ཉིན་དང་པོའི་ཆོས་ཁྲིད།
ད་རེས་ཀྱི་ཆོས་ཞུ་བ་མང་ཆེ་བ་དུས་རྒྱུན་དུ་ཁྱིམ་གྱི་འཚོ་ཚིས་ཀྱི་བྱ་བས་བྲེལ་པའི་འཇིག་རྟེན་མི་ནག་གི་ཁྱིམ་པ་ཕོ་མོ་རེད་ལ། འདིར་ཐོན་ཏེ་ཆོས་ར་རྡོག་པས་མནན་ནས་ཆོས་གྲལ་དུ་བསྡད་པ་ཐམས་ཅད་ལ་ཆོས་པ་ཟེར་དགོས་ཤིང་། འཇིག་རྟེན་ལས་འདས་པའི་ལམ་ཞིག་འཚོལ་བའི་དོན་དུ་ཆོས་ཞུ་རུ་འོངས་པས། ཆོས་རའི་ནང་ནས་ཆོས་དང་མཐུན་པའི་ཆོས་ཞུ་ལུགས་ཀྱི་བསམ་པ་དང་། སྤྱོད་ལམ་དག་ཐོག་མར་སྦྱངས་ནས་ཤེས་དགོས། འདི་ན་ཡོད་པའི་ཁྱིམ་པ་ཕོ་མོ་མང་ཆེ་བ་འབྲོག་རྩྭ་ཐང་གི་སྟེང་། ས་མཐོ་སྒང་གི་སྤང་ལྗོངས་རི་ཀླུང་། རང་བྱུང་ཁམས་ཆེན་པོའི་པང་སྟེང་། ས་རྒྱ་ཆེ་ཞིང་། མི་གྲངས་ཉུང་ས། མིས་མིར་སྐད་ཤུགས་ཆེན་པོས་མ་བོས་ན་མི་གོ་ས་ནས་འོངས་པས་སྐད་འགོ་མཐོ་བའང་ཁག་ཡོད་པ་མིན་ལ། ཡང་མི་མང་འདུས་སྡོད་ཀྱི་གྲོང་ནས་ཡོང་བ་ཚོ་ཡང་། དུས་རྒྱུན་པར་འུར་སྒྲ་ཟིང་ཆའི་ནང་ནས། བཤད་རེས། འབོད་རེས་ཁོ་ནར་བྱས་པ་ལ་གོམས་སོང་བའི་དབང་གིས་མི་ཞིག་དང་ཐུག་དུས། འུར་བརྒྱབ་སྟེ་བཤད་དགོས་རྒྱུ་ཞིག་ལོས་ཡིན་སྙམ་ཞིང་། ལར་སུ་ཡིན་རུང་འདི་ལྟར་མང་པོ་ལྷན་དུ་འཛོམས་དུས། ངོ་ཤེས་རྣམས་ལ་བདེ་འདྲི་འཚམ་འདྲི། མི་ཤེས་པ་རྣམས་ལ་ཁྱོད་གང་ནས་ཡིན་ཞེས་ཁ་ཞིག་གྲག་དར་བ་སོགས་ལ་བརྟེན་ནས། དེ་ལྟར་བཤད་ཀྱིན་བཤད་ཀྱིན་ཚོང་ཡང་བཤད་རྒྱུར་འོང་བ་དང་། མང་ཆེ་བ་ས་ཆ་གཅིག་གི་མི་ཡིན་པས་ཁ་རེ་གྲག་ཅིང་སྐད་ཆ་རེ་བཤད་བསམ་ས་དང་ཐུག་ཡོང་དུས་བཤད་རྒྱུ་མང་བ་སྟེ། རྒ་རྒས་ཚོ་ལ་མཚོན་ན་རྐང་པ་ན་རབས། པུས་མགོ་གཟེར་རབས། མར་བསྡད་དུས་ཡར་ལང་དཀའ་རབས་སོགས་དང་། སྐྱེས་པ་རྣམས་ཀྱིས་ཚོང་གི་ལོ་རྒྱུས། ས་ག་གེ་མོར་སོང་ཚུལ་གྱི་སྐད་ཆ། གྱོད་དང་ཁ་མཆུའི་དོན་དག དོམ་བུ་ལོན་གྱི་གནས་ཚུལ་དང་། འབྲོག་པ་རྣམས་ཀྱིས་རྩྭ་ས་དང་། ཕྱུགས་ཟོག་གི་ལོ་རབས་དང་། བུད་མེད་རྣམས་ཀྱིས་བུ་རྒྱུད་ཀྱི་རྣམ་ཐར། ཕྲ་གསེར་མདོག་གི་སྐད་ཆ་དང་། ད་རུང་ལོ་ཉུང་ཕོ་གསར་མོ་གསར་སྣང་བ་མ་ཁུག་པ་རྣམས་ཀྱིས། ཁྱོད་ཀྱི་ཁ། ངའི་སྣ་ཞེས། འཕྱ་ཁུལ། དགོད་ཁུལ་ལ་སོགས་པ་བཤད་རྒྱུ་མང་བ་ཡིན་ཡང་། ཆོས་རའི་ནང་དུ་ཐོན་ཏེ་གཙུག་ལག་ཁང་གི་སྒོ་ཐེམ་བརྒལ་ཟིན་ཚེ། སྐད་འགོ་དམའ་དགོས་པར་མ་ཟད་ངག་བཅད་བྱ་དགོས་ལ། ངག་བཅད་བྱས་ན་བཟང་ཆ་མང་པོ་ཡོད་པ་སྟེ། འུ་ཚོ་སོང་སོང་ནས་བསྡད་ན་ངལ་སོས་པ་ལྟར་དུ། བཤད་བཤད་ད་ལ་མ་ཐུག་གི་བར་དུ་བཤད་པས་ད་ནི་མ་བཤད་པར་སྡོད་དང་ངལ་སོས་ཤིང་། དེ་བཞིན་དུ་ད་སྔོན་ཡང་ཡང་དྲན་ཞིང་ངལ་བ་དག་གིས་དྲན་བྱ་དྲན་བྱེད་མེད་པའི་ཐོག་ཏུ་བཞག་ན་སེམས་ཀྱི་ངལ་སོས་པ་ཡིན་པས། ཁྱེད་ཅག་གཡུ་འབྲུག་ཟམ་ཁ་ནས་ཡར་ཡོང་སའི་སྒོ་ཆེན་ཞིག་གི་ངོས་སུ། ཡུན་རིང་ངལ་ཞིང་དུབ་པའི་སེམས་ཁྱོད་ཀྱིས་ངལ་གསོས་ཤིག་ཅེས་པ་ནི། ས་ཆ་འདི་སྒོམ་རྒྱག་ས་ཡིན་པས་མང་པོ་དྲན་པའི་སེམས་རྣམ་རྟོག་ལས་འདས་པའི་སྒོམ་རྒྱོབ་ལ་འཁོར་བའི་སྡུག་བསྔལ་ཆུང་ཐབས་གྱིས་ཞེས་པའི་དོན་ཡིན། ངག་བཅད་བྱས་ཚེ་མ་ལོབས་པ་དག་གིས་དང་པོར་ངག་ཤོར་སྲིད་རུང་། ངག་ཤོར་ཚེ་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་བྱོས་ལ་དེའི་མཚམས་ནས་ཁ་ཚུམས་དང་ནམ་ཞིག་ལོབས་འགྲོ་བའོ། །ཆོས་ཁྲིད་ཞུ་སྐབས་འཁོར་ལོ་དང་། ཕྲེང་བ། ཁ་འདོན། དགེ་སྦྱོར་གཞན་དག་ཀྱང་བསྐྱུར་ནས། སྒོ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ནས་ཉན་དགོས་ལ། དེ་ཡང་ཆོས་ཀྱི་སྒྲ་རྣ་བས་གོ་བ་རྐྱང་བས་མི་ཆོག་པར་དེའི་དོན་ཡིད་ལ་བསམ་པ་དང་། ཉན་བསམ་གཉིས་ཀའང་རང་རྒྱུད་ལ་སྦྱར་བའི་ཆེད་དུ་ཡིན་པས་ཆོས་སེམས་སུ་ངེས་པར་བྱས་ནས་ཕྱིར་ཁྱིམ་དུ་སླེབས་དུས་སུའང་ཆོས་དང་བསམ་སྤྱོད་གཉིས་ཀ་འབྲེལ་བའི་བེད་སྤྱོད་གཏོང་ཤེས་དགོས་པས། དེས་ན་ཡག་པོར་བྱས་ནས་མ་ཉན་དུས་མི་གོ་ལ། མ་གོ་དུས་མི་ཤེས་པས། ཆོས་ཞུ་ཚེ་བྱ་བ་བཟང་ངན་ཐམས་ཅད་བསྐྱུར་ཏེ། ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་དུ། སེམས་དེ་ལ་གཏོད་ཅིང་རྣམ་ཤེས་རིག་པ་བསྒྲིམས་ཏེ་ཉན་དགོས། ད་རེས་ཀྱི་ཆོས་ཁྲིད་འདིའི་སྨད་མཚམས་ནས་ཐུགས་རྗེ་ཆེན་པོའི་སྐུ་སྒོམ་པས་མ་ཚད་པར་ཐུགས་སྒོམ་རྒྱུར་སྦྱོང་དགོས། ཐུགས་རྗེ་ཆེན་པོའི་སྐུ་དང་ཐུགས་བསྒོམས་ནས་བྱང་ཞིང་གོམས་ན། སྒོ་ལུས་ངག་ཡིད་གསུམ་སྔར་དང་མི་འདྲ་བར་གྱུར་བའི་བྱིན་རླབས་ཞུགས་ཏེ་ཚེ་འདིར་སྐྱིད་པ་དང་། ཕྱི་མ་བདེ་བ་ཅན་དུ་ཕ་ཁྱིམ་དུ་བུ་འགྲོ་འགྲོ་བྱེད་ཆོག་པའི་ཕན་ཐོགས་ཡོད་དོ། །འདིར་བཞུགས་ཀྱི་དགེ་འདུན་པ་རྣམ་པ་དང་ཡུན་རིང་པོར་ཆོས་ཁྲིད་མང་པོའི་ནང་དུ་མཉམ་དུ་ཞུགས་ནས་ཞོར་འཕྲོས་ཀྱི་བཀའ་མོལ་ངས་ངག་བཅད་བྱེད་ཞོར་དུ། ཆོས་ཁྲིད་ལ་ཁག་བཞག་སྟེ་ད་ལོའི་དབྱར་སྟོན་གཉིས་ཀ་ལ་ཞལ་བརྡ་མང་པོ་བྱུང་ཡོད་པས་མ་ཚད། ཆོས་དད་མང་ཚོགས་ཀྱི་ཁྱིམ་པ་ཕོ་མོ་རྣམས་དང་ལོ་རེའི་ནང་དུ་ལན་རེར་ངོ་འཕྲད་ཡོང་བའི་གོ་སྐབས་ལོ་ཁ་ཤས་སུ་འདི་ལྟར་བྱུང་བ་ཡིན་ཞིང་། ད་ལོ་ཡང་དེ་བཞིན་དུ་དཀོན་མཆོག་གི་ཐུགས་རྗེའི་སྐྱབས་འོག་ནས་རང་རོགས་མ་ཤི་གསོན་པོའི་མི་རྣམས་ཆོས་གཅིག་གིས་བསྡུས་ཏེ། ཆོས་ར་གཅིག་གི་ནང་དུ་མཉམ་འཛོམས་བྱུང་ཞིང་། ཐེངས་འདིའི་ཆེད་དུ་བྱ་བའི་གདུལ་བྱའམ། ཆོས་ཕྱོགས་ཀྱི་གླེང་མོལ་བྱ་ཡུལ་གཙོ་བོ་ནི་སྡེ་བའི་ཁྱིམ་པ་ཕོ་མོ་ཡིན་པས། ལོ་གཅིག་ལ་མ་ཐུག་ནས་དེ་རིང་ཐུག་ཚེ། བདེ་འདྲི་འཚམ་འདྲི་ཞིག་གི་ཚབ་ཏུ་དམ་ཆོས་འདུལ་བའི་ཆོས་སྐད་ཀྱི་འགྲོས་བྱས་ན། ཁྱིམ་པ་ཕོ་མོ་དང་། དང་པོར་ཐུག་དུས། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །བསྐྱོད་པ་ཡང་ངམ། ཞེས་འདྲི་བ་བྱེད་ཅིང་། དེའི་དོན་འུ་ཚོའི་ཁ་སྐད་བྱས་ན་ཁྱེད་ཅག་ཐོན་ནམ། དཀའ་ཨེ་ཐལ་ཞེས་པའི་དོན་ཡིན། འདིའི་ནང་དུ་ངོ་ཤེས་རྒ་རྒས་རྡོག་མ་ཁ་ཤས་ལས་བརྒྱ་ཐམ་པའི་ནང་དུ་མིང་ཟིན་བཅུ་ཙམ་ཡང་ཡོད་མེད་ཡིན་ཡང་། ངོ་ཤེས་དང་མི་ཤེས་ཀྱི་ཁྱད་པར་མི་ཆེ་བར་གནའ་མི་དེ་ཚོའི་མི་རྒྱུད་དམ། དེ་དག་དང་ཕན་ཚུན་འབྲེལ་བའི་མི་སྣ་ཡིན་འདུག་པས། ས་འདིའི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མ་ནི། ལས་སྐྱིད་སྡུག་གཅིག་ཏུ་བསྐོས་པའི་མི། ཡུལ་དགོན་གད་པ་ལྟག་འོག མཛོ་རྒན་རྩིབ་མ་གཡས་གཡོན་ཡིན་པའོ། །འདིའི་ནང་ན་འགའ་རེ་དགོན་ཡུལ་གཅིག་དང་། འགའ་རེ་ཆོས་བརྒྱུད་གཅིག་གིས་བསྡུས་པ་ཡང་ཡོད་ཅིང་། མང་ཆེ་བ་ནི་རིགས་རུས་གཅིག་གིས་བསྡུས་པའི་བོད་གངས་ལྗོངས་ཆོས་ལྡན་གྱི་ཞིང་དུ་སྐྱེས་པའི་ཕུ་ནུ་སྤུན་ཟླ་མིང་སྲིང་། ལྷ་ཡུལ་གྱི་དམ་ཚིག་གཅིག་པ། མི་ཡུལ་གྱི་འདུན་མ་གཅིག་པ་ཤ་སྟག་ཡིན་པས། དེ་རིང་མཉམ་འཛོམས་ཀྱི་ངོ་འཕྲད་ཡོང་བའི་ཐོག་མར། ཁྱེད་ཚོ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་བརྒྱུད་ནས། ཆོས་མཐུན་གཏམ་གྱི་གླེང་མོ་ལ་ཕྱོགས་རྒྱུ་ཡིན། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གནས་འདི་ནས། ངས་རྫོགས་པ་ཆེན་པོའི་ཟབ་ཆོས་ཀྱི་རང་ལུགས་དྲི་མ་མེད་པའི་ཆོས་རྒྱུན་སྤེལ་བའི་དབུ་བཙུགས་ཏེ་ཆོས་དུང་ཐོག་མ་བུས་པ་ནས་བཟུང་ད་ལྟའི་བར་ལོ་ངོ་བཅུ་གཅིག་སོང་ཞིང་། མི་ལོ་བཅུ་གཅིག་དེའི་རིང་ལ་ཆོས་འཁོར་ཆེན་པོའི་གདན་སའི་ཉེ་འདབ་ཏུ་གནས་པའི་རང་སྡེ་རང་སའི་མིས་གཙོ་བོར་བྱས་པའི་ཁྱིམ་པ་ཕོ་མོ་རྣམས་ལའང་དེ་མཚུངས་ཀྱི་ཆོས་སྐལ་རེ་ཐོབ་པའི་ཐོག་ཏུ། ཁྱིམ་པ་ཕོ་མོ་ཆེད་དུ་བྱ་བའི་ཡུལ་བྱས་ཏེ། བདེ་ཆེན་ཞིང་ཁྲིད་བཤད་པ་དང་། ཞིང་མཆོད་ཆེན་མོ་ཕུལ་བར་བྱས་ནས་ཞིང་སྒྲུབ་ཀྱི་ཚོགས་པ་དངོས་སུ་གཞི་ཁྱོན་ཆེན་པོའི་སྒོ་ནས་སྤེལ་བའི་ད་ལོའི་འདི་ཐེངས་བདུན་པ་རེད་ལ། འདི་དང་པོ་འགོ་འཛུགས་རྒྱུའི་དམིགས་ཡུལ་ཅི་ཡིན་ཞེ་ན། དམ་པའི་ཆོས་ནི་ཚེ་འདི་ཕྱི་གཉིས་ཀའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་ཞིང་། མི་ཡི་ནུས་པས་མི་འགྲུབ་པའི་ཆོས་དང་དཀོན་མཆོག་ལ་བརྟེན་ནས་སྒྲུབ་ཐུབ་རྒྱུའི་ལྐོག་གྱུར་གྱི་དོན་གྱི་གནད་འགག་ཆེན་པོ་ཞིག་ཡོད་པས། འཛམ་གླིང་ན་མི་གྲངས་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་གི་བརྒྱ་ཆ་བརྒྱད་ཅུ་ཡན་གྱི་མི་རྣམས་ཀྱིས། ཆོས་ཀྱིས་སྒྲུབ་ཐུབ་པའི་དོན་གནད་ཅིག་ཡོད་པ་ རིག་ནས། རང ་རང་གི་དད་མོས་བྱ་ཡུལ་གང་ཡིན་ལ་མ་ལྟོས་པའི་ཆོས་རེ་སྒྲུབ་བཞིན་ཡོད་ལ། དེ་དག་གི་ནང་ན་འཇིག་རྟེན་འདིར་སྣང་གི་བྱ་བ་སྒྲུབ་པ་ལ་རྣམ་རིག་ལྷག་པར་བཀྲ་ཞིང་། ཕྱིའི་འབྱོར་བའི་ཡང་རྩེར་བསྙེགས་པ་རྣམས་ཀྱང་ཡོད་ལ། དེ་དག་གིས་ཀྱང་དཔོག་པར་དཀའ་བའི་གསང་དོན། མིས་ཐད་ཀར་ཤེས་དཀའ་བའི་གསང་བ་ལྐོག་གྱུར་གྱི་དོན་དག་ངོ་མཚར་ཅན་ཞིག་ཆོས་ཀྱི་ནང་དུ་ཡོད་པར་ཤེས་ནས། ཁེ་ཕན་ཆེན་པོ་ཞིག་ཆོས་ཀྱི་ནང་དུ་ལེན་རྒྱུ་འདུག་བསམ་པའི་ཚོར་སྣང་སྐྱེས་ནས་ཆོས་ལ་འཇུག་བཞིན་ཡོད། རང་རེ་བོད་གངས་ཅན་གྱི་ལྗོངས་ལ་སྔར་ནས་ཆོས་མདོ་སྔགས་ཀྱི་བསྟན་པ་དར། མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་མང་པོ་བྱོན། དེ་རྣམ་པས་ཤུལ་བཞག་མཛད་པའི་ཆོས་རིག་གཞུང་གི་པོ་ཏི་བྲག་རི་ལྟར་རྩིག་ཆོག་པའི་རིན་ཐང་བྲལ་བ་མཇལ་དུ་ཡོད་པ་འདི་ཡིན་ཞིང་། དེའང་བེད་མེད་རང་བཞིན་གྱི་ཅ་ལག་མིན་པར་དབང་ཁྲིད་ལུང་གི་བརྒྱུད་པ་ནས་བཟུང་སྟེ་ཡོད་པ་འདི་དག་གིས་སྔར་གྱི་མེས་པོ་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་མཚོན་ཐུབ། འོན་ཀྱང་དུས་ཀྱི་རྒུད་པའི་དབང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་སུ་མུན་པའི་བསྐལ་པ་ཚེས་ཏེ། མི་ཤི་ཤི་ཟེར་བ་ཁྱི་ཤི་ཤི་རུ་གྱུར་ནས། རང་ཅག་གི་མི་ཐོག་སྔོན་མའི་ནང་གི་མང་པོ་ཞིག གྲི་ཤི་མིན་རུང་མུག་ཤི ཆོས་མེད་ཀྱིས་ཤི་བ་མང་བ་ནི་ལོ་ལོན་རྣམས་ཀྱིས་མྱོང་བ་མངོན་སུམ་དང་། ལོ་ཉུང་རྣམས་ཀྱིས་རང་ཉིད་ཀྱི་མི་ཐོག་སྔོན་མའི་ལོ་རྒྱུས་རྣ་ཐོས་སུ་གྱུར་ཡོད། ཉེ་བའི་ལོ་གྲངས་བཅུ་ཕྲག་གཉིས་གསུམ་ཚུན་ཆོད་ནས། དུས་ཇེ་ཡག བསྐལ་པ་ཇེ་བཟང་གྱུར་ནས། སྔོན་བྱོན་དམ་པ་གོང་མའི་ཐུགས་བསྐྱེད་དང་། ས་ཆ་རེ་རེ་ནས་བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་རེ་རེ་གཉིས་གཉིས་དཀའ་སྡུག་ཅན་གྱི་འཕྲང་ལས་སྐུ་སྲོག་ཐར་ཏེ། བསོད་ནམས་ཀྱི་ཞིང་སར་འཚོ་བཞུགས་གནང་བའི་བཀའ་དྲིན་གྱིས། བསྟན་པའི་མེ་རོ་སླར་གསོ་གནང་ཞིང་། ཆོས་སངས་རྒྱས་ཀྱི་བསྟན་པ་འདི་བསྟན་པ་ཡང་དར་གྱི་སྐབས་སུ་རང་ས་རང་སྒོ་ནས་སླར་གསོ་མཛད་དེ། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རང་རང་གི་སྔོན་ལས་ཐོད་པའི་བསྐོས་ཐང་གིས་འབྲེལ་པའི་མཆོད་གནས་ཀྱི་དགོན་པ་རེ་ཡི་སྔར་ཡོད་ཀྱི་མཚན་ཡར་གསོ་མཛད་བའི་གནས་སྐབས་ཚེས་ནས། དགོན་པའི་གྲྭ་བཙུན་རྣམས་ལ་ཆོས་སྐལ་ཞིག་ཡོད་སོང་བ་ཡིན། འོན་ཀྱང་དེའི་འཁྲིས་སུ་ཡོད་པའི་སྡེ་བ་མང་ཚོགས་ལ་ཆོས་སྐལ་མེད་པར། ཐོས་བསམ་འཆད་ཉན་དང་། ཆོས་སྒྲུབ་རྒྱུ་དེ་གྲྭ་པ་བླ་མ་རྐྱང་བའི་སྐལ་བར་གྱུར་ནས། མི་ལུས་བླངས་པ་འདྲ་བ་དང་། ཁ་ལག་སྤྱོད་གསུམ་མཚུངས་པ་དང་། ཤི་དགོས་ལུགས་གཅིག་པ་དང་། ཐར་བ་འདོད་ལུགས་མཐུན་པ་ཡིན་ཡང་། ལས་དབང་བསྐོས་ཐང་མི་གཅིག་པར་མི་སྐྱ་ཕོ་མོ་རྣམས་ཟོག་ལྟར་དུ་ཆོས་མེད་མུན་ནག་གི་ནང་དུ་སྡོད་དགོས་པ་འདི་སྔར་སྲོལ་ད་གནས་གང་ཡིན་ཡང་ཡག་པ་ཞིག་ཏུ་མ་མཐོང་ལ། ཁྱད་པར་དུ་ས་ཆ་འདིའི་རྒན་རབས་པ་རྣམས་དང་ང་ཚོས་ས་རྡོ་གཉིས་ཀྱི་ནང་ནས་སྐྱིད་སྡུག་མཉམ་མྱོང་གི་འགྲོ་ལམ་བརྒྱུད་དེ་ཡོང་བས། སྡེ་བ་མང་ཚོགས་ཀྱི་གནས་སྟངས་སྐྱིད་སྡུག་ཚང་མ་ཤེས་པ་ཡིན། བོད་བསྟན་པ་ཡང་དར་གྱི་མགོ་ཚེས་ཚུན་ཆད་ནས་བསྟན་པ་དགོན་པ་སླར་གསོའི་ཆེད་དུ་ས་ར་རྡོ་ཁང་ལ་འཐམས་པ་ནས་བཟུང་སྟེ། ཐམས་ཅད་ཀྱིས་རང་ནུས་གང་ཡོད་ཀྱིས། ཕ་ཁུ་བོའི་ཐོད་རུས་གཞག་ས་དང་། མ་སྲི་མོའི་ལྟེ་ཐག་གཅད་སའི་རང་ས་རང་ཡུལ་གྱི་ཕ་དགོན་དཀར་པོ་འདི། མི་ཐོག་མི་རབས་ཀྱི་ཤི་བོའི་རྣམ་ཤེས་བཅོལ་ས། གསོན་པོའི་སྐྱབས་འཇུག་ཞུ་ས་ཡིན་བསམས་ཏེ། སྡེ་འདིར་གཏོགས་པའི་ཕོ་མོ་རྒན་གཞོན་མེད་པས་མི་ཤུགས་དང་དངོས་ཤུགས་ཀྱི་ནུས་པ་ཕྱུང་བ་ཡིན་ཡང་། དེ་རིང་ཁ་རྩང་དགོན་པའི་ནང་ནས་ངེད་ཅག་གིས་ཉལ་ས་གྲུ་བཞི་རེ་འགྲུབ་སོང་བས། ཁྱོད་ཚོ་ཅི་རེད་ན་རེད་ཅེས་སྔར་གྱི་མི་དེ་མིན་པ་ལྟར་བྱས་ནས་བསྡད་ན། མི་ཞིག་ཡིན་པའི་ངོས་ནས་མི་ཆོས་ཡ་རབས་ཀྱི་བཟང་སྤྱོད་མ་ཡོད་པ་ཡིན་ལ། ཆོས་པ་ཞིག་ཡིན་པའི་ངོས་ནས་ཀྱང་མ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཞེས་ཁས་བརྗོད་རུང་། དོན་རང་འཁྲིས་ཀྱི་མི་ལ་ཆོས་ཚིག་བཞི་གཅིག་ཙམ་གྱིས་ཚེ་འདི་ཕྱི་གང་རུང་ལ་ཕན་ཐོགས་ཡོད་པའི་ལམ་སྟོན་ཞིག་མེད་ཚེ། ཆོས་འཇིག་རྟེན་གཉིས་ཀའི་ལུགས་དང་མཐུན་པ་ཞིག་མ་ཡིན་སྙམ་པ་དང་། དུས་རབས་ཀྱི་འགྲོས་དང་བསྟུན་ན་ཡང་། ཆོས་ཀྱི་ནང་དོན་ཤེས་མིན་གྱིས་གང་ཟག་རང་རྒྱུད་ཀྱི་བསྟན་པའི་སྲོག་རྩ་ཆགས་འཇིག་གི་གནད་འགག་ཏུ་ཐུག་འདུག་པ་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ཏེ་བདེ་ཆེན་ཞིང་སྒྲུབ་འཚོགས་པ་ཡིན་པས། གོ་སྐབས་འདི་དང་བསྟུན་ནས། ཤི་བོའི་རྒྱབ་ཏུ་གསོན་པོ་ལུས་པའི་དོན་པོ་ཡིན་པས་སྔར་གྱི་ཤི་བོ་མང་ཆེ་བ་དེའི་རྗེས་སུ་ཆོས་ཀྱི་ར་མདའ་ཞིག་མངག་དགོས་པ་དང་། ཤི་གསོན་གཉིས་ཀའི་དོན་དུ་ཚོགས་གསོག་མཆོད་འབུལ་དགེ་སྒྲུབ་སྡིག་སྤོང་རང་ནུས་གང་ཡོད་ཀྱིས་བྱ་རྒྱུའི་རྨང་གཞིའི་ཐོག་ནས། གཙོ་བོ་ཆོས་སྒྲུབ་པའི་སྒྲུབ་ལུགས་སྒོ་ལུས་ངག་ཡིད་གསུམ་གྱི་ནང་ནས་སེམས་ཀྱིས་བསྒྲུབ་རྒྱུའི་ཆོས་ཀྱིས་ཆོད་ཆེ་བས། ཆོས་ཕྱོགས་ཀྱི་ཤེས་བྱ་ཅུང་ཙམ་རེ་ཡིན་ཡང་མི་སྐྱ་ཕོ་མོ་རྣམས་ཀྱིས་ཤེས་ཨེ་མི་འགྲོ། དེ་བཞིན་ཚང་མས་ཡིག་ངོ་རེ་ཡང་ཤེས་སོང་ན་ཆོས་འཇིག་རྟེན་གཉིས་ཀའི་མིག་གསར་བ་ཕྱེས་པ་ལྟ་བུ་ཞིག་རེད་བསམས་ནས། རྒན་གཞོན་ཚང་མས་ཡི་གེ་སྦྱངས་ཏེ་ཡིག་རྨོངས་སེལ་ཐབས་ཀྱང་བྱས་པ་ཡིན། མདོར་ན་བདེ་ཆེན་ཞིང་སྒྲུབ་འདི་འཚོགས་པའི་དམིགས་ཡུལ་ཚུར་བསྡུས་ན། རང་ཅི་འདྲ་རོགས་ཡིན་པས་ཚེ་འདི་ཕྱི་རང་གཞན་གཉིས་ཕན་གྱི་དམ་ཆོས་རྣམ་དག་བསླད་དང་མ་འདྲེས་པའི་སྒྲུབ་ལུགས་དེ་སྐྱ་སེར་ཚང་མས་ཤེས་དགོས་ཤིང་། ཁྱད་པར་དུ་ལོ་འཁོར་མོ་གཅིག་གི་དུས་ཚོད་དེ་ཁ་གསོ་རྒྱབ་འགེབས་ཚེགས་ལས་ཀ་གཉིས་ཀྱིས་ཟད་བཞིན་པའི་ཉམ་ཆུང་ཁྱིམ་པ་ཕོ་མོས་ཤེས་དགོས་འདུག་བསམ་པའི་དམིགས་ཡུལ་བཟུང་བའོ། །དེས་ན་བླ་མས་གྲྭ་པ་གྲྭ་རྐྱང་གི་འཚོ་བར་སྤྱད་དེ་གྲྭ་པ་དཀྱུས་མ་ཞིག་དང་འདྲ་བར་བྱེད་རྒྱུའི་མིག་དཔེ་བསྟན་ནས། ཚོགས་བསགས་མཆོད་འབུལ་གྱི་ཐེབས་རྩ་ཞིག་དགོས་དུས། དེ་ཟུར་དུ་བཅད་པའི་སྤྱི་གཞུང་ཞིག་བཙུགས་ན་ལེགས་སྙམ་པའི་བསམ་བློ་ཡོད་པ་ལྟར་དུ། ཞིང་སྒྲུབ་འདི་པདྨ་ཐང་གཞུང་གི་གྲོན་དངུལ་ཕུད་དེ་གཞུང་གིས་འཚོགས་རྒྱུ་མ་གཏོགས་ཟུར་ནས་རྒྱུ་འགྲོ་གཏོང་མཁན་ཞིག་ལ་འཚོགས་འཇོག་འཆར་དང་པོ་ནས་མིན་པས་ཁ་ཤས་ཀྱིས་ལག་བཙུག་བྱེད་པ་ཡིན་ཟེར་རུང་འཚོགས་སུ་མ་བཅུག་པའོ། །འོན་ཀྱང་རྗེས་སུ་སྡེ་ཤོག་ཀྱི་དཔོན་པོ་ལྷག་བསམ་ཅན་འགའ་རེས་གཙོ་བོར་བྱས་ཏེ། རེ་བ་ཐེངས་མང་བརྒྱབ་པས། མི་མང་སྤྱི་ཁྱབ་ཀྱི་རེ་འདུན་དེ་ཐང་དུ་འཕེན་མ་ཐུབ་སྟེ། འབྲོག་རུའི་སྡེ་ཤོག་ལྔ་ཡིས་མི་ལོ་ལྔ་ལ་འཚོགས་ཤིང་། ཡང་སྒོས་ད་ལོའི་སྦྱིན་བདག་མཚོ་ཁྲི་ཀླུ་ཕྱུག་སྡེ་བར་མཚོན་ན། ཤོག་ཁག་གཞན་དང་བསྡུར་ན་དུད་གྲངས་ཉུང་པའི་སྡེ་བ་ཆུང་ཆུང་ཡིན་པས། བགོས་ཁུར་དེ་ཚོད་ཀྱིས་ལྷག་ཏུ་ལྕི་ཡང་། ལྷག་བསམ་སེམས་པ་རྣམ་དག་གིས་སྤོབས་པ་བསྐྱེད་དེ་འཚོགས་པ་ལ། ངས་ན་ནིང་ནས་དང་ལེན་བྱས་པ་ཡིན། ས་ཆ་ཡུལ་སྡེ་གང་ནས་ཡིན་ཡང་། སྡེ་ཤོག་ཁག་ཅེས་པ་དུད་ཚང་མང་པོའི་ཚོགས་པ་ཡིན་པས་ཁྱིམ་ཚང་རེ་རེའི་ནང་ན་ཤི་བོ་ཆོས་མེད་ཅི་འདྲའི་མང་པོ་ཞིག་མི་ཐོག་སྔོན་ནས་ད་བར་ལ་ཡོད་མྱངས་མེད། ཤི་བོ་ཆོས་མེད་དེ་རྣམས་ཀྱིས་ཁ་གསོ་རྒྱབ་འགེབས། ཁྱད་པར་དུ་མི་རབས་རྗེས་མའི་པང་བུ་རྒྱུད་ཀྱི་དོན་དུ་ཅི་འདྲའི་སྡིག་པ་བསགས་མེད། འུ་ཚོ་བོད་ནས་ཀྱང་སྔར་མཉམ་ལས་བཙུགས་ཚུན་ཆད་སྤྱི་སྒེར་གཉིས་ཀའི་སྐབས་སུ་ཁྱིམ་མི་ནག་གི་འཚོ་བ་ཞིག་སྐྱེལ་དགོས་དུས། སྡིག་དང་མ་འདྲེས་པ་ཞིག་གང་ན་ཡོད། སྤྱིར་རྒྱུ་ནོར་སྡིག་དང་མ་འདྲེས་པ་དཀོན་པ་ཡིན། ཁྱིམ་པ་ཕོ་མོ་རྣམས་ཀྱིས་རྐུ་རྫུན་གཡོ་ཁྲམ་ལ་སོགས་པས་རྒྱུ་འབྲས་མ་བསྣོགས་པར་ལག་པ་གཉིས་ཀྱིས་ལས་ཀ་ལས་ནས་ཡོང་སྒོ་ཞིག་ཡོད་པ་དེ་གཙང་མ་ངོ་མ་ཡིན་གྱི། བླ་མ་གྲྭ་པའི་མིང་དང་འབྲེལ་བའི་ལོག་པའི་འཚོ་བ་དཀོན་མཆོག་གི་ཕག་གི་དཀོར་ནག་སྒེར་གྱིས་སྤྱད་ན་རྣམ་སྨིན་ལྷག་ཏུ་ལྕི་བའོ། །འཚོ་ཁྲི་ཀླུ་ཕྱུག་སྡེ་བས་ད་རེས་ཀྱི་འཚོགས་འགོ་འདི་སྦྲེལ་ནས། ཆོས་ར་རྡོག་པས་བརྫིས་མཁན་ཚང་མར་དངོས་ཤུགས་བརྒྱུད་གསུམ་ནས་དགེ་བསྐུལ་བྱས་པར་ངས་རྗེས་སུ་ཡི་རང་དང་བཅས་ཏེ་ཆོས་ཁྲིད་མ་བཤད་པའི་སྔོན་དུ་ས་ཆ་འདིར་གཏོགས་དང་མ་གཏོགས་པའི་ཁྱིམ་པ་ཕོ་མོ་ཚོ་ལ་གཙོ་བོར་དམིགས་ཏེ། གསལ་བཤད་ཁ་བརྡའི་ཚུལ་གྱིས་མཚམས་སྦྱོར་རེ་བྱས་ན་བསམས་པ་ཡིན། འདི་ལྟར་བསམ་བློ་བཏང་ན། རང་རེ་ཆགས་སའི་འཛམ་གླིང་གི་ས་གཞི་རིལ་མོ་འདིའི་ཐོག་ཏུ་མིའི་འགྲོ་བས་གཙོར་བྱས་པའི་སྲོག་ལྡན་གྱི་སེམས་ཅན་རིགས་མང་པོ་ཞིག་མཉམ་དུ་འཚོ་གནས་བྱས་ཡོད་ཅིང་། དེའི་ནང་གི་འགྲོ་བ་མི་ཞེས་པ་འདི་མཐོ་རིམ་གྱི་སྲོག་ཆགས། མཐོ་རིས་རྣམ་གསུམ་གྱི་ཡ་གྱལ། འགྲེངས་ཏེ་འགྲོ་བའི་རྐང་གཉིས། སྨྲ་ཤེས་དོན་གོ་ཅན། མགོ་གནམ་ལ་བསྟན། རྐང་བ་སར་བཙུགས། སྐེད་རགས་ཐད་དུ་བཅིངས། གཏམ་བཤད་ནས་གོ་བརྡ་འཕྲོད་པའི་མི་ཞེས་པ་དེ་ཡིན་པས། རང་རེ་གསོན་པོར་འཚོ་བཞིན་པའི་འཚོ་བའི་ནང་ན་མེད་དུ་མི་རུང་པའི་དགོས་མཁོ་ཁྱད་པར་ཅན་ནི། དམ་པའི་ལྷ་ཆོས་བསྒྲུབ་རྒྱུ་ཡིན་ཞིང་། དམ་པའི་ལྷ་ཆོས་རྣམ་དག་སྒྲུབ་རྒྱུའི་འཚོ་བའི་ཆ་རྐྱེན་བཟང་པོ་ཞིག་མེད་ན། མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་ཆེ་ཕྲ་དང་། གཞན་བོད་འབྲོག་ཕྱོགས་ཀྱི་སྒོ་ཁར་ཡོད་པའི་སྒོ་ཕྱུགས་རྟ་ཟོག་སྒོ་ཁྱི་སོགས་དང་ཁྱད་པར་འབྱེད་བྱེད་མ་ཡོད་པ་ཡིན། ཅིའི་ཕྱིར་ཞེ་ན་འུ་ཚོ་མི་ཡིན་པའི་དོན་པོ་ཆོས་ཤིག་མ་ཤེས་ཚེ། ཟ་ཉལ་ལངས་འདུག་ཙམ་ཞིག་དུད་འགྲོ་རྣམས་ཀྱིས་ཀྱང་ཤེས་པས་དུད་འགྲོའི་འཚོ་བ་ཙམ་ལས་ཁྱད་པར་མ་ཡོད་པ་ཡིན། ད་རུང་དུད་འགྲོའི་ནང་ན་འདྲིས་བཟང་ཕྱི་ཐག་རིང་པོ་ཅན་སྟོབས་དང་ནུས་པ་ལྡན་པ་དང་། འགའ་རེས་གཞན་གནོད་མི་བྱེད་པ་སྡིག་མེད་རྩྭ་གཙང་ཆུ་གཙང་གིས་འཚོ་བཞིན་པ་ཡང་མང་བ་ཡོད། མིའི་ནང་ན་ཡང་དམ་པའི་ལྷ་ཆོས་འདི་ཕྱི་རང་གཞན་གཉིས་ཕན་གྱི་དོན་ཨེ་གོ་ལྟ་བར་མི་མོས་པ་དང་། དེར་བློ་ཁ་ཙམ་ཡང་མི་ཕྱོགས་ཤིང་ཆོས་མ་དགོས་ཡ་རབས་བསམ་སྤྱོད་ཀྱི་དྲི་ཙམ་ཡང་མེད་པའི་དུད་འགྲོ་བཟང་ཤོས་ལས་ཀྱང་ཞན་པའི་ཐ་ཤལ་དུ་གྱུར་པ། ཚེ་ཕྱི་མ་ཕར་ཟད་ཞོག ཚེ་འདིའི་རང་དོན་ཆུང་ངུ་ཙམ་ཡང་སྒྲུབ་མི་ཤེས་པ་དང་། ཕྱི་མ་མ་ཟད་ཚེ་སྨད་ལ་འདང་མི་ཕོག་པ་དང་། ད་དུང་སང་ཕོད་ཀྱི་འདང་རྒྱག་ད་ལོ་མེད་པའི་མི་ཚེའི་འདུན་ལམ་ཙམ་ཡང་མི་རིག་པ་ཡོད། སྤྱིར་ཆོས་ཞེས་པའི་སྒྲ་ཙམ་ལ་གོ་དོན་མང་ཡང་། འདིར་དམ་པའི་ཆོས་དང་འབྲེལ་དུས་ཆོས་ཞེས་པ་དེ་བཅོས་ཞེས་པའི་དོན་ཏེ། བཅོས་བསྒྱུར་གཏོང་ཟེར་རྒྱུ་ཞིག་ཡོད་དར་བ་དེ་དང་གོ་དོན་འདྲ་བ་ཡིན། བཅོས། ཆོས། འཆོས་རྣམས་ཡིག་འབྲུ་བྲི་ལུགས་དང་། བོད་སྐད་ཀྱི་འདས་མ་ད་གསུམ་དང་། བྱ་བྱེད་ཀྱི་ཁྱད་པར་ཙམ་ཞིག་ལས་དོན་གྱིས་གོ་དོན་གཅིག་པ་ཡིན། དེས་ན་ཆོས་བསྒྲུབས་ཏེ་གང་ལ་བཅོས་བསྒྱུར་བྱེད་དགོས་ཤེ་ན། བསམ་སྤྱོད་ཕྱིན་ཅི་ལོག་པ། རང་གཞན་འཕྲལ་ཡུན་ལ་སྡུག་ཏུ་སྦྱོར་བྱེད་དེ་ཉིད། བསམ་སྤྱོད་བཟང་པོ་རང་གཞན་བདེ་བའི་ལམ་དུ་སྦྱོར་བྱེད་དུ་ཚུར་འཆོས་དགོས་པས། འཆོས་བྱེད་དམ་སྡུག་བསྔལ་གྱི་གཡང་ལས་སྐྱོབ་བྱེད་ཡིན་པས། ཆོས་ཞེས་པ་འཆོས་སྐྱོབ་གཉིས་ཀའི་ཡོན་ཏན་དང་ལྡན་པ་ཞིག་ཡིན་པར་ཤེས་དགོས། ཁྱིམ་པ་ཕོ་མོའང་ཆོས་དད་མང་ཚོགས་ཡིན་པས་། དུས་རྒྱུན་དུ་ཁྱིམ་བཟའ་བའི་ནང་གི་གོ་ཁ་ཕན་ཚུན་ནམ། རླངས་འཁོར་འཕྲུལ་རྟ་ལ་བརྟེན་ཏེ་མཉམ་དུ་འགྲོ་སྐབས་སམ། གཞན་ཁྱིམ་ཚང་ཕན་ཚུན་ལ་འགྲུལ་པ་འགྲོ་རེས་བྱ་བའི་དུས་ཚོད་ཡིན་རུང་། མི་དང་མིར་ཐུག་ཚེ་བདེ་འདྲི་འཚམ་འདྲི་རེ་བྱས་པའི་གཞུག་ཏུ་སྐད་ཆ་དོན་ལྡན་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་དང་། དམ་པའི་ཆོས་ཀྱི་ཤེས་བྱ་ལབ་གླེང་བྱས་ན་བཟང་བ་ཡིན། འུ་ཚོས་ཞུས་པའི་ཆོས་ཞེས་པ་དེ་ཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ལྡན་དེ་ཇི་ལྟར་ཡིན། འུ་ཅག་གིས་སྐྱབས་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཏེ་སྐྱབས་འགྲོའི་སྡོམ་པ་ཞུས་ན། དཀོན་མཆོག་གསུམ་གྱི་གོ་དོན་དང་། རྣམ་དབྱེ་ཇི་ལྟར་ཡིན་ཞེས་བཤད་ན་གོ་དོན་རྒྱ་ཆེ་ཞིང་། གོ་བ་གཏིང་ཟབ་པ། རང་གི་ཤེས་རབ་འཕེལ་བ་དང་། ཚེ་འདི་ཕྱི་གཉིས་ཀའི་ལེགས་པའི་ལམ་སྣེ་ཟིན་པ་ལ་ཕན་ཐོགས་ཆེ་བ་ཡིན། དེ་མིན་ཁྱོད་ཀྱི་ཁ། ངའི་སྣ། ཡས་ཚང་ལ་བླ་བཙག མས་ཚང་ལ་ཕྲག་དོག གཡོ་སྒྱུའི་ངན་མཚང་ཏག་ཏག་བཤད་ནས་ཅི་བྱེད། སྔོན་ནས་ད་བར་དུ་དེ་བཤད་ནས་གོ་མ་ཆོད་པ་འདིའོ། །མདོར་ན་ཆོས་ཀྱི་སྒྲ་དོན་དེ་འཆོས་སྐྱོབ་གཉིས་ཏེ་བསམ་སྤྱོད་ཕྱིན་ཅི་ལོག་ལས་བཅོས་ཏེ། སྡུག་བསྔལ་ལས་སྐྱོབ་པའི་དོན་ཅན་ཞིག་ཡིན། ཆོས་ཞེས་པ་དེ་ཇི་ལྟར་ཡིན་མ་ཤེས་གོང་ནས་རྨོངས་དད་རེད་ཅེས་པ་དང་། ཆོས་ཞེས་པ་ཅི་ཡིན་གང་ཡིན་མ་ཤེས་པར་ཐུགས་རྗེ་མ་ཆུང་ཞེས་པ་གཉིས་ཀ་ལ་སྙིང་པོ་དེ་ཙམ་མེད་ལ། བརྟགས་ཤིང་དཔྱད་པ་སྔོན་དུ་མ་སོང་བའི་མ་བརྟགས་བབ་ཅོལ་སྨྲས་པའི་ཁྱི་རྗེས་སྤྱང་འདྲོགས་ཡིན་པས་གཉིས་ཀ་རྨོངས་དད་ཡིན། ཆོས་པ་ཡིན་ཡང་རུང་། ཆོས་དད་མི་བྱེད་མཁན་ཡིན་ཡང་རུང་། ནང་ཆོས་མ་ཡིན་པའི་ཆོས་ལུགས་ལ་དད་མཁན་ཡིན་ཡང་རུང་། གང་ལྟར་འཇིག་རྟེན་གྱི་མི་མ་དགོས་དུད་འགྲོའི་རིགས་གྱུར་གྱི་སྲོག་ཆགས་ཆེ་ཕྲ་ནས་བཟུང་སྟེ་ཉིན་མི་དལ་མཚན་མི་ཁོམ་བྲེལ་ཏེ་རྒྱུག་བཞིན་པ་འདི་ཐམས་ཅད་ལུས་ཀྱི་ཆགས་དབྱིབས། སྣང་བའི་བག་ཆགས། འཚོ་བའི་སྤྱོད་ཡུལ་མི་འདྲ་རུང་། ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་། བདེ་བ་དོན་གཉེར་གྱི་ཆེད་དུ་རྒྱུག་བཞིན་པ་དང་འདྲ་བ་ཡིན། དེ་ཡང་སོ་སོ་རང་ཉིད་བདེ་བའི་ཆེད་དུ་རྒྱུག་པ་མ་གཏོགས་གཞན་བདེ་བའི་ཆེད་དུ་རྒྱུག་པ་ཉུང་ཞིང་། ཁག་ཀྱང་མེད་དེ་རང་ལྟོགས་པ་དང་། གཞན་ལྟོགས་པ་མི་འདྲ་ཞིང་། རང་འཁྱག་པ་དང་། གཞན་འཁྱག་པ་མ་འདྲ་བས་ཡིན། དེས་ན་ང་ཞེས་པའི་འདང་ཆེན་ཞིག་ཡོད་པ་འདི་རྩད་གཅོད་དགོས་ཤིང་། ལར་མ་གཞི་ང་ཞེས་པ་གང་ནས་འོངས། གང་དུ་འགྲོ་བ་ཞིག་ཡིན། དང་པོ་ཁ་ངུ་སྐད་ཅིག་དང་ལྷན་དུ་འཇིག་རྟེན་འདིར་སྣང་གི་སྣང་བ་སྐྱ་རིབ་འདི་ཤར། ངོ་མི་ཤེས་པ་ཁ་ཤས་མཉམ་དུ་ཐོན། ཁྱིམ་བཟའ་ཚང་དུ་ལོག་ནས་ངོ་ཤེས་སུ་གྱུར། ཆགས་ཞེན་འཁྲུལ་བ་ཡིས་སྦྲེལ་ཏེ་ཉིན་ཁ་ཤས་ཀྱི་བདེ་སྡུག་བར་མའི་འཁྲུལ་སྣང་གཉིད་མ་བདེ་བའི་རྨི་ལམ་ལྟ་བུ་འདི་བརྒྱུད་ནས། ནམ་ཡིན་རང་གིས་ཀྱང་མི་ཤེས་པའི་ཉིན་གཅིག་ལ་མིག་མཆི་མ་ཙ་རེ་མི་འདོད་བཞིན་དུ། སྔར་དང་པོ་འོངས་པ་ལྟར་དུ་འཇིག་རྟེན་ཕྱི་མའི་ཡུལ་དུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་དུ་ཁྱིམ་བཟའ་བའི་དཀྱིལ་ནས་ཁེ་རུར་འགྲོ་དགོས་པས། དེས་ན་འདིའི་ཐོག་མཐའ་བར་གསུམ་གྱི་ཕུགས་དེ་ཆོད་དགོས། དེས་ན་ད་ལྟའི་སྐབས་སུ་ང་ཞེས་མཛུ་གུ་འཛུགས་ས་དེ་ལུས་སེམས་གཉིས་ཡིན་ཞིང་། དེ་གཉིས་མཉམ་དུ་ཚོགས་ཤིང་གསོན་པོ་དབུགས་ཡོད་ཚེ་འདིར་ང་ཞེས་བྱ་བ་ཡིན། ལུས་འདི་མི་འཁྱག་སྤྱད་ཀྱི་གོས་སྐོན། མི་ལྟོགས་སྤྱད་ཀྱི་ཟས་སྦྱིན། ཡག་སྤྱད་ཀྱི་བརྒྱན་བཏགས། ཁྲུས་དང་བྱི་དོར་བྱེད་དགོས་པ་ལྟར་དུ། སེམས་འདི་ལ་དེ་ལྟར་དུ་གཙང་སྦྲ་བྱི་དོར་མི་བྱེད་པ་འདི་གླེན་པ་སྟེ། ལུས་ལ་གཙང་སྦྲ་བྱི་དོར་དགོས་དུས་སེམས་ལ་གཙང་སྦྲ་བྱི་དོར་མི་དགོས་པ་ཅི་ཞིག་ཡོད། ལུས་ལ་སྨན་བཅོས་དགོས་པ་ལྟར་དུ་སེམས་ལ་སྨན་བཅོས་དེ་བས་ཀྱང་དགོས་པ་སྟེ་གནད་ཆེ་བ་སེམས་འདི་ཉིད་ཡིན་པས་སོ། །ལུས་ནི་ཉི་མ་ཁ་ཤས་དང་། ལོ་ཟླ་ཁ་ཤས་ཀྱི་རྗེས་ནས་དོར་རྒྱུ་ཡིན་པ་སྟེ་ཡུན་རིང་སོང་ཚེ་རྙིང་སྟེ་ཅི་ཡང་མི་ལོ་བ་ཅ་ལག་རྙིང་པ་དང་གཅིག་མཚུངས་ཡིན། སེམས་རྣམ་ཤེས་ཀྱི་རྒྱུན་འདི་ཚེ་རབས་ཚེ་བརྒྱུད་ལ་གཅིག་ཡིན་ཞིང་། ལས་དཀར་ནག་གི་འབྲས་བུ་སྐྱིད་སྡུག་འདིས་མྱོང་དགོས་ཤིང་། ལས་བསགས་མཁན་གཙོ་བོ་ཡང་སེམས་ཡིན་ལ་མྱོང་མཁན་གཙོ་བོའང་སེམས་ཡིན། སེམས་འདི་དཔོན་པོ་ལྟ་བུ་དང་། ལུས་ངག་གཉིས་ཀ་གཡོག་པོ་ལྟ་བུ་སྟེ་སེམས་དགའ་ན་ལུས་དགོད་ཅིང་། སེམས་སྡུག་ན་ལུས་ངུ་དགོས་ཐུག་པ་ཡིན། ལུས་ཀྱིས་མྱོང་བཞིན་པའི་སྡུག་བསྔལ་ཐམས་ཅད་སེམས་ཀྱིས་བཀོད་འདོམས་ཉེས་པའི་ལན་ཆགས་ལུས་ཐོག་ཏུ་སྨིན་པ་ཡིན་ཞིང་། སེམས་ཀྱིས་ངན་བློ་ཉེས་ཏེ་རང་སྲོག་རང་གིས་བཅད་དགོས་ཐུག་པའང་མང་བ་ཡིན། མི་བརྒྱ་ཡི་དཔོན་བྱ་དགོས་ན་དེའི་ཚོད་ཀྱིས་དཔོན་པོ་བྱེད་ཤེས་པའི་ཤེས་ཡོན་སྦྱོང་བརྡར་རྒྱག་དགོས་ཀྱི། ལྷ་རང་མགོ་མི་ཐོན་དུས་འདྲེ་ཤ་ཐག་མི་ཐུབ་པ་ཡིན། ང་ཞེས་གཅེས་འཛིན་བྱ་སའི་ལུས་ངག་ཡིད་གསུམ་ལས་གཙོ་བོ་ཡིན་པའི་སེམས་འདི་ཉིད་བཟང་པོའི་ལམ་ལ་འཇོག་པའི་སྦྱོང་བརྡར་བྱ་མ་མྱངས་དུས། སེམས་ངན་པ་ལང་ཤོར་གྱུར་ནས། མགོ་བཅའ་མེད་པའི་བཟའ་ངན་གྱི་བུ་རྒྱུད་བཞིན་དུ། ངན་ཆུ་རྒྱུན་ཐུར་དུ་རྒྱུགས་པ་ལྟར་དུ་གྱུར་ནས་ཅི་སྡུག་གང་སྡུག་དག་ལོབས་པར་སླ་ལ། བཟང་མེ་ལྕེ་གྱེན་དུ་འབར་བ་ལྟ་བུ་དེ་མ་བསླབས་པར་ཤེས་དཀའ་ཞིང་། བསླབས་ཀྱང་བཟང་པོ་ཞིག་མིན་ན་མི་ཤེས་པ་ཡིན། བཟང་པོའི་ལམ་ལ་འཇོག་མ་མྱངས་པའི་སེམས། ཡོན་ཏན་མེད་པར་སྐྱོན་གྱིས་གང་སྟེ། འདང་རྒྱག་ཉེས། བསམ་བློ་བཏང་ཉེས་བྱས་ཏེ། ཁ་རྩང་གི་དྲན་ཉེས་ཀྱིས་དེ་རིང་མི་བདེ་བར་བྱས་པས་མ་ཚད། ཚེ་སྟོད་ཀྱི་བསམ་བློ་བཏང་ཉེས་ཀྱིས་ཚེ་སྨད་ཀྱི་མི་ཚེ་དང་། རང་ཉིད་ཁོར་ཡུག་ཉེ་འབྲེལ་མཐུན་གསུམ་ནས་བཟུང་སྟེ་བརྫད་པའི་ཐོག་ཏུ། ཚེ་འདིའི་དྲན་ཉེས་ལས་ཉེས་ཀྱིས་ཕྱི་མ་བརྫད་ནས་ཚེ་རབས་ཚེ་བརྒྱུད་དུ་སྡུག་གི་མུན་པ་མགོ་ནས་དྭངས་མེད་ཀྱི་འཁོར་གནས་བཙན་ཁང་ལྟ་བུའི་ནང་དུ་ཡང་ཡང་འཁོར་བའི་རྩ་བ་ རང་ཉིད་ལ་ཐུག་ཡོད། དེ་ཡང་མ་ཤེས་མ་མཁས་པའི་རྨོངས་པ་མ་རིག ་པའི་གཞན་དབང་དུ་སོང་བ་ལ་ཐུག་པའོ། །ལུས་ལ་ནད་ན་ཚ་ཡོང་ཚེ་སྨན་བཅོས་བྱ་དགོས་ཤིང་། དེ་ཡང་སྔོན་ཞིག་ནས་ནད་མི་ཡོང་བའི་སྔོན་འགོག་ཐུབ་ན་ལུས་ཁམས་བདེ་ཐང་གི་མི་ཚེ་སྐྱིད་ཀྱིས་འཚོ་ཐུབ་པས་རྒྱུ་མེད་རུང་ནད་མེད་ན་སྐྱིད་པོ་ཡིན། གལ་སྲིད་ན་རུང་སྨན་བཅོས་འཕྲོད་བསྟེན་ལ་འབད་པ་བྱས་ན་ནད་ལ་དྲག་ཐབས་བྱ་རྒྱུ་ཡོད། ལུས་ན་རྒྱུ་ཡོད་པ་ལྟར་དུ་སེམས་ཀྱང་ན་རྒྱུ་ཡོད་ཅིང་། སེམས་ཀྱི་ལྷན་སྐྱེས་ཀྱི་ནད་ཉོན་མོངས་དུག་གསུམ་ཡིན་ཞིང་། དེ་ལས་འཕྲོས་པའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དེ། ནད་བརྒྱད་ཁྲི་བཞི་སྟོང་ཡིན། སེམས་ཀྱི་ནད་དེས་ལུས་ལ་ཡང་ན་ཚ་བསྐྱེད་ཅིང་། བོད་ཀྱི་གསོ་རིག་མཁས་ཆེན་ཚོར་དྲིས་དང་ནད་ཀྱི་རྩ་བ་རླུང་མཁྲིས་བད་ཀན་གསུམ་ཉོན་མོངས་དུག་གསུམ་གྱི་ཁུངས་ནས་ཡོང་བཞིན་ཡོད་པ་ཡིན། ལུས་འདིའི་མགོ་ཙམ་ན་ཡང་སྨན་འཐུང་བ་དང་། མཛུ་གུར་རྨ་ཆུང་ངུ་ཙམ་བྱས་ན་རྨ་དཀྲིས་ཤིག་རྒྱག་པ་བྱེད་ཀྱང་། སེམས་ཀྱི་ནད་ལ་སྨན་བཅོས་ཤིག་གཏན་ནས་མ་མྱངས་པའི་རྐྱེན་གྱིས། ནད་ཀྱི་གཞི། གདོན་གྱི་ཚང་ཐམས་ཅད་སེམས་ལ་བཅས་ནས། མི་བདེ་སྡུག་བསྔལ་གྱི་རིགས་ཚང་མ་དེ་ནས་ཡོང་བས། གཏོ་སྐུ་རིམ། ཞབས་བརྟན་རིམ་གྲོ་གང་བྱས་ཀྱང་། གནོད་པ་དང་སྡུག་བསྔལ་ཇེ་མང་དང་། ཇེ་ཆེ་ཡིན་པ་ནི་གནད་ཀྱི་ཐོག་ཏུ་མེ་བཙའ་མ་ཁེལ་པར་འདྲེ་ཤར་དུ་བཞག་ནས། གཏོར་མ་ནུབ་ཏུ་འཕངས་པ་ལྟ་བུ་ཤ་སྟག་བྱས་པས་ཡིན། དེས་ན་སེམས་ཁམས་ཀྱི་སྨན་ནི་དམ་པའི་ཆོས་ཡིན་པས། སྨན་དངོས་མས་ནད་འཇོམས་པ་ལ་ཕན་ཐོགས་ཆེ་བ་ལྟར་དུ། ཆོས་ངོ་མ་ཉམས་ལ་རན་པའི་སྨན་དེ་བསྟེན་དགོས། སྨན་གྱི་ནང་དུའང་ནད་འདྲ་མིན་གྱི་གཉེན་པོ་ལ་སྨན་འདྲ་མིན་ཡོད་པ་དང་། ནད་པ་ལོ་རྒས་གཞོན། ནད་རིགས་འདྲ་མིན་སོགས་ཀྱི་ཉམས་དང་གནས་ཚུལ་ལ་དཔགས་ཏེ། སྨན་པས་སྨན་གྱིས་ནད་བཅོས་པ་ལྟར་དུ། ཆོས་ཀྱི་སྨན་ཡང་དེ་བཞིན་དགོས་པས། སྟོན་པ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཁམས་དང་། དབང་པོ། མོས་པ་ལྟར་དུ་ཐེག་པ་ཆུང་འབྲིང་ཆེ་གསུམ་གྱི་ཆོས་བསྟན་པའོ། །ང་ཚོ་བོད་ཡུལ་འདི་ནས་ཀྱང་སྔར་བྱོན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གོང་མ་བསྟན་པའི་སྲོལ་འབྱེད་ཀྱི་སློབ་དཔོན་རྣམ་པས། ས་དགེ་བཀའ་རྙིང་གི་བཤད་རྒྱུད་འདེགས་པའི་ཀ་ཆེན་དང་། སྒྲུབ་རྒྱུད་འདྲེན་པའི་ཤིང་རྟ་མང་པོའི་སྲོལ་གཏོད་མཛད་པ་དེའང་། གདུལ་བྱའི་གང་ཟག་སོ་སོ་ལ་མཁོ་དགོས་གཅིག་ཆེ་གཉིས་ཆེར་གཟིགས་ནས། གང་ལ་གང་འདུལ། གང་ལ་གང་ཕན་གྱིས་ཆོས་བསྟན་པ་བྱས་པའོ། །འོ་ན་ཆོས་དེ་དག་ལས་གང་ཟབ། གང་བཟང་ཞེ་ན། རང་ཉིད་ལས་འབྲེལ་གང་ལ་ཡོད་པའི་ཆོས་དེ་ལྷག་པར་ཟབ་པ་དང་བཟང་བའོ། །མིའི་ནང་ན་ལོ་ནམ་ཟླས་གཉའ་ནས་མ་ནོན། ལུས་འབྱུང་བཞི་ནད་ཀྱིས་མ་ཟིན། ནད་ན་ཚའི་ཟུག་གཟེར་ཅི་ཡང་མེད་དུས། ཚེ་འདི་ཕྱི། ལས་རྒྱུ་འབྲས་སོགས་ལ་བརྩི་སྲུང་མི་བྱེད་པར། སེམས་ཅན་རྒྱུ་མ་དྲུད་ཀྱང་སྙིང་རྗེ་མེད། །སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད། །ཟེར་མཁན་ཉི་མ་ཁ་ཤས་སུ་ཡོད་སྲིད་རུང་། གཟེར་རྒོད་ཅིག་བརྒྱབ་ནས་དབུགས་ཕར་འགྲོ་ཚུར་མི་འདུས་སར་ཐོན་པའམ། གང་གཅེས་གང་དམར་གྱི་མི་ལག་ནས་ཤོར་བ་ལ་སོགས་རྐྱེན་ངན་དྲག་པོ་ཞིག་གློ་བུར་ཐོག་ཏུ་བབ་ཚེ། ཆོས་དཀོན་མཆོག་མིན་པའི་རེ་ས་སྐྱབས་གནས་ཤིག་ཡོད་པ་མ་ཡིན། གཞན་རྒས་ཚེ་མཇུག་ལ་ཐོན། འཆི་བདག་གཤིན་རྗེའི་བསུ་མ་དང་གཉིས་ཀ་གཅིག་ངོ་གཅིག་གིས་ཕར་ལྟ་ཚུར་ལྟ་བྱེད་སར་ཐོན་དུས། སྐྱབས་དམ་པ་དཀོན་མཆོག་གསུམ་ལས་རེ་ས་སྐྱབས་གནས་ཤིག་ཡོད་པ་མ་ཡིན་ཞིང་། སྐྱབས་དང་། སྐྱོབ་པ། འཇུ་ས། འཁེལ་ས། གང་ཡང་མེད་པའི་སྐབས་སུ་སླེབས་ཚེ། སྔར་ཞིག་ནས་ཚེ་ཕྱི་མའི་འདང་རྒྱག་དང་། འགྲོ་རྟེན། འདུག་རྟེན་ཞིག་མ་བསྒྲུབས་བསམས་ནས། བྲང་ལ་སྤར་འབལ་བྱེད། མིག་ནས་མཆི་མ་ཡོང་དུས་འཕྱིས་པ་ཤོར་བ་གཉིས་ཀ་ཡིན། དབང་མེད་གཤིན་རྗེའི་ཞགས་པ་སྐེ་ལ་ཐེབས། མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན། གཟེར་ཚ་ན། སྐྲག་སྔངས་སྡུག་གསུམ། ཤི་ཁའི་གནད་གཅོད་དང་བཅས་ཏེ་ཕྱི་མའི་ཡུལ་དུ་སོང་རྗེས་སུ། འུ་ཚོ་ཤུལ་མི་གསོན་པོས་བེམ་ཤེས་གཉིས་ཀ་སོ་སོར་བྲལ་བའི་རོ་ཞེས་པ་སེམས་མེད་ས་རྡོ་ལྟ་བུའི་བེམ་གོག་འདི། བྱ་ཁྱིའི་གཟན་ལ་བྱས་རྗེས་ཅི་ཡང་མི་ རིག་ཀྱང་། ཤི་བོ་རང ་གི་སྣང་བ་ལ། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་སོགས་སྐྲག་སྔངས་འཇིགས་གསུམ་གྱི་སྣང་བ་བརྒྱུད་ནས། སེམས་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས་ནས་བདེ་སྡུག་མྱོང་དགོས། དུས་ཐ་མའི་གནས་སྐབས་འདིར་བླ་མས་སྐྱེ་བརྟག་མ་གསུངས་ཀྱང་དམྱལ་བ་ཡི་དྭགས་སུ་སྐྱེ་བ་མང་བ་ལུང་དང་། རིགས་པས་ཀྱང་གྲུབ་པ་སྟེ། ཚེ་སྐྱེ་བ་སྔ་མའི་རྣམ་ཤེས་ཀྱི་རྒྱུན་གྱིས་ཚེ་འདིའི་སྣང་བ་བྱུང་བ་ཡིན་ལ། སྐྱེ་བ་སྔོན་མ་དྲན་པའི་མི་ཡང་དེང་སང་འཇིག་རྟེན་གྱི་ཐོག་ཏུ་མང་བ་ཡིན། དེ་བཞིན་དུ་སྐྱེ་བ་འདིའི་རྒྱུན་ཕྱི་མ་སྐྱེ་བའི་སྐབས་སུ་བདེ་སྡུག་རྒྱུ་འབྲས་མུ་མཐུད་དགོས་པ་ནི་རྟེན་ཅིང་འབྲེལ་འབྱུང་མཐོང་ཆོས་སུ་གྲུབ་པ་འདིའོ། །ཚེ་ཕྱི་མ་མ་དགོས་ཚེ་འདིའི་དོན་ཆེན་ཞིག་སྒྲུབ་དགོས་ན་ཡང་། ཆོས་ལ་བརྟེན་དགོས་པ་མིས་མི་འགྲུབ་པའི་བྱ་བ་དཀོན་མཆོག་ལ་གསོལ་བ་བཏབ་ན་འགྲུབ་པ་ཡིན། གསོལ་འདེབས་སྨོན་ལམ་ཡང་འགྲུབ་བྱེད་ཀྱི་རྒྱུ་ཚོགས་བསགས་སྒྲིབ་སྦྱོང་སྔོན་སོང་ཡོད་དགོས། ཚོགས་བསགས་སྒྲིབ་སྦྱོང་བྱེད་པ་ཡང་ཆོས་ཡིན་ལ། བསོད་ནམས་ཅན་གྱི་མིས་བསམ་པ་འགྲུབ་པ་ལ་ཉི་མ་ནམ་མཁར་ཤར་བ་ལྟ་བུ་འགོག་རྐྱེན་མེད་ཅིང་། བསོད་ནམས་མ་བསགས་པའི་མིས་འབད་པ་བྱས་ཏེ་སྒྲུབ་པ་ནི་རླུང་ནང་གི་མར་མེ་ལྟར་དུ་འགལ་རྐྱེན་མང་བ་ཡིན། དེས་ན་ཁོག་པའི་ནང་ན་སེམས་ཤིག་ཡོད། སེམས་ཀྱིས་བསམ་བློ་བཏང་ཤེས་ན། ཚེ་འདི་དང་ཕྱི་མ་རུ་རང་གཞན་ཡུན་གྱིས་སྐྱིད་པའི་ཆེད་དུ་དམ་པའི་ཆོས་སྒྲུབ་དགོས། དམ་ཆོས་སྒྲུབ་པ་ལ་སྒྲུབ་ཚུལ་ཤེས་དགོས་པས་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་བརྒྱུད་དགོས་པ་ཡིན། དང་པོར་ཐོས་པ་འཚོལ་ནས་ཆོས་ཉན་དགོས་ཀྱི་མ་ཉན་པར་ཅི་ཞིག་ཐོས། དེ་ནས་ཐོས་དོན་ཡང་ཡང་བསམ་དགོས་ཀྱི་ཚིག་ཉན་པ་དོན་ཤེས་པའི་ཆེད་དུ་ཡིན་པས་དོན་ལ་བསམ་བློ་མ་བཏང་ན་ཚིག་བཤད་པ་རྣ་རྒྱབ་ཀྱི་རླུང་ཞིག་ཡིན། དོན་ཤེས་པས་ཀྱང་མི་ཆོག་སྟེ། སྨན་ཡོད་ཀྱང་མ་འཐུང་ན་ནད་དྲག་པ་ལ་ཕན་ཐོགས་མེད་པ་ལྟར་དུ། བསམ་དོན་སྒོམ་པ་ནི། ཆོས་རང་རྒྱུད་ལ་སྦྱར་ནས་ཆོས་དང་རང་རྒྱུད་གཉིས་ཀ་དབྱེར་མེད་པར་གྱུར་དུས། ནད་དང་སྨན་གཉིས་ཀ་འཕྲོད་པ་ལྟ་བུ་ཡིན་པས། ཚེ་འདི་ཕྱི་རང་གཞན་གྱི་སྡུག་བསྔལ་སེལ་ཏེ་སྐྱིད་ཀྱི་ཉི་མ་ནང་ནས་ཤར་རྒྱུ་ཡོད་པས། བསམ་བློ་དེ་ལ་བཏང་ནས། དང་པོ་ཆོས་ཉན་པ་དེ་བྱ་བའི་གཙོ་བོར་འཇོག་དགོས། ཆོས་བཤད་དུས་ཚེ་མི་རྟག་པ། འཁོར་བའི་སྡུག་བསྔལ་ལ་སོགས་པ་གང་བཤད་ཀྱང་། སྡུག་རབས་བཤད་པ་ལྟ་བུ་ཞིག་ཡིན་འདུག་པས་ཉན་མི་འདོད་ཞེས་ཟེར་མཁན་ཡོད་སྲིད་ཀྱང་། ལེགས་པར་ཉོན་དང་འཁོར་བའི་སྡུག་བསྔལ་དེ་དག་རང་གཞན་གྱི་ལུས་ཐོག་སེམས་ཐོག་ན་ཡོད་པའི་དངོས་ཡོད་གནས་ཚུལ་ཤ་སྟག་ཡིན་པས། འཁོར་བའི་སྡུག་བསྔལ་དེ་མེད་ཚུལ་བྱ་བ་ནི། རང་མགོ་རང་གིས་གཡོགས་པ་ཡིན་པས། སྡུག་བསྔལ་དེ་ལྷང་ལ་ཕུད་ནས་གདོང་ལེན་གྱི་ནུས་པ་ཐོན་པ་ཞིག་ཏུ་བསམ་བློ་གཏོང་ཤེས་ན་འདང་རྒྱག་མ་ནོར་བ་ཡིན། འཆི་བར་མི་སྐྲག་མཁན་མེད་ཀྱང་། འཆི་བར་སྐྲག་སྟེ་ཆོས་སྒྲུབ་ན་འཆི་བར་མི་སྐྲག་པར་འགྱུར་རྒྱུ་ཡོད་པར་མ་ཟད་འཆི་མེད་གཉུག་མའི་བཙན་ས་ཟིན་ཏེ། ཤི་རྒྱུ་མེད་པའི་སར་ཡང་ཐོན་དུ་ཡོད། དེ་དག་ཅི་ཡང་མི་ཤེས་པར་སྡུག་སྒུར་བྱེད་ནས་སྡོད་པ་ནི། བཤས་རའི་ནང་གི་གཡག་རྒན་རྣམས་དང་འགྲེངས་ཏེ་འགྲོ་བའི་རྐང་གཉིས་མི་ཡིན་མིན་གྱི་ཁྱད་པར་ཙམ་མ་གཏོགས་གཅིག་མཚུངས་ཡིན། ཤི་རན་ཁར་ད་གཟོད་སྡུག་བསྔལ་བྱ་བ་ནི་གཡག་ལུག་འགའ་རེ་སྐེ་གཅད་ཁར་མིག་ནས་མཆི་མ་ཐོན་འདུག་ཅེས་བ་དང་འདྲ་བ་ཡིན། ད་རེས་ཀྱི་བཤད་བྱའི་ཆོས་ནི་ཐེག་ཆེན་མདོ་སྔགས་འདྲེས་མའི་ཆོས་ཤིག་ཡིན། བཅུད་བཟང་པོ་བླུག་སར་སྣོད་གཙང་མ་དགོས་པ་ནང་བཞིན། ཆོས་ཁྲིད་མ་བཤད་ཀྱི་སྔོན་ལ་རང་རྒྱུད་དུ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་། ཁྱད་པར་དུ་གསང་སྔགས་ཀྱི་དམ་ཚིག་ལ་ཉེས་ལྟུང་ཉམས་ཆགས་སོང་བ་འདག་པའི་ཆེད་དུ་བླ་མ་རྡོ་རྗེ་སེམས་དཔའི་བསྐྱེད་བཟླས་དང་འབྲེལ་ནས་ཡིག་བརྒྱ་དང་། སཏྭ་བཏོན་ཏེ་བསག་སྦྱོང་གིས་མགོ་བཟུང་ནས། ཆོས་ཁྲིད་དངོས་ལ་འཇུག་དགོས། སྔོན་མར་འུ་ཚོས་གཞི་ཐོག་དང་པོའི་སྒོ་ནས་ཡིག་བརྒྱ་དང་སཏྭ་བསགས་པ་ཡིན་ཡང་། དེང་སང་མང་ཆེ་བས་ཡིག་ངོ་ཟིན་ས་ཡོད། ས་འདི་རྫོགས་པ་ཆེན་པོའི་ཆོས་དར་ས། ཆོས་མིང་སར་ཐོག ས་མིང་མིར་ཐོག་པ་ཡིན། དེང་སྐབས་ཀྱང་དེ་བཞིན་དུ་བཤད་སྒྲུབ་ལས་གསུམ་གྱི་བསྟན་པ་དར་སའི་ཆོས་འཁོར་ཆེན་པོའི་ཉེ་འཁྲིས་ཀྱི་མི་ཡིན་ལ། འདིའི་ནང་ན་འབུམ་ལྔ་བསགས་པའི་དགེ་བསྙེན་ཡང་མི་ཉུང་པ་ཡོད་པ་ཡིན་པས། ད་རེས་སྙིང་ཐིག་གི་རྡོར་སེམས་བསྒོམ་བཟླས་ལ་འཇུག་རྒྱུ་བྱ། དང་པོ་ཆོས་ཁྲིད་ཀྱི་སྔོན་དུ་ཡིག་བརྒྱ་དང་ས་ཏྭ་གསོག་རྒྱུ་ཡིན།
ཨ༔ བདག་ཉིད་ཐ་མལ་སྤྱི་བོ་རུ༔
པད་དཀར་ཟླ་བའི་གདན་གྱི་དབུས༔
ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔
དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔
རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔
ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང༔
འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔
ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ༔
ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང༔
ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔
བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔
ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔
བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔
ག་བུར་རྡུལ་ལྟར་འཛག་པ་ཡིས༔
བདག་དང་ཁམས་གསུམ་སེམས་ཅན་གྱི༔
ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔
ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔
མ་ལུས་བྱང་བར་མཛད་དུ་གསོལ༔
ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿ
མགོན་པོ༔
བདག་ནི་མི་ཤེས་རྨོངས་པ་ཡིས༔
དམ་ཚིག་ལས་ནི་འགལ་ཞིང་ཉམས༔
བླ་མ་མགོན་པོས་སྐྱབས་མཛོད་ཅིག༔
གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔
ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔
འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔
སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་བོ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་གྱུར༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔
དགེ་བ་འདི་ཡིས་མྱུར་དུ་བདག།
རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།།
དེ་ཡི་ས་ལ་འགོད་པར་ཤོག།
རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།།
ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།
གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།།
འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།།
འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།།
མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།།
གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།།
བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།
བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས།།
བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།།
བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།།
བློ་གྲོས་སྤོབས་པའི་སྣང་བ་སྐྱེད་དུ་གསོལ།།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།
གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་།།
མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར།།
ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི།།
ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས།།
བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས།།
འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་།།
སྐུ་གསུམ་མཛད་པའི་ངོ་བོ་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས།།
གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།།
ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་།།
ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས།།
འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ།།
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།
ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར།།
དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད།།
འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ།།
འཇིགས་མེད་གླིང་བའི་ཞབས་ལ་གསོལ་བ་འདེབས།།
ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ།།
ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་ཝ་རི།།
གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས།།
འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས།།
ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།།
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།
རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ།།
རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས།།
གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན།།
བདེ་གཤེགས་སློབ་མར་གྱུར་བ་གང་སུ་དག།
དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས།།
གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག།
ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།
གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།
འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།།
ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།
༈ འོ་ན་ནམ་མཁའི་མཐའ་དང་མཉམ་པའི་ཁམས་གསུམ་རིགས་དྲུག་གམ་འགྲོ་བ་ལམ་རྒྱུད་ལྔས་བསྡུས་པའི་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མུ་དང་མཐའ་མེད་པ་འདིའི་ནང་ནས་ཡང་ནས་ཡང་དུ་འཁོར་ཞིང་། འཁོར་བའི་སྡུག་བསྔལ་མྱོང་བའི་ཉམ་ཐག་པའི་སེམས་ཅན་འདི་དག་ཀྱང་བདག་རང་ཉིད་ཇི་ལྟ་བ་བཞིན་དུ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཡང་། བདེ་འདོད་སྡུག་བསྔལ་གྱི་རྒྱུ་བསྒྲུབས་ནས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་རྨོངས་པའི་གཞན་དབང་དུ་སོང་བ་འབའ་ཞིག་ཡིན་པས་འདི་རྣམས་སྙིང་རེ་རྗེ། སྙིང་རྗེ་བ་ཙམ་མིན་པར་བདག་གིས་ད་རེས་དམ་པའི་ཆོས་ཐོབ། ཐར་བའི་ལམ་བཙལ་པའི་གོ་སྐབས་རྙེད་པས། འདི་དང་བསྟུན་ཏེ་སེམས་ཅན་འདི་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ཐབས་དང་། གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཤིག་བྱ་སྙམ་པའི་བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་ཆོས་ཉན་དགོས། དེ་ཡང་ཀུན་མཁྱེན་ཆོས་རྗེས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར་དུ། ཐེག་ཆེན་མདོ་སྔགས་ཀྱི་ཆོས་འཆད་ཉན་སྒོམ་སྒྲུབ་གང་གི་སྐབས་སུ་ཡང་། དམ་པ་གསུམ་དང་འབྲལ་མི་རུང་བ་ཤེས་ནས་ལག་ལེན་ལ་འདེབས་དགོས། དེ་ཡང་སྦྱོར་བ་སེམས་བསྐྱེད་དམ་པ་ནི། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་པ་ལྟར་དུ་སྐྱབས་ཀྱི་མཆོག་གྱུར་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་པ་བཞིན་མཐའ་ཡས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོའི་ཡིད་སྨོན་ཙམ་མིན་པར། འཁོར་བ་ཐོག་མེད་ནས་དྲིན་གྱིས་བསྐྱངས་པའི་མ་རྒན་སེམས་ཅན་ཐམས་ཅད། བདག་གཅིག་པུའི་སྟོབས་ཀྱིས་བྱང་ཆུབ་ཆེན་པོར་འགོད་པ་བགྱི། ད་ལྟ་དེ་ལྟའི་ནུས་པ་བདག་ལ་མེད་ཀྱང་ནུས་པ་དེ་སྒྲུབ་པའི་ཆེད་དུ་ལུས་དང་སྲོག་ལ་ཡང་མི་ལྟ་བར་དམ་པའི་ཆོས་བསྒྲུབ་སྙམ་པའི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་སམ་དོན་གཉིས་དང་ལྡན་པའོ། །དངོས་གཞི་དམིགས་མེད་དམ་པ་ནི། འདི་ལྟར་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་མེད་ལ་ཡོད་པར་བཟུང་པའི་འཁྲུལ་སྣང་། འཁྲིས་ནད་ཅན་གྱི་མིག་སྔར་དུང་དཀར་སེར་པོར་སྣང་བ་ལྟར་དུ་དོན་ལ་མེད་བཞིན་སྣང་བ་ཡིན་ཞིང་། འདི་ལྟར་སྣང་བ་ཡང་སྟོང་པ་ཡིན་པའི་རྟེན་འབྲེལ་གྱིས་སྣང་བ་སྣ་ཚོགས་སུ་ཤར་ཞིང་། སྟོང་རྟེན་འབྱུང་དབྱེར་མེད་ཡིན་སྟབས་ཀྱིས་སྣང་བའི་ངོ་བོ་ཡང་སྟོང་བ། སྣང་བཞིན་ངོས་བཟུང་མེད་པའི་སྣང་སྟོང་ཟུང་དུ་འཇུག་པ། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་ནས་མཐའ་ཡས་སེམས་ཅན་ལ་ཁྱབ་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། མཉམ་པར་བཞག་པའི་ངང་དང་མི་འབྲལ་པར་ཆོས་ཉན་བསམ་སྒོམ་པ་ལ་སོགས་པའི་དགེ་སྦྱོར་བསྒྲུབས་པའོ། །རྗེས་བསྔོ་བ་དམ་པ་ནི། དགེ་རྩ་ཆེ་ཆུང་གང་བསྒྲུབས་ཡོད་ཀྱང་དེར་ཞེན་འཛིན་དང་། དངོས་འཛིན་གྱི་འཁྲུལ་བས་མ་བསླད་པར་དུས་གསུམ་གྱི་རྒྱལ་བ་སྲས་བཅས་དང་། ཁམས་གསུམ་སེམས་ཅན་གྱིས་བསགས་པའི་དགེ་ཚོགས་དང་བཅས་པ་ལྷན་དུ་བསྡོམས་ཏེ་རང་ཉིད་ཀྱི་དགེ་རྩ་ཆུང་ངུ་ཆུ་ཐིགས་ལྟ་བུ་དེ་བྱང་ཆེན་རྒྱ་མཚོ་ཆེན་པོར་བསྲེས་ཏེ། མཐའ་ཡས་སེམས་ཅན་གཅིག་ཀྱང་མ་ལུས་པ། གཏན་བདེ་རྫོགས་བྱང་གི་ས་ལ་འགོད་པའི་ཆེད་དུ། སྔོན་ཆད་འཕགས་པ་འཇམ་པའི་དབྱངས་དང་བྱང་ཆུབ་སེམས་པ་ཀུན་ཏུ་བཟང་པོས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའོ། །དེ་ལྟར་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་གསུམ་དང་མི་འབྲལ་བར་ཆོས་ཉན་དགོས། སྤྱིར་ཆོས་འཆད་པ་ལ་འཆད་མཁན་གྱི་སློབ་དཔོན་མི་འདྲ་བའི་དབང་གིས་ཆོས་འཆད་ཚུལ་ཡང་མི་འདྲ་བར་ཡོད་ཀྱང་། སློབ་དཔོན་སངས་རྒྱས་དང་། སློབ་དཔོན་དགྲ་བཅོམ་པ། སློབ་དཔོན་པཎྜི་ཏ་ལ་སོགས་པ་གཅིག་ཀྱང་མིན་པའི་བདག་ལྟ་བུ་སོ་སོའི་སྐྱེ་བོ་དུས་ཐ་མའི་གནས་སྐབས་སུ་ཆོས་སྨྲ་པའི་གཟུགས་བརྙན་འཆང་བ་ཞིག་གིས་ཇི་ལྟར་འཆད་ཅེ་ན། བསྟན་པ་ལ་ལྷག་བསམ་དག་པས་རང་མཉམ་ལས་དང་པོ་པར་ཕན་འདོད་ཀྱིས་ཀུན་ནས་བསླངས་ཏེ་འཆད་པ་ཡིན་པས། ཉན་མཁན་གྱིས་ཀྱང་ཆོས་རའི་ནང་དུ་ཡོང་ནས་ཆོས་ཉན་པའི་གནས་སྐབས་ན། ཆོས་ཆོས་ཉན་པའི་ཚུལ་བཞིན་བྱས་ཏེ་ཀུན་སློང་གོང་ནས་བཤད་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡོད་པའི་ཐོག་ཏུ། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཕུན་སུམ་ཚོགས་པ་ལྔ་ཚང་པའི་འདུན་པ་ཡོད་དགོས། དེ་ཡང་མ་ཡིན་པ་ལ་ཡིན་པར་བསམ་དགོས་པ་མིན་པར་ད་རེས་ལྟ་བུ་ལ་མཚོན་ན། སངས་རྒྱས་འོད་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བདེ་ཆེན་ཞིང་མཆོད་དང་འབྲེལ་བའི་ཞིང་སྒྲུབ་འཚོགས་བཞིན་ཡོད་པས་འཚོགས་སའི་ས་ཆ་འདི་གནས་ཕུན་སུམ་ཚོགས་པ་སྟེ་གྲུབ་དབང་རྫོགས་ཆེན་པའི་གདན་ས། གངས་ར་ཉེར་ལྔའི་ནང་གི་ཡ་གྱལ། ཡོན་ཏན་གནས་ཀྱི་གཙོ་བོ་ཡིན་ཞིང་། ཁྱད་པར་པདྨ་ཐང་འདིར་གུ་རུ་རིན་པོ་ཆེ་རྫུ་འཕྲུལ་གྱིས་བྱོན་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས་ཀྱང་ཡིན་པའོ། །དུས་ཕུན་སུམ་ཚོགས་པ་ནི་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་པའི་དེ་མ་ཐག་གམ་དེ་རིང་སངས་རྒྱས་སྟོང་གི་དུས་ཆེན་གནམ་གང་ལ་ཁེལ་ཡོད་པས་དུས་ཕུན་སུམ་ཚོགས་པ་ཡང་དེ་ལྟར་ཡིན་པའོ། །ཆོས་ཕུན་སུམ་ཚོགས་པ་ནི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཆོས་སྐོར་འུ་ཅག་གིས་བཤད་བཞིན་པ་འདིའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་ཆོས་བཤད་པ་པོ་ངར་མཚོན་ན། མི་རང་ཐང་པ་ཞིག་ཡིན་ཡང་བཤད་བྱའི་དམ་ཆོས་དེ་རྒྱལ་བའི་ཐུགས་ཀྱི་གསང་བ་ཆེན་པོ་ཡིན་པས་ཐུགས་གསང་ཕྲིན་ལས་དེའི་བྱེད་པོ་ཡིན་པའི་ཆ་ནས། རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྲིན་ལས་པའམ། དེ་དང་གཉིས་སུ་མ་མཆིས་པའི་སྟོན་པར་བསྒོམས་ན། གདུལ་བྱ་ཡུལ་ལ་ཡོད་པའི་ཕྲིན་ལས་ཀྱི་དད་སྟོབས་ཀྱིས་བྱིན་རླབས་འབྱུང་བས་སོ། །འཁོར་ཕུན་སུམ་ཚོགས་པ་ནི་འདིར་འདུས་ཐམས་ཅད་བོད་ཁ་བ་ཅན་གྱི་ཡུལ་ཁམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་པ། ཆུང་བྱིས་པའི་དུས་ནས་ཨ་མ་དང་མ་ཎི་མཉམ་དུ་ཤེས། དགེ་འདུན་པ་མ་ཟད་ཁྱིམ་པ་ཕོ་མོ་ཡིན་ཡང་། ཕོ་ཐམས་ཅད་འཕགས་པའི་དགེ་བསྙེན། མོ་ཐམས་ཅད་ཆོས་ཀྱི་ལྷ་མོ་ཡིན་པའོ། །ཡང་ན་གཟུགས་སུ་སྣང་བ་ཐམས་ཅད་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་ཀྱི་རྟེན་དང་བརྟེན་པ་བཅས་པ། སྒྲ་རུ་གྲག་པ་ཐམས་ཅད་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་ཡི་གེ་དྲུག་མའི་ཆོས་སྒྲ། དྲན་རྟོག་ཅི་ཤར་ཐམས་ཅད་དག་པ་ཡེ་ཤེས་ཀྱི་རོལ་བར་བསམ་པའི་དག་དྲན་དང་བཅས་ཏེ། བདག་ཉིད་ལ་ནད་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བཞག་སྟེ་ཆོས་ཉན་དགོས། ཆོས་ཉན་པའི་ཀུན་སྤྱོད་ཀྱི་ཐོག་ནས་ཀྱང་། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཞེས་རྣ་བ་མི་གཏད་ན་སྣོད་ཁ་སྦུབ་ཀྱི་ཐོག་ཏུ་ཆུ་ཕྱར་ཡང་ནང་དུ་མི་འགྲོ་བ་བཞིན་དང་། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཞེས་སྣོད་ཞབས་རྡོལ་མཐིལ་བྲལ་བའི་ནང་དུ་ཆུ་བླུགས་ཀྱང་མི་སོག་པ་ལྟར་དང་། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་ཆགས་སྡང་རྨོངས་གསུམ་དང་བཅས་ཏེ་ཆོས་ཉན་པ་ནི་དུག་དང་འདྲེས་པའི་ཟས་ཟ་མི་རུང་པ་ལྟར་དུ་ཆོས་ཀྱི་གོ་མི་ཆོད་པར་འགྱུར་རོ། །དེའི་ཐོག་ཏུ་དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་མང་ཡང་། ད་སྔོན་ཐེངས་མང་བཤད་མྱངས། མདོར་ན་སྤང་བྱ་དེ་ཐམས་ཅད་སྤངས་ཏེ། བླང་བར་བྱ་བའི་ཀུན་སྤྱོད་དགའ་དང་གུས་པའི་སྤྱོད་ལམ་གྱིས་ཉན་དགོས། དེ་ལྟ་བུའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་དང་བཅས་པས་སྐབས་འདིར་གང་ཞིག་གསན་པར་བྱ་བའི་ཆོས་ནི། འཕགས་མཆོག་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་དང་གཉིས་སུ་མ་མཆིས་པ། སྔར་རྒྱ་གར་འཕགས་པའི་ཡུལ་དུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས། རྨད་དུ་བྱུང་བའི་སློབ་དཔོན་གཉིས་བཅས་བྱོན་པའི་ནང་གི་རྨད་བྱུང་གི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷ་ཕྱི་མའི་དུས་འདིར་བོད་ཡུལ་དུ་མིའི་ཤ་ཚུགས་ཀྱིས་བྱོན་པའི་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་དེ་ཉིད་ཀྱིས་གསུངས་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ་འདི་ཉིད་བཤད་པའི་སྣོལ་མཚམས་མ་ལོག་པ་ཆིངས་ཆེན་པོ་གསུམ་གྱིས་བཅིངས་ཏེ་འཆད་པ་ལ་ཀླད་ཀྱི་དོན་དང་། གཞུང་གི་དོན། མཇུག་གི་དོན་ནོ།།
ཀླད་ཀྱི་དོན།
དང་པོ་བཤད་བྱའི་ཡན་ལག་ཀླད་དོན་ལ། མཚན་སྨོས་པ་དང་། ཕྱག་འཚལ་བ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་དང་བཞི་ལས།
དང་པོ་མཚན་སྨོས་པ།
དང་པོ་མཚན་སྨོས་པ་ནི། ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ། །ཞེས་པས་དབུའི་ཞལ་བྱང་གི་མཚན་བསྟན་པའོ། །འདིའི་མཚན་དོན་འགྲེལ་ན། ཐོག་མར་དགེ་བ་སྙིགས་མའི་བསམ་སྤྱོད་ལ་སྐྱོ་བའི་གཏམ་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་གནད་བསྟན་པ་དང་། བར་དུ་དགེ་བ་ལྟ་སྒོམ་སྤྱོད་པའི་ལམ་གཏན་ལ་འབེབས་པའི་གཏམ་དབེན་གསུམ་ཞི་བའི་རྒྱལ་སར་སྙེག་པའི་ཚེ་འདིར་ཆོས་སྐུའི་བསྟན་སྲིད་ཟིན་ཏེ། འཁོར་བར་ཕྱི་ཕྱག་འཚལ་དགོས་པའི་གདམས་པ་བསྟན་པ་དང་། མཐའ་མར་དགེ་བ་ངེས་འབྱུང་ཆོས་ལ་བསྐུལ་བའི་གཏམ་ངེས་པར་འབྱུང་བའི་གནད་ཤེས། ལྟ་སྒོམ་སྤྱོད་པའི་དོན་གོ་ཡང་། སྒྲུབ་པ་ལག་ལེན་ལ་མ་ཞུགས་ན་ཕན་ཐོགས་མེད་པས། སྒྲུབ་པ་ལག་ལེན་གྱིས་གནད་ལ་ཁེལ་བའི་ཕྱིར་དུ། འཁོར་བར་ངེས་འབྱུང་སྐྱེས་པའི་གང་ཟག་དེས། ཆོས་དང་རང་རྒྱུད་ཇི་ལྟར་བསྲེ་དགོས་པའི་ཚུལ་བསྟན་པའོ། །ངེས་འབྱུང་ཞེས་པ་ཡང་འཁོར་བར་སྐྱོ་སུན་གྱིས་དམུས་པ་ཙམ་མིན་པར་ཐར་འདོད་ཀྱི་བློ་ཡོད་པའི་སྒོ་ནས། ཇི་ལྟར་ཐར་བ་སྒྲུབ་པའི་གདམས་ངག་གི་མདོ་འགག་ཀྱང་བསྟན་པའོ། །ལྟ་སྒོམ་སྤྱོད་གསུམ་ཞེས་བྱ་བ་ནི། གོམ་པ་བླངས་ནས་འགྲོ་དགོས་ཚེ་དང་པོ་མིག་གིས་བལྟས་ཏེ་མིག་གིས་བལྟ་སར་རྐང་པས་བརྫི་དགོས་པ་བཞིན། ལྟ་བ་མིག་དང་འདྲ་བས་བལྟས་ཏེ་ལྟ་བས་ཐག་བཅད་པའི་དོན་དེ་སྒོམ་པ་རྐང་པ་དང་འདྲ་བས་དེར་བརྫིས་ནས་ཉམས་སུ་བླངས་ནས། སྤྱོད་པས་བོགས་ཐོན་པར་བྱས་པའི་ཐོག་ནས་འབྲས་བུ་ཡོན་ཏན་བརྙེས་པའི་ཐར་བ་འདོད་པའི་གང་ཟག་གི་ཉམས་ལེན་གྱི་གནད་ཆ་ཚང་འདུས་པས་ན་དམ་པའི་སྙིང་ནོར་ཞེས་བྱའོ། །དམ་པ་མིན་པའི་གང་ཟག་གིས་ནོར་བུའི་ནོར་ངོ་མི་ཤེས་པར་དོན་ཆེན་རིན་ཐང་ཅན་དེ་བསྐྱུར་ནས། དོན་ཆུང་ཙག་ཙིག་ལ་མགོ་འཁོར་བ་ཡིན་ཡང་། འདི་ནི་དམ་པ་ཞིག་གིས་མཐོང་བ་ཙམ་གྱིས་གནད་ཆེན་དུ་སེམས་ཏེ་རྩ་ཆེན་སྙིང་ལས་གཅེས་ཤིང་སྙིང་ལ་འཛིན་པའི་སྙིང་ནོར་ཡིན་པས་དམ་པའི་སྙིང་ནོར་ཞེས་བརྗོད་བྱ་ལ་བརྟེན་ཏེ་དོན་གྱི་སྒོ་ནས་མཚན་བཏགས་པའོ། །མཚན་བསྟན་པའི་དགོས་པ་ནི། དབང་པོ་རྣོན་པོས་མཚན་ཐོས་པ་ཙམ་གྱིས་ཀྱང་དབུ་ཞབས་ཀྱི་དོན་ཆ་ཚང་ཁོང་དུ་ཆུད་པ་དང་། དབང་འབྲིང་གིས་བརྗོད་བྱའི་དོན་སྤྱིའི་ནང་དོན་འདི་ལྟ་བུའོ་ཞེས་ཤེས་པ་དང་། དབང་པོ་ཐ་མས་གླེགས་བམ་འཚོལ་བདེ་བའི་དགོས་པ་ཡོད་པ་སྟེ་ཁ་བྱང་དུ་ཐོག་མཐའ་བར་དགེའི་གཏམ་ཞེས་བྲིས་པ་རིག་པས་དེ་ཐོག་མཐའ་བར་དགེའི་གཏམ་ཡིན་པར་ཤེས་པའི་དགོས་པ་ཡོད་དོ། །དེ་ཡིས་མཚན་བསྟན་པ་སོང་བའོ།།
གཉིས་པ་ཕྱག་འཚལ་བ།
གཉིས་པ་ཕྱག་འཚལ་བ་ནི།
ན་མོ་ལོ་ཀེ་ཤྭ་ར་ཡ།
ཞེས་པ་འདི་རྒྱ་གར་སཾསྐྲྀཏའི་སྐད་ཡིན་གྱི་བོད་སྐད་མིན། རང་ཅག་གི་ནང་པའི་ཆོས་འདི། སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེའི་གདན་ཡིན་ཞིང་། རྒྱ་གར་ནས་བོད་དུ་དར་བས་ཆོས་ཁུངས་རྒྱ་གར་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཙོ་ཆེར་སཾསྐྲྀཏའི་སྐད་ཀྱིས་གསུངས་པས་སཾསྐྲྀཏའི་སྐད་འདི་མགོར་བཞག་པས། བརྒྱུད་ལ་བྱིན་རླབས་འཇུག་པའི་དགོས་པ་སོགས་ལྡན་པས་རྒྱུ་མཚན་ཆེན་པོ་ཡོད། སཾསྐྲྀཏའི་སྐད་དུ་ན་མོ་ལོ་ཀེ་ཤྭ་ར་ཡ་ཞེས་པ་འདི་བོད་སྐད་དུ་བསྒྱུར་པའི་དོན་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ་ཞེས་པ་ཡིན། སྐད་གཉིས་ཤན་སྦྱར་ན། ན་མོ་ཞེས་པ་ཕྱག་འཚལ་ལོ། །ལོ་ཀེ་ལོ་ཤྭ་ར་འཇིག་རྟེན་དབང་ཕྱུག ཡ་ཞེས་པ་གང་ལ་ཕྱག་འཚལ་བའི་ཡུལ་ངེས་པ་བཟུང་བ་སྟེ། རང་གར་ཕྱག་འཚལ་ཞེས་པས་སུ་ལ་འཚལ་བ་མི་ཤེས་པས་འཇིག་རྟེན་དབང་ཕྱུག་ལ་ཞེས་ཕྱག་འཚལ་བའི་ཡུལ་གནས་གཞི་ངེས་བཟུང་གི་སྒྲས་གསལ་བར་བྱས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ཀྱི་ཡོན་ཏན་དང་། མཚན་དང་། གཟུངས་བརྗོད་པའི་ཕན་ཡོན་བསྟན་པའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་གསུངས་པ་ལས། གཟུངས་སྔགས། གསང་སྔགས། རིག་སྔགས་སུ་གསུངས་པའི་མདོ་གཟུངས་བཅུ་བཞི། སྤྱན་རས་གཟིགས་ཀྱི་མཚན་ཐོས་པའི་ཡོན་ཏན་གྱི་མདོ་བདུན་གསུངས་ཏེ། གཟུངས་བཅུ་བཞི་ལ། ཕྱག་སྟོང་སྤྱན་སྟོང་གི་གཟུངས་དང་། པདྨའི་སྙིང་པོའི་གཟུངས་དང་། ཞལ་བཅུ་གཅིག་པའི་མདོ་དང་། གདོང་བཅུ་གཅིག་པའི་གཟུངས་དང་། དོན་ཡོད་ཞགས་པའི་གཟུངས་དང་། པདྨ་མཆོག་གི་མདོ་དང་། དབང་ཕྱུག་འཁོར་ལོའི་མདོ་དང་། ཆོ་ག་སྔགས་ཀྱི་རྒྱུད་དང་། ཡིད་བཞིན་ནོར་བུའི་མདོ་དང་། སྙིང་རྗེ་ཆེན་པོའི་མདོ་དང་། འོད་ཟེར་བཀོད་པའི་མདོ་དང་། པདྨ་ཅོད་པན་སྔགས་ཀྱི་རྒྱུད་དང་། ཡི་གེ་དྲུག་མའི་མདོ་དང་བཅུ་བཞིའོ། །དེ་རྣམས་ནས་སོ་སོའི་གཟུངས་སྔགས་ཀྱི་ཡོན་ཏན་བསྟན་པའོ། །སྤྱན་རས་གཟིགས་ཀྱི་མཚན་ཐོས་པའི་ཡོན་ཏན་བསྟན་པའི་མདོ་བདུན་ནི། ཟ་མ་ཏོག་བཀོད་པའི་མདོ་དང་། པདྨ་བཀོད་པའི་མདོ་དང་། པུཎྜ་རཱི་ཀའི་མདོ་དང་། ཆུ་ཀླུང་སྣ་ཚོགས་པའི་མདོ་དང་། སྣང་བ་རོལ་བའི་མདོ་དང་། མཚན་བརྒྱ་རྩ་བརྒྱད་པའི་མདོ་དང་། མཚན་རབ་བདུན་ཡོངས་སུ་བསྟན་པའི་མདོ་སྟེ། ཡོན་ཏན་གྱི་མདོ་བདུན་བཅས་བསྡོམས་པས་མདོ་རྒྱུད་ཉི་ཤུ་རྩ་གཅིག་གསུངས་པའོ། །ཕྱག་སྟོང་སྤྱན་སྟོང་གི་གཟུངས་ནས་གསུངས་པ་ནི། བཅོམ་ལྡན་འདས་རྒྱ་གར་གཉན་ཡོད་ཀྱི་ཨ་མྲའི་ཚལ་དུ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཆོས་བསྟན་པ་ལས་འཁོར་རྣམས་ཀྱི་ནང་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་རྫུ་འཕྲུལ་ཕྱོགས་བཅུར་བཏང་ནས། རིགས་དྲུག་གི་སེམས་ཅན་གྱི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད་པའི་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུའི་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་ཆོ་འཕྲུལ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་འདི་འདས་པའི་བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ནས་སངས་རྒྱས་ཟིན་པ་ཡིན་ཏེ། མཚན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱའོ། །ཐོག་མར་བྱམས་པ་དང་སྙིང་རྗེ་བསྒྲུབས་ཏེ་ཐུགས་བསྐྱེད་ཚུལ་ཞིག་གིས། ད་དུང་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་གིས་སེམས་ཅན་རྣམས་ཕན་པ་དང་བདེ་བ་ལ་འགོད་པ་ཡིན་ནོ། །སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་ན་ཡང་སྡིག་པ་གྲངས་མེད་པ་བྱང་ཞིང་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། འདི་ནས་ཤི་འཕོས་ན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་པདྨ་དཀར་པོའི་མདོ་ལས་གསུངས་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཇི་སྙེད་ཅིག་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་བ་དེ་དག་ལ་སྤྱན་གྱིས་ཁྱབ་པར་གཟིགས་ནས། སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་ལས་ཐར་བར་མཛད་དོ། །ཞེས་གསུངས་ཤིང་། སྤྱན་རས་གཟིགས་ཀྱི་མཚན་གྱི་ངེས་ཚིག་ལ་སོགས་པའང་མདོ་དེ་ལས་བསྟན་ཅིང་། སྤྱན་རས་གཟིགས་ཀྱི་མཚན་ཙམ་བཟུང་པས་ཀྱང་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ཞི་བ་དང་། རྒྱུད་ཀྱི་ཉོན་མོངས་པ་དང་བྲལ་ཞིང་། བུ་དང་ནོར་ལ་སོགས་པ་གང་འདོད་ཐམས་ཅད་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ན་ཐོབ་པར་གསུངས་སོ། །ཡང་སངས་རྒྱས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་སོགས་ཀྱི་མཆོད་པ་ཕུལ་བ་ལས། སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ནས་བརྗོད་ནས་ཕྱག་འཚལ་བའི་བསོད་ནམས་ཆེ་བར་གསུངས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རེ་རེ་ལ། དེ་དང་འཚམས་པའི་སྐུ་གཟུགས་རེ་རེར་སྤྲུལ་ནས་ཆོས་སྟོན་ཏོ། །ལ་ལར་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན། ལ་ལ་ལ་ཉན་ཐོས་ཀྱི་གཟུགས་ཀྱིས་ཆོས་སྟོན། ཁ་ཅིག་ལ་ཚངས་པའི་གཟུགས་ཀྱིས་ཆོས་སྟོན། ཁ་ཅིག་ལ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཆོས་སྟོན། ཁ་ཅིག་ལ་དྲི་ཟའི་གཟུགས་ཀྱིས་ཆོས་སྟོན། ཁ་ཅིག་ལ་གནོད་སྦྱིན་གྱི་གཟུགས་ཀྱིས་ཆོས་སྟོན། ཁ་ཅིག་ལ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན་པ་སོགས་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱིས་སྤྲུལ་བ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཐའ་ཡས་པར་མཛད་པར་གསུངས་སོ། །འདི་ནས་སྤྱན་རས་གཟིགས་ལ་འཇིག་རྟེན་དབང་ཕྱུག་ཅེས་པ་ཡང་། སེམས་ཅན་མང་པོ་ཞིག་འཇིག་རྟེན་དབང་ཕྱུག་ཅེས་པའི་མཚན་དང་སྐུ་ཡི་རྣམ་པས་བཏུལ་བའི་ཕྲིན་ལས་མཛད་པས་སྤྱན་རས་གཟིགས་ཀྱི་མཚན་ལ་འཇིག་རྟེན་དབང་ཕྱུག་ཞུ་བ་ལྟར་དུ་གསུངས་པའོ།།
གསུམ་པ་མཆོད་པར་བརྗོད་པ།
གསུམ་པ་མཆོད་པར་བརྗོད་པ་ནི།
གང་མཚན་བདུད་རྩིའི་ཟེགས་མ་གཅིག་ལྷུང་བས།།
ཚེ་རབས་དུ་མར་རྣ་བར་ཆོས་ཀྱི་སྒྲས།།
འགེངས་པའི་ངོ་མཚར་རིན་ཆེན་རྣམ་གསུམ་ཞེས།།
གྲགས་པའི་དཔལ་དེས་ཀུན་ཏུ་ཤིས་གྱུར་ཅིག།
ཅེས་གསུངས་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་གང་གི་མཚན་གྱི་སྒྲ། འཆི་སོས་ཀྱི་བདུད་རྩི་ལྟ་བུ། ཐར་པའི་སྲོག་སྦྱིན་པར་བྱེད་པའི་ཟེགས་མའམ་ཐིགས་ཕྲན་གཅིག་གི་ཆ་ཤས་ཙམ་ཡང་། སེམས་ཅན་ལས་སྐལ་དང་ལྡན་པ་སུ་ཞིག་གི་རྣ་བར་ལྷུང་བའམ་ཐོས་པས་ཀྱང་། ཚེ་རབས་ཀུན་ཏུ་མཐོ་རིས་ཀྱི་རྟེན་ལ་རིགས་བཟང་པོར་སྐྱེས་ནས། དམ་པའི་ཆོས་ཐོས་པ་དང་མི་འབྲལ་བར་དམ་པའི་ཆོས་སྒྲས་རྣ་བར་འགེངས་བར་བྱེད་པའི་ངོ་མཚར་དང་ལྡན་པ་འཁོར་བའི་སྲིད་པ་ཕ་མཐའ་བྱེད་པའི་དཀོན་པ་རྣམས་ཀྱི་མཆོག་རིན་ཆེན་རྣམ་གསུམ་ཞེས། མཐའ་ཡས་རྒྱལ་བའི་ཞིང་ཀུན་ཏུ་གྲགས་པའི་དཔལ་དང་ལྡན་པ་དེས། ཀུན་ཏུ་དགེ་བའི་ཤིས་པ་སྩོལ་བར་གྱུར་ཅིག་ཅེས། ཡུལ་དམ་པ་ལ་མཆོད་པ་བརྗོད་པའི་ཤིས་ཚིག་གིས། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །གསུངས་པ་ལྟར་དུ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རྒྱ་ཆེན་ཐོབ་པར་འགྱུར་བ་ཡིན་པས་དེ་ལྟར་གསུངས་པའོ། །བཞི་པ་བརྩམ་པར་དམ་བཅའ་བ་ལ། ང་རྒྱལ་སྤངས་པའི་དམ་པའི་རྣམ་ཐར་གྱིས་ཁེངས་སྐྱུང་མཛད་པ་དང་། ཇི་ལྟར་བསྐུལ་བའི་དོན་བཞིན་བརྩམ་པར་དམ་བཅའ་བ་གཉིས་ལས།
དང་པོ་ང་རྒྱལ་སྤངས་པའི་དམ་པའི་རྣམ་ཐར་གྱིས་ཁེངས་སྐྱུང་མཛད་པ།
དང་པོ་ང་རྒྱལ་སྤངས་པའི་དམ་པའི་རྣམ་ཐར་གྱིས་ཁེངས་སྐྱུང་མཛད་པ་ནི།
གང་ཞིག་སྟོན་གྱི་དུས་ན་ཨ་མྲའི་འབྲས།།
ཁ་ཅིག་ནང་མ་སྨིན་ཀྱང་ཕྱི་སྨིན་འདྲར།།
སྣང་བ་དེ་ལྟར་ཆོས་པའི་གཟུགས་བརྙན་བདག།
སེམས་དང་ཆོས་མ་འདྲེས་ཕྱིར་ཆོས་གཏམ་དཀོན།།
ཞེས་གསུངས་ཏེ། རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་དབུ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །གསུངས་པ་ལྟར་དུ་སྟོན་ཀའི་དུས་སུ་ཤིང་ཏོག་ཨ་མྲའི་འབྲས་བུ་འགའ་རེ་ཕྱི་སྨིན་ལ་ནང་མ་སྨིན་པ་དང་། འགའ་རེ་ནང་སྨིན་ཀྱང་ཕྱི་མ་སྨིན་པ་དང་། ཕྱི་ནང་གཉིས་ཀ་མ་སྨིན་པ་ལ་སོགས་པ་མུ་བཞིའི་དབྱེ་བ་ཡོད་པ་དེ་ལྟར། གང་ཟག་འགའ་ཞིག་ཕྱི་ཚུལ་ནས་བལྟས་ཚེ་ཕྱི་ནང་གཉིས་ཀར་དམ་པའི་ཆོས་ཀྱི་བྱིན་རླབས་ཐོབ་སྟེ། རྒྱུད་སྨིན་པའི་ཡོན་ཏན་ལོས་ལྡན་བསམ་པ་ལྟ་བུ་ཡོད་ཀྱང་། དོན་གྱིས་དཔྱད་ཚེ་ཕྱི་ནང་ཆ་མི་མཚུངས་པར་ནང་མ་སྨིན་པ་སྟེ། དཔལ་སྤྲུལ་རིན་པོ་ཆེའི་གསུངས་གཞན་དག་གི་ནང་དུ། ཁ་ཚིག་གཟུགས་ཀྱིས་བཅོས་པའི་ཆོས་པ། །ཡང་དག་ཆོས་དང་རྒྱང་ཐག་རིང་སྟེ། །ལུང་རྟོགས་ཡོན་ཏན་གང་དུ་སོང་བ། །སྙིགས་མའི་ཆོས་པས་ཤེས་ཚོད་མ་རེད། །ཅེས་གསུངས་པ་ལྟར་དུ། དེ་ལྟ་བུ་དག་གི་ང་རྒྱལ་བཅོམ་པའི་ཕྱིར་དང་། དམ་པའི་རང་གཤིས་ང་རྒྱལ་སྤོང་བ་ཡིན་པས། བདག་ལྟ་བུ་སེམས་དང་ཆོས་མ་འདྲེས་པ་གོང་གི་དཔེ་དང་ཆོས་མཚུངས་ཡིན་པས། སྡེ་སྣོད་རྒྱུད་སྡེ་དང་འབྲེལ་པའི་ཆོས་གཏམ་བཤད་རྒྱུ་དཀོན་ཞེས་ཁེངས་སྐྱུང་མཛད་པའི་ཞོར་དུ། ཆོས་པ་ངོ་མ་ཕྱི་ནང་གཉིས་ཀ་མཚུངས་པ་ནི། ཆོས་དང་རང་རྒྱུད་འདྲེས་པ་ཞིག་ཡིན་པའང་བསྟན་ཏོ།།
གཉིས་པ་ཇི་ལྟར་བསྐུལ་པའི་དོན་བཞིན་བརྩམ་པར་དམ་བཅའ་བ།
གཉིས་པ་ཇི་ལྟར་བསྐུལ་པའི་དོན་བཞིན་བརྩམ་པར་དམ་བཅའ་བ་ནི།
དེ་ལྟར་ན་ཡང་དམ་པ་ཁྱེད་ཀྱི་བཀས།།
བསྐུལ་བའི་ནན་མ་ལྡོག་ཕྱིར་དྲང་པོའི་ངག།
སྙིགས་སྤྱོད་ཕལ་པའི་ཚུལ་དང་མི་མཐུན་པར།།
གཡོ་སྒྱུ་མེད་པའི་སེམས་ཀྱིས་གསོལ་འདིར་དགོངས།།
ཞེས་གསུངས་ཏེ། རང་རྒྱུད་ཆོས་དང་མ་འདྲེས་པས་དོན་དང་ལྡན་པའི་ཆོས་ཀྱི་འབེལ་གཏམ་སྨྲ་བ་དཀོན་པ་དེ་ལྟར་ན་ཡང་། སྐུལ་བ་པོ་དམ་པ་ཁྱེད་ཀྱིས་ནན་ཏན་གྱིས་བསྐུལ་པའི་གསུང་ངོ་ལྡོག་མ་ཐུབ་པའི་ཕྱིར་དྲང་པོའི་ངག་གིས། ཀློང་ཆེན་པས་རྒྱུ་ལ་ཁམས་བསྡུས་མེ་ཏོག་ཕྲེང་ལྡན་གྱི་ནང་དུ། མཐུན་འཇུག་མཁན་ལ་དགེ་བཤེས་བཟང་པོར་བརྩི། །གཡོན་ཅན་ཚུལ་འཆོས་མཁན་ལ་བཙུན་པར་སྨྲ། །ཚིག་རྩུབ་གླེན་ཟོག་མཁན་ལ་བཟང་པོར་བརྩི། །དེ་འདྲའི་སྐྱེ་བོ་མཐོང་ནས་ཁམས་འདི་འདུས། །ཞེས་པ་ལྟར་དུ། སྙིགས་སྤྱོད་ཕལ་པའི་ངོ་བསྟོད་དང་གཅམ་བུའི་ཚུལ་དང་མི་མཐུན་པར། སྐྱོན་ཡོད་ཀྱང་མེད་པར་བསྒྱུར་པའི་གཡོ་དང་། ཡོན་ཏན་མེད་ཀྱང་ཡོད་པར་འཆོས་པའི་སྒྱུ་མེད་པའི་ཕན་སེམས་བསམ་པ་བཟང་པོ་ལྡན་པའི་དྲང་པོ་འཁྱོག་ལ་མ་འཆང་བའི་ངག་གིས་གསོལ་བ་སྟེ་ཞུ་བས་འདིར་དགོངས། །ཞེས་གསུངས་པའོ། །དེ་ཡན་གྱིས་བཤད་བྱའི་ཡན་ལག་བཤད་པ་ཀླད་ཀྱི་དོན་སོང་སྟེ། སྤྱི་དོན་གྱི་ཆིངས་གཉིས་པ་གཞུང་གི་དོན་ལ། ཐོག་མར་དགེ་བ་སྙིགས་མའི་སྤྱོད་པ་ལ་སྐྱོ་བའི་གཏམ། བར་དུ་དགེ་བ་ལྟ་སྒོམ་སྤྱོད་གསུམ་གཏན་ལ་འབེབས་པའི་གཏམ། མཐའ་མར་དགེ་བ་ངེས་འབྱུང་ཆོས་ལ་བསྐུལ་བའི་གཏམ་དང་ས་བཅད་རྣམ་པ་གསུམ་ལས། དང་པོ་ཐོག་མར་དགེ་བ་སྙིགས་མའི་སྤྱོད་པ་ལ་སྐྱོ་བའི་གཏམ་ལ། དུས་ངན་གྱི་བསམ་སྤྱོད་ངན་པའི་མཚང་བགྲང་བ་དང་། དེ་ལ་སྐྱོ་བ་དང་དེ་ལས་ཐར་བར་བྱ་དགོས་པར་བསྐུལ་ནས་ངེས་འབྱུང་གི་གནད་བསྟན་པ། འཁྱོག་པོས་དྲང་པོ་ཡིན་ཡང་འཁྱོག་པོར་མཐོང་བའི་སྐྱོ་བའི་རབས་ཀྱིས་མཐའ་བསྡུ་བ་གསུམ་ལས།
དང་པོ་དུས་ངན་གྱི་བསམ་སྤྱོད་ངན་པའི་མཚང་བགྲང་བ།
དང་པོ་དུས་ངན་གྱི་བསམ་སྤྱོད་ངན་པའི་མཚང་བགྲང་བ་ལ་ལྔ་ལས།
དང་པོ་སྙིགས་སྤྱོད་ངན་པའི་མཚང་ནས་འདོན་པར་དགོངས་ཏེ་དྲང་པོའི་ལམ་བཟང་གི་ཚུལ་བསྟན་པ།
སྙིགས་སྤྱོད་ངན་པའི་མཚང་ནས་འདོན་པར་དགོངས་ཏེ་དྲང་པོའི་ལམ་བཟང་གི་ཚུལ་བསྟན་པ་ནི།
དྲང་སྲོང་ཆེན་པོ་ཐུབ་དབང་ལྷའི་ཡང་ལྷས།།
དྲང་པོའི་ལམ་ནས་དྲང་པོའི་གོ་འཕང་བརྙེས།།
དྲང་པོའི་ལམ་བཟང་འགྲོ་ལ་དྲང་པོར་སྟོན།།
དེ་སླད་དྲང་སྲོང་ཆེ་ཞེས་གྲགས་མིན་ནམ།།
ཞེས་གསུངས་ཏེ། སྲིད་ན་ཆེ་བའི་དྲང་སྲོང་ཆེན་པོ་ཉེས་སྤྱོད་དང་། ཅ་ཅོ་འཁྲུལ་བར་བཅས་པ་མི་མངའ་བའི་བདག་ཅག་གི་སྟོན་པ་སྐུ་གསུང་ཐུགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཐུབ་པས་ན་ཐུབ་པ་བཅོམ་ལྡན་འདས་ཏེ། སྐུ་ཐུབ་སྟེ་སྟག་དང་སྤྲེའུ་ལྟར་དུ་མི་མཛད། གསུང་ཐུབ་སྟེ་ཅ་ཅོ་དང་ག་ཞ་མི་སྨྲ། ཐུགས་ཐུབ་སྟེ་མཉམ་པར་མ་བཞག་པ་མི་མངའ་བའི་མཆོག་གི་རབ་ཏུ་གྱུར་པ། འཇིག་རྟེན་ན་ཆེ་བའི་ལྷ་ཆེན་རྣམས་ཀྱིས་ཀྱང་། རལ་པའི་ཅོད་པན་གྱི་རྩེ་མོས་གང་ཞབས་སྤྱི་བོར་ལེན་པས་ལྷའི་ཡང་ལྷ་རུ་གྱུར་པ་མཉམ་མེད་རྫོགས་པའི་སངས་རྒྱས་དེས། མཐའ་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བའི་མི་གནས་པའི་བྱང་ཆུབ་ཀྱི་སེམས་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུར་གྱུར་བའི་དྲང་པོའི་ལམ་བཟང་པོ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཀྱི་དྲང་པོའི་གོ་འཕང་དམ་པ་བརྙེས་ཏེ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་ནས། རང་ཉིད་ཀྱིས་བརྙེས་པའི་དྲང་པོའི་བྱང་ཆུབ་ལམ་བཟང་དེ་ཉིད་འགྲོ་བ་རྣམས་ལ་དྲང་པོར་སྟོན་པ་མཛད་པས། ཐུབ་པ་རྒྱལ་བའི་དབང་པོ་གང་ལ་དྲང་སྲོང་ཆེན་པོ་ཞེས་པའི་མཚན་ཐོགས་པ་མ་ཡིན་ནམ། ཞེས་གསུངས་པའོ། །ཐུབ་པའི་དབང་པོ་བཅོམ་ལྡན་འདས་ལ་བསྟོད་བསྔགས་བརྗོད་ནས་འཁྱོག་པོའི་ལམ་དེ་ཟོལ་གྱིས་སྨད་པའོ།།
གཉིས་པ་དྲང་པོ་ལས་ལྡོག་པའི་འཁྱོག་སྤྱོད་གཡོ་སྒྱུ་ཟོལ་ཟོག་གི་སྣང་ཤེས་ཅན་གྱི་མཚང་འདོན་མཛད་པ།
གཉིས་པ་དྲང་པོ་ལས་ལྡོག་པའི་འཁྱོག་སྤྱོད་གཡོ་སྒྱུ་ཟོལ་ཟོག་གི་སྣང་ཤེས་ཅན་གྱི་མཚང་འདོན་མཛད་པ་ནི།
ཀྱེ་མ་སྙིགས་མའི་དུས་འདིར་འགྲོ་བའི་རྒྱུད།།
དྲང་པོའི་གཞུང་བཟང་ཉམས་ནས་གཡོ་སྒྱུར་སྤྱོད།།
དེ་སླད་འཁྱོག་པོའི་བློ་དང་འཁྱོག་པོའི་ངག།
གྱ་གྱུས་གཞན་སེམས་བསླུ་ལ་སུ་ཡིད་གཏོད།།
ཅེས་གསུངས་ཏེ། ཀྱེ་མ་ཞེས་སྐྱོ་བའི་ངག་གིས་སྣ་དྲངས་ཏེ་ཚེ་དང་དུས་དང་ལྟ་བ་དང་ཉོན་མོངས་དང་སེམས་ཅན་གྱི་སྙིགས་མ་ལྔ་བདོ་ཞིང་སྨིན་པའི་དུས་འདིར། འགྲོ་བའི་ཤེས་རྒྱུད་དྲང་པོའི་གཞུང་བཟང་ཡ་རབས་དྲ་མའི་སྲོལ་དང་། སྔར་ཡོད་དགེ་བཅུའི་ཁྲིམས་ལས་འདས་ཤིང་ཉམས་ནས། ཁོང་གི་གསུང་གཞན་ལས། དུས་ངན་སྐྱེ་བོའི་བསམ་སྤྱོད་གྱ་མ་གྱུ། །སུ་དང་མཐུན་ཡང་དམ་པའི་ཆོས་དང་འགལ། །གསུངས་པ་ལྟར་དུ་གྱུར་ནས། གཡོ་སྒྱུར་སྤྱོད་པ་ཡིན་པ་དེ་ཡི་སླད་ན། དུས་ངན་སྐྱེ་བོའི་འཁྱོག་པོའི་བློ་ཐབས་སྣ་ཚོགས་ཀྱིས་ཕ་རོལ་བསླུ་བར་བྱེད་པའི་བསམ་པ་དང་། དེས་ཀུན་ནས་བསླངས་པའི་དྲང་པོའི་གནམ་ཐིག་ལྟ་བུ་མ་ཡིན་པའི་འཁྱོག་པོའི་ངག་རྫུན་དང་། ཟོལ་ཟོག་ཚུལ་འཆོས་ཕར་འཁྱོག་ཚུར་འཁྱོག་གྱ་མ་གྱུའི་ངག་ཚིག་གིས་གཞན་སེམས་བསླུ་བར་བྱེད་པ་ལ་བློ་དང་ལྡན་པའི་སྐྱེ་བོ་མ་རྨོངས་པ་ཤེས་པ་མནལ་དུ་ཕབ་པ་སུ་ཞིག་དེར་ཡིད་གཏོད་པར་བྱེད་དེ་མི་བྱེད་དོ། །ཞེས་གསུངས་པའོ། །དེས་ནི་དྲང་དང་འཁྱོག་པོའི་ལམ་གྱི་བཟང་ངན་གྱི་ཁུངས་སྣེའི་གླེང་གཞི་མཛད་དོ།།
གསུམ་པ་སྙིགས་སྤྱོད་དངོས་ལྷོངས་སུ་ཕུད་དེ་མཚང་ནས་འདོན་པ།
གསུམ་པ་སྙིགས་སྤྱོད་དངོས་ལྷོངས་སུ་ཕུད་དེ་མཚང་ནས་འདོན་པ་ནི།
ཀྱི་ཧུད་སྙིགས་འགྲོ་མཐོང་ནས་བློ་འདི་རྨོངས།།
ཀྱེ་མ་སུ་ཡི་ངག་ལ་སུ་ཡིད་རྟོན།།
མི་སྲུན་སྲིན་མོའི་གླིང་ན་གནས་འདྲ་འདི།།
དགོངས་ནས་རང་དྲིན་རང་ལ་ཆེ་བར་མཛོད།།
ཅེས་གསུངས་ཏེ། ཀྱི་ཧུད་ཅེས་སྨྲེ་ངག་གི་ཚིག་དང་བཅས་ནས་སྙིགས་མ་ལྔ་བདོའི་གནས་སྐབས་ན་སྣོད་བཅུད་ཀྱི་རྒུད་པ། དུས་ངན་གྱི་འཚེ་བ། ཁྱད་པར་སེམས་ཅན་གྱི་སྙིགས་མར་གྱུར་བས་སྐྱིད་པོ་མེད་ཅིང་། དེ་ཡང་འགྲོ་བ་ཞེས་པའང་སྡུག་བདེན་གྱིས་བསྡུས་པའི་སྣོད་བཅུད་གཉིས་ཀ་ལ་གོ་ཡང་། སྐབས་འདིར་སྙིགས་ལྔའི་ནང་གི་སྙིགས་མར་གྱུར་པའི་སེམས་ཅན་ལ་གཙོ་བོར་གོ་བས། སེམས་ཅན་དེ་དག་གིས་ཀྱང་བསམ་པས་བདེ་བ་འདོད་ཀྱང་སྦྱོར་བས་རང་གཞན་ཕུང་ལ་སྦྱོར་པའི་བསམ་སྦྱོར་ཕྱིན་ཅི་ལོག་པ་ཁོ་ནས་ངན་སྤྱོད་སྣ་དགུ་བྱེད་པ་འདི་མཐོང་ནས་བློ་འདི་རྨོངས་ཤིང་ཅི་བྱ་གཏོལ་མེད་དུ་གྱུར་ཏོ། །ཡང་ཀྱེ་མ་ཞེས་སྐྱོ་བའི་སྨྲེ་ངག་མྱ་ངན་གྱི་ཉམས་བཅས། སུ་ཡི་ངག་ལ་སུ་ཞིག་ཡིད་རྟོན་བློ་ཁེལ་གྱིས་བློ་གཏོད་བྱ་སྲིད་དེ། དུས་ལ་མངོན་པར་སྐྱོ་བའི་རབས་བི་ཛ་ཧ་རཾ་ལས། སྔོན་དུས་ཁོང་ཡངས་ལྷོད་ཆ་ཆེ་ན་ཡང་། །ད་དུས་གྲིམ་པས་ཅུང་ཟད་ཙམ་གྱི་ཕྱིར། །ཕ་དང་བུ་འཐབ་དཔོན་སློབ་མཛའ་བཤེས་འབྲལ། །རང་བཞིན་ཀུན་སྤྱོད་ངན་པས་སེམས་འདི་སྐྱོ། །ཞེས་ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར་དུ་བློ་གཏད་དང་ཡིད་ཆེས་ཆོག་ས་སུ་ཡང་མེད་པར་སྲིན་མོའི་གླིང་དུ་ཐོན་པ་ལྟ་བུ་རེད་ཅེས་ཏེ། དེ་ཡང་ཐུགས་རྗེ་ཆེན་པོས་ཚོང་པ་རྣམས་སིངྒ་ལའི་སྲིན་མོའི་གླིང་ནས་བཏོན་པའི་ལེའུ་ལས། གནའ་སྔ་མོ་སྔ་མོ་ཞིག་ལ། རྒྱ་གར་གྱི་ཡུལ་ནས་དེད་དཔོན་ནམ་ཚོང་དཔོན་ཆེན་པོ་གྲུའི་གཟིངས་ཀྱི་ཁ་ལོ་བསྒྱུར་པ་ཞིག་གིས། ཚོང་པ་ལྔ་བརྒྱ་ཁྲིད་དེ་རྒྱ་མཚོའི་ནང་དུ་རིན་པོ་ཆེ་ལེན་དུ་ཕྱིན་པར། དེ་དུས་ཀྱི་གྲུ་གཟིངས་ཆེན་པོ་རྣམས་རྒྱ་མཚོའི་ནང་ནས་བསྐྱོད་དུས། རས་ཀྱི་དར་ཡོལ་ཆེན་པོ་ཕྱར་ཏེ་རླུང་ཤུགས་ཀྱིས་འགྲོ་བས། སྟབས་ལེགས་ན་འགྲོ་དགོས་པའི་སར་ཕྱིན་ཡང་། སྟབས་མ་ལེགས་ན་ཕྱིན་ཅི་ལོག་ཏུ་རླུང་གིས་འདེད་པའང་སྲིད་པས། དེད་དཔོན་གྱིས་ཁྲིད་པའི་ཚོང་པ་ལྔ་བརྒྱའི་གྲུ་གཟིངས་མི་འདོད་པའི་རླུང་གིས་བདས་ཏེ། སིངྒ་ལ་ཞེས་པའི་རྒྱ་མཚོའི་གླིང་ཕྲན་ཞིག་ན་སྲིན་མོའི་གླིང་ཡོད་པ་དེར་ཕྱིན་པར། སྲིན་མོ་ལྔ་བརྒྱས་ཚོང་པ་ལྔ་བརྒྱ་བསླུ་ཐབས་ཀྱིས་བསླུས་ནས་མཐའ་མར་གསོད་པར་སེམས་ཏེ། གཞོན་ནུ་མ་ལྔ་བརྒྱའི་གཟུགས་དང་ཆ་བྱད་བྱས་ནས། ཚོང་པ་ལྔ་བརྒྱའི་འདུན་བསུས་ཏེ་བསླུ་ཐབས་སྣ་ཚོགས་ཀྱིས་བྲིད་ནས་མགོ་གཡོགས་པས། ཚོང་པ་རྣམས་སྲིན་མོའི་གླིང་ལ་སོང་སྟེ་སྲིན་མོ་རྣམས་དང་ཁྱིམ་ཐབ་བྱས། སྲིན་མོའི་གཙོ་མོ་དང་དེད་དཔོན་གཉིས་ཁྱིམ་ཐབ་བྱས་ནས་བསྡད་དོ། །དུས་ཡུན་གང་འཚམས་ཤིག་སོང་རྗེས། དགོང་གཅིག་ལ་སྲིན་མོས་གཉིད་འོག་ནས་ཧ་བགད་ཆེན་པོ་ཞིག་བྱས་ཏེ་བླ་བརྡོལ་གྱི་ཚིག་གམ་གཉིད་ལབ་ཁ་ཤས་སྨྲས་པས། དེད་དཔོན་དོགས་པ་ཟོས་ཏེ་སྲིན་མོ་གཉིད་མ་སད་བཞིན་དུ་མོ་རང་གིས་བཤད་པའི་གཏམ་དེར་མཐུད་དེ་སྐད་ཆ་དྲིས་པས། སྲིན་མོས་སྨྲས་པར་གནས་འདི་སྲིན་མོའི་གླིང་ཡིན། ཚོང་པ་གསར་བ་འཛམ་བུ་གླིང་ནས་ཐོན་མ་ཐག་ཏུ་ཁྱེད་ཅག་ཟ་རྒྱུ་ཡིན། ཚོང་པ་རྙིང་པ་བརྒྱ་ཕྲག་མང་པོ་ཟོས་ཟིན། ཟོས་མ་ཚར་པ་རྣམས་ཡར་ཀའི་ལུང་པའི་ཕུ་རུ་ལྕགས་ཀྱི་ཁང་པའི་ནང་དུ་བཙུད་ཡོད་ཅེས་བཤད་པས། དེད་དཔོན་གྱིས་དེ་མ་ཐག་ཏུ་གླེན་མའི་དྲ་བ་ཞེས་པའི་རིགས་སྔགས་ཤིག་སྲིན་མོར་བཏབ་ཏེ་གཉིད་སད་དུ་མེད་པར་བྱས་ཏེ་འཇབ་བུས་སྒོར་བུད་ནས་སྲིན་མོས་བཤད་པའི་ས་ཕྱོགས་སུ་བདེན་མིན་ལྟ་རུ་ཕྱིན་ནས། ཤིང་སྡོང་ཞིག་གི་རྩེར་འཛེགས་ནས་ལྕགས་ཀྱི་ར་བའི་ནང་དུ་བལྟས་ཚེ། སྲིན་མོས་སྨྲས་པ་ཇི་བཞིན་ཚོང་པ་བཟས་མ་ཚར་པ་རྣམས་དེར་བཙུད་ནས་བཞག་ཡོད་པ་རིག་པས། ཡང་ཕྱིར་སྲིན་མོའི་གམ་དུ་འོངས་ནས་འདི་ནས་ཐར་བའི་ཐབས་ཅི་ཡོད་ཅེས་དྲིས་པ་དང་། སྲིན་མོས་གཉིད་མ་སད་བཞིན་དུ་སྨྲས་པར་མི་རྣམས་ཀྱིས་མི་ཤེས་པ་ཡིན་གྱི་མ་གཏོགས་ཐར་ཐབས་ཡོད། ཚེས་ཆེན་བཅོ་ལྔའི་དགོང་མོར་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རྟའི་རྒྱལ་པོ་བ་ལ་ཧ་ཞེས་ཀྱང་བྱ། སྤྲིན་གྱི་ཤུགས་ཅན་ཞེས་ཀྱང་བྱ་བ་ཞིག་སིངྒ་ལའི་གླིང་འདིར་བབ་ནས། སྨན་སྤེད་ཏའི་རྩྭ་ཟོས་ནས་གསེར་གྱི་བྱེ་མའི་ནང་དུ་ཕར་འགྲེ་ཚུར་འགྲེ་ལན་གསུམ་བྱས་ནས་ལུས་སྤྲུགས་ནས། མི་སྐད་ཀྱིས་སྲིན་མོའི་གླིང་ནས་ཐར་བར་འདོད་པ་ཡོད་ན། ང་ལ་འཇུས་ཤིག སྤུ་ཉག་རེ་ལ་འཇུས་ཀྱང་ཐར་རོ། །ཆགས་ཞེན་འཁྲི་བས་ཕྱིར་བལྟས་མ་ཤོར་བ་གྱིས་གསུངས་པས་དེ་ལྟར་བྱས་པ་རྣམས་ཐར་བ་ཡིན་ཞེས་བཤད་པས། དེད་དཔོན་གྱིས་དོན་རྣམས་ཁོང་དུ་ཆུད་ནས། ཕྱི་ཉིན་ལྐོག་ནས་ཚོང་རོགས་ལྔ་བརྒྱ་བསྡུས་ཏེ་འུ་ཅག་ཕྱིན་པའི་གནས་འདི་སྲིན་མོའི་གླིང་དུ་འདུག་གོ །བཟའ་ཟླ་བྱས་ནས་ཁྱིམ་ཐབས་སུ་སྦྲེལ་ཡོད་པ་འདི་དག་སྲིན་མོར་འདུག་གོ །འདི་དག་གིས་རང་གཟུགས་དངོས་མ་མ་བསྟན་པ་ཡིན་འདུག་པས། ནམ་ཞིག་ཚོང་པ་གསར་བ་ཐོན་དུས་འུ་ཅག་ཟ་རྒྱུ་ཡིན་ཚུལ། ཐར་ཐབས་དང་བཅས་པ་བཤད་ནས་སྲིན་མོ་རྣམས་ལ་ཟེར་མི་རུང་བའི་ཚིག་ཁ་བསྡམས་ནས། ཞག་གསུམ་གྱི་རྗེས་ནས་དུས་ཆད་ཀྱི་ཐོག་ཏུ་ཐམས་ཅད་འཛོམ་རྒྱུ་བྱས་སོ། །ཞག་མ་གསུམ་རྗེས་ཀྱི་ཚེས་ཆེན་བཅོ་ལྔའི་དགོང་མོར་ཟླ་བ་ཤར་རིའི་རྩེ་ནས་ཤར་ཚེ། རྟ་རྒྱལ་བ་ལ་ཧས་སྨན་སྤེད་ཏའི་རྩྭ་ཟོས་གསེར་གྱི་བྱེ་མའི་ནང་དུ་འགྲེ་ལྡོག་ལན་གསུམ་བྱས་ནས། མི་སྐད་ཀྱིས་སྲིན་མོའི་གླིང་ནས་བྲོས་ཏེ་འཛམ་བུའི་གླིང་དུ་ཐར་འདོད་པ་ཡོད་ན་ང་ལ་འཇུས་གསུངས་ཚེ། དེད་དཔོན་གྱིས་དེ་མ་ཐག་ཏུ་བསམ་བློ་ཅི་ཡང་མ་བཏང་བར་རྟ་མཆོག་གི་གོང་དུ་བུད་དོ། །ཚོང་པ་གཞན་པ་རྣམས་ཀྱིས་ཀྱང་ཅི་ཟིན་གང་ཟིན་གྱིས་རྟ་མཆོག་ལ་འཐམས་པས། དེས་རྐྱེན་གྱིས་སིང་ག་ལའི་གླིང་དེར་གཡོ་འགུལ་ཆེན་པོ་ཞིག་བྱུང་བས། སྲིན་མོ་རྣམས་ཀྱིས་ཤེས་ནས་ངེད་ཅག་མ་སྐྱུར་ཞེས་ངུ་འབོད་ཆེན་པོ་བྱས་པས། དེད་དཔོན་དང་། ཚོང་ཕྲུག་ཁ་ཤས་ཙམ་མིན་པས་ཆགས་ཞེན་གྱིས་ཕྱིར་བལྟས་ཤོར་བས་མཚོ་ནང་དུ་ལྷུང་བར་སྲིན་མོ་རྣམས་ཀྱིས་འཇིགས་སུ་རུང་པ་འདྲེ་ཡི་རང་གཟུགས་བསྟན་ཏེ་མཚོ་ནང་ནས་བླངས་ཏེ་དེ་མ་ཐག་ཏུ་ཟོས་སོ། །ཆགས་ཞེན་དང་། ཕྱིར་བལྟས་མ་བྱས་པ་རྣམས་ནི་རང་རང་གི་ཕ་ཡུལ་དུ་ཕྱིན་ཏོ། །རྟ་མཆོག་བ་ལ་ཧ་ཡང་ཚོང་པ་རྣམས་འཛམ་བུ་གླིང་དུ་བསྐྱལ་རྗེས་མི་སྣང་བར་གྱུར་ཏོ། །དེ་བཞིན་དུ་གཉེན་ཉེ་མཛའ་བཤེས་མཐུན་གྲོགས་གང་ཡིན་ཡང་། ཡང་དག་པའི་ལམ་སྟོན་ཤེས་མཁན་དང་། ཡང་དག་པའི་ལམ་སྟོན་པ་དུས་ངན་འདིར་ཡོད་པ་མིན་པས། འཕྲལ་ཕུག་ཡུན་ལ་ཕན་པའི་དམ་ཆོས་བསྒྲུབས་ཏེ། མི་རྟག་སྲིན་མོའི་གླིང་ལྟ་བུའི་འཁོར་བའི་གནས་ནས་བྲོས་ན་རང་དྲིན་རང་ལ་ཆེ་བས་དེ་ལྟར་མཛོད་དང་། རང་གཞན་ཀུན་ལ་ཕན་ཞིང་། གནས་སྐབས་དང་མཐའ་ཐུག་ཀུན་ཏུ་བདེ་བ་ཡིན། །ཞེས་གསུངས་པའོ།།
བཞི་བ་མི་ཚེ་ཡུད་ཙམ་ཡིན་པས་ནམ་འཆི་ངེས་མེད་ཡིན་པའི་ཚུལ་བསྟན་པ།
བཞི་བ་མི་ཚེ་ཡུད་ཙམ་ཡིན་པས་ནམ་འཆི་ངེས་མེད་ཡིན་པའི་ཚུལ་བསྟན་པ་ནི།
སྔོན་ཡང་རང་སེམས་རྣམ་ཤེས་གཅིག་པུ་ཞིག།
འཁྱམས་ཤིང་ལས་ཀྱིས་བདས་ནས་འདིར་སྐྱེས་ཟིན།།
ད་ཡང་མར་གྱི་དཀྱིལ་ནས་སྤུ་བཏོན་ལྟར།།
ཐམས་ཅད་བཞག་ནས་རང་ཉིད་གཅིག་པུར་འགྲོ།།
ཞེས་གསུངས་ཏེ། སྔོན་སྐྱེ་བ་ཐོག་མེད་ནས་ད་ལྟའི་བར་དུ་རང་སེམས་རྣམ་ཤེས་གཅིག་བུ་ཞིག་འཁྱམས་ནས་ཁྱིམ་བཟའ་ཚང་གཅིག་གི་མིས་ཀྱང་གང་ནས་འོངས་ངོ་མི་ཤེས་པའི་ཆ་མེད་པའི་རྣམ་ཤེས་འཁྱམ་པོ་ཚོ་གཅིག ལུས་རྟེན་འདི་ལྟ་བུ་ཞིག་ཏུ་ལས་ཀྱིས་བདས་ཤིང་འཕངས་ནས་འདིར་སྐྱེས་ཟིན་ཏེ། མི་ཚེ་ཉི་མ་ཁ་ཤས་ལྟ་བུ་དུས་ཡུན་ཐུང་ངུ་ཞིག་ལ་མགྲོན་ཁང་དུ་འགྲུལ་བ་ཞག་སྡོད་བྱས་པ་བཞིན་དུ་མཉམ་དུ་བསྡད་ནས། ད་ཡང་དུས་མ་ངེས་པའི་ཉིན་གཅིག་ལ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་དུ། ཁྱིམ་བཟའ་ཚང་རྒྱུ་ནོར་རྫས་ཐ་ན་རང་ཉིད་ཀྱི་ལུས་ནས་བཟུང་སྟེ་ཐམས་ཅད་བཞག་པའམ་བསྐྱུར་ནས་རང་ཉིད་ཀྱི་རྣམ་ཤེས་འཁྱམ་པོ་དེ་ཕྱི་མའི་ཡུལ་དུ་གཅིག་པུར་གྲོགས་མེད་ཁེར་རྐྱང་དུ་དང་པོ་འོངས་པ་ལྟར་དུ་འགྲོ་དགོས་པ་ཡིན། །ཞེས་གསུངས་པའོ།།
ལྔ་བ་ལུས་རྟེན་འདིའི་ཐོག་ནས་དམ་ཆོས་མ་འགྲུབ་ན་རང་སྲིད་རང་གིས་བརླག་པའི་ཚུལ་བསྟན་པ།
ལྔ་བ་ལུས་རྟེན་འདིའི་ཐོག་ནས་དམ་ཆོས་མ་འགྲུབ་ན་རང་སྲིད་རང་གིས་བརླག་པའི་ཚུལ་བསྟན་པ་ནི།
རང་སེམས་རང་ལ་མི་དཀར་ཐབས་མེད་ཅིང་།།
རང་བློ་རང་ལ་མི་དྲང་མི་སྲིད་ཀྱིས།།
རང་དོན་སྙིང་པོའི་ལྷ་ཆོས་མ་འགྲུབ་ན།།
རང་སྲིད་རང་གིས་བརླག་པ་མ་ཡིན་ནམ།།
ཞེས་གསུངས་ཏེ། མི་ཞིག་ཡིན་ནས་བཟུང་རང་སེམས་རང་ལ་མི་དཀར་བར་རང་གིས་རང་ལ་བསམ་ནག་བྱ་བ་མི་སྲིད་པས་རང་སེམས་རང་ལ་མི་དཀར་ཐབས་མེད་ཅིང་། དེ་བཞིན་དུ་རང་བློ་རང་ལ་མི་དྲང་པར་འཁྱོག་དང་གཡོ་སྒྱུ་བྱ་བ་མི་སྲིད་པ་ཡིན་པས། རང་དོན་ཡིན་ངེས་ཀྱི་ཚེ་འདི་ཕྱི་ཐམས་ཅད་དུ་རང་ཉིད་ལ་ཕན་ཐོགས་ཡོད་ངེས་པའི་དམ་པའི་ལྷ་ཆོས་བསྒྲུབ་པའི་ཆ་རྐྱེན་ཚོགས་ཤིང་། འཆི་བ་ཤེས་ཤེས་ཁར། མ་ཎི་འཁྱོལ་འཁྱོལ་ཁར་ཡོད་དུས་འདིར་སྙིང་པོའི་ལྷ་ཆོས་མ་བསྒྲུབས་ནས་མ་འགྲུབ་ན། རང་སྲིད་རང་གིས་བརླག་པའམ་རང་ཆུས་རང་གིས་ཕུང་བ་སྟེ་ཚེ་སྐྱེ་བ་རེ་གཉིས་ཙམ་མིན་པར་ཚེ་རབས་གཏན་གྱི་འདུན་མ་བཟང་པོའི་ཆུས་གནད་ཆེན་དེ་རྡོ་མགོ་རུ་བརྒྱབ་ནས་བརླག་པ་མ་ཡིན་ནམ། འདེང་ལོག་བརྒྱབ་ནས་ཚེ་འདིའི་བྱ་བཞག་ཁབ་ཙམ་ལ་བལྟ་ས་ནས། ཚེ་རབས་གཏན་གྱི་འདུན་མ་སྟ་རེ་ཙམ་ཞིག་ཆད་འགྲོ་བ་ཡིན། ཞེས་གསུངས་པའོ། །དེ་ཡན་གྱིས་དུས་ངན་གྱི་བསམ་སྤྱོད་ངན་པའི་མཚང་བགྲངས་ནས། གཉིས་པ་དེ་ལ་སྐྱོ་བ་དང་དེ་ལས་ཐར་བ་བྱ་དགོས་པར་བསྐུལ་ནས་ངེས་འབྱུང་གི་གནད་བསྟན་པ་ལ་གསུམ་ལས།
དང་པོ་འདུ་འཛིའི་འབྲེལ་ཐག་བཅད་དེ་དབེན་པ་བསྟེན་པར་གདམས་པ།
དང་པོ་འདུ་འཛིའི་འབྲེལ་ཐག་བཅད་དེ་དབེན་པ་བསྟེན་པར་གདམས་པ་ནི།
སྙིགས་མའི་སྐྱེ་བོ་བསམ་སྤྱོད་དམན་ཆེས་པས།།
སུས་ཀྱང་རང་ལ་མི་ཕན་གཡོ་སྒྱུས་བསླུ།།
སུ་ལའང་རང་གིས་ཕན་པ་འགྲུབ་དཀའ་བས།།
འདུ་འཛིའི་འབྲེལ་ཐག་བཅད་ན་མི་ལེགས་སམ།།
ཞེས་གསུངས་ཏེ། སྙིགས་མའི་སྐྱེ་བོ་ཡིན་པས་བསམ་པ་དམན་པ་རང་འདོད་ཕུག་བཅུག་གཡོ་སྒྱུ་ཅན་ཡིན་ཞིང་། བསམ་པ་དམན་པ་དེས་དྲངས་པའི་སྤྱོད་པ་ཡང་ལྷག་ཏུ་ངན་པ་མི་དགེའི་སྡིག་ལས་འབའ་ཞིག་བྱེད་པའི་ཆེས་དམན་པའི་བསམ་སྤྱོད་ཅན་གྱིས་རྒྱལ་ཁམས་གང་བའི་དུས་ཚོད་འདིར། མཚང་འདོན་མན་ངག་རྡོ་རྗེའི་ཐོལ་གླུ་ལས། དེང་སང་སྙིགས་མའི་སྐྱེ་བོ་སུ་དང་གང་ཡིན་ཡང་། །སྤྱོད་ལམ་བརྟགས་ཤིང་བརྟགས་ན་ཡིད་སྐྱོ་ལས་མི་འདུག །ཅེས་པ་ལྟར་དུ། སུས་ཀྱང་རང་ཉིད་ལ་ཕན་མི་ཐོགས་ཤིང་། ཐོགས་ཀྱང་མི་བཏགས་པར་གཡོ་སྒྱུས་བསླུ་ཐབས་ལ་འབད་བཞིན་ཡོད་ལ། སུ་ལའང་རང་གིས་ཀྱང་ཕན་པ་འགྲུབ་དཀའ་སྟེ། སྤྱིར་འདི་ཕྱིར་ཕན་ཐོགས་ཅན་གྱི་དམ་པའི་ཆོས་ཀྱིས་ཕན་བཏགས་དགོས་ཀྱང་། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་གདུལ་དཀའི་བསོད་ནམས་མེད་ནས་ལུས་པ་རྣམས། འུ་ཅག་གིས་ཇི་ལྟར་བྱ་ནས་འདུལ་ཐུབ། སྐྱེ་བོ་མི་རྒོད་ཁ་བྱང་བསྟན་གྱི་བྲག་ཕུག་ལྟ་བུ་ལ་དམ་པའི་ཆོས་ཀྱི་ཉི་མ་འཆར་ཐབས་ཡོད་པ་མིན་པས་རང་དོན་གཞན་དོན་གཉིས་ཀ་ཤོར་དུ་འཇུག་པ་ལས། འདུ་འཛིའི་འབྲེལ་ཐག་བཅད་དེ་མི་མེད་དབེན་པའི་རི་ཁྲོད་ལ་རྩེ་གཅིག་དམ་ཆོས་སྒྲུབ་ཏུ་ཕྱིན་ན་མི་ལེགས་སམ། ཞེས་གྲོས་སུ་གདམས་ཏེ་གསུངས་པའོ། །རང་དོན་ཞི་བདེར་གཞོལ་ཏེ་རང་གཅིག་པུ་བདེ་ཐབས་ཀྱིས་སེམས་ཅན་བློས་ཐོངས་ཤོག་ཅེས་པ་མིན་པར་རང་རྒྱུད་ཆོས་ཀྱིས་བཏུལ་ནས་རང་སྣང་དབང་དུ་འདུས་ཚེ་གཞན་སྣང་ཟིལ་གྱིས་གནོན་པའི་དུས་ཚོད་ཡིན་པ་ཤུགས་ཀྱིས་བསྟན་པའོ། །ཆོས་བསྒྲུབ་པར་འཇིག་རྟེན་བློས་བཏང་ཐུབ་དགོས་པས།
གཉིས་པ་འཇིག་རྟེན་བློས་གཏོང་ཐུབ་པའི་གདམས་ངག་བསྟན་པ་ནི་།
གཉིས་པ་འཇིག་རྟེན་བློས་གཏོང་ཐུབ་པའི་གདམས་ངག་བསྟན་པ་ནི་།
བཀུར་ཀྱང་གོང་མ་མཉེས་དུས་མི་འོང་གིས།།
སྐྱོང་ཡང་འོག་མ་མགུ་དུས་མི་འོང་གིས།།
བརྩེ་ཡང་ཕར་བསམ་ཚུར་ལ་མི་སེམས་པའི།།
ཚུལ་འདི་དགོངས་ལ་བློ་ཐག་ཆོད་པར་མཛོད།།
ཅེས་གསུངས་ཏེ། འཇིག་རྟེན་གྱི་བྱ་བ་མང་དག་ཅིག་གོང་མ་བཀུར་ལུགས་འོག་མ་སྐྱོང་ལུགས་མཉམ་པོར་འགྲོགས་ལུགས་ཡིན་པས་དེ་དག་འབའ་ཞིག་ལ་བརྩོན་ནས་མགོ་འཁོར་བཞིན་ཡོད་ཀྱང་། གོང་བཀུར་འོག་སྐྱོང་མཉམ་འགྲོགས་རྣམས་བསྐྱུར་ན་མ་གཏོགས་ལས་ཟིན་ནས་མཇུག་གྲུབ་པའི་དུས་མེད་དོ། །གོང་མ་ནི་བཀུར་ཀྱང་མཉེས་ནས་མགུ་བའི་དུས་མི་འོང་ཞིང་། ཡང་སྒོས་དཔོན་ངན་པ་བཀྱག་གིན་བཀྱག་ལ་ཉིལ་རན་པའི་རི་བོའི་ཁ་འོག་ཏུ་བསྡད་པ་ལྟར་དུ་ཇེ་སྡུག་ཇེ་ཐུ་ཡིན་ཞིང་། སྐྱོང་ཡང་འོག་མ་མགུ་དུས་དང་འཚེང་དུས་མི་ཡོང་བར་དེ་བས་ཆེ་ཞིག་ཐོབ་ཏུ་རེ་ནས་ཁ་གདང་བ་སྲིད་ཅིང་། རྟེའུ་ཆུང་བརྒྱགས་ན་མ་ལ་འཕྲ་ལྕག །ཅེས་པ་ལྟར་དུ་ངན་པས་དྲིན་ལན་ལོག་འཇལ་ཡང་བྱེད་པས། ཇི་སྐད་དུ། ད་ལོ་གཅེས་གཅེས་འདྲ་ཡང་སང་ཕོད་དེ་མེད། །ཉམ་ཆུང་བྱེད་མདོག་ཁ་ཡང་མཐོ་སྣང་ཆེ་འོང་། །ཕར་ལ་བརྩེ་བས་བསྐྱངས་ན་ཕར་ཕར་རིང་བའི། །ཨ་གསར་ཁ་འཛུམ་ངོ་དགའི་སྙིང་གྲོགས་སྐྱུར་ཐོང་། །ཞེས་པ་ལྟར་དང་། །རང་དང་འདྲ་མཉམ་ཡིན་ཡང་མཐུན་པོར་མཉམ་དུ་འགྲོགས་པ་དཀའ་ཞིང་། དང་པོ་ཨ་གསར་གྱི་དུས་ལྟ་བུ་མིན་པར་གཅིག་གི་ངན་སྐྱོན་གཅིག་གིས་ རིག་ནས་རང ་སྐྱོན་ལ་སྐྱོན་དུ་མི་མཐོང་ཡང་། གཞན་སྐྱོན་ལྷག་ཏུ་སྐྱོན་དུ་མཐོང་བས། ཕར་ལ་བསམས་པ་ལྟར་དུ་ཚུར་ལ་བསམ་མཁན་མེད་པའི་ཚུལ་འདི་དགོངས་ཏེ་འདུ་འཛིའི་འབྲེལ་ཐག་གཅད་རྒྱུའི་བློ་ཐག་ནང་ནས་ཆོད་པར་མཛོད། ཅེས་གསུངས་ཏེ་གདམས་ངག་གནང་བའོ།།
གསུམ་པ་ལྷག་པར་དུས་འདིར་གཞན་དོན་ཡང་འགྲུབ་དཀའ་བ་བསྟན་པ།
གསུམ་པ་ལྷག་པར་དུས་འདིར་གཞན་དོན་ཡང་འགྲུབ་དཀའ་བ་བསྟན་པ་ནི།
མཁས་ཀྱང་བསྟན་དོན་མི་འགྲུབ་རྩོད་པ་འཕེལ།།
གྲུབ་ཀྱང་གཞན་དོན་མི་འབྱུང་སྒྲོ་སྐུར་མང་།།
མཐོ་ཡང་སྡེ་ཆུས་མི་ཟིན་ཁེང་ལོག་ཆེ།།
ད་ལྟའི་དུས་འདི་དགོངས་ལ་སྐྱོ་བར་མཛོད།།
ཅེས་གསུངས་ཏེ། མཁས་ཀྱང་མཁས་ཚོད་ཙམ་གྱིས་བསྟན་དོན་མི་འགྲུབ་སྟེ་ཕྱོགས་གཅིག་དགའ་ནས་ཡར་བཀྱག་ཀྱང་། ཕྱོགས་གཅིག་མི་དགའ་ནས་མར་ཕབ་པ་བྱེད་ཅིང་། དེ་གཉིས་ཀའི་བར་ནས་ཕྱོགས་ཞེན་གྱི་རྩོད་པ་འཕེལ་བར་འགྱུར། གྲུབ་ཀྱང་འགའ་རེས་དད་པ་བྱ་སྲིད་ཀྱང་འགའ་རེས་དད་ལོག་བྱེད་པས་དུས་འདིར་མཁས་པ་གྲུབ་པ་གང་ཡིན་ཡང་གཞན་དོན་མི་འབྱུང་བའི་སྟེང་དུ། སྐྱོན་མེད་ཀྱང་ཡོད་པར་མདའ་ལ་སྒྲོ་བཏགས་པ་ལྟར་དུ་ཡར་སྒྲོ་འདོགས་བྱེད། ཡོན་ཏན་ཡོད་ཀྱང་མེད་པར་དངོས་ཡོད་བསྙོན་འཛུགས་བྱེད་ནས་མར་སྐུར་བ་འདེབས་མཁན་མང་། ཐོབ་མངའ་ཐང་མཐོ་ནས་སྡེ་ཆུས་སྔོན་ཟིན་ཡང་། ད་ནི་ཟིན་དཀའ་བ་སྟེ། མི་མང་ཁེང་ལོག་བྱེད། དུས་ཟིང་འཕོ་འགྱུར་ཆེ་བའི་སྐབས་སུ་ཐོན་ཡོད་པས། སྙིགས་དུས་ཀྱི་ཚུལ་ལ་བསམས་ཏེ་སྐྱོ་བ་སྙིང་ནས་སྐྱེ་བར་མཛོད། ཅེས་གསུངས་པའོ། །དཔལ་སྤྲུལ་རིན་པོ་ཆེའི་གསུང་གཞན་ལས་ཀྱང་། དེ་རིང་དགའ་དགའ་འདྲ་ཡང་སང་ཉིན་ཁྲོས་ཡོད། །མི་ངོ་དཀར་ནག་འཚོས་འཚོས་དགའ་དུས་མི་འོང་། །དགའ་ཡང་དགོས་དུས་མི་ཕན་ཡི་ཆད་སྣོན་པ། །ངོ་དགའ་ངོ་བསྟོད་དགོས་པའི་ངོ་འཛིན་སྐྱུར་ཐོང་། །ཞེས་གསུངས་པ་དང་གོ་བའི་གནད་དང་གདམས་པའི་ཚུལ་འདྲ་བའོ།།
གསུམ་པ་འཁྱོག་པོས་དྲང་པོ་ཡིན་ཡང་འཁྱོག་པོར་མཐོང་པའི་སྐྱོ་བའི་རབས་ཀྱི་མཐའ་བསྡུ་བ།
གསུམ་པ་འཁྱོག་པོས་དྲང་པོ་ཡིན་ཡང་འཁྱོག་པོར་མཐོང་པའི་སྐྱོ་བའི་རབས་ཀྱི་མཐའ་བསྡུ་བ་ནི།
བཤད་ཀྱང་བདེན་དུ་མི་འཛིན་གཞན་དུ་གོ།
ཕན་སེམས་གཏིང་ནས་དག་ཀྱང་ལོག་པར་འཛིན།།
འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར།།
སུ་ལའང་ཕན་པ་མི་འགྲུབ་རེ་ཐག་ཆོད།།
ཅེས་གསུངས་ཏེ། དྲང་ཞིང་སྲོང་པོར་སྨྲ་བའི་ངག་གིས་བདེན་པར་བཤད་ཀྱང་། བདེན་པར་བདེན་དུ་མི་འཛིན་པར་རང་གཡོ་སྒྱུ་ཅན་གྱིས་གཞན་གྱིས་བཤད་ཚད་གཡོ་སྒྱུའི་གཏམ་ལ་སོགས་པ་གཞན་ཞིག་ཡིན་པའི་ལོག་པར་གོ་ཞིང་། ཕན་སེམས་བསམ་པས་ཞེ་གཏིང་ནས་བསམ་དཀར་བྱས་ཀྱང་། བསམ་དཀར་བསམ་དཀར་དུ་མི་གོ་བར་ཕྱིན་ཅི་ལོག་པར་འཛིན་ཞིང་། མདོར་ན་འཁྱོག་པོའི་བསམ་སྤྱོད་ཅན་གྱི་ལྟ་སྣང་དང་མཐོང་ཚུལ་ལ། དྲང་པོ་ཡིན་ཡང་འཁྱོག་པོར་མཐོང་བའི་དུས་འདིར། སུ་ལ་ཡང་ཕན་པ་མི་འགྲུབ་པས། འགྲུབ་ཏུ་མེད་པའི་བྱ་བ་ལ་འགྲུབ་ཏུ་རེ་ནས་མགོ་མི་འཁོར་པར་རེ་ཐག་གདེང་ནས་ཆོད། རང་ཐག་རང་གིས་ཆོད། སྣ་ཐག་མགོར་རྫེས་དང་། སེམས་ཐག་ནམ་ཆོད་ན་དེ་དུས་རང་ཐག་ཆོད་ཀྱི། རང་གིས་ཐག་མ་ཆོད་པར་གཞན་རྗེས་སྙེགས་ནས་ཐག་ཆོད་པའི་ཉི་མ་ཞིག་ཡོད་པ་མིན། ཞེས་གསུངས་པའོ། །དེ་ཡན་གྱིས་ཐོག་མར་དགེ་བ་གཞུང་གི་དོན་ངེས་འབྱུང་ཆོས་ལ་བསྐུལ་བའི་གནད་བསྟན་པ་སོང་བའོ།།
གཉིས་པ་བར་དུ་དགེ་བ་ལྟ་སྒོམ་སྤྱོད་གསུམ་གཏན་ལ་འབེབས་པའི་གཏམ།
གཉིས་པ་བར་དུ་དགེ་བ་ལྟ་སྒོམ་སྤྱོད་གསུམ་གཏན་ལ་འབེབས་པའི་གཏམ་ལ། དབེན་པར་བསྐུལ་བའི་གཏམ། རེ་དོགས་གཅོད་པའི་གཏམ། ལྟ་སྒོམ་གྱི་གནད་མཐའ་དག་གསུང་མཆོག་ཡི་གེ་དྲུག་མར་བསྡུས་ཏེ་བསྟན་པ་དང་གསུམ་མོ།།
དང་པོ་དབེན་པར་བསྐུལ་བའི་གཏམ།
དང་པོ་དབེན་པར་བསྐུལ་བའི་གཏམ་ལའང་ལྔ་ལས།
དང་པོ་སྙིགས་སྤྱོད་གང་མཐོང་ཐམས་ཅད་སྒྱུ་མ་ལྟ་བུར་འཇིགས་པར་སྐུལ་བར་བསྟན་པ།
དང་པོ་སྙིགས་སྤྱོད་གང་མཐོང་ཐམས་ཅད་སྒྱུ་མ་ལྟ་བུར་འཇིགས་པར་སྐུལ་བར་བསྟན་པ་ནི།
ཆོས་ཀུན་སྒྱུ་མ་ལྟ་བུར་རྒྱལ་བས་གསུངས།།
ད་ནི་སྒྱུ་མ་ལས་ཀྱང་སྒྱུ་ཆེན་ཏེ།།
གཡོ་སྒྱུའི་སྒྱུ་མ་ཤོམ་པའི་མིག་འཕྲུལ་མཁན།།
སྙིགས་སྤྱོད་སྒྱུ་མ་འདི་ལ་འཇིགས་པར་མཛོད།།
ཅེས་གསུངས་ཏེ། སྤྱིར་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཀུན་སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་སྙིང་པོ་མེད་པ་བསླུ་བའི་ཆོས་ཅན་འབའ་ཞིག་ཡིན་པར་རྒྱལ་བ་རྫོགས་པའི་སངས་རྒྱས་སྟོབས་བཅུ་མངའ་བ་དེས་གསུངས་ཤིང་། ཁྱད་པར་དུ་ད་ལྟར་སྙིགས་མའི་དུས་ཀྱི་སྐབས་འདི་ལ་ནི་སྒྱུ་མ་ཕལ་པ་ལས་ཀྱང་བསླུ་ཚབས་ཆེ་བའི་སྒྱུ་ཆེན་ཏེ་གཡོ་སྒྱུའི་སྒྱུ་མ་ཤོམ་པའི་མིག་འཁྲུལ་མཁན་དབང་མེད་གཞན་ཡིད་བསླུ་མཁས་ཀྱི་འཁྲབ་སྟོན་པ་གར་སྟེགས་ལ་ཕྱིན་པ་ལྟ་བུའི་སྙིགས་མའི་སྤྱོད་པ་སྒྱུ་མ་ལྟ་བུ་ཡིད་རྟོན་མེད་པ་འདི་ལ་འཇིགས་ཤིང་སྐྲག་པར་མཛོད། ཅེས་གསུངས་པའོ།།
གཉིས་པ་གང་ཐོས་གང་སྨྲས་ཀྱི་བསླུ་ཚིག་གཏམ་བྲག་ཅ་ལྟ་བུ་ལ་སུན་པར་བསྟན་པ།
གཉིས་པ་གང་ཐོས་གང་སྨྲས་ཀྱི་བསླུ་ཚིག་གཏམ་བྲག་ཅ་ལྟ་བུ་ལ་སུན་པར་བསྟན་པ་ནི།
གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས།།
ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ།།
ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ།།
སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད།།
ཅེས་གསུངས་ཏེ། གང་ཐོས་གང་སྨྲས་ཀྱི་གཏམ་རྣམས་ལ་སྙིང་པོ་མེད་པ་བྲག་ཅ་ལྟ་བུར་རྒྱལ་བས་སྔར་ནས་གསུངས་ཤིང་། ད་ནི་དེ་བས་ཀྱང་བྲག་ཅའི་ནང་གི་ཡང་ཅ། རྫུན་པ་ལས་ཀྱང་ཡང་རྫུན། སྙིང་མེད་ལས་ཀྱང་སྙིང་མེད་དུ་གྱུར་པ་སྟེ། སྙིགས་དུས་ཀྱི་མིས་བཤད་ཚད་ཁ་དང་དོན་དུ་མི་མཚུངས་པར། རྐྱེན་ངེས་མེད་ལས་བྱུང་བའི་འབྲེལ་མེད་བྲག་ཅའི་སྒྲ་དང་འདྲ་བའི་བསླུ་བྱེད་གཏམ་ལ་སུན་པ་བསྐྱེད་རན་པའམ་རྨུས་རན་པ་ཡིན། ཞེས་གསུངས་པའོ།།
གསུམ་པ་མཐོང་ཐོས་ཐམས་ཅད་སླུ་བྱེད་དུ་མཐོང་བས་གཅིག་པུར་གནས་པ་བསྟན་པ།
གསུམ་པ་མཐོང་ཐོས་ཐམས་ཅད་སླུ་བྱེད་དུ་མཐོང་བས་གཅིག་པུར་གནས་པ་བསྟན་པ་ནི།
སུ་མཐོང་མི་མ་ལགས་ཏེ་སླུ་བྱེད་མཁན།།
སུས་བཤད་གཏམ་མ་ལགས་ཏེ་བསླུ་བྲིད་ཚིག།
ད་ནི་སུ་ལའང་བློ་གཏད་མི་འདུག་གིས།།
རང་ཉིད་གཅིག་པུ་རང་དགར་གནས་པར་མཛོད།།
ཅེས་གསུངས་ཏེ། མིའི་ཁྱུ་རུ་སྡོད་པའི་སྐབས་འདིར་རིགས་མཐུན་ངོ་འཕྲད་བྱུང་ན་མཐུན་པའི་གཏམ་དང་ཕན་པའི་གྲོས་ཤིག་དགོས་ཀྱང་། སྙིགས་མའི་དུས་འདིར་ཐམས་ཅད་རྫུན་པར་གྱུར་ནས་སུ་མཐོང་ཐམས་ཅད་མི་མ་ལགས་ཏེ་མི་རྫུན། མིའི་འདྲ། བསླུ་བྱེད་མཁན་དུ་འདུག་གོ །སུ་ཞིག་གིས་གང་ཅི་ཞིག་བཤད་ཀྱང་གཏམ་དངོས་མ་མ་ལགས་ཏེ་བསླུ་བྲིད་གཞན་མགོ་སྐོར་བྱེད་ཀྱི་ཚིག་ཤ་སྟག་ཏུ་མཆིས་སོ། །མདོར་ན་བསམ་རྒྱུ་མི་མགོ་བསྐོར་བ་སེམས་ཀྱང་ཐ་མ་རང་མགོ་རང་གིས་གཡོགས་པའི་ལས་འབྲས་ཁྱད་གསོད་རྨོངས་པའི་ལས་བྱེད་བཞིན་འདུག་པས། ད་ནི་སུ་མཐོང་གང་ཐོས་ཅི་ལའང་བློ་གཏད་མི་འདུག་གིས། སྐྱོན་མེད་བཟང་པོར་བརྩི་བ་དག་ལའང་གདིང་གི་བློ་གཏད་མི་འདུག་པས་ན་རང་བློ་རང་ལ་མི་དཀར་མི་སྲིད་པས་རང་ཉིད་གཅིག་པུར་འབྲེལ་འདྲིས་ཀྱི་འཁྲི་བ་བསྐྱུངས་ཏེ་གནས་པར་མཛོད་ཅིག ཅེས་གསུངས་པའོ།།
བཞི་བ་སྒོ་གསུམ་ཆོས་དང་མཐུན་ཡང་རང་ཚུལ་སྦེད་པར་བསྟན་པ།
བཞི་བ་སྒོ་གསུམ་ཆོས་དང་མཐུན་ཡང་རང་ཚུལ་སྦེད་པར་བསྟན་པ་ནི།
ལུས་སྤྱོད་ཆོས་བཞིན་སྤྱོད་ན་ཀུན་དང་འགལ།།
ངག་གཏམ་དྲང་པོར་བཤད་ན་ཕལ་ཆེར་ཁྲོ།།
བསམ་བཟང་གཏིང་ནས་དཀར་ཀྱང་སྐྱོན་དུ་རྩི།།
ད་ནི་རང་ཚུལ་སྦེད་པའི་དུས་ལ་བབ།།
ཅེས་གསུངས་ཏེ། ལུས་ཀྱི་སྤྱོད་པ་ཆོས་དང་མཐུན་པར་བྱས་ན། བྱ་རོག་དཀར་པོ་མེད་པའི་ས་ནས་བྱ་རོག་དཀར་པོ་ཐན་ལྟས་སུ་བརྩི་བ་དང་། ཡུལ་སྡེ་ཞིག་ནས་རྒྱལ་པོ་མ་གཏོགས་པའི་འབངས་ཐམས་ཅད་སྨྱོན་པར་གྱུར་དུས་རྒྱལ་པོ་སྨྱོན་པ་དང་། འབངས་རྣམས་སྨྱོན་པ་མིན་པར་བརྩིས་པའི་གཏམ་རྒྱུད་ལྟར་དུ་འགྱུར་སྲིད་ཅིང་། ལུས་ཀྱི་སྤྱོད་པ་ཆོས་དང་མཐུན་པར་བྱས་ཀྱང་། ཚུལ་འཆོས་དང་། ངོམས་ཆོས་སུ་སེམས་ནས་ཐམས་ཅད་སྐྱོན་དུ་བརྩི་བའི་དུས་སྐབས་འདིར་ལུས་སྤྱོད་ཆོས་བཞིན་བྱས་ན་ཐམས་ཅད་དང་འགལ་ཞིང་། མ་བྱས་ན་ཆོས་དང་འགལ་ལ། ངག་གཏམ་དྲང་པོར་བཤད་ན་སྙིགས་མའི་སྤྱོད་པ་ཐམས་ཅད་སྐྱོན་མཚང་ཡིན་པས་སྐྱོན་མཚང་ཐད་ཀར་བཏོན་ཏེ་མཚང་ཐོག་ཏུ་རྒོལ་ན་ཕལ་ཆེར་ཁྲོ་བར་འགྱུར་ཞིང་། སེམས་པ་གཏིང་ནས་དཀར་ཏེ་བསམ་པ་བཟང་པོས་ཁ་ཏ་བྱས་ནའང་དོན་མེད་ཁ་མཆུ་གླེང་མཁན་གྱི་སྐྱོན་ཅན་དུ་བརྩི་བའི་དུས་ངན་གྱི་སྐབས་ཡིན་པས། ད་ནི་རང་ལ་ཡོན་ཏན་ཡོད་ཀྱང་རང་ཚུལ་བསྐུངས་ཏེ་སྦེད་པར་བྱེད་པའི་དུས་ཚོད་ཡིན་པ་ལས་ངོམ་དགོས་པའི་དུས་ཚོད་མ་ཡིན། ཞེས་གསུངས་པའོ། །ས་སྐྱ་པཎྜི་ཏས། ལེགས་པར་སྨྲས་ན་ཐམས་ཅད་ཁྲོ། །ལོག་པར་སྨྲས་ན་བསྟན་པ་འཇིག །སྨྲ་བ་སྤངས་ན་དོན་མི་རྟོགས། །དེས་ན་དམ་པའི་སྤྱོད་པ་དཀའ། །ཞེས་གསུངས་པ་དང་ཚུལ་མཐུན་པའོ།།
ལྔ་བ་རང་ཚུལ་ཇི་ལྟར་སྦེད་པའི་ཚུལ་བསྟན་པ།
ལྔ་བ་རང་ཚུལ་ཇི་ལྟར་སྦེད་པའི་ཚུལ་བསྟན་པ་ནི།
ལུས་སྦས་དབེན་པའི་རི་ལ་གཅིག་པུར་སྡོད།།
ངག་སྦས་སྨྲ་བ་མ་མང་འབྲེལ་ཐག་ཆོད།།
སེམས་སྦས་རང་སྐྱོན་ཁོ་ནར་ཅེར་རེ་ལྟོས།།
སྦས་པའི་རྣལ་འབྱོར་ཟེར་ན་དེ་ལ་ཟེར།།
ཞེས་གསུངས་ཏེ། དཔལ་སྤྲུལ་རིན་པོ་ཆེ་ཉིད་ཀྱི་གསུང་དབེན་པའི་གཏམ་ལྷའི་རྔ་སྒྲ་ལས། ཐུབ་པས་བསྔགས་པའི་དབེན་པའི་རི་ཁྲོད་དུ། །རྒྱལ་དང་རྒྱལ་སྲས་དྲང་སྲོང་ཆེ་རྣམས་བསྟེན། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །གནས་འདི་བསྟེན་ལ་ཐར་ལམ་ཉེ་བ་ཡིན། །ཞེས་གསུངས་པ་ལྟར་དུ། ཕྱི་ཡི་དབེན་པར་ལུས་སྦས་པ་མི་མེད་དབེན་པའི་རི་ཁྲོད་དམ་པས་བསྔགས་པའི་རྒྱལ་སར་གཅིག་པུར་སྡོད་ལ། ནང་གི་དབེན་པར་ངག་སྦས་པ་སྨྲ་བ་མ་མང་བར་ཕྱིའི་མི་དང་གཏམ་གྱི་འབྲེལ་ཐག་ཆོད། གསང་བའི་དབེན་པར་སེམས་སྦས་པ་རང་སྐྱོན་ཁོ་ན་ཐེར་ལ་བཏོན་ཏེ་སེམས་ཉིད་མ་བཅོས་རྣལ་མར་ཅེ་རེ་ལྟོས་དང་། སྦས་པའི་རྣལ་འབྱོར་མིང་དོན་མཚུངས་པ་དེ་ལ་ཟེར། ཞེས་གསུངས་པའོ། །ད་ནི་སྒོ་གསུམ་སྐུ་གསུམ་དུ་དག་པའི་ཉམས་ལེན་གྱི་རྣལ་འབྱོར་སྐྱོང་བ་ལ།
གཉིས་པ་རེ་དོགས་གཅོད་པའི་གཏམ།
གཉིས་པ་རེ་དོགས་གཅོད་པའི་གཏམ་ལ་བཞི་ལས།
དང་པོ་སྒོ་གསུམ་སྦས་པའི་རྣལ་འབྱོར་པས་ཞེན་ལོག་དང་སྐྱོ་ཤས་རེ་དོགས་གཅོད་པའི་གྲོགས་གསུམ་མི་འབྲལ་པར་བསྟེན་དགོས་པ་གདམས་པ་ནི།
དང་པོ་སྒོ་གསུམ་སྦས་པའི་རྣལ་འབྱོར་པས་ཞེན་ལོག་དང་། སྐྱོ་ཤས། རེ་དོགས་གཅོད་པའི་གྲོགས་གསུམ་མི་འབྲལ་པར་བསྟེན་དགོས་པ་གདམས་པ་ནི།
སུ་ལའང་བློ་གཏད་མི་འདུག་ཞེ་ལོག་གེ།
གང་ལའང་སྙིང་པོ་མི་འདུག་སྐྱོ་ཆད་དེ།།
གང་བསམ་འགྲུབ་དུས་མི་འདུག་རྦད་ཐག་ཆོད།།
འདི་གསུམ་གཏན་དུ་འགྲོགས་ན་ཕན་པར་མཆིས།།
ཞེས་གསུངས་ཏེ། སྤྱིར་ན་སོ་སོའི་སྐྱེ་བོ་བྱིས་པའི་རྣམ་ཐར་ལ་ཡིད་རྟོན་མ་མཆིས་ཤིང་། ཁྱད་པར་དུ་གོང་ནས་བཤད་པ་ལྟར་དུ་སྙིགས་མའི་སེམས་ཅན་ལ་བློ་གཏད་མེད་པས། རང་གཞན་དགྲ་གཉེན་བར་མའི་ཕྱོགས་སུ་གཏོགས་པ་སུ་ལ་ཡང་བློ་གཏད་མེད་པར་མཁྲིས་ནད་ཅན་གྱིས་སྣུམ་ཟན་མཐོང་བ་ལྟར་ཞེ་ལོག་གེ་བ་དང་། འཇིག་རྟེན་སྒྱུ་མའི་ནོར་རྫས་འདོད་ཡོན་ལོངས་སྤྱོད་གྱི་འབྱོར་བ་མངའ་ཐང་སྙན་གྲགས་ལ་སོགས་པ་གང་དང་གང་ལའང་སྙིང་པོ་མེད་པའི་མཚང་རིག་པ་ནི། དུག་དང་འདྲེས་པའི་ཁ་ཟས་ཟོས་པའི་ངན་སྐྱོན་རིག་ནས་དེ་ལ་ཞེ་ལོག་པ་ལྟར་དུ་ཡིད་སེམས་དེ་ཕྱོགས་སུ་མི་འཁོར་པ་སྐྱོ་ཆད་དེ་བ་དང་། གང་བསམ་གྱི་བློ་སྣ་རིང་པོ་ཟད་མེད་སྤོས་རྒྱའི་རི་མོ་ལྟ་བུ་འགྲུབ་དུས་ཤིག་ཚེ་འདིར་མ་དགོས་ཚེ་རབས་གཉིས་གསུམ་ཞིག་སྦྲེལ་མཐུད་ཆོག་ནས་བསྒྲུབས་ཀྱང་ལས་མཇུག་འགྲུབ་དུས་མི་འདུག་པའི་བློ་ཐག་རྦད་ཀྱིས་ཆོད་དང་། བྱས་ན་མི་ཟིན་བསྐྱུར་ན་ཟིན། །ཟེར་བ་བཞིན་འཇིག་རྟེན་གྱི་བྱ་བ་དེ། ནམ་བཞག་ཙ་ན་དེ་དུས་ཚར་གྱི། ཚར་སྒུག་བྱེད་ནས་ཚར་རྒྱུ་མེད་པས། ཞེན་ལོག་དང་གཅིག སྐྱོ་ཤས་དང་གཉིས། རེ་དོགས་ཆད་པའི་གྲོགས་འདི་གསུམ་དང་། དུས་གཏན་དུ་མི་འབྲལ་པར་འགྲོགས་ཤེས་པར་གྱིས་དང་། རང་ལ་ཕན་པར་མཆིས་པ་སྟེ་ཕན་ཐོགས་ཡོད་པའི་གྲོགས་ཡིན། ཞེས་གསུངས་པའོ།།
གཉིས་པ་སླར་ཡང་རེ་དོགས་གཏིང་ནས་ཆོད་པར་ནན་གྱིས་གདམས་པ།
གཉིས་པ་སླར་ཡང་རེ་དོགས་གཏིང་ནས་ཆོད་པར་ནན་གྱིས་གདམས་པ་ནི།
སྐྱིད་དུས་མི་འདུག་སྐྱིད་པོ་ད་ནི་ཟད།།
སྡུག་པོ་མི་འདོད་སྡུག་མཐའ་ཆོས་ཀྱིས་ཆོད།།
སྐྱིད་སྡུག་ཅི་འོང་སྔོན་ལས་བཙན་པོས་ཤེས།།
ད་ནི་སུ་ལའང་མི་རེ་མི་དོགས་སོ།།
ཞེས་གསུངས་ཏེ། སྤྱིར་འཇིག་རྟེན་འཁོར་བའི་གནས་འདིར་སྐྱིད་དུས་མི་འདུག་སྟེ་སྡུག་བསྔལ་རགས་པའི་ཚོར་སྣང་ཅུང་ཟད་ཆུང་བའི་གནས་སྐབས་སུ་སྐྱིད་ཅེས་བློས་བཏགས་པ་དེ་ཡང་། དོན་གྱིས་བཤད་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ཀྱང་། འཁོར་བའི་སེམས་ཅན་སྡུག་བསྔལ་མྱོང་ལོབས་མ་དག་གིས་སྤུ་འཇག་མ་གཅིག་ལག་མཐིལ་དུ་བཞག་པ་མི་ཚོར་བ་ལྟར་དུ་སྡུག་བསྔལ་རགས་པའི་ཚོར་སྣང་དང་བྲལ་དུས་སྡུག་བསྔལ་ཡིན་པར་མ་ཤེས་པ་ཡིན། འོན་ཀྱང་དེ་ཉིད་མིག་ཏུ་བཞག་ན་ཚོར་བ་ཡོད་པ་ལྟར་དུ་འཁོར་བའི་སེམས་ཅན་རྣམས་ཀྱིས་བདེ་བར་བསྒོམ་རྒྱུ་དེ་ཡང་འཕགས་པ་སྡུག་བསྔལ་དང་བྲལ་བ་དག་གིས་སྡུག་བསྔལ་ཆེན་པོ་ཡིན་པའི་གཟིགས་སྣང་ཡོད་ཅིང་། ཁྱད་པར་དུ་སྙིགས་མའི་སྐབས་སུ་སྐྱིད་པོ་ཡོད་པ་མིན་ཏེ་རྒྱུ་དགེ་བ་བསྒྲུབས་ནས་བསོད་ནམས་མ་བསགས་དུས། འབྲས་བུ་བདེ་སྐྱིད་གང་ནས་འབྱུང་ཏེ་རྒྱུ་མེད་ཀྱི་འབྲས་བུ་སྨིན་པ་མིན་པ་དེས་ན་སྐྱིད་པོ་ད་ནི་ཟད་ཚར་སོང་། འོན་ཀྱང་སྡུག་པོ་མི་འདོད་ན་སྡུག་མཐའ་ཆོས་ཀྱིས་ཆོད་དང་སྐྱིད་པའི་ཉི་མ་རྗེས་ནས་མེད་པ་མིན་པས་སྐྱིད་སྡུག་གང་ཡིན་རུང་སོ་སོའི་འདོད་པ་ཙམ་གྱིས་ཐོག་ཏུ་མི་འགྲོ་བ་སྐྱིད་སྡུག་ཅི་ཡོང་སྔོན་ལས་བཙན་པོས་ཤེས་པ་སྟེ་ལས་དགེ་བ་བསགས་ན་འབྲས་བུ་བདེ་བ་དང་། མི་དགེ་བ་བསགས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་ལྡོག་མེད་ལས་ཀྱི་དབང་གིས་རང་གིས་བསགས་པ་རང་ལ་སྨིན་པས། སྐྱིད་སྡུག་ཅི་ཡོང་སྔོན་ལས་བཙན་པོ་བསྒུག་རྒྱུ་ཡིན་པས། ད་ནི་སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་བཅོལ་ཏེ་དགྲ་གཉེན་བར་བའི་རེ་དོགས་བསྐྱུར་ནས། སུ་ལའང་སྐྱབས་ཨེ་ཡོང་། སྐྱོར་ཨེ་ཡོང་བསམས་ནས་མི་རེ། གནོད་སྐྱེལ་ཨེ་ཡོང་། འཁོན་བཟུང་ཨེ་ཡོང་བསམས་ནས་མི་དོགས་པར་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། དེ་ཚེ་ཤིང་བཞིན་གནས་པར་བྱ། །ཞེས་གསུངས་པའི་གདམས་པ་དྲན་པ་བྱས་ཏེ། རེ་དོགས་གཉིས་ཀ་སྡུག་བསྔལ་གྱི་འབྱུང་གནས་ཡིན་པས་རེ་དོགས་གཏིང་ནས་ཆོད་དང་རེ་དོགས་གཏིང་ནས་ཆོད་པའི་རྣལ་འབྱོར་པ་སྐྱིད་པ་བརྒྱ་ཡི་ཡང་རྩེ་ཡིན། ཞེས་གསུངས་པའོ།།
གསུམ་པ་རེ་དོགས་སྡུག་བསྔལ་གྱི་འབྱུང་རྩ་ཡིན་པ་བསྟན་པ།
གསུམ་པ་རེ་དོགས་སྡུག་བསྔལ་གྱི་འབྱུང་རྩ་ཡིན་པ་བསྟན་པ་ནི།
མི་ལ་རེ་ཆེ་རེ་ཁ་འཛུམ་མུལ་མུལ།།
རང་ལ་དགོས་མང་དགོས་དགོས་སྒྲུབ་པའི་ཤོམས།།
འདི་བྱ་འདི་བྱེད་ཕྱི་ཚེས་རེ་དོགས་བློ།།
ད་ནི་ཅི་ལ་བབ་ཀྱང་མི་བྱེད་དོ།།
ཞེས་གསུངས་ཏེ། རེ་དོགས་གཉིས་ཀའི་རྩ་བ་མ་ཆོད་ཚེ་མི་ལ་རེ་བ་བྱེད་ནས་ཕན་ཞིག་བཏགས་ཡོང་བའི་རེ་བ་ཆེན་པོ་བཅངས་ཏེ། རེ་ཆེན་པོ་ཞིག་མི་ལ་དགོས་དུས་འཛུམ་མུལ་མུལ་མི་བྱེད་ཀ་མེད་ཡིན་པས། དགོད་རྒྱུ་མེད་ཀྱང་དགོད་ཁ། འཛུམ་རྒྱུ་མེད་ཀྱང་འཛུམ་ཁ། ངོ་བསྟོད་གཡོ་སྒྱུའི་ཚིག་ཕ་རོལ་པོས་བདེན་དུ་བཟུང་རུང་མ་བཟུང་རུང་བཤད་དགོས་ཐུག་ཅིང་། ཆོག་ཤེས་དང་དགོས་མེད་ཀྱི་བསམ་བློ་ནང་དུ་མེད་དུས་རང་ལ་དགོས་རྒྱུ་མང་བས་དགོས་དགོས་མང་པོ་དེ་ཨེ་འགྲུབ་ཀྱི་རེ་བས་སྒྲུབ་པའི་ཤོམས་ར་དང་གྲ་སྒྲིག་ཁོ་ནས་མི་ཚེའི་ནམ་ཟླ་རྫོགས་འགྲོ་བ་དེས་ན། འདིའི་རྗེས་སུ་འདི་དང་དེའི་རྗེས་སུ་དེ་བྱེད་བསམ་པའི་འདི་བྱ་འདི་བྱེད་ཀྱིས་ཕྱི་ཚིས་སམ་ཕྱི་འདེང་ཡུན་རིང་གི་རེ་དོགས་བློ་རྒྱ་ད་ནི་ལས་ཅི་ལ་བབ་ཀྱང་མི་བྱེད་དོ་བསམ་པའི་བློ་ཐག་ནང་ནས་ཆོད་དགོས། ཞེས་གསུངས་པའོ།།
བཞི་བ་བློ་སྣ་ནང་དུ་སྟུང་བའི་དོན་བསྡུ་བ།
བཞི་བ་བློ་སྣ་ནང་དུ་སྟུང་བའི་དོན་བསྡུ་བ་ནི།
དེ་རིང་ཤི་ཡང་མི་འགྱོད་འཁོར་བའི་ཆོས།།
ལོ་བརྒྱར་བསྡད་ཀྱང་མི་དགའ་ལང་ཚོ་སོང་།།
ད་ནི་ཤི་ཡང་གསོན་ཡང་ཚེ་འདིའི་ཅི།།
ཕྱི་མའི་ཆོས་ཙམ་འགྲུབ་ན་དེ་ག་རང་།།
ཞེས་གསུངས་ཏེ། དེ་རིང་མ་གཏོགས་ཚེ་མེད་ནས་ད་ཤི་ཡང་མི་འགྱོད་དེ། འཁོར་བའི་གནས་ན་བདེ་བ་མེད་པ་དང་། བྱ་བྱེད་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་ཡིན་པར་ཤེས་པས་སོ། །གཞན་ད་རུང་ལོ་བརྒྱ་ཐམ་པར་མི་ཤི་ནས་བསྡད་ཀྱང་དགའ་རྒྱུ་ཅི་ཞིག་ཡོད་དེ་མི་དགའ། ལུས་ལང་ཚོ་དར་བའི་ན་ཚོད་སྔ་དྲོའི་ཉི་མ་ལྟ་བུ་དེ་སོང་ཚར་བས། འདུག་ཡུན་རིང་ནས་རྒས་པའི་སྡུག་བསྔལ་གྱིས་གཉའ་ནས་གནོན་དུས་མགྱོགས་པོར་ཤི་བར་ཤོག་ཅེས་སྨོན་ལམ་འདེབས་པའི་རྒས་པ་མང་བ་ཡིན་པ་དེས་ན། ད་ནི་ཤི་ཡང་གསོན་ཡང་ཚེ་འདིའི་ཅི་བྱ། དལ་འབྱོར་ཚང་བའི་ལུས་རྟེན་འདིའི་ཐོག་ནས་ཕྱི་མ་ཕན་པའི་ཆོས་ཙམ་འགྲུབ་ན། དེ་ག་རང་སྟེ་འདི་ཕྱི་གཉིས་ཀར་ཕན་པ་ཡོད་ཤག་ཤག་ཡིན་གྱི། ཟིན་མེད་ཚེ་འདིའི་བྱ་བ་དགོས་དོན་མི་འདུག་ཅེས་གསུངས་ཏེ་དོན་བསྡུས་པའོ། །དེ་རིང་འདིའི་མཚམས་ནས་བཞག་སྟེ། གསུམ་པ་ལྟ་སྒོམ་གྱི་གནད་བསྡུས་ཏེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་འགག་གསུང་མཆོག་ཡི་གེ་དྲུག་མར་བསྡུས་ཏེ་བསྟན་པའི་སྐོར་ནས་སང་ཉིན་བཤད་རྒྱུ་བྱ།
༈ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། སེམས་ཅན་གྱི་འགྲོ་བའི་དོན་དུ་ཐུགས་རྗེས་གཟིགས་ནས། ལྷ་ཕོ་རིགས་ཀྱིས་འདུལ་བ་ལ་ཐུགས་རྗེ་ཆེན་པོས་འདུལ་བར་དགོངས། ལྷ་མོའི་ཆ་བྱད་ཀྱིས་འདུལ་བ་ལ་ལྷ་མོ་སྒྲོལ་མས་འདུལ་བ་དགོངས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་སྙིང་རྗེ་ཆེན་པོས་འགྲོ་དོན་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་གཡས་པ་ནས་འོད་ཟེར་དཀར་པོ་ཞིག་སྤྲོས་ཏེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྤྲུལ་བ་དང་། ཕྱག་གཡོན་པ་ནས་འོད་ཟེར་སྔོན་པོ་ཞིག་སྤྲོས་ནས་ལྷ་མོ་སྒྲོལ་མ་སྤྲུལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་འགྲོ་བའི་དོན་བྱེད་པར་སེམས་བསྐྱེད་དེ། བདག་གི་བ་སྤུའི་ཁུང་བུ་རེ་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་དང་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་སྤྲུལ་ནས། སེམས་ཅན་གཅིག་ཀྱང་མ་ལུས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགོད་པར་བྱའོ། །དེ་ལ་མ་བཀོད་པར་རང་ཞི་བདེ་འདོད་པའི་བློ་བྱུང་ན། ངའི་མགོ་བོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་བ་བཅུར་གས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་བསྐྱེད་ཀྱི་དམ་བཅའ་དེ་མཛད་ཚེ། དེ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་བ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། བདག་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཚུལ་དེ་ལྟ་བུ་དང་། སྨོན་ལམ་དེ་ལྟ་བུ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས། ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་གྲོགས་ངས་ཀྱང་བྱའོ་ཞེས་བཀའ་བསྩལ་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐུ་ལས་འོད་ཟེར་དྲུག་སྤྲོས་ཏེ། འགྲོ་བ་རིགས་དྲུག་གི་གནས་སུ་འོད་ཟེར་གྱིས་ཁྱབ་པར་བྱས་སོ། །འོད་ཟེར་ལ་ལ་ལྷའི་གནས་སུ་ཁྱབ་པར་བྱས་ནས། ལྷ་འདུལ་བའི་དོན་དུ་ལྷའི་ཐུབ་པ་བརྒྱ་བྱིན་དུ་སྤྲུལ་ནས་ལྷ་འཆི་འཕོ་ལྟུང་པའི་སྡུག་བསྔལ་ཞི་བར་མཛད་དོ། །འོད་ཟེར་ལ་ལ་ལྷ་མིན་གྱི་གནས་སུ་འཕྲོས་ནས། ལྷ་མིན་གྱི་ཐུབ་པ་ཐག་བཟང་རིས་སུ་སྤྲུལ་ཏེ་ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དོ། །འོད་ཟེར་ལ་ལ་མིའི་གནས་སུ་ཁྱབ་པར་སྤྲོས་ནས་མིའི་ཐུབ་པ་ཤཱཀྱ་ཐུབ་པར་སྤྲུལ་ཏེ་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཞི་བར་མཛད་དོ། །འོད་ཟེར་ལ་ལ་བྱོལ་སོང་དུད་འགྲོའི་གནས་སུ་སྤྲོས་ནས་བྱོལ་སོང་གི་ཐུབ་པ་སེངྒེ་རབ་བརྟན་སྤྲུལ་ཏེ་བྱོལ་སོང་གཏི་མུག་གི་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དོ། །འོད་ཟེར་ལ་ལ་ཡི་དྭགས་ཀྱི་གནས་སུ་སྤྲོས་ཏེ་ཡི་དྭགས་ཀྱི་ཐུབ་པ་ནམ་མཁའ་མཛོད་ཅེས་པ་གང་འདོད་ཀྱི་ལོངས་སྤྱོད་འབྱུང་བ་ཞིག་ཏུ་སྤྲུལ་ནས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་མཛད་དོ། །འོད་ཟེར་ལ་ལ་དམྱལ་བའི་གནས་སུ་སྤྲོས་ཏེ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོར་སྤྲུལ་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་མཛད་དོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་བར་བཀོད་དེ་སྟོང་བར་བྱས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རི་རབ་ཀྱི་རྩེ་མོར་ཕེབས་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས་འཁོར་བའི་སེམས་ཅན་སྔར་བཞིན་ཁ་མ་དམའ། གྲངས་མ་ཉུང་བར་སྔོན་ལས་མང་བ་ལྟར་གནས་སོ། །ཡང་སྔར་བཞིན་དུ་འགྲོ་བ་རིགས་དྲུག་གི་གནས་སུ་སེམས་ཅན་གཅིག་ཀྱང་ལྷག་ཏུ་མེད་པར་བདེ་བ་ཅན་གྱི་ཞིང་དུ་དྲངས་ནས་དེ་ལྟར་འཁོར་བ་ལན་གསུམ་དོང་ནས་སྤྲུགས་པར་མཛད་ནས་རི་རབ་ཀྱི་རྩེ་ནས་གཟིགས་དུས་སྔར་བཞིན་སེམས་ཅན་གྱི་ཁམས་ལ་སྐྱེ་བྲི་ཅི་ཡང་མེད་པར་གང་འདུག་པས་ཐུགས་མུག ཡིད་ཆད་ནས། ཀྱེ་མ་བདེ་བར་བཤེགས་པའི་དགོངས་པས་འདུལ་བའི་ཞིང་ཁམས་བསམ་གྱིས་མི་ཁྱབ། ནམ་མཁའི་ཁམས་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་བྱ་བ་བདེན་པར་འདུག ངས་སེམས་ཅན་གྲངས་མང་བ་འདི་ཙམ་འཁོར་བའི་གནས་ནས་དྲངས་ཀྱང་། འཁོར་བ་སྟོང་མ་དགོས་ཇེ་ཉུང་ཙམ་ཡང་མ་སོང་བས་སེམས་ཅན་གྱི་དོན་མི་འགྲུབ་པར་འདུག་པས། རང་ཞི་བདེ་ཐོབ་པར་བྱས་ནས་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་ལ་གནས་པར་བྱའོ་སྙམ་པ་དང་། སྔར་གྱི་སེམས་བསྐྱེད་དམ་བཅའ་ཉམས་ནས། དེ་མ་ཐག་ཏུ་དབུ་དང་སྐུ་ལུས་ཚལ་བ་བརྒྱ་ཕྲག་སྟོང་ཕྲག་ཏུ་གས་སོ། །དེའི་སྐབས་སུ་སངས་རྒྱས་འོད་དཔག་མེད་ཀྱིས་དབུ་ཚལ་བར་གས་པ་བཅུ་གཅིག་ཞལ་དུ་བྱིན་གྱིས་བརླབས་ནས། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་གྱིས་ཤིག་ཅེས་གསུངས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཀྱང་བདག་ཕྱག་སྟོང་དང་སྤྱན་སྟོང་དང་ལྡན་པར་གྱུར་ནས། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དང་། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་གྱུར་ཏེ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་ཡང་འདེབས་དང་། དམ་བཅའ་ཡང་བཞེས་མཛད་པའི་སྐད་ཅིག་དེ་ཉིད་ལ་ཕྱག་སྟོང་གི་མཐིལ་དུ་སྤྱན་སྟོང་དང་། དབུ་ཚལ་བ་བཅུ་གཅིག་ཏུ་གས་པ་བཅུ་གཅིག་ཞལ་དུ་གྱུར་ཏོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་འགྲོ་བ་རིགས་དྲུག་ཏུ་སྐྱེས་པའི་སེམས་ཅན་གྱི་སྐྱེ་སྒོ་གཅོད་པའི་གསུང་མཆོག་གཟུངས་སྔགས་ཡི་གེ་དྲུག་མ་འདི་ཡིན་ནོ། །ཨཱོྃ་མ་ཎི་པདྨེ་ཧཱུྃ་ཞེས་པ་འདིས་ཨཱོྃ་གྱིས་ལྷའི་སྐྱེ་སྒོ་གཅོད། མས་ལྷ་མ་ཡིན་གྱི་སྐྱེ་སྒོ་གཅོད། ཎི་ཡིས་མིའི་སྐྱེ་སྒོ་གཅོད། པད་ཀྱིས་བྱོལ་སོང་གི་སྐྱེ་སྒོ་གཅོད། མེ་ཡིས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད། ཧཱུྃ་གིས་དམྱལ་བའི་སྐྱེ་སྒོ་གཅོད་ནས། ཡི་གེ་དྲུག་མ་འདིས་འགྲོ་བ་རིགས་དྲུག་གི་གནས་སྟོང་པར་བྱེད་པས་འདི་ཟུངས་ཤིག ཆོངས་ཤིག ཀློགས་ཤིག ཀུན་ཆུབ་པར་གྱིས་ཤིག་ཅེས་བཀའ་བསྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། གང་ལ་ཅི་འདོད་དེ་ལ་དེར་སྟོན་གྱི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པར་མཛད་དེ། སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་དཔག་གིས་མི་ལང་བ་ཞིག་སྤྲོས་ནས། ལོངས་སྐུའི་ཞིང་ཁམས་མང་པོར་སྤྲུལ་ཏེ། གཞི་སྙིང་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་རྣམ་པར་བཀོད་པ་མཛད་དོ། །དེ་བཞིན་དུ་སྤྲུལ་སྐུའི་ཞིང་ཁམས་མང་པོ་བཀོད་ནས། ཕྱག་སྟོང་ལས་འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྟོང་དང་། སྤྱན་སྟོང་ལས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྤྲུལ་ཏེ་འགྲོ་བའི་དོན་མཛད་དང་མཛད་བཞིན་པ་དང་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་མཛད་པའི་ལོ་རྒྱུས་དེ་ལྟར་ཡོད་དོ། །དེ་ནས་དུས་ནམ་ཞིག་གི་ཚེ་རིགས་ཀྱི་བདག་པོ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་ནས། འཕགས་པ་སྤྱན་རས་གཟིགས་ལ། རིགས་ཀྱི་བུ། འདི་ནས་ཤར་ཕྱོགས་ན་མི་མཇེད་འཇིག་རྟེན་གྱི་ཁམས་བྱ་བ་ཡོད། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་དེ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གནས། ཕོ་བྲང་རི་བོ་ཏ་ལའི་རྩེ་མོ། ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། དཔག་བསམ་ཤིང་དང་། ཤིང་སྣ་འབྲས་བུ་ཅན་དུ་མས་གང་བ། བྱའི་ཚོགས་མང་པོས་སྐད་སྙན་པ་སྒྲོག་པ། རི་དྭགས་དང་སེམས་ཅན་གྱི་ཚོགས་མང་པོ་ཡོད་པ། རི་བོ་དེ་ལྟ་བུ་བཀྲ་ཤིས་པ། བྱིན་ཆེ་བ། ཉམས་དགའ་བ་ཞིག་ཡོད་དེ། རི་དེའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་བ། རྒྱ་ཆེ་བ། དཔངས་མཐོ་བ། དབུས་སུ་སེངྒེའི་ཁྲི་ཉི་མ་ཟླ་བའི་གདན་བཤམ་པ། ལྷ་ཀླུ་མི་མ་ཡིན་ལ་སོགས་པའི་འཁོར་མང་འདུས་པ་མང་པོ་ཡང་རིགས་ཀྱི་བུ་སྤྱན་རས་གཟིགས་ཁྱོད་ལ་དགའ་བ་དང་། གུས་པས་གནས་སོ། །ཁང་བ་བརྩེགས་པ་དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། རིགས་ཀྱི་བུ་སྤྱན་རས་གཟིགས་ཁྱོད་བཞུགས་པའི་གནས་སུ་བསྒྲུབས་པ་ཡིན་གྱིས། དེར་སོང་ལ་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབས་ཤིག འགྲོ་བའི་དོན་འགྲུབ་པར་འགྱུར་རོ་ཞེས་བཀའ་བསྩལ་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཕོ་བྲང་རི་བོ་ཏ་ལའི་ཁང་པར་བྱོན་པའི་སྔ་ལྟས་སུ། སྐུ་ལས་འོད་ཟེར་མང་པོ་བཀྱེ་སྟེ། འོད་དེས་མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་ཁྱབ་པར་མཛད་དེ། ཉི་མ་དང་ཟླ་བའི་འོད་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཏེ་མོག་མོག་པོར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་འདུས་པའི་ནང་ནས། བྱང་ཆུབ་སེམས་པ་སྒྲིབ་པ་རྣམ་སེལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས། འོད་ཟེར་ཆེན་པོ་འདི་ལྟ་བུ་གདའ་བ་ཅིའི་རྒྱུ་ལགས། ཅིའི་རྐྱེན་ལགས་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། འདི་ནས་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ཡོད། དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བྱ་བ་བཞུགས། དེའི་དྲུང་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བྱ་བ་ཡོད། དེ་འཇིག་རྟེན་གྱི་ཁམས་འདིར་འོངས་ནས། ཕོ་བྲང་རི་བོ་ཏ་ལའི་རྩེ་མོར་བཞུགས་ནས། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་མཛད་པར་འགྱུར་ཏེ། འོད་ཟེར་འདི་བྱང་ཆུབ་སེམས་པ་དེའི་མཐུ་ཡིན་ཏེ་དེ་འདྲའོ། །འོད་ཟེར་དཔག་ཏུ་མེད་ལས་ཀྱང་དཔག་ཏུ་མེད་པ། འོད་ཟེར་རེ་རེ་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་མང་པོར་སྤྲུལ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་ཏེ་སེམས་ཅན་དཔག་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་དོན་མཛད་པར་འགྱུར་རོ་ཞེས་བཀའ་སྩལ་བ་དང་། གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཆེ་བའི་ཡོན་ཏན་གྱི་རྣམ་པ་ཇི་ལྟར་ཡོད་པ་བཅོམ་ལྡན་འདས་ཀྱིས་མདོ་དུ་མ་ལས་གསུངས་ཏེ། ཆུ་ཀླུང་སྣ་ཚོགས་པའི་མདོ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡོད་དེ། དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མའི་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང་། པུ་ཌ་རི་ཀའི་མདོ་ལ་སོགས་པ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པ་མང་ཞིང་། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ་བཀའ་སྩལ་བ། སྔོན་འདས་པའི་དུས་སུ། སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ཞིང་། དེའི་ཚེ་དེའི་དུས་ན་ང་བྲམ་ཟེའི་ཁྱེའུར་གྱུར་ཏོ། །སངས་རྒྱས་དེ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པ་ཐོས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་གསེར་གྱི་ས་གཞི་ལ་སོང་ནས། སྤྱི་ཚུགས་སུ་སོང་བའི་སེམས་ཅན་དམྱལ་བ་པ་རྣམས་ལ་རིག་སྔགས་ཀྱི་རྒྱལ་མོ། ཨཱོྃ་མ་ཎི་པདྨེ་ཧཱུྃ་བྱ་བའི་ཡི་གེ་དྲུག་མ་བརྗོད་ནས་ཡོངས་སུ་སྨིན་པ་བྱས་སོ། །དེ་ནས་དངུལ་གྱི་ས་གཞི་ལ་སོང་ནས་རྐང་བ་བཞི་པ་དུད་འགྲོའི་སེམས་ཅན་གྱི་རྣ་བའི་བུ་གར། ཡི་གེ་དྲུག་མའི་སྒྲ་ཕྱུང་ནས་དེ་དག་གིས་ཕྱིར་མི་ལྡོག་པའི་ས་ཐོབ་པ་དང་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་སེམས་ཅན་གྱི་གཞན་དོན་མཛད་ཚུལ་ལ་སོགས་པ་གསུངས་སོ། །དེ་ནས་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་གསོལ་བ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ད་ལྟ་གང་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ནི་ད་ལྟར་ནུབ་ཕྱོགས་བདེ་བ་ཅན། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན་བཞུགས་ཏེ། གང་ཟག་སུ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་མིང་དྲན་པ་ཙམ་གྱིས་ཀྱང་བདེ་བ་དང་ལྡན་པ་ལགས་སོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་འགྱུར་རོ། །བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མདུན་ནས་ཆོས་ཉན་པར་འགྱུར་རོ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བརྟན་པོར་འཛད་པའི་གང་ཟག་དེ། སངས་རྒྱས་ཀྱི་ཞིང་ཁམས་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་སངས་རྒྱས་ཀྱིས་སངས་རྒྱས་གཞན་གྱིས་གསུངས་པའི་རྣམ་པར་ཐར་བ་ཡང་དེ་ལྟར་བཀའ་སྩལ་ཏོ། །དེ་ལྟ་བུའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཇི་ལྟར་བགྲང་བའི་སྐོར་གདམས་པའི་སྙིང་དོན་དུ་བསྟན་པའི་ཐོག་མཐའ་བར་དགེའི་གཏམ་འདི་ཐོབ་པའི་རྗེས་སུ་ཚང་མས་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མ་བཟླ་བར་བརྩོན་དགོས། ཁྱད་པར་དུ་གངས་ཅན་བོད་ཀྱི་ཡུལ་འདི་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་ཞིང་། འཕགས་པ་སྤྱན་རས་གཟིགས་ཀྱིས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་རྡོ་རྗེའི་གདན་བྱེ་བ་ཕྲག་བརྒྱ། དེའི་བྱང་ཕྱོགས་ན་བོད་ཁ་བ་ཅན་གྱི་རྒྱལ་ཁམས་བྱེ་བ་ཕྲག་བརྒྱ། རྒྱལ་པོ་སྲོང་བཙན་སྒམ་པོ་དང་། ལྷ་གཅིག་ཀོང་ཇོ། ཁྲི་བཙུན་བྱེ་བ་ཕྲག་བརྒྱ་རྣམས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པར་སྙིང་རྗེ་རྣམ་པར་རོལ་པའི་མདོ་ལས་བཀའ་སྩལ་ཅིང་། དེ་བཞིན་དུ་བོད་ཀྱི་བླ་མ་མཁས་བཙུན་གྲུབ་པའི་དབང་ཕྱུག་མང་དག་ཅིག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ཞིང་། སྤྱན་རས་གཟིགས་ནི་སྔར་བྱོན། ཕྱིས་མི་འབྱོན་པ་མིན་པར་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱིས་སྤྲུལ་བ་མང་པོས་བྱོན་པ་བགྲངས་ཀྱིས་ལང་བ་མིན་ནོ། །འུ་ཅག་ད་ལྟའི་སྐབས་སུ་མི་ལུས་ཐོབ། ཆོས་ལྡན་གྱི་ཡུལ་དུ་སྐྱེས། འཕགས་པ་ཐུགས་རྗེ་ཆེན་པོ་ཡི་དམ་གྱི་ལྷར་བསྟེན། ཡི་གེ་དྲུག་མ་ངག་འདོན་བཟླ་ཆོག་པའི་སྐལ་བ་བཟང་པོ་འདི་ལྟར་ཡོད་པ་ནི། སྔོན་བསགས་བསོད་ནམས་ཀྱི་སྟོབས་དང་། འཕགས་པ་ཐུགས་རྗེ་ཆེན་པོར་ལས་འབྲེལ་ཡོད་པའི་རྟགས་ཡིན་པ་སྟེ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་པ་ལྟར་ཡིན་པས་ལས་འབྲེལ་བཟང་པོ་དེའི་འཕྲོ་མཐུད་ནས་ལས་རྒྱུ་འབྲས་ཚུལ་བཞིན་དུ་སྲུང་། སྡིག་པ་བཤགས། བསོད་ནམས་བསགས་ན། ཚོགས་གཉིས་མཉམ་དུ་རྫོགས་ཏེ། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །གསུངས་པ་ཡིན་པས་ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་འཕགས་པ་སྤྱན་རས་གཟིགས་དང་། སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ། འབྲེལ་ཚད་འགྲོ་བའི་ལམ་སྣ་འདྲེན་ནུས་པར་འོང་ཞིང་། ཚེ་འདིར་ཡང་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དང་མགོན་པོ་སྤྱན་རས་གཟིགས་དབྱེར་མེད་པ་ལ་གསོལ་འདེབས་དང་ཚོགས་བསགས་སྔོན་དུ་འགྲོ་བའི་སྨོན་ལམ་བཏབ་ན། ཚེ་འདིར་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། བསམ་དོན་ཐམས་ཅད་ངང་གིས་འགྲུབ་ནས་སྐྱིད་ཅིང་། ཕྱི་མར་བདེ་ནས་བདེ་བར་བགྲོད་ཐུབ་པའོ། །དེ་ལས་ལྡོག་སྟེ་ཚེ་འདིར་སྡིག་པ་ཁོ་ན་བསགས་ན་སྡིག་པའི་འབྲས་བུས་ཕྱི་མ་ངན་སོང་གསུམ་དུ་སྐྱེའོ། །འོན་ཀྱང་བཤད་པ་ཙམ་ཡིན་གྱི་སྐྱེ་སའི་དམྱལ་བ་ཞེས་པ་ཨེ་ཡོད་ཅི་ཤེས། མིག་གིས་ནི་མི་རིག་གོ་བསམ་མཁན་ལ་ནི་རྒྱུ་འབྲས་བསླུ་མེད་ལ་མི་བརྩི་པའི་ལོག་ལྟ་ཅན་ཟེར་ཞིང་། ལོག་ལྟའང་དེའི་རྒྱུ་མི་ཤེས་པ་མ་རིག་པའི་དབང་གིས་བྱུང་བས་མ་རིག་ཙ་ན་མེད་པ་མིན་ཏེ། ལ་ཕར་རྒྱབ་ཀྱི་མེ་ཨེ་ཡོད་མི་རིག་ཀྱང་མེད་ཐག་ཆོད་པ་མིན་པར་ཡོད་ཅིང་། སང་ཉིན་མི་ རིག་ཀྱང་སང་ཉིན་ཤར་རྒྱུ་ཡོད་ངེས་ཤིང་། ཁོ་རང ་ཤིའང་གཞན་གྱི་སང་ཉིན་ཡོད་པ་གཏན་ཁེལ་ཞིང་། ཁར་རྩང་གི་རྣམ་རྟོག་འདས་པའི་ཕྱོགས་སུ་སོང་བས་མ་ཚད། ད་ཆ་ཡར་ཡོང་དུས་ཀྱི་རྣམ་རྟོག་འགགས་ནས་རྗེས་མི་འདུག་ཀྱང་སྐད་ཅིག་སྐད་ཅིག་གིས་རྣམ་རྟོག་གསར་བ་སྐྱེ་བ་དེ་བཞིན་དུ་ཚེ་འདིའི་རྣམ་ཤེས་ཀྱིས་ཕྱི་མའི་རྣམ་ཤེས་ཀྱི་རྒྱུན་འདྲེན་ནས། ལས་དགེ་སྡིག་གང་བྱས་ཆུད་མི་ཟ་བར་འབྲས་བུ་བདེ་སྡུག་གི་རྣམ་སྨིན་མྱོང་བ་སྟེ། ཚེ་འདིར་སྡིག་པ་ཆེན་པོ་བསགས་ནས་བཤགས་སྦྱོང་མ་བྱས་ན་ཤི་མ་ཐག་ཏུ་དམྱལ་བར་སྐྱེ་ཞིང་། ལས་ཀྱི་དབང་གིས་སྣང་བའི་དམྱལ་བའི་གནས་སུ་ལྕགས་ཀྱི་ཁང་པ་གྲུ་བཞི་པ་ངོས་རེ་རེར་དཔག་ཚད་བཅུ་གཉིས་ལངས་པ་ཡོད་ཅིང་། དེའི་དབུས་སུ་སེང་གེའི་ཁྲི་ཆེན་པོ་ཞིག་གི་ཐོག་ཏུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་པ་དམྱལ་བའི་གཤེད་མ། གཤིན་རྗེའི་ལས་མཁན་ཐམས་ཅད་ཀྱི་དཔོན་པོ། ལག་ཏུ་སྲིད་པ་ལས་ཀྱི་མེ་ལོང་དང་། ཁྲམ་ཤིང་དཀར་ནག རྩིས་ཀྱི་རྡེའུ་དཀར་ནག་སོགས་བསྣམས་པ་བཞུགས་སོ། །དམྱལ་བའི་གནས་སུ་ཐོག་མར་ཐོན་པའི་ཉམ་ཐག་པའི་སེམས་ཅན་རྣམས་ཀྱི་ལེགས་ཉེས་ཀྱི་སྟངས་འབྱེད་པ་དང་། དཀར་ནག་གི་ཁྲིམས་ཀྱི་དྲང་ཐིག་རྒྱག་པ་བྱེད་དོ། །དེའང་འཇིག་རྟེན་མི་ཡུལ་ནས་ཤི་བའི་མི་ཕལ་ཆེར་དམྱལ་བའི་གཤེད་མས་ཁྲིད་ནས་ལྷན་གཅིག་སྐྱེས་པའི་ལྷ་ལས་ཀྱི་བུ་ཆུང་དཀར་པོས་མདུན་ནས་འཐེན། ལྷན་གཅིག་སྐྱེས་པའི་འདྲེ་ལས་ཀྱི་བུ་ནག་པོས་རྒྱབ་ནས་ཕུལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་དུ་དགེ་སྡིག་རྩིས་བཤེར་བྱ་རུ་འཁྲིད་དོ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་ནས་ལྷན་གཅིག་སྐྱེས་པའི་ལྷས་ཚེ་འདས་ཀྱིས་གསོན་འཇིག་རྟེན་ཁམས་ནས་ལས་དགེ་བ་བསགས་པའི་རྡེའུ་དཀར་པོ་གང་ཡོད་བཞག ལྷན་གཅིག་སྐྱེས་པའི་འདྲེས་ལས་མི་དགེ་བ་བསགས་པའི་རྡེའུ་ནག་པོ་ཡོད་ཚད་བཞག འོན་ཀྱང་དེང་སང་སྙིགས་མའི་དུས་སུ་དམྱལ་བའི་སེམས་ཅན་གྱི་ཁ་གྲངས་ལྷག་པར་འཕེལ་བའི་སྐབས་ཡིན་པས། ལྷན་གཅིག་སྐྱེས་པའི་ལྷས་རྡེའུ་དཀར་པོ་བཞག་སྟེ་ངོ་འཛུམ་བྱེད་པ་ཉུང་བའི་དུས་ཡིན། ལས་དགེ་བ་བྱས་པའི་རྡེའུ་དཀར་པོ་མང་ན་ཁྲམ་ཤིང་དཀར་པོ་ལ་བཏབ་ནས་མཐོ་རིས་ཀྱི་འཇའ་ལམ་དཀར་པོའི་ནང་དུ་གཏོང་། སྡིག་པ་བྱས་པའི་རྡེའུ་ནག་པོ་མང་ན་ཁྲམ་ཤིང་ནག་པོ་ལ་བཏབ་ནས་དམྱལ་བའི་གཤེད་མའམ་དམྱལ་བའི་ལས་མཁན་གྱི་ལག་ཏུ་གཏོད་དོ། །དེའི་དུས་སུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་དགེ་སྡིག་ཅི་བྱས་ཐམས་ཅད་གཅིག་མ་ཆད་གཉིས་མ་ལུས་པར་བཀྲ་གསལ་ལེར་ཤར་བའི་སྲིད་པ་ལས་ཀྱི་མེ་ལོང་བསྟན་པས། ཚེ་སྔ་མ་ལ་དགེ་སྡིག་ཅི་བྱས་མཐོང་ནས། རང་བྱས་ཀྱི་སྡིག་པའི་ལས་ལ་ཤིན་ཏུ་འགྱོད་ཅིང་ངུ་འབོད་ཀྱིས་ཞུ་བ་བྱས། མཐེ་བོང་བཙོང་ཡང་། ཕན་ཐོགས་དང་། ཞུ་ས་མེད་དོ། །དམྱལ་བའི་ཡུལ་གྱི་ལྕགས་ཀྱི་ཁང་པ་ཆེན་པོའི་ཕྱོགས་བཞི་མཚམས་བཞི་ན་དམྱལ་བའི་གཤེད་མའམ་དམྱལ་སྲུང་ལས་མཁན་ཆེན་པོ་བརྒྱད་ཡོད་དེ། ཤར་ན་འཇོམས་བྱེད་སེང་གེའི་མགོ་ཅན། ལྷོ་ན་དཔའ་གཏུམ་སྟག་གི་མགོ་ཅན། ནུབ་ན་སྟོབས་ལྡན་ཕག་གི་མགོ་ཅན། བྱང་ན་རག་ཤ་གླང་གི་མགོ་ཅན། མཚམས་གཞི་རུ་རྔམ་བྱེད་དྲེད་ཀྱི་མགོ་ཅན། གཏུམ་པོ་དོམ་གྱི་མགོ་ཅན། ཨ་བ་གླང་གི་མགོ་ཅན། ལྕགས་གདོང་ཁྱུང་གི་མགོ་ཅན་རྣམས་ལ་མགོ་བརྙན་སྣ་ཚོགས་པའི་འཁོར་རང་འདྲ་མང་པོས་བསྐོར་ནས་ཡོད་དོ། །ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཀྱི་གནས་རྣམས་གཞུང་གི་ལུགས་དང་། མན་ངག་གི་ལུགས་ལ་བསྒོམ་ལུགས་དང་། གྲངས་ཀྱི་འདྲེན་ལུགས་སོགས་དགོས་དབང་གིས་ཁྱད་པར་ཅུང་ཟད་ཡོད་ཀྱང་། མདོར་ན་དམྱལ་བའི་སྡུག་བསྔལ་ནི་ཤིན་ཏུ་བཟོད་པར་དཀའ་བ་ངག་གིས་ཇི་བཞིན་བརྗོད་མི་ཐུབ་པར་ཡོད་དོ། །འདི་ནས་དམྱལ་གནས་རྣམས་ཀྱི་སྡུག་བསྔལ་སྣེ་ཟིན་ཙམ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནས་གསུངས་པ་རུ་གཞི་བཟུང་སྟེ་རེ་གཉིས་ཞུས་ན། ཤར་སྟོད་ན་དམྱལ་བ་བསྡུས་འཇོམས་ཞེས་པ་བྲག་རི་ནག་པོ་ལུག་ལྟ་བུ་གཉིས་ཀྱི་བར་དུ་དམྱལ་བའི་སེམས་ཅན་མང་པོ་བཅུར་ནས་ཁྲག་དམར་ཆིལ་ཆིལ་དུ་འབབ་པ་ཡོད་དོ། །གཞན་ཡང་གཅན་གཟན་དང་རི་དྭགས་ཀྱི་མགོ་ཅན་མང་པོས་དམྱལ་བའི་སེམས་ཅན་རྣམས་འཐར་ནས། སྡུག་བསྔལ་བའི་མཐོང་སྣང་གིས་སྲོག་གཅོད་ཀྱི་རྣམ་སྨིན་མྱོང་བ་ཡོད་དོ། །དམྱལ་བ་དེའི་འཁོར་ན་ལྕགས་ཀྱི་ཐོ་གདན་གྱི་ཐོག་ཏུ་དམྱལ་བའི་སེམས་ཅན་བཞག་སྟེ་ཀླད་པ་ནས་ཐོ་བས་རྡུང་བ་ཡོད་དོ། །ཤར་དབུས་ནས་དུག་སྦྲང་ནག་པོ་བྱེའུ་ཙམ་པས་ཤ་ཟོས་ནས་རུས་པ་ལའང་ཟ་བ་ཡོད་དོ། །དེའི་འཁོར་ན་དཔའ་གཏུམ་སྟག་གི་མགོ་ཅན་གྱིས་ལྕགས་ཀྱི་སོག་ལེས་ལུས་འདྲ་བ་ཡོད་དོ། །ཤར་སྨད་ནས་ཆུ་ཚན་ཁོལ་མའི་ནང་དུ་འཚེད་པ་དང་། རྩལ་ཆེན་སེང་གེའི་མགོ་ཅན་གྱིས་དམྱལ་བའི་སེམས་ཅན་གྱི་རྐང་བ་ནས་བཟུང་སྟེ་ཤ་རུས་སོ་སོར་ཕྱེ་བ་ཡོད་དོ། །ལྷོ་སྟོད་ན་དམྱལ་བ་རབ་ཏུ་ཚ་བ་བྱ་བ་སྔར་ཆོས་མེད་སྡིག་ལས་འབའ་ཞིག་གིས་དུས་འདས་ནས། སེམས་ཅན་གཞན་ལ་གནོད་པ་བྱས་པས་སྐྱེས་པའི་དམྱལ་བའི་སེམས་ཅན་སྐྱབས་མེད་མགོན་མེད་རྣམས་ཀྱི་རྐང་ལག་བཞིར་ལྕགས་ཕུར་བཞི་རེ་བཏབ་སྟེ་རྒྱོང་བརྒྱབ་ནས་ཕྱོགས་བཞི་ནས་མེ་བཏང་སྟེ། ཤ་རུས་ཐམས་ཅད་སྲེག་པ་ཡོད་དོ། །གཞན་ཡང་མུན་པའི་གླིང་ནག་རོང་ངེ་། འཇིགས་ཤིང་སྐྲག་པ། རིག་ཙ་ན་ཤ་སྦྲིད་པའི་སྐྱི་གཡའ་བ་ཡོད་པས་གཤེད་མ་མང་པོས་ལག་པ་བཀྱིགས། ཀླད་པ་བརྟོལ་ནས་ལྕགས་ཀྱི་བྱ་ཁྲ་མང་པོས་ཀླད་པ་དང་མིག་ལ་སོགས་པ་འབྲུ་བ་ཡོད་དོ། །དེའི་འཁོར་ན་གཏུམ་པོ་དོམ་གྱི་མགོ་ཅན་གྱིས་ལྕགས་ཀྱི་ཚེར་མའི་གསེབ་ཏུ་ལྕགས་ཀྱི་ཐོ་བས་རྡུང་། མདུང་གིས་ཕུག་པ་ཡོད་དོ། །དེའི་འཁོར་ན་དམྱལ་བ་ཐིག་ནག་བྱ་བ་ཡོད་དེ། ལུས་ཕྱེད་ཚལ་དུ་ཐིག་བཏབ་ནས་ཤིང་བཟོས་ཤིང་དྲས་པ་ལྟར་དུ་གཤེད་མས་ལྕགས་ཀྱི་སོག་ལེས་དྲ་བ་དང་། སྟ་རེས་གཤོག་པ་ཡོད་དོ། །དེ་དག་ནི་སྔར་སེམས་ཅན་གསོན་པོར་བཤས་པ་དང་། མི་བསད་པའི་རྣམ་སྨིན་མྱོང་བ་ཡིན་པའོ། །དམྱལ་བ་ཡང་སོས་བྱ་བ་ཡོད་དེ། ལྕགས་ཀྱི་གཏན་པ་ལ་མགོ་བོ་བཞག་ནས་ལྕགས་ཀྱི་ཕ་བོང་གིས་ཐོག་ནས་མནན་ནས་ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་མྱོང་བ་བྱེད་པ་ཡོད་དོ། །དེ་དག་གསོན་འཇིག་རྟེན་གྱི་ཁམས་ནས་རྡོ་དང་མཚོན་ཆས་མི་བསད་པའི་རྣམ་སྨིན་གྱིས་སྐྱེས་པའོ། །བྱང་དབུས་ན་ལྕགས་ཀྱི་ཟངས་ཆེན་པོའི་ནང་དུ་དམྱལ་བའི་སེམས་ཅན་མང་པོ་འབྲས་བཞིན་འཚེད་པ་བྱེད་དོ། །གཞན་ཡང་བྱང་སྨད་ན་གྲང་བའི་དམྱལ་བ་རྣམས་ཡོད་ཚུལ་སོགས་མ་ཎི་བཀའ་འབུམ་ལ་ལྟོས་དང་དེ་ལྟར་གསུངས་སོ། །སྤྱི་ཁྱབ་ཀྱི་ལུགས་ལ། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེ་ཚ་བ། །རབ་ཚ་མནར་མེད་ཚ་དམྱལ་བརྒྱད། །ཅེས་དམྱལ་གནས་གོང་མའི་སྡུག་བསྔལ་ཐམས་ཅད་འོག་མ་ལ་ཚང་བ་དང་། མཚམས་མེད་ཀྱི་ལས་བྱས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་དེ་ལས་མནར་དུ་མེད་པའི་སྡུག་བསྔལ་ཅན་གྱི་དམྱལ་བ་མནར་མེད་དུ་སྐྱེ་བ་དང་། མནར་མེད་དུ་སྐྱེས་པའི་སེམས་ཅན་ལ་བར་དོ་ཡོད་པ་མིན་པ་སྟེ། སྲིད་པ་བར་དོ་བརྒྱུད་མི་དགོས་པར་མར་གྱི་ཟང་ཐལ་ཞེས་པ་མིག་བཙུམ་པ་དང་ལྷན་དུ་མགོ་ཐུར་དུ་གཏད་ནས་དེར་སྐྱེ་བར་གསུངས་ཤིང་། དམྱལ་བར་སྐྱེ་བའི་ལས་ཀྱང་ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱིས་གཞན་ལ་གནོད་པར་བྱས་པའི་འབྲས་བུ་ཡིན་པ་དང་། འཛམ་གླིང་ལས་ཀྱི་ས་པ་ཡིན་པས། ལས་དཀར་ནག་གང་བྱས་ཀྱི་འབྲས་བུ་བརྒྱ་སྟོང་དུ་འཕེལ་ནས་མྱོང་དགོས་པ་ནི་ལས་འབྲས་བསླུ་མེད་ཡིན་ནོ། །དེའང་སྔ་དྲོ་གྱེན་དུ་སོང་ན་ཕྱི་དྲོ་ཐུར་དུ་འབབ་དགོས་པ་ལྟར་དུ། ཚེ་སྔོན་མའི་རྣམ་དཀར་བསོད་ནམས་ཀྱི་འབྲས་བུ་ཅུང་ཙམ་ལུས་པའི་མཐོ་རིས་མི་ཡི་བདེ་འབྲས་མྱངས་ཟིན་མ་ཐག་ཏུ། ལས་ནག་པོ་སྡིག་པའི་བསགས་པ་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེས་ནས། སྡུག་བསྔལ་མྱངས་ནས་བུ་ལོན་འཇལ་དགོས་སོ། །དེ་ལྟར་དམྱལ་བ་ལ་ཚ་དམྱལ། གྲང་དམྱལ། ཉི་ཚེ་ཉེར་འཁོར་བཅས་ཡོད་དོ། །ཡི་དྭགས་ལ་ཡང་བྱིངས་ན་གནས་པ་དང་། ཁ་འཐོར་དུ་གནས་པ་གཉིས། བྱིངས་གནས་ལ་ཡང་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་ལ་སོགས་པ་རྣམ་གྲངས་དུ་མ་ཡོད་ཅིང་། ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་ཤིང་སྐོམ་ཡང་བཟའ་བཏུང་ལོངས་སྤྱོད་མི་རྙེད་པའམ་མིང་ཙམ་ཡང་གོ་རྒྱུ་མེད་པ། ཟས་ཤིག་རྙེད་ཀྱང་རྣག་ཁྲག་དང་ངན་སྐྱུགས་སུ་གྱུར་པའམ་སྲུང་མ་གོ་མཚོན་ཅན་གྱིས་བསྲུངས་ནས་བཟའ་དབང་དང་འཐུང་དབང་མེད་པའོ། །ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ཙམ། མགོ་རི་རབ་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། རྐང་ལག་རྩྭ་འཇག་ལྟ་བུ་ཡོད་ཅིང་། རྐང་ལག་རྩྭ་འཇག་ལྟ་བུས་ལུས་མི་ཐེག་ནས་སྡུག་བསྔལ། ལོ་བརྒྱ་ཚོ་མང་པོ་སོང་བའི་མཚམས་ནས་ཟས་སྣབས་ལུད་དང་། ངན་སྐྱུགས་ཙམ་རེ་རྙེད་ཀྱང་། ཁ་ཁབ་མིག་ལྟ་བུའི་ནང་དུ་མི་ཆུད། ཆུད་ཀྱང་མིད་པ་རྟ་རྔ་ལྟ་བུ་ལས་མི་ཐར། ཐར་ཡང་ལྟོ་བ་ཡུལ་ལྗོངས་ཙམ་པ་མི་གང་ནས་སྡུག་བསྔལ་ལོ། །གལ་ཏེ་ཁོག་ཏུ་ཅུང་ཙམ་སོང་ཡང་ཟས་སྐོམ་མེ་རུ་འབར་ནས་ལྷག་ཏུ་སྡུག་བསྔལ་བའོ། །དེ་བཞིན་དུ་སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ལ་སོགས་པ་མ་ཎི་བཀའ་འབུམ་ལས་གསུངས་སོ། །གཞན་ཡང་ཡི་དྭགས་གྱེའུ་སྐྱེས་བྱ་བ། རླུང་མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ་སོགས་འདྲ་མི་འདྲའི་སྡུག་བསྔལ་མྱོང་སྟངས་སྣ་ཚོགས་པའི་ཡི་དྭགས་ཀྱི་རིགས་མང་བའོ། །སེམས་ཅན་གྱིས་སྡིག་པའི་ལས་བསགས་པའི་སྣ་གྲངས་མང་བ་ལྟར་དུ། དམྱལ་བའི་སྡུག་བསྔལ་མྱོང་བ་ཡང་མང་ཞིང་། ཡི་དྭགས་དང་། དུད་འགྲོ་ཡང་དེ་ལྟར་རོ། །དམྱལ་བ། ཡི་དྭགས་ཀྱི་འགྲོ་བ་དེ་དག་གི་ཚེའི་ཚད་མི་ལོ་བྱེ་བ་དུང་ཕྱུར་དུ་སྡུག་བསྔལ་མྱོང་ལ། འུ་ཅག་གིས་བགྲངས་བར་དཀའ་བའི་ལོ་གྲངས་ཅན་ཤ་སྟག་ཡིན་ནོ། །དེ་བཞིན་དུ་དུད་འགྲོ་ལ་བསམ་བློ་བཏང་ན། བླུན་རྨོངས་གཅིག་ལ་གཅིག་ཟའི་སྡུག་བསྔལ་བྱིངས་གནས་རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་པ་དང་། ཁ་འཐོར་མིའི་གནས་ན་ཡོད་པ་རྣམས། རང་རེ་མི་རྣམས་ཀྱིས་ཤ་ཟ། པགས་གྱོན། འོ་མ་བཞོ། ཁལ་འགེལ། སྣ་ཕུག སྒ་གཏོད། སྲབ་སྐོན། ལྕག་གིས་བྲབ། རང་དབང་ཅུང་ཟད་ཙམ་ཡང་མེད་པའི་དམྱལ་བ་མིན་ཡང་དམྱལ་འདྲ། རང་ཅག་གིས་དམྱལ་བའི་ལས་མཁན་བྱས་ཏེ་སྡུག་ཏུ་བཀོལ་བ་རིག ་བཞིན་ཡོད་པ་འདིའོ། །མཐོ་རིས་རྣམ་གསུམ་ལྷ་དང་། མི། ལྷ་མ་ཡིན་གསུམ་ལའང་སྡུག་བསྔལ་མེད་པ་ཡོད་མིན་ཏེ། ལྷ་འཕོ་ལྟུང་གིས་སྡུག་བསྔལ་ཏེ་ཤི་རན་པའི་ལྷའི་ཞག་མ་བདུན་ནམ་མིའི་ལོ་གྲངས་བརྒྱ་ཚོ་དུ་མར་ལྷ་ཡུལ་ནས་ཤི་འཕོ་སྡུག་དང་། འོག་མའི་ངན་སོང་གནས་སུ་ལྟུང་སྡུག་གིས་འཕོ་ལྟུང་གི་སྡུག་བསྔལ་ལོ། །ལྷ་མ་ཡིན་གྱིས་ཕྲག་དོག་དབང་གིས་འཐབ་རྩོད་འབའ་ཞིག་བྱེད་ནས་དམྱལ་བ་ཡང་སོས་ཀྱི་སྡུག་བསྔལ་ལྟ་བུ་མྱོང་དགོས་སོ། །མིའི་སྡུག་བསྔལ་ལ་མཚོན་ན་འུ་ཅག་གི་རང་ཐོག་ཏུ་ཡོད་པའི་སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་བཞི་སྟེ་སྐྱེ་བའི་སྡུག་བསྔལ་གྱིས་འགོ་བཟུང་ནས་རྒ་ན་འཆི་བའི་སྡུག་བསྔལ་སོགས་མྱོང་དགོས་ཤིང་། ལས་ལས་བཅས་བཅས་ཐམས་ཅད་ཀྱི་མཐའ་མའི་མཇུག་བསྡོམས་སམ་མི་ཚེ་གཅིག་གི་ཕྱོགས་བསྡོམས་འཆི་བས་བྱེད་ཅིང་། དེ་ལྟར་སྐྱེ་རྒ་ན་དང་འཆི་བ་བཞི་བོ་བར་མེད་དུ་སྲིད་པའི་ཁ་བརྒྱུད་ནས་འཁོར་བས། འདི་དག་གི་མིང་ལའང་བར་མེད་བདུད་ཀྱི་ཆུ་བོ་ཞེས་ཆུའི་བཞུར་རྒྱུན་ལྟར་ཆད་དུ་མེད་ཅེས་གསུངས་པའོ། །དེའི་བར་དུ་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། མི་འདོད་པ་བཙན་གྱིས་བབ་པ་ལ་སོགས་པའི་སྡུགས་བསྔལ་སོགས་སྡུག་བསྔལ་གྱི་རྣམ་གྲངས་མཐའ་ཡས་པ་མྱོང་བའོ། །དེས་ན་དམ་པའི་ཆོས་ཞུ་བ་འདི་བདེ་བ་སྒྲུབ་པའི་ཆེད་ཡིན་ཞིང་། དེའང་ཐེག་པ་དམན་པས་རང་དོན་ཡིད་བྱེད་ང་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་ཐར་ན་བསམ་པ་དེས་མི་ཆོག་པར་ང་ཐར་རུང་། ཤུལ་དུ་ཕ་དང་། མ། བུ། ཚ་བོ། ཚ་མོ། གྲོགས་དགའ་མཛའ། ཉེ་བ་མཐུན་གསུམ། ཡུལ་སྡེ་བུ་ཕྲུག་རྣམས་ལུས་ཤིང་། ཞིབ་ཏུ་བསམས་ན་སྐྱེ་བ་རེ་རེར་དེའི་གྲངས་ཀྱི་དེ་དག་ཡོད་པས། སྐྱེ་བ་ལ་མཐའ་མེད་པར་སངས་རྒྱས་ཀྱིས་མ་གསུངས་ཀྱང་། ཕའི་ཕ། དེའི་ཕ། དེའི་ཨ་མྱེ། དེའི་ཡང་མྱེ། མ་ཡི་ཕྱོགས་ནས་ཀྱང་དེ་བཞིན་དུ་བགྲངས་ན་སྐྱེ་བ་བླངས་གྲངས་བརྩིས་མཐའ་མེད་པས། འཁོར་བ་ཐོག་མེད་མཐའ་ལ་ཐུག་རྒྱུ་མེད་པར་ཤེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའང་རང་ཅི་འདྲ་རོགས་ཡིན་བསམས་ནས། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྡོམ་པ་བླངས་པ་བཞིན་དུ་སེམས་བསྐྱེད་རྒྱུད་ལ་སྐྱེས་ན་སྡིག་པ་དེ་ཡིས་འདག བསོད་ནམས་ཀྱི་ཚོགས་དེ་ཡིས་སོག་ཅིང་། འཇུག་སེམས་སྐྱེས་ལ་མ་ཉམས་ན། དབུགས་ཀྱི་རྒྱུ་འགྲུལ་ཙམ་ཡང་གཞན་དོན་དུ་འགྱུར་ནས། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི། དོན་དམ་བྱང་ཆུབ་ཀྱི་སེམས་ཐོབ་པ་སོགས་ས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ་དོན་གཉིས་ལྷུན་གྲུབ་འབྱུང་བར་ཁ་སང་བྱང་ཆུབ་སེམས་སྡོམ་ལེན་སྐབས་སུ་བཤད་པ་ལྟར་ཡིན་ནོ། །དེའང་དུས་བསྐལ་ཆེན་གྲངས་མེད་མང་པོའི་མཐའ་དང་། མི་ཚེའི་སྐྱེ་བ་མང་པོ་རུ་སྒུག་མི་དགོས་པར། ཚེ་ལུས་འདིའི་ཐོག་ནས། རང་ཉིད་ལ་སྙིང་རུས་ཡོད་ན། སངས་རྒྱས་ཀྱི་གོ་འཕང་ཐོབ། རང་གཞན་དོན་གཉིས་འགྲུབ་ཐུབ་པས། སྤྱིར་ན་ཐེག་ཆེན་མདོ་སྔགས་གཉིས། དེ་ལས་གསང་སྔགས་མྱུར་ལམ་ཁྱད་པར་ཅན་སྒྲུབ་རྒྱུའི་བགོ་སྐལ་བཟང་པོ་ཐོབ་པའི་སྐབས་སུ། དུས་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏོང་པར་རང་གཞན་འདི་ཕྱིའི་དོན་ཆེན་སྒྲུབ་རྒྱུ་འཕྱུག་མི་རུང་ཞེས། མདུན་ན་ཡོད་པའི་བྱ་བ་གནད་ཆེན་གཅིག་པུར་ཡིན་པའི་དྲན་བསྐུལ་གསལ་འདེབས་བྱས་པ་ཡིན་ནོ།།
༈ འདིའི་མཚམས་ནས་པདྨ་ཐང་གི་བླ་མ་ཐུབ་བསྟན་གོ་ཆས་མགུར་ཞིག་འཐེན་མཛོད། ཐམས་ཅད་ཆོས་རའི་ནང་དུ་བསྡད་ནས་ཆོས་ཉན་ཚུལ་དཔེ་མ་སྲིད་པར་ཡག་ཐལ། ཞུ་ཨེ་རུང་ན་ཡང་དགོན་པ་སྡ་གེ་སྡུག་གེའི་གྲྭ་ཚང་འཚོགས་པ་ལས་ཀྱང་བཟང་རེད། རེ་བ་བརྒྱབ་ཚོད་ལས་བརྒལ་ཐལ། འབྲོག་རུ་བསོད་ནམས་ལྷ་སྡེའི་མི་རབས་རྗེས་མར་ཆོས་ཀྱིས་ཆོས་དགེ་ཡོང་རྒྱུའི་རྟེན་འབྲེལ་ཚང་འདུག་བསམ་བཞིན་ཡོད། ད་དུང་ཡང་མ་འཕྱུག ཁ་སང་ཡང་བཤད་ཀྱང་། གལ་ཆེན་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་གདབ་པར་བྱ། །ཞེས་པ་ཡིན་པས། ཞིང་སྒྲུབ་འདིའི་ཚེ་ཚང་མས་ཕར་འགྲོ་ཚུར་འོང་གི་ལམ་ནས། འགྲིམ་འགྲུལ་གྱི་ཐད་ནས་མི་ལུས་བདེ་འཇག་ལ་གཟབ་གཟབ་བྱོས། འཕྲུལ་རྟ་རླངས་འཁོར་ཅི་ཞིག་བཀོལ་ནས་འགྲོ་མཁན་ཡིན་ཡང་། ལམ་ནས་དལ་མོ་གྱིས། དུས་ཚོད་སྐར་མ་ཁ་ཤས་དང་། ཆུ་ཚོད་གཅིག་གཉིས་ཀྱིས་ཐོན་སྔ་ཕྱིའི་བྲེལ་བ་མ་བྱེད། འཕྲུལ་རྟར་སུམ་འཕང་བཞི་འཕང་མ་བྱེད། རླངས་འཁོར་ཡིན་ཡང་ཤོང་ཚད་དང་། འགྲིམ་འགྲུལ་གྱི་ཚད་གཞིའི་ཆ་ཚད་ལྟར་དུ་བྱེད་དགོས། བདེ་འཇག་གི་ཆེད་དུ་དང་པོ་ལས་མཁན་གྱིས་ཉམས་ཞིབ་བྱས་ནས་བཞག་པ་རེད། ཞིང་སྒྲུབ་འཚོགས་ནས་ཆོས་ཁྲིད་རེའི་ནང་དུ་ཞུགས་རྒྱུ་ནི། བརྒྱ་སྐོར་གཅིག ལོ་རེའི་ནང་གི་ལན་རེ་ཡིན་པས། ཆོས་རའི་ནང་ནས་སྒོ་གསུམ་དགེ་བའི་ལམ་ལ་ཞོག བདེ་སྨོན་ཚར་གཅིག་འདོན་ས་མིན་པར་མ་ཐོན་རུང་། སྦྱོར་དངོས་རྗེས་ཀྱི་དམ་པ་གསུམ་གྱི་རྩི་ཡིས་ཨེ་ཟིན་ལྟོས་དང་། དགེ་རྩ་རྒྱ་ཆེ་ཞིང་། རྒྱུན་མི་ཆད་པ་ཡིན་པ་རེད། དགོང་མོའི་གཅོད་ཐུན་གྱི་སྐབས་སུ་གཅོད་འོག་ཏུ་སྡོད་དང་། བྱིན་རླབས་འཇུག བར་ཆད་སེལ་བ་རེད། དགེ་འདུན་པ་བརྒྱ་ཚོ་མང་པོ་སྟོང་ཚོ་ལ་ཉེ་བ་ཞིག་གིས་ད་ལོའི་དབྱར་སྟོན་གཉིས་སུ་གཅོད་ཐུན་འཚོགས་ཤིང་། བསྡོམས་པས་ཐེངས་བརྒྱད་ཅུ་ཁ་གྲངས་ཤིག་གསུངས་པ་རེད། མི་འགའ་རེ་གཅོད་འོག་འདུག་རྒྱུ་ཆག་མ་མྱངས་པ་ཡང་ཡོད་ཐལ། གཏན་ནས་ཞུགས་མ་མྱངས་པ་ཉུང་ཉུང་ཡིན་རྒྱུ་རེད། འདི་རྣམ་པ་ནི་གཅོད་ཀྱི་དབང་ཁྲིད་མན་ངག་དང་བཅས་པ་ཐོབ་མཁན་འབའ་ཞིག་ཡིན་པས་མ་ཚད། བསྙེན་ཚད་ཡོད་མཁན་མང་ཆེ་བ་རེད། དོ་དགོང་ནས་བརྩིས་པའི་དགོང་མོ་དྲུག་ལ་མ་གཏོགས་གཅོད་ཐུན་ད་ལོ་ཡོད་པ་མ་རེད། ལོ་ཀེག་དང་། སྲི་ཐོག་ལ་ཡོད་མཁན། བྱ་བའི་ལམ་འགྲོ་ཞན་མཁན། བྱིས་པ་ཡ་མ། བུད་མེད་སྦྲུམ་མ་དེ་ཚོ་ཁྱད་པར་དུ་གཅོད་འོག་ཏུ་སྡོད་དང་བཟང་། ལས་བྱ་བ་ལམ་ལ་འགྲོ། ན་ཚ་རྐྱེན་ཆགས་མེད་དུས་རིམ་གྲོ་སྒྲུབ་དགོས་ཀྱི། ད་ཁ་ད་ཐུག་ལ་འཚུབ་ཕོག་ནས་གཟོད་བརྒྱབ་ཆོག་བྱས་ན་ཕན་པ་ཡོད་ཀྱང་། ཆུ་ལོག་བརྒྱུགས་ནས་འཕྱུར་ལ་ཉེ་སྐབས་སུ་བཀག་པ་ལས། ཆུ་རགས་སྔ་ཚེ་ནས་བརྒྱབ་ན་ཁོག་ཆེ་བ་རེད། དུས་རྒྱུན་པར་བློ་གཏད་ས་བླ་མ་དཀོན་མཆོག་ལ་ཡིད་ཁྱེད་ཤེས་ཀྱིས་བློ་གཏད་ལིང་བསྐྱུར་གྱིས་དང་། འཕྲལ་རྐྱེན་ཉེར་འཚེའི་བར་ཆད་སེལ་བ་རེད། གལ་ཏེ་ཟློག་མེད་ཀྱི་ལས་ལ་ཐུག་རུང་འགྱོད་པ་རྗེས་ན་མེད་པའི་བློ་སེམས་བདེ་རྒྱུ་ཡོད། ད་ལོ་དབང་གི་ཉིན་མོར་རྟེན་དབང་བསྐུར་རྒྱུ་ཡོད། དུས་རྒྱུན་སེམས་བསྐྱེད་འབུམ་མཆོད་ཀྱི་སྐབས་སུ་ཐུབ་པ་གྲོང་ཁྱེར་མའི་ལྷ་ཁང་ནང་ནས་རྟེན་གསུམ་མཇལ་ཁ་ཐེངས་རེ་བསྟན་རུང་། ད་ལོ་སེམས་བསྐྱེད་འབུམ་མཆོད་ཁྲི་གྲྭ་མ་འཚོགས་པས་མཇལ་ཁ་མ་ཐོབ་པ་རེད། པདྨའི་ཐང་གི་རྟེན་གསུམ་རབ་ཀྱི་ཡང་རབ་སུམ་ཅུ་ཐམ་པ་རྫོགས་ཆེན་ཚང་གི་རྟེན་སྒོམ་ཨ་མའི་ནང་དུ་ཡར་འབུལ་བྱེད་འཆར་རེད། སྔོན་མའི་འཆར་གཞི་རུ་ད་སྔོན་གྱི་ཉི་མ་ཁ་ཤས་ནས་གདན་འདྲེན་ཞུ་འཆར་ཡིན་ཡང་། ད་བར་དུ་གདན་འདྲེན་མ་ཞུས་པར་ཕྱིར་འཐེན་བྱེད་དོན་སྡེ་བའི་ཆོས་དད་མང་ཚོགས་ལ་རྟེན་དབང་ཞིག་བསྐུར་ནས་ཡར་འབུལ་བྱེད་འཆར་ཡིན། རྟེན་རེ་རེ་ཡང་དགོན་པ་རེ་རེའི་ཆགས་རྟེན་བྱེད་ཆོག་པའི་རྩ་ཆེན་དོན་ཆེན་ཏག་ཏག་ཡིན། དུས་བཟང་ངན་གཉིས་ཀའི་སྐབས། མི་ལོ་དྲུག་ཅུའི་རིང་ལ་ཉར་ཚགས་བྱས། ཚབས་ཆེ་བའི་སྐབས་སུ་མི་འགའ་རེས་སྲོག་བསྡོས་བྱས་པའི་རྟེན་གསུམ་འགངས་ཆེན་ཁོ་ན་རེད། འདི་དག་སྔར་འགྱུར་མདོ་ཁམས་རྒྱལ་བ་རྫོགས་ཆེན་པའི་གདན་ས་ཨ་མའི་ཕོ་བྲང་ཆེན་མོའི་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་བཞུགས་ན། རྟེན་འགྲོ་སྤྱི་དང་བྱེ་བྲག་གི་རྒུད་པ་སེལ་ཆེད་དང་། མ་འོངས་སེམས་ཅན་སྤྱི་མཐུན་གྱིས་བསོད་ནམས་གསག་པའི་ཞིང་ས། མདོ་ཁམས་སྨད་ཀྱི་རྟེན་སྐལ་རྩ་ཆེན་ཏུ་འགྱུར་རྒྱུའི་དམིགས་འདུན་བྱས་པ་ཡིན། འདི་དག་གདན་འདྲེན་བྱས་པའི་རྗེས་སུའང་། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པའི་དགའ་ཚལ་དུ། དུས་འདིར་ཆེད་དུ་བསྐོས་ཐང་ཡོད་པའི་དུས་བབ་ཀྱི་རྟེན་རྫས་མང་པོ་བཞུགས་པ་རེད། དེ་དག་རྗེས་མའི་སྐབས་སུ་ལོ་རེའི་ནང་ནས་ཐེངས་རེ་མཇལ་སྲིད། གཞན་གཙུག་ལག་ཁང་ལ་སྐོར་བ་ཐེངས་རེ་རྒྱོབ་དང་། འབྲེལ་ཚད་དོན་ལྡན་གྱི་རྟེན་རྫས་རྩ་ཆེན་བཞུགས་པས། ཚོགས་རྫོགས་རྒྱུ་སྡིག་སྒྲིབ་དག་རྒྱུ་གཉིས་ཀ་མཉམ་དུ་འགྱུར་རོ། །གུ་རུ་རིན་པོ་ཆེའི་སྐུ་བརྙན་ཡིད་བཞིན་དབང་རྒྱལ་གྱི་ཐུགས་ཀ་ན། མདོ་མཁྱེན་བརྩེས་མི་ཉག་བཞག་ར་ལྷ་རྩེ་ནས། གཏེར་ནས་བཞེས་པའི་གཟི་ཡི་སྒྲོམ་བུ་བཞུགས་པ་རེད། འབྲི་རྫ་གཉིས་ཀྱི་ཁ་བར་གྱི་ས་ཆ་ལིང་ལིང་འདིར། ཆོས་ནོར་གཉིས་ཀྱི་གཡང་རྟེན་དེ་ལས་དགོས་རྒྱུ་མིན། དེ་ལ་གསོལ་བ་ཐོབ་དང་ཡིད་བཞིན་གྱི་ནོར་བུ་ཞེས་པའང་དེ་ལས་ལྷག་ཅིག་རྙེད་རྒྱུ་ཅི་ཡོད། རྐྱེན་བར་ཆད་བྱུང་ན་གསོལ་བ་ཐོབ་དང་ཟློག་ཐུབ། ནོར་ལ་གོད་ཁ་བྱུང་། རྒྱུ་ལག་ཏུ་མ་འཁོར་ན་འདོད་དོན་གསོལ་དང་། ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་གཏེར་བུམ་གྱི་གཡང་གཏའ་འདིའི་ནང་དུ་བསྡམས་ཡོད། སེམས་ཀྱིས་མ་ཐུབ་ན་ཀླུའི་རྒྱལ་པོ་དངོས་སུ་ཐོན་ནས་ནོར་བུ་ཞིག་ལག་ཏུ་བཞག་ཀྱང་བེད་ཆོད་པ་མིན། སྤྱིར་ནོར་ལོངས་སྤྱོད་ཀྱི་ཕུན་སུམ་ཚོགས་པར་བསོད་ནམས་དགོས་ཀྱང་། ཡུལ་ཁྱད་པར་ཅན་ལ་ཡིད་ཆེས་ཁྱེད་ཤེས་ཀྱི་དད་པས་གསོལ་བ་བཏབ་ན། ཞིང་ཁྱད་པར་ཅན་དང་། རྩེ་གཅིག་དད་དང་འདུན་པའི་དམིགས་གནད་གཉིས་འཛོམས་ན་བསོད་ནམས་རང་ཤུགས་ཀྱིས་སོག་ནས་འདོད་དོན་འགྲུབ་བོ། །དེ་ནས་སང་ཉིན་ཐུག་ཡོང་།
༈ དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོར་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡིན་ན་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།།
ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་།།
སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི།།
སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།