Nitartha Digital Library
Tibetan
 
previousཉིན་ཉི་ཤུ་བའི་ཆོས་ཁྲིད། next

ཉིན་ཉི་ཤུ་བའི་ཆོས་ཁྲིད།

ཆོས་ཞུགས་ལས་དང་པོ་པའམ་ཞུགས་ནས་ཅུང་ཟད་ལོན་པ་རྣམས་ལ་མཚོན་ན། འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་སྐྱོ་བ་སྐྱེས། ཐར་བ་དོན་གཉེར་གྱི་བསམ་པ་རྒྱུད་ལ་ཡོད། དེ་ཡོད་པའི་དབང་གིས་ངེས་འབྱུང་གི་བློ་གཤའ་མ་ཞིག་རང་རྒྱུད་ལ་སྐྱེས་པའི་རྨང་གཞི་དེའི་ཐོག་ནས། ཐར་བ་ཞེས་པ་དེའང་ཇི་འདྲ་ཞིག་ཡིན་པའི་འགྲོ་ཕྱོགས་རགས་རིམ་ཙམ་དུ་ངོས་ཟིན་ཅིང་། དེ་ལྟ་བུའི་ཐར་བ་དམ་པའི་ས་དེར་འཁྲིད་པའི་ལམ་ཁྲིད་ཀྱི་བཤེས་གཉེན་དམ་པ་བློ་གཏད་ཕེར་བ་མི་བསླུ་པ་ཞིག་བཙལ་རྒྱུ་ནི་གལ་ཆེ་བའི་ནང་གི་དོན་ཆེ་བ་ཞིག་ཡིན་པའི་ཚུལ་དོ་ཞག་ཆོས་ཁྲིད་སྔོན་མར་གླེང་མོལ་བྱུང་བ་རེད། ཚེ་འདིའི་བྱ་བ་འགའ་རེ་ལ་དོན་ཆེན་ཡིན་པར་ཟེར་ཡང་། ཚེ་འདིའི་བྱ་གཞག་ཐམས་ཅད་པོ་ཕྱོགས་གཅིག་ཏུ་སྤུངས་ཀྱང་། ཚེ་རབས་གཏན་གྱི་དོན་ཆེན་དེའི་བརྒྱའི་ཆ་དང་སྟོང་གི་ཆ་ཙམ་གྱི་དཔེ་རུ་མི་འོས་པ་ཞིག་ཡིན་ལ། ཤིན་ཏུ་བློ་ཆུང་གི་མིས་བསམ་བློ་ལ་ཚེ་རབས་རྗེས་མ་ནི་མཐོང་དུ་མེད་པའི་ཕྱི་མཐའ་དུས་རིང་གི་སྐད་ཆ་ཞིག་ཡིན་པས། དེ་བས་ཚེ་འདིར་ཕན་ཐོགས་ཅན་ཞིག་ཡོད་ན་དོན་ལྡན་རེད་བསམ་ན་མི་ཤེས་ཀྱང་། ཚེ་རབས་གཏན་གྱི་རང་གཞན་འཕྲལ་ཡུན་གྱི་བདེ་བ་ཟེར་དུས་ཚེ་འདི་དེའི་ནང་དུ་མི་འཐུས་སུས་ཀྱང་སྨྲས་པ་མེད་ལ། ཚེ་འདིའི་བྱ་བ་ནི་ཚེ་ཁོ་རང་ཡུན་ཐུང་བའི་དབང་གིས་བཤད་རིན་མེད་པ་ཙམ་ཞིག་ཡིན་པས། རང་གཞན་འདི་ཕྱིའི་གཏན་བདེའི་ལོ་ལེགས་ཀྱི་སྟོན་ཐོག་བསྡུ་སར་བསླེབས་ཚེ། ཚེ་འདིའི་བདེ་སྐྱིད་རྩྭ་སོག་མ་ལྟ་བུ་དེ་ཞར་ལ་འབྱུང་བ་ཡིན་ཞིང་། ལར་སྐྱེས་བུ་ཆུང་ངུ་ལ་བློ་རྒྱ་ཆེན་པོ་ཞིག་དང་བསམ་མཐའ་རིང་པོ་ཞིག་ཡོད་པ་མ་ཡིན། སྐྱེས་བུ་ཆུང་ངུ་ལ་ཡང་ནང་གསེས་ཀྱི་དབྱེ་བ་རིགས་གཉིས་སུ་དབྱེ་རུ་ཡོད་དེ། ཚེ་འདིའི་བདེ་སྐྱིད་རྐྱང་པ་དོན་གཉེར་བྱེད་པ་ཞིག་དང་། འདི་དང་ཕྱི་མ་མངོན་མཐོ་ལྷ་མིའི་གོ་འཕང་དང་གཉིས་ཀ་དོན་གཉེར་བྱེད་པ་ཞིག་སྟེ་གཉིས་ཡོད་པ་ཡིན། དེ་གཉིས་ཀ་དེ་ཡི་སྒོ་ནས་བཤད་ན། གཅིག་ནི་དེ་རིང་ཁོ་ན་ལ་འདེང་རྒྱག་བྱེད་པ་ཞིག་དང་། ཅིག་ཤོས་ནི་དེ་རིང་དང་སང་ཉིན་གཉིས་ཀར་འདེང་རྒྱག་བྱེད་མཁན་ལྟ་བུ་རེད། དེ་གཉིས་ཀ་གང་ཡིན་རུང་མིང་རྒྱང་རིང་ཐུང་ལ་མ་ལྟོས་པར་འཕྲལ་གྱི་བདེ་བ་དོན་དུ་གཉེར་བ་བྱེད་ན་བཤེས་གཉེན་དམ་པ་དང་ཡ་རབས་ཀྱི་གྲོགས་བཟང་ལ་བསྟེན་དགོས་པ་ཡིན། དེ་ཡང་དམ་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་ཉེ་འཁོར་དུ་གནས་པ་ཞིག་ཡིན་ན། གང་ལྟར་ཡང་དེའི་བྱིན་རླབས་སམ་དེའི་ནུས་པའི་ཤན་དེ་འགོས་ནས། གྱེན་བཟང་ཕྱོགས་དྲ་མ་ཞིག་ཏུ་ཡར་འགོས་པའི་ནུས་པ་རང་ཉིད་ལ་མེད་ན་ཡང་། ངན་སྡུག་པོ་ཐ་ཆད་ཅིག་ཏུ་ལོག་ནས་ཐུར་དུ་ལྷུང་མི་འགྲོ་བའི་བཟང་དྲི་མ་འགོས་རྒྱུ་ཡོད་པ་ཡིན། དེ་ལྟ་བུའི་བཤེས་གཉེན་དམ་པ་ཡོན་ཏན་ཀུན་ལྡན་དེ་དཀོན་པོ་ཡིན་པས། གལ་ཏེ་དེ་ལྟར་ཞིག་རྙེད་ན་དེ་ནི་མཇལ་བར་དཀོན་པ་སངས་རྒྱས་མཇལ་བ་དང་འདྲ་བར་གསུངས་ཤིང་། འོན་ཀྱང་དུས་སྙིགས་མའི་སྐབས་སུ་གཅིག་ན་བཤེས་གཉེན་ཡོན་ཏན་ཀུན་ལྡན་དཀོན་པ་དང་། དེ་བས་ཀྱང་བཤེས་གཉེན་ཡོན་ཏན་ཀུན་ལྡན་ངོ་མ་དེ་ཤིན་ཏུ་ནས་ཀྱང་དཀོན་པ་ཡིན། གལ་ཏེ་དེ་ལྟར་མིན་པར་གང་ས་གང་དུ་བཤེས་གཉེན་ཡོན་ཏན་ཀུན་ལྡན་ཏག་ཏག་ཐང་མར་བརྡལ་ནས་ཡོད་ན་དུས་སྙིགས་མ་མིན་པའི་རྟགས་ཡིན་ཡང་། སྙིགས་མའི་དུས་འདིར་བཤེས་གཉེན་དམ་པ་ལྷག་པར་དཀོན་པས་ན། བཤེས་གཉེན་བརྟག་ཐབས་ཀྱི་ནང་གི་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་ལྡན་ཡང་དུས་འདིར་ངོ་མཚར་ཅན་ཡིན་པར་བསྟན་པས་མ་ཚད་པར། དེ་ལ་རྟག་ཏུ་འགྱུར་ལྡོག་དང་སྐྱོ་ངལ་མེད་པར་བཀུར་སྟི་དང་ཕུ་དུད་ཀྱི་སྒོ་ནས་བསྟེན་ས་ལོན་ན་བསྟེན་དགོས་པར་གསུངས་པ་ཡིན། དེ་ལ་བསྟེན་ན་ཕན་ཐོགས་སུ་ལ་འབྱུང་བ་ཡིན་ན། རང་ཉིད་བསྟེན་པ་པོ་དེ་ལ་འབྱུང་བ་ཡིན། འོ་ན་དེའི་ཕན་ཐོགས་དེ་ནམ་ཞིག་འབྱུང་བ་ཡིན་ཅེ་ན། སྙིང་ནས་གུས་པས་བསྟེན་ཅིང་གསུང་བཞིན་དུ་བསྒྲུབས་ན་སྐབས་དེས་ཐོག་ནས་འབྱུང་། ཚེ་འདིར་ཡོན་ཏན་ཁྱད་པར་ཅན་བསྐྱེད་ནས་ངན་འགྲོའི་ལམ་འགོག་པ་ཡིན། བདེ་འགྲོའི་སྐས་བཙུགས་ཐུབ་པ་ཡིན། འདི་དང་ཕྱི་མའི་ཕན་བདེ་ལ་འགོད་པ་ཡིན། དེ་ཡང་ཡང་དག་པའི་དོན་སྟོན་ཏེ་སེམས་རྒྱུད་བྱིན་གྱིས་བརླབས་ནས་ཚེ་འདིའི་ཐོག་ནས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ཡིན་ནོ། །བསྟེན་ལུགས་ལ་ཡང་དཔེ་མང་པོར་བཀོད་ནས་བསྟན་ཡོད་པ་ཧ་ལམ་ཕྱོགས་མཚོན་ཞིག་ཞུ་ན། རང་ཉིད་ཉོན་མོངས་དང་ཉེས་ཀུན་གྱི་ནད་ཀྱིས་མནར་བའི་ནད་པ་སྡུག་བསྔལ་སྣ་ཚོགས་ཀྱི་ཟུག་གཟེར་ཅན་ཞིག་ཡིན་པས་ན། ནད་པས་སྨན་པར་བསྟེན་པ་ལྟར་དུ་བསྟེན་པ་དང་། ལས་ཀྱིས་མནར་བའི་མི་འདོད་ཉེར་འཚེའི་འཇིགས་པ་མང་པོ་དེ་ལས་སྐྱོབ་དགོས་པའི་ཆེད་དུ་དམངས་ཉམ་ཆུང་གིས་རྒྱལ་པོར་བསྟེན་པ་ལྟར་དུ་བསྟེན་པ་དང་། སྐྱེ་བ་དང་འཆི་བའི་འཇིགས་པ་དེ་འཕྲང་དམ་པོའི་དགྲ་ཇག་གི་ཁ་ནས་སྐྱེལ་མ་མེད་ན་ཐར་དུ་མེད་པའི་ལམ་འཕྲང་དོག་མོ་ཞིག་ནས་འགྲོ་རུ་ཡོད་པའི་མགྲོན་པོ་ལྟ་བུ་ཞིག་ཡིན་པས། དེས་སྐྱེལ་མ་དཔའ་བོ་ལ་བསྟེན་པ་བཞིན་དུ་བསྟེན་པ་དང་། དེ་བཞིན་དུ་རང་གཞན་དོན་གཉིས་འགྲུབ་པའི་སངས་རྒྱས་ཀྱི་གོ་འཕང་ནོར་བུ་བསམ་འཕེལ་ལྟ་བུ་དེ་ལོན་ནས་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཆེད་དུ། རྒྱ་མཚོར་འགྲོ་བའི་ཚོང་པས་དད་དཔོན་མཁས་པར་བསྟེན་པ་ལྟར་དུ་བསྟེན་དགོས་པར་གསུངས་སོ། །བསྟེན་པ་དེ་ཡང་བཤེས་གཉེན་དམ་པ་ཡང་དག་ཅིག་དང་ཕྲད་ཚེ་དེ་མ་ཐག་ཏུ་དོན་ཆེན་འདི་ཤོར་མི་རུང་བསམས་ནས། ཕྱིས་འགྱངས་མི་བྱེད་པར་བཤེས་གཉེན་འཕྲལ་དུ་བསྟེན་ནས་དགོངས་སྤྱོད་འཕྲལ་དུ་མ་བསླབ་ན། ཚེ་འདི་ཡུན་ཐུང་། ལས་ངན་གྱི་ཤུགས་དྲག འགལ་རྐྱེན་གྱི་རྣམ་པ་མང་པའི་ཚུལ་ལ་ལེགས་པར་བསམས་ནས། ལ་འུར་ཕྱིས་འགྱངས་མེད་པར་བཤེས་གཉེན་བསྟེན་ཏེ་བརྩོན་པ་ཆོས་ཕྱོགས་སུ་བསྐྱེད་པ་ནི་བཤེས་གཉེན་བསྟེན་པའི་དོན་སྒོ་ཡིན་ནོ། །བཤེས་གཉེན་དམ་པ་ས་སྟེང་འཇིག་རྟེན་གྱི་ཁམས་ལ་ཡོད་པ་དང་། ཡོད་པ་ཡིན་པར་ཤེས་པ་རྐྱང་པས་ཕན་ཐོགས་རང་ཉིད་ལ་འབྱུང་བ་མིན་པ་དང་། བཤེས་གཉེན་བརྟག་ཤེས་པ་ཙམ་གྱིས་མི་ཆོག་པར། བཤེས་གཉེན་བསྟེན་ཤེས་དགོས་པ་ཡིན། དམ་པའི་ཆོས་འཆད་ཉན་བྱས་ཏེ་དེའི་དོན་སྒོམ་སྒྲུབ་ཉམས་ལེན་བྱེད་པ་དེ་ཡང་། བྱ་བྱེད་ལས་གསུམ་ཚང་བ་ཞིག་དང་བླ་སློབ་ཕྱོགས་གཉིས་ལ་ལྟོས་པ་ཞིག་ཡིན་པས། ཕྱོགས་གཅིག་ནས་བཤེས་གཉེན་དམ་པ་མཚན་ཉིད་ཚང་བའམ། མཚན་ཉིད་ཀྱི་ཆ་ཤས་འགའ་དང་ལྡན་པ་ཞིག་དགོས་པ་གནད་ཆེ་བ་དང་། དེ་བཞིན་དུ་ཕྱོགས་ཅིག་ཤོས་ནས་སློབ་མ་རང་ཡང་སློབ་མའི་མཚན་ཉིད་ཚང་བ་ཞིག་གམ་དེའི་མཚན་ཉིད་ཀྱི་ཆ་ཤས་གལ་ཆེན་འགའ་ཞིག་ངེས་པར་དུ་ཚོགས་པ་ཞིག་དགོས་པ་ཡིན། གལ་ཏེ་དེ་ལྟར་མིན་ན། རང་རེས་གསར་དུ་བརྟག་མི་དགོས་པའི་བླ་མ་ནི། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན། སྤངས་རྟོགས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཡང་གུ་རུ་རིན་པོ་ཆེས། རྫོགས་པའི་སངས་རྒྱས་སྔར་བྱོན་ཕྱིས་མི་འབྱོན་པ་དེ་ལྟར་མ་ཡིན་པར། དད་པ་ཅན་གྱི་མིའི་ངོར་སངས་རྒྱས་རྟག་ཏུ་རང་མདུན་གྱི་ཡིད་མཁའ་ན་བཞུགས་པར་གསུངས་ཤིང་། འོན་ཀྱང་རྫོགས་པའི་སངས་རྒྱས་ཆོས་སྐུའི་རང་ཞལ་ནི་འུ་ཚོས་མི་མཇལ་ཏེ་རྫོགས་པའི་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ཞིག་རེད། དེ་བཞིན་དུ་ལོངས་སྐུ་དངོས་ནི་ས་བཅུ་སེམས་དཔས་ཀྱང་མ་མཇལ་བར་འདུག་ལ། སྤྲུལ་སྐུ་དག་དང་མ་དག་གི་སེམས་ཅན་ཚང་མས་མཇལ་ན་ཡང་། མཆོག་གི་སྤྲུལ་བའི་སྐུ་ད་ལྟར་འཇིག་རྟེན་དུ་བཞུགས་པའི་སྐབས་ལ་མ་ཁེལ་ཞིང་། སངས་རྒྱས་བླ་མའི་ཞལ་ཚབ་བྱེད་ཆོག་པ་ཞིག་མཇལ་བར་འདུག་གམ་སྙམ་ན། སངས་རྒྱས་མཇལ་ཡང་དེས་ཆོས་གསུངས་ཏེ་གྲོལ་བ་ཐོབ་དགོས་པ་ཡིན། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་ལ་ཞེས་གསུངས་པ་ཡིན་པས། སངས་རྒྱས་བཞུགས་དང་ཁྱད་མེད་ཀྱི་ཐར་བའི་ཐབས་བསྟན་པའི་གསུང་རབ་བཀའ་མདོ་རྒྱུད་ཚང་མ་བཞུགས་ན་ཡང་། འུ་གུས་ཡར་ཕུགས་ཤིག་ཏུ་བརྩིགས་ཏེ་བཞུགས་སུ་གསོལ་བ་ལས། དེའི་གསེང་ནས་ཐར་བའི་ཐབས་བསྟན་པ་རྣམས་ལེན་མ་ཤེས་པར་ལུས་པ་ནི་འདི་བཞིན་ཡིན་པས། སངས་རྒྱས་སླར་ཡང་བྱོན་རུང་གསུང་རྒྱུ་དེ་བས་ལྷག་ཅིག་མེད་པ་ཡིན། གལ་ཏེ་གཞན་ངོས་ནས་མཐུན་རྐྱེན་གང་ཞིག་ཚོགས་ཀྱང་རང་ངོས་ནས་ཆ་རྐྱེན་འཛོམས་མེད་ན། འུ་ཅག་གིས་དུས་རྒྱུན་བཤད་འདུག་རྒྱུའི་ལྷོ་འཛམ་གླིང་ལ་ཉི་མ་མ་ཤར་པ་མ་རེད། ཉིན་རེ་སྐོར་རེ་རྒྱག་བཞིན་ཡོད་ཀྱང་། ཁ་བྱང་སྟོན་གྱི་བྲག་ཕུག་ཁོ་རང་འཁོར་ཕྱོགས་ངན་པའི་དབང་གིས་གསལ་ཉི་མའི་འོད་ཟེར་གྱི་དྲོད་ཐིག་དེ་ཁོ་ཉིད་ཀྱི་ནང་ལ་ཡོང་ཐབས་མ་ཐོན་པ་རེད་ཅེས་པ་དང་ཁྱད་མེད་པ་ཡིན། དེས་ན་བླ་མ་དགེ་བའི་བཤེས་གཉེན་དམ་པའི་མཚན་ཉིད་དང་། དེ་ཉིད་བསྟེན་ལུགས་ཤེས་པས་མི་ཚད་པར། བསྟེན་མཁན་སློབ་མའི་མཚན་ཉིད་ཀྱང་ཞེ་ལ་ངེས་པར་བྱ་དགོས་པས། རང་ཉིད་ལ་གང་དང་གང་དག་ཚང་བ་དང་། ད་རུང་གང་དང་དག་ཚོ་མ་འཛོམས་པ་དང་། འཛོམས་ན་ཕན་ཐོགས་ཇི་ལྟར་ཡོད་པ་དང་། ཇི་ལྟར་བྱས་ནས་འཛོམ་པར་བྱ་དགོས་པ་རྣམས་ནི་གལ་ཆེན་དོན་དང་ལྡན་པའི་བསམ་བློ་གཏོང་ཡུལ་ཆེན་པོ་ཞིག་ཡིན་པས། གང་རྗེས་སུ་འཛིན་བྱ་ཡིན་མིན་གྱི་སློབ་མའི་མཚན་ཉིད་ལ་སྤང་བྱའི་སློབ་མ་ངན་པ་ཞིག་དང་། བླང་བྱའི་སློབ་མ་བཟང་པོ་ཞིག་སྟེ་གཉིས་ཀྱིས་བསྟན་ཡོད་པ་རེད། སྤང་བར་བྱ་བ་ཞེས་པ་ནི་སེམས་ཅན་བློས་བཏང་ནས་གཏན་དུ་དོར་བ་ཞིག་མ་ཡིན་ཡང་། རེ་ཞིག་འདུལ་བའི་དུས་ལ་མ་བབ་ཅིང་དེའི་ཆ་རྐྱེན་མ་ཚོགས་ན། དེ་ཚོགས་པའི་བར་དུ་སྨོན་ལམ་བཟང་པོ་རེས་ཕན་ཨེ་ཐོགས་ཀྱི་རེ་བ་ལས་མེད་པས་སྤང་བྱའི་སློབ་མ་རུ་བཞག་པ་རེད། འོ་ན་སྤང་བྱའི་སློབ་མ་ཞེས་པ་དེ་ཇི་ལྟར་ཞེ་ན། སྐལ་ངན་སློབ་མ་ཉེས་པ་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་དུ། དད་པ་མེད་པ། ངོ་ཚ་ཆུང་བ། ཁྲེལ་མེད་པ། སྙིང་རྗེ་ཆུང་བ། རང་བཞིན་གྱི་གཤིས་ཀ་ངན་པ། གཤིས་ཀ་ངན་ཡང་བཅོས་སུ་ཡོད་ན་དྲག་ཀྱང་བཅོས་རྒྱུ་མེད་པ། ཀུན་སྤྱོད་བཙོག་པ། སྡུག་རིགས་སྡུག་ཚད་ལས་རྒྱུ་ལ་དགའ་བ། བཟང་ཡ་རབས་ཡོན་ཏན་སློབ་གཉེར་ཞིག་གྱིས་ཟེར་དུས་མུན་ཐུར་ལ་རུབ་ནས་མོས་པ་དེའི་ཕྱོགས་སུ་མི་འཁོར་བ། ངན་མར་འགྲོ་མ་རབས་ཐ་ཆད་ཀྱི་བྱ་བ་ཞིག་ལ་འཇུག་རན་དུས་ངོ་ལ་འཛུམ་ལངས་ནས་དེའི་ཕྱོགས་སུ་རྣམ་རིག་བཀྲ་བ། ཆོས་སྒོར་ཞུགས་ནས་དགེ་འདུན་པའི་གྲལ་དུ་བསྡད་ཀྱང་སྡོམ་དང་དམ་ཚིག་མི་བསྲུང་བ། ཉོན་མོངས་པའི་སྒོ་མི་སྡོམ་པ། ཤེས་རབ་འཆལ་བ། བསླབ་པ་ཉམས་འགྲོ་བ། ཕན་སེམས་ཀྱིས་དྲང་མོ་བཤད་ན་བདེན་དུ་མི་འཛིན་པ། བཟང་པོ་ཡག་པ་ཇི་ལྟར་བྱས་ཀྱང་མགུ་ཐབས་དཀའ་བ་སྟེ། དེ་ལྟ་བུ་དེ་རྒྱུད་ཁོང་ཁྲོས་འཁྲུགས། སྤྱོད་ལམ་གདུག་རྩུབ་ཆེ་བའི་དབང་གིས་ཁ་ཡིས་ཅི་བཤད་དང་ཞེ་ཡིས་ཅི་དྲན་ཐམས་ཅད་ཚིག་རྩུབ་དང་གནོད་སེམས་ལས་མ་འདས་ཤིང་། དེ་འདྲ་དེ་དང་སྐབས་ཤིག་གི་རིང་ལ་རྒྱང་བསྐྱེད་དེ་སྙིང་རྗེའི་སྒོ་ནས་བལྟ་འདུག་པ་ལས་ཕན་འདོགས་པའི་ཐབས་གཞན་མ་ཡོད་པ་ཡིན་ལ། དེ་ལྟ་བུ་དེ་དགེ་འདུན་པའི་གྲལ་དུ་ཡོད་ན་སངས་རྒྱས་ཀྱི་བླ་འཚོང་། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་སྒབ་སྡུ་མཁན་ཡིན་པར་གསུངས་ཤིང་། དེ་འདྲ་དེས་བླ་མར་བསྟེན་ཏེ་ཆོས་ཤིག་ཞུ་ཁུལ་བྱེད་དུས་བསམ་བློ་ཅི་ཞིག་གཏོང་བར་བྱེད་ན། བླ་མ་རི་དྭགས་ཆོས་ལ་གླ་རྩི་དང་། །རང་ལ་རྔོན་པ་ནན་ཏན་མདའ་ འཕེན next hit་དང་། །ཆོས་གྲུབ་འབྲས་བུ་གཞན་དུ་འཚོང་བའི་ཚུལ། །འདུ་ཤེས་ལོག་པ་ལྔ་ཡིས་བསྟེན་པ་ནི། །དམ་ཚིག་མེད་པས་འདི་ཕྱིར་སྡུག་བསྔལ་འཐོབ། །ཅེས་གསུངས་པ་ལྟར་དུ། བླ་མ་ལ་གླ་བ་ལྟ་བུ་ཞིག་གི་འདུ་ཤེས་དང་། དེའི་བླ་མ་དེའི་རྒྱུད་ཀྱི་ཡོན་ཏན་ནམ་བརྒྱུད་པའི་བབས་སོ་ལ་གླ་བའི་ལུས་ཐོག་ཏུ་ཡོད་པའི་གླ་རྩི་ལྟ་བུ་ཞིག་གི་འདུ་ཤེས་དང་། རང་ཉིད་རྔོན་པ་ལྟ་བུ་དེས་གླ་བ་བསད་ནས་གླ་རྩི་ལེན་པའི་འདུ་ཤེས་འཆང་མཁན་དེས། གླ་བའི་ལུས་ཀྱི་གླ་རྩི་བླངས་ནས་ཅི་བྱེད་ན་གླ་རྩི་ནི་སྨན་མཆོག་ཅིག་ཡིན་པས་ཐམས་ཅད་ཀྱིས་དེ་ལ་རིན་ཐང་ཅན་ཞིག་བརྩི་བ་ལྟར་དུ། ཡོན་ཏན་ཡང་ཕལ་བའི་ནོར་གྱིས་བསྒྲུན་དུ་མེད་པའི་རིན་ཐང་དང་ལྡན་པ་ཞིག་ཡིན་ཡང་། དེ་ལྟ་བུ་དེས་བརྒྱུད་པའི་བྱིན་རླབས་ནི་འཐོབ་ཏུ་མེད་དེ། དད་པ་མེད་པས་བྱིན་རླབས་འཇུག་ཐབས་བྲལ་བའི་ཕྱིར། བྱིན་རླབས་དངོས་དེ་ཁོ་ལ་དགོས་པ་ཡང་མ་རེད་མི་གཞན་དག་གི་མགོ་བོ་རྨོངས་བྱེད་ཀྱི་མིང་ཞིག་ལ་ཆོག་པར་འཛིན་པ་ཡིན། རྔོན་པ་དག་གིས་གླ་རྩི་དེ་ཁྲོམ་ར་གང་ཆེ་ཞིག་ནས་གོང་ཆེན་བརྒྱབ་ནས་བཙོངས་པ་དང་མཚུངས་པར། བླ་མའི་ཟུར་ནས་ལོན་པའི་ཡོན་ཏན་དང་བརྒྱུད་པའི་བབས་སོའི་མིང་དེ་ཚོང་རྫས་བྱས་ནས། ཅི་ཞིག་ཉོ་བར་བྱེད་ན་རང་ཉིད་ཀྱི་ཁེ་གྲགས་རེད། དེ་ཚུར་ལོན་པའི་ཆེད་དུ་ཆོས་མགོ་རྔ་ཚང་པ་ཞིག་ཐོབ་ལོང་མེད་པར་གཞན་ལ་ངོ་དགའ་བྱེད་པའི་ཆེད་དུའམ་གཞན་འགའ་རེ་ཁྱད་གསོད་བྱེད་པའི་དོན་དུའམ། རྒྱུ་ནོར་ཡོ་བྱད་ཅིག་སྒྲུབ་ཆེད་དུ་འཚོང་བར་བྱེད་པ་ཡིན། མི་ཕོངས་པས་ལས་སྣ་ཚོགས། ཞེས་པ་ལྟར་དུ་ཁ་མི་སོས་ནམ་མི་ལངས་ཡོང་དུས་ཆོས་གོས་རྣམ་གསུམ་ཡར་གོན་ཏེ་དགེ་འདུན་གྱི་དཀོར་ལ་རྔམ་མཁན། དཔལ་སྤྲུལ་ཚང་གི་གསུར་རྒན་མའི་ནང་དུ་ཡོད་པ་དེའི་ཇི་མ་ཇི་བཞིན་གྱི་འདྲ་འབག་སྙིང་རྗེའི་ཡུལ་དུ་གྱུར་པ་ཡོད་པ་ཡིན་ལ། དེ་དག་ཀྱང་ཐོས་པ་བསྟེན་མ་མྱོང་ཞིང་མཁས་པའི་ལེགས་བཤད་དང་དམ་པའི་གདམས་ངག་ཅིག་ཀྱང་རྣ་བས་གོ་མ་མྱོང་པའི་ཉམ་ཆུང་དབུལ་པོ་རྣམས་ཁག་མེད་པ་ལྟ་ཅི་སྨོས། ཅུང་ཟད་ཐོས་པའི་སྙེམས་པ་འཆང་ཞིང་མིང་ཡང་གང་ལ་གང་མཚམས་རེ་འཛིན་མཁན་དག་གིས་དངུལ་གྱིས་མིང་ཉོ་མིང་གིས་བསྟན་བླ་འཚོང་བའི་དུས་འདིར། སློབ་མ་ངན་པའི་འདྲ་དཔེ་གླ་བའི་གླ་རྩི་ལྟ་བུ་ཙམ་ཡང་ལྟ་ཅི་སྨོས། གླ་རྩི་རུམ་ན་རྩ་བ་ནས་མེད་པ། གླ་རྩི་མ་དགོས་དེའི་དྲི་ཙམ་གྱིས་དབེན་པས་མ་ཚད་སྣོམ་པ་ཙམ་ཡང་མ་མྱོང་པའི་མིང་ཚོང་པ་ཡང་ཅི་འདྲའི་མང་པོ་མེད། དེ་ཡོད་པ་དེ་ཡང་མི་སྲིད་པ་ཞིག་ག་ལ་ཡིན། དེ་ལྟར་མིན་ན་ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་གནས་ཚད་གསུངས་དགོས་དོན་ཡང་མི་འདུག་མོད། ཨ་ཁ་ལུང་པའི་ཉིན་ཕྱོགས་ད་ནངས་ཉི་འོད་དང་པོ་ཕོག་ས་ནས་ད་ལྟ་གྲིབ་ཆེན་སྒུར་ཡོང་བར་འདུག་དེ་ཅི་ཡིན་ན་ཟེར་རྒྱུ་མེད་པར་དེ་ནི་ཉི་མ་ནུབ་རིའི་རྩེར་ཉེ་ཡོང་བའི་རྟགས་ཡིན་པ་ལྟ་བུ་ཞིག་ཡིན། འདིའི་སྤང་བྱའི་སློབ་མ་ངན་པའི་སྐྱོན་མཚང་འདི་དག་བཤད་ན་ཕན་པ་ཅི་ཞིག་ཡོད་སྙམ་ན། འདི་འདྲའི་བཟང་པོའི་སྐལ་བ་ཐོབ་དཀའ་རྙེད་དཀའི་དུས་ཚོད་འདིར་མི་ཚེའི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་ཞིང་། གོ་སྐབས་ཡག་པ་ཆུད་ཟོས་སུ་མི་རུང་སྙམ་པའི་བརྩོན་སེམས་བསྐྱེད་པའི་ཆེད་དང་། སྐལ་ངན་སློབ་མའི་བསམ་སྤྱོད་དེ་དག་དང་ཆ་འདྲ་བ་ཅུང་ཟད་རེ་རང་ལ་ཡང་གྲོགས་ངན་པའི་ཁ་གཤིས་གྲིབ་མ་ཕོག་ནས་འགོས་པར་ཨེ་འདུག་ལྟ་ཤེས་པ་དང་། དེ་ཡོད་ན་ཆོས་སྒྲུབ་ས་ནས་ཆོས་མིན་དུ་འཕྱན་པའི་ལམ་གྱི་ནོར་སོ་ཡོད་པ་རེད་བསམས་ནས་རང་རྒྱུད་བྱི་དོར་གྱི་མེ་ལོང་དུ་འཛིན་ཆོག་པ་དེ་ལྟ་བུའི་དགོས་པ་ཡོད་པ་ཡིན། ཡང་སྒོས་ན་གཞོན་དར་མའི་རིགས་དེ་མྱོང་བ་མང་པོའི་སྣ་ཚུགས་ཁུར་མ་མྱོང་གོང་དུ་རང་གིས་རང་ཉིད་ལ་བརྩི་མཐོང་ཐལ་ཆེ་བའི་སྐྱོན་ཡང་ཡོད་སྲིད་པ་རེད། ངོ་མས་བཤད་ནས་སོང་ན་མི་གཞན་གྱི་རྒྱུས་ལོན་མ་དགོས་རང་རྒྱུས་རང་ལ་ཡོད་པ་དཀའ་མོ་ཡིན་པ་རེད། དགྲ་གྱོད་གཉིས་དང་མ་ཐུག་ན། །ཨ་མའི་གོ་ཁའི་སུ་ཡང་བཟང་། །ཟེར་བ་ཞིག་དང་། འཇིག་རྟེན་པའི་ཁ་ན། མ་ཐུག་ཐུག་གི་བུད་མ་མང་ན་ཡང་། །ཐུག་ཐུག་ཐུག་གི་བུད་མ་ཉུང་བ་ཡིན། །ཟེར་བ་ལྟར་དུ་ངན་སྐྱོན་ལོག་པ་འགའ་རེ་དང་ཐུག་སྟེ་རྣམ་པར་རྒྱལ་ན་རྒྱལ་བ་ངོ་མ་ཡིན་པ་རེད། དེས་སློབ་མ་ངན་པའི་སྐྱོན་སྤངས་ནས་སློབ་མ་བཟང་པོའི་ཡོན་ཏན་ཚོགས་པ་ཞིག་ནི། དམ་ཆོས་དོན་དུ་གཉེར་ཞིང་རང་གཞན་གྱི་དོན་ཆེན་སྒྲུབ་མཁན་ཞིག་གིས་ངེས་པར་དུ་དགོས་པ་ཡིན། སློབ་མ་བཟང་པོའི་མཚན་ཉིད་ནི། སྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། བཀའ་ལས་མི་འདའ་སྡོམ་དང་དམ་ཚིག་བསྲུང་། །ཞེས་གསུངས་པ་ལྟར་དུ། སྔར་བསགས་བསོད་ནམས་ཀྱི་བགོ་སྐལ་མི་དམན་པའི་སྐལ་བ་བཟང་པོ་དང་ལྡན་པའི་སློབ་མ་དེ་ཅི་ལྟ་བུ་ཞིག་ཡིན་ན། སྒོ་གསུམ་ཞི་ཞིང་དུལ་བ། དད་པ་ཆེ་བ། དད་པ་ཞེས་པ་སྤྱིར་ན་དཀོན་མཆོག་ལ་སྐྱབས་སུ་འཛིན་པའི་དད་པ། ལས་འབྲས་ཡིད་ཆེས་ཀྱི་དད་པ། བདེན་བཞིའི་འཇུག་ལྡོག་གི་དད་པ་སོགས་ཡོད་ན་ཡང་། འདི་ནས་དེ་དག་གི་ཐོག་ཏུ་གཙོ་བོ་བླ་མ་ལ་དད་པ་ལ་གསུངས་ཤིང་། དེ་ཡང་དྭངས་འདོད་ཡིད་ཆེད་ཕྱིར་མི་ལྡོག་པའི་དད་པ་བཞི་ཡི་ནང་གི་ཕྱིར་མི་ལྡོག་པའི་དད་པ་གཙོ་ཆེ་བ་ཡིན། འོ་ན་དད་པ་དེ་ཇི་ཙམ་ཞིག་དགོས་པ་ཟེར་ན། སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ན་བྱིན་རླབས་ཀྱང་དེའི་ཚོད་ཅིག་འཇུག་པ་ཡིན། ལག་ན་རྡོ་རྗེར་དབང་བསྐུར་བའི་རྒྱུད་ཀྱི་ནང་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུ་བྱའོ་གསུངས་ཡོད་པ་ཡིན། བླ་མ་སློབ་མའི་ངོས་ནས་བླ་མ་ཡིན་ན་ཡང་བླ་མ་མི་ཡིན་པའི་ངོས་ནས་སངས་རྒྱས་མ་རེད་སྙམ་ན། བླ་མ་མི་རུ་བཟུང་པའི་ལོག་ལྟས་དངོས་གྲུབ་མི་ཐོབ་པའི་ལོ་རྒྱུས་མང་བ་རེད། ཇོ་བོ་རྗེས་དབུ་མའི་ལྟ་བ་འཛིན་པ་རེད། གསེར་གླིང་པས་སེམས་ཙམ་རྣམ་བདེན་པའི་ལྟ་བ་འཛིན་པར་ཡིན་འདུག ལྟ་བའི་ཐད་ནས་མཆོག་ཕལ་ཡོད་ན་ཡང་། ཐེག་ཆེན་གྱི་ལམ་རིམ་སྤྱི་དང་ཁྱད་པར་བྱང་ཆུབ་ཀྱི་སེམས་ཁོང་ལ་བསྟེན་ནས་ཁོང་གིས་ཐོབ་པ་ཡིན་གསུངས་ཏེ། ཇོ་བོ་རྗེས་བཀའ་དྲིན་གྱི་ངོས་ནས་མཆོག་ཏུ་གྱུར་པ་དེ་བླ་མ་གསེར་གླིང་པ་ལ་འཛིན་པ་ལྟ་བུ་ཡིན། བླ་མ་ལ་བསྙེན་བསྐུར་དང་། ཆོས་ལ་བརྩོན་འགྲུས་ཡོད་དགོས་པ་རེད་མ་གཏོགས། བཙན་བཙན་རྒོད་རྒོད་ཀྱིས་བྱིན་རླབས་རྒྱུད་ལ་འཇུག་ཁ་ཉན་དཀའ་བ་རེད། རྒྱུན་དུ་བག་ཡོད་པ་བྱ་བ་ལ་བླང་དོར་མི་བརྗེད་པའི་དྲན་པ་དང་། སྒོ་གསུམ་གཡེང་བ་སྤངས་པའི་ཤེས་བཞིན་དང་ལྡན་པར་བྱས་ནས། བླ་མས་ཅི་གསུང་གི་བཀའ་ལས་མི་འདའ་ཞིང་། སྡོམ་དམ་ཚིག་གི་རྣམ་གཞག་ལ་མཁས་ཤིང་དེ་ལས་མི་འདའ་པ་དང་། ཉེས་ལྟུང་བྱུང་ཡང་མི་བཤགས་པ་དང་། ཉེས་པ་དང་མི་འགྲོག་པ་དང་། སྒོ་ལུས་ངག་ཡིད་གསུམ་དུལ་ཞིང་སྙིང་རྗེ་དང་ཕན་སེམས་ཆེན་པོ་དང་ལྡན་པ་དང་། ཁོང་ཡངས་བློ་རྒྱ་ཆེ་བ། སྤྲོ་རིང་ལ་གཏོང་ཕོད་དང་ལྡན་པ་ལ་སོགས་པ་མང་པོར་གསུངས་ཡོད་པ་རེད། མདོར་ན་བློ་སྣ་འགྱའ་འགྱུར་མེད་པའི་བརྟན་པོ་ཡོད་པ། མོས་གུས་ཆེ་བ་སྟེ་དེ་འདྲའི་འཛོམས་དགོས་པའི་མཐུན་རྐྱེན་དེ་དག་ཚོགས་དུས་སློབ་མ་བཟང་པོ་ཡིན་པ་དང་། དེ་འདྲའི་མཐུན་རྐྱེན་ཚང་བ་གཞན་དང་འགྲོགས་ན་ཆོས་གྲོགས་བཟང་པོ་ཡང་ཡིན་པ་རེད། དེ་ལྟ་བུའི་གང་ཟག་དེས་བླ་མའི་མདུན་ནས་ཆོས་ཉན་དུས་ཇི་ལྟར་ཉན་དགོས་ན། ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ལ་སོགས་པ་ཀློང་པ་ཆེན་པས་དྲུག་དྲུག་སུམ་ཅུ་རྩ་དྲུག་གི་ཡོན་ཏན་དང་ལྡན་པས་ཉན་དགོས་གསུངས་པ་ལྟར་དུ་ཡིན་ལ། སོ་སོར་ཐར་བ་ལས། དང་པོར་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ནི་དང་པོའི་སྐབས་སུ་མ་གཏོགས་ཉན་མི་དགོས་པར་གསུངས་པ་མ་ཡིན་པར། ཐོས་དོན་དབེན་པའི་གནས་ནས་སྒོམས་ཞེས་པའི་དོན་ཡིན། ཁྱད་པར་དུ་ན་ཚོད་གཞོན་པའི་གནས་སྐབས་སུ་ཐོས་པ་རྒྱ་མཚོ་ལྟ་བུ་གསོག་པའི་ཆེད་དུ་རྒྱ་ཆེ་བ་ཉན་པའི་དུས་ཡིན་པ་རེད། ཟབ་པ་རྒྱུད་ལ་སྦྱོར་པའི་དུས་ཚོད་ལ་ཐོན་དུས་བསྒོམ་དགོས་ཀྱང་། རང་རྒྱུད་ཀྱི་ཉོན་མོངས་རང་ག་བའི་གཉེན་པོར་འགྲོ་བའི་ཆོས་དེ་ཉན་ཡང་དགོས་པ་ཡིན། དེས་ན་དུས་རྒྱུན་ཉམས་ལེན་གྱི་སྐབས་སུ་ཡང་ཉན་བསམ་སྐྱུར་མི་རུང་བར་བརྩོན་དགོས་པ་ཞིག་ཡིན། དགེ་སྦྱོར་བོགས་འབྱིན་གྱི་ནུས་པ་དང་ལྡན་པ་དང་། ཤེས་རྒྱུད་འགྲོལ་བ་དང་། ཤེས་རྒྱུད་གྲོལ་བ་ཡོངས་སུ་རྫོགས་པའི་ཆེད་དུ་ལྷག་པར་དུ་ཉན་བསམ་གཉིས་ཀ་དགོས་པ་ཡིན། ཉན་པ་དང་བལྟས་པས་ཐེ་ཚོམ་གྱི་སྤྲོས་པ་གཅོད་པའི་དགོས་པ་ཡོད་པ་རེད། མདོར་ན་དང་པོ་ལམ་ལ་ཞུགས་པ་ནས་སྒྲུབ་པ་མཐར་མ་ཕྱིན་གྱི་བར་དུ་ཉན་མི་དགོས་པ་དང་བསམ་མི་དགོས་པ་ཞིག་ཡོད་པ་མ་རེད། དབེན་པར་སྒྲུབ་པ་བྱས་ཀྱང་ལོ་བསྐྱེད་ཟླ་བསྐྱེད་ཡོང་རྒྱུ་མེད་པ་དེ་ཅི་ཞིག་གིས་ལན་ན། ཉན་པ་དང་གོ་བས་མ་འདང་བའི་ཐོས་པ་ཆུང་བས་རབ་ཅིག་ལན་པ་ཡིན། དེ་ལྟ་བུའི་དམ་པའི་བཤེས་གཉེན་བཙལ་ནས་རང་རྒྱུད་ཀྱི་སྣོད་ཀྱི་ཡོན་ཏན་དང་ལྡན་པར་བྱས་ཏེ། ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པས་དམ་ཆོས་འཆད་ཉན་ལ་ཞུགས་པ་དེ་དམ་པའི་རྗེས་འགྲོ་དམ་པའི་རྣམ་ཐར་འཛིན་མཁན་ཡིན་པའི་ཐུགས་དམ་བསྙེལ་གསོ་ལས་དང་པོ་པ་རྣམས་གཙོ་བོར་བཟུང་ནས་ཞུས་པ་དང་ཆབས་ཅིག་ཏུ། སྐབས་བབ་གང་ཞིག་འཆད་ཉན་བྱ་བ་རྫོགས་པ་ཆེན་པོའི་མན་ངག་ཟབ་པ་ཐམས་ཅད་ཀྱི་མཐར་ཐུག་པ། རྒྱལ་བ་ཀློང་ཆེན་པའི་གསུང་གསང་ཆོས་སྐུའི་རིང་བསྲེལ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་མན་ངག་གི་བསྟན་བཅོས་ཆེན་པོ་འདི་ཉིད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་ལས། ལེའུ་བཅུ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གྲོལ་བའི་རང་བཞིན་བསྟན་པའི་ལེའུ་འདི་ལ་ཆོས་ཚན་ཉི་ཤུ་རྩ་ལྔ་ཡོད་པ་དེ་ཉིད་ས་བཅད་ཀྱི་ཆིངས་རྣམ་པ་གསུམ་དུ་བསྡུས་ཏེ་བཤད་པ་ལས། ས་བཅད་དང་པོ་དག་མཉམ་ཡེ་གྲོལ་གྱི་ཆིངས་བསྟན་པ་ནང་གསེས་ཆོས་ཚན་བཅུ་ཙམ་གྱི་ཡན་ལག་གི་མཐའ་བཤད་དང་བཅས་པར་རྒྱས་པ་སྤྲོས་པ་རྒྱུད་ཀྱི་ལུང་དང་མན་ངག་གི་ཚིག་གིས་བཀྲལ་བ་རྣམས་སོང་སྟེ། གཉིས་པ་རྟོགས་པ་ཆོས་ཟད་ཀྱི་དགོངས་པ་བཤད་པའི་སྐབས་ཀྱི་ས་བཅད་ནས་ཀྱང་། རྟོགས་པའི་དུས་ངེས་པས་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་ཡན་ཆོད་སོང་སྟེ།

༤༽བཞི་བ་རྟོགས་པ་ངེས་པའི་དོན་སྟོན་པ་དེ་དག་གི་འགལ་ཟླ་བསལ་བར་གདམས་པ།

ད་ནི་རྟོགས་པ་ངེས་པའི་དོན་སྟོན་པ་དེ་དག་གི་འགལ་ཟླ་བསལ་བར་གདམས་པ་ནི།

ཕྱོགས་མེད་ཕྱོགས་སུ་འཛིན་པས་བཅིངས་པ་རྣམས།།

རང་བཞིན་མ་ཤེས་རང་གིས་རང་བསླད་པས།།

རང་ལ་རང་རྨོངས་འཁྲུལ་བ་ཨ་རེ་འཁྲུལ།།

འཁྲུལ་བ་མེད་ལ་གཡང་སར་འཛིན་པས་འཁྲུལ།།

ཞེས་གསུངས་ཏེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ངང་གཅིག་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ལ་བསོད་ནམས་ཆུང་ངུ་ལམ་དང་ཐེག་པ་དམན་པ་ལ་མོས་པ་རྣམས་དང་། བྱིས་པ་ཐ་མལ་གྱི་འགྲོ་བ་རྣམས་ཀྱིས། དགྲ་གཉེན་དང་། བདག་གཞན་དང་། གྲུབ་མཐའ་དང་། ལྟ་སྒོམ་ལ་སོགས་པའི་ཕྱོགས་འཛིན་སོ་སོར་བཅས་ཏེ། རང་དང་གཞན་གྱི་ཕྱོགས་སུ་འཛིན་པས་རིག་པ་བཅིངས་ཏེ། རང་བཞིན་ཕྱོགས་བྲལ་ནམ་མཁའ་ལྟར་མ་ཤེས་པས་རང་གི་རིག་པ་བསླད་ནས། རང་རིག་ཆོས་སྐུར་ཡོད་ཀྱང་རང་ལ་ཡོད་པར་མ་ཤེས་པས་རྨོངས་ཏེ། ཐ་མལ་འཁྲུལ་སྣང་གི་ཆོས་ལ་སྤྱོད་པ་རྣམས། བྱིས་པ་རྩེད་མོའི་ཁང་བུ་དང་ཆོས་འཆད་ཅིང་ཉན་པའི་ལད་མོ་ལ་བདེན་པ་རང་མཚན་དུ་འཛིན་པས་འཁྲུལ་ལོང་དང་དགག་སྒྲུབ་བྱེད་པ་ལྟར་ཨ་རེ་འཁྲུལ་ཏེ། འཁྲུལ་བ་མེད་པ་ལ་བདག་ཏུ་འཛིན་པས་སོ་སོ་ན་འཁྲུལ་བ་རྣམས་ངར་འཛིན་པའི་རྩེད་མོས་ཨ་ཐང་ཆད་ནས་དོན་མེད་པའི་སྣང་བ་ལ་བདག་ཏུ་འཛིན་པར་ཟད་དོ། །ས་ར་ཧས། ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཨ་ཐང་ཆད། །ཅེས་པ་བཞིན་ནོ། །གོང་ནས་དབྱིངས་གཅིག་གི་རང་བྱུང་གི་ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བར་གཏན་ལ་ཕབ་པ། ཕར་བལྟས་རྒྱང་གི་ལྟད་མོ་ཙམ་མ་ཡིན་པར་རྣལ་འབྱོར་རྟོགས་པའི་དུས་ངེས་པའི་དགོངས་ཀློང་དང་སྦྱར་ནས་བསྟན་པ་ཡིན་ཡང་། ཕྱོགས་མེད་ལ་ཕྱོགས་སུ་འཛིན་པས་བཅིངས་པ། སྔར་བསགས་ཀྱི་བསོད་ནམས་ཆུང་བས་ལམ་དང་ཐེག་པ་དམན་པ་ལ་བློས་མོས་པ་ཕྱོགས་ཤིང་སེམས་དེའི་ཕྱོགས་སུ་འཁོར་སླ་བ་དང་། ངན་གོམས་ཀྱི་བློ་སྣ་ཤུགས་དྲག་ནས་ཐ་མལ་འཁྲུལ་བར་འཕྱན་པའི་འགྲོ་བའམ་སྙིགས་མའི་སྐྱེ་བོ་དག་གིས། དགོངས་པ་ཕྱོགས་མེད་ཁྱབ་གདལ་གྱི་དོན་དེ་མ་རྟོགས་པར་ཕྱོགས་འཛིན་ལྟ་གྲུབ་ཀྱི་ཁ་འཛིན། རང་གཞན་དགྲ་གཉེན་གྱི་འཁྲུལ་སྣང་བྱིས་པའི་རྩེད་མོ་ལྟ་བུ་ལ་བདེན་ཞེན་གྱིས་རིག་པ་བཅིངས་ཏེ། དེའི་རང་བཞིན་ཕྱོགས་བྲལ་ནམ་མཁའ་ལྟ་བུའི་དོན་མ་རིག་པར། ཕྱོགས་འཛིན་ཁོལ་བུ་ཐུམ་ཐུམ་ཞིག་ལ་རང་གིས་རང་འཆིང་བ་སྟེ། རིག་པ་ལ་བསླད་ཞུགས་རྒྱུ་མེད་ཀྱང་། རང་གིས་དེ་ཇི་བཞིན་དུ་མ་རིག་པས་རང་གིས་རང་བསླད་པ་ཡིན། རང་ལ་རང་རྨོངས་བས་རང་རིག་ཆོས་སྐུ་རང་ལ་ཡོད་ཀྱང་ཡོད་པ་རང་གིས་མ་ཤེས་པར་དབུལ་པོའི་རང་ཁྱིམ་གྱི་གསེར་གཏེར་ལེན་མ་ཤེས་པར་ཚེ་གཅིག་ལ་དབུལ་བའི་སྡུག་བསྔལ་མྱོང་པ་ལྟར་དུ། འཁྲུལ་བ་འདི་ཨ་རེ་ཇི་འདྲ་འདྲའི་འཁྲུལ་ལུགས་སྡུག་ཅིང་འཁྲུལ་ཚབས་ཆེན་པོ། འཁྲུལ་བ་དོན་ལ་གནས་པ་གཡང་ས་དངོས་སུ་ཡོད་ན་ཅི་ཁག་སྟེ་གཡང་ས་མེད་བཞིན་དུ་གཡང་སར་འཛིན་པའི་རེ་དོགས་སྐྲག་སྔངས་ཀྱིས་དུས་འདའ་བ། ང་མེད་ལ་ངར་བཟུང་། བདག་མེད་ལ་བདག་ཏུ་ཞེན་ནས་དོན་མེད་ཨ་ཐང་ཆད་པ་བྱིས་པའི་རྩེད་མོ་ལྟ་བུ་འདི་བྱུང་བའོ། །དེ་ལྟར་འཁྲུལ་ཞིང་གཡེངས་པས་འཁོར་བ་རྨི་ལམ་དང་འདྲ་བར་འཁྲུལ་བ་ཉིད། སླར་ཡང་རྒྱུད་ཀྱི་ལུང་གིས་བཀྲལ་བ་སྟེ། སེང་གེ་རྩལ་རྫོགས་ལས། དེ་ལྟར་མ་ཡིན་སེམས་ཅན་རྣམས། །རང་གི་རྣམ་རྟོག་འདུ་འཛིས་གཡེངས། །ཇི་ལྟར་བྱིས་པ་ཤེད་མ་བྱེད། །བྱ་བྱེད་མང་པོས་གཡེངས་པ་ལྟར། །དེ་བཞིན་མ་རྟོགས་སེམས་ཅན་རྣམས། །རྣམ་རྟོག་འཁོར་བའི་བདུད་ཀྱིས་གཡེངས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ལ་ལ་ཕྱི་ཡི་གཟུང་བས་གཡེངས། །ལ་ལ་ནང་གི་འཛིན་པས་གཡེངས། །ལ་ལ་བསམ་གཏན་བསྒོམ་པས་གཡེངས། །ལ་ལ་བྱ་བྱེད་སྤྱོད་པས་གཡེངས། །ལ་ལ་འཁོར་བའི་ཆགས་པས་གཡེངས། །དེ་བཞིན་སེམས་ཅན་ཐམས་ཅད་ཀུན། །ཉོན་མོངས་ལྔ་ཡི་འཆིང་བས་གཡེངས། །རང་རིག་ཡེ་ཤེས་དོན་མ་མཐོང་། །སྣང་བ་འདི་ལ་བདེན་ཞེན་ནས། །དག་སྣང་ཆེན་པོའི་ཞལ་མ་མཐོང་། །མི་ལ་སོགས་པའི་སེམས་ཅན་རྣམས། །རང་དབང་རང་གིས་མ་ཐོབ་པས། །འཁོར་བ་དག་ལ་ཡུན་རིང་གནས། །ཞེས་སོ། །དེ་ཡན་གྱིས་རྟོགས་པ་ཆོས་ཟད་ཀྱི་དགོངས་པ་བཤད་པའི་ས་བཅད་དང་པོ་སོང་སྟེ།

ཁ༽གཉིས་པ་ཞེན་འཛིན་སྤང་བར་གདམས་པ།

དེ་ལ་འཁྲུལ་བ་ཡང་མེད་པ་ལ་བདག་དུ་བཟུང་བས་བྱུང་བའི་ཕྱིར་ཞེན་འཛིན་སྤང་པར་གདམས་པ་དང་། ཞིབ་མོར་དཔྱོད་པ་དག་གི་བློའི་ཐེ་ཚོམ་བསལ་བའི་ཕྱིར་རྒྱས་པར་བཤད་པ་དང་། གཟུང་འཛིན་འཁོར་བའི་བདུད་ལས་རྒྱལ་བར་གདམས་པ་དང་གསུམ་ལས།

༼༡ དེ་ལྟར་འཁྲུལ་བ་ཡང་མེད་པ་ལ་བདག་དུ་བཟུང་བས་བྱུང་བའི་ཕྱིར་ཞེན་འཛིན་སྤང་པར་གདམས་པ།

དེ་ལྟར་འཁྲུལ་བ་ཡང་མེད་པ་ལ་བདག་ཏུ་བཟུང་བས་བྱུང་བའི་ཕྱིར་ཞེན་འཛིན་སྤང་པར་གདམས་པ་ནི།

འཁྲུལ་དང་མ་འཁྲུལ་བྱང་ཆུབ་སེམས་ཀྱི་ཀློང་།།

བྱང་ཆུབ་སེམས་ལ་འཁྲུལ་གྲོལ་ཡེ་ནས་མེད།།

དེ་ལས་རོལ་བར་ཤར་ལ་འཛིན་པས་བཅིངས།།

དོན་ལ་འཆིང་གྲོལ་གཉིས་མེད་ཡུལ་སེམས་མེད།།

མེད་ལ་ཡོད་པར་འཛིན་པས་མ་བསླུ་ཞིག།

ཅེས་གསུངས་ཏེ། རིག་པའི་ངོ་བོ་ལ་འཁོར་འདས་མ་གྲུབ་པས་འཆིང་གྲོལ་དང་འཁྲུལ་བ་དང་འཁོར་བ་མེད་ལ། དེའི་རྩལ་ལས་རོལ་བ་འཁོར་འདས་སུ་ཤར་བ་སྒྱུ་མའི་དཔེ་བརྒྱད་དུ་སྣང་བ་ལ་དོན་དུ་འཛིན་པ་རྒྱུན་མཐུད་པས་བཅིངས་ཀྱང་། རོལ་བར་སྣང་བའི་དུས་ནས་དོན་གྱི་ངོ་བོ་མ་གྲུབ་པས་ཡུལ་གྱི་རྣམ་པ་དང་། དེ་འཛིན་པའི་སེམས་གཉིས་མེད་པས་འཆིང་བ་ཡེ་མེད་སྟོང་པའི་རང་བཞིན་ལ། ཡོད་པར་འཛིན་པས་རང་གི་རིག་པ་མ་བསླུ་ཞིག་ཅེས་པ་སྟེ། དོན་ལ་སེམས་ཉིད་ཀྱི་ངོ་བོ་ཇི་བཞིན་དུ་མ་རིག་པར་ངང་ལས་ཤར་བའི་ཆོས་སྣང་སེམས་གཉིས་ལ་བཟུང་བས་འཁོར་བར་འཁྲུལ་ཏེ། ཀུན་བྱེད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡིས་བྱས་པའི་ཆོས་ལ་ངེས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ཧ་ལམ་གྱིས་ཚུར་བསྡུས་ན། འགྲོ་དྲུག་འཁྲུལ་བའི་རང་སྣང་གི་ཆོས་ཐམས་ཅད་དང་། སྐུ་གསུམ་དག་སྣང་གི་ཆོས་སོ་ཅོག་ཐམས་ཅད་དེ་མདོར་ན་འཁྲུལ་དང་མ་འཁྲུལ་བཏགས་པ་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་འདུས་པ་ཡིན་ལ། རིག་པའི་ངོ་བོའམ་དེའི་གཤིས་ལ་འཁོར་བ་ཞེས་པའི་ངན་པ་ཞིག་མ་གྲུབ་ཅིང་། འདས་པ་ཞེས་པའི་བཟང་པོ་ཡང་མ་གྲུབ་ལ། དབྱིངས་རིག་པ་རང་བྱུང་བྱང་ཆུབ་ཀྱི་སེམས་གཅིག་ལ་འཁྲུལ་གྲོལ་དང་འཆིང་གྲོལ་གཉིས་ཀ་ཡེ་ནས་ཡོད་མ་མྱོང་བ་ཡིན། འོན་ཀྱང་དེ་ལས་རོལ་བར་ཤར་བ་ལ་འཛིན་པས་བཅིངས་ཏེ་བག་ཆགས་གསུམ་གྱི་དབང་གིས་ཕྱི་ལྟར་སྣང་བ་ཡིན་པས། ཡུལ་གྱི་བག་ཆགས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔ་སྣང་། དོན་གྱི་བག་ཆགས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དང་། དེ་ལ་བརྟེན་པའི་དགེ་སྡིག་གི་ལས་སུ་གྲུབ། ལུས་ཀྱི་བག་ཆགས་ཀྱིས་འགྲོ་དྲུག་སོ་སོའི་གཟུགས་སུ་སྣང་བ་དང་། དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་དང་བཅས་པ་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་གཟུང་བར་སྣང་བ་ལ་འཛིན་པས་བཅིངས་ནས་བདག་གཞན་བདེ་སྡུག་ཏུ་བཟུང་ཡང་། དོན་ལ་འཆིང་གྲོལ་གཉིས་མེད་དང་ཡུལ་སེམས་གཉིས་མེད་ཡིན་བཞིན་དུ། མེད་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱིས་རང་གི་རིག་པ་མ་བསླུ་ཞིག་ཅེས་སེམས་ཉིད་རིག་པའི་མ་འཁྲུལ་བའི་རང་བཞིན་མ་རྟོགས་ནས་རང་ལས་རྩལ་གྱི་རོལ་བར་ཤར་བའི་ཆོས་སྣང་སེམས་གཉིས་ལ་གཟུང་འཛིན་དུ་འཁྲུལ་ཏེ། འཁོར་བར་དམུས་ལོང་མུན་པའི་ནང་ནས་ལམ་གོ་མ་ཆོད་པར་འཁྱམས་པ་དང་འདྲ་བར་བསྟན་པའོ། །དེ་ལྟར་འཁྲུལ་བའི་རྩ་བ་འཛིན་པ་ལ་ཐུག་ལ། དེ་རྟོག་པས་ཡུལ་ཚོལ་བ་ལ་ཐུག་པས། ཐུག་ཕྲད་རྗེས་མེད་དུ་གྲོལ་ཐུབ་པའི་ལམ་ཁྱེར་གཅེས་པའི་གནད་དེ་ཡིན་ནོ། །འཁྲུལ་བ་ལྡོག་པའི་ལུགས་ལ་མང་ཡང་གསུམ་དུ་འདུ་སྟེ། འཁྲུལ་བ་གཞི་ལས་ལྡོག་པ་འཁྲུལ་གཞི་ངོས་འཛིན་པས་འཁྲུལ་བ་རང་ལོག་པ་འདྲེ་རྐུན་ངོས་ཟིན་པས་རྐུན་མོ་ཕྱིར་ལོག་སྟེ་རང་ཁྱིམ་ན་བློ་བདེ་བ་ལྟ་བུ་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སོ། །འཁྲུལ་བ་ལམ་ནས་ལྡོག་པ་ཉོན་མོངས་པས་འཁྲུལ་བས་དེ་ཉིད་ལམ་དུ་བྱས་པས་གྲོལ་བར་འདོད་པ་ལམ་ནོར་བ་དག་དེ་ཉིད་ལ་ཞུགས་ཏེ་ཕྱིར་ལོག་པས་མ་ནོར་བར་འཇུག་པ་ལྟར་གསང་སྔགས་ཐུན་མོང་བ་རྣམས་སོ། །འཁྲུལ་བ་འབྲས་བུ་ལས་ལྡོག་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ་སངས་རྒྱས་ཐོབ་ནས་འཁྲུལ་བ་ཆ་དང་བཅས་པ་ལོག་པར་འདོད་དེ་རྒྱལ་པོ་སྲིད་ཟིན་ནས་ཕ་རོལ་གྱི་ཡུལ་འཇོམས་པར་ནུས་པ་ལྟ་བུའོ། །འདི་དག་ཀྱང་བློའི་རྩལ་འཕང་ཐ་དད་པས་གྲུབ་པའི་མཐའ་དང་ལམ་གྱི་ཚུལ་ཐ་དད་པའི་ཕྱིར་ན་གོང་མས་འོག་མ་རྟོགས་ཀྱང་། འོག་མས་གོང་མ་མི་རྟོགས་པས། རང་བཞིན་རྫོགས་པ་ཆེན་པོའི་གནད་ངེས་པ་རྣམས་གསང་དགོས་ཏེ། འོག་མའི་བློར་མི་ཤོང་བས། ཆོས་ཀྱི་ཆེ་བ་ཉམས་པ་དང་། འོག་མའི་སྡིག་རྐྱེན་དུ་འགྱུར་བའི་ཕྱིར། གསང་བ་རྒྱལ་བའི་མཛོད་དུ་གདམས་པ་སྟེ། དེ་ནས་འགྲེལ་བས་འཁྲུལ་བའི་རྩ་བ་བཙལ་ཅིང་། འཁྲུལ་རྐྱེན་ངོས་བཟུང་བ་དང་། ཐུག་ཕྲད་རྗེས་མེད་ཀྱི་ལམ་ཁྱེར་གནད་ཆེ་བ་དང་། འཁྲུལ་བ་ལྡོག་ཚུལ་གྱི་རྣམ་གྲངས་ཞིབ་པར་བསྟན་པ་སྟེ། དེ་ལྟ་བུའི་འཁྲུལ་བའི་རྩ་བ་གང་ལ་ཐུག་ཡོད་པ་བཙལ་ན། འཁྲུལ་བ་ལ་རྣམ་གྲངས་མང་ན་ཡང་རྩ་བ་གཅིག་སྟེ། འཛིན་པ་ལ་ཐུག་ནས་ཡོད་ལ། འཛིན་པ་དེ་ཡང་ཞིབ་པར་བཙལ་ན་རྟོག་པས་གང་རྟོག་བྱའི་ཡུལ་ཚོལ་བ་ལ་ཐུག་པ་ཡིན་ཕྱིར། འཁྲུལ་བ་རྩད་ནས་འདོན་དགོས་ན་ཡུལ་ཤེས་གཉིས་ཀ་ཐུག་ཕྲད་རྗེས་མེད་དུ་གྲོལ་ཐུབ་པའི་ལམ་ཁྱེར་གྱི་གདམས་པ་མ་ནོར་པ་ཞིག་རྙེད་པ་གཅེས་པའི་གནད་ཡིན་ནོ་ཞེས་ཞེན་འཛིན་སྤང་པའི་གནད་ཀྱི་འགག་བསྟན་པའོ། །འཁྲུལ་བ་ལྡོག་ལུགས་ཀྱི་རྣམ་གྲངས་ཞིབ་པར་བསྟན་པ་ལ། འཁྲུལ་བ་ལྡོག་པའི་ལུགས་ལ་མང་ཡང་བསྡུ་ན་རྣམ་པ་གསུམ་དུ་འདུ་སྟེ་ཞེས་གཞི་ལམ་འབྲས་གསུམ་གྱི་ཆིངས་ཀྱིས་བཅིངས་ནས་བཤད་པའི་དང་པོ་འཁྲུལ་བ་གཞི་ལས་ལྡོག་པ་ནི། དཔེར་ན་འདྲེ་རྐུན་ངོས་ཟིན་པས་རྐུན་མོ་ཕྱིར་ལོག་སྟེ་འདྲེ་རྐུན་གྱི་གཞི་རྩ་ཆོད་ན་བདག་པོ་རང་ཁྱིམ་ན་བློ་བདེ་བ་ལྟ་བུ་ནི་རང་བཞིན་རྫོགས་པ་ཆེན་པོའི་འཁྲུལ་བ་ལྡོག་ལུགས་དང་། གཉིས་པ་འཁྲུལ་བ་ལམ་ནས་ལྡོག་པ་ནི། ཉོན་མོངས་པས་དབང་དུ་སོང་ནས་འཁྲུལ་བས་ཉོན་མོངས་དེ་ཉིད་ལམ་དུ་བྱས་པས་གྲོལ་བར་འདོད་པ་སྟེ། དཔེར་ན་ལམ་ནོར་སོང་བ་དག་གིས་ནོར་སའི་ལམ་དེ་ཉིད་བོར་དུ་མི་འཇུག་པར་ལམ་དེ་ཉིད་ལས་ཁ་ཕྱིར་འཁོར་ཏེ་ཕྱིར་ལོག་པས་ལམ་མ་ནོར་བར་འཇུག་པ་དང་འདྲ་བ་ནི་གསང་སྔགས་ཐུན་མོང་བ་རྣམས་ཀྱི་འཁྲུལ་བ་ལྡོག་ལུགས་དང་། གསུམ་པ་འཁྲུལ་བ་འབྲས་བུ་ལས་ལྡོག་པ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ་སངས་རྒྱས་ཐོབ་ནས་འཁྲུལ་བ་ཆ་དང་བཅས་པ་ལོག་པར་འདོད་པ་སྟེ་དཔེར་ན་རྒྱལ་པོ་དེས་རྒྱལ་སྲིད་ཟིན་ནས་རང་གི་སྟོབས་ཤུགས་དང་ནུས་པས་ཕ་རོལ་གྱི་ཡུལ་འཇོམས་པར་ནུས་པ་ལྟ་བུའོ། །འདི་ལྟ་བུའི་འཁྲུལ་བ་ལྡོག་ལུགས་གསུམ་པོ་འདི་དག་ཀྱང་བློའི་རྩལ་འཕང་མཐོ་དམན་དང་ཆེ་ཆུང་ཐ་དད་པས་གྲུབ་པའི་མཐའ་དང་ལམ་གྱི་ཚུལ་ཐ་དད་པའི་ཕྱིར་ན་ལམ་དང་ཐེག་པ་གོང་མས་འོག་མ་ཞར་ལ་རྟོགས་ཀྱང་། འོག་མས་གོང་མའི་མངོན་རྟོགས་མི་རྟོགས་པར་ཡིན་པས་ན། རང་བཞིན་རྫོགས་པ་ཆེན་པོའི་གནད་ངེས་པ་རྣམས་བློ་དམན་དང་བློ་ཆུང་གི་འོག་མ་རྣམས་ལ་གསང་དགོས་ཏེ། ཅེའི་ཕྱིར་ཞེ་ན་དེ་ཉིད་འོག་མའི་བློར་མི་ཤོང་བས། གཅིག་ན་ཆོས་ཀྱི་ཆེ་བ་ཉམས་པ་དང་། གཉིས་སུ་འོག་མའི་སྡིག་རྐྱེན་དུ་འགྱུར་བའི་ཕྱིར་ན་གསང་ཆེན་ངེས་པའི་ཐེག་པ་འདི་གསང་བ་རྒྱལ་བའི་མཛོད་དུ་གདམས་པའོ། །དེའི་དོན་རྒྱུད་ལུང་གིས་བཀྲལ་བ་ནི། རིན་པོ་ཆེ་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་བྱུང་ནས། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པར་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་བ། ཀྱེ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་དེ་དག་ཀུན་དེ་ལྟར་འབྱུང་བ་དེ་ཅིའི་རྒྱུ་ལགས་ཞེས་དྲིས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ནི་སྐལ་བ་མེད་པས། གསང་སྔགས་རྣམས་ཀྱི་སྣོད་དུ་མ་གྱུར་ནས་བློ་ཆུང་བའི་ཕྱིར་ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་ཤོང་བ་མེད་ཅིང་འགྲོ་བའི་སྐབས་མེད་པ་དང་འདྲའོ་ཞེས་གསུངས་སོ། །འཁོར་བའི་རྩ་བ་འཁྲུལ་བ་ལ་ཐུག་ཅིང་། འཁྲུལ་བའི་རྩ་བ་འཛིན་པ་ལ་ཐུག་པ་དང་། འཛིན་པ་ནི་རྟོག་པས་ཡུལ་འཚོལ་བ་དེ་ལ་ཐུག་པ་ཡིན་ལ། དེ་ལས་གྲོལ་དགོས་ན་ཐུག་ཕྲད་རྗེས་མེད་གཅེས་པའོ་ཞེས་འཁྲུལ་བ་ལྡོག་ལུགས་ཀྱི་རྣམ་གྲངས་དང་བཅས་པ་བསྟན་པའོ།།

༼༢ གཉིས་པ་ཞིབ་མོར་དཔྱོད་པ་དག་གི་བློའི་ཐེ་ཚོམ་བསལ་བའི་ཕྱིར་རྒྱས་པར་བཤད་པ།

དེ་ལྟར་འཛིན་པ་སྤང་བར་གདམས་ན། གང་དང་གང་དག་འཛིན་པ་ཡིན། །དེ་དང་དེ་དག་ཇི་ལྟར་སྤང་། །ཞེས་ཞིབ་མོར་དཔྱོད་པ་དག་གི་བློའི་ཐེ་ཚོམ་བསལ་བའི་ཕྱིར་རྒྱས་པར་བཤད་པ་ནི།

ཡེ་སངས་རྒྱས་པས་གྲོལ་བའི་རིག་པ་དེ།།

གཏད་འཛིན་སེམས་ཀྱི་གཟེབ་ཏུ་མ་འཆིངས་ཤིག།

ཡེ་ནས་ཡུལ་མེད་རྣམ་ཀུན་དག་པའི་ཀློང་།།

མཁའ་མཉམ་བདེ་ཆེན་གཞི་རྩ་བྱང་ཆུབ་ཀློང་།།

དེ་ལ་འཁོར་བ་མི་སྲིད་གདོད་མའི་བབས།།

ཞེས་གསུངས་ཏེ། རིག་པའི་རང་ངོ་སྤྲོས་པ་དང་བྲལ་བས་ཡེ་ནས་སངས་རྒྱས་པར་གནས་པའི་རང་བཞིན་རྣམ་དག་ལ་ལྟོས་ནས་འཁོར་བ་ཡོད་མ་མྱོང་བ་ནམ་མཁའ་ལྟ་བུ་སྟེ། དེ་ལ་གློ་བུར་ཀུན་རྟོག་པའི་གཟེབ་ཀྱིས་མ་འཆིངས་ཤིག་ཅེས་གདམས་ཏེ། སྤྱིར་ན་སྤྲོས་བྲལ་ཞེས་པའི་ཚིག་འདི་ཡང་ཚིག་འདྲ་ཡང་དོན་མི་འདྲ་བའི་ཁྱད་པར་འཕགས་པའི་འཕགས་ཆོས་ཡོད་པ་སྟེ། སྔགས་གོང་འོག་ཐམས་ཅད་ནས་སྟོང་གསལ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཞེས་བཤད་པའི་ཚིག་གི་ཐོག་ནས་འདྲ་ན་ཡང་། དོན་ལ་འོག་མས་དོན་དམ་པ་དེ་ཡིན་སྙམ་པའི་སྙམ་བྱེད་ཀྱི་རྟོག་པ་ལས་མི་འདའ་ལ། སྙམ་བྱེད་ཀྱི་རྟོག་པ་ཡིད་དཔྱོད་ཡིན་ཞིང་། ཡིད་དཔྱོད་ཀྱི་སྒོམ་ནི་མུན་ནག་ནང་གི་རྡོ་previous hit འཕེན next hit་གར་ཕོག་འདིར་ཕོག་མེད་པ་དང་འདྲ་བས། ལོ་ཅི་ཙམ་བསྒོམས། མིང་གང་ལྟར་བཏགས་ཀྱང་ལམ་འོག་མའི་ཡིད་དཔྱོད་ཀྱི་སྒོམ་ཞིག་ལས་མ་འདས་པ་ཡིན། རྫོགས་ཆེན་གྱི་སྐབས་ཀྱི་སྤྲོས་བྲལ་དེ་མངོན་སུམ་གནད་ལ་ཕབ་ནས་དོན་ཁོང་ནས་འཆར་དགོས་པས། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སྟོང་གསལ་སྐྱེ་འགག་དང་བྲལ་བ་ཁོང་ནས་ཤར་ཚེ་སེམས་ལས་འདས་པའི་ཡེ་ཤེས་ཡིན་པས་ཡིད་དཔྱོད་ལ་མི་ལྟོས་པ་ཡིན། རྟོག་པ་སེམས་ཡིན་པས་སེམས་ལས་འདས་པའི་ཡེ་ཤེས་མངོན་དུ་བྱེད་དུས་རྟོག་པ་འགག་དགོས་པ་ཡིན། དེ་ལྟར་ཡིད་དཔྱོད་མིན་པའི་གནད་ཀྱིས་སེམས་ལམ་བྱེད་དང་ཡེ་ཤེས་ལམ་བྱེད་ཀྱི་ཁྱད་པར་བྱུང་བ་ཡིན། དེས་ཕྱིར་ན་འཛིན་པ་གང་ཡིན་ཐམས་ཅད་ཇི་ལྟར་སྤང་པའི་ཐད་ཀྱི་བློའི་ཐེ་ཚོམ་བསལ་བ་ལ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ཀློང་དུ་ཡེ་སངས་རྒྱས་ནས་གྲོལ་བའི་རིག་པ་ནམ་མཁའ་ལྟ་བུ་དེ། སྤང་བླང་གི་གཉེན་པོའི་གཟེབ་ཏུ་བཅིངས་ནས་ཡང་ལས་ཡང་བཅོས་བྱེད་མི་དགོས་པས་དམིགས་གཏད་ཅན་གྱི་སེམས་ཀྱི་གཟེབ་བམ་དྲྭ་བ་རུ་བཙུད་ནས་རང་གིས་རང་མ་འཆིངས་ཤིག་ཅེས་གདམས་པའོ། །དེ་ལྟ་བུའི་གཟེབ་དེ་ལ་ཆོས་ཀྱི་གཟེབ་ཅེས་གྲགས་ན་དེ་ལ་རྣམ་གྲངས་ཀྱིས་བཤད་ན་ཇི་ལྟར་ཡིན་སྙམ་ན། ཆོས་ཀྱི་གཟེབ་རིག་པའི་འཆིང་བར་ཆེ་བ་དེ་ཡང་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་ཐ་སྙད་ཚིག་ལ་ཞེན་པའི་གཟེབ་དང་། མི་རྟོག་ལྟེངས་པོའི་གཟེབ་དང་། བྱ་རྩོལ་འཛིན་པའི་གཟེབ་དང་། སྣང་བ་བདེན་འཛིན་གྱི་གཟེབ་དང་། ངེས་དོན་གཞན་ནས་ཚོལ་བའི་གཟེབ་དང་། སྟོང་གཟུགས་མཚན་འཛིན་གྱི་གཟེབ་དང་། གཤིས་ཤོར་སྟོང་ལྟའི་གཟེབ་དང་། རྟོག་པ་ཁ་འབྱམས་ཀྱི་གཟེབ་དང་། སྟོང་བསྒོམ་མུན་རྡོའི་གཟེབ་དང་། གནད་མེད་སྡུག་སྒུར་གྱི་གཟེབ་དང་བཅུར་གསུངས་ཏེ། ཆོས་ཀྱི་གཟེབ་རིག་པའི་འཆིང་བར་ཆེ་བ་དེ་ཡང་རྣམ་རྟོག་གི་སྤྲོས་པའི་གྲངས་དང་མཉམ་པའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་ཀྱང་ཚུར་བསྡུ་ན་རྣམ་པ་བཅུ་རུ་འདུ་བ་ཡིན་ལ། དེ་དག་གང་དང་གང་ཡིན་ཞེ་ན། ཐ་སྙད་ཚིག་ལ་ཞེན་པའི་གཟེབ་དང་གཅིག མི་རྟོག་ལྟེངས་པོའི་གཟེབ་དང་གཉིས། བྱ་རྩོལ་འཛིན་པའི་གཟེབ་དང་གསུམ། སྣང་བ་བདེན་འཛིན་གྱི་གཟེབ་དང་བཞི། ངེས་དོན་གཞན་ནས་ཚོལ་བའི་གཟེབ་དང་ལྔ། སྟོང་གཟུགས་མཚན་འཛིན་གྱི་གཟེབ་དང་དྲུག གཤིས་ཤོར་སྟོང་ལྟའི་གཟེབ་དང་བདུན། རྟོག་པ་ཁ་འབྱམས་ཀྱི་གཟེབ་དང་བརྒྱད། སྟོང་སྒོམ་མུན་རྡོའི་གཟེབ་དང་དགུ། གནད་མེད་སྡུག་སྒུར་གྱི་གཟེབ་དང་བཅུར་གསུངས་པའོ། །དེ་ནས་ལུང་གིས་མན་དག་བཀྲལ་ནས་མན་ངག་རྒྱུད་དོན་ཁུངས་མའི་ལུང་ལ་གཏུགས་ན་རྒྱུད་ལུང་མན་ངག་གསུམ་པོའི་ཁྱད་ཆོས་ཚང་པ་ཡིན་ཕྱིར། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ནས་སྟོན་པ་ཉིད་ཀྱིས་ཀྱང་། །རང་གི་ཆེ་བའི་ཚིག་རྣམས་སུ། །འདི་སྐད་ཅེས་ནི་རྔམས་པར་བསྒྲགས། །ཆོས་ཀུན་རོ་གཅིག་མ་ཤེས་པར། །ཐ་སྙད་ཚིག་ལ་བདེན་འཛིན་པ། །ལུས་ཀྱིས་མི་ཐེགས་ཁུར་ཁུར་འདྲ། །དང་པོ་ཐ་སྙད་ཚིག་ལ་ཞེན་པའི་གཟེབ་དང་། དབྱིངས་རིག་གཉིས་མེད་མ་ཤེས་པར། །མི་རྟོག་ལྟེངས་པོ་སུས་བསྒོམས་པ། །རི་བོ་སྐེད་པར་འབྲེགས་དང་འདྲ། །གཉིས་པ་མི་རྟོག་ལྟེངས་པོའི་གཟེབ་དང་། ཤུགས་འབྱུང་རང་གནས་མ་ཤེས་པར། །བྱ་བྱེད་རྩོལ་བ་སུས་འཛིན་པ། །རི་མོ་མཁན་གྱི་ཆགས་འཛིན་འདྲ། །གསུམ་པ་བྱ་རྩོལ་འཛིན་པའི་གཟེབ་ཀྱི་དཔེ་དོན་དང་། རང་བྱུང་འགག་མེད་མ་ཤེས་པར། །སྣང་བ་བདེན་ཅིག་ངེས་འཇོག་པ། །ལྗོན་ཤིང་སྲོག་དང་བྲལ་བ་འདྲ། །བཞི་བ་སྣང་བ་བདེན་འཛིན་གྱི་གཟེབ་དང་། སྐུ་གསུམ་ཡེ་རྫོགས་མ་ཤེས་པར། །ངེས་ལུང་གཞན་དུ་འཚོལ་བ་ནི། །གླང་པོའི་རྗེས་བཅད་མ་རྙེད་འདྲ། །ལྔ་བ་ངེས་དོན་གཞན་ནས་ཚོལ་བའི་གཟེབ་དང་། སྙིང་པོའི་བཅུད་ཏིག་མ་ཤེས་པར། །རིག་པའི་རང་གདངས་སྟོན་པ་ནི། །མཁའ་འགྲོ་རྙིི་ལ་བཟུང་བ་འདྲ། །དྲུག་པ་སྟོང་གཟུགས་མཚན་འཛིན་གྱི་གཟེབ་དང་། ཅོག་གཞག་རང་གྲོལ་མ་ཤེས་པར། །ལྟ་བ་རྟོགས་པར་ཁས་འཆེས་པ། །ནལ་བུ་རྒྱལ་པོར་བརྫུས་པ་འདྲ། །བདུན་པ་གཤིས་ཤོར་སྟོང་ལྟའི་གཟེབ་དང་། ལུས་ངག་དྲོད་རྟགས་མ་རྒྱས་པར། །སྐྱེ་མེད་རྟོགས་པར་ཁས་ལེན་པ། །ལུང་བ་སྟོང་པའི་རླུང་དང་འདྲ། །བརྒྱད་པ་རྟོག་པ་ཁ་འབྱམས་ཀྱི་གཟེབ་དང་། ལུ་གུ་རྒྱུད་ལ་མ་གོམས་པར། །འཁྲུལ་སྣང་འགག་པར་ཁས་ལེན་པ། །མུན་ཁུང་ནང་གི་མཛུབ་ཡུག་འདྲ། །དགུ་བ་སྟོང་སྒོམ་མུན་རྡོའི་གཟེབ་དང་། བླ་མེད་རྒྱུད་འདི་མ་ཤེས་པར། །ཉམས་སུ་ལེན་པར་འདོད་པ་དེ། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །བཅུ་བ་ཀུན་གྱི་རྗེས་མ་གནད་མེད་སྡུག་སྒུར་གྱི་གཟེབ་བོ། །ཞེས་སོ། །དེ་དག་གི་དོན་ཅུང་ཟད་བཀྲོལ་ན། སྣང་སེམས་ཐམས་ཅད་རིག་པའི་ངང་དུ་སྐྱེ་མེད་རང་སྣང་གཞི་མེད་དུ་རོ་གཅིག་པར་མ་ཤེས་པར། ཐེག་པའི་རིམ་པ་དང་ལྟ་སྒོམ་གྱི་རྣམ་གཞག་མང་པོས་སེམས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པར་འདོད་ཀྱང་ཐ་སྙད་ལ་དོན་དུ་འཛིན་པ་དེས་འཆིང་བ་འགྲོན་པོ་ཁུར་གྱིས་དུབ་པ་དང་འདྲ་སྟེ་ཐ་སྙད་ཀྱི་ཆོས་བོར་ན་བདེའོ། །སླར་ཡང་རྒྱུད་ཀྱི་ཚིག་དོན་དེ་དག་ཅུང་ཟད་མན་ངག་གིས་བཀྲལ་ན། དང་པོ་ཐ་སྙད་ཚིག་ལ་ཞེན་པའི་གཟེབ་ནི། སྣང་སེམས་ཀྱི་ཆོས་ཐམས་ཅད་རིག་པའི་ངང་དུ་མ་རྫོགས་མ་འདུས་པ་མེད་པའི་སྐྱེ་མེད་རང་སྣང་གཞི་མེད་དུ་རོ་གཅིག་པར་མ་ཤེས་པར། ཐེག་པའི་རིམ་པ་དང་ལྟ་སྒོམ་གྱི་རྣམ་གཞག་མང་པོས་སེམས་ཉིད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པར་འདོད་ཀྱང་ཐ་སྙད་ཀྱི་ཚིག་ལ་དོན་དུ་བདེན་པར་ཞེན་ནས་འཛིན་པ་དེས་འཆིང་བ་ནི་མི་ཐེག་པའི་ཁུར་པོ་ཁུར་བའི་འགྲོན་པོ་ཁུར་གྱིས་དུབ་པ་དང་འདྲ་སྟེ་ཐ་སྙད་ཀྱི་ཆོས་བོར་ན་བདེ་སྟེ། ཐ་སྙད་ཀྱི་ཚིག་ལ་ཟད་དུ་མེད་པས་དེ་ཟིན་དགོས་ན་མི་ཚེ་གཅིག་གིས་མི་ཚད་མི་ཚེ་མང་པོར་མཐུད་ཀྱང་ཟིན་དུ་མེད་པས་ཚིག་ལས་དོན་གྱི་སྙིང་པོའི་གནད་རྣམས་བསྡུས་ནས། ཉམས་སུ་ལོངས་དང་དེའི་གཟེབ་བམ་དྲྭ་བའི་ནང་དུ་གཏུམ་པ་ལྟ་བུ་དེ་ལས་ཐར་བར་འགྱུར་རོ། །གཉིས་པ་མི་རྟོག་ལྟེངས་པོའི་གཟེབ་ནི། རིག་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་ན་རང་གསལ་ཟང་ཐལ་རྗེན་པའི་རིག་པ་སྟོང་གསལ་གཉིས་མེད་ཡེ་འབྲེལ་དུ་མ་ཤེས་པར། སེམས་རྟོག་མེད་རྩེ་གཅིག་གི་ངང་བསྒོམས་པས་ཆོས་ཉིད་ཀྱི་ས་མི་ཆོད། གནས་ལུགས་ཀྱི་ངོ་བོ་མི་མཐོང་། གཟུང་འཛིན་གྱི་འཕྲང་མི་སྒྲོལ་ཏེ། རི་བོ་མཆོག་རབ་ཀྱི་རྐེད་པར་བྲེགས་ནས་ཆོད་དུ་རེ་བའི་མི་དང་འདྲ་སྟེ། སེམས་འཛིན་གྱི་བརྟོད་ཕུར་ཕྱུང་ན་བདེའོ། །རིག་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་ན་རང་གསལ་འགག་མེད་ཟང་ཐལ་རྗེན་པར་ཤར་པའི་རིག་པ་སྟོང་གསལ་གཉིས་མེད་དབྱིངས་དང་ཡེ་ཤེས་གཉིས་ཀ་ཡེ་ནས་འབྲེལ་མེད་དུ་ཞུགས་པ་དེ་མ་ཤེས་པར། མི་རྟོག་ལྟེངས་པོ་སེམས་རྟོག་མེད་རྩེ་གཅིག་མུན་པར་འཐུམས་སོང་བ་ལྟ་བུ་ཞིག་གི་ངང་འབའ་ཞིག་ལ་བསྒོམས་པས་ཆོས་ཉིད་ཀྱི་དོན་ལ་གཞོལ་བའི་ས་དེ་མི་ཆོད་ཅིང་། གནས་ལུགས་ཀྱི་ངོ་བོ་དངོས་ཀྱི་རང་ཞལ་མི་མཐོང་ཞིང་། གཟུང་འཛིན་གྱི་གཡང་ས་དོག་མོའི་འཕྲང་དེ་མི་སྒྲོལ་ཏེ། དཔེར་ན་རི་ཆེན་པོ་རི་བོ་མཆོག་རབ་ཀྱི་རྐེད་པར་ཐག་པ་བཏགས་ནས་སམ་སྟ་རེས་བྲེགས་ནས་ཆོད་དུ་རེ་བའི་མི་དང་འདྲ་སྟེ། སེམས་འཛིན་བྱེད་པ་ནི་ངལ་བའི་རྒྱུ་སེམས་བཟུང་ཞིང་བཟུང་ལ་སྨྱོ་ནད་འཕར་བ་བྱེད་པས་སེམས་འཛིན་གྱི་བརྟོད་ཕུར་ཕུད་ནས་ཕྱུང་ན་རིག་པ་རང་བྱུང་གི་རྟ་ཕོ་དེ་རང་འགྲོས་བདེ་བླག་ཏུ་རང་དབང་ལ་རྒྱུ་ཆོག་པའོ། །གསུམ་པ་བྱ་རྩོལ་འཛིན་པའི་གཟེབ་ནི། རིག་པ་ལ་རང་བཞིན་གྱི་བསམ་གཏན་ཡོད་པ་ངོས་མ་ཟིན་པར། ལུས་གནད་དང་རླུང་སེམས་ཀྱི་གནད་ཀྱིས་བསྒོམ་ལ་གནས་སུ་རེ་ན། རི་མོ་མཁན་རང་གི་རི་མོ་ལ་ཆགས་པ་ལྟར་ཆོས་ཉིད་དགོངས་པའི་ངང་དང་མཇལ་དུས་མེད་པས། འབད་རྩོལ་གྱི་ཐབས་ལམ་སྤངས་ན་བདེའོ། །རིག་པ་ལ་རང་བཞིན་གྱི་བསམ་གཏན་ཡོད་པ་ངོས་མ་ཟིན་པས་ཤུགས་འབྱུང་རང་བབས་རང་གནས་ཀྱི་བསམ་གཏན་ལ་བཅས་བཅོས་མེད་པར་མ་བཞག་པར། ལུས་གནད་དང་རླུང་སེམས་ཀྱི་གནད་ཀྱི་བྱ་བྱེད་དང་རྩོལ་བ་ཆེན་པོ་གཙོ་བོ་རུ་བཟུང་ནས་བསྒོམ་ལ་གནས་སུ་རེ་ན། རི་མོ་མཁན་གྱིས་རང་གིས་བྲིས་པའི་རི་མོ་ལ་རང་ཉིད་ཆགས་པ་ལྟ་བུ་དེས་ཆོས་ཉིད་དགོངས་པའི་ངང་དང་མཇལ་དུས་མེད་པས། འབད་རྩོལ་ཅན་གྱི་ཐབས་དང་ལམ་སྤངས་ན་བདེའོ། །བཞི་བ་སྣང་བ་བདེན་འཛིན་གྱི་གཟེབ་ནི། རིག་པ་ཟང་ཐལ་གྱི་རྩལ་ལས་རོལ་བར་ཤར་བའི་སྟོང་གཟུགས་མེད་པ་གསལ་སྣང་ཙམ་དུ་མ་ཤེས་པར། ལ་ལས་སྣང་བ་རང་གི་སེམས་ཡིན་དུ་འཛིན་པ་དང་། ལ་ལས་དོན་གཞན་ཕྱི་རོལ་དུ་འཛིན་པ་སྟེ། ལྗོན་ཤིང་སྙིང་པོ་བསྐམས་པ་ལ་ལོ་འདབ་མི་འབྱུང་བ་ལྟར། འབྲས་བུ་ངལ་བ་དོན་མེད་པས་སྣང་བ་འདི་ཡིན་གྱི་ཕྱོགས་འཛིན་ཐམས་ཅད་བཏང་ན་བདེའོ། །སྤྱིར་སྣང་བ་རྩལ་ལས་རོལ་བར་ཤར་བ་དེ་འཛིན་པ་དག་པས་དག་པར་སྣང་བ་དང་། མ་དག་པས་འཁྲུལ་བར་སྣང་སྟེ། སྣང་དུས་ནས་རོལ་བ་ཙམ་ལས་ཕྱི་ནང་གང་ནའང་མེད་ལ་ཅིར་ཡང་མ་གྲུབ་པས་གཞི་མེད་ཀྱི་སྟོང་གཟུགས་མེད་པ་གསལ་སྣང་ཁོ་ནའོ། །འདི་སྔར་ཡང་བཤད་ཟིན་ཏོ། །རིག་པ་ཟང་ཐལ་རང་བྱུང་འགག་མེད་ཀྱི་རྩལ་ལས་རོལ་བར་ཤར་བའི་སྣ་ཚོགས་སྣང་སྲིད་སྟོང་གཟུགས་སུ་ཤར་བ་དེ་ཐམས་ཅད་མེད་པ་གསལ་སྣང་ཙམ་དུ་མ་ཤེས་པར། སྒོམ་ཆེན་ཡིན་པར་སྨྲ་བ་ལ་ལས་སྣང་བ་རང་གི་སེམས་ཡིན་པར་འཛིན་པ་དང་། ཡང་ལ་ལས་དོན་གཞན་ཕྱི་རོལ་དུ་འཛིན་པ་སྟེ། གང་གི་ཕྱོགས་སུ་ལྷུང་ན་ཡང་སྲོག་དང་བྲལ་བའི་ལྗོན་ཤིང་སྙིང་པོ་བསྐམས་པ་ལ་ལོ་འདབ་མི་འབྱུང་བ་ལྟར། འབྲས་བུ་ངལ་བ་དོན་མེད་ཡོང་རྒྱུ་འབྱུང་རྒྱུ་ཅི་ཡང་མེད་པས་སྣང་བ་འདི་ཡིན་གྱི་ཕྱོགས་འཛིན་ཐམས་ཅད་བཏང་ན་བདེའོ། །ལྔ་བ་ངེས་དོན་གཞན་ནས་ཚོལ་བའི་གཟེབ་ནི། རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྐུ་གསུམ་དོན་དམ་གྱི་བདེན་པར་མ་ཤེས་པར་དབྱིངས་དོན་དམ་པའི་བདེན་པ་ག་ཤེད་ན་སྟོང་སྟོང་པོ་ཅིག་ཡོད་པར་འདོད་པ་སྟེ། གླང་པོ་རང་ཁྱིམ་དུ་བྱུང་ནས་ཕུག་ན་ཡོད་པ་དེ་མ་ཤེས་པར་རྗེས་ལ་ཕར་བཅད་ནས་ཡུལ་ཐམས་ཅད་དུ་བཙལ་ཡང་མི་རྙེད་པ་དང་འདྲ་བས་དོན་དམ་གཤིས་ལ་ཚོལ་བའི་བློ་སྤངས་ན་བདེའོ། །སྐུ་གསུམ་གཅིག་ཏུ་འདུས་ཤིང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཚང་བ་དེ། སྐུ་གསུམ་དོན་དམ་གྱི་བདེན་པར་མ་ཤེས་པར་དབྱིངས་དོན་དམ་པའི་བདེན་པ་དེ་ལས་གཞན་པའི་ག་ཤེད་ཅིག་ན་སྟོང་སྟོང་པོ་ཞིག་རྙེད་དུ་ཡོད་པར་འདོད་པ་སྟེ། དཔེར་ན་གླང་པོ་རང་ཁྱིམ་དུ་བྱུང་ནས་ཁྱིམ་ཕུག་ར་བའི་ནང་ན་ཡོད་པ་དེ་མ་ཤེས་པར་གླང་པོ་ཕྱི་ནས་བཙལ་དགོས་བསམས་ཏེ་རྗེས་ལ་ཕར་བཅད་ནས་ཡུལ་ཐམས་ཅད་དུ་བཙལ་ཀྱང་མི་རྙེད་པ་བཞིན་དུ། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་བར་ཤོག །ཅེས་པ་བཞིན་དུ་དོན་དམ་ངེས་པའི་ལུང་ཁྱད་པར་བ་ཞིག་གཤིས་ལ་ཚོལ་བའི་བླུན་རྟགས་ཀྱིས་བཙལ་བ་མགོ་འཁོར་བ་ཡིན་པས་བློ་དེ་སྤངས་ན་བདེའོ། །དྲུག་པ་སྟོང་གཟུགས་མཚན་འཛིན་གྱི་གཟེབ་ནི། རིག་པ་ཆོས་ཟད་ཟང་ཀ་རྗེན་ཡེར་ཡེར་བ་འདི་མ་ཤེས་པར་ཕྱི་སྣང་བའི་སྟོང་གཟུགས་རིག་གདངས་ལ་རིག་པར་འཛིན་པ་ནི་གཟུང་འཛིན་གྱི་སྒྲོག་ལས་མི་ཐར་ཏེ་བྱ་སྲད་བུས་བཏགས་པ་དེ་འཕུར་བར་འདོད་ཀྱང་དར་རེ་ལས་འགྲོ་ས་མེད་པ་དང་འདྲ་བས་འོད་སྣང་ལ་དག་གྲོལ་སྤངས་ན་བདེའོ། །རིག་པ་ཆོས་ཟད་ཟང་ཀ་རང་ལ་གནས་པ་སྣ་ཚོགས་ཆོས་ཀྱིས་གོས་པ་མེད་པའི་རྗེན་ཡེར་ཡེར་བ་འདི་མ་ཤེས་པར་ཐོད་རྒལ་གྱི་ཕྱི་སྣང་བའི་སྟོང་གཟུགས་རིག་གདངས་ལ་རིག་པར་འཛིན་པ་ནི་གཟུང་འཛིན་གྱི་སྒྲོག་ལས་མི་ཐར་ཏེ། དཔེར་ན་མཁའ་འགྲོ་རྙི་ལ་ཟིན་པའམ་བྱ་སྲད་བུས་བཏགས་པ་དེ་འཕུར་བར་འདོད་ཀྱང་དར་རེ་ལས་འགྲོ་ས་མེད་པ་དང་འདྲ་བས་འོད་སྣང་ལ་དག་གྲོལ་སྤངས་ན་བདེའོ་ཞེས་ངོ་བོ་དང་གདངས་རྩལ་གྱི་དབྱེ་བ་ཕྱེས་ནས་གསུངས་པའོ། །བདུན་པ་གཤིས་ཤོར་སྟོང་ལྟའི་གཟེབ་ནི། རིག་པ་རིག་ས་དེར་ཅོག་གཞག་རང་གྲོལ་གྱི་དོན་མ་རྟོགས་པར། སྟོང་པ་དང་། བདེ་བ་དང་། གསལ་བ་དང་། བྱར་མེད་ལ་སོགས་པའི་གོ་སྤྱི་རེ་རེའི་ཆ་བཀག་ནས་ངས་ལྟ་བ་རྟོགས་སོ་སྙམ་དུ་སེམས་ཤིང་རྟོགས་པར་ཁས་འཆེ་ཡང་། ནལ་ཕྲུག་ངོ་གསར་པ་མེད་པ་དེ་ཆ་ལུགས་བཅོས་ནས་ང་རྒྱལ་པོའོ་ཞེས་བརྫུ་བ་དང་འདྲ་བས་ཡིད་དཔྱོད་ཀྱི་ལྟ་བ་སྤངས་ན་བདེའོ། །རྩ་ཤེ་ལས་ཀྱང་། ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །གོའུ་ཏམ་ཁྱོད་ཀྱིས་གང་གསུངས་པ། །ཞེས་པ་བཞིན་ནོ། །རིག་པ་རིག་ས་དེར་ཅོག་གཞག་རང་གྲོལ་གྱིས་རྒྱལ་པོ་གདན་ལ་བཞུགས་པ་ལྟར་དུ་མི་འགྱུར་བརྟན་པའི་ས་འཛིན་པའི་དོན་དེ་མ་རྟོགས་པར། སྟོང་པ་དང་། བདེ་བ་དང་། གསལ་བ་དང་། བྱར་མེད་ལ་སོགས་པའི་གོ་བའི་དོན་སྤྱི་རེ་རེའི་ཆ་ཡིས་རིག་སྟོང་རྗེན་པ་ཅོག་གཞག་གི་ངོ་བོ་དེ་བཀབ་ནས་ད་རུང་ངས་ལྟ་བ་རྟོགས་སོ་སྙམ་དུ་སེམས་ཤིང་རྟོགས་པར་ཁས་འཆེ་ཡང་། དཔེར་ན་ནལ་ཕྲུག་གམ་སྤྲང་ཕྲུག་ཐང་འཆལ་དེ་ཆ་ལུགས་རྒྱལ་པོའི་ཆས་སུ་བཅོས་ནས་ང་རྒྱལ་པོའོ་ཞེས་བརྫུ་བ་དང་འདྲ་བས་ཕུགས་མི་ཐུབ་པའི་ཡིད་དཔྱོད་ཀྱི་ལྟ་བ་སྤངས་ན་བདེའོ། །བརྒྱད་པ་རྟོག་པ་ཁ་འབྱམས་ཀྱི་གཟེབ་ནི། མངོན་རློམ་ཡིད་དཔྱོད་ལ་གདེང་བཅས་ནས་ངས་ལྟ་བ་རྟོགས་སོ་བྱར་མེད་ཡིན་ནོ་ཞེས་རྔམ་པོ་ཆེར་སྨྲ་བ་ནི། རྣལ་དོན་དང་མ་འབྲེལ་བས་ངོ་ཚ་མེད་པའི་ཚིག་སྟེ་བླུན་རྨོངས་མུན་པ་ཅན་མིན་པ་སུ་ཞིག་དེ་སྐད་སྒྲོག་པར་བྱེད། གང་ལ་བློ་གྲོས་ཀྱི་མིག་ཟུམ་ཞིང་ལོག་པར་ཞུགས་པའི་ཕྱོགས་མང་བ་དག་གི་འདོད་པ་སྟེ། ཕྱིན་ཅི་ལོག་པ་དེ་ནི་བསྟན་པ་དམ་པའི་ཆོས་དང་འགལ་བས་མཁས་པ་དག་གིས་ཤིན་ཏུ་སྨད་པའི་གནས་སོ། །མ་ཡིན་པ་ལ་ཡིན་པར་བསམ་པའི་མངོན་པར་རློམ་པའི་ཡིད་དཔྱོད་ལ་ཉམས་ལེན་གྱི་གདེང་བཅས་ནས་མངོན་པའི་ང་རྒྱལ་ལམ་ཡང་ན་མ་བརྟག་ཐོ་ཅོ་སྨྲ་བའམ་དེ་མིན་ན་མ་རུང་རྫུན་པའི་ཚིག་གིས་ངས་ནི་སྐྱེ་མེད་ཀྱི་བ་ལྟ་བ་རྟོགས་སོ་བྱར་མེད་ཀྱི་དོན་ལ་གནས་པར་ཡིན་ནོ་ཞེས་པའི་བབ་ཅོལ་གྱི་རང་གཞན་ངན་འགྲོར་ཁྲིད་པའི་རྫུན་རྔམ་པོ་ཆེར་སྨྲ་བ་ནི། རྣལ་མའི་དོན་དང་མ་འབྲེལ་བས་ངོ་ཚ་མེད་པའི་ཚིག་སྟེ་བླུན་ཞིང་རྨོངས་པ་རྒྱུ་འབྲས་བསླུ་མེད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི་མུན་པ་ཅན་མིན་པ་སུ་ཞིག་དེ་སྐད་སྒྲོག་པར་བྱེད་དེ་མི་བྱེད་དོ། །སྙིགས་མའི་དུས་འདིར་དེ་ལྟ་བུའི་གང་ཟག་གང་ཞིག་ལ་བློ་གྲོས་ཀྱི་མིག་ཟུམ་ཞིང་བསོད་ནམས་དམན་པའི་ལོག་པར་ཞུགས་པའི་སྐྱེ་བོ་ངན་སོང་གི་གཡང་ལ་ཕྱོགས་པ་དེ་ལྟར་མང་བ་ཡིན་པ་དག་གིས་དེ་ལྟ་བུའི་འདོད་པ་དེ་དག་འཛིན་པར་བྱེད་པ་ཡིན་ཏེ། ཡང་ན་ཡང་དག་པའི་དོན་གང་ཞིག་ལ་ལྟ་བའི་བསོད་ནམས་ཀྱི་སྟོབས་ཞན་པ་དང་། བློ་གྲོས་ཀྱི་མིག་ཟུམ་ཞིང་ལམ་ལོག་པར་ཞུགས་པའི་ཕྱོགས་དེང་སང་མང་པ་དག་གིས་འདོད་པའམ་དེ་དག་དགའ་བའི་གསོས་ཏེ་ཞེས་འགྲེལ་ཀྱང་རུང་ངོ་། །དེ་ལྟ་བུའི་ཕྱིན་ཅི་ལོག་པ་དེ་ནི་ཡང་དག་པའི་བསྟན་པ་དམ་པའི་ཆོས་རྒྱལ་བས་གསུངས་པའི་ངེས་དོན་དང་འགལ་བར་ཡིན་བས་ན་ལེགས་ཉེས་བླང་དོར་དཔྱོད་པའི་མིག་དཀྱུས་རིང་ཞིང་ཐར་ལམ་རྣམ་དག་བགྲོད་པའི་ས་མཁན་མཁས་པ་དག་གིས་ཤིན་ཏུ་སྨད་ཅིང་སྤང་བར་བྱ་པའི་གནས་ཡིན་ནོ། །དགུ་བ་སྟོང་སྒོམ་མུན་རྡོའི་གཟེབ་ནི། སྐྱེ་བ་མེད་པའི་དོན་དངོས་སུ་རྟོགས་ན་དངོས་པོ་ལ་ཞེན་པའི་འཁྲུལ་བ་འཇིག་ཅིང་། ལུས་ངག་ལ་ཆོས་ཉིད་ཀྱི་དྲོད་རྟགས་ཞེན་པ་མེད་པ་དང་། འཆི་བ་ལ་མི་སྐྲག་པ་དང་། སྣུམ་ཞིང་གཞོན་ཤ་ཆགས་པ་དང་། སྐྲ་དཀར་དང་གཉེར་མ་མེད་པ་ལ་སོགས་པ་འབྱུང་སྟེ། རྟགས་དེ་དག་གང་ཡང་མེད་པར་ངས་སྐྱེ་མེད་རྟོགས་སོ་ཞེས་སྨྲ་བ་ནི་ལུང་སྟོང་གི་རླུང་པོ་འཕྱོ་བ་དང་འདྲ་བས་མ་རྟོགས་པའི་ཁ་འབྱམས་དང་ཡིད་དཔྱོད་ཀྱི་འཛིན་པ་སྤངས་ན་བདེའོ། །གོང་དུ་རྒྱུད་ཀྱི་ལུང་དངོས་ཀྱིས་ཐོད་རྒལ་དང་སྦྱར་ནས་གསུངས་ཤིང་འདི་ནས་ཁྲེགས་ཆོད་ཀྱི་དགོངས་པ་གཙོར་བཟུང་བྱེད་པའི་སྐབས་ཡིན་པས་དེ་ལྟར་གསུངས་ཀྱང་དོན་གྱི་གོ་བའི་ཕྱོགས་གཅིག་ཏུ་འབབ་པ་ཡིན་ལ། སྐྱེ་བ་མེད་པའི་དོན་དངོས་སུ་རྟོགས་ནས་དགོངས་པ་རང་གནས་མཉམ་པ་ཆེན་པོར་ཡོད་ན་དངོས་པོ་ལ་ཞེན་པའི་འཁྲུལ་བ་འཇིག་ཅིང་ཕྱི་ནང་ཡུལ་མེད་རིག་པ་གཏད་མེད་དགོངས་པ་བར་མེད་མཉམ་པའི་དོན་ཁོང་དུ་ཆུད་ཡོད་ན། ལུས་ངག་ལ་ཆོས་ཉིད་ཀྱི་དྲོད་རྟགས་ཞེན་པ་མེད་པ་དང་། འཆི་བ་ལ་མི་སྐྲག་པ་སྟེ་ཁ་ཙམ་མ་ཡིན་པར་བློའི་གཏིང་ནས་འཆི་བ་འདི་གྲོལ་བའི་སྒོ་ཡིན་པར་ཤེས་པའམ་འཆི་བ་སྐྱེད་མོའི་ཚལ་དུ་འགྲོ་བ་ལྟ་བུར་མཐོང་ནས་མི་སྐྲག་པ་དང་། ནང་ཉམས་ལེན་ལ་གོམས་པའི་དྲོད་རྟགས་ཡོད་པས་ཕྱི་ནས་གདོང་སྣུམ་ཞིང་གཞོན་ཤ་ཆགས་པ་དང་། སྐྲ་དཀར་དང་གཉེར་མ་མེད་པ་ལུས་ཀྱི་ཤིན་སྦྱངས་ཐོབ་ནས་ལུས་ཤིང་བལ་ལྟར་ཡང་བ་ལ་སོགས་པ་སྟེ་ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་མེད་པ་དང་། ཁྱད་པར་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡིན་པས་སྙིང་རྗེ་སྔར་བས་ཇེ་ཆེ་ལ་སོགས་པ་འབྱུང་བ་ཡིན་ལ། དེ་མིན་པ་རྒྱུད་རྩུབ་ཧྲགས་གེ་ཡོད་ན་མ་འཇོན་པའི་རྟགས་བསྟན་པ་ཡིན་པས། ཉོན་མོངས་དུག་ལྔ་གཞན་ལས་ཀྱང་རགས་སོ་སྙམ་པ་གཏམ་ཚིག་གསུམ་ལས་མ་བཤད་ཀྱང་། ཟུར་ཟ་ཞིག་དང་ཕྲག་དོག་ཅིག བདག་བསྟོད་ཅིག་དང་གཞན་སྨོད་ཅིག་ལས་མེད་པ་དེའི་ཟུར་དུ་བླ་མ་མཆེད་གྲོགས་གང་གི་མིང་འཛིན་རུང་མ་གཅར་ན་དགེ་བ་ཡིན། རྟགས་ཚད་ངེས་པའི་རྟགས་དེ་དག་གང་ཡང་མེད་པར་ངས་སྟོང་ཉིད་སྐྱེ་བ་མེད་པའི་དོན་རྟོགས་སོ་ཞེས་སྨྲ་བ་ནི་ལུང་བ་སྟོང་པའི་ནང་ནས་རླུང་གཡུགས་པ་དང་འདྲ་བས། མ་རྟོགས་བཞིན་དུ་རྟོགས་ཁུལ་བྱེད་པའི་ཁ་འབྱམས་དོན་ལ་མི་གནས་པ་དང་ཡིད་དཔྱོད་ཀྱི་འཛིན་པ་ཅན་གྱིས་སྒོམ་པ་སྤངས་ན་བདེའོ། །བཅུ་བ་གནད་མེད་སྡུག་སྒུར་གྱི་གཟེབ་ནི། རིག་པའི་རང་ངོ་ཟང་ཀ་རྗེན་པ་ལ་དངོས་པོར་མ་གྲུབ་ལ་བྱང་མ་ཆད་པས་སྟོང་གསལ་ལུ་གུ་རྒྱུད་ཀྱི་དོན་ཟང་ཐལ་དུ་མ་གོམས་པར། འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་འགག་པར་ཁས་ལེན་པ་ནི་མུན་ཁུང་དུ་མཛུབ་ཡུག་བྱས་པ་རང་གཞན་གཉིས་ཀས་མི་མཐོང་བ་ལྟར་འཁྲུལ་བ་གཟུང་འཛིན་གྱི་ཆ་སོག་པ་ལས་འདག་མི་ནུས་པས་དམིགས་གཏད་བློའི་བསྒོམ་པ་སྤངས་ན་བདེའོ། །རིག་པའི་རང་ངོ་ཟང་ཀ་རྗེན་པ་ལ་དངོས་པོར་མ་གྲུབ་ལ་བྱང་མ་ཆད་པས་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོའི་དགོངས་པ་ཚད་དུ་མ་འཁྱོལ་ནས་སྟོང་གསལ་ལུ་གུ་རྒྱུད་ཀྱི་དོན་ཟང་ཐལ་དུ་མ་གོམས་པར། ད་རུང་འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་འགག་པ་དེ་ལྟ་བུ་ཁས་ལེན་པའི་མུ་ཅོར་སྨྲ་བ་ནི་མུན་ཁུང་དུ་མཛུབ་ཡུག་བྱས་པ་རང་གཞན་གཉིས་ཀས་མི་མཐོང་བ་ལྟར་དེ་ལྟ་བུར་ཉམས་སུ་ལེན་པའི་འཁྲུལ་བ་གཟུང་འཛིན་གྱི་ཆ་སོག་པ་ལས་འདག་མི་ནུས་པས་གནད་མེད་སྡུག་སྒུར་གྱིས་དུས་ཚོད་འདའ་བ་ལས་དམིགས་གཏད་བློའི་བསྒོམ་པ་སྤངས་ན་བདེའོ། །རིག་པ་ཆོས་ཟད་རྗེན་པའི་རང་གནད་བླ་ན་མེད་པའི་རྒྱུད་རང་ངོ་མ་ཤེས་པར། ཐབས་དང་བྱ་རྩོལ་ཅིས་ཉམས་སུ་བླངས་ཀྱང་། ད་རེས་ཐག་ཆོད་པ་ལྟར་བྱུང་ཡང་མཐའ་མ་ཁྲོལ་ཕུ་མ་འཁྲུས་པས་ཐེ་ཚོམ་དང་ཡིད་དཔྱོད་ཀྱི་འཛོལ་ས་མང་བས་གོལ་སྒྲིབ་ཀྱི་ལམ་འཁྱོག་པ་ནི། རྒྱུས་མེད་ལམ་ཁ་བྲག་ཏུ་འཁྱམས་པ་དང་འདྲ་བས་སྟོང་བསྒོམ་མུན་པའི་ངོ་སྤྲོད་སྤངས་ན་བདེའོ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་བསྒོམ་པ་ཡི་རེ་མུག །དེ་ལ་སྤྱོད་པའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུ་རེ་བ་ཡོང་རེ་འཁྲུལ། །ཞེས་གསུངས་པ་ལྟ་བུའོ། །གོང་གི་རྩ་བའི་ཚིག གཏད་འཛིན་སེམས་ཀྱི་གཟེབ་ཏུ་མ་འཆིངས་ཤིག །གསུངས་པའི་མཚམས་ནས། ཡེ་ནས་ཡུལ་མེད་རྣམ་ཀུན་དག་པའི་ཀློང་། །མཁའ་མཉམ་བདེ་ཆེན་གཞི་རྩ་བྱང་ཆུབ་ཀློང་། །དེ་ལ་འཁོར་བ་མི་སྲིད་གདོད་མའི་བབས། །གསུངས་པའི་དོན་དང་བཅས་པའི་འགག་བསྡོམས་ཏེ ད་ནི་ཀུན་གྱི་མཇུག་སྡོམ་ཏེ། རིག་པ་ཆོས་ཟད་རྗེན་པའི་རང་གནད་བླ་ན་མེད་པའི་གཞི་རྒྱུད་རིག་པ་རང་གནས་ཀྱི་རང་ངོ་མ་ཤེས་པར། ཐབས་དང་བྱ་རྩོལ་ཅི་གཞན་ཅི་ཞིག་གིས་ཀྱང་ཉམས་སུ་ལེན་ཁུལ་བྱས་བླངས་ཀྱང་། ད་རེས་ཐག་ཆོད་པ་ལྟར་དུའམ་གོ་ཡོད་པའི་སྣང་བ་ལྟ་བུར་བྱུང་ཡང་གཞི་གྲོལ་སྒོམ་པའི་གདེང་མེད་པས་མཐའ་མ་ཁྲོལ་ཟང་མ་ཐལ། ལྟ་བའི་གནད་མ་རྟོགས་པས་ཕུ་མ་འཁྲུས་པར་རིག་པ་ཀུན་ཏུ་བཟང་པོའི་རང་ངོ་ལས་འཆོར་སོང་དུས་གོལ་ཤོར་ནོར་ས་མང་བ་ཡིན་པས་ཐེ་ཚོམ་དང་ཡིད་དཔྱོད་ཀྱི་འཛོལ་ས་མང་བས་གོལ་སྒྲིབ་ཀྱིས་ལམ་འཁྱོག་པ་ནི། རྒྱུས་མེད་གྲོང་ཁྱེར་ཆེན་པོའི་སུམ་མདོ་བཞི་མདོ་བརྒྱད་མདོ་ལ་ཐོན་ནས་གང་དུ་འགྲོ་དགོས་མི་ཤེས་པའི་ལམ་ཁ་བྲག་ཏུ་འཁྱམས་པ་དང་འདྲ་བས་མདོར་བསྡུས་ན་སྟོང་བསྒོམ་མུན་པའི་ངོ་སྤྲོད་སྤངས་ན་བདེའོ།།

༼༣ གསུམ་པ་གཟུང་འཛིན་འཁོར་བའི་བདུད་ལས་རྒྱལ་བར་གདམས་པས་དོན་བསྡུ་བ་ནི།

གཟུང་འཛིན་འཁོར་བའི་བདུད་ལས་རྒྱལ་བར་གདམས་པས་དོན་བསྡུ་བ་ནི།

ཐིག་ལེ་ཉག་གཅིིག་གྲྭ་ཟུར་མེད་པ་ལ།།

གཅིག་དང་ཐ་དད་འཛིན་པ་འཁྲུལ་བའི་སེམས།།

རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་ལ།།

འཁོར་བའི་ལམ་དུ་འཛིན་པ་བྱང་ཆུབ་གེགས།།

ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ་ལ།།

ཕྱོགས་ལྟའི་མཐའ་ལ་ཞེན་པ་སྙེམས་བྱེད་བདུད།།

དངོས་མཚན་མེད་པའི་སྟོང་པ་འགག་མེད་ལ།།

ཡོད་མེད་སྣང་སྟོང་འདོགས་པ་ལོག་པའི་བློ།།

དེས་ན་གང་འདོད་ཕྱོགས་རིས་གཟེབ་བོར་ལ།།

ལྷུན་གྲུབ་ཕྱོགས་མེད་ནམ་མཁའ་ལྟར་ཤེས་བྱོས།།

ཞེས་གསུངས་ཏེ། གྲྭ་ཟུར་མེད་པའི་ཆོས་དབྱིངས་ཐིག་ལེ་ཉག་གཅིག རྒྱུ་མེད་རྐྱེན་བྲལ། རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ། དངོས་མཚན་མེད་པའི་སྟོང་པ་འགག་མེད་རྣམས་ལ་གང་འདོད་ཕྱོགས་རིས་ཀྱི་གཟེབ་བོར་ནས། ལྷུན་གྲུབ་ཕྱོགས་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱ་སྟེ། རིག་པ་ཟང་ཐལ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ལ། ཡོད་མེད་དང་། སྣང་སྟོང་དང་། ལྟ་སྒོམ་ལ་སོགས་པའི་ངོ་བོ་གཅིག་ཏུ་འདོད་པ་དང་། ཐ་དད་དུ་འདོད་པ་ལ་སོགས་པ་ཐམས་ཅད་འཁྲུལ་རྟོག་ཉིད་དེ། རང་བྱུང་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར་རོ། །དེ་ལ་འཁོར་བ་དང་འཁོར་བའི་སྣང་བ་རང་སེམས་ལ་གྲུབ་པར་འཛིན་པའང་ཆོས་ཉིད་ཀྱི་དོན་རྟོགས་སུ་མི་སྟེར་བའི་གེགས་དང་། དངོས་པོ་དང་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །ཡོད་མེད་དང་ཡིན་མིན་དུ་འདོད་པའང་སྤྲོས་བྲལ་ངོ་བོ་ཉིད་ལ་གློ་བུར་བློའི་སྒྲིབ་པར་ཤར་ཏེ། སྤྲོས་པ་སྣ་ཚོགས་ཀྱི་དྲ་བ་ཡིན་པའི་ཕྱིར་རོ། །མདོར་ན་བསམ་བརྗོད་དམིགས་པར་འཛིན་པ་ཐམས་ཅད་ཕྱིན་ཅི་ལོག་གི་ཀུན་ཏུ་རྟོག་པ་སྟེ། ངོ་བོ་ཟང་ཐལ་དུ་རྟོགས་པ་ལ་སྒྲིབ་བྱེད་མུན་པའི་འཁོར་སྒོ་ཞེས་བྱ་སྟེ། མཚན་འཛིན་འཆིང་བའི་བདུད་དུ་བསྟན་པ་ཡིན་ནོ། །ཁྱུང་ཆེན་ལས། ལུས་ངག་བཅོས་ཤིང་ཡིད་ཀྱིས་གཏད་འཛིན་པ། །ཆོས་ཉིད་བདེན་པ་སྒྲིབ་པར་བྱེད་པ་ལ། །འདི་བས་ལྷག་པའི་གཉེན་པོ་གཞན་པ་ཅི། །ཞེས་སོ། །ཐིག་ལེ་ཉག་གཅིག་ཟླུམ་པོ་གཅིག་ཏུ་འཁྱིལ་བ་ལ། ཕྱོགས་ཀྱི་གྲྭ་དང་མཚམས་ཀྱི་ཟུར་མེད་པར། རིག་པ་རང་གི་ངོ་བོ་ནི་ནམ་མཁའ་ལྟར་དུ་སྟོང་གསལ་སྤྲོས་པ་དང་བྲལ་བར་ཀློང་གཅིག་ཡིན་ལ། སྟོང་པ་གསལ་བ་གཉིས་ཀ་གཉིས་ཡིན་པས་གཉིས་གཅིག་ཏུ་ཇི་ལྟར་འདུས་སྙམ་ན། གསལ་བའི་རིག་པ་དང་སྣང་བའི་སྟོང་པ་གཉིས་ཀ་གཉིས་མེད་རིས་སུ་མ་ཆད་པར་སྟོང་པ་བར་མེད་དུ་གཅིག་ཅིང་། གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་རོ་གཅིག་པ་ཡིན་པས་ན། ཆོས་སྐུ་ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པའི་དབྱིངས་སུ་རྩ་བ་གཅིག་པ་ཡིན། གཅིག་ཅེས་པ་དེ་ཡང་གཉིས་སུ་མེད་པས་གོ་བརྡ་སྤྲོད་ཆེད་དུ་གཅིག་ཏུ་སྨྲས་པ་ཙམ་ལས། དོན་ལ་ཡོད་མེད། སྣང་སྟོང་། ལྟ་སྒོམ་ལ་སོགས་པ་ངོ་བོ་གཅིག་ཏུ་འདོད་ནས་གཅིག་བསྒྲུབ་པ་དང་། གཉིས་སུ་བཟུང་ནས་ཐ་དད་དུ་བསྒྲུབ་པ་ལ་སོགས་པའི་གཏད་སོ་མེད་པར་འཁྲུལ་སེམས་ཡིན་ཕྱིར་གཅིག་དང་ཐ་དད་དུ་འཛིན་པ་ནི་འཁྲུལ་བའི་སེམས་སོ། །རང་བྱུང་ཡེ་ཤེས་གཅིག་ཐ་དད་གང་དུ་ཡང་མ་གྲུབ་ཀྱང་རྩལ་དང་རོལ་བའི་ལྷུན་གྲུབ་ཀྱི་འཆར་ཚུལ་ལ་སྣང་ཆོག་པ་ནི། དཔེར་ན། སྟོང་པ་ཐིག་ལེ་ཡི་གེ་བརྒྱ། །ཞེས་པ་ལྟར་དུ་སྟོང་པའི་གནས་སུ་ཐིག་འབྲི་བ་ནི་གཅིག་དང་གཉིས་ཀྱི་རྟགས་མ་ཡིན་ཡང་གཅིག་བཅུ་བརྒྱ་སྟོང་སོགས་ཀྱི་བརྩི་གཞིའི་གྲངས་གནས་ཀྱི་ས་ཁོངས་འཛིན་བྱེད་མི་འདོར་པ་ལྟ་བུའོ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད་པ་ཅི་ཡང་མ་གྲུབ་པའི་ཀ་དག་ཆེན་པོ་ཆོས་སྐུ་རང་མལ་གྱི་དགོངས་པ་ཡིན་པ་ལ། འཁོར་བ་དང་འཁོར་བའི་སྣང་བ་རང་སེམས་སུ་གྲུབ་པའམ་རང་སེམས་དེ་ལྟར་སྣང་བར་སེམས་ཤིང་འཛིན་པ་ནི། བྱང་ཆུབ་དམ་པ་སེམས་ལས་འདས་པའི་ཆོས་ཉིད་དོན་གྱི་གནས་ལུགས་རྟོགས་པའི་གེགས་སུ་ཆེ་བ་དང་། ལྷུན་གྲུབ་ཕྱོགས་མེད་མཐའ་དང་བྲལ་བ་གཞི་རྒྱ་ཆད་ཕྱོགས་ལྷུང་མེད་པ། ལམ་དམིགས་བསམ་འཛིན་པ་བྲལ་བ། འབྲས་བུ་རེ་དོགས་དང་འཕོ་འགྱུར་མེད་པ་ལ། ཕྱོགས་མེད་ཕྱོགས་སུ་འཛིན་པ་ནི་ནང་སྙེམས་བྱེད་བདག་འཛིན་གྱི་བདུད་ཡིན་པ་དང་། དངོས་དང་མཚན་མ་མེད་པའི་སྟོང་པ་འགག་མེད་རང་བྱུང་གི་ཡེ་ཤེས་ལ་ཡོད་མེད་སྣང་སྟོང་ཕྱོགས་རེ་བའི་སྒྲོ་འདོགས་གུ་དོགས་ཀྱི་བློ་ཡིས་བཅིངས་པ་ནི་ལོག་པའི་བློ་འཆིང་བའི་གཟེབ་ཡིན་ལ། དེས་ན་གང་འདོད་ཕྱོགས་རེས་ཀྱི་གཟེབ་ཡུལ་དང་སེམས་དང་རིག་པ་ཞེས་གཉིས་འཛིན་གྱི་བློས་ཐ་དད་དུ་བརྟགས་ཤིང་། ཕྱོགས་དང་རིས་སུ་ཆད་པའི་སེམས་ཐམས་ཅད་ཕར་བོར་ནས་འཕེལ་འགྲིབ་མེད་པའི་ལྷུན་གྲུབ་ཕྱོགས་མེད་ནམ་མཁའ་ལྟ་བུ་ལས་འདོད་འབྱུང་ཟད་མེད་ཀྱི་ཡོན་ཏན་འཕྲིན་ལས་ཐམས་ཅད་ཕྱོགས་མེད་དུ་འབྱུང་བ་ཡིན་པས་ན། སྟོང་གསལ་མཐའ་བྲལ་འགག་མེད་དུ་ཤེས་པར་བྱའོ། །སྐབས་འདིར་སྤང་བྱ་བདུད་ཀྱི་འཕྲང་ལས་སྒྲོལ་བ་ལ་དེ་ཤེས་པ་གཅེས་པས། ཅུང་ཟད་བཤད་ན། བདུད་ཀྱི་ངོ་བོ་མ་རིག་པ་གཟུང་འཛིན་དང་བཅས་པའི་འཁྲུལ་རྟོག ངེས་ཚིག་ཐར་པ་ལ་བར་དུ་གཅོད་པས་བདུད་དོ། །དབྱེ་ན་རྩ་བའི་དབྱེ་བ་གཟུང་འཛིན་གཉིས། ཡན་ལག་གི་དབྱེ་བ་ཕུང་པོའི་བདུད། འཆི་བདག་གི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་དང་བཞི། ཉིང་ལག་གིས་དབྱེ་ན་ཕྱིའི་བདུད་ལ་སོགས་པ་ཉི་ཤུ་རྩ་བརྒྱད། རྣམ་པར་འཕྲུལ་བས་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། རྟོག་པའི་མཐའ་དང་། ལས་ཀྱི་བྱེ་བྲག་དང་ཉོན་མོངས་པའི་ཚོགས་ཅི་ཙམ་པ་དེ་སྙེད་དོ། །བསྡུ་ན་རྣམ་པར་རྟོག་པ་གཅིག་པུར་འདུ་སྟེ། རྣམ་རྟོག་རིག་པའི་ངང་དུ་གྲོལ་བས། རིག་པའི་དོན་ཟང་ཐལ་དུ་རྟོགས་ན་བདུད་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་པ་ཞེས་བྱའོ། །སྐབས་འདིར་སྤང་བྱ་བདུད་ཀྱི་འཕྲང་ལས་སྒྲོལ་བ་བྱེད་པ་ལ་བདུད་ཀྱི་བྱ་བ་དེ་ཉིད་ཤེས་པ་གཅེས་པས། དེས་ཐད་ནས་ཅུང་ཟད་བཤད་ན་ཞེས་མཚམས་སྦྱར་ནས། ངོ་བོ། ངེས་ཚིག དབྱེ་བ་དང་བཅས་པས་བསྟན་པ་ལས། བདུད་ཀྱི་ཐོག་མའི་འབྱུང་ཁུངས་བཙལ་ན། ཐོག་མར་གཞི་ལས་གཞི་སྣང་ཐུགས་རྗེའི་རྩལ་ཤེས་པ་གསལ་རིག་ཡུལ་རྐྱེན་ལ་ཤར་བའི་གནས་སྐབས་སུ། དེ་རང་ངོ་མ་ཤེས་པ་ལ་ལྟོས་ནས་མ་རིག་གསུམ་མཚུངས་ལྡན་དུ་ཤར་བ་ཡིན་པས། རྒྱུ་མ་རིག་པ་གསུམ་དང་རྐྱེན་བཞིའི་དམིགས་པ་མ་དག་པའི་ཆ་དེ་ལས། སྣང་བ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་ནས་གཟུང་འཛིན་རྒྱང་ཆད་དུ་སོང་ནས་འཛིན་པ་ཇེ་རགས་སུ་གྱུར་པས། ཉོན་མོངས་དྲུག་མངོན་གྱུར་དང་ཡུལ་དྲུག་གི་སྣང་བ་ལ་འཁྲུལ་ནས་རིག་པའི་ཡེ་ཤེས་བསྒྲིབས་ནས། ཁམས་གསུམ་འཁོར་བའི་གནས་རིས་སྡུག་བསྔལ་གྱི་དུག་མཚོ་ལྟ་བུའི་ནང་དུ་སྡུག་བསྔལ་མྱོང་བའི་གཞི་ནི་དེ་ནས་བྱུང་བ་ཡིན་པས་བདུད་ཀྱི་ངོ་བོ་ནི་མ་རིག་གཟུང་འཛིན་དང་བཅས་པའི་འཁྲུལ་རྟོག་གོ །ངེས་ཚིག་ནི་ཐར་པ་ལ་བར་དུ་གཅོད་པས་བདུད་དོ་ཞེས་ངེས་ཚིག་དོན་གྱིས་འབྲེལ་བ་སྟེ། སྤྱིར་ཐར་བ་ཞེས་པ་དེ་ལ་ཡང་དབྱེ་བ་དུ་མ་ཡོད་ཅིང་། སྐབས་འདིར་རིག་པ་ཡེ་ཤེས་ཀྱི་ངོ་བོ་མཐོང་བར་བྱེད་པ་ལ་ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན་དུ་དེའི་སྒྲིབ་བྱེད་དམ་དེ་ཉིད་མ་རྟོགས་འཁྲུལ་བའི་གཞིར་གྱུར་པ་རིག་པའི་རང་ཞལ་མཇལ་བའི་གེགས་སམ་བདུད་དུ་བབ་ན་མ་རིག་འཁྲུལ་བའི་བདུད་དོ། །དབྱེ་བ་ནི། རྩ་བའི་དབྱེ་བ་གཟུང་འཛིན་གཉིས་ཏེ། གཟུང་འཛིན་ནི་རང་ལུགས་ཀློང་ཆེན་པའི་ཐུན་མིན་གྱི་བཞེད་པའི་གནད་ངེས་དགོས་པས། གཟུང་བ་ནི་གཟུང་ཡུལ་ལས་སྐད་ཅིག་དང་པོར་སྐྱེས་པའི་རྟོག་པ་སྟེ་སེམས་དེ་ཉིད་གཟུང་བར་སྐྱེས་པ་དང་། འཛིན་པ་ནིི་རྗེས་ནས་སྐྱེས་ཤིང་དེ་ལ་དཔྱོད་པའི་སེམས་བྱུང་རྣམས་ཡིན་ལ། གནད་དེ་མ་ཤེས་པར་གཟུང་བ་ནི་ཕྱི་ན་ཡོད་པའི་རི་ལ་སོགས་པ་འདི་དག་དང་། འཛིན་པ་ནི་རང་གི་ཤེས་པ་ཡིན་པར་འདོད་ན། གཟུང་འཛིན་སྤངས་པའི་འཕགས་པ་རྣམས་ལ་ཡུལ་འདི་དག་སྣང་དང་མི་སྣང་། སྣང་ན་དེ་དག་ལ་གཟུང་འཛིན་སྣང་བར་འགྱུར་བ་དང་། མི་སྣང་བར་ཡིན་ན་ཉན་ཐོས་དགྲ་བཅོམ་གྱིས་རི་དང་གཙུག་ལག་ཁང་སོགས་མཐོང་ཐུབ་པ་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་མཁྱེན་ཡུལ་ལ་སྣང་བ་སོགས་ཀྱིས་མ་གྲུབ་ལ། གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ་བ་ཡིན་ཕྱིར་བློ་དོན་མཐུན་མིན་པའི་དབང་གིས་ཡང་དག་དོན་གྱི་ངོ་བོར་སྒྲིབ་པའི་བདུད་དུ་གྱུར་པས་ན་དེའི་དབྱེ་བར་གྲུབ་པའོ། །ཡན་ལག་གི་དབྱེ་བ་ལ་བཞི་རུ་ཡོད་པ་ཡིན། སྔགས་ཀྱི་སྐབས་ཀྱི་བདུད་བཞིའི་འགྲེལ་སྟངས་མདོ་དང་ཅུང་ཟད་མི་འདྲ་བ་ཡིན། ཕུང་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་དུ་མ་ཤེས་པ་ཕུང་པོའི་བདུད། རིག་པ་རང་བྱུང་གི་ཡེ་ཤེས་རང་གི་ངོ་བོ་སྐྱེ་འཆི་འགྲེས་རྒུད་ཐམས་ཅད་དང་བྲལ་བའི་རང་བཞིན་མ་ཤེས་པ་འཆི་བདག་གི་བདུད། ཉོན་མོངས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་མ་ཤེས་པ་ཉོན་མོངས་པའི་བདུད། མཉམ་ཉིད་རང་བྱུང་གི་ཡེ་ཤེས་ལ་སྐྱེ་འཆི་ལ་སོགས་པ་མི་རྟག་པའི་ཆ་གང་གིས་ཀྱང་མ་གོས་པས་བར་དུ་གཅོད་པ་ཐམས་ཅད་དང་བྲལ་བར་མ་ཤེས་པ་ལྷའི་བུའི་བདུད་དང་བཞི་དང་། ཉིང་ལག་གིས་དབྱེ་ན་ཕྱིའི་བདུད་ལ་སོགས་པ་ཉི་ཤུ་རྩ་བརྒྱད་འོག་ནས་འབྱུང་རག་པ་དང་། རྣམ་པར་འཕྲུལ་བས་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། ཇི་ལྟར་ཞེ་ན་རྟོག་པའི་མཐའ་གཞལ་གྱིས་མི་ལང་བ་དང་། ལས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཉོན་མོངས་པའི་ཚོགས་མཐའ་ཡས་པ་ཅི་ཙམ་པ་དེ་ལྟར་དུ་བདུད་ཀྱང་དེ་སྙེད་དོ། །དེ་ལྟར་དབྱེ་ན་མཐའ་ཡས་ཀྱང་ཚུར་བསྡུ་ན་རྣམ་པར་རྟོག་པ་གཅིག་པུར་འདུ་བ་གོང་ནས་མ་རིག་པ་གཟུང་འཛིན་དང་བཅས་པས་འཁྲུལ་བ་བདུད་ཀྱི་ངོ་བོ་བསྟན་པ་དེ་དང་། དེ་ལས་ལྡོག་པ་རྣམ་རྟོག་རིག་པའི་ངང་དུ་གྲོལ་བས། རིག་པའི་དོན་ཟང་ཐལ་དུ་རྟོགས་ན་བདུད་ཐམས་ཅད་ཅིག་ཅར་དུ་བཅོམ་སྟེ་བདུད་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་པ་ཞེས་བྱའོ། །དེ་དག་ཀྱང་རིག་པ་རང་གྲོལ་ལས། རྣམ་རྟོག་མཚན་མས་བཅིངས་པའི་བདུད། །བསམ་གྱིས་མི་ཁྱབ་གྲངས་མང་ཞིང་། །བརྗོད་དུ་མེད་ལ་བསམ་མི་ཁྱབ། །རྣམ་རྟོག་མཚན་མ་ཅི་འགྱུས་པ། །ཐམས་ཅད་བདུད་ཀྱི་རང་བཞིན་ཏེ། །མ་རིག་གཟུང་འཛིན་འཁྲུལ་བའི་བདུད་ལས་བྱུང་བའི་རིག་པ་ཡེ་ཤེས་མཐོང་བའི་ཆ་ལ་སྒྲིབ་བྱེད། སེམས་འཁྲུལ་བའི་རྣམ་རྟོག་ཕྲ་རགས་ཐམས་ཅད་བདུད་ཡིན་ལ། དེ་ལ་ཡང་དབྱེ་ན་ཉི་ཤུ་རྩ་བརྒྱད་ཡོད་པས། དེ་ཡང་མདོར་བསྟན་འདི་ལྟ་སྟེ། །གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །རྣམ་རྟོག་འཁྲུལ་བར་སྤྱོད་ན་ནང་གི་བདུད། །གྲགས་པ་ཁ་འབྱམས་བདུད་ཀྱིས་བསླུས་པ་ཡིན། །ལུས་ལ་རྒྱན་བཟང་བདུད་ཀྱིས་བསླུས་པ་ཡིན། །གཉེན་གྱི་གཅམ་ཚིག་བདུད་ཀྱིས་བསླུས་པ་ཡིན། །དགྲ་ལ་ཆགས་སྡང་བདུད་ཀྱིས་བསླུས་པ་ཡིན། །བདག་ཏུ་རྟོག་པ་བདུད་ཀྱིས་བསླུས་པ་ཡིན། །ལུས་ལ་ཆགས་པ་སྐྱེ་ན་དེ་ཡང་བདུད། །གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །ཏིང་འཛིན་རོ་ལ་ཆགས་ན་ནང་གི་བདུད། །སྣང་བའི་ཡུལ་ལ་ཆགས་ན་སྣང་ཡུལ་བདུད། །ཡིན་མིན་ཐེ་ཚོམ་ཟོས་ན་རྟོག་པའི་བདུད། །བྱ་བྱེད་གཡེང་བས་ཁྱེར་ན་འཁོར་བའི་བདུད། །རྟོག་པ་ཁོང་དུ་ཞུགས་ན་སེམས་ཀྱི་བདུད། །གཟུང་འཛིན་ཆོས་ལ་ཆགས་ན་ཡིད་ཀྱི་བདུད། །ལོངས་སྤྱོད་འཁོར་ལ་ཆགས་ན་གཡེང་བའི་བདུད། །འཁོར་བའི་ཆོས་ལ་ཆགས་ན་ཕུང་པོའི་བདུད། །རྩོད་པའི་འདམ་ལ་ཆགས་ན་ཉོན་མོངས་བདུད། །དགའ་སྡུག་གྲོགས་ལ་ཆགས་ན་ལྷ་ཡི་བདུད། །ཁྲོ་གཏུམ་དཔའ་རྔམ་ཆེ་ན་འཆི་བདག་བདུད། །བསྒོམ་པའི་ལྷ་ལ་ཆགས་ན་འཆིང་བའི་བདུད། །ཆགས་སྡང་ལྔ་ལ་ཆགས་ན་ངན་སོང་བདུད། །ཆོས་སྤྱོད་བཅུ་ལ་ཆགས་ན་སྐྱེ་གནས་བདུད། །འཁོར་བའི་ལམ་ལ་ཆགས་ན་མ་རིག་བདུད། །ཡུལ་ལ་རྔམ་སེམས་བྱེད་ན་ཆགས་པའི་བདུད། །ཆོས་ལ་སྨོད་པ་འདོར་ན་ཕྲག་དོག་བདུད། །གཞན་ལ་སུན་འབྱིན་བྱེད་ན་ང་རྒྱལ་བདུད། །ཕ་རོལ་སྤོང་བར་བྱེད་ན་སྐྱོན་གྱི་བདུད། །དེ་ཡན་གྱིས་ཉི་ཤུ་རྩ་བརྒྱད་ཚང་བ་ཡིན། དེ་བཞིན་བདུད་ཀྱིས་བསླུ་བ་བསམ་མི་ཁྱབ། །བརྗོད་ཀྱིས་མི་ལང་གྲངས་མང་ཡང་། །རྩ་བ་བདུད་བཞི་ཆོམས་གྱུར་ན། །བདུད་བཞིའི་རྩ་བ་ཡང་གཟུང་འཛིན་འཁྲུལ་བའི་སེམས་མ་རིག་པ་ཡིན་པས་དེ་ལས་ཐར་ན། བདུད་རྣམས་གཞན་གྱིས་གླགས་མི་རྙེད། །བདུད་ཀྱི་བྱེ་བྲག་དེ་ལྟར་འདོད། །ཅེས་པ་དང་། དེ་ཕྱིར་རྣམ་རྟོག་འཁོར་བའི་བདུད། །མེད་ཅིང་སྟོང་ལ་གཟུང་དུ་མེད། །བདུད་ཀྱང་རང་གི་ངང་དུ་རྟོགས། །ཡེ་ཤེས་ཆེན་པོའི་སྣང་བ་ལ། །བདུད་མེད་བདུད་དུ་བྱ་བ་མེད། །རང་བྱུང་རིག་པ་གཅིག་པུ་ཉིད། །དེ་ལས་མ་གཏོགས་བདུད་མེད་དོ། །བདུད་ཉིད་རང་གི་རིག་པར་ལྟོས། །དེ་ཉིད་རྟོགས་པས་བདུད་རྣམས་ཀུན། །ངང་གིས་མེད་ཅིང་ངང་གིས་བཅོམ། །ང་མེད་པ་ཡི་སྔོན་རོལ་ན། །བདུད་ཅེས་བྱ་བའི་མིང་ཡང་མེད། །བདུད་ཉིད་ང་ལས་བྱུང་བའི་ཕྱིར། །བདུད་ཅེས་བྱ་བ་ལོགས་ན་མེད། །རྣམ་རྟོག་བདག་ཏུ་འཛིན་པ་རྣམས། །བདུད་ཀྱི་རྩ་བ་ཆེན་པོ་གཅིག །ང་ཉིད་རྟོགས་ན་བདུད་རྣམས་སངས། །རྣམ་རྟོག་འཛིན་པའི་བདུད་རྣམས་ཀུན། །ཐབས་ཀྱིས་ང་ཡི་ངང་དུ་ཞི། །དེ་ཕྱིར་རྣམ་རྟོག་བདུད་རྣམས་ཀུན། །ཀ་ནས་མེད་ཅིང་ཀ་ནས་དག །བདུད་རྣམས་ཡེ་ཤེས་རོལ་བ་སྟེ། །ང་ལས་བྱུང་ཞིང་ང་ལས་འཁྲུལ། །དེ་ཕྱིར་ང་ཡི་ཆོ་འཕྲུལ་ཡིན། །ང་ཡི་རོལ་བ་བསམ་མི་ཁྱབ། །ང་ཡི་ཆོ་འཕྲུལ་དཀའ་བ་མིན། །ཐམས་ཅད་ང་ཡི་རོལ་བའོ། །ཞེས་གསུངས་སོ། །རིག་པ་ཡེ་ཤེས་ཆེན་པོའི་རང་སྣང་ལ་རྣམ་རྟོག་འཁོར་བའི་བདུད་ཅེས་པ་ཞིག་ལོགས་སུ་མེད་ཅིང་། གཟུང་འཛིན་ཡུལ་མེད་རང་བྱུང་གི་ཡེ་ཤེས་གཅིག་གི་ངང་ལ་རོ་མཉམ་པ་སྟེ། གཟུང་ཡུལ་རྡུལ་ཕྲན་ཆ་མེད་སྟོང་པ་རིག་པའི་རང་སྣང་དང་། སྣང་སེམས་སྐད་ཅིག་ཆ་མེད་སྟོང་པ་རང་ཡུལ་རྗེས་མེད་རིག་པའི་ངང་དུ་སངས་པ་ཡིན་པས། གཉིས་ཀ་ཡེ་སྟོང་རྩ་བྲལ་རིག་པ་གཅིག་ལས་མེད་པར་རྟོགས་པས། བདུད་རང་ཞི་ཆོས་ཉིད་གཅིག་གི་ངང་དུ་དང་པོ་རང་ལས་བྱུང་ཞིང་མཐར་ཡང་རང་ལ་ཐིམ་པ། ཀ་ནས་དག་པ་དང་མགོ་ནས་དག་པའམ་ཡེ་ནས་དག་པའི་ཀ་དག་གཅིག་གི་རང་མདངས་ཡིན་པར་བསྟན་ནས། དེ་ཡིས་རྟོགས་པ་ཆོས་ཟད་ཀྱི་དགོངས་པ་བཤད་པའི་དང་པོ་ཆོས་ཟད་མིང་མེད་ཆེན་པོར་ཕུ་བཀྲུ་བ་དང་། གཉིས་པ་ཞེན་འཛིན་སྤང་བར་གདམས་པ་གཉིས་ཀ་སོང་ནས།

ག༽གསུམ་པ་བྱང་ཆུབ་སེམས་སུ་ཀུན་འདུས་རྣམ་པར་དག་པ་བསྟན་པ།

༡༽ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་ཕུ་ཐག་བཀྲུ་བ།

ད་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་དུ་ཕུ་ཐག་བཀྲུ་བ་ནི།

སྣང་གྲག་མཐོང་ཐོས་ཚོགས་དྲུག་ཅི་ཤར་ཡང་།།

ཐམས་ཅད་རང་གསལ་དབྱེ་བསལ་མེད་པའི་ཀློང་།།

ཡེ་གྲོལ་མཉམ་པའི་ཀློང་དུ་ལ་ཟློས་ཤིག།

ཅེས་གདམས་ཏེ། ཕྱི་སྣང་བ་གཟུགས་སོགས་ཡུལ་ལྔ། ནང་ཤེས་པ་དགག་སྒྲུབ་ཅི་ཤར་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་དང་རོལ་བ་ལས་མ་འདས་པས། མེད་སྣང་སྟོང་པའི་གཟུགས་བརྙན་དུ་རིག་པའི་ངང་དུ་ལ་བཟླ་ཞིང་། རིག་པ་རང་བྱུང་གི་ཡེ་ཤེས་ནི་ཟང་ཐལ་ཆོས་ཟད་མིང་མེད་དུ་ལ་བཟླ་སྟེ། བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་པ་ནི། སེང་གེ་རྩལ་རྫོགས་ལས། ང་ནི་སྟོང་པའི་ཚིག་དང་བྲལ། །ང་ལ་མུན་པའི་ཆོས་མེད་པས། །ང་ནི་རང་སྣང་འོད་པོ་ཆེ། །ང་ལ་སྣང་བའི་རྐྱེན་མེད་པས། །ང་ནི་རྟགས་ཀྱི་སྐུ་ལྔར་གསལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་ཡེ་ནས་སྐྱེ་དང་བྲལ། །ང་ལ་འཇུག་པའི་བདུད་མེད་པས། །ང་ནི་སྣ་ཚོགས་རྐྱེན་དང་བྲལ། །ང་ལ་རྟོག་པའི་མཐའ་མེད་པས། །ང་ནི་ཡིན་མིན་ཆོས་དང་བྲལ། །ང་ལ་མཚན་མའི་ཚིག་མེད་པས། །ང་ནི་ཆད་པའི་ཕྱོགས་དང་བྲལ། །ང་ལ་དངོས་པོའི་ཡུལ་མེད་པས། །ང་ནི་རྟག་པའི་མཐའ་དང་བྲལ། །ང་ལ་འཛིན་པའི་རྟོག་མེད་པས། །ང་ནི་ཆད་པའི་མུ་ལས་འདས། །ང་ལ་དྲན་བྱེད་མེད་པ་ཡིས། །འཁོར་བའི་སྡུག་བསྔལ་ཆོས་ལས་ཐར། །ང་ལ་གཉིས་སྣང་མེད་པ་ཡིས། །ང་ནི་དགེ་སྡིག་གཉིས་དང་བྲལ། །ང་ལ་ཕྱོགས་ལྷུང་མེད་པ་ཡིས། །ང་ནི་འཁྲུལ་བའི་སེམས་དང་བྲལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་རང་བྱུང་ལྷུན་གྱིས་གྲུབ། །ཅེས་སོ། །རིག་པའི་རང་སྣང་ལ་སྣང་སྲིད་འཁོར་འདས་གཞི་ལམ་འབྲས་གསུམ་དང་། སྣང་རྟགས་བརྗོད་པ་དང་བཅས་པའི་ཕྱིའི་སྣང་བ་ནང་ཤེས་པ། སྣང་གྲག་མཐོང་ཐོས་ཚོགས་དྲུག་ཅི་ཤར་ཞིང་གང་སྣང་ཡང་། ཆུ་ཟླ་སྣང་དུས་ཉིད་ནས་ཟླ་བར་གྲུབ་མ་མྱོང་པ་བཞིན་དུ་རིག་པ་སྟོང་གསལ་ཡེ་སྟོང་ཟང་ཐལ་གྱི་ངང་ལ་ཤར་དུས་ཉིད་ནས་ཐམས་ཅད་རང་གསལ་དབྱེ་བསལ་མེད་པའི་ཀློང་དུ་རང་བྱུང་ཡེ་ཤེས་ཀྱི་རྩལ་དང་རོལ་བ་ལས་མ་འདས་པ་ཡིན་པས་ན་རྩལ་གཞི་ཐིམ་དང་རོལ་བ་རང་འགག་གིས། མེད་སྣང་སྟོང་པའི་གཟུགས་བརྙན་དུ་གང་སྣང་ཡེ་གྲོལ་མཉམ་པའི་ཀློང་། ཟང་ཐལ་ཆོས་ཟད་རྗེན་པ་མིང་མེད་ཀྱི་ཡེ་ཤེས་ཆེན་པོར་ལ་བཟླ་བར་བསྟན་པའོ། །གང་དུ་ལ་བཟླ་བ་རིག་པ་རང་བྱུང་གི་ཡེ་ཤེས་ཟང་ཐལ་ཆོས་ཟད་མིང་མེད་དེ་ཇི་ལྟར་ཞེ་ན། བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་པར་རྒྱུད་ཀྱི་བསྟན་དོན་བཞིན་དུ། རང་བྱུང་གི་ཡེ་ཤེས་ཀྱི་རང་སྒྲ། ང་ནི་སྟོང་པའི་ཚིག་གིས་མི་མཚོན། མུན་པའི་ཆོས་ལས་འདས་པའི་རང་སྣང་འོད་ཆེན། སྣང་བའི་རྐྱེན་མེད་ཅིང་རྟགས་ཀྱི་སྐུ་ལྔར་གསལ་བ། ཡེ་ནས་སྐྱེ་བ་མེད་པས་འཇུག་པའི་བདུད་མེད་པ། སྣ་ཚོགས་རྐྱེན་དང་བྲལ་བས་རྟོགས་པའི་མཐའ་མེད་པ། ཡིན་མིན་ཆོས་དང་བྲལ་བས་མཚོན་པའི་ཚིག་མེད་པ་ལ་སོགས་པར་གསུངས་པ་ལྟར་དུ། རང་བཞིན་མེད་པས་ཡོད་པ་ལས་འདས། སྣང་ཚུལ་མ་འགགས་པས་མེད་པ་ལས་འདས། གཉིས་མ་ཡིན་པ་ཡང་མེད་པས་ན་དེའི་མཐའ་ལས་འདས། གང་སྣང་ཅི་ཤར་ཤར་དུས་ཉིད་ནས་མཐའ་བཞི་རང་སངས་ཀྱི་དགོངས་པ་རང་བྱུང་ལྷུན་གྱིས་གྲུབ་པར་བསྟན་པའོ། །

༢༽ གཉིས་པ་དབྱིངས་གཞི་ཀློང་སེམས་ཀྱི་ངེས་ཚིག་སྤྱིར་བསྟན་པ།

དབྱིངས་གཞི་ཀློང་སེམས་ཀྱི་ངེས་ཚིག་སྤྱིར་བསྟན་པ་ནི།

མཉམ་ཉིད་གཅིག་ལ་ཅིར་སྣང་འབྱུང་བས་དབྱིངས།།

ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པས་གཞི།།

ཐམས་ཅད་རང་བྱུང་དབྱེ་བསལ་མེད་པས་ཀློང་།།

ཀུན་འབྱུང་སྙིང་པོར་ཤར་བས་བྱང་ཆུབ་སེམས།།

མཁའ་འདྲ་གདོད་ནས་དག་པར་ཤེས་པར་བྱ།།

ཞེས་གསུངས་ཏེ། རིག་པ་སྟོང་མཉམ་ཐམས་ཅད་ཀྱི་འཆར་གཞིར་གནས་པའི་ཆ་ནས་དབྱིངས་ཞེས་བྱའོ། །ལྷུན་གྲུབ་ཡོན་ཏན་གྱི་སྣང་བ་སྟོན་པས་གཞི་ཞེས་བྱའོ། །ཐམས་ཅད་ཀྱི་སྙིང་པོར་གྱུར་པས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་དག་ཀྱང་དོན་ལ་དབྱེར་མེད་ནམ་མཁའ་ལྟ་བུ་སྟེ། ང་རང་བྱུང་གི་ཡེ་ཤེས་ཆོས་ཀུན་གྱི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །དེའི་ངེས་ཚིག་ནི་ཀུན་བྱེད་ལས། ང་ཞེས་བྱ་བ་སྙིང་པོ་སྟེ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །རང་བྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོ་བས། །རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཡེ་ཤེས་ཞེས་ནི་བྱ་བ་ནི། །འགག་པ་མེད་ཅིང་མ་བསྒྲིབས་པས། །ཆོས་ཀུན་མ་ལུས་སྟོན་པར་བྱེད། །ང་ནི་བྱང་ཆུབ་སེམས་ལ་བྱ། །ཡེ་ནས་བྱ་བའི་དོན་འདི་ནི། །ཐོག་མ་ཉིད་ནས་གནས་པའི་དོན། །ཆོས་ཀུན་ཞེས་ནི་བྱ་བ་ནི། །སྟོན་པ་ཀུན་ཀྱང་ཆོས་ཉིད་ལ། །བསྟན་པ་ཀུན་ཀྱང་ཆོས་ཉིད་ཡིན། །འཁོར་གནས་དུས་ཀྱང་ཆོས་ཉིད་དེ། །ཆོས་ཉིད་མ་ཡིན་གཅིག་ཀྱང་མེད། །སྙིང་པོ་བྱ་བའི་དོན་འདི་ནི། །ཐམས་ཅད་འབྱུང་བའི་སྙིང་པོ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྟོན་པ་གསུམ་ཡང་དེ་ལས་བྱུང་། །བསྟན་པ་གསུམ་ཡང་དེ་ལས་བྱུང་། །འཁོར་གནས་དུས་ཀྱང་དེ་ལས་བྱུང་། །ཐམས་ཅད་འབྱུང་བའི་སྙིང་པོར་བཤད། །ཅེས་སོ། །རང་བྱུང་གི་ཡེ་ཤེས་གཅིག་ལ་གཟུང་ངན་དང་དབྱེ་བསལ་མེད་པའི་མཉམ་པ་ཆེན་པོ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པའི་ཆ་ནས་མཉམ་ཉིད་གཅིག་ལས་ཅི་སྣང་སྣ་ཚོགས་འབྱུང་བས་ན་དབྱིངས་དང་། ཡོན་ཏན་ཐམས་ཅད་བསྐྱེད་པ་ལྷུན་གྲུབ་མ་འགགས་རོལ་བ་འཁོར་འདས་སྣ་ཚོགས་སུ་སྟོན་པར་བྱེད་པས་ན་གཞི་དང་། ཐམས་ཅད་རང་གིས་བྱུང་ཞིང་དོན་ལ་བཟང་ངན་དབྱེ་བསལ་མེད་པས་ན་ཀློང་དང་། ཀུན་འབྱུང་བའི་ཐམས་ཅད་ཀྱི་སྙིང་པོར་ཤར་བས་ན་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། དེ་དག་ཀྱང་རྣམ་པའི་ཆ་ནས་གཞལ་བར་མ་གཏོགས་རིག་པ་གཅིག་གི་ཆོ་རོལ་ཡིན་པའི་ཕྱིར་ན་དོན་ལ་དབྱེར་མེད་ནམ་མཁའ་ལྟ་བུ། ང་རང་བྱུང་ཡེ་ཤེས་ཆོས་ཀུན་གྱི་སྙིང་པོར་ཡིན་པ་བསྟན་པ་རང་བྱུང་བྱང་ཆུབ་སེམས་ཀྱི་རང་སྒྲ་ཀུན་བྱེད་ཀྱི་རྒྱུད་ཀྱིས་བསྟན་དོན་ལྟར་དུ། རྒྱུ་རྐྱེན་མེད་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་རྩོལ་སྒྲུབ་ཀུན་ལས་འདས་པ་དང་། འགག་མེད་ཆོས་ཀུན་སྣང་ཞིང་། ཡེ་ནས་ཀུན་འདུས་ཀྱི་ཆོས་ཉིད་ཐམས་ཅད་འབྱུང་བའི་སྙིང་པོ་རང་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ང་ལས། སྟོན་པ་སྐུ་གསུམ། བསྟན་པ་གསུམ། འཁོར་འདས་གནས་དུས་དང་བཅས་པ་ཐམས་ཅད་འབྱུང་བའི་སྙིང་པོར་བསྟན་པའོ། །འགྲེལ་བས་དེའི་དོན་བཀྲལ་བ་ནི། སྟོན་པ་གསུམ་ནི་སྐུ་གསུམ་མོ། །སྐུ་གསུམ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་ལ། དེ་ཡང་ནང་གསལ་མཁྱེན་ཆ་འགག་མེད་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་དེ་ཞི་བ་ཆོས་ཀྱི་སྐུ་དང་། མཁྱེན་ཆ་ཕྱིར་གསལ་ངེས་པ་ལྔ་ལྡན་མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་དེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་འགག་མེད་སྣ་ཚོགས་གདུལ་བྱའི་སྣང་ངོར་དེ་དང་མཚམས་པའི་ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་བཞིན་དུ་གང་ལ་གང་འདུལ་གྱི་རོལ་བའི་གར་དུ་སྣང་བ་སྤྲུལ་བའི་སྐུ་དང་། ཡང་ན་རིག་པ་ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་སྐུ། རང་བཞིན་གྱིས་འོད་གསལ་བ་ལོངས་སྐུ། སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་ཞེས་ཀྱང་ཆོག་པར་སེམས། བསྟན་པ་གསུམ་ནི་ཕྱི་རྒྱུའི་ཐེག་པ། འདུལ་བ་མདོ་སྡེ་མངོན་པ་གསུམ་སྤྲུལ་སྐུའི་བསྟན་པའོ། །སྔ་འགྱུར་རང་ལུགས་ཀྱི་ཐེག་པ་རིམ་དགུ་གསུམ་ཚན་གསུམ་དུ་ཕྱེས་ནས་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུ་ལས་ཕྱི་མཚན་ཉིད་རྒྱུ་ཡི་ཐེག་པ་འདུལ་བ་མདོ་སྡེ་མངོན་པ་གསུམ་ནི་སྤྲུལ་སྐུའི་བསྟན་པ་སྟེ། དེ་ཡང་བརྗོད་བྱ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དེ་རྗོད་བྱེད་སྡེ་སྣོད་གསུམ་གྱིས་བསྟན་པ་ནི། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་པར་ལྟར་དུ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་འདུལ་བ་དང་། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟ་བུའི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་བསྟན་པ་མདོ་སྡེ་དང་། ཡང་། མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས་པ་ལྟ་བུའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་བསྟན་པ་མངོན་པའི་སྡེ་སྣོད་དེ་བསྟན་པ་གསུམ་དང་། ནང་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་ལོངས་སྐུའི་བསྟན་པའོ། །ཀྲཱི་ཡ་བྱ་བའི་རྒྱུད་ཀྱི་ཐེག་པ་ནི། ལྟ་བ་དོན་དམ་སྟོང་ཉིད་མཐའ་བཞི་དང་བྲལ་བ་ལས། ཀུན་རྫོབ་ཡོངས་སུ་དག་པའི་ལྷ་དང་རྗེ་ཁོལ་གྱི་ཚུལ་གྱིས་དངོས་གྲུབ་སྒྲུབ་པ་དག་པ་གསུམ་གྱིས་འཇུག་པ་དང་། ཨུ་པ་ཡ་སྤྱོད་པའི་རྒྱུད་ཀྱི་ཐེག་པ་ནི། ཆོས་དབྱིངས་མཐའ་བྲལ་གཉིས་མེད་དེ་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་རིགས་བཞིའི་ལྷར་སྣང་བ་དེ་སྤུན་དང་གྲོགས་པོའི་ཚུལ་གྱིས་བསྒྲུབས་ནས་དངོས་གྲུབ་འདོད་པ་དང་། ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། དོན་དམ་མཐའ་གྲོལ་གྱི་དབྱིངས་སུ་ཆོས་ཐམས་ཅད་མཉམ་པ་ཡིན་ཡང་། ཀུན་རྫོབ་བསླུ་མེད་དམ་ཡེ་དབྱེར་མེད་ཀྱི་ཚུལ་གྱིས་དངོས་གྲུབ་སྒྲུབ་པ་སྟེ། དེ་ལྟ་བུའི་ལོངས་སྐུའི་བསྟན་པ་སྔགས་ཕྱི་བར་ཀྲཱི་ཡོག་སྡེ་གསུམ་གསུངས་པ་དང་། གསང་བ་བསྐྱེད་པ་རྫོགས་པ་རྫོགས་པ་ཆེན་པོ་གསུམ་ཆོས་སྐུའི་བསྟན་པའོ། །བསྐྱེད་པ་མ་ཧཱ་ཡོ་ག་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐེག་པ་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་། དེ་ཡང་དོན་དམ་གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་དག་མཉམ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕེབས་པ་དང་། རྫོགས་པ་ཨ་ནུ་ཡོ་ག་བྱ་བ་རྒྱུ་ཡི་རྣལ་འབྱོར་གྱི་ཐེག་པ་ནི། སྣང་ཆ་ཡེ་དག་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། སྟོང་ཆ་རྣམ་དག་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། དེ་གཉིས་ཀ་དབྱིངས་རིག་དབྱེར་མེད་ཐ་མི་དད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། མདོར་ན་དག་མཉམ་བདེ་བ་ཆེན་པོའི་དཀྱིལ་འཁོར་སྒྲུབ་པའི་ཐེག་པའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཡར་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀ་དག་ལྷུན་གྲུབ་དབྱེར་མེད་པའི་ཆོས་ཉིད་ཀྱི་རྩལ་ལས་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་དུ་བཞུགས་པ་དེ་ཉིད་ཀྱང་དོན་བརྒྱུད་འཕོ་བའི་བྱིན་རླབས་དང་སེམས་ཉིད་རང་ངོ་སྤྲོད་པའི་མན་ངག་གིས་བསལ་བཞག་བྲལ་བའི་ཆོས་ཉིད་ངོས་ཟིན་པར་བྱས་ནས། དེའི་ངང་ལས་མི་གཡོ་བར་བསྒོམས་པས་གྲོལ་བ་ཐོབ་པ་སྟེ། ནང་རྒྱུད་ཡོ་ག་རྣམ་གསུམ་ཆོས་སྐུའི་བསྟན་པའོ། །འཁོར་གསུམ་ནི་སྤྲུལ་སྐུའི་འཁོར་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི། རིགས་བསྡུ་བའི་སྒོ་ནས་རབ་ཏུ་བྱུང་པའི་ཕྱོགས་ཀྱི་གཉིས་དང་། ཁྱིམ་པའི་ཕྱོགས་ཀྱི་གཉིས་ཀྱིས་སོ་ཐར་རིགས་བདུན་ནམ་བརྒྱད་པོ་བསྡུས་ནས་གསུངས་པའོ། །ལོངས་སྐུའི་འཁོར་བྱང་ཆུབ་སེམས་དཔའ་ས་བཅུར་གནས་པའོ། །རང་ལུགས་ཀྱིས་ལོངས་སྐུ་ལ་ཡང་དངོས་དང་གཟུགས་བརྙན་གྱི་སྣང་ཚུལ་ལྟ་བུར་གསུངས་པའི་ཕྱེད་སྤྲུལ་ལོངས་སྐུའི་ཕྱོགས་སོ། །ཆོས་སྐུའི་འཁོར་ནི་ཆོས་ཅན་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་ཤར་བ་དགོངས་རྒྱུད་གཅིག་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་དང་། ཉིད་ལས་ཐ་མི་དད་པའི་ཡེ་ཤེས་རོལ་བ་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །གནས་གསུམ་ལ་ཆོས་སྐུའི་གནས་བསམ་བརྗོད་ལས་འདས་པ་རྒྱལ་བའི་ཡེ་ཤེས་ཀྱིས་གར་ཁྱབ་ཏུ་ཁྱབ་པའི་ཆོས་ཀྱི་དབྱིངས་དོན་གྱི་འོག་མིན་ནོ། །ལོངས་སྐུའི་གནས་རིགས་ལྔ་སོ་སོའི་ཞིང་དང་འོག་མིན་ཁང་བུ་བརྩེགས་པ་གཙང་མ་རིས་ཀྱི་གནས་ལ་གོའོ། །སྤྲུལ་སྐུའི་གནས་གདུལ་བྱའི་རང་སྣང་ངེས་མེད་སྣ་ཚོགས་ཏེ་བྱ་རྒོད་ཕུང་པོ་ལ་སོགས་པའོ། །དུས་གསུམ་ལས་ཆོས་སྐུའི་དུས་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པའི་དུས། ལོངས་སྐུའི་དུས་འཕོ་འགྱུར་མེད་པ་གསལ་དག་རྒྱུན་གྱི་འཁོར་ལོ། སྤྲུལ་སྐུའི་དུས་གདུལ་བྱ་དང་མཚུངས་པའི་ཆོས་འབྱུང་མཐུན་རྐྱེན་ཚོགས་པའོ། །དེ་ཡན་གྱིས་དབྱིངས་དང་། གཞི་དང་། ཀློང་དང་། བྱང་ཆུབ་ཀྱི་སེམས་རྣམས་ཀྱི་ངེས་ཚིག་སྤྱིར་བསྟན་པ། ཀུན་བྱེད་ཀྱི་ལུང་གིས་བཀྲལ་བ་དེ་ལ་རྒྱས་བཤད་སྟོན་པ་དང་བསྟན་པ་གསུམ་སོགས་ཀྱི་དབྱེ་བ་དང་བཅས་པས་བསྟན་པ་སོང་བའོ། །དེ་ཡིས་ཆུ་ཚོད་ཀྱང་གང་མཚམས་ཤིག་སོང་འདུག་པས་དེ་རིང་འདིའི་མཚམས་ནས་བཞག་སྟེ། སང་ཉིན་བྱང་ཆུབ་སེམས་ཀྱི་ངེས་ཚིག་བྱེ་བྲག་ཏུ་བཤད་པ་ནས་བཤད་རྒྱུ་བྱེད། འུ་ཅག་གིས་བྲེལ་བ་བྱེད་རྒྱུ་མི་འདུག དལ་མོ་བྱས་བཤད་དགོས། ཉི་མའི་ཁ་གྲངས་ཀྱིས་སྔོན་མའི་འཆར་གཞི་ལ་ཉིན་རེ་ཉིན་གཉིས་ཀྱིས་མ་དོས་ཀྱང་དྲག་ཁི། སྣོད་མིན་ཁ་སྦུབ་ཞབས་རྡོལ་ལ་ཆུ་བླུགས་པ་ལྟར་དུ་གར་སོང་འདི་བརྒྱབ་མེད་པ་ཆོས་ཁྲིད་ཉན་དུས་གླལ་རིང་བྱེད་པ་རྣམས་ལས་གོ་ཤེས་ཉན་ཤེས་ཅན་རྣམས་ལ་བཤད་ལོང་ཉན་ལོང་གཉིས་ཀ་ཡོད་པ་ཞིག་དགོས་པ་ཡིན། ཆོས་ཁྲིད་མཚམས་ཆད་པ་དང་། ཆོས་ཁྲིད་ཀྱི་རྔ་མ་ས་ནས་མགྱོགས་འདོན་བྱེད་དགོས་ཐུག་པ་སོགས་ལ་སྲི་ཞུགས་རྒྱུ་ཡོད་པ་རེད། དེ་འདྲ་དེ་དང་པོ་ནས་མགོ་མ་བཟུང་ན་དགའ་བ་ཡིན། ཡང་སྒོས་མཇུག་གི་ཟབ་པའི་མཐའ་ཐུག་དང་། མན་ངག་གནད་དུ་དྲིལ་བའི་བསྡོམས་དང་། སྙིང་པོའི་ཡང་བཅུད་ཀྱི་འགག་བསྡུ་ས་དང་། མཐར་ཐུག་གནད་ཀྱི་མན་ངག་གི་ཞལ་གདམས་གནང་ས་སོགས་ལ་ཐོན་དུས་དེ་བས་ཀྱང་དལ་མོ་བྱས་ནས་བཤད་དགོས་པ་ཡིན། སྙིང་ནས་ཆོས་དོན་གཉེར་མཁན་ཆོས་འདི་དང་ལས་འབྲེལ་ཡོད་པ་ཞིག་ལ་མཚོན་ན་འདིའི་གནད་ཀྱི་ཆེ་ཞིག་ཡོད་པ་མིན་པས་ན་དེ་ལྟར་བཤད་པ་ཡིན། འདིའི་ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་ཀྱི་ཚེ་ལ་འདིའི་ཕྱི་ཐུན་ཐམས་ཅད་ལ་ད་སྔོན་བཞིན་དུ་མུ་མཐུད་ནས་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་མཛད་དགོས། དེ་ལ་དགོས་པ་ཅི་ཞིག་ཡོད་པ་ན། གཅིག་ས་ནས་འདུས་པ་མང་ཚོགས་མཉམ་དུ་ཐུན་བཅད་ན་འདུས་པའི་བྱིན་རླབས་ཀྱིས་ཉམས་རྟོགས་འཕེལ་བའི་ཁྱད་པར་དང་། གཉིས་ས་ནས་ཧ་ཅང་བརྩོན་འགྲུས་ཀྱི་ཐང་ལྷོད་མེད་པ་སོགས་ལ་ཉམས་ལེན་ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་འབྱེད་པའི་དུས་མཚམས་ཀྱི་སྐུལ་འདེབས་ཤིག་དང་། ཁྱད་པར་དུ་ལས་དང་པོ་བ་ཚོ་ལ་ཐུན་ཞེས་པ་ཞིག་སྡོམ་རྒྱུ་ཡོད་པ་དང་སྡོམ་དགོས་པའི་གོམས་གཤིས་ཆགས་པའི་ཆེད་ལ་སོགས་པ་སྟེ་མདོར་ན་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་དགོས་གནད་ལ་བསམ་བློ་གཏོང་བ་ཡིན། དེ་ནས་ཡུན་རིང་ཞིག་མི་འགོར་བར་ད་ལོའི་མཉམ་འཚོགས་ཀྱི་ཐུན་བཅད་རྒྱུ་རེ་ཞིག་བཞག་མཚམས་རན་ཡོང་བ་རེད། ཕྱོགས་གཞན་ནས་ཕེབས་པའི་ཐག་རིང་གི་ཆོས་ཞུ་བ་ཚང་མ་འདིར་ཕེབས་ནས་ཡུན་རིང་རེད་སོང་བ་རེད། རང་ཡུལ་རང་དགོན་གྱི་རང་ཁྱིམ་དང་རང་ཤག་ཏུ་བཞུགས་པ་དང་མི་འདྲ་བར་ཅི་ས་གང་ཐད་ནས་སྐུ་ངལ་མང་པོ་ཡོད་རྒྱུ་རེད། ཁྱེད་རྣམ་པས་སྐུ་ངལ་འཛེམས་མེད་ཀྱིས་དམ་ཆོས་དོན་གཉེར་མཛད་པ་ལ་རྗེས་སུ་ཡི་རང་ཡོད་པས་མི་ཚད་བཀའ་དྲིན་ཆེ་ཞུ་བ་ཡིན། ཕྱོགས་གཞན་ནས་ཕེབས་པའི་ནང་ན་མ་འདྲ་བའི་ཁྱད་ཆོས་ཅན་གྱི་ཆོས་པ་ཡང་མང་འདུག་སྙམ། དུས་འདི་ལ་འདི་ལྟར་ཡོད་པ་ནི་ངོ་མཚར་ཅན་ཡིན་པ་རེད། ཁྱེད་རྣམ་པ་མིའི་ཟོལ་དུ་ཕེབས་ནས་སྒྱུ་ལུས་ཤ་ཁྲག་ལ་བརྟེན་ཡོད་པ་ཡིན་དུས། གསོལ་ཆས་ལ་སོགས་པའི་ཐད་ལ་སྐུ་ངལ་ཆེ་ཕྲ་ཅི་ཞིག་ཡོད་ཀྱང་། པདྨ་ཐང་གི་གཞུང་ལས་ཁང་གི་ནང་ལ་གསུང་རྒྱུ་དང་། ཡང་ན་ང་ལ་ཡིག་ཐོག་ཏུ་བྲིས་ནས་བསྐུར་ཤོག་དང་ཕྱག་རོགས་ཞུ་ཆོག དེ་ཉིན་ཞིག་ལ་ཞུས་པ་ཡིན་ཡང་གོ་རྒྱུ་མི་འདུག ཞབས་ཕྱི་སྒྲུབ་བསམ་མཁན་ཉུང་རྒྱུ་མ་རེད། འོན་ཀྱང་སུ་ལ་ཇི་ལྟར་དགོས་ཤེས་སུ་ཡོད་པ་མ་རེད། ད་སྔར་ཚོད་མ་ཐིག་པའི་གནས་ཚུལ་ཅུང་ཟད་རེ་ཡོང་མྱོང་བ་རེད། འདི་ན་ཡོད་པའི་བྱེས་ནས་ཕེབས་པའི་མང་པོ་ཞིག་དགོན་པ་རེ་ཡི་མཁན་སྤྲུལ་བསྟན་བདག་གང་གི་དྲག་དྲག་ཏག་ཏག་རེད། ཚོགས་འཁོར་རེ་འཚོགས་དུས་མཁན་སྤྲུལ་རྣམ་པ་བཞུགས་ས་ཡིན་ཞེས། ཞལ་མར་འཁོར་བའི་བཞུགས་གདན་རེ་བརྒྱབ་པའི་གྲལ་ཡིག་ལྟ་བུ་སྤྱི་ཁྱབ་ཀྱིས་བཞག་པའི་ཉམས་རེད་ཀྱང་། ཁོང་རྣམ་པ་ནི་དམན་ས་ལ་དགྱེས་པའི་དམ་པ་ཏག་ཏག་རེད། འདི་ན་ལས་འཛིན་འགན་ཁུར་པ་ཟེར་བ་ཞིག་ཡོད་པ་མ་རེད་ལ། བརྒྱད་སྡེ་གྲྭ་ཚང་ནི་ཁོང་རྣམ་པ་ས་ཆ་མི་གཅིག་པའི་མི་འབའ་ཞིག་ཡིན་པས། དེ་རྣམ་པ་སུ་ཡིན་གང་ཡིན་མི་ཤེས་པས་མི་ཚད་གཞི་བྱེས་གང་ནས་ཡིན་ཙམ་གྱི་ངོ་ཡང་གསལ་མོ་ཞིག་འབྱེད་ཁི་མི་འདུག ངས་ཀྱང་ཅི་ཡང་ཞུ་ཁི་མེད། རང་ཡུལ་གྱི་གྲལ་མགོ་འཛིན་པའི་བསྟན་པའི་བདག་པོ་འགའ་རེ་གྲལ་རྔ་ན་བཞུགས་ཡོད་པ་ངས་རིག་ཀྱང་། ཁོང་རྣམ་པ་ས་ཆ་ཆ་མེད་ལ་ཐོན་ནས་གྲྭ་རྐྱང་དཀྱུས་མའི་གྲལ་དུ་ཕལ་བའི་ཚུལ་གྱིས་བཞུགས་ས་ལོན་དུས་སྐྱིད་ཁི་ཡོད་རྒྱུ་རེད་བསམས་ནས་ངས་མི་ཤེས་ཁུལ་བྱས་པ་ཡིན། ང་རང་ལ་མཚོན་ན་ཡང་དེ་ལྟར་ཡིན། འཇིག་རྟེན་གྱི་མི་དེ་ཕྱིན་ཅི་ལོག་པ་ཞིག་ཡིན་པ་རེད། ཁྲི་ཐོག་ཏུ་ཡོད་པ་ཁྲི་ཞབས་ན་འདུག་བསམ་པ་རེད། ཁྲི་ཞབས་ན་ཡོད་པ་རྣམས་ཁྲི་ཐོག་ལ་ཡར་འགོས་བསམ་པ་རེད། ངས་ནི་ཁྲི་དང་ཐོབ་ལ་མ་དགའ་ནས་གནའ་ཞིག་ནས་ཨ་ཅོའི་ཚོགས་པའི་མགོ་འདུ་རུག་པ་ཡིན། གཞི་བྱེས་གཉིས་ཀའི་ནང་ནས་བྱེས་པ་ཨ་ཅོའི་ཚུལ་ཅན་རྒྱལ་ཁམས་པ་ལ་སྙིང་ལྷག་པར་ཉེ་མཁན་ཞིག་ཡིན། ཚོགས་འཁོར་གྱི་སྐབས་སུ་ཕྱག་ལེན་རེ་སྤྲད་དུས་དེ་ལ་ཁྲི་ཞིག་གི་ཐོག་ཏུ་མ་བསྡད་ན་མི་ལོ་ཁི་ཟེར་དུས། དེ་ལ་མཐུན་འཇུག་འདྲ་རེ་རེད་ཤོར་འདུག་མ་གཏོགས། དམའ་སར་འདུག་པ་ལས་སྐྱིད་ཅིག་ཅི་ཡོད། ཁྲི་གལ་ཏེ་དགོས་ན་དགེ་འདུན་པའི་ཚོགས་དབུས་ནས་དམའ་མོ་འདྲ་ཞིག་གྱིས་ཟེར་དུས། འདི་ཆ་གས་དེ་ལ་སེར་སྣ་འདྲ་ཞིག་བྱེད་འདུག་ཁི། གཅིག་ཡར་སོ་བ་བཞག་པ་ལྟར་དུ་སྒང་ཞིག་ལ་འགོས་བཅུག་དེ་པ་མཚར་ཁི་མ་བསམ། ཡང་ས་ཆ་འགའ་རེའི་གྲྭ་བ་ཉུང་ཉུང་ཞིག་དང་བླ་མ་མང་པོ་ཞིག་ལ་ཁྲི་མང་པོ་བརྒྱབ་ནས་སྣ་རྟ་ཞོན་ནས་རུ་བཀལ་འགྲོ་བ་དང་མཚུངས་པ་དེ་འདྲ་ཡོད་དར། དེ་ཡང་ལྷག་ཏུ་མཚར་འདུག་མ་བསམ། དབང་རེ་བསྐུར་དུས་གསང་སྔགས་ཀྱི་ཆོས་ཀྱི་ཆེ་བ་འདོན་ཆེད་ཁྲི་རེ་ཡོད་དགོས་འདུག མིན་ཡང་ས་ཐོག་ཏུ་བསྡད་ནས་དབང་རྫས་འདྲེན་བདེ་བ་ཞིག་ཀྱང་མ་རེད། དེ་མིན་ཁྲི་མཐོན་པོའི་སྟེང་གི་བླ་མ་ཤ་ཉམས་ཅན་དེང་སང་མང་ན་ཡང་། ཆེ་ཚོ་གཉིས་ཀ་ལྡན་པ་ཙམ་གྱིས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་པའི་ངེས་པ་མེད་པའི་དུས་ཡིན་པས། དེ་ལྟ་བུའི་ཚུལ་ལ་བསམ་བློ་གཏོང་ན་ལྷག་པར་དུ་ད་རེས་ཀྱི་ཆོས་རའི་ནང་ན་ཡོད་པའི་ཕྱོགས་ཀྱི་ཆོས་ཞུ་བ་བརྒྱ་ཚོ་མང་པོ་འདི་ལྟ་བུ་བྱོན་པ་རྣམས་ལས། བརྒྱ་རེ་ཙམ་གྱི་ནང་ནས་རེ་རེ་ཞིག་ཤི་བོའི་སྔས་མགོ་ལ་ལོན་ན་བློ་བདེ་འདུག་ཆོག་པར་འདུག་བསམ་རྒྱུ་དེ་ལྟར་ཡིན་ན་ཡང་། མི་མང་ཆེ་བས་བསམ་ཤེས་པ་མ་རེད། གོང་ནས་བཤད་པ་ལྟར་དུ་མདོག་སུ་བཟང་དང་ཉམས་སུ་ཆེ་བྱས་ནས་ཟོག་བལྟ་བལྟ་བྱེད་པ་རེད། འུ་ཅག་འདི་ནས་ལོ་མང་ཉུང་སྐྱེས་སྔ་ཕྱིའི་ཁྱད་པ་ཞིག་གིས་ཆོས་རྒྱུན་འགའ་རེ་ངས་སྤེལ་བ་ལ་ཁེལ་སོང་བ་དང་། ཆོས་འདོན་དུས་ཁ་མར་མི་འཁོར་ཐབས་མེད་རེད་མ་གཏོགས། ངས་ཆོས་ཤིག་བཤད་ནས་ང་ཀུན་གྱི་བླ་མ་བྱེད་དགོས་བསམ་པའི་འདེང་ལར་ནས་མེད། ཚང་མ་དོན་མཐུན་གྱི་ཆོས་གྲོགས་ཡིན་པའི་འདེང་གཅིག་པུ་ཡིན། ཆོས་རྒྱུན་ཞིག་སྤེལ་བ་དེ་བུའི་ལན་ཞིག་གིས་མ་ཡིན་པར་ས་ལན་གྱིས་ཁེལ་སོང་བ་ཞིག་རེད། སྤྱིར་ན་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་བ་ཡིན། ཁྱད་པར་དུ་ངས་འཁོར་ཡུག་གི་ཨ་ཅོའི་ཚོགས་པ་འདི་ནས་ཡོན་ཏན་ཅན་མ་གཏོགས་སུ་ཡང་མི་གཙོ་པའི་རི་ཁྲོད་ལུང་སྟོང་གི་སྒྲིག་སྲོལ། གནའ་མྱི་དཀྱུ་བོ་འཁྱོག་རུ་མ་ཀླད་རྙིང་ཅན་གྱི་བསམ་ཚུལ་ཞོར་འབྱུང་དུ་མངོན་པ་ནི་དེ་འདྲ་ཞིག་རེད། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་དང་། ཆུ་རྣམས་ཐམས་ཅད་ལུང་པའི་དཀྱིལ་ཕྱོགས་སུ་འབབ་པ་ཆོས་ཉིད་ཡིན་པས། ཕྱོགས་བཞིའི་གཏམ་འཚོལ་བ་གླེང་མོལ་ལ་དགའ་བ་ཚོས་དཔྱད་གཞི་དང་། མཚར་གཏམ་རྩེད་མོ་ལ་དགྱེས་པ་ཚོར་མཚར་བྱེད་རྩེད་བྱེད་ཅི་དགའ་གྱིས་དང་ཆོག དེ་ནས་ཕྱོགས་གཞན་ནས་ཕེབས་པའི་ཆོས་ཞུ་བ་རྣམས་མི་འགྱང་བར་ཕྱིར་ཕེབས་རན་པ་རེད། ངས་ལག་རྟགས་དམ་རྫས་ཨ་ཐམ་ཅན་རེ་རེ་དང་། པདྨའི་ཐང་གི་རྡོ་ལུ་རེའི་ངོས་སུ་ངའི་མིང་རྟགས་བཀོད་པ་ལྟ་བུ་དང་། ཡང་ན་བ་རེ་བོ་རེ་ལག་ལ་ཅི་ཡོང་བྲིས་བཞག་པ་རེ་འབུལ་རྒྱུ་ཡོད། དེ་ཆོས་ནོར་གཉིས་ཀྱི་གཡང་རྟེན་ཡིན་པར་བཤད་ན་ཟེར་ཆེ་རྒྱུ་རེད་ཀྱང་། འདས་དོན་རྗེས་དྲན་གྱི་དྲན་རྟེན་ཞིག་ཡིན་ཟེར་ན་ཆོག་པ་རེད། ད་རུང་ངས་བཤད་པའི་ཆོས་ཁྲིད་ཀྱི་འོད་སྡེར་དང་། སྒྲ་བཤུས་ཀྱི་དེབ་འདྲ་འདྲ་དགོས་འདུག་དགོངས་ན་གཞུང་ལ་ཡོད་རྒྱུ་རེད། མེད་ཀྱང་རྗེས་མ་འབྲེལ་འདྲིས་མཛོད་དང་ཆོག་པ་རེད། དེ་རིང་གི་ཕྱི་དྲོའི་ཆུ་ཚོད་བཞི་བ་ནས་མགོ་བཙུགས་ཏེ་གཞུང་ལས་ཁང་ནས་རང་རང་གི་མཚན་ཐོ་དགོན་པ་གང་ཡིན་དང་བཅས་པ་བཀོད་དེ་ལེན་རྒྱུ་མཛོད། ཕྱིན་ཆད་འདིའི་གཞུང་ལས་ཁང་དང་ཆོས་ཕྱོགས་ཀྱི་རྒྱུ་བ་གང་ཐད་ནས་འབྲེལ་ལམ་ཡང་སྟབས་བདེ་ཡོང་བ་རེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོས་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པར་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།


previousཉིན་ཉི་ཤུ་བའི་ཆོས་ཁྲིད། next