འགོ་བརྗོད།
མཚན་དཔེ་ཡོན་ཏན་རྒྱ་མཚོའི་དཔལ་འབར་ཞིང་།།
བདེ་ཆེན་དག་པའི་ཞིང་གི་ལམ་སྟོན་མཆོག།
བཅོམ་ལྡན་རྒྱལ་བ་འོད་མཐའ་ཡས་པ་གང་།།
རབ་ཏུ་དད་པས་ཕྱག་འཚལ་བྱིན་རླབས་སྩོལ།།
ངོ་མཚར་མཚོ་དབུས་པད་སྡོང་རྒྱས་པའི་རྩེར།།
རང་བྱུང་རྫུས་སྐྱེས་ཨོ་རྒྱན་རྡོ་རྗེ་འཆང་།།
སྙིགས་དུས་རྒུད་པས་རབ་མནར་འགྲོ་ཚོགས་ལ།།
བརྩེ་ཆེན་ཐུགས་ཀྱིས་ནམ་ཡང་སྐྱོང་མཛོད་ཅིག།
རྣམ་དག་ཚུལ་ཁྲིམས་ གཙང ་མའི་དྲི་བསུང་འཐུལ།།
མ་སྨད་ཏིང་ངེ་འཛིན་གྱི་རྩལ་ཆེན་རྫོགས།།
རྨད་བྱུང་ཤེས་རབ་ཉི་ཟླའི་འོད་སྟོང་འབར།།
བཀའ་དྲིན་སུམ་ལྡན་ཁྱབ་བདག་བླ་མར་བསྟོད།།
གང་ཐུགས་བརྩེ་བའི་ཆུ་འཛིན་བརྡོལ་བ་ལས།།
ཞི་བསིལ་དམ་ཆོས་གྲུ་ཆར་ཅིར་ཡང་རྩེན།།
དེ་ལས་གདམས་ཟབ་བདུད་རྩིའི་ཆ་ཤས་ཤིག།
རབ་གུས་དད་པས་ཡི་གེའི་གཟུགས་སུ་འབྲི།།
དེ་ཡང་ཇི་སྐད་དུ་གཡོན་རུ་གཏེར་ཆེན་པདྨ་རྣམ་གྲོལ་གླིང་པའི་ལུང་བྱང་ལས། ཆོས་སྡེ་ཤྲཱི་སེང་ཧ་ཡི༔ མི་འཇིགས་སེང་གེའི་ཁྲི་མཆོག་སྟེང༔ པདྨའི་ཐུགས་སྤྲུལ་པདྨའི་མཚན༔ པད་གཞོན་མང་པོ་འདབ་སྟོང་འཛུམ༔ རྒྱལ་བསྟན་སྤྱི་དང་བྱེ་བྲག་གི༔ དགེ་ལེགས་ཡོན་ཏན་ཉིན་མོར་བྱེད༔ ཅེས་གསུངས་པ་ལྟར་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ། ཐུབ་བསྟན་མདོ་སྔགས་ཡོངས་རྫོགས་ཀྱི་མངའ་བདག སྙིགས་དུས་ཀྱི་སྒྲོན་མེ། འདུལ་འཛིན་གྱི་རྒྱལ་པོ། སར་གནས་ཀྱི་སེམས་དཔའ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་བཅུ་གཉིས་པ་སྟེ་ཁྱབ་བདག་པ་ཆེན་པོ་པདྨ་སྐལ་བཟང་མཆོག་གིས་ཕྱོགས་དང་རིས་སུ་མ་ཆད་པར་གདུལ་བྱའི་བློ་རིམ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རྟག་པར་རྒྱུན་དུ་སྐོར་བར་མཛད་པ་ལས་ཤིང་ཕོ་རྟ་ཡི་ལོའི་བདེ་ཆེན་ཞིང་སྒྲུབ་ཀྱི་སྐབས་སུ་གདུལ་བྱའི་སློབ་ཚོགས་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བ་ལ་བཀའ་ཆོས་ཟབ་མོ་གནང་བ་ནི་འདི་ལྟར་ཏེ།