིས་སུ་མ་མཆིས་པའི་ཐུགས་རྗེའི་ཡེ་ཤེས་ཡིན་ལ། དེའི་རོལ་བ་གདུལ་བྱ་ལས་དག་དང་མ་དག་སྣ་ཚོགས་ཀྱི་ངོ་ཁ་རུ་འདུལ་བྱེད་ཐ་དད་དུ་སྣང་བ་སྟེ། རང་བཞིན་ནམ་གནས་ཚུལ་ཆོས་ཉིད་ལ་ལྟོས་ན་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་པ་ཡིན་ཡང་། ཐུགས་རྗེའི་སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་གཟུགས་སྐུ་སོ་སོ་ཐ་དད་དུ་དབྱེ་རུ་ཡོད་པ་ཡིན། གཉིས་པ་རྒྱས་པར་གཏན་ལ་ཕབ་ན། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་གཉིས་ཀྱི་རང་བཞིན་ལས། དང་པོ་རྟེན་སྤྲུལ་པའི་སྐུ་ལ་ངོ་བོ་ངེས་ཚིག དབྱེ་བ་གསུམ་གྱིས་བཤད་པ་ལས་དང་པོ་ངོ་བོ་ནི་ཞེས་མཚམས་སྦྱར་ཏེ། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཐུན་པར་སྣང་བ་དང་། སེམས་ཅན་མོས་པ་སྣ་ཚོགས་ལ་མཐུན་པས་མཐུན་པ་འདུལ་བ་ལ་སོགས་པའི་དོན་ངེས་པ་མེད་པ་དང་། ཞིང་ཁམས་གཅིག་ལ་སྤྲུལ་བའི་གཟུགས་སྐུ་བྱོན་པའི་མཛད་པ་ཡུན་ཐུང་བའི་ཕྱིར་སྤྲུལ་པའི་སྐུ་སྟེ། ཞིབ་པར་རང་ཤར་ལས། གང་འདུལ་དེ་ལ་དེར་སྟོན་ཅིང་། །གཞན་དང་མཐུན་པར་སྣང་བ་ལ། །གཞན་གྱི་དོན་ལ་མ་རྨོངས་ཤིང་། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །ཞེས་སོ། །སྤྲུལ་བསྒྱུར་སྣ་ཚོགས་ལ་ངེས་པ་མེད་པ། ཆགས་ཞེན་འཁྲུལ་བ་ལས་གྲོལ་བ། ཐུགས་ཏིང་འཛིན་མི་རྟོག་པའི་ངང་ལ་མཉམ་པར་གནས་པའོ། །ངེས་ཚིག་ནི་རྒྱུད་དེ་ཉིད་ལས། ཀྱེ་གསང་བའི་བདག་པོ། སྤྲུལ་པ་སྐུའི་ངེས་ཚིག་ནི་འདི་རྣམས་ཡིན་པར་ཤེས་པར་གྱིས་ཤིག འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཐུན་པར་སྣང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །དོན་བྱེད་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །བྱ་བ་ཐམས་ཅད་བྱེད་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །སེམས་ཅན་གྲངས་ལས་འདས་པ་རྣམས་སྒྲོལ་བའི་ཕྱིར་ན་ཡང་སྤྲུལ་བའི་སྐུའོ། །ཞིང་ཁམས་གཅིག་ཏུ་ཡུན་ཐུང་བའི་ཕྱིར་ཡང་སྤྲུལ་པའི་སྐུའོ། །ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་ཕྱིར་ཡང་སྤྲུལ་པའི་སྐུའོ་ཞེས་སོ། །འགྲོ་དོན་འཕྲིན་ལས་ཀྱི་བྱ་བྱེད་ཀྱི་ཐོག་ནས་ངེས་ཚིག་ཏུ་བསྟན་པ་དེ། སྒྲ་དོན་གཉིས་འབྲེལ་བྱས་ན་གདུལ་བྱའི་སེམས་ཅན་སྣ་ཚོགས་ཀྱི་ཆེད་དུ་གང་ལ་གང་འདུལ་དུ་སྤྲུལ་བས་ན་སྤྲུལ་བ་དང་། དེ་ཉིད་མཐུན་པར་སྣང་བའི་གཟུགས་ཕུན་སུམ་ཚོགས་པར་སྣང་བའི་སྐུ་སྟེ་སྤྲུལ་བའི་སྐུའི་ངེས་ཚིག་གོ །སྤྲུལ་སྐུ་འདི་ལ་དབྱེ་ན་མཛད་པའི་སྒོ་ནས་དབྱེ་བ་དང་། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་དབྱེ་བ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡིས་དབྱེ་བ་ཞིག་དང་གསུམ་ལས། དང་པོ་མཛད་པའི་སྒོ་ནས་དབྱེ་ན་བྱ་བ་རྫོགས་པའི་སྤྲུལ་སྐུ་དང་། བྱ་བ་བྱེད་པའི་སྤྲུལ་སྐུ་དང་གཉིས་ལས་བྱ་བ་རྫོགས་པའི་སྤྲུལ་སྐུ་ལུས་མ་གྲོལ་ལ་སེམས་ཆོས་སྐུར་སྨིན་ནས་དོན་བྱེད་པ་དང་། ལུས་མ་གྲོལ་བར་རྡོས་བཅས་རྣམ་སྨིན་གྱི་ཆ་གཞན་གྱིས་བལྟས་ན་སྔར་བཞིན་དུ་ཡོད་ལ། སེམས་ཆོས་ཟད་གདོད་མའི་གཞི་ཀློང་ལ་སྣང་བཞི་མཐར་ཕྱིན་ཏེ། ཆོས་སྐུར་སྨིན་ནས་དངོས་སམ་བརྒྱུད་ནས་སེམས་ཅན་མང་པོའི་དོན་བྱེད་པ་དང་། བྱ་བ་བྱེད་པའི་སྤྲུལ་སྐུ་དབྱིངས་ནས་ཤར་བའི་རྣམ་པར་རོལ་པ་གཉིས་སམ། བཟོ་དང་། སྐྱེ་བ་དང་། མཆོག་གི་སྤྲུལ་པ་གསུམ་སྟེ། འདིའི་དབྱེ་བ་གོང་མ་གཉིས་ཀྱི་ནང་དུ་རྗེས་མ་གསུམ་པོ་ཡང་སྣང་ཚུལ་གྱི་དབྱེ་བ་ཙམ་ལས་འདུས་པའོ། །རང་ཤར་ལས། སྤྲུལ་པ་སྐུ་ཡི་དབྱེ་བ་ནི། །བྱ་བ་རྫོགས་དང་བྱ་བྱེད་དང་། །རྣམ་པ་གཉིས་སུ་འདོད་པའོ། །བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་གྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །གང་འདུལ་དེ་ལ་དེར་སྟོན་ཞིང་། །གཞན་དང་མཐུན་པར་སྣང་བ་ལ། །དེ་ནི་གོང་མ་ལྟ་བུའོ། །ཞེས་དབྱེ་བ་གཉིས་ཀྱི་དོན་སྟོན་པ་དང་། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོའོ། །ཞེས་སོ། །བཟོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་མཆོག་གི་སྤྲུལ་སྐུ་གསུམ་དེ་ལྟར་བསྟན་ཏེ། རྣམ་པར་གྲོལ་བའི་ཐབས་ཆེན་པོ་ཞེས་པ་ནི། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་པའི་དོན་དང་གཅིག་ཡིན་པས། བཟོ་སྤྲུལ་སྐུ་སེམས་ཅན་ལ་ཕན་པ་རྒྱ་ཆེན་སྦྱིན་པའི་སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རབ་རིས་སུ་བྲིས་པ་ལ་སོགས་པ་དང་། སྐྱེ་བ་སྤྲུལ་སྐུ་སངས་རྒྱས་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་དུ་འགྲོ་བ་ཕལ་བའི་གཟུགས་རྟ་དང་ཉ་བོ་ཆེར་སོགས་སྤྲུལ་ནས་གཞན་དོན་མཛད་པ་དང་། བྱང་ཆུབ་མཆོག་གི་སྤྲུལ་བའི་སྐུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གཞན་དོན་རྒྱ་ཆེན་རྒྱུན་མི་ཆད་པར་མཛད་པ་སྟེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་པ་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པའི་བསྟན་དོན་ལྟར་དང་། ཐུན་མིན་གྱི་ཐེག་པ་འདིའི་ལུགས་ལ། མ་དག་སྤྲུལ་བའི་སྐུ་བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ་དང་། རྔོན་པ་སྨད་འཚོང་མ་ལ་སོགས་པའི་གཟུགས་ཀྱིས་འགྲོ་དོན་མཛད་པ་དང་། འགྲོ་བ་འདུལ་བའི་སྤྲུལ་བའི་སྐུ་བཅོམ་ལྡན་ཐུབ་པ་དྲུག་སོགས་དང་། རང་བཞིན་འོག་མིན་དང་མངོན་དགའ་སོགས་ནས་རིགས་ལྔ་དག་པའི་སངས་རྒྱས་སུ་སྣང་སྟེ། གཞན་དོན་མཛད་པ་ལ་སོགས་པའི་དབྱེ་བ་དེ་བསྟན་ཏེ། གསུམ་པ་ཕུན་སུམ་ཚོགས་པ་ལྔའི་ཆོས་ཀྱིས་དབྱེ་ན། རྣམ་པར་འཕྲུལ་པའི་སྒོ་ནས་སྔར་བཞིན་སྤྲུལ་སྐུའི་ཆོས་སྐུ། སྤྲུལ་སྐུའི་ལོངས་སྐུ། སྤྲུལ་སྐུའི་སྤྲུལ་སྐུ་གསུམ་དུ་དབྱེ་བས། དང་པོ་སྤྲུལ་པ་སྐུའི་ཆོས་སྐུའི་དུས་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཐོག་མའི་མགོན་པོས་ཞིང་འདི་འདུལ་བ་དགོངས་ཏེ། རྣམ་པར་འཕྲུལ་བས་བསྐལ་བ་དཔག་མེད་ཀྱི་སྔ་རོལ་དུ་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་ཞིག་ཕུལ་ཏེ། བྱང་ཆུབ་མཆོག་ཏུ་ཐུགས་དང་པོ་བསྐྱེད་དེ་སྐྱེ་བ་གསུམ་ནས་མངོན་པར་རྫོགས་སངས་རྒྱས་ཏེ། ཆོས་སྐུའི་དགོངས་པར་བཞུགས་པ་ལས། དེའི་སྣང་ཆ་མཚན་དཔེ་རྫོགས་པའི་རྡོ་རྗེ་འཆང་གི་སྐུར་བྱུང་བ་དང་། དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་སྣང་བས་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། སྤྲུལ་སྐུའི་སྣང་ཆ་གནས་རིས་བཅུ་གཉིས་སུ་རྫོགས་ཆེན་སྟོན་པ་བཅུ་གཉིས་སུ་སྤྲུལ་ཏེ་བྱོན་པ་ཡིན་ལ། དེ་ལྟར་བྱོན་པའི་སྐབས་སུ་རྫུས་སྐྱེས། སྒོང་སྐྱེས། དྲོད་སྐྱེས། མངལ་སྐྱེས་ཀྱིས་བྱོན་པ་སྟེ། ཁྱེའུ་སྣང་བ་དམ་པ་མེ་ཏོག་པདྨ་ལས་རྫུས་ཏེ་འཁྲུངས་པ་དང་། ཁྱེའུ་འོད་མི་འཁྲུགས་པ་འོད་ཀྱི་སྒོང་ང་ལས་འཁྲུངས་བ་དང་། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་དྲོད་སྐྱེས་དང་། གཞོན་ནུ་རྣམ་པར་འཕྲུལ་བ་མངལ་ནས་སྐྱེས་པ་ལ་སོགས་པ་སྐྱེ་བ་བཞིའི་ལུས་སུ་སྣང་བ་ཞལ་གྱིས་བཞེས་པ། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག སྐུའི་ཕྱིའི་མཛད་པ་བཞི། ནང་གི་བཞི། གསང་བའི་བཞི། དེ་བཞིན་དུ་གསུང་གི་ཕྱིའི་བཞི། ནང་གི་བཞི། གསང་བའི་བཞི། ཐུགས་ཀྱི་ཡང་དེ་བཞིན་དུ་ཕྱིའི་བཞི། ནང་གི་བཞི། གསང་བའི་བཞི་སྟེ་དགུ་བཞི་སུམ་ཅུ་སོ་དྲུག་དང་། ཆོས་ལོངས་སྤྲུལ་སྐུ་གསུམ་པོའི་སོ་སོའི་མཛད་པ་སོ་དྲུག་བསྡོམས་ན་མཛད་པ་བརྒྱ་དང་རྩ་བརྒྱད་དུ་སྣང་བ་ཡིན་ནོ། །དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ལ་མངའ་མཛད་དོ། །ཆོས་སྐུའི་གདུལ་ཞིང་དང་། དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་དང་དེ་ལས་འཕྲོས་པའི་གསང་ཆེན་སྙིང་པོའི་རྒྱུད་ཆེན་ཐམས་ཅད་ལས། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་པའི་སྐུའི་ལོངས་སྐུའི་དུས་ན། སྟོན་པ་རྡོ་རྗེ་འཆང་ཉིད་རྣམ་པར་འཕྲུལ་བ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱ་ལོངས་སྐུའི་གདུལ་ཞིང་དང་། གནས་གདུལ་བྱ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ། སོགས་ཁོངས་ནས་བྱུང་བ་མཁའ་འགྲོ་དང་གྲུབ་པ་སོགས་དང་། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པ་ཆོས་ཉིད་འགྱུར་བ་མེད་པའི་དུ་ལའོ། །སྤྲུལ་སྐུའི་སྤྲུལ་སྐུའི་དུས་ན། སྟོན་པ་ཤཱཀྱ་ཐུབ་པ། དེའི་རང་བཞིན་དཔལ་རང་བྱུང་གིས་བསྙེན་པར་རྫོགས་ཏེ་མཛད་པ་བཅུ་གཉིས་ལ་སོགས་པ་ཉིད་ཀྱི་མཛད་པ་ལ་སྤྱོད་པ། ཞིང་ཁམས་མི་མཇེད་ཀྱི་འཇིག་རྟེན་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྤྲུལ་སྐུའི་གདུལ་ཞིང་ངོ་། །གནས་བྱ་རྒོད་ཕུང་པོ་བཀའ་བར་མ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་སའི་གནས་དེ་ལྟ་བུ་ལ་སོགས་པ། འཁོར་ལྷ་དང་མི་ལ་སོགས་པ་སྣ་ཚོགས། བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་ངེས་པ་ཆེན་པོས་ཐེ་ཚོམ་གཅོད་པའི་དུས་སོ། །ལོངས་སྐུའི་སྣང་ཆ་ལས་གནས་རིས་བཅུ་གཉིས་སུ་སྤྲུལ་སྐུའི་སྟོན་པ་བཅུ་གཉིས་བྱོན་པའི་སྐབས་ལ་སོགས་པར། སྐུ་གསུམ་བསྟན་པའི་བྱིན་རླབས་ལས་བྱུང་བའི་རྫོགས་ཆེན་བསྟན་པའི་བཙས་གསུམ་གྱི་སྤྲུལ་བ་ཆེན་པོ་གསུམ་འཛམ་བུའི་གླིང་འདིར་རང་ཤར་ནས་འགྲོ་བའི་རེ་འདོད་སྐོང་ཞིང་ཐར་བ་ལ་སྦྱོར་བར་མཛད་པའོ། །ལོངས་སྐུའི་སྣང་ཆ་ལས་སྤྲུལ་བའི་སྐུར་བྱོན་པ་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་མངོན་པར་སྤྲུལ་ནས་བྱོན་པའི་དུས་ན་སྐུ་གསུམ་སྟོན་པའི་བྱིན་རླབས་ལས་བྱུང་བའི་རྫོགས་ཆེན་བསྟན་པའི་བཙས་གསུམ་གྱི་སྤྲུལ་བ་ཆེན་པོ་གསུམ་འཛམ་བུའི་གླིང་འདིར་རང་ཤར་ནས་འགྲོ་བའི་རེ་འདོད་སྐོང་ཞིང་ཐར་བ་ལ་གཞོལ་བར་མཛད་པ་ཡིན། བཙས་གསུམ་ནི། ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་ཕྱག་གང་བ་དང༌། ལོངས་སྐུའི་བསྟན་པ་དངོས་རང་བྱུང་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་ཡི་གེ་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་གྲགས་པ་དང༌། སྤྲུལ་སྐུ་བཅུ་གཉིས་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་འཁྲུངས་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་གསུམ་ནི་སུས་ཀྱང་མ་བྱས་པས་མི་འཇིག་པ། བྱིན་རླབས་ལས་རང་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པ། གང་དང་ཕྲད་པ་འབྱུང་བ་རང་དེངས་སུ་གྲོལ་བར་བྱེད་པའི་འཕྲིན་ལས་མངའ་བའོ། །དབྱེ་བ་གསུམ་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བ་ནི། ཐལ་འགྱུར་ལས། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་ལྔའོ། །ཞེས་སྡོམ་གྱིས་མདོར་བསྟན་ཏེ། རྒྱས་བཤད་སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་པ། །ཞེས་པས་སྐུའི་སྤྲུལ་བ་བསྟན་པ་དང་། གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་དབྱངས་ཡན་ལག་དྲུག་ཅུའོ། །ཞེས་པས་གསུང་དང་། ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱི། །རང་གཞན་དོན་གཉིས་དགོངས་པར་གནས། །ཐུགས་ཀྱི་འཕྲིན་ལས་བསྟན་པའོ། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཞེས་པས་ཡོན་ཏན་བསྟན་པའོ། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང་། །འཕྲིན་ལས་བསྟན་པའོ། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་པས་དོན་བསྡུས་སོ། །དེ་ཡན་གྱིས་དབྱེ་བ་རྣམ་པ་གསུམ་གྱི་ཐོག་ནས་རྟེན་སྐུ་བཤད་པ་སོང་སྟེ། གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ་ཡང་མདོར་རྒྱས་རྣམ་པ་གཉིས་ཡོད་པ་ལས། དང་པོ་མདོར་བསྟན་པ་ནི་སྒྲ་ཐལ་འགྱུར་གྱི་རྒྱུད་དེ་ཉིད་ལས། སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ། །ཇི་ལྟ་མཁྱེན་པས་དངོས་པོ་ཡི། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པས་ནི་གདུལ་བྱ་ཡི། །བསམ་པ་ཇི་ལྟར་གནས་པ་ཤེས། །ཞེས་སོ། །ཞེས་གནས་ལུགས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀ་མདོར་བསྟན་ཏེ། གཉིས་པ་རྒྱས་པར་བཤད་ན། ཇི་ལྟ་བ་མཁྱེན་པས་གནས་ལུགས་ཕྱིན་ཅི་མ་ལོག་པ་མཁྱེན་ལ། ཇི་སྙེད་པས་སྣང་ཚུལ་རྒྱུ་འབྲས་མཐའ་དག་མཁྱེན་པ་སྟེ། ངོ་བོ་ངེས་ཚིག་དང་བཅས་པ་ཉིད། ཐལ་འགྱུར་ལས། ཤེས་བྱ་བསྡུས་པའི་ཡེ་ཤེས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཞེས་མཚམས་སྦྱར་ཏེ། དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །ཞེས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་དང་། ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་མཁྱེན། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དོང་ནས་འབྱིན། །སྤྲུལ་པ་སྐུ་ཡི་མཁྱེན་པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །ཞེས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངེས་ཚིག་བསྟན་པ་དང་། ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཅེས་པས་ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་དང་། ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེང་མེད་ཟད་སར་ཕྱིན། །མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པ་ཚད་དུ་ཕྱིན་པའོ། །ཞེས་ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱི་ངེས་ཚིག་བསྟན་པའོ། །དེ་ལྟར་ཐལ་འགྱུར་གྱི་ལུང་གིས་འགྲེལ་བ་སྟེ། འདི་དག་ཡིད་ཆེས་ངེས་པའི་ལུང་དང་སྦྱར་ཅིང་། ལམ་གནད་ངེས་པའི་ཆིངས་ཀྱིས་བཅིངས་ཏེ། རྒྱུད་ལུང་མན་ངག་གསུམ་གྱི་ཁོག་མཉམ་ཕུབ་པ་སྟེ་གཞན་ལ་མེད་པའི་རྒྱལ་བ་ཀློང་ཆེན་པའི་ཁྱད་ཆོས་ཡིན་ནོ། །ཞེས་སོ། །སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་གཉིས་ཀྱི་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་སྟེ། ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་སོ་ཅོག་གི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཁྱེན་པས་ན་དོན་དམ་བདེན་པ་རྟོགས་ཤིང་སྐྱེ་འགག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུར་སྟོན་པ་ཡིན། ཇི་ལྟ་མཁྱེན་པའི་ཡེ་ཤེས་ལ་ཆོས་ཅན་སྣང་བའི་གནས་ལུགས་ཇི་ལྟ་བ་མཁྱེན་པ་དང་། ཆོས་ཉིད་སྟོང་པའི་གནས་ལུགས་ཇི་ལྟ་བར་མཁྱེན་པ་དང་གཉིས་སུ་དབྱེར་ཡོད་ལ། སྣང་ཆར་གྱུར་ཚད་ཐམས་ཅད་ཇི་སྙེད་མཁྱེན་པ་མ་ཡིན་ནམ་སྙམ་ན། སྣང་བའི་ཆ་ལ་ཡང་ངོ་བོ་དང་རྣམ་པ་གཉིས་སུ་ཕྱེས་ཏེ། ངོ་བོ་ཇི་ལྟ་མཁྱེན་པ་དང་རྣམ་པ་ཇི་སྙེད་མཁྱེན་པ་སྟེ། གཞི་གཅིག་གི་ཐོག་ནས་འགལ་མེད་གནད་གཅིག་ཏུ་འབབ་པར་བྱས་ནས་འཇོག་ཆོག་པ་ཡིན། ཇི་སྙེད་མཁྱེན་པའི་ཡེ་ཤེས་ནི་གདུལ་བྱའི་ཁམས་དབང་བག་ལ་ཉལ་ལ་སོགས་པ། ཆོས་ཅན་སྣང་བའི་བྱེ་བྲག་གི་ཆ་ཆོས་ཀྱི་རྣམ་པ་ཐམས་ཅད་མ་འདྲེས་པར་མཁྱེན་ཏེ། གདུལ་བྱའི་ཁམས་དང་དབང་པོ་བག་ལ་ཉལ་དང་མཐུན་པའི་ལས་འབྲས་དང་ནི་ལས་ཀྱི་རྣམ་གཞག་ལ་སོགས་པ་ཇི་བཞིན་དུ་འདོམས་ནས་ལམ་སྟོན་པར་མཛད་པའོ། །མདོར་ན་སྤྲུལ་སྐུའི་ཡེ་ཤེས་གཉིས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་འཇུག་སྟེ། སྣང་བས་བསྡུས་པའི་ཆོས་སོ་ཅོག་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་པ་དང་། སྟོང་པས་བསྡུས་པའི་ཆོས་སོ་ཅོག་ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་པའོ།།
ང༽བཞི་བ་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པ་དེ་དག་གང་ལས་བྱུང་བ་བཤད་པ།
དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པ་དེ་དག་གང་ལས་བྱུང་ཞེ་ན་བཤད་པ།
འདི་དག་རྒྱུ་འབྲས་རྩོལ་བས་མ་བསྒྲུབས་ཏེ།།
ཡེ་ནས་ལྷུན་གྲུབ་ཅོག་གཞག་ངང་ལ་སྣང་།།
མཆོག་གསང་རབ་ལ་ཚེ་འདིར་སྣང་བ་སྟེ།།
དེ་ལས་གཞན་དུ་བར་དོར་མི་བསླུ་བས།།
རྡོ་རྗེ་སྙིང་པོ་རྩེ་མོའི་ཐེག་པ་ནི།།
རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་པར་འཕགས།།
ཞེས་གསུངས་ཏེ། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་དམ་པ་ནི་ཡེ་ནས་ལྷུན་གྲུབ་འདུས་མ་བྱས་སུ་རང་ལ་གནས་པ་སྟེ། ཅོག་གཞག་རྒྱུ་འབྲས་ལས་འདས་པའི་གནད་ཀྱིས་མངོན་དུ་གྱུར་པས། ཐེག་པ་འོག་མ་ཐམས་ཅད་ལས་འཕགས་ཏེ། ཀློང་དྲུག་པ་ལས། མི་རྟོག་ཡེ་ཤེས་ལས་བྱུང་བའི། །མ་བཙལ་གཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །ཅེས་སོ། །དེ་ཡང་འདུས་མ་བྱས་ལྷུན་གྲུབ་ཡིན་པར་རྒྱུད་བླ་མ་ལས་ཀྱང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་ལ་སོགས་པ་འདི་དག་ཐམས་ཅད། རྒྱུ་འབྲས་རྩོལ་བ་ཅན་གྱིས་སྔར་མེད་གསར་དུ་སྒྲུབ་པ་མིན་པར་ཡེ་ནས་ལྷུན་གྲུབ་འདུས་མ་བྱས་སུ་རང་ལ་གནས་པའི་ཡེ་ཤེས་དེ། ཅོག་གཞག་རྒྱུ་འབྲས་ལས་འདས་པའི་ངང་ལ་བཞག་པས་གནད་མངོན་དུ་གྱུར་ཏེ་སྣང་བ་ཡིན། དེ་ཡང་མཆོག་ཏུ་གསང་བའི་གནད་ཀྱི་འབྲས་བུ་དེ་དག་སྐལ་ལྡན་དབང་རབ་ལ་ཚེ་འདིར་སྣང་ནས་ཆོས་ཟད་གདོད་མའི་གཞི་ཀློང་དུ་ལུས་འདི་མ་སྤངས་པར་རྣམ་པ་མི་ཡིན་ཡང་རྟོགས་པ་སངས་རྒྱས་སུ་འགྱུར་བ་དང་། དེ་ལས་གཞན་དུ་གྱུར་པའི་དབང་པོ་འབྲིང་ཡང་ཆོས་ཉིད་བར་དོ་དང་མ་མཐའ་ཡང་སྲིད་པ་བར་དོར་མི་བསླུ་བས་ན་རྡོ་རྗེ་སྙིང་པོ་རྩེ་མོའི་ཐེག་པ་དང་མཇལ་བ་འདི། སྐལ་བ་རེ་བཟང་ངོ་སྙམ་ནས་སྤོབས་པ་བསྐྱེད་ཆོག་པས་མི་ཚད་པར་རྒྱུ་འབྲས་ལས་འདས་པའི་གནད་དེས་ཐེག་པ་འོག་མ་ཀུན་ལས་ཁྱད་པར་དུ་འཕགས་པའི་གནད་མཐོང་བས་ཀྱང་ལམ་འདིར་འབད་པས་བརྩོན་པ་བསྐྱེད་རིགས་པ་ཡིན་ནོ། །ལེའུའི་མཚན་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་སངས་རྒྱས་པ་ལ། རྩོལ་བ་དང་སྒྲུབ་པ་མེད་པར་ཡང་སངས་རྒྱས་པར་བསྟན་པ་སྟེ། ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།དེ་ཡན་ཆོད་ཀྱིས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བ། སེམས་ཉིད་ཆོས་སྐུའི་རང་ཞལ་གསལ་གཞག་དང་བྲལ་བའི་ཡེ་ཤེས་རྗེན་པར་སྟོན་པ། མན་ངག་གི་བསྟན་བཅོས་འདི་ཉིད་ཀྱི་འཇུག་ཡུལ་བསྟན་བཅོས་གཞུང་གི་ལུས་དངོས་རྒྱ་ཆེར་བསྟན་པ་སོང་སྟེ། དེ་རིང་འདིའི་མཚམས་འདིར་བཞག་སྟེ། སང་ཉིན་ཐ་མར་དགེ་བ་མཇུག་དོན་ནས་རེ་ཞིག་འཆད་ཉན་ཐེངས་གཅིག་ཡོངས་སུ་གྲུབ་པའི་རྟེན་འབྲེལ་ལེགས་སྨོན་གྱི་ཤིས་པར་བརྗོད་པ་ལ་ཐུག་པ་རེད། སྔར་གྱི་འཆར་གཞིའི་དུས་ཚོད་རེའུ་མིག་ལྟར་དུ་བྱས་པ་ལས་ཉིན་གཅིག་གིས་བརྒལ་ནས་ཆོས་ཁྲིད་ཐུན་གཅིག་ལྷག་པོར་བྱུང་བ་དེ་ཡང་རྟེན་འབྲེལ་ཤིན་ཏུ་བཟང་ལ། ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་སྔོན་འཆར་ལས་ཉིན་གཅིག་ཇེ་མང་སོང་བས་དབང་གིས་གནངས་ཉིན་བླ་མ་ཡང་ཏིག་གི་ཆོས་ཁྲིད་ལ་ཐུག་པ་རེད། སྔར་ངེད་ཚོའི་དུས་རབས་ལ་གདན་ས་འདི་ནས། མཁན་པོ་ཐུབ་སྙན་ཚང་གིས་གཙོ་བོ་ཡེ་ཤེས་བླ་མ་གསུངས་པ་དང་། འཇིགས་མེད་ཡོན་ཏན་མགོན་པོས། ཡེ་ཤེས་བླ་མ་གསུངས་པས་མ་ཚད་གཙོ་བོ་བླ་མ་ཡང་ཏིག་གསུངས་པ་ཡིན། དུས་ཚོད་འདི་ལ་ངས་ད་བར་དུ་ཡེ་ཤེས་བླ་མ་བཏོན་པ་ཡིན། ད་ནས་བརྩམས་ཏེ་ཚེ་ལྷག་ཅི་ཡོད་ཀྱི་མིག་གིས་མཐོང་རིང་ལ་བླ་མ་ཡང་ཏིག་ལོ་རེར་ཚར་རེ་འདོན་ཨེ་ཐུབ་སྙམ་པ་ཡིན། གནས་གང་ནས་འདོན་རྒྱུ་མཐའ་གཅིག་ཏུ་ངེས་པ་ཅི་ཡོད། བརྒྱུད་པ་འདིའི་ཆོས་སྒོ་དམ་པ་རེད། ཁྱད་པར་དུ་ང་ནི་སོ་སྐྱེ་ཐ་མལ་པ་ཡིན་པས་སློབ་ཚོགས་དམ་ཚིག་གཙང་མ་ཅན་བདུན་གསུམ་ཉེར་གཅིག་གི་ཡན་ལ་མང་དུ་བཞག་ནས་འདོན་ཕོད་ས་མི་འདུག་སྙམ་པ་ཡིན། ད་རེས་ཐུགས་རེ་གནང་བ་མང་ན་ཡང་། ཉི་ཤུ་རྩ་གཅིག་གིས་བཅད་མཚམས་བྱས་པས་ཐམས་ཅད་དུས་གཅིག་ལ་ཐུགས་འདུན་སྐོང་ཐབས་མ་ཡོད་པས། དང་པོར་རེ་ཞིག་དེ་ལོའི་ཁ་ཆད་ཅན་གྱི་ནང་ནས་ཁ་ཤས་དང་། ད་རེས་ཀྱི་གསུངས་སྔ་ཕྱིའི་འགྲོས་ལ་གཙོ་བོར་བསྟུན་ཏེ་མཚན་ཐོ་ཞིག་ཀྱང་གཏན་ཁེལ་བྱས་ཡོད། སྔར་གྱི་ཁ་ཆད་ཀྱི་ནང་ན་ཡོད་ཀྱང་། ངའི་ཟུར་གྱི་ཉེ་འཁྲིས་ཀྱི་མི་དང་དུས་རྒྱུན་ཆོས་རའི་ནང་ན་ཡོད་པའི་ནང་སྐོར་མ་ཁ་ཤས་ངས་ངན་པ་དབང་ཆེན་བྱས་ནས་ཐེངས་འདིར་ཕྱིར་འཐེན་བྱེད་དགོས་བྱུང་སོང་། དེ་ལས་གཞན་དུ་ཚང་མའི་སྔོན་དུ་འཇོག་བབ་པའི་ཉམས་ལེན་པ་དེ་བས་ལྷག་མེད་པའི་སྦས་པའི་རྣལ་འབྱོར་པ་ཚོ་གཅིག་ཀྱང་བསམ་བཞིན་དུ་བསལ་བ་ལྟར་དུ་ལྷག་སོང་། ད་རུང་མཁན་སྤྲུལ་སྡེ་སྣོད་འཛིན་པ་གང་བཟང་མང་པོ་ཡོད་ན་ཡང་ཐེངས་གཅིག་ལ་སྔོན་རྗེས་ཀྱི་རིམ་པ་འདི་མ་བསྒྲིགས་ཐབས་མེད་དེ་ཐབས་དེ་ལས་མེད་པ་རེད། བླ་མ་ཡང་ཏིག་གི་ཆོས་ཁྲིད་དེ་མཆོད་ཁང་པདྨ་གཡང་འཁྱིལ་གྱི་ཐོག་ཁང་ནས་འདོན་འཆར་ཡིན། ཤིན་ཏུ་གསང་བའི་ཟབ་ཆོས་ཡིན་པས། བདུན་གསུམ་ཉེར་གཅིག་པོ་ཆོས་ཁྲིད་ཀྱི་ཚེ་ལ་མཚམས་ནང་དུ་ཆོས་ཁྲིད་ཐུན་རེའི་ཚེ་ལ་ཕེབས་རྒྱུ་དང་། ཆོས་ཁྲིད་ཀྱི་སྒྲ་སྤྱི་སྒེར་ཚང་མས་མི་ལེན་པ་དང་། སྐད་སྦུག་མི་བཏགས་སྒྲ་སྒམ་ཡང་མི་འཇོག་རྒྱུ་ཡིན། ངས་ཀྱང་མི་ཚིག་དོན་མེད་ཀྱི་གཏམ་མི་བསྲེ། ཁྱེད་རྣམ་པས་ཀྱང་སྒྲ་སྡུད་ཕབ་བྱེད་སྤྱད་དང་ཞལ་པར་ལ་སོགས་པ་འཁྲུལ་ཆས་ཀྱི་རིགས་ཆོས་ཁྲིད་ཀྱི་ནང་དུ་བསྣམ་མ་ཡོང་། ཕྱི་དྲོའི་དུས་ཚོད་ཀྱི་ཁྲིད་ལུང་གི་སྐབས་སུ་ཚང་མ་དང་མཇལ་འཛོམས་ཐེངས་རེ་ཉི་མ་ཁ་ཤས་ལ་ཡོང་བ་རེད། ད་ལོ་ན་ནིང་ཞིག་ལ་ངས་ངག་བཅད་སྨྲ་བ་བསྡམས་ནས་མཚམས་ལ་བསྡད་ཡོད་པས། ཕར་བལྟས་ན་མཚམས་ཐོ་ཞིག་ཀྱང་བཅིངས་ཡོད་པ་སྐབས་རེར་མཚམས་པ་རང་ཉིད་ཀྱང་སྒོ་ལ་ཡང་བུད་ཆོག་པ་འདི་ཅི་ཞིག་ཡིན་ན། དེ་འདྲའི་མཚམས་ཤིག་ད་རེས་མ་གཏོགས་གོ་མ་མྱོང་ཟེར་ཆོག་པ་འདུག ང་རང་གིས་ཀྱང་དེ་ལྟར་ཟེར་ངེས། སྨྲ་བ་བསྡམས་ནས་མཚམས་ནང་ན་ཁེར་འདུག་བྱས་ཡོད་པ་རེད། མིའི་ཁྱུ་ནས་བུད་པ་ཡིན་ཞེས་ལོ་མང་ཡིན་པ་རེད། མི་དང་གཏུགས་ནས་གཏམ་ཉོབ་བཤད་དེ་མི་ཚེའི་དུས་ཚོད་འདི་ལ་གཏུགས་པ་ཡིན་ན། གཏུག་རྒྱུ་བཤད་རྒྱུ་ཐམས་ཅད་ཚར་ནས། དེ་ཡིས་རྨུས་ནས་མི་གཏུགས་མི་བཤད་སྙམ་ནས་མཚམས་ཐོ་དེ་ཡིས་བཅིངས་པ་རེད། མཚམས་ཐོ་བཅིངས་པ་དེ་ཉེར་མཁོའི་འཚོ་ཆས་ཀྱི་རིགས་སྦྱོར་མཁན་དང་། ཆོས་དོན་གྱི་དམིགས་བསལ་བའི་དམིགས་འོག་ལ་བཞག་པའི་ཚོགས་པ་དང་མི་སྒེར་ལས་གཞན་ཐོན་མ་ཡོང་ཞེས་པའི་བརྡ་དང་། སྐབས་རེ་མཚམས་པ་རང་ཉིད་སྒོར་མི་ཡོང་ཐབས་མེད་རེད། ཆོས་རྒྱུན་རེ་སྤེལ་བ་དེ་ཆོས་བརྒྱུད་འདིའི་བསྟན་སྲོག་གལ་ཆེན་ལ་ཁེལ་བས། སྨག་ནག་ནང་དུ་འཛུལ་བ་ལས་བསྟན་པར་ཞབས་ཕྱི་དེས་ཆེའོ་སྙམ་པ་རེད། དེའི་སྟབས་ཀྱི་ཆོས་རའི་ནང་དུ་སྒོ་ཆུང་ནས་འཛུལ་ཏེ་ཆོས་ཁྲིད་བཤད་པར་ཐེངས་རེར་བུད་པ་རེད། དང་པོའི་མཚམས་ཀྱི་དམ་བཅའ་ཡང་དེ་རེད། དེའི་ཞོར་དུ་སྐོར་ལམ་ནང་ནས་མི་རེ་ཐུག་དུས་འཛུམ་རེ་བསྟན་པ་ནི་མིས་མི་རིག་པའི་གུས་ཞབས་མཚོན་བྱེད་ཅིག་རེད། མིག་བཙུམ་བཞག་ཟེར་རྒྱུ་ཡོད་པ་མ་རེད། ཆོས་བཤད་སར་འདི་བཞིན་ཐོན་དུས་མིས་མིར་སྒྲ་ཚིག་གི་ལམ་ནས་བརྗོད་དགོས་པས་ཞོར་འབྱུང་དུ་དེ་དང་འབྲེལ་བའི་འཕྲོས་དོན་རེ་འབྱུང་སྲིད་པ་ཡིན་པས། དེ་ལ་ཀུན་སློང་གི་དབང་གིས་དེར་སྨྲ་འཆལ་གྱི་ཉེས་པ་མི་འབྱུང་སྙམ་པ་ཡིན། མཚམས་པ་སྒོར་ཐེངས་རེ་བུད་དོན་དེ་ཡིས་རེད། སྤྱིར་མཚམས་དང་བཅད་རྒྱ་ཞེས་པ་ཐམས་ཅད་གཅིག་མཚུངས་ཏག་ཏག་མ་རེད། ཡིན་ཡང་མཚམས་རང་ལ་མཚམས་ཀྱི་ངོ་བོ་རྣམ་པ་དུས་ཚོད་ལ་སོགས་པའི་ཐད་ཀྱི་ཁྱད་པར་དང་དབྱེ་བ་མང་དུ་ཡོད་པ་རེད། བུག་སྒོ་འདམ་སྦྱར་གྱི་མཚམས་དང་། ས་མཚམས་ཀྱི་མཚོན་རྟགས་ཀྱིས་བཅད་པའི་མཚམས་ལ་སོགས་པ། དམ་ཆོས་འདུལ་བའི་དབྱར་གནས་ཀྱི་མཚམས་ནས་གསང་སྔགས་བསྙེན་སྒྲུབ་ཀྱི་མཚམས། དེ་ལ་ཡང་ཕྱི་ནང་གསང་བའི་མཚམས་ཀྱི་བར་གྱི་ངེས་འབྱེད་ལ་སོགས་པ་དང་། དམ་ལྷོད་དང་དབྱེ་བསྡུ་མང་པོ་ཞིག་ཐེག་པ་སོ་སོའི་སྐབས་ནས་འབྱུང་བ་རེད། ངག་བཅད་ཡིན་ན་ཡང་དེ་བཞིན་དུ་དུས་ཚོད་ངེས་དང་ངེས་མེད་དང་། དེ་ལ་ཡང་ངོ་བོ་དང་རྣམ་པའི་ཐོག་ནས་ཀྱང་འདྲ་དང་མི་འདྲ། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟེན་པར་བྱ། །གསུངས་པ་ལ་སོགས་པ་རྒྱུད་ཀྱི་ལུང་དོན་ནས། བསྙེན་གནས་དང་བསྙུང་གནས་ཀྱི་དུས་ཁྲིམས་བར་ལ་འདྲ་མི་འདྲ་ཡོད་པ་རེད། བརྡ་ཙམ་བྱེད་ཆོག་པ་དང་། ཡི་གེ་ཙམ་བྲིས་ནས་བརྡ་སྟོན་ཆོག་པའམ། དེ་ཙམ་ཡང་མི་ཆོག་པ་སོགས་འདྲ་མིན་སྣ་ཚོགས་ཉམས་ལེན་གྱི་དགོས་དབང་དང་བསྟུན་ནས་ཡོད་པ་ཡིན། པདྨ་ཐང་གི་ཞག་བརྒྱའི་ཁྲིད་སྦྱོང་གི་མཚམས་ནི་འདུས་པ་མང་པོའི་སྤྱི་སྒྲིག་དང་དེ་ཡང་མང་ཆེ་བ་ལས་དང་པོ་པ་ཡིན་པས། དང་པོ་སུན་མི་འགྲོ་བའི་ཆེད་དུ་ཧ་ཅང་མི་དམ་པའི་གུ་ཡངས་མོ་ཞིག་གི་ཐོག་ནས། བར་ཞིག་ལ་རང་བཞིན་གྱིས་རང་གི་ཉམས་ལེན་གྱི་གནད་བཟུང་ནས་ཇེ་དམ་དུ་འགྲོ་བའི་དམིགས་ཡུལ་བཟུང་ནས་དམ་བཅའ་ཡུན་དུ་བརྟན་པའི་དགོས་དབང་དམིགས་པ་ཡིན། ངའི་མཚམས་འདི་དམིགས་བསལ་གྱི་མཚམས་རེད། མི་གྲལ་ནས་བུད་པའི་མཚམས་བསྙེན་སྒྲུབ་ཀྱི་མཚམས་ཅི་ཡང་མིན། མི་དང་འབྲེལ་གཏུགས་བྱེད་མི་བསམ་པའི་མཚམས་ཡིན་པས། ཡར་གཞན་དག་ཡོང་མི་ཆོག་ཅིང་ང་རང་མར་བུད་བསམ་དུས་བུད་ཆོག་པའི་རང་བཟོའི་མཚམས་རེད། རྒས་ཚེ་མཇུག་གི་བདུན་ཅུའི་སྟན་སྨད་བརྒྱད་ཅུའི་སྔས་མགོར་ཐོན་པའི་མི། བསྟན་སྲིད་ཁུར་བཏང་གི་ནང་ནས་བུད་དེ་མི་ལོ་བཅུ་གྲངས་ཡིན་པ། སྤྱི་དོན་བསྟན་སྲིད་ཀྱི་དོན་དུ་སུ་ཞིག་གིས་ཀྱང་ང་ལ་གཏུགས་དགོས་དོན་མེད་ལ། སྒེར་དོན་འདི་ཡིན་ཟེར་བའི་དམིགས་ཡུལ་ཞིག་རང་ཉིད་ལ་མེད་པ་དང་། ཆོས་ཕྱོགས་ནས་ནི་གོང་ལྟར་ཡིན། དེ་ལས་གཞན་པའི་་ཕྱོགས་ནས་ང་ལྟ་བུའི་བན་རྒན་བོད་ལ་ཁྲི་ཚོ་འབུམ་ཚོ་ཡོད་རྒྱུ་རེད། ང་ལ་གཏུགས་ནས་ལྟ་ས་ཡོང་སྒོ་ཅི་ཡང་ཡོད་པ་མ་རེད། དེས་ན་ཕ་རོལ་པོ་དག་ང་ལ་མ་གཏུགས་ན་གནོད་ནི་ཅི་ཡང་མི་འདུག་སྙམ་ནས། སུ་ཞིག་དང་གཏུགས་མ་གཏུགས་མི་འདུག་ཅེས་མཚམས་ཐོ་བཅིངས་དོན་གཙོ་བོ་དེ་ཡིས་ཡིན། རྣམ་པ་རྒྱུས་ཡོད་ཚོས་གནས་ཚུལ་འདྲི་མཁན་ཡོད་ན་རྒྱུས་བཤད་མཛོད་དང་ཆོག གནས་འདིར་ཕེབས་དུས་ང་དང་བཅས་པའི་འཁོར་ཡུག་གི་རྒྱབ་ལྗོངས་གཟིགས་པ་ཡིན་ཕྱིར་དེའི་སྐོར་གྱི་འཕྲོས་གཏམ་རེད། སང་ཉིན་ཆོས་དབྱིངས་མཛོད་ཀྱི་ཐེངས་འདིའི་ཆོས་ཁྲིད་རྗེས་མ་ལ་མཇལ་ཡོང་། དེ་རིང་ཕྱི་དྲོའི་ཁྲེགས་ཆོད་ཀྱི་ཐུན་འདི་ད་ལོའི་རབ་གནས་ཆུ་སྦྲུལ་ལོའི་ཐེངས་འདིའི་འདུས་པ་མང་ཚོགས་ཀྱི་ཁྲིད་ཆེན་དངོས་ཀྱི་ཐུན་རྗེས་མ་ཡིན། དེ་ལུགས་ཀྱིས་དེའི་འཕྲོར་བསྟན་རྒྱས་སྨོན་ལམ་ཞིག་ཀྱང་གསུངས་མཛོད། སང་ཉིན་གྱི་དུས་ཚོད་རེའུ་མིག་གི་ནང་ན་རྒྱབ་ཆོག་དང་གཅོད་ཐུན་གཉིས་ཀ་མ་གཏོགས་ཆོས་ཁྲིད་དང་ཁྲིད་སྦྱོང་ཞེས་བརྒྱབ་ཡོད་པ་ཚང་མས་གོ་ཆོད་པ་མ་རེད། གནས་ལུགས་མཛོད་ཀྱི་དབུ་གནངས་ཉིན་ནས་འཛུགས་རྒྱུ་ཡིན། དེ་ལུགས་ཀྱིས་ཐུགས་ལ་ཞོག ཁ་རྩང་འུ་ཅག་གིས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཛད་པའི་མཛད་རིམ་གྱི་ཐད་ནས། རྣམ་པ་ཚང་མ་འོ་བརྒྱལ་ཤིན་ཏུ་ཆེ་སོང་། ལྕགས་རྙི་རུག་པའི་ཐད་ཀྱི་ད་རུང་ཕྱོགས་སྡོམ་ཐུབ་མི་འདུག ཚོད་དཔག་བྱས་ན་དགེ་བ་རླབས་ཆེན་ཞིག་འགྲུབ་འདུག རྣམ་པ་ཚོ་གཅིག་རྟ་མཛེས་ཁོག་ཏུ་སོང་ནས་དཔའ་བྱས་འདུག འདིའི་གསང་སྔགས་ཀྱི་གནས་འདི་རྩ་དབུ་རྐྱང་རོ་གསུམ་གྱི་ཆགས་དབྱིབས་ཀྱི་རྩ་བའི་ལུང་པ་གསུམ་ཡན་ལག་དང་བཅས་པ། རྩེ་མོ་གངས་རི་དབུ་རྩེ་བཅོ་བརྒྱད། མཚོ་ཆེ་ཆུང་བརྒྱ་དང་བཅུ་གཉིས་ཀྱི་བསྐོར་ཡོད་པ་ཡིན། ཤར་ཕྱོགས་དབང་ཆེན་རྟ་ཡི་ལུང་པ་དང་། ནུབ་ཕྱོགས་མགོན་པོ་ཤོ་ནའི་ལུང་པ་གཉིས་ཀ་རོ་རྐྱང་གཉིས་ཀྱི་ཆགས་དབྱིབས་ཡིན། མི་ཚོས་སྟག་མཛེས་དང་ཧོན་ན་ཟེར་བ་རེད། སྟག་མཛེས་ཀྱི་རི་དྭགས་རྔོན་པས་གང་མོས་ལ་བསད་ནས་ཡོད་འདུག ཧོན་ན་ཅི་འདྲ་མི་ཤེས། ཡུལ་ལ་དགེ་བཅུ་མ་དར་དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་པའི་སྡེ་བ་དེས་ཆོས་རྒྱུགས་མ་འཕྲོད་པ་རེད། དགོན་ལ་ཐུགས་མཐུན་ཁྲིམས་གཙང་དགོས་པ་རེད། དེ་མ་ཡོད་ན་དགོན་པས་བསྟན་རྒྱུགས་འཕྲོད་དཀའ་བ་རེད། དེའི་ཕན་གྱི་ཆོས་འཇིག་རྟེན་གྱི་ལ་རྒྱ་སྤྱི་ཆོས་གང་བཤད་ཀྱང་ཁ་སྟོང་རེད། ཁ་སྟོང་ཟེར་ན་རྐྱལ་སྟོང་རེད། རྐྱལ་སྟོང་ཟེར་ན་སྒྲོ་སྟོང་རེད། སྒྲོ་སྟོང་གཡུགས་ན་ཧྲོག་སྒྲ་གྲག་ལོས་ཡོང་། ལྕགས་རྙི་རུག་པའི་ཐད་ནས་ཚོད་དཔག་བྱས་ན་དགེ་བ་རླབས་ཆེན་ཞིག་འགྲུབ་འདུག འདི་ཐེངས་གཅིག་གི་སྲོག་བསླུའི་མི་ཚད་པར་དགོན་ཡུལ་འདིའི་ཆོས་དད་མང་ཚོགས་སེར་སྐྱ་དགོན་ཡུལ་ཡོངས་ལ་བསྐུལ་བརྡ་ཆེན་པོ་ཞིག་ཀྱང་ཐེབས་ངེས་སྙམ་པ་ཡིན། སྲོག་བསླུ་འདིའི་ཐད་ནས་ཡིན་ཡང་སྲོག་ཆགས་རྩ་ཆེན་གསད་རྒྱུ་དེ་ཆོས་ཁྲིམས་རྒྱལ་ཁྲིམས་གཉིས་དང་མཐུན་པ་མ་རེད། ངོ་མས་བཤད་ན་གཡག་གསོད་མི་ཆོག་ཅེས་མེད་པོ་རྣམས་ཀྱི་སྐེ་རྩ་དགག་པ་ལས། བོད་ཀྱི་འབྲི་གཡག་འདི་འཛམ་གླིང་གི་ཁྱད་ནོར་སྲུང་སྐྱོབ་དགོས་པའི་རྒྱལ་སྤྱིའི་ཁྲིམས་ཀྱིས་དེད་ན། གཡག་བདག་ལ་ཟས་གོས་འཛོམས་པ་གཡག་ཚེ་ཐར་ཐུབ་པ་ཞིང་ཡོང་བ་ཡིན་པས། མི་མཁས་པ་ཡོད་ན་ཐབས་དེ་འདྲ་བཙལ་ན་ཡང་སྒོས་རླབས་ཆེའོ་སྙམ། གོང་གི་དཔོན་པོ་མི་ཡིན་པ་རེད་རྒྱལ་སྤྱིའི་སྤྱི་ཁྲིམས་མིས་གཏན་འབེབས་བྱས་པ་ཡིན་པས། གོང་གི་ཇུས་འགོད་དེ་འོག་གི་གནས་ཚུལ་དང་བསྟུན་དགོས། དེ་མ་བསྟུན་ནས་དོན་དངོས་དང་མ་མཐུན་ན་འགྲུབ་རྒྱུ་ཡང་ཡོད་པ་མ་རེད། དཔེར་ན་གཞུང་ལམ་བཟོ་དུས་རི་ལུང་པ་དང་བསྟུན་དགོས་འདུག་ལྟ་བུ་ཡིན། བརྒྱ་ཐག་གཅིག་གིས་ཆོད་པའི་གཏམ་གྱིས་གོ་མ་ཆོད་ན་བརྒྱ་ཁ་གཅིག་མཐུན་གྱི་ནུས་པ་ལ་བསམ་བློ་མི་གཏོང་ཐབས་མེད་ཡིན་པ་རེད། བདེན་དོན་ཡོད་ན་འགྲུབ་སྲིད་པ་རེད། གཞུང་ལས་ཁང་གི་དེ་རིང་ལྕགས་རྙིའི་ཁ་གྲངས་ཕྱོགས་སྡོམ་ཐུབ་ཤག་ཤག་མཛད་དེ། སང་ཉིན་གྱི་ཆོས་ཁྲིད་ཀྱི་སྐབས་སུ་ཚོགས་མང་ལ་སྙན་ཞུ་འབུལ་རྒྱུ་ཡོད་པ་བྱེད་ཡོང་ངེས་པས་དཔའ་དར་དེ་དུས་བཏགས་རྒྱུ་བྱེད། རྣམ་པ་ཚང་མ་ལ་ཁ་རྩང་གི་མཛད་པ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།