ཉིན་གསུམ་པའི་ཆོས་ཁྲིད།
ལོ་གཅིག་གི་ནང་ནས་ཐེངས་གཅིག་ལ་ཆོས་ར་གཅིག་གི་ནང་ལ་རང་རེ་ཆོས་མཐུན་ཆོས་ཀྱི་གྲོགས་པོ་མཆོད་ཡོན་སྐྱ་སེར་ཐམས་ཅད་པོ་མཉམ་དུ་ཐེངས་རེར་འཛོམས་ཀྱིན་ཡོད་ན། སྤྱིར་ན་མགོ་ནག་བོད་ཀྱི་མྱི་ཆོས་ལྡན་ཆོས་ཀྱི་ཡུལ་གྲུར་སྐྱེས་ཚད་ལ་ཆོས་དད་ཡོད་པ་གཞིར་བཞག་གི་ཐོག་ནས། རང་རེ་འདིར་ཡོད་ཚང་མ་ལ་མཚོན་ན་ཡང་ལས་སྨོན་ལམ་གཅིག་གིས་སྦྲེལ་ནས། ཆོས་བརྒྱུད་འདིའི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའམ་ཆོས་བརྒྱུད་འདིར་ཞུགས་པའི་ཆོས་མཐུན་གྱི་མཆེད་གྲོགས་ཡིན་ན། ཆོས་རའི་ནང་ལ་ཡོང་རྒྱུ་དེ་དམ་ཆོས་དོན་གཉེར་གྱི་ཆེད་དུ་ཡོང་བ་ཡིན་པ་བཤད་མི་དགོས། ཆོས་ཚུལ་བཞིན་དུ་ཉན་གི་ཡོད་པའི་ཀུན་སྤྱོད་རྐྱང་བས་ཀྱང་ཤེས་ཐུབ་ཀི དེ་ལྟར་བྱས་པ་ཞིག་ཡིན་ན་ཆོས་བཤད་མཁན་གྱིས་ཀྱང་མདོ་དོན་གནད་དུ་དྲིལ་ནས་སྙིང་པོར་བཟུང་ནས་བཤད་དགོས་པ་རེད། དེ་བས་ན་ད་སྔ་ཡང་ཐེངས་གྲངས་མང་པོར་བཟླས་ཏེ་བསྟན་པ་བཞིན། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་དེ། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། ཐེག་ཆེན་མདོ་སྔགས་ཀྱི་ཆོས་དང་འབྲེལ་བའི་དགེ་རྩ་ཐམས་ཅད་པོར་སྦྱོར་དངོས་རྗེས་ཀྱི་དམ་པ་རྣམ་གསུམ་པོ་ཚང་དགོས་པ་རེད། དེ་གསུམ་ཐར་ལམ་རྣམ་དག་སྒྲུབ་པའི་གཅེས་པ་རྣམ་གསུམ་ཡིན་གསུངས་ནས་སྒྲུབ་ཕྱོགས་ནས་གདམས་པའི་ཤུགས་ལ། གལ་ཏེ་དེ་གསུམ་མ་ཚང་བཞག་ན་ཐར་ལམ་རྣམ་དག་སྒྲུབ་པའི་རྒྱུ་རུ་མི་འགྲོ་བ་དེ་དགག་ཕྱོགས་ནས་བསྟན་ཡོད་པ་དེ་རེད། ད་ཐེངས་འདིའི་ཆེད་དུ་བྱ་ཡུལ་འདིར་ཡོད་ཁྱིམ་པ་ཕོ་མོ་ལ་དམིགས་ཀྱིས་བཀར་ནས་བཤད་ན། ཆོས་ཞུ་བའི་སྐབས་སུ་འཆད་པ་པོས་ཐེག་པ་ཆེན་པོའི་ཆོས་ཐེག་ཆེན་རང་གི་ལུགས་བཞིན་དུ་བཤད་ཀྱང་། ཉན་པ་པོས་ཉན་ལུགས་བསམ་པའི་ཁྱད་པར་གྱིས་ཆོས་ཞུས་པ་ཐམས་ཅད་འདྲ་འདྲ་བྱས་ནས་ཐེག་ཆེན་ཐར་བ་ཆ་མཐུན་གྱི་དགེ་རྩ་སངས་རྒྱས་ཐོབ་བྱེད་ཀྱི་ཕྱོགས་ལ་འགྲོ་ལུགས་གཅིག་འདྲ་ཡིན་ཟེར་དཀའ་མོ་རེད། དེ་ཅིའི་ཕྱིར་ཞེ་ན། ཉན་རྒྱུའི་ཆོས་གཅིག་ལ་ཉན་པ་པོས་ཉན་ལུགས་ཀྱིས་ཁྱད་པར་རྒྱུག་གི་ཡོད་པ་རེད། དེ་ཡང་རྣ་བས་ཉན་ལུགས་གོ་ལུགས་ཀྱི་སྒྲ་འདྲ་འདྲ་ཡིན་ནའང་བསམ་པའི་ཀུན་སློང་གི་ཁྱད་པར་གྱིས། དེའི་གོ་ཆོད་ཞན་མི་འདྲ་བ་རིན་ཐང་ཆེ་ཆུང་གི་ཁྱད་པར་ཞིག་ཤོར་འགྲོ་བ་རེད། དེས་ན་ཐོག་མར་ཆོས་རའི་ནང་ལ་ཐོན་ནས་སར་བསྡད་པ་དང་རང་སེམས་ནང་དུ་ཚུར་ལ་གཅིག་བསྐོར་ནས། རང་གི་བསམ་པའི་ཀུན་སློང་ལ་བརྟག་དཔྱད་ཞིབ་བཤེར་ཞིག་རང་གིས་རང་ལ་བྱས་པ་ཡིན་ན། ང་དེ་རིང་འདིར་ཡོང་དོན་ཆོས་ཞུ་རུ་ཡོང་བ་ཡིན། ཆོས་ཞུ་དོན་གྱིད་ཐད་ནས་དེའི་ཕྱོགས་ལ་བསམ་བློ་ཞིག་བཏང་ནས། དེ་ཡང་ཆོས་ཞུ་དུས་མིན་རུང་དགེ་བསྙེན་ཆོས་པ་རབ་གྱི་གྲལ་ལ་འགྲོ་ནི་ཚོས་འབུམ་ལྔ་བསོག་ནས་ཐུན་རེ་བཅད་པ་དང་། བསྐྱེད་རྫོགས་ཀྱི་ཆོ་ག་རེ་དང་སྦྲེལ་ནས་མ་ཎི་སིདྡྷི་དུང་ཕྱུར་བསོག་མཁན། དེ་མིན་ཡིག་བརྒྱ་ས་ཏྭ་འོད་མཚན་སོགས་ཀྱི་བཟླས་གྲངས་འདྲ་མིན་རེ་འགྲོ་བཞིན་པ་ཡང་ཡོད་ནི་རེད། ཕྱག་སྐོར་སྒྲིབ་སྦྱངས་ཚོགས་བསགས་མཆོད་འབུལ་གྱི་རྣམ་དཀར་གྱི་དགེ་ལས་རེ་ལ་སེམས་ཕྱོགས་ཀྱི་འདུག་པ་ཚང་མས་དགེ་རྩ་དེ་ཉིད་བསྒྲུབ་པའི་སྐབས་ལ། དངོས་དོན་དོན་ལ་བསྐོར་ནའམ་དོན་དངོས་པོའི་ཐོག་ནས་ཅི་ཞིག་བསམ་ནས་ཆོས་འདི་སྒྲུབ་ཀྱིན་འདུག་ཅེས། རང་གིས་རང་ལ་བལྟ་ཞིབ་ཅིག་བྱེད་དགོས་པ་རེད། དེ་ལ་མ་གཞི་བཤད་ན་རང་གི་བསམ་རྒྱུ་ལས་རྒྱུ་བོ་དག་དག ཡང་དག་པ་ཡིན་རྒྱུ་མི་བྱེད་པར། མཚམས་རེར་རང་ཉིད་ཀྱི་བསམ་སྤྱོད་ཐད་དུ་བཞག་ནས་དེ་ལ་མི་གཞན་གྱིས་ཚོར་སྣང་མཐོང་ཕྱོགས་ཅི་འདྲ་ཞིག་ཡོད་ས་རེད་བསམ་ནས་བལྟས་ཏེ། རང་ཉིད་མི་གསུམ་པ་ཞིག་བྱས་ནས་ཟུར་ལ་བུད་ནས་ལན་དེ་ཡིས་རྒྱག་དགོས་པ་རེད། རང་ཉིད་མ་ཡིན་པ་གཞན་ཡང་མ་ཡིན་པར་རང་ཉིད་རང་ཉིད་ལ་ལན་རྒྱག་མཁན་ཞིག་ཟུར་ལ་བུད་བཏང་དུས། ད་སྔར་མ་མཐོང་པ་ཞིག་རིག་པ་དང་ད་སྔར་མ་ཤེས་པ་ཤེས་རྒྱུ་ཡོད་པ་རེད། དཔེ་བཞག་ན་རང་གི་མགོའི་ལྟག་རིས་རྒྱབ་རང་གིས་མི་རིག་ན། དེ་ལ་བལྟ་བསམ་ན་ཤེལ་སྒོའི་ངོ་བལྟ་ཞིག་ལྟག་རྒྱབ་ནས་ཚུར་ལ་ཚད། དེ་སྔུན་གྱི་ངོ་ལྟ་གཞན་གཅིག་གི་ནང་ལ་ཤར་གི་བཞག་ན་རང་གིས་རང་གི་ལྟག་རྒྱབ་བལྟ་ཐུབ་པ་རེད། མྱི་ཞིག་ཡིན་དུས་སེམས་ཞིག་ཡོད་པ་རེད། སེམས་ཞིག་ཡོད་དུས་དེ་ལ་ཤར་རྒྱུ་ཞིག་ནི་ཡོད། དེ་ཡོད་ན་སེམས་ཀྱི་བསམ་བློ་གཏང་རྒྱུ་དེ། ཡང་མིན་ན་མི་དགེ་ཆགས་སྡང་རྨོངས་གསུམ་ཞིག ཡང་མིན་ན་དད་དང་ངེས་འབྱུང་བྱང་སེམས་ཀྱི་རྟོགས་པ་ཞིག དེ་མིན་ན་དེ་གཉིས་ལ་མི་ཐེ་བའི་ལུང་མ་བསྟན་ཞིག དེ་གསུམ་པོ་གཅིག་མིན་པས་འགྲོ་ས་ཡོད་ནི་མ་རེད། དེ་བས་ཆོས་ཞུ་དུས་སམ་ཡང་ན་སྒྲུབ་དུས་གང་གི་སྐབས་ཡིན་ནའང་། མི་དགེ་བ་ཉོན་མོངས་དུག་གསུམ་སྟེ་ཆགས་སྡང་རྨོངས་གསུམ་དང་། དེ་གསུམ་གྱི་ཀུན་ནས་བསླང་བའི་རྟོག་ཚོགས་དང་འདྲེས་སོང་ན་སྣོད་དུག་ཅན་གྱི་ནང་ལ་བཅུད་བཟང་པོ་ཞིག་བླུགས་པ་ལྟ་བུ་ཡིན་ནི་རེད། ཉན་རྒྱུ་ཆོས་ཡིན་རུང་ཉན་པའི་གང་ཟག་གི་ཉན་ལུགས་སྡུག་ནས་ཆོས་རྣམ་དག་མ་རེད་རེད། ཆོས་ཀྱི་དོན་ལ་སེམས་མ་གཏད་ན་དཔེ་བཞག་ན་སྣོད་ཁ་སྦུབ་ཀྱི་ཐོག་ལ་ཆུ་ཇི་འདྲ་ཞིག་གཤར་ཀྱིན་བསྡད་རུང་ནང་ལ་མི་འབབ་པ་འདྲ་འདྲ་རེད། སེམས་ཐོག་ལ་མི་འབབ། ཐོས་པ་དེ་སེམས་ལ་མ་བཞག་ན་སྣོད་ཐེད་པོ་ཞིག་གི་ནང་ལ་བཅུད་བླུག་པ་ལྟར་ཟག་འགྲོ་ནི་རེད། ཆོས་ར་ལས་མར་ཅུང་ཙམ་སོང་དུས་བྱེའུས་ཆུ་མྱིད་ནི་འདྲ་འདྲ་གར་སོང་འདིར་སོང་མེད་པ་རྣ་རྒྱབ་ཀྱི་རླུང་རེད་རྒྱུ། ཡང་ཚེ་འདིའི་བདེ་སྐྱིད་དམ་ཚེ་ཕྱི་མ་ལྷ་མིའི་བདེ་འབྲས་རྐྱང་བ་ཞིག་བསམ་ནས་ཆོས་ཞུས་པ་དང་། གཞན་གྱི་བལྟ་སར་ཚུགས་ཀ་ཞིག་བཏོད་ནི་ཙམ་ཡང་འཇིགས་སྐྱོབ་དང་ལེགས་སྨོན་ཆོས་ཀྱི་གཟུགས་བརྙན་ཙམ་ལས་དགེ་བའི་ཀུན་སློང་ཡང་དག་གི་གྲབས་ལ་འགྲོ་མ་རེད། དམིགས་ཡུལ་འཁོར་བ་སྒྲུབ་པའི་ལས་དེས་ཐེག་དམན་ཐར་བ་ཆ་མཐུན་གྱི་དགེ་རྩ་ཞིག་ཀྱང་མི་འགྲུབ་པ་དང་། དེ་མ་དགོས་འཁོར་བ་ལས་ངེས་འབྱུང་སྐྱེས་ནས་ཁམས་གསུམ་འཁོར་བའི་གནས་འདི་གང་ལ་སྐྱེས་རུང་སྡུག་བསྔལ་ཡིན་པ་ཤེས། ཕྱིན་ཆད་འཁོར་བ་ལས་གཏན་དུ་ཐར་བའི་ཐར་བ་ཐོབ་པའི་ཆེད་དུ་ཡིན་བསམ་ཡང་རང་འདོད་སྒྲུབ་པའི་བློ་དང་འབྲེལ་སོང་ན། ཐར་ལམ་རྣམ་དག་སྒྲུབ་པའི་གཅེས་པ་རྣམ་གསུམ་མ་ཚང་བས་ཐེག་དམན་ཐར་བ་ཆ་མཐུན་གྱི་ལམ་དམན་པ་ཞིག་ལས་ལྡོག་མེད་དུས། ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ཀྱི་ཕྱོགས་ལ་ཐོན་པ་དང་འགྲོ་བ་གཉིས་ཀ་མེད་པ་རེད། དེས་ན་རང་རེའི་ཆོས་རྣམ་དག་བརྒྱ་གོ་གཅིག་གིས་ཆོད་པ་དེ་གང་སྒྲུབ་རྒྱུ་རེད་ཅེ་ན། དེ་ལ་སྦྱོར་དངོས་རྗེས་ཀྱི་དམ་པ་རྣམ་གསུམ་ཚང་པ་ཞིག། དེའི་ནང་གི་སྦྱོར་བ་སེམས་བསྐྱེད་དམ་པ་ཅི་འདྲ་ཞིག་རེད་ཅེ་ན། ཁ་སང་ཞིག་ལ་བཤད་མ་ཐག་པའི་སྨོན་དང་འཇུག་པའི་བདག་ཉིད། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱིས་མནར་བཞིན་ཡོད་པ་འདི་དག་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཁོར་བའི་རྒྱ་མཚོ་ཆེན་པོའི་སྡུག་བསྔལ་གྱི་གནོད་པ་སྣ་ཚོགས་ཅན་འདི་ལས། ཕ་རོལ་ཐར་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པར་འགོད་པ་ཡིན། དེའི་ཆེད་དུ་དགེ་བའི་བཤེས་གཉེན་བསྟེན། དེ་ལས་དམ་པའི་ཆོས་ཉན། དེའི་མན་ངག་བཞིན་དུ་དེ་དོན་སྒྲུབ་བསྡད་ནས་སྟོབས་བཅུའི་སྟོབས་མངའ་དབང་བཅུའི་དབང་དང་ལྡན་པའི། གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཚེ་འདི་ལ་བསྒྲུབ་ནས་འགྲུབ་པ་ཞིག་བྱེད་རྒྱུ་ཡིན་བསམ་པའི་དོན་གཉིས་ལྡན་པའི་སེམས། དགེ་རྩ་ཐབས་ཀྱིས་ཟིན་པ་ད་ཞག་ལོ་རིང་ལ་དཔེ་འཇོག་འདུག་རྒྱུའི་ལྕགས་གསེར་ལ་བསྒྱུར་བ་འདྲ་འདྲའི་ཡོན་ཏན་དང་ལྡན་པའི་སྦྱོར་བ་སེམས་བསྐྱེད་དམ་པ་དང་ནི། ད་དངོས་གཞིའི་སྐབས་ལ་ཡིན་ན། ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་སེམས་ཁྲིད་རེ་ཐོབ་པ་དང་ནི། དེ་མིན་ན་སྔར་ཐོས་པའི་བག་ཆགས་རེ་བཞག་མྱོང་ནས་སྤྲོས་བྲལ་དབུ་མ་ཆེན་པོའི་ལྟ་བའི་གོ་དོན་རེར་སེམས་ཕྱོགས་པ་ཚོས་དེའི་དོན་ལ་སེམས་འཇོག་པའམ། མིན་རུང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད་པར་སྒྱུ་མ་རྨི་ལམ་སྨིག་རྒྱུ་མིག་ཡོར་དྲི་ཟའི་གྲོང་ཁྱེར་ལ་སོགས་པ། སྒྱུ་མའི་དཔེ་བརྒྱད་གསུངས་པ་བཞིན་དུ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་ཆགས་བཞག་ན་ཁ་སང་དང་མདང་གི་རྨི་ལམ་གཉིས་ཀ་དེ་རིང་མེད་ལུགས་གཅིག་པ་འདྲ་འདྲ། དེ་རིང་གི་བྱ་གཞག་དང་དོ་དགོང་གི་རྨི་ལམ་གཉིས་ཀ་སང་ཉིན་མེད་ལུགས་གཅིག་པ། དཔེ་དེ་བཞིན་དུ་འཁོར་འདས་སྣང་གྲགས་ཀྱི་ཆོས་ཐམས་ཅད་པོ་འདི་རྨི་ལམ་སྒྱུ་མ་སོགས་བཞིན་ཡིན་པའི་ངེས་ཤེས་དང་མ་བྲལ་ན་དེ་ལ་དངོས་གཞིའི་དམིགས་མེད་རྗེས་མཐུན་པ་དང་། དེ་ལ་བསྟེན་ནས་རིམ་བཞིན་སྦྱངས་པ་ནར་སོན་གྱི་རིམ་པ་དེ་བརྒྱུད་ན། སྟོང་ཉིད་ཀྱི་ལྟ་བའི་དོན་ལ་ཕྱོགས་མཐུན་པར་མ་ཚད་དེ་ཙམ་གྱིས་ཀྱང་ཆགས་སྡང་ཁོང་ཁྲོ་ལ་སོགས་པའི་རྟོག་ངན་འགོག་ཐུབ་པ་ཡིན་པས་ཀྱང་། དགེ་རྩ་རྐྱེན་གྱིས་མི་བཤིག་པར་བྱེད་པའི་ཡོན་ཏན་དང་ལྡན་པའི་དངོས་གཞི་དམིགས་མེད་ཀྱི་གྲས་སུ་འགྲོ་རྒྱུ་རེད། རྗེས་ལ་ཇི་ལྟར་བྱ་བ་དེ་ནི་ཆོས་ཐུན་གཅིག་ཞུས་པའི་དགེ་རྩ་དེ་ཡང་ད་སྔར་འགོ་ནས་སེམས་བསྐྱེད་པ་ནང་བཞིན་གྱིས། མ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་བླ་ན་མེད་པའི་དགེ་རྩ་དམ་པ་དེ་ལ་བསྔོ་དགོས་པ་རེད། བསྔོ་ཟེར་བ་ནི་མ་སེམས་ཅན་ཐམས་ཅད་བདེ་བའི་དོན་ལ་དགེ་རྩ་འདི་བྱིན་པ་ཡིན་ཞེས་པ་ལྟ་བུ་རེད། དེ་རང་གར་བྱིན་ནས་བསྔོ་བ་ཞིག་གིས་བསྔོ་བ་དུག་མེད་ལ་འགྲོ་རྒྱུ་ཡོད་མ་རེད། ད་དགེ་རྩའི་ནང་ལ་ཅི་ཞིག་གི་དུག་ཡོད་པ་རེད་ཟེར་བ་ཡིན་ན། དགེ་རྩ་དེ་དང་འབྲེལ་བའི་འཁོར་གསུམ་དུ་གཏོགས་པའི་འཛིན་ཞེན་ཅིག་ཡོད་ན་དེའི་མིང་ལ་དུག་ཟེར་བ་རེད། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་སོ། གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་དམིགས་མེད་འཁོར་གསུམ་དག་པས་ཟིན་དགོས་པས། དྲི་མས་མ་སྦགས་པའི་དགེ་རྩ་ཞིག་སོ་སོ་སྐྱེ་བོའི་ས་ནས་ཅུང་དཀའ་བ་ཡིན་པས། དངོས་གཞི་དམིགས་མེད་ཀྱི་ཉམས་ལེན་གྱི་རྩི་དང་མ་བྲལ་བཞིན་དུ་འཕགས་ཆེན་འཇམ་པའི་དབྱངས་དང་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་ཀྱིས་འགྲོ་བའི་དོན་ལ་ཇི་ལྟར་བསྔོས་པ་བཞིན་དུ། བསྔོ་རྒྱུའི་འདུན་པ་ངག་འདོན་ཁྱད་པར་བ་དང་སྦྲེལ་བས་བསྔོ་བ་དུག་མེད་ཀྱི་གོ་ཆོད་རྒྱུ་གསུངས་ཡོད་པ་རེད། བསྔོ་བ་ཚུལ་བཞིན་བྱས་པ་དེ་ལ་དགེ་རྩ་གོང་ནས་གོང་དུ་རྒྱུན་མི་ཆད་པར་འཕེལ་བར་བྱེད་པའི་ཡོན་ཏན་དང་ལྡན་རེད། ད་དེ་ལྟ་བུའི་སྦྱོར་དངོས་རྗེས་གསུམ་ཚང་ཞིང་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དག་སྣང་མོས་པ་རྣམ་དག་དང་མ་བྲལ་བ་དང་བཅས་པའི་ཐེག་ཆེན་གསང་སྔགས་ཀྱི་ཆོས་འཆད་ཉན་ལ་ཞུགས་དགོས་པ་དེ་སྔར་ཡང་ལན་གཅིག་མིན་པར་ཐེངས་མང་པོར་བཤད་པ་ལྟར་དུ་རེད།།
དེ་ལ་སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བཞིན་པ་ངས་བྲིས་པའི་ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས་འདི་ཉིད་ཡིན་ན། འདིའི་མགོ་ཡི་ཚིག་ཁ་གསུམ།
ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས།།
དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འཆི།།
སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད།།
ཅེས་པ་ཡན་ཆད་ཀྱིས་ལམ་ལོག་པ་ལས་ལྡོག་པའི་སྐྱབས་འགྲོ་དང་ནི་ལམ་དམན་པ་ལས་ལྡོག་པའི་སེམས་བསྐྱེད་གཉིས་ཀ་སོང་བ་རེད། དེ་སོང་ནས་ད་དེ་རིང་ནི་ཁ་སང་གི་བཤད་སྐལ་ལྷག་སོང་བའི་ཚོགས་བསག་སྒྲིབ་སྦྱོང་གི་གནད་བསྡུས་པ། ཡན་ལག་བདུན་པ་དང་ནི་བླ་མའི་རྣལ་འབྱོར་བཤད་པའི་ཉི་མ་རེད།
ཏྲཱཾ། རྣམ་མཁྱེན་རྫོགས་བྱང་དུ་བགྲོད་བྱེད་ཚོགས་གཉིས་ཤིང་རྟའི་འཁོར་ལོ།
ཀ བསོད་ནམས་ཀྱི་ཚོགས་བསོག་པ་ཡན་ལག་བདུན་པ།
དང་པོར་ཡན་ལག་བདུན་པ་བཤད་ན།
ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་ཐམས་ཅད་བཤགས།།
དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ།།
མི་འདའ་བཞུགས་གསོལ་དགེ་ཀུན་བྱང་ཆུབ་བསྔོ།།
ཞེས་བྲིས་ཡོད་ན། དེ་ལྟར་སྨོས་པའི་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བ་རེད།
༡ ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ།
ཕྱག་འཚལ་བ་ནི་ང་རྒྱལ་གྱི་གཉེན་པོ་ཡིན་ལ། སྤྱིར་ན་ང་རྒྱལ་ཅན་ལ་ཡོན་ཏན་ཆེན་པོ་མེད་རྟགས་རེད། ཆགས་བཞག་ན་ཆུ་ཟོམ་ཕྱེད་ཅིག་ཁུར་ན་ཁུར་མི་བདེ་ནི་འདྲ་བ་སྦྱངས་པའི་ཡོན་ཏན་གྱི་ཁ་མ་གང་ནིའི་ཡོན་ཏན་སྣ་རེ་སྣ་གཉིས་ཡོད་པ་བདུད་དུ་ལྡང་ནས་རྒྱན་ལ་མ་སོང་མཚང་ལ་སོང་། མེད་པོ་རྟ་ཐོག་ལ་ཐོན་ན་སྐེ་སྐེ་སྐེ། །སྲན་མ་རྔ་ཐོག་ལ་བཞག་ན་རིལ་ལུ་ལུ། །ཟེར་བ་ལྟར་རང་ཉིད་ང་རྒྱལ་གྱིས་སྦོས་ནས་འདུག་མི་བདེ་བ། རྒྱུད་ང་རྒྱལ་ཅན་གྱི་མི་དེ་གཞན་དང་འགྲོགས་ན་ཡང་འགྲོགས་ཁ་མི་བདེ་བ་ཕུག་གི་གནུར་གི་འདུག་པ་རེད། དེ་དང་འགྲོགས་ན་ཕན་མེད་གནོད་དུ་ལོག་པར་མ་ཟད་ང་རྒྱལ་ཅན་ཁོ་རང་རང་ཉིད་ལ་ཡང་ཡོན་ཏན་གསར་པ་སྐྱེས་ཐུབ་པ་མ་རེད། ང་རྒྱལ་བཅག་པ་དེ་ཅི་འདྲ་ཞིག་དགོས་ཞེས་ན། ཁྱུ་མཆོག་རྭ་བཅད་པ་ལྟར་རམ་ཟོ་ཐུག་ལ་ཕྱེ་མར་བཏབ་པ་ལྟར་གསུངས་པའི་དཔེ་བཞག་ཡོད་པ་རེད། དེ་ཡང་ཟོ་ཐུག་ཅི་ཡིན་ནི་རེད་ཅེ་ན། དེ་རྩམ་པའི་ཐུག་པ་བསྐོལ་རྒྱུ་པོ་རེད། སྡེ་དགེ་ཁམས་ཕྱོགས་འདི་ཡར་མར་གྱིས་འབའ་ཧུབ་བསྐོལ་ཟེར་དར་ཡིན་ན། འབའ་ཧུབ་ཁོལ་ལོང་མི་སྟེར་བར་ཕག་སྒྲ་གྲགས་ནས་འཕྱུར་དེ་ཕྱིར་ལ་བརྒྱབ་འཇོག་པ་རེད། དེའི་སྟེང་ལ་མར་ཞིག་འཕངས་བཞག་ན་ཟོ་ཐུག་ལ་ཕྱེ་མར་བཏབ་པའི་དཔེ་འཇོག་པ་ལས་ཕྱེ་མར་ནི་མར་ལ་གསུངས་པ་རེད། དེའི་རྩམ་ཐུག་དེའི་ནང་ལ་མར་ཞིག་འཕངས་ན་ལྷོད་ཆགས་ཀེར་གྱུར་འགྲོ་བའི་དཔེ་བཞག་པ་རེད། དེ་ཡིན་པས་ན་ཕྱག་འཚལ་བ་ནི་ང་རྒྱལ་གྱི་གཉེན་པོ་ཡིན་པས་ཕྱག་འཚལ་དུས་སྒོ་ལུས་ངག་ཡིད་གསུམ་པོས་གུས་ཞིང་དད་པའི་སྒོ་ནས་ཕྱག་འཚལ་བས་ཅི་ཞིག་གི་ཕན་ཡོན་ཡོད་ནི་རེད་ཅེ་ན། སྦྱངས་བྱ་སྡིག་པའི་སྒོ་དྲུག་གི་ནང་ནས། མི་དགེ་སྡིག་པ་ཟེར་དུས་བཤགས་བྱ་སྡིག་པའི་སྒོ་དྲུག་ལ་བརྟེན་ནས་ཡོང་བ་ཡིན་ན། དེའི་ནང་ནས་ལུས་ངག་ཡིད་གསུམ་ནི་སྒོ་གསུམ་སྡིག་པའི་སྣ་འདྲེན་གྱི་བྱེད་པོ་རྟེན་གཞིས་བྱེད་ལས་ཅན་གྱི་ཡོང་སའི་སྒོ་ངོ་མ་གསུམ་དེ་དེ་རེད། དེ་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་བྱང་བར་བྱེད་པ་རེད། སྡིག་སྒྲིབ་དག་ཅིང་བྱང་ཟེར་དུས་དག་དང་བྱང་གཉིས་ལ་ཅི་ཞིག་གི་ཁྱད་པར་ཡོད་ན་བསམ་ན། རགས་པ་དག་ཅིང་ཕྲ་བ་ཡང་དག་སོང་ན་བྱང་ཟེར་ན་ཆོག་གི།
ད་ནི་འདི་ཕྱག་འཚལ་བཤད་པའི་སྐབས་རེད། ཕྱག་འཚལ་བ་ནི་ཡན་ལག་བདུན་པོའི་ནང་གི་དང་པོ་རེད་མོ། ཕྱག་ཟེར་བ་འདི་ལ་དབྱེ་བ་ཕྱེ་ན། ནང་གསེས་ཀྱིས་རབ་ལྟ་བ་མཇལ་ཕྱག འབྲིང་བསྒོམ་པ་གོམས་ཕྱག ཐ་མར་བ་སྤྱོད་པ་མོས་གུས་ཀྱི་ཕྱག་གི་རྣམ་གྲངས་སོགས་ཡོད་ཀྱང་། དགེ་སྦྱོར་གང་བྱས་དམ་པ་གསུམ་དང་འབྲེལ་བ་གོང་ནས་བཤད་མ་ཐག་པ་ལྟར་དུ་སྒོ་ལུས་ངག་ཡིད་གསུམ་པོ་ཆུན་གཅིག་ལ་དྲིལ་ནས་ཕྱག་འཚལ་དགོས་པ་རེད། ཕྱག་འཚལ་བའི་སྐབས་ལ་ལུས་གུས་པས་མ་ལྔ་ས་ལ་ཕབས། ངག་གུས་པས་བསྟོད་ཚིག་དབྱངས་སུ་སྒྲོགས། ཡིད་གུས་པས་དད་དང་མོས་གུས་བཅོས་མིན་གྱིས་འཚལ་དགོས། ང་མྱི་གཅིག་གིས་ཕྱག་འཚལ་སར་ལྷ་རྟེན་གཅིག་གམ་སངས་རྒྱས་གཅིག་ལ་ཕྱག་འཚལ་གྱིན་ཡོད་པར་བསམ་ནས་འཚལ་ན་ཁྱབ་ཆུང་རེད། གོ་ཆེན་པོ་ཞིག་ཆོད་པ་མ་རེད། ཕྱག་འཚལ་ཡུལ་ནི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི་དུས་གསུམ་བྱོན་བཞུགས་འབྱོན་འགྱུར་རྒྱལ་བ་སྲས་དང་བཅས་པ། ནམ་མཁའ་གང་བའི་མཆོག་གསུམ་རྩ་གསུམ་གྱི་ལྷ་ཚོགས་ཕར་ལ་སྤྲོས་ན་བསམ་ཡས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི་གྲངས་ཀ་བློས་གཞལ་དུ་མི་བཏུབ་པ་གཞལ་མེད་ཡིན་པ། ཚུར་ལ་བསྡུས་ཡོང་ན་ཐམས་ཅད་བསྡུས་ཏེ་གཅིག་ལ་འདུས་པའི་སྤྲོ་བསྡུའི་བྱེད་པོ་དེ་གང་ཡིན་ན། དཀྱིལ་འཁོར་ཀུན་གྱི་གཙོ་མཆོག་བླ་མ་ཧེ་རུ་ཀ་དཔལ་དང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ། ཡང་ན་དེ་དང་གཉིས་སུ་མ་མཆིས་པའི་མགོན་པོ་འོད་དཔག་མེད་ལ་དམིགས་དེ་ཕྱག་འཚལ་དགོས་པ་རེད། ཕྱག་འཚལ་མཁན་རང་ཉིད་ཀྱང་། ང་མྱི་གཅིག་པོ་ཁེར་མ་ཡིན་རྒྱུའི་བསམ་བློ་མི་གཏོང་པར་རང་གི་ལུས་པོ་འདི་ཉིད་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ཀྱི་གྲངས་སུ་སྤྲུལ། དེ་དང་མཉམ་དུ་མཐའ་ཡས་ཕ་མ་སེམས་ཅན་དང་བཅས་པས་ཕྱག་འཚལ་གྱིན་ཡོད་པར་བསམ་ནས་འཚལ་ན། རྟེན་གཅིག་ལ་གང་ཟག་གཅིག་གིས་ཀུན་སློང་སེམས་བསྐྱེད་དེ་འདྲ་རྒྱ་མི་ཆེ་བ་ཞིག་གིས་འཚལ་ནའང་ཕན་ཡོན་ཆེན་པོ་ཡོད་ན། ཇི་སྙེད་ཕྱག་གི་ཡུལ་དུ་གྱུར་ཚད་ལ་དེ་སྙེད་ཀྱི་ལུས་སུ་སྤྲུལ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་འཚལ་ན། དེའི་ཕན་ཡོན་གྱི་ཚད་ནི་སུ་གཅིག་གིས་གཞལ་མི་ནུས་པ་རེད།།
སྔར་བཅོམ་ལྡན་འདས་འཁོར་དང་བཅས་པ་ནམ་མཁའ་ནས་འཕུར་ནས་བྱོན་གྱིན་ཡོད་དུས་ཞིག་ལ། དགེ་སློང་ཞིག་གིས་བདེ་བར་གཤེགས་པའི་དབུ་སྐྲ་སེན་མོའི་མཆོད་རྟེན་ཞིག་ལ་ཕྱག་འཚལ་གྱིན་ཡོད་པ་ལ། དེའི་ཕན་ཡོན་ཅི་འདྲ་ཞིག་ཡིན་ཞེས་ཀུན་དགའ་བོས་སངས་རྒྱས་བཅོམ་ལྡན་འདས་ལ་དྲིས་པས། འདིའི་ཕྱག་ལན་གཅིག་ཁེར་མ་ཅིག་འཚལ་བའི་ཕན་ཡོན་གྱིས་དགེ་སློང་རང་ཉིད་ཀྱི་ལུས་པོའི་ཁ་འོག་གི་ས་ཆེན་པོའི་རྡུལ་གྱི་ཁ་གྲངས་ཅི་འདྲ་ཞིག་ཡོད་ན། དེའི་གྲངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེ་བ་འཛིན་ནོ། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་གནས་ཀུན་དགའ་བོ་ལ་དྲིས་ལན་དེ་ལྟར་གསུངས་པ་ལྟར་ཕྱག་གི་ཕན་ཡོན་ཐུན་མོང་བ་དེས་མཚོན་ནས་བཤད་ཐུབ་རེད།།
ད་ནི་ཐུན་མོང་མ་ཡིན་པ་ལ་བསམ་བློ་བཏང་ན། གསང་སྔགས་དང་འབྲེལ་ན་དེ་བས་ཀྱང་གཞལ་དུ་མེད་པའི་བསགས་སྦྱངས་ཀྱི་གནད་དུ་འགྲོ་བ་ནི་ཐབས་མང་དཀའ་བ་མེད་ཅིང་མྱུར་ལམ་ཡིན་པས་ཀྱང་ཤེས་ཐུབ་རེད། ང་ཚོའི་སྔོན་འགྲོའི་འབུམ་ལྔ་བསག་དུས་སྐྱབས་སེམས་གཉིས་སྐྱབས་འགྲོ་སེམས་བསྐྱེད་གཉིས་རེད། དེའི་འཕྲོར་ཡིག་བརྒྱ་མཎྜལ་གཉིས་ཀྱིས་འབུམ་བཞི་རེད། ཡན་ལག་བདུན་པ་དང་འབྲེལ་བའི་ཕྱག་འབུམ་གྱིས་འབུམ་ལྔ་བརྩི་པ་རེད།།
༢ འདོད་ཆགས་ཀྱི་གཉེན་པོར་མཎྜལ་འབུལ་བ།
དེས་ཕྱག་འཚལ་བ་སོང་ནས་ཡན་ལག་གཉིས་པ་ནི་མཆོད་པ་འབུལ་བ་ཡིན། མཆོད་པ་འདི་ལ་འཇིག་རྟེན་འདས་དང་མ་འདས་ཀྱི་མཆོད་པའི་རྣམ་གྲངས། དེ་ལ་ཡང་ཕྱི་ནང་གསང་བ་གསུམ་གྱི་རྣམ་གཞག །ཐུན་མོང་དང་ཐུན་མིན་ལ་སོགས་པའི་དབྱེ་བ་མང་།།
སྐབས་དོན་ཚོགས་གསོག་པའི་སྒོ་ཐམས་ཅད་ཚུར་འདུ་ཞིང་བྱ་སླ་ཁྱེར་བདེ་ཡིན་པས་ན། མཎྜལ་དང་སྦྱར་ནས་བཤད་རྒྱུ་ཡིན་ན། ད་གང་ལ་འབུལ་ཡུལ་ནི་མཆོག་གསུམ་རྒྱལ་བ་སྲས་བཅས་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་བདེ་གཤེགས་རྒྱལ་བ་འོད་དཔག་མེད་ལ་འདུས་པ་དང་། རྒྱལ་བ་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མཁྱེན་པའི་ཡོན་ཏན་ཚང་མ་འདུ་པ་རེད། དེའི་ཐུགས་སྤྲུལ་ཨོ་རྒྱན་པད་འབྱུང་རེད། དེ་དང་གཉིས་སུ་མེད་པ་དྲིན་ཆེན་རྩ་བའི་བླ་མ་ལ། མཚོན་བྱེད་རྫས་ཀྱི་མཎྜལ་འདི་དམིགས་པའི་རྟེན་ཞིག་རེད། དམིགས་རྟེན་དེ་ལ་བརྟེན་ནས་དམིགས་པ་གང་ཞིག་དམིགས་དགོས་རེད་ཅེ་ན། ཅི་ཞིག་འབུལ་བ་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་སུ་འབུལ་དགོས་པ་རེད། རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་ཟེར་ན། སྐུ་གསུམ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་རེད། ནང་གསལ་ཆོས་སྐུའི་དུས་ན་འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་ཁམས། རང་སྣང་ལོངས་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས། གཞན་སྣང་སྤྲུལ་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་བའི་ཞིང་ཁམས་དེ་འདྲ་གསུང་གི་ཡོད་པ་རེད། ཞིང་ཁམས་དེ་དག་གི་བཀོད་པ་དེ་བློ་ཡིས་བླངས་ནས་འབུལ་དགོས་པ་རེད། དེ་ཡང་ཅི་ལྟར་འབུལ་དགོས་རེད་ཅེ་ན། རང་ལུགས་ཆོས་བརྒྱུད་འདིའི་བཞེད་སྲོལ་མཁན་ཆེན་པདྨ་བཛྲ་ཡིས་རྩལ་དུ་བཏོན་པ་ལྟར་དུ་བཤད་ན། སྣང་ཚུལ་སྤྲུལ་སྐུའི་མཎྜལ་དང་གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་གསུངས་ཡོད་པ་རེད།།
༡༽སྣང་ཚུལ་སྤྲུལ་སྐུའི་མཎྜལ།
སྣང་ཚུལ་སྤྲུལ་སྐུའི་མཎྜལ་དེ་ནི་སྤྲུལ་སྐུའི་ཞིང་ཁམས་ཚངས་ཆེན་གྱི་བསྐལ་བས་གར་ཁྱབ་དེ་ཡིན་ནི་རེད།།
ཚངས་ཆེན་གྱི་བསྐལ་བ་ཟེར་ན། འབྱུང་བ་ལྔ་ཡིས་གར་ཁྱབ་ལ་གསུངས་ཀྱི་ཡོད་པ་རེད། རྣམ་པར་སྣང་མཛད་གངས་ཅན་མཚོའི་དབུའི་གཙུག་ཏོར་ནས་ཕྱག་མཉམ་བཞག་གི་ལྷུང་བཟེད་བར་གྱི་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་ནང་གི་བཅུ་གསུམ་པ། སྐུའི་ཐུགས་ཀའི་ཐད་ཀྱི་པདྨའི་ཟེའུ་འབྲུ་དབུས་མའི་སྟེང་ན་ཡོད་པའི་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དེ་སྤྲུལ་སྐུ་གཅིག་གི་གདུལ་ཞིང་ཡིན་པ་རེད། དེ་ཡིན་ན། དེས་མཚོན་པའི་རིགས་ལྔ་གངས་ཅན་མཚོ། དེ་རེ་རེ་ལ་ཡང་རིགས་ལྔའི་རིགས་གཅིག་གི་དབྱེ་བ་ཅན། དེ་རེ་རེའི་སྐུའི་རྡུལ་ཕྲན་རེ་རེ་ལ་ཡང་ཞིང་ཁམས་རྒྱ་མཚོ་ལྟ་བུར་རྣམ་པར་བཀོད་པའི་ཞིང་ཁམས། དེ་དག་གི་ལྷ་དང་མི་ཡི་དཔལ་འབྱོར་ལོངས་སྤྱོད་དེའི་སྟེང་ལ་རང་ཉིད་ཀྱི་ལུས་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་། དུས་གསུམ་བསགས་པའི་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་འབུལ་བ་དེ་ནི་སྤྲུལ་སྐུའི་མཎྜལ་རེད། དེ་ནི་སྣང་ཚུལ་གྱི་ངོ་ནས་གཞལ་བས་བཤད་པ་ཡིན་པས་ན་སྣང་ཚུལ་སྤྲུལ་སྐུའི་མཎྜལ་ཞེས་པ་རེད།།
༢༽གནས་ཚུལ་ལོངས་སྐུའི་མཎྜལ།
གནས་ཚུལ་ཅི་འདྲ་ཞིག་ཡིན་སྙམ་ན། གནས་ཚུལ་དག་པ་རབ་འབྱམས་ངེས་པ་ལྔ་ལྡན་གྱི་ལོངས་སྐུའི་ཞིང་ཁམས་ཡིན་པ་རེད། གནས་ངེས་པ། དུས་ངེས་པ། སྟོན་པ་ངེས་པ། འཁོར་ངེས་པ། ཆོས་ངེས་པ་སྟེ། དེ་ཡང་གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་སོགས་ཡེ་ཤེས་རང་སྣང་ལས་ཤར་བའི་ཞིང་ཁམས་མཐའ་ཡས་མུ་མེད་པ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའི་རང་བཞིན་ཅན་དུས་གསུམ་གྱི་དུས་ལས་འདས་པའི་དུས། སྟོན་པ་ངེས་པ་རང་མདངས་ལོངས་སྐུའི་སྣང་བརྙན་དུ་ཤར་བའི་རིགས་ལྔ་གངས་ཆེན་མཚོ། འཁོར་ངེས་པ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་བརྗོད་མེད་བརྡ་ཡིས་སྟོན་པ། དེ་ལྟ་བུའི་རྒྱལ་བ་ཀུན་གྱི་ལོངས་སྐུའི་ཞིང་ཁམས་གཞི་དང་གཞལ་ཡས་ཁང་། རྒྱན་དང་བཀོད་པ་ཚད་མེད་པའི་མཆོད་པའི་རིགས་ཐམས་ཅད་ཀྱི་མཆོད་པའི་སྤྲིན་ཆེན་པོ་འཁྲིགས་པ། དེའི་སྟེང་དུ་རང་ཉིད་ཀྱི་ནང་རང་ལུས་རྡོ་རྗེའི་ཕུང་པོ་རྩ་རླུང་ཐིག་ལེ་ཡེ་ཤེས་སུ་ཡེ་ནས་དག་པ་དང་བཅས་པ་འབུལ་བ་ནི་གནས་ཚུལ་ལོངས་སྐུའི་མཎྜལ་རེད།།
༣༽ཁྱབ་བྱེད་ཆོས་སྐུའི་མཎྜལ།
ཁྱབ་བྱེད་ཆོས་སྐུའི་མཎྜལ་ནི། དེ་ཡང་གཟུགས་སྐུ་གཉིས་ཀྱི་འཕྲོ་གཞི་དེ་ཆོས་སྐུ་རེད། གཟུགས་སྐུ་གཉིས་ཟེར་ན་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀ་རེད། དེ་ལྟ་བུའི་ལོངས་སྤྲུལ་གཉིས་སམ་གཟུགས་སྐུ་གཉིས་ཀྱི་འཕྲོ་གཞི་ཆོས་སྐུ་ཡིན་པ་དང་། ཆོས་སྐུའི་གདངས་དང་རོལ་རྩལ་དེ་ནི་གཟུགས་སྐུ་ཡིན་པས་ན། ཆོས་སྐུ་ཀུན་ཁྱབ་ནམ་མཁའ་ལྟ་བུའི་ངང་ལས་རང་སྣང་འགག་མེད་ལོངས་སྐུ་ཉིད་ལ་ཤར་བ། རོལ་རྩལ་ཐུགས་རྗེ་གདུལ་བྱའི་མོས་ངོ་ལྟར་དུ་དཔེ་བཞག་ན་ཉི་མའི་ཚ་ཟེར་དང་ཟླ་བའི་བསིལ་ཟེར་ཤར་བ་ལྟ་བུས་སྤྲུལ་སྐུར་ཤར་བ་ཡིན། ཁྱབ་བྱེད་ཆོས་སྐུའི་དགོངས་པ་དེ་ལྟ་བུ་ཞིག་ཡིན་པས་འཁོར་འདས་ཀྱི་རྒྱ་མ་ཆད། ཡོད་མེད་ཀྱི་ཕྱོགས་སུ་མ་ལྷུང་བའི་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་རེད། དེ་ནི་གདོད་ནས་དག་པ་ཀ་དག་སྟོང་ཆེན་གྱི་དབྱིངས་ལ་ལྷུན་གྲུབ་སྣང་སྟོང་མ་འགགས་སྣ་ཚོགས་ཀྱི་རོལ་བར་འཆར་དུ་རུང་བ། དབྱིངས་རིག་དབྱེར་མེད་འཁོར་འདས་མཉམ་པར་བརྡལ་བའི་ཆོས་ཆེན་པོ་སྨྲ་བསམ་བརྗོད་པ་དང་བྲལ་བ་ཡིན་ན། དེའི་སྟེང་དུ་རང་སེམས་སྐྱེ་མེད་ཀྱི་རྩལ་ལས་འགགས་མེད་དུ་ཤར་བའི་རྟོག་ཚོགས་མ་སྤངས་རང་གྲོལ་ཡེ་ཤེས་སུ་དག་པ་བཀོད་པ་འཛིན་མེད་ཆེན་པོར་འབུལ་བ་དེ་ཆོས་སྐུའི་མཎྜལ་རེད། །ད་འདི་ལྟར་བྱས་ནས་བཤད་ཡོང་དུས་འགའ་ཞིག་ཁ་སྐད་ཐ་མལ་གྲོང་ཚིག་ཟ་སྐད་འཐུང་སྐད་ཀྱིས་མཚོན་ཐབས་མེད་དུས། ཚིག་ཆ་རེ་ཁྱིམ་པ་ཕོ་མོའི་མི་གོ་རྒྱུ་ཡོད་མོད། དད་དང་མོས་གུས་གཙོར་འདོན་གྱིས་རིམ་བཞིན་འབད་པ་བྱས་ན་དྲག་རེད། བསྟན་བཅོས་ཀྱི་ཆོས་སྐད་དེ་བཞིན་དུ་མ་བྱས་དུས་ཐ་མལ་གྲོང་ཚིག་གིས་བཤད་ཐུབ་མ་རེད། ཐ་མལ་གྲོང་ཚིག་གི་ཁ་སྐད་ཀྱིས་ཆོས་བཤད་ཐུབ་ན་བསྟན་བཅོས་ཀྱི་སྐད་དེ་དགོས་དོན་ཡོད་མ་རེད། ད་དེང་སང་ཆོས་དང་རིག་གཞུང་མི་རིགས་གཞན་གྱི་སྐད་ཡིག་ལ་བསྒྱུར་མཁན་མང་བ་རེད་མོད། དེ་བསྒྱུར་བའི་སྐབས་སུ་གཞུང་སྡེ་སྣོད་གང་ཡིན་ནའང་དེའི་ཆོས་སྐད་ཀྱི་ཐོག་ལ་ཐིག་ཐོག་ནས་ཞོག་གི་ལོས་ཡོད་མ་གཏོགས། ཆོས་སྤེལ་རེད་དང་ཆོས་སྤོང་རེད་ཤེས་མ་རེད། གཟབ་དགོས་སའི་ཡུལ་གཅིག་ཡིན་པ་རེད། དེ་བས་ན་ཁྱིམ་པ་ཕོ་མོ་ཚོས་ཆོས་སྐད་འདི་འདྲ་བྱས་ནས་བཤད་ཡོང་དུས་དེ་ཙམ་ཞིག་གོ་རྒྱུ་མ་རེད་དང་ནི། དད་དང་མོས་གུས་གཙོར་འདོན་གྱིས་རིམ་བཞིན་འབད་པ་བྱས་ན་དྲག་རྒྱུ་རེད་ཅེས་ངས་བཤད་པ་རེད། མོས་གུས་དཀར་བོ་ཆིག་ཐུབ་ཀྱི་ལག་ཁྱེར་དེ་རང་གི་ལག་ན་ཡོད་དུས་ས་མི་ཆོད་ས་ཞིག་ཡོད་མ་རེད།།
ད་ནི་ཆོས་སྒྲུབ་ནས་འགྲུབ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་རེད་ཅེ་ན། གློག་གི་འཕྲུལ་སྒོ་ཕྱེས་བཏང་བ་ལྟར་སླ་མོ་ཞིག་ག་ལ་ཡིན་མོད། དུས་རིང་བོའི་བསྐལ་བ་མང་པོའི་མཐའ་དང་སྐྱེ་བ་མང་པོ་བྱས་ནས་སྒུག་མི་དགོས་པའི་ཟབ་ཆོས་འདི་འདྲ་བར་བལྟས་ཡོང་ན། ཁྱིམ་གཅིག་གི་གཞི་ཆས་འཁོར་བའི་འདུག་ཆས་ཞིག་མི་ཚེ་ཕྱེད་ཀའི་རིང་ལ་འགྲུབ་མི་འགྲུབ་ཡིན་ན། དེ་ཚོར་བསྡུར་ཡོང་ན་རང་གཞན་འདི་ཕྱིའི་བདེ་སྐྱིད་བརྩོན་པ་མ་ཞན་ན་ལོ་དང་ཟླ་བས་ཡང་འགྲུབ་རྒྱུ་འདི་གཅིག་བྱས་ན་གློག་གི་འཕྲུལ་སྒོ་ཕྱེས་པ་ལས་སླ་ཞིག་རེད། དེ་ཡིན་དུས་འཕགས་པའི་ལམ་ཟེར་བ་ནི་སྐྱེས་བུའི་རང་གིས་བསྒྲུབ་ཏེ་འགྲུབ་པ་ཞིག་རེད་མ་གཏོགས། དང་པོ་ནས་ཤེས་ཤེས་ཁ། གྲུབ་གྲུབ་ཁ། འགྲུབ་འགྲུབ་ཁ་ཡོད་པ་ཞིག་ཡིན་ནི་མ་རེད། ཆར་བ་བཞིན་དུ་གནམ་ནས་རང་བབས་རེད་ཡོང་རྒྱུ་ཞིག་དང་ལོ་ཏོག་བཞིན་དུ་ས་ནས་རང་རྡོལ་རེད་ཡོང་པ་ཞིག་མ་རེད། །དེ་སོ་སོ་སྐྱེས་བོ་ཐ་མལ་བ་ཡིན་རུང་། དགེ་བའི་བཤེས་དང་དགེ་གྲོགས་ལ་བསྟེན་ནས་འབད་པ་ཞིག་བྱས་ན། ཉོན་མོངས་པའི་ཆུ་བོ་ལས་བརྒལ་ནས་སྲིད་པའི་གྲོང་ལས་རིང་དུ་འདའ་ཐུབ་པར་མ་ཚད། མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་ཡང་འབད་ན་རང་གི་ལག་ན་ཡོད་པ་རེད། འགའ་རེས་བཤད་ན་དོན་དམ་འབྲས་བུའི་ཟབ་གནད་ལ་ཐད་ཀར་འཇུག་ན་མ་གཏོགས་ཀུན་རྫོབ་མཚན་མའི་ཆོས་ཀྱིས་སངས་མི་རྒྱ་ཟེར་མཁན་ཡོད་རྒྱུ་རེད། རེད་དེ། ཇི་སྲིད་རྣམ་རྟོག་བག་ལ་ཉལ་འདི་སྐྱེ་བ་མེད་པའི་དབྱིངས་སུ་བྱང་མ་ཆུབ་པའི་རིང་ལ། ད་རུང་ལས་ཀྱི་ཕྱི་བཞིན་དུ་འབྲང་བ་མ་གཏོགས་ཐབས་མེད་པ་ཡིན་དུས། ཚོགས་གཉིས་ཤིང་རྟའི་འཕང་ལོ་ཟུང་དུ་སྦྲེལ་ནས་བྱ་ཁྱུང་ཆེན་གཤོག་པ་གཉིས་ལྡན་གྱིས་མཁའ་ལམ་གཅོད་པ་མ་གཏོགས། བྱ་གཤོག་ཡ་མ་ཞིག་འཕུར་དགོས་ཟེར་ན་འཕུར་ཐུབ་པ་མ་རེད། སྟོང་བཤད་རེད།།
ད་མཎྜལ་འདི་དང་སྒོ་བསྟུན་ནས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་བ། བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ། ཐ་ན་ཆུ་གཙང་དལ་འབབ་ཞིག་དང་སྤང་གི་མེ་ཏོག་རྐང་གཅིག་ཚུན་ཆད་ཡིན་ཡང་ཡིད་དུ་འོང་བའི་དངོས་པོ་ཅི་ཡོད་མཆོད་པའི་རྫས་སུ་འབུལ་ཆོག་གི དམིགས་རྟེན་དངོས་འབྱོར་ལ་བྱས་ནས་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཟད་པ་མེད་པར་ཡིད་ནས་སྤྲོ་ཆོག་རེད། དེ་ཡང་ངའི་དངོས་འབྱོར་ཐབས་ཆག་པོ་དེ་དང་། དེའི་སྟེང་ལ་ངས་ཅིག་སྒོམ་ཁུལ་བྱས་པ་དེས་རྒྱལ་བ་སྲས་བཅས་མཉེས་བྱེད་ཅིག་ཨེ་ཡོང་ན་བསམ་དགོས་ནི་མ་རེད། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །གསུངས་པ་ལྟར་དུ། རྒྱལ་བ་སྲས་བཅས་མཆོད་རྫས་ལ་ཞེན་པ་ཡོད་པ་མ་རེད། མཉེས་དང་མི་མཉེས་པའི་ཐ་སྙད་དོན་ལ་མེད་ཀྱང་། འབུལ་བ་བོ་སེམས་ཅན་རང་ཉིད་ཀྱི་བསོད་ནམས་གསོག་ཆེད་དུ་རྒྱལ་བ་སྲས་བཅས་ཀྱིས་སྙིང་རྗེའི་སྟོབས་ཀྱིས་བཞེས་ཀྱིན་ཡོད་པ་རེད།།
མཆོད་པ་འདི་ཕུལ་བའི་ཕན་ཡོན་ལ་བསམ་ན། གནའ་སྔོན་མ་ཞིག་ལ་རྒྱལ་པོ་གསལ་རྒྱལ་ཟེར་བ་དེའི་སྐྱེ་བ་སྔོན་མ་ཞིག་ལ། ཁོ་རང་མྱི་དབུལ་བོ་སྤྲང་པོ་ཞིག་ཏུ་སྐྱེས་པའི་སྐབས་ལ་རང་སངས་རྒྱས་ཞིག་ལ། སྤྲང་བོ་ཡིན་པས་ཆ་རྐྱེན་མེད་རུང་ཟན་དྲོན་པོ་ལན་ཚྭ་མེད་པ་ཞིག་དད་པས་ཕུལ་བའི་སྟོབས་ཀྱིས་སྐྱེ་བ་བརྗེ་མ་ཐག་སུམ་ཅུ་རྩ་གསུམ་གྱི་བདག་པོར་ལན་དྲུག་ལ་སྐྱེས་པ་རེད། དེའི་མཚམས་ནས་རྒྱ་གར་གྱི་ཡུལ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་དེའི་རྒྱལ་པོ་གསལ་རྒྱལ་དུ་གྱུར་ནས་སངས་རྒྱལ་བཅོམ་ལྡན་འདས་ཀྱི་སྦྱིན་པའི་བདག་པོ་རེད་སོང་རེད། ཡང་བྱིས་པ་ཞིག་གིས་སངས་རྒྱས་ལ་ས་སྤར་བ་གང་དགའ་ཞིང་དད་པས་ཕུལ་བ་དེ་ཆོས་རྒྱལ་མྱ་ངན་མེད་དུ་གྱུར་སོང་བ་རེད། ད་རུང་སྔོན་རྒྱལ་པོ་ཀྲི་ཀྲིས་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་པའི་སྐུ་གདུང་ལ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་མཆོད་པ་ཁོར་ཡུག་དཔག་ཚད་རེར་ཡོད་པ། གྱེན་ལ་དཔག་ཚད་ཕྱེད་ཡོད་པ་དེ་འདྲ་ཞིག་བརྩིགས་པ་དེར་རྒྱལ་པོའི་སྲས་འབྲིང་བས་གདུགས་འབྲིང་བོ་ཞིག་བཏགས་པའི་བསོད་ནམས་ཀྱི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཉིས་སྟོང་ལྔ་བརྒྱ་བྱས་པའི་མཐའ་མ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མཆེད་ཆུང་བ་གཅུང་དགའ་བོར་སྐྱེ་བ་བཞེས་པ་རེད། ཡང་བྲམ་ཟེ་བཟའ་མི་གཉིས་ནས་རང་སངས་རྒྱས་ཞིག་ལ་ཆོས་སྟོན་ཞིག་དྲངས་པས་དེའི་སྟེང་ནས་བསོད་ནམས་སྟོབས་ཀྱིས་ཁོ་ཚོའི་ཞིང་ནང་ལ་གསེར་གྱི་སྙེ་མ་འཁྲུངས་རབས་གསུངས་ཡོད། དེ་བས་ན་མཆོད་པ་ཕུལ་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་བཤད་ན་ཚར་རྒྱུ་མེད་པ་ཞིག་རེད།།
༣ ཞེ་སྡང་གི་གཉེན་པོར་རྡོར་སེམས་བསྒོམ་བཟླས་ཀྱི་བཤགས་པ།
ད་ཡན་ལག་གསུམ་པ་དེ་ནི་བཤགས་པ་ཡིན། བཤགས་པ་འདི་གཙོ་བོ་ཞེ་སྡང་གི་གཉེན་པོར་གསུངས་པ་ཡིན། གཙོ་བོར་ཞེ་སྡང་རེད་ཟེར་དུས། གཙོ་བོ་ཞེས་པའི་སྒྲ་ལས་ཅི་ཞིག་གོ་རྒྱུ་ཡོད་པ་རེད་ཅེ་ན། དེས་ཀྱང་མཚོན་པ་མིན་པའི་ཉོན་མོངས་དུག་གསུམ་དུག་ལྔས་ཀུན་ནས་བསླང་པའི་ཉེས་འགལ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་པོ་བཤགས་བྱ་རེད། དེས་ན་སྡིག་སྒྲིབ་ནི་སྡིག་པ་དང་སྒྲིབ་པ་གཉིས་སྦྲེལ་གྱི་ཚིག་གཉིས་མཉམ་པོར་སྦྱར་བ་ཞིག་རེད། འདི་གཉིས་ཀ་ངོ་བོ་དང་བྱེད་ལས་ཀྱི་ཆ་ནས་གསུངས་རྒྱུའི་གོ་བ་ལེན་དགོས་པ་རེད། ངོ་བོ་ནི་བཅས་དང་རང་བཞིན་གྱི་སྡིག་པའམ་ཉེས་ལྟུང་། དེས་གང་ལ་ཇི་ལྟར་སྒྲིབ་ན། ལས་ཉོན་བག་ཆགས་དང་བཅས་པ་ལ་བཤད་ན། ལས་ཀྱིས་སྒྲིབ་པས་མཐོ་རིས་ལྷ་མིའི་གོ་འཕང་ལ་སྒྲིབ་པ་རེད། ཉོན་མོངས་པའི་སྒྲིབ་པས་ཐར་བ་ཉན་རང་གི་གོ་འཕང་ལ་བསྒྲིབས། ཉོན་མོངས་ཟེར་ན། རྣམ་གྲངས་ལ་བརྒྱད་ཁྲི་བཞི་སྟོང་། རྩ་བ་དུག་ལྔ་དུག་གསུམ། དེ་ཡང་འདྲེན་བྱེད་ངོ་མ་དེ་གང་ཡིན་ནི་རེད་ཅེ་ན། ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ངན་པ་གཅིག་ལ་ཐུག་ཡོད་པ་རེད། སྡིག་སྒྲིབ་བག་ཆགས་དང་བཅས་ཟེར་ཡོང་དུས་ཤེས་སྒྲིབ་ཤིན་ཏུ་ཕྲ་བའམ་ཡང་ན་བག་ཆགས་ཀྱིས་སྒྲིབ་པས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བསྒྲིབས་པ་རེད། ང་ལ་སྡིག་པ་དེ་འདྲ་མི་ཆེ་བསམ་རྒྱུ་ཡོད་པ་མ་རེད། ཐོག་མེད་ནས་བསགས་པའི་ལས་ཀྱི་མཐའ་ནི་དེ་བཞིན་གཤེགས་པ་མ་གཏོགས་གཅིག་གིས་ཀྱང་དཔོག་ཐུབ་པ་མ་རེད། དེ་འདྲ་ཡིན་པས་ན། རྣམ་རྟོག་འགྱུ་ལུགས་རེའི་ཁྱད་པར་གྱིས་སྡིག་པའི་ལས་ལྷ་ཁང་གི་ནང་དུ་འདུག་བཞིན་པ་ཡིན་རུང་། བལྟར་མི་མངོན་པར་ཡོང་རྒྱུ་དེ་ནི་སེམས་ཀྱི་ཉེས་པ་ཡིན་པས་ན། སྡིག་པ་དང་སྒྲིབ་པ་གང་ནས་བྱུང་དང་ཅི་ལྟར་ཡོད་ཇི་འདྲས་གསོག་ཤེས་མ་རེད། བསམ་བློ་གཏོང་ལུགས་ཀྱི་དབུགས་སྔ་ཕྱིའི་བར་ནས་འདི་བྱེད་སླ་བ་རེད། མི་ལ་ལས་ལས་ཀྱིས་བསྐོས་པ་རེད་ཟེར། དེ་ཟེར་ནས་སྒུག་འདུག་ཁུལ་བྱས་པ་ལས། ལས་ཟེར་བ་ནི་ལས་བཞག་པ། མྱིང་དང་དོན་མཚུངས། དང་པོ་ཚུར་ལ་ལས་ཡོང་བ་ཞིག་ད་ལས་ནས་ཕར་ལ་བཅོས་རྒྱུ་མེད་དོན་ཅི་ཡོད། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་པོ་བྱར་བཏུབ་པ་དེ་ནི་མཐའ་མར་བཤིགས་སུ་ཅི་ལ་མི་ཐུབ། དེ་ནི་སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་དག་པ་སྡིག་པའི་ཡོན་ཏན་ཡིན་གསུངས་པ་ལྟར་རོ།།
དེ་འདྲ་ཡིན་དུས་ན་འགལ་ཉེས་གཏན་ནས་མི་ཤོར་པ་དེ་སྐྱེས་བུ་དམ་པ་ཡིན། འགལ་ནས་བཤགས་ཤེས་པ་དེ་ཡང་རིན་ཆེན་བུམ་བཟང་གི་ལུགས་བྱེད་ཤེས་པའི་སྐྱེས་བུ་དམ་པ་ཡིན་གསུངས་པ་རེད།།
གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཚུལ།
༡༽རྟེན་གྱི་སྟོབས།
འདི་ཡང་རྡོར་སེམས་སྒོམ་བཟླས་ལ་སྦྱར་ནས་བཤད་ན། ཡང་གོང་ནས་ཕྱག་འཚལ་དུས་སྐབས་ལ་བཤད་པ་ལྟར་དུ། ང་མྱི་གཅིག་གིས་དེ་ཉིན་གཡག་རྒན་ཞིག་བཤས་པ་ལྟ་བུའི་སྡིག་པ་ཁེར་རུ་མ་ཞིག་སངས་རྒྱས་གཅིག་གི་མདུན་དུ་ཉེས་པ་ངོས་ལེན་བྱས་ནས་སངས་རྒྱས་སམ་སངས་རྒྱས་ཀྱི་སྐུ་འདྲ་གཅིག་གི་མདུན་ནས་བཤགས་ཀྱིན་ཡོད་པ་འདྲ་བའི་སེམས་རྒྱ་ཆུང་ཆུང་མ་ཡིན་པར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སོགས་པའི་བཤགས་ཡུལ་ནམ་མཁའ་གང་བའི་ལྷ་ཚོགས། དེ་ཡང་ཀུན་འདུས་ནོར་བུའི་ལུགས་བཞིན་དུ་བླ་མ་རྡོ་རྗེ་སེམས་དཔའི་གསང་གསུམ་ལ་འདུས་པ་ཞིག་ངག་འདོན་རྒྱས་པ་ལྟར་དུ་གསལ་སྣང་སྣང་སྟོང་ཆུ་ཟླའི་རོལ་བར་བསྒོམ་པ་རྟེན་གྱི་སྟོབས་རེད།།
༢༽ཉེས་བྱས་སུན་འབྱིན་པའི་སྟོབས།
སྔར་བྱས་ཀྱི་སྡིག་པའི་ལས་ལ་ཁོང་དུ་དུག་སོང་བ་འདྲ་བའི་འགྱོད་པ་དྲག་པོ་བྱེད་རྒྱུ་དེ་ཉེས་བྱས་སུན་འབྱིན་པའི་སྟོབས། དེ་ཡང་བཤས་ཟིན་པའི་གཡག་རྒན་དེ་གཡག་རྒན་རང་ཡིན་པ་ཙམ་གྱིས་བསམ་བློ་ལས་ཅུང་ཟད་རྒྱ་ཆེ་རུ་བཏང་ནས། དེ་ནི་ངའི་མའི་སྐྱེ་བ་ཡིན་པ་དང་། དེ་ཡང་མའི་སྐྱེ་བ་ལན་གཅིག་མིན་པར་ལན་གྲངས་མང་པོར་ཐེངས་གྲངས་རྩི་རྒྱུ་མེད་པའི་བསམ་གྱིས་མི་ཁྱབ་པ་བྱས་མྱོང་བ་ཞིག་ཡིན་པས། དེ་ལ་བསམ་ནས་འགྱོད་པ་སྐྱེས། ད་ཕྱིན་ཆད་དེ་དང་དེ་ལྟ་བུའི་ཉེས་འགལ་གྱི་རིགས་སྲོག་དམར་བོ་འདི་ལ་བབས་རུང་མི་བྱེད་བསམ་པའི་སྡོམ་སེམས་ཡོད་རྒྱུ་དེ་ནི་སྡོམ་པའི་སྟོབས་གསུངས་པ་རེད།།
༣༽གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས།
མི་དགེའི་གཉེན་པོར་འགྲོ་བའི་དགེ་བ་དེ་ལ་དོན་གཉེར་གྱི་འདུན་པ་བསྐྱེད་རྒྱུ་དེ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རེད། སྤྱིར་ན་དགེ་བ་གང་སྒྲུབ་སྡིག་པ་བཤགས་བྱེད་ལ་འགྲོ་བ་རེད། དེ་ལ་གསང་སྔགས་ཀྱི་ཆོ་གའི་སྐབས་སུ་རུ་བཞིའི་བཤགས་པ་དང་ཟུང་བཞིའི་བསྐང་བ་སོགས་འབྱུང་རྒྱུ་དེ་ནི་སྡིག་སྒྲིབ་བཤགས་ཐབས་དང་ཉམས་ཆག་སྐོང་ཐབས་རེད། དམ་ཚིག་ཉམ་ཆག་བཤགས་རྒྱུ་དེ་སྒོམ་སྒྲུབ་ལ་འབྲས་བུ་འབྱུང་དང་མི་འབྱུང་གི་གནད་ལ་ཐུག་ས་ངོ་མ་དེ་ཡིན་རེད། དམ་ཚིག་ཅེས་པའི། དམ་པ་སྐུ་གསུང་ཐུགས་ཡིན་ཏེ། །ཉམས་པ་དེ་ལས་འདས་པའོ། །ཞེས་གསུངས། ད་རང་ཉིད་ཀྱི་ངོས་ནས། རྩ་བ་བླ་མའི་སྐུ་གསུང་ཐུགས་ལ་འགལ་བ་འདི་སོང་ཡོད་བསམ་རྒྱུ་མེད་ཀྱང་། ཟླས་ཉམས་གྲོགས་ཀྱིས་གནོད་བསྐྱལ་བ། ཞོར་ཉམས་མ་ཤེས་ནས་ཤོར་བ་ཇི་འདྲ་མེད། སྦལ་བ་རྨ་ཅན་གཅིག་གིས་སྦལ་བ་བརྒྱ་རྨ་ཅན་དུ་བྱེད་པ་བཞིན་དུ་ཉམས་དང་ཚོགས་འདྲེས་སོགས་ཀྱང་གཟབ་དགོས་སའི་ཡུལ་ཡིན། ལོག་ལྟ་ཅན་གྱི་གང་ཟག་དང་འདྲེས་པར་བྱས་ན་ཁོ་རང་ནི་ལོག་པའི་བློ་ཅན་ཡིན་པ་དང་ངན་འགྲོའི་ས་མཁན་ཡིན་པ། གཡང་སའི་ཕྱོགས་ལ་སྔ་འགྲོ་བྱེད་པ་པོ་ཡིན་པས་ན་རང་གི་ཆ་ནས་ཉེས་པ་མེད་ཀྱང་དེ་དང་དེ་འདྲར་འགྲོགས་པ་སྤོང་དགོས། སྔགས་ཀྱི་རྩ་ལྟུང་ཟེར་བ་ཞིག་ཡོད་པ་དེ་ལྗོན་ཤིང་གི་རྩ་བ་ཕུད་བཞག་ན། སྡོང་བོ་དང་ཡལ་ག་ནས་འབྲས་བུའི་བར་དུ་མེད་པ་རེད་འགྲོ་བ་བཞིན་དུ། ཡོན་ཏན་ཐམས་ཅད་བསྐྱེད་པའི་དམ་ཚིག་གི་རྩ་བ་དེ་ཕུད་བཞག་ན་གོང་མའི་ཆ་བསྐྱེད་ཅིང་འཕེལ་བ་ལ་སྒྲིབ་ཅིང་འོག་མར་གཏོང་བར་འགྱུར་བས་ན་རྩ་ལྟུང་གསུངས་པ་རེད། དབང་བསྐུར་རྒྱུད་བཤད་མན་ངག་བསྟན་པའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་ལ་འགལ་སོང་ན། དེས་རྩ་ལྟུང་བསྐྱེད་ཀྱིན་ཡོད་པ་རེད། རྟེན་གྱི་གང་ཟག་སྡོམ་པས་རྒྱུད་མ་བསྡམས་ཤིང་དམ་ཚིག་ཁས་མ་བླངས་པ། གསང་སྔགས་ཀྱི་དཀྱིལ་འཁོར་གཅིག་ལ་ཞུགས་མ་མྱོང་བའི་སྐྱེས་བུ་ཞིག་ལ་དངོས་གྲུབ་དང་ལྟུང་ཉམས་གཉིས་ཀ་ཡོད་པ་མ་རེད། དེ་ནི་སློང་མོས་འཚོ་བའི་སྤྲང་བོ་ཞིག་ལ་མངའ་ཐང་ཡོད་ནི་མ་རེད་ལ་ཁྲལ་ཡང་འཇལ་དགོས་མ་རེད། མངའ་ཐང་དང་དཔྱ་ཁྲལ་གཉིས་ཀ་མེད་པ་འདྲ་བ་ལ་དཔེ་བཞག་ཡོད་པ་རེད། རེད་ད། རང་རེ་ལ་མཚོན་ན་དབང་མ་ཞུས་དམ་ཚིག་ཁས་མ་བླངས་བསམ་རྒྱུ་ཡོད་པ་མ་རེད། དེ་བས་བཤགས་པ་ཐམས་ཅད་ཀྱི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་ཡིན། དེའི་ཡན་གྱི་བཤགས་ཐབས་ཤིག་དང་ཚོགས་རྫོགས་ཐབས་ཤིག་དགོས་པ་མ་རེད། བྱང་ཆུབ་སེམས་ཀྱིས་སྡིག་པ་ཆུང་ཆུང་ཉི་ཟེར་གྱི་བ་མོ་བཞིན་དུ་རྐང་མེད་བྱེད་པ་དང་། སྡིག་པ་ཆེན་པོ་ཡིན་ཡང་ཉི་མས་ཁ་བ་བཞིན་དུ་ཇེ་སྲབ་ཇེ་སྲབ་ནས་དམིགས་མེད་དུ་གཞོམ་པ་རེད། དེ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་དང་འབྲེལ་ན། དེ་བས་ཀྱང་བཤད་མ་དགོས་པ་སེམས་ཉིད་འོད་གསལ་བའི་གཤིས་ལ་དྲི་མས་གོས་པ་ཞིག་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་དུས། རང་བཞིན་རྣམ་དག་གློ་བུར་བྲལ་དག་གིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པ་གཉིས་ལྡན་གྱི་ཡེ་ཤེས་མངོན་དུ་གྱུར་པ་རེད། སྒྲིབ་པ་དག་ན་རྟོགས་པ་ཁྱད་པར་ཅན་ངང་གིས་འཆར་རྒྱུ་དང་། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་སྒྲིབ་པ་ངང་གིས་དག་རྒྱུ་ནི་ཚོགས་བསགས་སྒྲིབ་སྦྱངས་གཉིས་ཀ་མཐར་དེད་ན་གནད་གཅིག་ལ་འབབ་པ་རེད། ལས་དང་པོ་བ་གཉིས་འཛིན་གྱི་བློ་ཅན་གྱིས་ཚོགས་བསགས་པ་ལས་ཀྱང་སྡིག་པ་བཤགས་རྒྱུ་དང་པོར་གནད་ཆེ་བས་ན། འགལ་རྐྱེན་སྡིག་སྒྲིབ་བཤགས་པ་དེ་སྔོན་ལ་བཞག །དེའི་འཕྲོར་མཐུན་རྐྱེན་ཚོགས་བསགས་པ་འཇུག་དགོས་རྒྱུ། དཔེར་ན། སྐྱེས་བུ་གང་ཟག་ཅིག་གིས་དང་པོར་རང་ལུས་ཁྲུས་གཙང་མ་བྱས་ནས། དེའི་རྗེས་ཐོག་ལ་གོས་ཀྱིས་བཀླུབས་ནས་རྒྱན་གྱིས་བརྒྱན་ན་དེའི་རིམ་པ་འདྲ་བོ་མགོ་རྔ་མ་ནོར་བའི་བྱ་ལས་ཞིག་ཡིན་པ་ལྟར་དུ་དེ་བཞིན་མཚུངས་པ་རེད།།
༤ ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རངས།
དེ་ནས་ཡན་ལག་བཞི་པ་ལ་ཐུག་པ་རེད། ཡན་ལག་བཞི་པ་དེ་གང་རེད་ཅེ་ན། རྗེས་སུ་ཡི་རང་གི་ཡན་ལག་རེད། རྗེས་སུ་ཡི་རང་གི་ཡན་ལག་འདི་ཕྲག་དོག་གི་གཉེན་པོར་གསུངས་པ་རེད། ཕྲག་དོག་ཅེས་པའི་ཉོན་མོངས་པ་དེའི་ངོ་བོ་ཅི་འདྲ་ཞིག་ཡིན་རེད་ཅེ་ན། གཞན་གྱི་ཕུན་ཚོགས་དང་བདེ་འབྱོར་སོགས་གཞན་གྱི་ལེགས་པའི་ཕྱོགས་ཐམས་ཅད་ལ་མི་དགའ་ཞིང་མནར་སེམས་པ་ཞིག་ཡིན། གཞན་གྱི་བདེ་འབྱོར་ལ་མ་དགའ་དུས་གཞན་རྒུད་པ་མཐོང་ན་དགའ་བ་རེད། དེ་ཡིན་དུས་གཞན་གྱི་རྒུད་པ་དེ་ནི་ཁོ་རང་གི་དགའ་བའི་དངོས་པོར་མཐོང་གིན་ཡོད་པ་ཞིག་ཡིན་རེད། གལ་ཏེ་ཕ་རོལ་པོ་དེ་མར་ལ་ཅིག་ཉམས་སོང་ན། རང་ཉིད་ལ་དེའི་ཕུན་ཚོགས་བདེ་འབྱོར་སྙན་གྲགས་ལོངས་སྤྱོད་ལ་སོགས་པ་ཐོབ་ཡོང་རྒྱུ་ཞིག་ཡིན་ན་དེ་ལ་ཁག་མི་འདུག་མོད། དོན་དག་མེད་ས་ནས་གཞན་གྱི་ལེགས་པ་ལ་ཕྲག་དོག་ཞིག་བྱས་པའི་འབྲས་བུ་རང་ཉིད་ལ་ཚུར་སྨིན་ནས། རང་ཉིད་ཀྱི་བསོད་ནམས་དབང་ཐང་དེ་མར་ལ་དམའ་ནས་ཉམས་འགྲོ་བས་མ་ཟད་ཕྲག་དོག་ཅན་དང་ཡུན་གྱིས་འགྲོགས་ན། དེའི་ངན་གཤིས་དང་རང་གི་ངན་ལམ་བསྙེགས་ལོབ་མའི་རྒྱུད་མ་རུང་པའི་སེམས་དེས་ཚེ་འདིར་སེམས་བདེ་བ། ལུས་སྐྱིད་དུས་ཞིག་ཡོད་པ་མ་རེད། དེ་བས་ཆེ་ན་འཁོན་རྩོད་འཁྲུག་སློང་འགྲན། ཆུང་ན་ངན་སྨྲས་དང་བླ་བཙག་གིས་རང་གཞན་གཉིས་ཀ་མི་བདེ་པ་ཞིག་བྱས། ཚེ་ཕྱི་མའི་གནས་སྐབས་ན་ཆེ་ན་དམྱལ་བར་སྐྱེས་པ་དང་ཆུང་ན་ལྷ་མ་ཡིན་དུ་སྐྱེས་པའི་རྒྱུ་དེས་བྱེད་པ་རེད། ད་དེའི་ལྡོག་ཟླར་གྱུར་བ་དེ་གང་ཡིན་ན། གཞན་གྱི་བདེ་བ་དང་དགེ་བར་རྗེས་སུ་ཡི་རངས་བྱེད་དགོས་པ་རེད། །དེ་ལྟར་རྗེས་སུ་ཡི་རངས་བྱེད་པ་དེ་ཉིད་བྱམས་པ་དང་རྗེས་སུ་མཐུན་པའི་དགེ་རྩ་ཡིན། འདི་ལམ་དུ་ཁྱེར་ཤེས་ན་དགེ་བ་སྒྲུབ་ཐབས་ཕུལ་དུ་བྱུང་བ་ཞིག་ཡིན།།
ད་བསྔོ་བ་དང་ཡི་རངས་འདི་གཉིས་ཀ་རྒྱུ་ཚེགས་དཀའ་ལས་གཅིག་ཀྱང་མི་དགོས་པར་སེམས་ཀྱི་བསམ་བློ་གཏོང་སྟངས། རྣམ་རྟོག་འགྱུ་ལུགས་ཞིག་གིས་དགེ་རྩ་རླབས་ཆེན་རང་ལ་ཐོབ་པའི་མན་ངག་ཁྱད་པར་ཅན་ཞིག་ཀྱང་རེད། རྗེས་སུ་ཡི་རངས་ཀྱི་ཕན་ཡོན་གསུང་དུས། སྟོང་གསུམ་རི་རབ་དང་བཅས་པ་སྲང་དང་རྒྱ་མ་བྱས་ནས་བཀྱག་ན་ཚད་འཇལ་ཐུབ་རྒྱུ་ཞིག་ཡིན་ནའང་། རྗེས་སུ་ཡི་རངས་ཀྱི་དགེ་བའི་ཚད་ནི་སུས་ཀྱང་བཟུང་བར་མི་ནུས་པ་ཞིག་ཡིན་གསུངས་རེད། དེ་ལྟར་གསུངས་པའི་རྗེས་སུ་ཡི་རངས་ཀྱི་དགེ་བ་གང་རེད། དེ་ཇི་འདྲ་ཞིག་ཡིན་ཐལ་བསམ་ན། དཔེར་ན་མྱི་གཅིག་གིས་མ་ཎི་བྱེ་ཆེན་ཞིག་བཏོན་ཚར་བ་དང་། ཡང་ག་གེ་མོ་ཞིག་གིས་མར་མེ་ཁྲི་མཆོད་དང་ནི་ཇོ་དར་སྟོང་དར་ཞིག་སྒྲུབ་འདུག་ཟེར་ན། དེ་དག་ཐམས་ཅད་ལ་ངོ་སོ་བསྟོད་བསམ་ན་དེ་ཚོ་ཡི་རངས་རེད། ཅི་ཞིག་གི་ཐད་ཀི་ཡིན་ནའང་། ཁྱབ་ཆེ་ཞིང་རྒྱ་མི་ཆུང་བ་ཞིག་ལ་འདང་རྒྱོབ་དང་། དེ་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ། སོ་སོའི་སྐྱེ་བོ་དང་བཅས་པའི་སྐྱེས་འཕགས་ཐམས་ཅད་ཀྱིས། དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཟག་མེད་ཀྱི་དགེ་རྩ་ཐམས་ཅད་ལ་དགའ་ཞིང་མོས་པས་རྗེས་སུ་ཡི་རངས་པ་རང་གིས་དེ་ལྟར་དུ་བྱེད་དགོས་པ་ཡིན། དེ་ལྟར་བཤད་ན་ཁྱིམ་པ་ཕོ་མོ་ལས་དང་པོ་བས་ཟག་བཅས་ཟག་མེད་ཟེར་ན་ཅི་ཞིག་རེད་བསམ་རྒྱུ་རེད། ད་ཟག་བཅས་ཟེར་ན། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་འཁོར་བའི་གནས་ལ་མར་ལ་ཟག་ཅིང་འཕོ་བའམ་ལྟུང་བར་བྱེད་པས་ན་ཟག་བཅས་གསུངས་རེད། གང་གིས་འཁོར་བར་ཟག་བྱེད་པ། །ཉོན་མོངས་རྣམས་ཡིན་དེ་དག་ནི། །གང་ལ་འཕྲད་ཅིང་རྒྱས་རུང་བ། །དེ་ལ་ཟག་བཅས་ཆོས་ཞེས་བྱ། །ཞེས་ཟག་བཅས་གསུངས་ཡོད་པ་རེད། སྔགས་ཀྱི་སྐབས་ནས་འདི་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་ལ་རིག་འཛིན་བཞིའི་འགྲོས་དང་སྦྱར་ནས་ཟག་ལྡོག་ཡོད་མེད་མུ་བཞིའི་རྩི་ལུགས་ལ་སོགས་པ་ཡོད་རུང་། འདི་ངོ་བོའི་དབང་དུ་བྱས་ནས་བཤད་ཡོང་དུས། ཀུན་རྫོབ་དང་དོན་དམ་གྱི་བདེན་གཉིས་ཀྱིས་བསྡུས་པའི་དགེ་རྩའི་ཁྱད་པར་གྱིས་ཕྱེ་སྟེ། ཀུན་རྫོབ་ཀྱི་དགེ་རྩ་ཟག་བཅས་དང་། དོན་དམ་གྱི་དགེ་རྩ་ཟག་མེད། ལམ་གྱི་དབང་དུ་བྱས་ནས་བཤད་ཡོང་ན། ཚོགས་ལམ་དང་ནི་སྦྱོར་ལམ་གཉིས་ཀ་ལ་ཟག་བཅས་ཟེར་ལ། མཐོང་ལམ་སྒོམ་ལམ་གཉིས་ཀ་ལ་ཟག་མེད། དེའི་སྟེང་ནས་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་རྩའི་དབང་དུ་བྱས་ནས་བཤད་ན། བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟག་བཅས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཟག་མེད། དེ་བཞིན་དུ་ཡང་མཉམ་བཞག་དང་རྗེས་ཐོབ་ཀྱི་ཁྱད་པར་ལ་སོགས་པ་བཤད་ལུགས་མང་པོ་ཡོད་ཀི མདོར་ན་གང་ལ་ཡི་རངས་བྱེད་ས་བོ་བདེན་པ་གཉིས་ཀྱིས་བསྡུས་པའི་དགེ་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རངས་བྱེད་དུས་རེད་ཡོད་པ་རེད།།
༥ གཏི་མུག་གི་གཉེན་པོར་ཆོས་འཁོར་བསྐོར་བར་བསྐུལ་བ།
ད་ཡན་ལག་ལྔ་པ་ནི་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་རེད། འདི་གཏི་མུག་གི་གཉེན་པོར་གསུངས་ཡོད་པ་རེད། ཆོས་གསུང་རྒྱུ་དེ་ཆོས་ཀྱི་འཁོར་ལོ་དེ་ཅི་ལྟར་ཡིན་རེད་ཅེ་ན། འདི་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་སྦྱར་ནས་གསུང་བཞིན་ཡོད་པ་རེད། ད་འདི་གཅོད་ཅིང་བསྐྱོད་པར་བྱེད་པའི་མཚན་ཉིད་ཅན་རེད། ཇི་ལྟར་གཅོད་ཅིང་བསྐྱོད་པར་བྱེད་པའི་མཚན་ཉིད་ཅན་ཡིན་ཞེ་ན། འདི་བྱེ་བྲག་སྨྲ་བ་ལ་སོགས་པ་ཁ་ཅིག་གིས་མྱུར་བར་འགྲོ་བ། སྔ་མ་འདོར་བ། ཕྱི་མར་འཇུག་པ། མཐོ་བར་འཕུར་བ། དམའ་བར་འབབ། མ་རྒྱལ་བ་ལས་རྒྱལ་བ། རྒྱལ་བ་རྣལ་དུ་འགོད་པ་དག་མཐོང་ལམ་དང་ཆོས་མཐུན་སྦྱར་བ་རེད་མོ། ཡང་འགའ་རེས་འཕགས་ལམ་ཡན་ལག་བརྒྱད་པོ་ཆོས་འཁོར་ལ་འཇོག་ཡོད། ཡོད་ན་ཐེག་ཆེན་སྤྱི་ལུགས་ལ་བསམ་བློ་བཏང་ན་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་ལ་བཞེད་པ་རེད། དེ་ཡང་ཇི་ལྟར་རེད་ཅེ་ན། དེ་དག་ཐམས་ཅད་དམ་པའི་ཆོས་ཀྱི་ངོ་བོ་ཡིན་པ་དང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟའི་གང་ཟག་གི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བའི་ཕྱིར་ན་ཆོས་འཁོར་དུ་བཞེད་རེད། དོན་བསྡུས་ནས་བཤད་ཡོང་ན། ཆོས་ཀྱི་འཁོར་ལོས་སྒྲིབ་པ་དང་ནི་ལོག་རྟོག་རྩད་ནས་གཅོད་ཅིང་ལམ་གོང་མར་བགྲོད་དེ་སྐྱོད་པར་བྱེད་པས་ན། གཅོད་ཅིང་སྐྱོད་པར་བྱེད་པའམ་བསྐྱོད་ཅིང་གཅོད་པར་བྱེད་པ་གང་ཞུས་རུང་གཅིག་རེད། ཆོས་འཁོར་གྱི་བྱེད་ནུས་གཏི་མུག་གི་མུན་པ་གཞོམས་ཤིང་ཤེས་རབ་ཀྱི་འོད་སྣང་འཆར་བར་བྱེད་པ་དང་ཆབ་གཅིག་ཏུ། སོ་སོ་ཡང་དག་རིག་བཞིར་མངའ་དབང་འབྱོར་བར་བྱེད་པ་ཞིག་ཡིན་པས་ན། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་དེ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པའམ་དེའི་སྤྲུལ་བ་བླ་མ་དགེ་བའི་བཤེས་གཉེན་ཆོས་འཁོར་མི་བསྐོར་བར་དུས་དང་གདུལ་བྱའི་ཡུལ་ལ་གཟིགས་བཞིན་པ་དག་ལ། གདུལ་བྱའི་བློ་དང་འཚམས་པར་སྔར་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་དགོས་པ་ཞིག། ཆོས་འཁོར་ཟེར་དུས་ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་དང་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ནས་རྒྱལ་བས་ཆོས་འཁོར་རིམ་གསུམ་བསྐོར་བ་དེ་ཞེ་ལ་འཆར་བ་རེད། བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་བ་མཚན་ཉིད་མེད་པ། ཐ་མར་ལེགས་པར་རྣམ་པར་ཕྱེས་པའམ་ཕྱིར་མི་བཟློག་པའི་འཁོར་ལོ་བསྟན་པའི་ཆོས་འཁོར་བསྐོར་བ་ཡིན་ན། འདི་ལ་དྲང་ངེས་ཀྱི་བཞེད་ཚུལ་མང་བ་ཡིན་ཡང་། རང་ལུགས་ལ་ངེས་དོན་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན། མ་བསྟན་པ་དང་ནི་གསལ་བར་མ་བསྟན་པ། རྫོགས་པར་བསྟན་པ་བཅས་ཀྱི་ཆ་ནས། འཁོར་ལོ་ཐ་མ་ངེས་དོན་བསྟན་པའི་མདོ་རྣམས་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ་སོགས་ཀྱིས་བསྔགས་པ་མཛད་པ་རེད། དེ་ཚོ་རྒྱས་པར་དབྱེ་དགོས་པའི་སྐབས་མ་རེད།།
༦ ལོག་ལྟའི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ།
ད་ནི་ཡན་ལག་དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་རེད། འདི་ལོག་ལྟའི་གཉེན་པོར་གསུང་གི་ཡོད་པ་རེད། ལོག་ལྟ་རང་རྒྱུད་ལ་ཡོད་བཞག་དུས་དགེ་བའི་བཤེས་གཉེན་གྱིས་མི་ཚད་སྟོན་པ་བཅོམ་ལྡན་འདས་ཟུར་འདི་ན་ད་བྱོན་རུང་། དེ་ལ་ཕལ་བའི་གང་ཟག་ཞིག་དང་ཁྱད་པར་འདི་ཡོད་ཀི་བསམ་རྒྱུ་ཞིག་རྒྱུད་ལོག་ལྟས་བསླད་པས་རིག་ཐུབ་པ་མ་རེད། ཡང་དག་པའི་བློ་མིག་ལྡོང་སོང་བས་དམ་པའི་ཡོན་ཏན་ཇི་བཞིན་མཐོང་ཐུབ་རྒྱུ་ཞིག་མ་རེད། བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཇིག་རྟེན་འདིར་འབྱོན་དཀའ་བ་ཡིན་པར་མ་ཤེས། དེའི་ཁྱད་འཕགས་ཀྱི་ཡོན་ཏན་ཚུལ་བཞིན་དུ་མ་རྟོགས། ཚིག་ལ་མཁས་པ་ཙམ་གྱིས་གོ་མ་ཆོད་པས་སྡེ་སྣོད་བཅུ་གཉིས་བློ་ནས་འཆད་ཤེས་པའི་དགེ་སློང་ལེགས་སྐར་ལྟ་བུར་གྱུར་བ་ཡང་ལོག་ལྟའི་དབང་གིས་བྱུང་བ་ཡིན་པས་ན། དམ་པའི་ཆོས་ཀྱི་ཡོན་ཏན་ལོག་པར་ལྟ་བ་ལས་ལྡོག་སྟེ་ལེགས་པ་ལ་ལེགས་པར་མཐོང་དུས། དེ་བཞིན་གཤེགས་པ་དེ་ཉིད་ཡུན་དུ་འཇིག་རྟེན་གྱི་ཁམས་ལ་སྐྱེ་དགུའི་དཔུང་གཉེན་དུ་བཞུགས་པར་གསོལ་བ་འདེབས་ཤེས་པ་རེད། རྒྱལ་བ་ཤཱཀྱ་སེང་གེ་སྐུ་མྱ་ངན་ལས་འདས་པའི་ཕྱི་ལོར་བཀའ་བསྡུ་དང་པོ་བྱེད་པའི་སྐབས་ལ། དགྲ་བཅོམ་པ་ལྔ་བརྒྱ་ལ་གཅིག་གིས་མ་ཚང་བར་བཀའ་བསྡུ་བྱེད་མ་ཏུབ་པར་ལྷག་བསྡད་ཡོད་དུས། འཕགས་པ་འོད་སྲུང་གིས་ཀུན་དགའ་བོ་ལ་སྤྱོ་བ་རྣམ་པ་བརྒྱད་མཛད་པ་རེད། སྤྱོ་བ་ཟེར་བ་ཅི་ཡིན་ནི་རེད་ཅེ་ན། སྤྱོ་བ་ནི་བཀའ་བཀྱོན་དང་སྡིགས་མོ་མཛད་པ་ལ་ཟེར། དེའི་ནང་འོད་སྲུང་གིས་གསུངས་པ། བདུད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་མྱ་ངན་ལས་འདའ་བར་གསོལ་ནས་ཁྱེད་མྱ་ངན་ལས་འདའ་རོགས་ཞུས་དུས། བཅོམ་ལྡན་འདས་ཀྱིས་ཁྱོད་ལ་དྲིས་ཙ་ན་ཁྱོས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་མ་ཤེས་པ་དེ་ཁྱོད་ཀྱི་ཉེས་པ་ཡིན་གསུངས་དུས། ཀུན་དགའ་བོ་ན་རེ། ཁོང་ལ་དེ་དུས་བདུད་ཀྱི་འོད་ཟེར་གྱིས་ཁྱབ་ནས་ཅི་དྲན་འདི་དྲན་མེད་པ་ཞིག་རེད་ཐལ། དྲན་འཛིན་ཉམས་པའི་སྐྱོན་གྱིས་ཞུ་མ་ཐུབ་པ་རེད་ཅེས་ཞུས་ཀྱང་། འོད་སྲུང་གིས། དེ་ནི་ཁྱེད་རང་གིས་མ་འཇོན་པ་མ་གཏོགས་བདེ་བར་གཤེགས་པ་རྫུ་འཕྲུལ་གྱི་རྐང་བ་དང་ལྡན་པ་ཡིན་པས། འདོད་ན་བསྐལ་བའམ་བསྐལ་བ་ལས་ལྷག་པར་ཡང་བཞུགས་པ་རེད་གསུངས་པ་འདྲ་བོ་རེད། དེ་ཡང་དོན་ངོ་མའི་ཐོག་ནས་བདེ་བར་གཤེགས་པས་གཟིགས་པ་ལྔ་གཟིགས་ནས་དུས་ལ་གཟིགས་པ་ཚེ་ལོ་བརྒྱ་བ། དེ་བས་མ་སྔ་བ། དེ་བས་མ་འཕྱི་བའི་དུས་ཞིག་ལ་གཟིགས་པ་རེད་མོད། འདི་ཚོ་སྤྲུལ་བའི་ཉན་ཐོས་དག་དག་ཡིན་པས། དགོས་པའི་དབང་གིས་དེ་ལྟར་སྤྱོ་བ་རྣམ་པ་བརྒྱད་མཛད་ནས་མཐར་ཀུན་དགའ་བོ་ལ་མཆིལ་ལྷམ་གྱིས་བརྒྱབ་སྟེ་ཕུད་བཞག་དུས། ཀུན་དགའ་བོ་ཡུལ་གཞན་ཞིག་ལ་བྱོན་ནས་སློབ་མ་མང་པོར་རབ་བྱུང་གནང་ནས་གདམས་ངག་མང་པོ་བྱིན་དུས། དེ་དག་དགྲ་བཅོམ་པ་ཐོབ་པས་མངོན་ཤེས་ཀྱིས་བལྟས་ཡོང་དུས་མཁན་པོ་དགྲ་བཅོམ་པ་མིན་པ་ཤེས་ཏེ། ཁྱེད་འདི་ལྟར་འགྲོ་བ་མང་པོ་ཐར་བར་སྒྲོལ་པའི་གྲུ་གཟེངས་ལྟ་བུའི་བཤེས་གཉེན་ཆེན་པོ་ཞིག་གིས་ཅིའི་ཕྱིར་དགྲ་བཅོམ་པ་མངོན་དུ་མ་མཛད་པ་ཡིན་ཞེས་ཞུས་དུས། དེ་ངོ་མས་བདེན་གི་དགོངས་ནས་ཤེས་རབ་ཅན་ཇི་ལྟར་བྱས་ཀྱང་གྲོལ་བ་ཐོབ་སླ་བ་རེད། མཉམ་བཞག་སྒོམ་ཐུན་གཅིག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་མངོན་ཤེས་ཀྱིས་བརྟག་ཡོང་དུས། འོད་སྲུང་གིས་བྱམས་པའི་སེམས་དང་དགོས་པའི་དབང་གིས་སྤྱོ་བ་མཛད་པ་དང་སྡིགས་མོ་མཛད་པ་ཡིན་པ་མཁྱེན་ནས། སླར་དགེ་འདུན་གྱི་གནས་སུ་ཕར་བྱོན་པས་དགྲ་བཅོམ་པ་ལྔ་བརྒྱ་ཁ་གང་ནས་བཀའ་བསྡུ་དང་པོ་མཛད་པ་རེད། ད་ང་ཚོས་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་སྤྲུལ་བའམ་སངས་རྒྱས་ཀྱི་རྒྱལ་ཚབ་རང་རེའི་གདུལ་བྱ་མིའི་སྣང་ངོར་མཐུན་པས་མཐུན་པ་འདུལ་ཆེད་དུ་གདུལ་བྱ་རང་ཉིད་དང་རྣམ་པ་འདྲ་མོ་འདྲ་འདྲ། །ཀུན་མཁྱེན་ཆེན་པོས་གསུངས་པ་ལྟར། ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་དུ་འཕགས། །གསུངས་པ་བཞིན་བྱོན་ཡང་། སྐབས་འགའ་རེ་ལ་རྒྱལ་བའི་འཕྲིན་ལས་གདུལ་བྱའི་ཡུལ་ལ་མི་འཇུག་ཀྱང་། མཉམ་པོར་འགྲོགས་པའི་བདུད་ཅེས་བརྗོད་རུང་མ་བརྗོད་རུང་ལོག་ལྟས་མིག་སྒྲིབ་ནས་དམ་པ་དམ་པ་ཡིན་པར་ངོ་མ་ཤེས་པ་རེད། ད་བླ་མ་འདས་ཚར་དུས། ཤི་བའི་མྱི་དང་བོར་བའིི་རྟ་ཟེར་བ་ལྟར། ཧ་བོ་ཁ་རྗེའི་ལྕོགས་མ་ཐལ། བསོད་ནམས་ཀྱིས་ཆུམས་མ་ཐལ་འདྲ་ཅི་ཞིག་ཟེར་ནའང་འདྲ། མདོར་ན་དེའི་སྐབས་སུ་ཕྱིས་སྐྱོན་ཆེ་བ་རེད། དེ་བས་ད་ལྟ་ཞལ་བཞུགས་དུས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས་མ་ཟད། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་དགོས་པ་རེད་ལ། དེ་ཡང་ཁ་གསོལ་འདེབས་ཙམ་མ་ཡིན་པར་དོན་གསོལ་འདེབས་བླ་མའི་བཀའ་བཞིན་བསྒྲུབ་ནས་དམ་ཚིག་སྲུང་རྒྱུ་དེ་ཞབས་བརྟན་བརྟན་བཞུགས་ཐམས་ཅད་ཀྱི་མཆོག་རེད། བླ་མ་ཟེར་དུས་བླ་མ་དེང་སང་མང་པོ་ཡོད་པ་རེད། གཅིག་འདས་ན་གཅིག་ཡོད་ཀི། མིན་ནའང་བླ་མ་ཚུར་ལ་འཁྲུངས་ལོས་ཡོང་། དེ་ཡང་གཅིག་གིས་མི་ཚད་གཉིས་གསུམ་འཁྲུངས་ཡོང་ན་མི་ཤེས་ཟེར་ནས་ཁ་བརྒྱག་བཤད་ཆོག་རེད་དེ། ཕྱོགས་གཅིག་ནས་བདེན་ཡང་བདེན་པ་རེད། དེ་ཚུར་ལ་དུས་སྙིགས་མའི་གདུལ་བྱའི་བསོད་ནམས་ཀྱིས་མི་ཆུམས་ནི་ཡིན་ན། དེ་མིན་ངོ་མས་མཐུན་པས་མཐུན་པ་བོ་འདི་ཡིན་ས་ཡོད་ཀི་བསམ་རྒྱུ་ཀུན་དང་མཐུན་ཞིང་། ཀུན་ལས་ཁྱད་པར་འཕགས་གསུང་པ་ལས། ཀུན་དང་མཐུན་ཞིང་ཀུན་ལས་དམན་པར་གསུངས་མེད་ཀི་མ་གཏོགས། དེ་ཡོད་ན་ཡང་ད་ནོར་མེད་བསམ་རྒྱུའི་རང་རྟགས་རང་གིས་ངོམས་ནི་ཡང་དེང་སང་མང་བའི་དུས་ཚོད་ཡིན་ན། འདི་ཡང་ན་ངོས་འཛིན་བླ་མས་ནོར་བ་ཨེ་ཡིན། དེ་མིན་ན་སྦྱིན་བདག་ནོར་ལྡན་གྱིས་ཞུ་སྟབས་མཁས་པའི་དབང་དུ་ཤོར་ནི་འདྲ་ཨེ་ཡིན་ན། འདིའི་མི་དགེ་སྡིག་ལས་སྣ་ཚོགས་བྱ་ལུགས་ཀྱིས་ཁྱིམ་པ་དགེ་བསྙེན་བཟང་ཤོས་ཤིག་ལ་མི་དོ་ཀི་བསམ་རྒྱུ་མཐོང་ཆོས་ལ་ཡང་མེད་པ་མ་རེད། ཡོད་པ་རེད། དེས་ན་དེའི་བཟང་ངན་དེ་ཇི་འདྲ་བྱས་ནས་དཔོག་དགོས་བསམ་ན། བརྟག་པའི་ཐབས་ལམ་གཞན་རྒྱུད་ཤེས་རྒྱུ་མ་རེད་མོད། སངས་རྒྱས་ཁོང་རང་གིས་ཞལ་ཆེམས་བཞག་པ་དེས་བརྟག་དགོས་པ་རེད། ཅི་ལྟར་གསུང་བ་ཡིན་ཞེ་ན། མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ན་ཁོང་གི་བཀའ་མིན་གསུངས་བཞག་ཡོད། སངས་རྒྱས་ཀྱི་སྤྲུལ་བ་སངས་རྒྱས་ཀྱི་མཛད་པ་བཅུ་དང་ཁྱད་པར་གསུང་གི་འཕྲིན་ལས་བསྐྱངས་རྒྱུའི་དོན་ཡིན་ན། ཁོང་དགེ་བའི་བཤེས་སུ་སྤྲུལ་ནས་བྱོན་ཡོང་གསུངས་པ་མ་གཏོགས། མི་དགེ་བའི་བཤེས་སུ་སྤྲུལ་ཡོང་གསུངས་པ་མ་རེད། མདོ་འདུལ་གཉིས་དང་མཐུན་ཞིང་ཆོས་ཉིད་དང་མི་འགལ་བར་སྤྱོད་ཅིང་སྨྲ་བ་དེ་སངས་རྒྱས་ཀྱི་སྤྲུལ་བ་རེད། ད་རུང་སངས་རྒྱས་ཀྱིས་ནོར་སོ་ཡོད་ན་མི་ཤེས་དགོངས་ནས། ང་མིན་ང་འདྲ་ཁོང་གི་ཆས་ཆ་ལུགས་འཛིན་མཁན་ནམ། ཁོང་གི་རྗེས་འཇུག་ཡིན་པའི་བསྟན་འཛིན་གྱི་མིང་བཟུང་ནས་ཁོང་གི་བསྟན་པ་འདི་མཐར་འཇིག་པར་བྱེད་ཡོང་གསུངས་ཡོད་པ་རེད། དེ་བས་ན། སངས་རྒྱས་ཀྱི་སྤྲུལ་བ་ནི་སངས་རྒྱས་རང་གི་མཛད་པ་སྒྲུབ་མཁན་ཞིག་ཡིན་ངེས་རེད། ཡང་སྒོས་དུས་འདི་ལ་གསུང་གི་འཕྲིན་ལས་ཀྱིས་གདུལ་བྱའི་སེམས་རྒྱུད་ལ་ཕན་འདོགས་སླ་བས་ན་རང་རྒྱུད་དུལ་ཞིང་གཞན་རྒྱུད་སྦྱོང་བ་ལ་མཁས་པ་ཞིག་ཡིན་དགོས་པའི་ཆ་ནས། ཚུར་བསྡུས་ནས་བརྟག་དཔྱད་ཀྱི་ཐབས་བཤད་ན། ཐོས་རྟགས་ཞི་ཞིང་དུལ་བ་དང་སྒོམ་རྟགས་ཉོན་མོངས་མེད་པས་བཤེས་གཉེན་བརྟག་ཐབས་རབ་གཅིག་མཚོན་རེད། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་ས་ཡང་དེ་ལྟ་བུ་དག་ཡིན།།
ད་སྤྲུལ་སྐུ་འདི་ཚོ་ནོར་ཡོད་མེད་ཀྱི་སྐད་ཆ་དེང་སང་བཤད་རྒྱུ་མང་པོ་རེད། ནོར་ཡོད་མེད་དེ་སྐུ་སྔོན་མའི་ལས་ལུགས་དང་ཨེ་འདྲ་གི དེས་ཀྱང་མང་དག་ཅིག་ཤེས་ས་ཡོང་གི། ཡོད་རུང་སྐུ་སྔོན་མ་ཁོ་རང་སོ་སྐྱེས་ཞིག་ཡིན་ན། ལུས་སྒྱུ་མ་འཁྲུལ་བའི་ལུས་ཞིག་མ་གཏོགས་ཡོད་ཐབས་མེད་དུས་སེམས་རྣམ་ཤེས་སོ་སྐྱེས་ཤེས་རྒྱུན་ཞིག་མིན་པས་ཡོང་ཐབས་མེད་དུས། དེ་ཅན་པོ་སྤྲུལ་ཡོང་བའི་སྐུ་མ་རེད་འཁྲུལ་ཡོང་བའི་ལུས་ཅན་པོ་རེད། ངོ་མས་ཡིན་ན་དེའི་སྐྱེ་བ་ཟེར་བ་མ་གཏོགས་དེའི་སྤྲུལ་སྐུ་ཟེར་རྒྱུ་མ་རེད་མོད། ད་ང་རང་ཚོས་སྲོལ་བཏོད་ལུགས་ཤིག་གམ་ལམ་ལུགས་ཀྱིས་ཞེ་ས་སྦྱར་ནས་དེ་དག་ལ་སྐྱེས་སྤྲུལ་ཟེར་ཁ་བྱེད་ནི་རེད། སྤྲུལ་སྐུ་བརྟག་དུས་སྤྲུལ་སྐུའི་སྐུ་ཕྲེང་འདིའི་མི་ཚད་སྐུ་གོང་མ་ལ་ཡང་བརྟག་པར་བྱ་བ་ཞིག་རེད། ངན་སྐྱོན་ཚང་མ་སྐྱེ་བ་རྗེས་མ་ལ་འགེལ་རྒྱུ་མེད་ཀི། སྐྱེ་བ་སྔོན་མ་ལ་ཡང་བརྟག་དཔྱད་བྱེད་འོས་ཞིག་རེད། །གང་ལྟར་མྱི་ང་ལ་མཚོན་ཁུལ་བྱས་ན། མི་ཚེ་ཕྱེད་་ཀ་ལས་མང་ཆེ་བ་བསྟན་སྲིད་སླར་གསོ་ལ་བུད་སོང་བ་རེད། དེང་སང་ཆོས་སྐྱོང་བའི་ཉམས་ལེན་ལ་ཅུང་ཟད་རེ་འཇུག་གི་ཡོད་ཀྱང་མི་ཚེར་ཕྱོགས་བསྡོམས་བརྒྱབ་ཡོང་ན། སྔར་གྱི་བསྟན་སྲིད་བྱ་གཞག་དང་འབྲེལ་བའི་དོན་དང་འབྲེལ་ཡོང་རྒྱུ་ཞིག་ཡིན་ན། འདི་ནས་ཟུར་འདོན་གྱིས་བཤད་རྒྱུ་ཞིག་ལ། དུས་དང་རྣམ་པ་ཀུན་ཏུ་བླུན་པོ་དབང་བསྒྱུར་ཅན་གྱིས་དབང་ཤུགས་ལ་མི་ཤོར་པར། མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་རྒྱུ་ནི་རྣམ་པ་ཀུན་ཏུ་གལ་ཆེ། དེ་ངས་སྔར་ནས་བཤད་ཀི་བསྡད་པ་རེད། དེ་བཤད་དུས་གོ་མྱོང་མཁན་ཆ་གས་ཁྱེད་ཀྱིས་ཁ་འབོད་དེ་བསྒྲགས་ནས་མྱི་ལོ་བཅུ་ཕྲག་གཉིས་གསུམ་ཞིག་སོང་བར་མི་ཚད་དུས་རབས་གསར་རྙིང་ཞིག་ཀྱང་བརྗེ་ནས་བུད་སོང་རུང་། ཁྱེད་རང་གི་ལག་ལེན་གྱི་ཐོག་ནས་ཇི་འདྲ་ཞིག་ཡིན་ཐའོ་བསམ་ནི་ཡོད་ཆོག་རྒྱུ་རེད། རེད་ད། སྤྱིར་སོ་སོའི་སྐྱེ་བོའི་བསམ་སྤྱོད་ལ་ནོར་བ་མེད་ནི་གང་ན་སྲིད། རིག་པ་དང་ཞབས་སུ་ལྡན་པ་དེ་བདེ་བར་གཤེགས་པ་འདྲ་མིན་ན། སུས་ཀྱང་བཤད་ཚད་ཐིག་གིས་མི་གཟུར། བསམ་ཚད་ས་ལ་མི་ལྷུང་པ་ཞིག་དཀའ་རྒྱུ་རེད། སྒོས་ང་ལ་མཚོན་ན་ཡང་དེ་ལས་གང་ན་འདའ་མོད། སྤྱི་ཚོགས་མུན་ནག་གི་དུས་རབས་ཚེས་ནས་སྐྱ་ཆད་སྔོ་སྡུག་གི་དུས་ཁ་གང་དུ་འཁོར་ངོ་མི་ཟིན་པའི་སྐབས་ལ། སྤྱིའི་ཁ་ལོ་བསྐོར་ཕྱོགས་དེ་མ་ནོར་བར་ཆོས་སྲིད་ལུགས་གཉིས་གང་ཐད་ནས་ཁོར་ཡུག་ཁ་རྒྱ་ཆེ་ཆུང་གང་མཚམས་ཞིག་ལ། ཤེས་རབ་ཀྱི་མིག་ཅིག་ཕྱེས། ཐར་ལམ་གྱི་སྣང་བ་ཞིག་བསྟན་ནས་ཕྱི་ནང་གསང་བའི་ལམ་འཕྲང་འགག་སྒོ་མང་བོ་ཞིག་བརྒྱུད་ནས་ལམ་ཞིག་བཏོད་བཞག་པ་ཡིན་ན། དེའི་དུས་རབས་དང་མཐུན་པའི་ཤེས་ཡོན་ཅན་ལ་གོང་བཀུར་བྱས་པའི་ཐད་ནས། རྟ་ཞོན་བརྒྱ་ཐམ་པའི་ནང་ན་དྲེལ་ཞོན་རེ་རེ་གཉིས་རེ་ཡོད་ན། རྟ་བ་ཁྱུ་གཅིག་གི་མྱིང་ཐོབ་ནི་ཅན་པོ། ཐམས་ཅད་གྲབས་གཅིག་གིས་རྒྱུགས་ནི་འདྲ་ཞིག་མི་ཐོན་པ་བཟོ་གྲྭ་གཅིག་གིས་ཐོན་རྫས་ལ་བཟང་ངན་ཡོད་སྲིད་པ་རེད། དེ་ཡིན་ནའང་། འགའ་རེ་གཞུང་ཡོན་ཏན་སྣེ་རེ་དེའི་དུས་སྐབས་དང་བསྟུན་ན་ཅང་ཟད་ཆོག་གི་བསྡད་ཀྱང་ལྷན་སྐྱེས་མྱི་གཤིས་ཀྱི་ཡོན་ཏན་གྱིས་མ་སླེབ་པ་ལོས་ཡོད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཚོགས་དུས་དམ་པའི་ཚུལ་དགུའི་ཡོན་ཏན་དེའི་ནང་ལ་འདུས་པ་ཡང་བཤད་ཐུབ་པ་དེ་འདྲ་ཞིག་རེད། འདི་བཤད་དོན་གང་ནས་འཕྲོས་པ་ཡིན་ན། དུས་དང་རྣམ་པ་ཀུན་ཏུ་མི་སོ་སོའི་ས་གང་ནས་ཡིན་ཡང་བླུན་པོ་དབང་འབྱོར་ཅན་གྱི་དབང་ཤུགས་ལ་མ་ཤོར། མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་བ་རྣམ་པ་ཀུན་ཏུ་གལ་ཆེ་དེ་ཟེར་བ་དེ་ཡིན། ཡོན་ཏན་ཅན་གྱིས་ལུང་བ་གང་། ཡོན་ཏན་ཅན་གྱིས་དབང་ཆ་འཛིན་རྒྱུ་དེ་ཡར་འགྲོ་ཤར་བའི་སྔ་ལྟས་ཡིན། དེ་ལྟ་ན་དེའི་ཡོན་ཏན་ཟེར་བ་གང་ལ་ངོས་འཛིན་དགོས་པ་རེད་ཅེ་ན། ད་ཁ་སང་ཁེ་ཉིན་ཞིག་ལ་མང་པོ་བཤད་མྱོང་བ་ལྟར་དུ་ལྷན་སྐྱེས་ཀྱི་མི་བཟང་། ཕན་སེམས་དང་ནི་སྤྱི་སེམས་ཡོད་པ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དེ་ངས་གོ་ལྡོག་ནས་བཤད་བཞིན་ཡོད་པ་རེད། དེ་ཡོད་དུས་ལྷན་སྐྱེས་ཀྱི་མི་བཟང་པོ་ཕན་སེམས་དང་སྤྱི་སེམས་ཡོད་པ། སྒེར་སེམས་དང་ནི་རང་དོན་ཆུང་བ་དེ་འདྲའི་བཟང་པོའི་ཡོན་ཏན་ཅན་གཙོ་བོར་འཛིན་རྒྱུ་ཡིན། དེའི་སྟེང་ལ་ཅི་ཞིག་དགོས་ན། བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་དུས་བསྟན་རྩ་དམ་ཆོས་འདུལ་བ་ཡིན་པས། བསྟན་པ་གཙོ་བོར་འཛིན་པ་ཞིག་གིས་ཚུལ་ཁྲིམས་གཙང་མ་ཅན་གྱི་དགེ་སྦྱོང་རྣམ་དག་ཅིག་ངེས་པར་ཡིན་དགོས་པ་རེད། དེ་ཡིན་བཞག་དུས་རིགས་མི་གཙོ་རུས་མི་གཙོ། དཔེ་བཞག་ན་འདྲེག་མཁན་ཉེ་བ་འཁོར་གྱི་རྐང་བ་ལ། ཤཱཀྱའི་རྒྱལ་པོ་བཟང་ལྡན་ནས་མགོས་གཏུག་པ་རེད་ཟེར་རྒྱུ་ཅན་པོ་དེ་དཀོན་པའི་རྒྱུ་ཆ་རིན་ཐང་ཅན་ཡིན་པའི་ཕྱིར་ན། མགོ་སྤྱི་བོའི་གཙུག་ལ་མི་བཀུར་ཁ་མེད་རེད་ལ་བཀུར་ཡང་དགོས་པ་རེད། དེ་འདྲ་བ་བཀུར་རྒྱུ་ཡོད་དུས་ཆོག་པ་རེད། འཇིག་རྟེན་མྱི་ལུགས་མ་ཤེས། མཁས་པའི་ཡོན་ཏན་མེད་ན་ཡང་སྐྱོར་བསྡད་ན་ཁོ་རང་སྐྱོར་ས་དེ་ནས་འདུག་འདུག་པ་རེད། བྱེ་མ་སྤར་ནང་བཟུང་ན་བཙིར་བའམ་ཟག་ནས་ཤོར་བ་འདྲ་འདྲའི་ཟག་མི་འགྲོ་བ་བརྟན་པོ་ཞིག་ཡིན་ན་ཅིག་འགྲིག་གི་ཡོད་པ་རེད། དེ་ཡིས་བཟང་པོའི་ཡོན་ཏན་དང་ནི་བཙུན་པའི་ཡོན་ཏན་གཉིས་སོང་། འདི་ནས་གོང་ལ་བཀུར་རྒྱུའི་ཡོན་ཏན་གྱི་ངོས་འཛིན་ཚུལ་བཤད་ཀི་ཡོད་དུས། གསུམ་པར་མཁས་པའི་ཡོན་ཏན་བཞག་པ་ཡིན་ན། དེ་ཡང་དོན་ལ་མཁས་པ་དང་ཚིག་ལ་མཁས་པ་སོགས་ཀྱི་མཁས་ཚུལ་མི་འདྲ་བའི་རྣམ་གྲངས། བཟང་ངན་མཆོག་ཕལ་གྱི་དབྱེ་འབྱེད་ཡོད་པ་རེད། ཡོད་རུང་མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་དགོས་རྒྱུའི་མཁས་པ་དང་ཡོན་ཏན་ཅན་ཟེར་རྒྱུའི་ཐ་སྙད་གཉིས་འཕྲོ་འཕྲོར་བསྟུད་མར་སྦྱོར་བ་ལ་བཤད་ན། རྣམ་དབྱེ་མང་རུང་ཚིག་དོན་གང་ལ་མཁས་པའི་མཁས་པ་ཡིན་ནའང་། གཞན་ཕན་ལྷག་སེམས་དང་ལྡན་པ་ཞིག་ཡིན་དུས་གོང་དུ་བཀུར་ཡུལ་རེད། དེ་ལས་ལྡོག་སོང་ན་ཅུང་ཟད་ཐོས་ནི་བོ་ཁ་ཕྱིར་བལྟས་ལ་ཤོར། བཤད་དགོས་རྒྱུའི་སྡེ་སྣོད་གསུམ་གྱི་དྲི་མ་ཞིག་མ་འགོས་པ། དེ་ཅན་པོ་རྗེས་མ་ཞིག་ལ། དུས་རབས་བརྒལ་ཚར་ནས་སྲིད་དོན་གྱི་རྙིང་རོ་སྙིགས་རོ་འཛམ་གླིང་མྱི་ཡི་མི་འདོད་རྒྱུའི་གད་སྙིགས་རྙིང་བའི་སྒམ་ནང་ལ། ཕྱག་དར་ཁྲོད་དུ་གནའ་ནས་འཕངས་ཚར་བའི་རིག་གནས་གསར་བརྗེ་བསྐྱར་འཛུགས་ཤིག་བྱེད་དམ་བསམ་རྒྱུ་མཚམས་མཚམས་ལ་ཡོད་སྲིད་མོད། དེ་དུས་ཀྱི་བསྟན་བཤིག་ཚུར་ལ་འཁྲུངས་ཡོང་པ་རེད་ཅེས་འགའ་རེས་བཤད་ཀྱིན་ཡོད། དེ་ཡང་མངོན་སུམ་མྱོང་གྲུབ་ཀྱི་ཚད་མའི་སྒྲུབ་བྱེད་མེད་པར་རང་ང་གཡམ་རྒྱུགས་ཀྱི་ཀུ་ཅོ་མི་འདོན། ཁྱད་པར་དུ་ཡོན་ཏན་ཅན་དང་ཐབས་མཁས་ཅན་གྱི་དགོས་པའི་དབང་གིས་ཕྱོགས་འགའ་ཞིག་ལ་དམིགས་པའི་དགོས་གནད་ཀྱི་དགོངས་པ་འགྲོལ་རྒྱུ་ཡང་ཡོད་རྒྱུ་རེད་བསམ་པ་རེད། རེད་ད། ཡང་རང་ཉིད་གྲགས་འདོད་ཀྱི་འུར་རྒྱག་པ་ཡང་མེད་མི་སྲིད་པ་ཞིག་མིན་པ་དང། ཕྱོགས་གར་འགྲོ་རང་གིས་ངོ་མི་ཟིན་པར་གཡམ་རྒྱུགས་འུར་སྒྲོག་པ་ཐལ་ཚུབ་བྱེད་མཁན་ཡང་ཡོད་ཆོག་རེད། མདོར་ན་རང་མ་ཞན་དུས་གཞན་གྱིས་རང་ལ་མི་གནོད་པས་གཞན་སྐྱོན་བརྗོད་པ་གདམས་ངག་འདྲ་གནང་བ་མིན་ན་ཡོན་ཏན་ལ་བརྩི་པ་མ་རེད། བདག་བསྟོད་གཞན་སྨོད་ལར་བྱང་སེམས་སྐབས་ཀྱི་བསླབ་བྱ་ཞིག་དང་འགལ་བ་ཡིན། མྱི་ལ་ལེ་བདའ་བྱེད་རྒྱུ་ཡོད་པ་མ་རེད། དེ་ནི་དུས་སྙིགས་མའི་རྒུད་པའི་རང་གཤིས་རེད།
གུ་རུ་རིན་པོ་ཆེས། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །གསུངས་པ་ལྟར། མྱིའི་བསོད་ནམས་དམན་དུས་སྣོད་བཅུད་ཀྱི་རྟེན་འབྲེལ་འཆུག་ནས་འབྱུང་བ་སྒང་གཤོང་ཡོང་བ་དེ་མ་གཏོགས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་ཅང་འགྱུར་འགྲོ་མ་རེད། མྱིའི་བསམ་སྤྱོད་འགྱུར་དུས། དུས་འགྱུར་ཟེར་བ་རེད། དེའི་བདེན་ཚིག་ལུང་བསྟན་གྱི་ཐོག་ལ་ཐོན་སོང་བ་རེད། དེ་འདྲའི་སྐབས་ལ་རང་ངོས་ནས་གསོལ་བ་འདེབས་བྱེད་དགོས། གསོལ་འདེབས་བྱས་ན་མ་མཐར་ཡང་རང་གི་གཤིས་རྒྱུད་བགེགས་ཀྱིས་མི་བརླམས་རྒྱུའི་ཕན་ཐོག་དེ་འབྱུང་བ་རེད། བསྟན་འཛིན་དམ་པར་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་འཕྲོས་དོན་ཞོར་འབྱུང་དུ་བཤད་པ་དང་བཅས་པ་སོང་།།
༧ ཐེ་ཚོམ་གྱི་གཉེན་པོར་བསྔོ་བ།
ད་ནི་ཡན་ལག་ཐམས་ཅད་ཀྱི་རྗེས་མ་བདུན་པ་བསྔོ་བ་ཡིན་རེད། བསྔོ་བ་ནི་ཐེ་ཚོམ་གྱི་གཉེན་པོར་གསུངས་རེད། བསྔོ་ཡུལ་གྱི་དཔང་པོར་རྒྱལ་བ་སྲས་བཅས་ཀྱིས་མཁྱེན་ཅིང་གཟིགས་ས་ནས། བསྔོ་ཡོང་རྒྱུའི་དགེ་རྩ་ཞིག་མེད་ན་ཅི་བསྔོ་ཡོང་། དེས་ན་བསྔོ་རྒྱུའི་དངོས་པོ་རང་ཉིད་ཀྱིས་དུས་འདིར་བསག་པའི་དགེ་རྩས་གཙོ་བྱས་ཏེ་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་རྒྱལ་བ་སྲས་བཅས་ཀྱི་ཟག་མེད་ཀྱི་དགེ་རྩ་དང་ནི། སེམས་ཅན་ཐམས་ཅད་ཀྱིས་བསགས་པའི་ཟག་བཅས་ཀྱི་དགེ་རྩ་ཞིག་ཡོད་པ་ཐམས་ཅད་བློས་ཡོངས་སུ་བཟླུམས་ཤིང་གཅིག་ཏུ་བསྡུས་ཏེ། གང་ལ་བསྔོ་ན། སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་ལ། ཇི་ལྟར་བྱས་ཏེ་བསྔོ་ན། དམིགས་མེད་འཛིན་པ་དང་བྲལ་བའི་བསྔོ་བ་མཚན་ཉིད་པ་གང་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་དང་བཅས་པ། སྣང་ལ་རང་བཞིན་མེད་པ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་དུ་བསྔོ་བ་དང་སྨོན་ལམ་གྱི་རྣམ་པར་ཤར་བ་དང་། དེ་ཙམ་མིན་རུང་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་ཀྱིས་དྲངས་པའི་བསྔོ་བ་རྗེས་མཐུན་པ། གོང་ནས་དམ་པ་གསུམ་གྱི་སྐབས་ནས་བཤད་པ་བཞིན་དུ་དགེ་བ་གང་སྒྲུབ་ཀྱི་རྗེས་ནས་བསྔོ་བ་ཚུལ་དང་མཐུན་པ་ཞིག་བྱེད་དགོས། མ་གཞི་དགེ་རྩ་ཐབས་ཀྱིས་ཟིན་པ་དང་གཅིག དགེ་རྩ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་དང་གཉིས། དགེ་རྩ་གོང་ནས་གོང་དུ་སྤེལ་བ་གསུམ་པོས་བྱེད་པ་ཅན་གྱི་སྦྱོར་དངོས་རྗེས་གསུམ་པོ་ནི་ཡན་ལག་བདུན་པ་ལ་ཡང་ཁྱབ་པ་རེད། སྦྱོར་དངོས་རྗེས་གསུམ་པོ་དེ་དག་རེ་རེ་ལ་ཡང་དེ་གསུམ་པོའི་གནད་ཚང་བ་རེད་ལ། །དོན་ངོ་མ། དོན་དམ་འདུས་མ་བྱས་ཀྱི་དགེ་རྩ་བསྟན་པ་དེ་བཞིན་ཉིད་ཀྱི་དབྱིངས་ལ་སྦྱོར་བར་བྱེད་པ། ས་གཞིའི་ཆུ་ཕྲན་ཐམས་ཅད་མཐའ་ཡས་རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ་པ་ལྟ་བུ་ཞིག་ཡིན། ད་ཁྱིམ་པ་ཕོ་མོས་ཤེས་དགོས་པ་ཞིག་ལ། དགེ་རྩ་རླབས་ཆེན་བསག་རྒྱུ་དེ་ནུས་པ་སྟོབས་ཤུགས་ཆེན་པོ་ཞིག་བསྐྲུན་བཞག་ཡིན་པས། དེའི་ནུས་པ་དང་སྟོབས་ཤུགས་དེའི་ཁོ་རང་གི་ངོ་བོ་ལུང་མ་བསྟན་ཞིག་ཡིན་པ་རེད། དེ་ནི་བཟང་ངན་གང་གི་ཕྱོགས་ལ་བེད་སྤྱད་བཏང་བཞག་ན། བཏང་ཆོག་རྒྱུའི་ནུས་པ་ཆེན་པོ་དེ་ཕྱོགས་གང་ལ་ཐིངས་འགྲོ་རྒྱུ་ནི་གཙོ་ཆེ་བ་བསྔོ་བ་དང་སྨོན་ལམ་ལ་རག་ལས་པ་རེད། བསྔོ་བ་དང་སྨོན་ལམ་གྱིས་འདུན་པའི་ཁ་བསྒྱུར་ལུགས་ཀྱི་བཟང་ངན་གྱིས་འབྲས་བུ་དེ་བཞིན་དུ་སྨིན་པ་རེད། བསྔོ་བ་ཡོད་ཚད་སྨོན་ལམ་དང་འབྲེལ་བ་རེད་དེ། སྨོན་ལམ་ཡོད་ཚད་བསྔོ་བ་དང་འབྲེལ་བ་དག་དག་ཡིན་མ་རེད། དགེ་རྩ་སྔོན་སོང་ཡོད་པ་བསྔོ་བ་དང་དགེ་རྩ་སྔོན་སོང་ཡོད་མེད་ལ་མ་ལྟོས་པར་འབྲས་བུ་ལ་སྨོན་པར་བྱེད་པ་སྨོན་ལམ་ཡིན་ནི་རེད། སྤྱིར་ན་དགེ་རྩ་སྔོན་སོང་ཡོད་པའི་ཐོག་ནས་སྨོན་ལམ་བཏབ་ན་མ་གཏོགས་རྒྱུ་མེད་ཀྱི་འབྲས་བུ་སྨོན་ལམ་བཟང་ངན་གང་བཏབ་རུང་འགྲུབ་དཀའ་རེད། དེ་ལྟར་བཤད་ན། བསམ་པ་བཟང་པོས་སྨོན་ལམ་འགྲུབ་ཟེར་བ་དང་རྟེན་ཁྱད་པར་ཅན་གྱི་མདུན་ནས་སྨོན་ལམ་བཏབ་ན་འགྲུབ་ཞེས་པ་དེ་དག་ནི། བསམ་པ་བཟང་པོ་དང་དད་པ་མོས་གུས་ཁོ་རང་གི་དགེ་རྩ་ཡིན་པས་རེད། དེ་བཞིན་དུ་སྨོན་ལམ་འགྲུབ་པའི་རྒྱུ་དེ་ནི་ཚུལ་ཁྲིམས་རྣམ་དག་དགོས་པར་གསུངས་ཡོད། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པ་དེ་དགེ་རྩ་མཆོག་ཏུ་གྱུར་བ་ཡིན་པའི་སྟབས་ཀྱིས་རེད། དེ་ཡང་ཅིའི་ཕྱིར་མཆོག་ཏུ་གྱུར་བ་ཡིན་ཅེ་ན། བསླབ་པ་གསུམ་གྱི་གཞི་མ་འདྲ་བོ་དེ་ཚུལ་ཁྲིམས་རེད། རང་ག་བར་བསམ་པ་ངན་པ་དེ་ཤི་བར་ཤོག་བསམ་པ་ཙམ་གྱིས་གན་ཤི་ནི་མ་དགོས། བསམ་པ་ངན་པ་གཞན་ལ་བརྩམས་ན་སྦྱོར་བ་རྩུབ་མོ་རང་ཉིད་ལ་ཨེ་འཁོར་ཤེས་རྒྱུ་མ་རེད། བསམ་པ་ངན་པས་མྱི་ལ་གནོད་ཅིག་ཨེ་ཐིངས་བསམ་ནས། དེ་ལ་རྔ་བརྡུང་གཏོར་མ་འཕེན་ཁུལ་བྱས་པ་ཙམ་པོས་ཕར་ཐུབ་མ་དགོས་ཚུར་རང་གཤེད་རང་ལ་འབབ་པ་དང་། གནོད་པ་ཚུར་རང་ལ་ལོག་རྒྱུའི་ངན་སེམས་ཀྱི་འབྲས་བུ་རང་ཉིད་ལ་སྨིན་པ་ནི་མཐོང་ཆོས་མངོན་འགྱུར་གྱིས་ཡོད་པ་དེ་ལྟར་རེད། མདོར་ན་བསྔོ་བ་ཡང་དག་དེ་དགེ་བ་རྨི་ལམ་ལྟ་བུ། བསག་པ་པོ་རྨི་ལམ་ལྟ་བུ། དེ་ལེན་པ་པོ་རྨི་ལམ་ལྟ་བུ། སྣང་ཚུལ་མ་འགག་ཀྱང་དོན་དུ་བདེན་པར་མི་འཛིན་པ་ཞིག་ལ་འཁོར་གསུམ་ཡང་དག་གི་བསྔོ་བ་གསུངས་ཡོད་པ་རེད།།
ཁ ཡེ་ཤེས་ཀྱི་ཚོགས་བསོག་པ་སྒོམ་ལ་བསླབ་པ།
༡ བྱིན་རླབས་བཙན་ཐབས་སུ་འཕོ་བ་བླ་མའི་རྣལ་འབྱོར།
དེའི་ཡན་ཆད་ཀྱིས་བསགས་སྦྱངས་གཉིས་ཀའི་གནད་བསྡུས་པ་ཡན་ལག་བདུན་པ་བཤད་ནས། ད་དེ་རིང་གི་བཤད་སྐལ་ངོ་མ་བོ་བླ་མའི་རྣལ་འབྱོར་ཡིན། དེ་རིང་སང་ཉིན་གཉིས་ཀར་ཡིན་གཅིག་མིན་གཉིས་ཀྱིས་ཉི་མ་གཉིས་པོའི་བཤད་སྐལ་ཚར་དགོས་པ་རེད། དེ་ནས་ཕྱིར་ལ་འཇོག་ས་ཡོད་པ་མ་རེད། རི་ཁྲོད་ཀྱི་ཆོས་པས་ངག་བཅད་བྱས་ནས་བཤད་སྐལ་ལས་སྐལ་ཚང་མ་ཚར་བ་ཡིན་བསམས་རུང་། ཡང་ཡུལ་སྡེ་བའི་མྱི་དང་ཐུག སྐྱིད་སྡུག་སྣོད་གཅིག་གི་ཆུ་ཐབ་ཀ་ལ་བརྟེན་པ་འདྲ་ཞིག་བྱས་པའི་མྱི་འབྲེལ་ཡོད་ཕྱོགས་ཀྱི་མྱི་སྣ་དང་བཅས་པ་ཡུལ་དགོན་གད་པ་སྟེང་ཤོད། བེའུ་ལུག་དཔུང་ཤ་མགོ་འབྲེལ་བྱས་ནས་བསྡད་ཡོད་དུས། མཚམས་རེར་འཇིག་རྟེན་མྱི་ཞིག་གི་བསམ་སྤྱོད་ཕལ་བ་དང་བསྟུན་པའི་འཕྲོས་དོན་རེ་ཡང་བུད་འགྲོ་རྒྱུ་ཞིག་རེད། དེ་འདྲ་ཡིན་དུས་ཉི་མ་བཞི་ཡི་ཆོས་ཁྲིད་ཀྱི་དུས་ཚོད་དེ་ཡང་རིང་བའི་སྣང་བ་མེད་རྒྱུ་ཞིག་རེད། གང་ལྟར་ང་རང་ཚོས་མར་ལ་བཤད་ཀི་འདུག བླ་མའི་རྣལ་འབྱོར་གྱི་ཉམས་ལེན་འདིའི་ཐོག་མ་ཉིད་དུ་བླ་མའི་རྣལ་འབྱོར་བསྒོམ་ནས་དེ་ཉིད་ཉམས་སུ་བླངས་པའི་དགོས་པ་དེ་ཤེས་དགོས་པ་རེད། བླ་མའི་རྣལ་འབྱོར་གནད་ཆེན་རེད་ཟེར་བ་ཙམ་མིན་པར་སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་གནད་ཇི་ལྟར་འདུས་ཚུལ་རང་གིས་ཤེས་དགོས། དེ་མ་ཤེས་ན་ངེས་ཤེས་ནང་ནས་མི་རྙེད། བླ་མ་མི་ཕམ་ཚང་གིས་ངེས་ཤེས་སྒྲོན་མེའི་ནང་ན། དཔྱད་པ་བཟང་པོས་མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་དྲོངས། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་ངན་པ་ག་ལ་ནུབ། །ཅེས་པ་ལ་སོགས་པ་གསུངས་ན། ད་རུང་དེས་མ་ཚད་པར་ངེས་ཤེས་སྒྲོན་མེའི་དབུའི་ཕྱོགས་ཤིག་ན། གཞི་ལམ་འབྲས་བུའི་ཆོས་རྣམས་ལ། །ངེས་པའི་ཡིད་ཆེས་འདྲོང་པ་དང་། །ཐོས་པས་དད་པར་བྱེད་པ་གཉིས། །ལམ་དང་དེ་ཡི་གཟུགས་བརྙན་བཞིན། །ཞེས་གསུངས་ཡོད་པ་ལྟར་དུ། ངེས་ཤེས་རང་གིས་མ་རྙེད་དུས་གཞན་གྱི་རྗེས་སུ་འབྲང་པའི་བླུན་པོའི་དད་པ་གཅིག་པུའི་རྟ་བརྒྱུག་རུང་རྒྱུག་སའི་ཕྱོགས་མ་རྙེད་པ་དང་འདྲ་འདྲ་རེད། ཡིག་སྐད་དུ་རྟ་བརྒྱུག་སའི་དཀྱུས་ས་མ་རྙེད་པ་ཞེས་ཟེར། གཏིང་གི་ཐེ་ཚོམ་མི་ཆོད། ཐེ་ཚོམ་གཏིང་ནས་མ་ཆོད་དུས་ངོ་མས་བཤད་ན་རྒྱུ་མཚན་ཤེས་པའི་དབང་རྣོན་གྱི་དད་པ་ཞིག་སྙིང་ནས་འཁྲུངས་ཐབས་ཡོད་མ་རེད། དད་དང་མོས་གུས་བཅོས་མིན་བླ་མའི་རྣལ་འབྱོར་གྱི་དགོས་ཆོས་ངོ་མ་དེ། མ་ཚོགས་དུས་བླ་མའི་ཐུགས་རྒྱུད་ཀྱི་དགོངས་པ་ཇི་ལྟར་འཕོ། དེའི་སྐབས་སུ་བླ་མའི་རྣལ་འབྱོར་ཁ་ཙམ་དང་གཟུགས་བརྙན་ཙམ་དུ་འགྱུར་འགྲོ་རེད། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་པར་བྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིན་གསུངས་པ་རེད། རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རང་རྒྱུད་ལ་འདྲེན་པ་ལས་གཞན་དུ་གྱུར་བ་ཞིག་རྫོགས་པའི་སངས་རྒྱས་མངོན་སུམ་དུ་མཇལ་རུང། ཞུ་ཡོང་རྒྱུ་ཞིག་ཀྱང་མེད་ལ། ཐོབ་ཡོང་རྒྱུ་ཡང་དེའི་ཡན་ཞིག་དགོས་པ་མ་རེད། རྫོགས་པའི་སངས་རྒྱས་ཞལ་དངོས་སུ་མཇལ་རུང་ཁྱེད་ཀྱི་དགོངས་བརྒྱུད་ཀྱི་རྟོགས་པ་ང་ལ་འཕོས་ནས། ཁྱེད་ཨ་ན་མ་ན་ཞིག་གྱིས་ལ་ཐོངས་ཞུ་བ་ལས་གཞན་ཅི་ཞིག་ཞུ་ཡོང་། དེ་ལས་ཞུ་རྒྱུ་མེད་ལ་ཐོབ་ཡོང་རྒྱུ་ཡང་དེ་ལས་གཞན་ཞིག་མི་དགོས་ཀི། ད་བླ་མ་བསྟེན་པ་འདིའི་ཐད་ནས་ཐུན་མོང་ཐེག་ཆེན་སྤྱིའི་ལྟར་དུ་བྱས་ན། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་དང་ནི་ཐུན་མིན་སྔ་འགྱུར་རང་ལུགས་ཀྱིས་ཐེག་རིམ་དགུ་ཡི་རྣམ་གཞག་བཤད་པ་རེད། དེའི་རྣམ་བཞག་ལྟར་དུ་བཤད་སོང་ན་ཡང་། ཐམས་ཅད་ཀྱིས་བླ་མ་མཉེས་པ་དེ་བརྒྱུད་ནས་རང་འབྲས་ཐུན་མོང་མ་ཡིན་པ་ཐོབ་པ་ཙམ་ཞིག་ལ་གཅིག་ཅིང་། དེ་ཐམས་ཅད་ཀྱིས་རྫོགས་པ་ཆེན་པོའི་ལུགས་བཞིན་དུ་ལམ་རྐྱེན་གཞན་གཅིག་ལ་ལྟོས་མི་དགོས་པར། བླ་མར་མོས་གུས་གཅིག་པུས་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོ་བར་གསུང་ས་ཞིག་ཡོད་ནི་མ་རེད། ཆ་བཞག་ན་ཐེག་དམན་ཉན་རང་གི་ལམ་ནས་མཁན་སློབ་མཚན་ཉིད་དང་ལྡན་པ་ཞིག་བཙལ་ནས། ངེས་པར་འབྱུང་བའི་ཀུན་ནས་བསླང་སྟེ་དད་པས་སྒོ་ཕྱེས་ནས་སོ་ཐར་གྱི་སྡོམ་པ་བླངས་བའི་སྟེང་ལ་རང་ལམ་གྱི་ལམ་ལྷག་པའི་བསླབ་པ་གསུམ་པོ་ཉམས་སུ་བླངས་ཏེ། བདེན་བཞི་བསྒོམ་པ་བརྒྱུད་ནས་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་འཁོར་ཚུལ་ཁྲིམས་དང་ཏིང་འཛིན་གྱི་ཉམས་ལེན་ལ་བསྟུན་ཏེ་འབྲས་བུ་ཉན་རང་གི་དགྲ་བཅོམ་ཐོབ་ཀྱིན་ཡོད་པ་རེད། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་པར་འདོད་པ་རེད་དེ། དད་པས་སྒོ་ཕྱེས་ནས་ཤེས་རབ་ཀྱིས་རང་འབྲས་ཐོབ་ཀྱི་ཡོད་པ་རེད། བྱང་སེམས་ཀྱི་སྐབས་ལ་ཡང་དེ་བཞིན་དུ་ཡོངས་འཛིན་བསྟེན་དགོས་པ་རེད། ཕྱིའི་ཡོངས་འཛིན་བླ་མ་དགེ་བའི་བཤེས་གཉེན། ནང་གི་ཡོངས་འཛིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྟེན་ནས་དེ་དག་ལ་བློ་མ་འབྱོང་ན་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མི་མཐོང་བ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པར་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །གསུངས་ཡོད་པ་རེད། དེ་ལྟ་བུའི་མཚན་ཉིད་ཀུན་ཚང་གི་བཤེས་གཉེན་དད་པས་བསྟེན་ཏེ་དེའི་མདུན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་རེད། གལ་ཏེ་བླ་མ་བྱང་སེམས་དེ་ལ་དད་ལོག་བྱས་ན་སྔར་བསག་གི་དགེ་རྩ་ཐམས་ཅད་འཇོམས་འགྲོ་གསུངས་ཡོད་མོད། ཕར་ཕྱིན་དྲུག་གི་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་ཞིག་མཐར་ཕྱིན་པ་མ་གཏོགས། བླ་མར་སངས་རྒྱས་དངོས་མཐོང་གི་དད་པ་ཞོག་ལ་མོས་གུས་གྱིས་གསོལ་བ་རྐྱང་རྐྱང་ཐོབ་ལ་སྡོད་དང་། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འདྲེན་ཡོང་རྒྱུ་ཞིག་ཡོངས་སུ་གྲགས་པར་མ་གསུང་བ་རེད། སྔགས་ལ་བསམ་བློ་ཞིག་བཏང་ནའང་། སྔགས་ཕྱི་རྒྱུད་ཀྲི་ཡོཀ་སྡེ་གསུམ་གྱིས་སོར་བྱང་གི་སྡོམ་པ་ཐོབ་པ་སྔོན་དུ་འགྲོ་བའི་རིག་པ་འཛིན་པ་ཞིག་ལ་མཚོན་ན་ཡང་། རང་ལམ་གྱི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་གི་མདུན་ནས་རང་ལམ་གྱིས་སྨིན་པར་བྱེད་པའི་དབང་ཚུལ་བཞིན་དུ་ཐོབ་ནས། དམ་ཚིག་མ་ཉམས་པའི་ཐོག་དེ་ནས་མཚན་བཅས་དང་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་ན། ཐུན་མོང་གི་དངོས་གྲུབ་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ཐོབ་རྒྱུ་ཡོད་པ་རེད་གསུངས་མོད། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་དེ་ཚོ་མ་བསྒོམ་པར། བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་རྐྱང་བ་བྱས་ནས་དེ་ལ་གསོལ་བ་ཐོབ་དང་། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འཕོས་ནས་མཆོག་གི་དངོས་གྲུབ་ཐོབ་ཡོང་མ་གསུངས་པ་ཡིན། དེ་ནས་ནང་རྒྱུད་སྡེ་གསུམ་ལ་བསམ་བློ་བཏང་ན་མ་ཧཱ་ཨ་ནུ་ཨ་ཏི་གསུམ་རེད། མ་ཧཱ་ཡོ་གས་དེ་ཉིད་བཅུ་འམ་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་བསྟེན་དགོས་གསུངས་པ་རེད། ལམ་གྱི་འཇུག་སྒོ་དབང་ཡིན་པར་གསུངས་པ་རེད། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་པོ་ཐོབ། དབང་སྲོག་དམ་ཚིག་གིས་རྒྱུད་བསྡམས་ནས་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་དང་། ཁྱད་པར་དུ་རྫོགས་རིམ་ལ་བསམ་བློ་བཏང་ན་རླུང་གི་རྣལ་འབྱོར་གྱི་སྟེང་ནས་དཔེ་དང་དོན་གྱི་འོད་གསལ་ཉམས་སུ་ལེན་དགོས་གསུང་བཞིན་ཡོད་པ་རེད། བླ་མ་རྡོ་རྗེ་སློབ་དཔོན་དང་འགལ་སོང་བ་ཡིན་ན། མགོ་ཆད་ན་གསོ་རྒྱུ་མེད་པ་ལྟ་བུ། ཚེ་འདིར་དངོས་གྲུབ་ཐོབ་པར་གེགས་བྱེད། ཕྱི་མ་རྡོ་རྗེའི་དམྱལ་བ་ནས་ཐར་དཀའ་གསུངས་ཀྱང་། དེ་ཡང་རྡོ་རྗེའི་སློབ་དཔོན་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཞོག མོས་གུས་ཀྱིས་གསོལ་བ་རྩེ་གཅིག་གིས་བཏབ་ན་དེ་རྐྱང་བས་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་དྲངས་ནས་མཆོག་གི་དངོས་གྲུབ་ཐོབ་པར་རྩལ་དུ་བཏོན་ནས་མ་གསུངས། དེ་བཞིན་དུ་ཨ་ནུ་ཡོ་ག་འདྲ་ཞིག་ལ་བསམ་བློ་ཞིག་བཏང་ནའང་རང་ལམ་གྱི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ནས། ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ་། གསང་དབང་རྫོགས་པའི་ཆུ་བོ། སྒྲུབ་དབང་གྲགས་པའི་ཆུ་བོ་ཚོ་བསྐུར་ཐོབ་བརྒྱུད་ནས་དབང་ཆོག་སུམ་ཅུ་རྩ་དྲུག་གི་བསྐུར་ཐབས་བརྒྱུད་བསྡད་ནས། དམ་ཚིག་རྣམ་པར་དག་པས་རྒྱུད་བསྡམས་པའི་ཐོག་དེར་བསྐྱེད་རྫོགས་གཉིས་ཀ་དང་། གཙོ་བོར་རྫོགས་རིམ་ཐིག་ལེའི་རྣལ་འབྱོར་ལ་བསྟེན་ནས་དཔེ་དོན་གྱི་འོད་གསལ་ལ་རིམ་གྱིས་སྦྱོར་བ་མ་གཏོགས་པར་ཡང་བླ་མའི་མོས་གུས་དག་དག་གིས་འགྲུབ་པར་མ་གསུངས་བ་ཡིན་ན། དངོས་གྲུབ་སྒྲུབ་པ་སློབ་དཔོན་ལ་ལྟོས་པ་སྔགས་བླ་མེད་གསར་རྙིང་གཉིས་ཀས་བཞེད་པ་ཡིན་མོད། བླ་མ་ལྷའི་ངོ་བོར་བསྒྲུབས་ནས་འགྲུབ་ན་བྱིན་རླབས་ཆེ་ཞིང་འགྲུབ་ཐག་ཉེ་གསུངས་ཡོད། ཡི་དམ་དང་མཁའ་འགྲོའི་དངོས་གྲུབ་ཀྱང་དེ་ལ་བསྟེན་ནས་ཐོབ་པར་གསུངས་ཡོད་པ་རེད། ཨ་ཏི་རྫོགས་པ་ཆེན་པོའི་སྐབས་དང་ཁྱད་པར་དུ་མན་ངག་སྡེའི་ལུགས་ལ། སྤྲོས་བཅས་སྤྲོས་མེད་ལ་སོགས་པའི་དབང་བཞི་ཐོབ། སྲུང་དུ་ཡོད་པ་རིམ་གྱིས་པའི་དམ་ཚིག་དང་སྲུང་དུ་མེད་པ་ཅིག་ཅར་བའི་དམ་ཚིག་སོགས་ཀྱིས་རྒྱུད་བསྡམས་ནས་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་འབད་བཞག་དུས། དང་པོ་རྟོགས་པ་མ་སྐྱེ་བ་སྐྱེས་པར་བྱེད་པ། བར་དུ་སྐྱེས་ན་མི་ཉམས་པར་བརྟན་པར་བྱེད་པ། མཐར་ཉམས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ལ་བླ་མར་སངས་རྒྱས་དངོས་མཐོང་གི་མོས་གུས་ཀྱིས་གསོལ་བ་བཏབ་ན། གཡོ་མེད་མོས་གུས་ཟླ་དྲུག་གིས་ཀྱང་རྡོ་རྗེ་འཆང་གི་ས་ཐོབ་པར་འགྱུར་བ་གསུངས་པ་རེད། དེ་བས་ལམ་འོག་མའི་དོན་རྟོགས་དགོས་ན་ཅི་འདྲའི་རྟོགས་པར་དཀའ་བ་ཡིན་རུང་། དེ་ཐམས་ཅད་རྫོགས་པ་ཆེན་པོ་ལ་ཐུག་དུས་ཇེ་སླ་རེད་སོང་བ་མ་རེད། ཇེ་ཟབ་དུ་གྱུར་སོང་བ་རེད། དེ་ཡིན་དུས་ཉན་རང་གི་སྐབས་ལ་བླ་མ་ཟེར་བའི་ཐ་སྙད་འབྱུང་བ་རེད་དེ། དེ་ཉན་རང་འཕགས་པ་མིན་ནའང་སོ་སྐྱེས་ཡོན་ཏན་ཅན་ཞིག་ལ་དེ་ཡོན་ཏན་ཅན་དུ་མཐོང་བས་ཆོག་པ་རེད། བྱང་སེམས་ཀྱི་སྐབས་ལ་སློབ་དཔོན་ཟེར་རྒྱུ་དེ་ནི་སངས་རྒྱས་སྤྲུལ་བའི་སྐུའམ་ཡང་ན་འཕགས་པ་ས་ཆེན་གྱི་སེམས་དཔའ་ཞིག དེ་མིན་ན་ཚོགས་ལམ་ཆེན་པོ་ཡན་ཆད་ཀྱིས་བྱང་སེམས་ཡོན་ཏན་ཅན་དུ་མཐོང་ན་དེའི་ཆོག་གི་ཡོད་པ་རེད། འོན་ཀྱང་རྫོགས་པ་ཆེན་པོའི་སྐབས་ལ་བླ་མ་དེ་སོ་སྐྱེས་པཎྜི་ཏ་ཞིག་ཡིན་པ་མཐོང་བས་མི་ཆོག་གི་འཕགས་པ་དགྲ་བཅོམ་པ་དང་བྱང་སེམས་འཕགས་པ་མ་དགོས་སངས་རྒྱས་སྤྲུལ་བའི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་རུ་མཐོང་ན་ཡང་མི་ཆོག་གི དེས་ན་ཅི་ཞིག་ལ་མཐོང་དགོས་པ་རེད་ཅེ་ན། བླ་མ་སངས་རྒྱས་ཆོས་སྐུར་མཐོང་བའི་མོས་གུས། དེ་ཡང་ལྟེམ་རྐྱང་མེད་པ་གསུངས་འདུག་པས། ལྟེམ་རྐྱང་མེད་ཟེར་དུས་ཅི་ཟེར་བ་རེད་ཅེ་ན། དེ་ནི་རེས་ཡོད་རེས་མེད་ཀྱི་བཏང་ལྷོད་ཅན་མ་ཡིན་པར་གསུངས་པ་རེད། དད་གུས་གདུང་བས་སྙིང་ནས་གསོལ་བ་འདེབས་ཐུབ་མཁན་ཞིག་ཡིན་ན་ལམ་རྐྱེན་གཞན་ལ་མི་ལྟོས་པར་དེའི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འདྲེན་ནུས་པ་རེད། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་ལ་ཤེས་པ་རྣམ་པ་ལྔ་ཚང་དགོས་པ་རེད། བླ་མ་སངས་རྒྱས་ཡིན་པ་རེད་ཟེར་བ་དང་གྲགས་པ་ལ་བསམ་ནས་བལྟས་བསྡད་པ་ཙམ་གྱིས་ཆོག་པ་མ་རེད། ཤེས་པ་ལྔ་བོ་ནི། བླ་མ་སངས་རྒྱས་སུ་ཤེས་པ་དང་གཅིག ཅི་མཛད་སངས་རྒྱས་ཀྱི་མཛད་པར་ཤེས་པ་དང་གཉིས། དེའི་སྟེང་ལ་རང་ངོས་ནས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་ཤེས་པ་དང་གསུམ། དེའི་སྟེང་ལ་བླ་མ་ནི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཡིན་པར་ཤེས་པ་དང་བཞི། དེ་ལྟར་ཤེས་ན་ལམ་རྐྱེན་གཞན་ལ་རག་མ་ལས་པར་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རང་རྒྱུད་ལ་སྐྱེས་པར་ཤེས་པ་དང་ལྔ་བོ་ངེས་པར་དུ་ཚང་དགོས་པ་རེད། དེ་ཡང་དེའི་ནང་གི་དང་པོ་བླ་མ་སངས་རྒྱས་སུ་མཐོང་བའི་དད་མོས་བཅོས་མིན་ཞིག་ཡོད་ན། གཞན་བཞི་བོ་རང་ཤུགས་ཀྱིས་ཚང་ཡོང་རེད། བླ་མར་དགའ་རྒྱུ་བོ་དགའ། དད་རྒྱུ་ཞིག་དད། བཀའ་དྲིན་གྱི་ངོས་ནས་བཤད་ན་ཐར་བའི་ལམ་སྟོན་པ་རེད། སོར་བྱང་སྔགས་གསུམ་གྱི་སྡོམ་པ་བྱིན་ཐལ། སངས་རྒྱས་ཀྱི་མཛད་པ་བསྒྲུབས་པ་རེད། བཀའ་དྲིན་མི་ཆེ་ཟེར་བ་མིན་ཡང་སངས་རྒྱས་ངོ་མར་མཐོང་ཞེ་ན་སུ་ཡིན་རུང་དཀའ་མོ་རེད་ཡིན་ན། དེ་དཀའ་བས་བླ་མ་མི་རུ་བཟུང་བའི་ལོག་ལྟ་སྤང་ཆེད་དུ་རྣམ་པ་མཚོ་སྐྱེས་རྡོ་རྗེ་སོགས་ལ་ཞལ་བསྒྱུར་འདུག་དགོས་པ་རེད། བླ་མ་སངས་རྒྱས་ཡིན་པའི་ཡིན་ལུགས་དེ་ཅི་འདྲ་ཞིག་རེད་ཟེར་ན། བླ་མ་སངས་རྒྱས་ཡིན་མིན་དེ་དྲང་དོན་དང་ངེས་དོན་གཉིས་ཀའི་ཐད་ནས་དབྱེ་ཞིབ་བྱེད་རྒྱུ་ཡོད་པ་རེད། དྲང་དོན་ལྟར་དུ་བཤད་ན་བླ་མ་དེ་སངས་རྒྱས་སྤྲུལ་བའི་སྐུ་དངོས་རེད་ཟེར་ཆོག་པ་རེད། དེ་ལྔ་བརྒྱའི་ཐ་མ་ཤར་དུས་ང་ཉིད་དགེ་བའི་བཤེས་སུ་སྤྲུལ་ནས་ཁྱོད་ལ་སོགས་པའི་དོན་བྱེད་ཅེས། བཅོམ་ལྡན་འདས་ཁོང་རང་ཉིད་ཀྱིས་གསུང་ས་ཀུན་དགའ་བོ་ལ་གསུངས་པ་རེད་ལ། སངས་རྒྱས་ཀྱིས་གདུལ་བྱའི་དོན་ལ། གང་འདུལ་སྤྲུལ་བའི་གཟུགས་སྐུར་འདུས་བྱས་གློ་བུར་བ་སངས་རྒྱས་ཀྱི་ཐུགས་རྗེ་དང་གདུལ་བྱའི་བསོད་ནམས་ཀྱི་སྟོབས་ཀྱིས་སྣང་ཆོག་པ་དཔེར་ན། ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་ལྟར་ཡིན་པས། གསོལ་བ་སྙིང་ནས་བཏབ་ན་མོས་གུས་ཀྱི་སྟོབས་ཀྱིས་བྱིན་རླབས་འཇུག་པ་ཆོས་ཉིད་རེད། ཡིན་ཡང་། གཟུགས་སྐུ་མངོན་མཚན་ཅན་དུ་བཟུང་ན། དེ་ཡང་མ་དག་པའི་སྣང་ཞེན་རང་རྒྱུད་པ་རེད་འགྲོ་བས་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །ལ་སོགས་པ་གསུངས་པའི་ལུང་དོན་ལྟར། ཡེ་ཤེས་སྐྱེས་པའི་ཉེར་ལེན་ལ་མཚན་འཛིན་གྱི་བདེན་ཞེན་ཡོད་མི་ཉན། བླ་མ་མི་རུ་མི་འཛིན་པར་བླ་མ་སངས་རྒྱས་སུ་དེ་ལྟར་སྒྲུབ་རྒྱུ་དེ་ནི་མདོ་སྔགས་ཐུན་མོང་གི་ལུགས་རེད་ཟེར་རྒྱུ་ཅན་པོ་རེད། དེ་ནི་ངེས་དོན་ཐུན་མིན་ལྟར་དུ་བཤད་ན་ཡང་། བླ་མ་སངས་རྒྱས་དངོས་ཡིན་པར་ལུང་དང་རིགས་པ་གཉིས་ཀས་གྲུབ་པ་རེད། ལུང་གིས་ངེས་པ་མེད་ན་རིགས་དཔྱད་ཀྱིས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བ་ཡང་ཡོད་མོད་ཀྱང་། ལུང་གླ་པགས་གཉིས་ཀ་གར་འཐེན་རེད་ཟེར་ནས། འགའ་རེས་ལུང་གིས་དབེན་པའི་རིགས་པའི་རྩེད་འཇོ་ལ་མཚར་དུ་འཛིན་མཁན་ཡང་དེང་སང་ཡོད་པས། དེ་དག་དང་སྒོ་བསྟུན་ནས་རིགས་པས་སྒྲུབ་པ་ལྟར་དུ་བཤད་ཡོང་ན་ཡང་། བླ་མའི་ཐུགས་ཟབ་གསལ་གཉིས་མེད་གཞི་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་རྟོགས་ཡོད་ན་འདྲ། རྟོགས་མེད་ནའང་འདྲ། ངོ་བོ་ཡེ་དག་གི་སངས་རྒྱས་འགྱུར་མེད་འདུས་མ་བྱས་པའི་ཆོས་སྐུ་ཡིན་པར་ཁས་ལེན་དགོས་པ་རེད། དེའི་གཞི་འབྲས་དབྱེར་མེད་ཀྱི་སངས་རྒྱས་ཆོས་སྐུ་དེའི་རྩལ་ལམ་རྣམ་རོལ་དུ་ཤར་བ་ནི་གཟུགས་སྐུ་དངོས་ཡིན་དགོས་པ་དང་གཟུགས་སྐུའི་ངོ་བོ་ཆོས་སྐུ་རེད། ཆོས་སྐུའི་རྣམ་རོལ་གཟུགས་སྐུ་མིན་པའི་ཐབས་མེད་སོང་བ་རེད། དེའི་སྟེང་ལ་ནང་མཚོན་བྱ་དོན་གྱི་བླ་མ་བླ་མའི་ཐུགས་ཡེ་ཤེས་ཆེན་པོ་ཡིན་པ་གང་ཞིག་ལ། དེ་མཚོན་བྱེད་རྟགས་ཀྱི་བླ་མ་ཉིད་རྒྱལ་བའི་མཛད་པ་ཅི་བཞིན་དུ་སྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཤར་བ་ཡིན་པས་ན། དངོས་པོ་སྟོབས་སུ་ཞུགས་པའམ་ཆོས་ཉིད་ཀྱི་རིགས་པས་བླ་མ་སངས་རྒྱས་སུ་དེ་ལྟར་སྒྲུབ་པ་རེད། ལུང་གི་ཐད་ནས་བསམ་བློ་ཞིག་བཏང་ན། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་དང་། ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་དམ་པ་སངས་རྒྱས་དངོས། །སོགས་མང་བ་བསྐྱར་ཟློས་མང་བོ་ཞིག་མི་དགོས། དེའི་ཕྱིར་ན་རྒྱུད་རང་གི་ནང་ནས་ཀྱང་། གང་གིས་བསྐལ་བ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཞེས་གསུངས་པ་རེད། ལུང་དེས་བླ་མའི་རྣལ་འབྱོར་གྱི་དགོས་པ་བསྟན་པ་ཡིན་ན། བླ་མ་སངས་རྒྱས་དངོས་ཡིན་པ་དང་བླ་མའི་རྣལ་འབྱོར་གྱི་དགོས་པ་ཡང་དེ་ལྟར་ཤེས་སོང་ཡང་། དང་པོ་བླ་མ་ཇི་ལྟར་བརྟག་ལུགས། སོ་སོའི་སྐྱེ་བོའི་མཐོང་ཡུལ་བླ་མ་མཚན་ཉིད་ཀུན་ལྡན་དང་ལྟར་སྣང་བ་གཉིས་ཀའི་དབྱེ་མཚམས་འབྱེད་དཀའ་བ་ཡིན་པས། འདི་ནས་དང་པོ་བླ་མ་ཇི་ལྟར་བརྟག་ལུགས་དང་། བར་དུ་བླ་མ་ཇི་ལྟར་བསྟེན་ནས། མཐའ་མར་བླ་མའི་དགོངས་སྤྱོད་ལ་ཇི་ལྟར་བསླབ་ཚུལ་དེ་ཤེས་པ་གལ་ཆེ་སྙམ།།
༡༽ དང་པོ་བླ་མ་ཇི་ལྟར་བརྟག་ལུགས།
དེ་ཡང་རྒྱ་མཚོ་ཆེན་པོ་ལས་ཕ་རོལ་གྱི་འགྲམ་ངོགས་ལ་ཐོན་དགོས་ན། དེད་དཔོན་མཁས་པ་ཞིག་བསྟེན་ནས་དེའི་གྲུ་གཟིངས་ཀྱི་ཁ་ལོ་བསྒྱུར་ནས་ཕ་རོལ་ཏུ་ཐོན་དགོས་པ་ལྟར་དུ། འཁོར་བ་སྡུག་བསྔལ་གྱི་མཚོ་ཆེན་འདི་ལས་བརྒལ་ནས། ཐར་བ་དམ་པ་གཏན་བདེའི་སངས་རྒྱས་ཀྱི་གོ་འཕང་ལ་བདེ་བླགས་ཀྱིས་ཐོན་དགོས་ན། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་མ་བསྟེན་པར་ཐོན་ཐབས་ཡོད་མ་རེད། དེ་བཞིན་དུ་ནད་པས་སྨན་པ་མཁས་པ་དང་ནི་མགྲོན་པོས་སྐྱེལ་མ་དཔའ་བོ་བསྟེན་པ་འདྲ་རེད། འཁོར་བས་འཇིགས་ནས་བྲོས་མཁན་ཞིག་གིས་ཐར་བའི་ལམ་ཁྲིད་མ་བསྟེན་ཐབས་མེད་ཡིན། དེའི་ཕྱིར་ན་འཇིག་རྟེན་གྱི་བྱ་བ་ཆེ་བ་ཞིག་ཉེས་སོང་ན་ཚེ་འདིའི་དོན་དག་ཞིག་རྐྱང་པ་རེད། བླ་མ་བརྟག་མ་ཐུབ། བརྟག་པ་ལ་མ་མཁས་པར་བསྟེན་ཉེས་རེད་སོང་ན། ད་རེས་ཀྱི་རྟེན་བཟང་རྙེད་དཀའ་བ་འདི་བརླག་པར་མ་ཚད། སྐྱེ་བ་ཚེ་རབས་མང་པོའི་དོན་ཆེན་བརླག་འགྲོ་བ་རེད། བརྟག་ཅིང་དཔྱད་པ་མེད་པར་ཁྱི་དང་གློ་བ་འཕྲད་པ་ལྟར་བསྟེན་སྔ་བྱེད་མི་ཉན་ཚུལ། བླ་མར་མ་བརྟག་དུག་འཐུང་འདྲ། །སློབ་མར་མ་བརྟག་གཡང་མཆོང་འདྲ། །ཞེས་གསུངས་པ་ལྟར་རོ། །དེ་ཡིན་ན་སྤྱིར་གསང་སྔགས་སྟོན་པའི་བླ་མ་དེ་གསང་སྔགས་ཀྱི་ཟབ་དོན་ལ་མཁས་ཤིང་བསྙེན་སྒྲུབ་ཡན་ལག་བཞིའི་རྟགས་ཐོན་པ་ཞིག བྱེ་བྲག་ཏུ་རྫོགས་ཆེན་སྟོན་པའི་བླ་མ་དེ་ནི་ལྟ་སྒོམ་སྤྱོད་འབྲས་བཞི་བོའི་ཐད་ནས། རྟོགས་ཤིང་ལྟ་བ་ལ་མཁས་པ། །བསྒོམས་ཤིང་གོམས་པ་ལ་མཁས་པ། །གཉིས་མེད་སྤྱོད་པ་ལ་མཁས་པ། །མཐར་ཕྱིན་འབྲས་བུ་ལ་མཁས་པ། །དེ་འདྲ་ཞིག་དགོས་པ་རེད། ལྟ་བས་ཆོས་ཉིད་མངོན་སུམ་གྱི་དྲོད་ཚད་ཐོབ་ཡོད་པ་ཞིག བསྒོམ་པས་རྟག་ཏུ་དགོངས་སྤྱོད་ཆོས་ཉིད་ལས་མི་འདའ་མཁན་ཞིག སྤྱོད་པ་གཟུང་འཛིན་བྲལ་བས་བླང་དོར་ལས་རིང་དུ་འདས་སོང་ པ་ཞིག འབྲས་བུ་རེ་དོགས ་དང་འབད་རྩོལ་ཞིག་ནས་གྲོལ་ཚད་ཀྱི་རྟགས་དང་ལྡན་པ་ཞིག་ཡིན་དགོས་ཀྱང་། དེ་རིང་ཁ་སང་དུས་སྙིགས་མའི་སྐབས་རེད། དམ་པའི་ཡོན་ཏན་རྫོགས་པ་ཉུང་ཉུང་རེད། གལ་ཏེ་རེ་རེ་གཉིས་གཉིས་ཡོད་ཀྱང་རྒྱུད་སྦས་ཚུལ་གྱིས་བཞུགས་པ་ཤས་ཆེ་བ་ཡིན་པས། དམ་པའི་ཡོན་ཏན་དེ་དངོས་སུ་མཐོང་བ་ལ། ལས་དག་པའམ་ཡང་ན་རང་དང་སྤྱོད་ཡུལ་མཐུན་པ་ཞིག་ཡིན་དགོས་པ་རེད། རང་སེམས་རྣམ་པར་ཐར་བའི་སྒོ་གསུམ་མ་གྲོལ་སྣང་བ་དག་པ་རབ་འབྱམས་སུ་ཤར་བའི་ཉེར་ལེན་མེད་པ་ཞིག་གིས། སྐུ་གསུང་ཐུགས་ཀྱི་གསང་བ་ཤིན་ཏུ་སྦས་ཏེ་གབ་པའི་རིགས་དེ་དག་འཁྲུལ་སྣང་རང་རྒྱུད་པས་སྒྲིབ་ནས་བལྟར་མི་མངོན་པ་རེད། གོང་ནས་བཤད་པ་ལྟར་དགེ་སློང་ལེགས་སྐར་གྱིས་མདོ་སྡེ་བཅུ་གཉིས་བློ་ལ་འགྲོ་བར་མ་ཚད། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་ཡོད་ཀྱང་ཕན་མ་ཐོགས་པ་ལྟ་བུ་རེད། རྨོངས་པར་གྲགས་པའི་ཕྱི་བཞིན་འབྲང་ས་ནས་ལྟར་སྣང་འཁྲུལ་བས་བསླུ་བའི་བླ་མ་ངན་པ་དང་འཕྲད་ན། དལ་བ་བརྒྱད་དང་རང་འབྱོར་ལྔ་བོ་རང་ཉིད་ཀྱི་བདག་རྐྱེན་ལས་བྱུང་བ་ཡིན་པས་རང་ཉིད་ལ་ཡོད་པ་གཞིར་བཞག་རེད། གཞན་འབྱོར་གྱི་ཡན་ལག་ལྔ་བོའི་ཐད་ནས་མི་ཚང་པར་གྱུར་བས། ལན་གཅིག་ཐོབ་པའི་མི་ལུས་རིན་པོ་ཆེའི་རྟེན་རྙེད་པར་དཀའ་བ་དེ་ཡང་འཕྲོ་བརླག་ལ་སུས་བྱས་པ་རེད་ཅེ་ན། དམ་པ་མ་ཡིན་པའི་བཤེས་གཉེན་གྱིས་བྱས་པ་རེད། དེང་སང་རྒྱུད་ནས་གསུངས་པ་ལྟར་དུ། བླ་མའི་མཚན་ཉིད་ཐམས་ཅད་ཚང་པ་ཞིག་སྙིགས་མའི་སྐྱེ་བོའི་བསོད་ནམས་དམན་པས་རྙེད་ཐུབ་དཀའ་མོ་ཡིན་ཡང་། དུས་ཚོད་སྡུག་རྒྱུར་ཁག་བཞག་ནས་བླ་མ་ས་ཁུངས་མི་སྟོང་ཙམ་གྱི་སུ་ལོན་གང་བདེ་རེ་མྱིང་བཏགས་ས་ཞིག་ལོན་པས་ཀྱང་མི་ཕན། གསང་སྔགས་ཀྱི་བླ་མ་དེ་ནི་སྡོམ་པ་གསུམ་གྱི་གནས་ལ་ཉེས་འགལ་མ་སོང་བས་རྒྱུད་གཙང་། རང་བཞིན་མཛངས་ཤིང་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ་མ་རྨོངས་པ་། སྙིང་རྗེའི་ཐུགས་རྒྱུད་བརླན་ཞིང་མཛད་པ་བསྟན་དང་འགྲོ་བར་སྨན་པའི་གཞན་དོན་འབའ་ཞིག་ལ་བརྩོན་པ། རྟོགས་པས་བདག་རྒྱུད་གྲོལ་བས་ཐུགས་རྗེས་གཞན་རྒྱུད་གྲོལ་བའམ་སྨིན་པར་བྱ་ནུས་པ་ཞིག་ངེས་པར་ཡིན་དགོས། རང་གིས་ཆོས་བཞིན་དུ་བྱེད་ཅིང་གཞན་དག་ཀྱང་དགེ་ལ་སྦྱོར་བ་ཞིག་མིན་དུས། བླ་མ་མ་དགོས་དགེ་བའི་བཤེས་གཉེན་ཙམ་གྱི་མིང་ཡང་འཇུག་པ་མ་རེད། རྒྱལ་བའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་རེད། སངས་རྒྱས་སྐུ་དངོས་ཀྱིས་འདུལ་དགོས་པའི་སྐབས་གཙུག་ཏོར་དང་ལྡན་པའི་སངས་རྒྱས་མཆོག་གི་སྤྲུལ་བའི་སྐུར་སྣང་ནས་ཐེག་གསུམ་དམ་པའི་ཆོས་བསྟན་ནས་གདུལ་བྱའི་རྒྱུད་གྲོལ་བར་བྱས་པ་རེད། པཎྜི་ཏར་སྣང་དགོས་དུས་ཡང་དེ་བཞིན་དུ་པཎྜི་ཏར་སྣང་ནས་བཀའི་བསྡུ་བ་དང་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པ་རེད། སྙིགས་མའི་དུས་ལ་བཤེས་གཉེན་གྱི་རྣམ་པར་བསྟན་དགོས་དུས། དེའི་རྣམ་པར་བསྟན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ཡིན་པའི་ཕྱིར་ན། བླ་མ་དམ་པ་ནི་ངོ་བོའི་ཆ་ནས་སངས་རྒྱས་དང་མཉམ། རྣམ་པའི་ཆ་ནས། སངས་རྒྱས་དངོས་ཀྱི་འདུལ་སྐལ་མེད་པའི་འུ་ཅག་འཁོར་བའི་སེམས་ཅན་ལས་ཉོན་གྱི་གཞན་དབང་ཅན་ལ་ཕན་པ་ལྷུར་མཛད་པའི་གང་ཟག་དམ་པ་ཞིག་ལ་སྣང་བར་མཛད་པ་ཡིན་ན། བདག་ཉིད་ཀྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་རེད། ཡིན་ཡང་དགོས་པས་ནོར་བུ་དང་འཆིང་བུ་མ་ནོར་པ་བཞིན་དུ། སྤྱིར་བླ་མའི་ཡོན་ཏན་དང་མཚན་ཉིད་ཚང་པ། སྒོས་རང་ལ་ལས་འབྲེལ་ཡོད་པ་མཚན་ཙམ་ཐོས་པས་ཀྱང་མོས་གུས་ཀྱི་མཆི་མ་འཁྲུག་པ། དད་པའི་སྤུ་ལོང་གཡོ་བ་ཞིག་ངེས་པར་དུ་རྙེད་དགོས་པ་རེད། བླ་མ་བརྟག་ཐབས་ཐམས་ཅད་མདོར་བསྡུས་ན། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་བརླན། ཅི་མཛད་གཞན་དོན་ལས་མེད་པ་ཞིག་ཡིན་དུས་ཁྱད་པར་དུས་འདིར་སངས་རྒྱས་དངོས་བྱོན་དང་མཚུངས་ཟེར་ཆོག་པ་རེད། ཡོན་ཏན་དེ་དག་ལས་ལྡོག་པ་ཞིག་ཡིན་དུས་ཕྱི་ཚུལ་ཅི་འདྲ་བཟང་ཞིང་མིང་དང་གྲགས་པ་ཆེ། ཐོབ་དང་གོ་ས་ཅི་ཙམ་མཐོ་ཡང་། བདུད་ཀྱི་བཤེས་གཉེན་ལོག་པའི་ལམ་སྟོན་མཁན་ཞིག་མིན་རུང་། གཡོ་སྒྱུའི་རྫུན་བག་གིས་རང་དོན་ཕུགས་སུ་བཅུག་པ་ཅན། ངན་གཡོ་གཤིས་ལ་གོམས་སོང་བའི་ཁྲམ་པ་ཆོས་བརྫུས་མཁན་ཞིག་ཡིན་ཆོག་རྒྱུ་རེད། དེ་ལྟ་བུའི་ལོག་པའི་ལམ་སྟོན་ཁ་ཐུར་འཁོར་གྱི་རིགས་ལས་ཐག་རིང་དུ་ཡོད་ནའང་ད་རུང་རྒྱང་ཕར་བཀྱེད། ཐག་ཉེ་ལ་ཡོད་ན་རང་ཉིད་དེ་ལས་བྲོས་ནས་རང་ཐར་ཐབས་བྱས་ན་རང་ཉིད་ལ་ཚེ་འདི་ཕྱི་གཉིས་ཀའི་གནོད་པ་ཆུང་བ་རེད།།
༢༽ བར་དུ་བླ་མ་ཇི་ལྟར་བསྟེན་ལུགས།
བར་དུ་བླ་མ་བསྟེན་ཚུལ་ལ་བསམ་བློ་བཏང་ན། དཔེ་བཞག་ན་ནད་པས་སྨན་པར་བསྟེན་པ་བཞིན་དང་མགྲོན་པོས་སྐྱེལ་མར་བསྟེན་པ་བཞིན་དུ་སྙིང་སྟོབས་ཆེ་བས་སྲོག་ལ་བབས་ཀྱང་བླ་མའི་ཐུགས་འགལ་མི་སྒྲུབ་པ། བློ་སྣ་བརྟན་པས་རྐྱེན་གང་ལ་འཕྲད་རུང་འགྱུར་ལྡོག་མེད་པ། བླ་མའི་ཞབས་ཏོག་སྒྲུབ་དུས་རང་ཉིད་སྲུང་རྒྱུ་གཙོ་བོར་མི་བྱེད་པའི་སློབ་མ་དེ་ལ། གཞན་འདི་ཡོད་བསམ་རྒྱུའི་ཡོན་ཏན་ཞིག་མཐོང་རྒྱུ་མེད་ཀྱང་མོས་གུས་ཁོ་ནས་གྲོལ་བ་ཐོབ་གསུངས་པ་རེད། འདིའི་ཐད་ནས། གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །ཅི་གསུང་བཀའ་སྒྲུབ་བདག་ཉིད་མི་སྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཞེས་གསུངས་པ་ལྟར་ཡིན་པས་ན། བླ་མ་བསྟེན་དུས་བླ་མའི་ཞབས་ཏོག་སྒྲུབ་དགོས་པ་རེད། ཞབས་ཏོག་རྣམ་གསུམ་གྱི་ནང་ནས་རབ་སྒྲུབ་པའི་མཆོད་པ་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་དང་། ཐ་མ་ནི་ཟང་ཟིང་གི་འབུལ་བས་བླ་མ་མཉེས་པར་བྱེད་པ་དང་། བླ་མར་སྨོད་ཅིང་རྡུང་བར་བྱེད་པ་པོ་ལ་ལྡོག་རྒོལ་གྱི་ནུས་པ་མེད་ཀྱང་དེ་དག་ལ་རང་ཉིད་ཀྱི་མཛའ་བཤེས་སུ་མི་བྱ་བ་དང་། བླ་མའི་འཁོར་དང་རྡོ་རྗེ་སྤུན་གྲོགས་རྣམས་ལ་ཡང་གུས་ཤིང་བརྩེ་བ་དང་ལྡན་པ་དང་། སྐྱོ་ངལ་བཟོད་ལ་འགྲོགས་བདེ་བ་ཡིན་དགོས་པ། ཀུན་མཁྱེན་འཇིགས་མེད་གླིང་བའི་ཡོན་ཏན་མཛོད་ཀྱི་ནང་ན། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེ་སྤུན་ལ་བསྟེན། །ཞེས་གསུངས་པ་ལྟར་བསྟེན་དགོས།།
༣༽ མཐའ་མར་བླ་མའི་དགོངས་སྤྱོད་ལ་ཇི་ལྟར་བསླབ་ཚུལ།
ཐ་མར་དགོངས་སྤྱོད་ལ་བསླབ་པའི་བསླབ་ཚུལ་ནི། འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པ་འདྲ། ནཱ་རོ་པས་ཏེ་ལོ་པ་བསྟེན་པ་འདྲ། རྗེ་མི་ལས་ལྷོ་བྲག་མར་པར་བསྟེན་པ་འདྲ་ཞིག་དགོས་གསུངས་ཡོད་པ་རེད། དེ་ཡང་འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་དུས་རང་གི་ལུས་བཙོང་། ལུས་ཀྱི་ཤ་བཅད། ལུས་ཀྱི་ཁྲག་གིས་ཆོས་སྨྲ་བའི་ཁོར་ཡུག་གི་ས་ལ་ཆག་ཆག་བཏབ། ཆོས་ཞུ་ཕྱིར་ལོ་བདུན་ལ་འགྲེང་བ་དང་འཆག་པའི་སྤྱོད་ལམ་འབའ་ཞིག་གིས་ཆོས་གསུང་རྒྱུར་བསྒུག་ནས་ཆོས་ཕྱིར་དཀའ་བ་སྤྱད་རབས་དང་ནི། ནཱ་རོ་པས་ཏེ་ལོ་པར་བསྟེན་དུས། བླ་མའི་བཀའ་ཡི་ཟུར་ཙམ་ལ་བརྟགས་ནས་མཁར་རྩེགས་དགུ་ཅན་གྱི་མཐོན་པོ་ཞིག་གི་སྟེང་ནས་མར་ལ་ཐེ་ཚོམ་ཞིག་ཀྱང་མ་བྱས་པར་མཆོངས་བཏང་བ་རེད། བླ་མའི་བཀའ་བཞིན་སྒྲུབ་པའི་སློབ་མ་ཐུ་མོ་ཡོད་ན་འདི་ནས་མར་མཆོངས་ནི་ཨེ་ཡོད་གསུངས་དུས། དེ་ཁོང་ལ་ཟེར་བའི་བརྡ་རེད་བསམ་ནས་མཆོང་བཏང་བ་ལ། སར་ལྷུང་དུས་མ་ཤི་ཙམ་གྱི་བརྡབ་རྡུང་ཡོང་དུས། བླ་མ་ཚུར་བྱོན་ཡོང་ནས་ན་ཨེ་ཐལ་གསུང་དུས། ནཱ་རོ་པས་ན་བས་མི་ཚད་རོ་བཞིན་དུ་གྱུར་ཐལ་ཞེས་ཞུས་པ་རེད། ཡང་ཐེངས་ཤིག་ལ། སློབ་མས་བླ་མར་བསྟེན་དུས་འདི་འདྲ་ཡང་དགོས་གསུངས་ནས། སྙུག་མ་མང་པོ་ཞིག་སྙུག་གཤགས་བྱས་ནས་རྩེ་རྣོན་པོ་སྣུམ་བསྲེག་བྱས་པ། རྐང་ལག་གི་ཤ་དང་སེན་མོ་གཉིས་ཀྱི་བར་ནས་ལུས་ཀྱི་གསེང་ལ་དྲངས་ཏེ། ན་ཚ་གཟེར་ཟུག་གཏད་དུས། ཅི་འདྲའི་ན་ཚ་གཟེར་ཟུག་མྱངས་རུང་དད་ལོག་ཞིག་ཀྱང་མ་ཤོར་བར་བླ་མར་བསྟེན་པ་རེད། ཡང་ཉིན་ཞིག ཏེ་ལོ་པས་ནཱ་རོ་པ་ལ་དེ་རིང་ཁོ་བོ་ལྟོག་གིན་འདུག ཁྱོད་སོང་ལ་ཟ་མ་ཞིག་སློངས་ཤོག་གསུངས་པར། ནཱ་རོ་པ་ཟ་མ་ཞིག་སློང་གི་སོང་དུས། ཞིང་པ་ལས་གྲལ་བ་མང་པོས་ཇ་འཐུང་གི་ཡོད་ས་ཞིག་ནས་ཐུག་པ་ཐོད་ཕོར་གང་སློང་རྒྱུ་རྙེད། དེ་ཁྱེར་ཡོང་ནས་བླ་མ་ལ་དྲངས་དུས། བླ་མས་ཞིམ་ཞིམ་བྱས་བཞེས་རབས་ཀུན་བཟང་བླ་མའི་ཞལ་ལུང་ན་གསུངས་ཡོད། དེ་རིང་འདྲ་བའི་བླ་མའི་ཐུགས་མཉེས་པ་ཞིག་རིག་མ་མྱོང་། ད་རུང་ཅུང་ཨེ་ལོན་བལྟ་དགོས་དགོངས་ནས་ཕྱིར་སློང་མོར་སོང་བ་ལ། ལས་གྲ་བ་ཚང་མ་ལས་ཀ་ལས་སར་སོང་ཚར་ནས། ཐུག་པ་ལྷག་མོ་སྣོད་ཀྱི་ནང་ན་ཤུལ་ལ་བཞག་ཡོད་པ་རིག་དུས། ད་ནི་བརྐུ་དགོས་བསམ་ནས། ཐུག་པ་གང་བླུག་ཅིང་བརྐུས་ནས་ཕྱིར་ལ་ཁ་འཁོར་ནས་ཡོང་དུས། ཐམས་ཅད་ཀྱིས་བདའ་ཡོང་དུས་བྲོས་རུང་བྲོས་རྒྱུ་མ་ལོན་པར་ཟིན་ནས། རོ་འདྲ་ཞིག་བརྡུངས་ནས་འཕངས་པ་ལ། ཡང་བླ་མ་བྱོན་ནས། ཁྱོད་ན་ཨེ་ཐལ་གསུང་དུས། ན་བས་མི་ཚད་རོ་འདྲ་ཞིག་རེད་ཐལ་ཞུས། ཡང་སྐབས་ཅིག བླ་མས་ཁོ་བོར་རྒྱུ་རྫས་ཞིག་མཁོ་གི ཁྱོད་རྐུ་རུ་སོང་ན་རྒྱུ་རྫས་ཨེ་ལོན་ན་གསུང་པ་ལ། ཁོང་གིས་འོ་ཡ་ཞུས་ནས། ཕྱུག་པོ་ཚང་ཞིག་ལ་འཇབ་ནས་བརྐུ་བར་སོང་དུས། ཁྱིམ་ཕུག་ཅིག་ནས་ལོན་ལ་ཁད་པར་དེ་ཚང་གིས་ཤེས་ཏེ་མྱི་མང་ཞོགས་ཡོང་ནས་གཅར་རྡུང་ཚབ་ཆེན་བྱས་མཐར་ཕྱིར་དྲུད་ནས་འཕངས་པས། ཡང་ན་ཞོར་དུ་ནཱ་རོ་པ་ཕྱིར་བླ་མའི་མདུན་ལ་སོང་བ་ལྟ་བུ། དེ་འདྲ་རྐྱང་རྐྱང་གིས་དཀའ་ཆེན་དཀའ་ཆུང་གཉིས་ཀ་མང་པོ་སྤྱད་སྤྱད་པའི་རྗེས་ལ། ཉིན་ཞིག རྣམ་པ་གཉིས་ཀྱིས་ཇ་བསྐོལ་གྲབས་བྱས་ནས་ད་ཁྱོད་ཆུ་ལེན་དུ་སོང་དང་ཁོ་བོས་མེ་ཞིག་སྦར་ཡོང་གསུངས། ནཱ་རོ་པས་ཆུ་ཁྱེར་ནས་ཐབ་རྩ་ལ་ཐོན་པ་ན། ཏེ་ལོ་པ་ཡར་བཞེངས་ནས། ཕྱག་གཡོན་པས་ན་རོའི་ཐོང་རྩ་ནས་བཟུང་སྟེ་ཕྱག་གཡས་པས་མཆིལ་ལྷམ་གྱིས་ནཱ་རོའི་ཐོད་པའི་དཀྱིལ་གྱི་དཔྲལ་བར་བརྒྱབ་པ། ནཱ་རོ་པ་ནག་ཐོམ་མེར་བརྒྱལ་སོང་པ་རེད། དེ་བརྒྱལ་བ་ཡར་ལ་སོས་སྐབས། ནམ་ལངས་ཉི་མ་ཤར་འདྲ་ཞིག་རེད་ནས་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་སློབ་མའི་ཐུགས་རྒྱུད་ལ་འཕོས་ནས་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར་སོང་བ་རེད། ཕྱག་རྡོག་མ་གཅིག་མ་འཚལ། ཆོས་ཚིག་རྐང་གཅིག་མ་ཞུས་མ་གསུང་བར། དད་དང་མོས་གུས་རྐྱང་བའི་སྟོབས་ཀྱིས་ཅི་གསུང་བཀའ་བཞིན་བསྒྲུབས་ནས་སྡིག་སྒྲིབ་དག་པ་དང་དགོངས་པ་འཕོས་པ་དུས་གཅིག་རེད་སོང་བ་རེད། ཡང་དེ་བཞིན་དུ། རྗེ་མི་ལ་རས་པས་མར་པར་བསྟེན་ཚུལ་ཡང། མི་ལའི་སྲས་མཁར་དགུ་ཐོག་དེང་སང་མཇལ་རྒྱུ་ཡོད་པ་དེ་བཞེངས་པ་ལ་སོགས་པ་ཇི་ལྟ་བུའི་དཀའ་བ་ཞིག་སྤྱད་ནས་མཐར་ཐུག་གྲུབ་པ་ཐོབ་ཡོད། ང་ཚོའི་ཆོས་བརྒྱུད་འདི་ལ་བསམ་བློ་བཏང་ན་ཡང་། བླ་མ་གཞན་དགའ་ཚང་ངེད་ཚོའི་བླ་མའི་བླ་མ་རེད། གཞན་ཕན་ཆོས་ཀྱི་སྣང་བ་ཞུ་བ་རེད། ཁོང་གི་རྣམ་ཐར་ལ་བསམ་བློ་རེ་བཏང་ན། དགུང་ལོ་ཉི་ཤུའི་ནང་ཞིག་ལ་སྔ་བས་ངེས་པར་འབྱུང་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞབས་པད་བསྟེན་ཏེ། ཐོས་བསམ་སྒོམ་གསུམ་གྱིས་སྒྲུབ་ལ་དཀའ་སྤྱད་མཛད་ནས། ཉིན་མཚན་གཉིས་ལ་བརྩོན་འགྲུས་ཐང་ལྷོད་མེད་པ་མཛད་པ་རེད། མཚན་མོར་སྤོས་ཐུར་གྱི་མེ་འོད་ལ་བརྟེན་ནས་དཔེ་ཆ་གཟིགས། མཚམས་རེར་ཟླ་བའི་འོད་ལ་བསྟེན་ནས་དཔེ་ཆ་གཟིགས་ཏེ་ཟླ་བ་ནུབ་སོང་དུས། ཟླ་འོད་ཀྱི་རྗེས་དེད་ནས་དེ་འདྲའི་དཀའ་སྤྱད་ཀྱིས་དཔེ་གཟིགས་མཛད་རབས་དེ་འདྲ་གསུང་རྒྱུ་ཡོད་པ་རེད། གཞན་ཡང་ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ། ང་མིན་ཡང་དུས་ཕྱི་མའི་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་ཀྱི་བླ་མ་ཡིན་ཡང་། མྱི་ཐོག་བརྗེ་བའི་ཆོས་ར་འདིའི་ནང་ལ་ང་མིན་པའི་བརྒྱུད་འཛིན་གྱི་སློབ་མ་ཅང་ལྷག་མེད་པའི་ཚོད་ལ་བརྒྱབ་པ་རེད། དེ་བས་ངའི་བླ་མ་ཞེས་སྨོས་པ་ཡིན། འཇིགས་མེད་ཡོན་ཏན་མགོན་པོ་ཚང་གིས་གཞན་ཕན་ཆོས་ཀྱི་སྣང་བ་བླ་མར་བསྟེན་ནས་མྱི་ལོ་ཉི་ཤུ་ལྷག་ལ། བླ་མའི་ཉེ་གནས་ཀྱི་ཞབས་ཞུ་འབའ་ཞིག་བསྒྲུབས་ནས་རྒྱ་བོ་རི་ཁྲོད་དུ་བཞུགས་པ་རེད། དེ་བཞིན་དུ་ངའི་ཆོས་གྲོགས་རྒན་པ་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་ཚང་དགུན་ཁ་རྐང་རྗེན་མ་ཁ་བའི་ནང་ནས་འགྲོ་དགོས་པ་རེད། ཨ་ཅོ་ཡིན་པས་ལྷམ་གོན་རྒྱུ་ཡོད་མ་རེད། ཆོས་ཕྱིར་དཀའ་སྤྱད་མཛད་དགོས་པ་རེད། ནངས་མོ་ཚེ་རིང་ལྗོངས་ནས་ཡོང་སྟེ་མཁན་པོ་པདྨ་ཚེ་དབང་ཚང་གི་མདུན་ནས་ཆོས་ཁྲིད་ཞུས་ཚར་བ་དང་། དེ་ནས་སྒྲུབ་གྲྭ་དང་ནགས་ཆུང་མའི་ཁར་རྩིབ་བརྒྱུད་སོང་ནས། ཕར་རྒྱབ་དམ་ཅན་སྒང་གི་ངག་དབང་ནོར་བུ་ཚང་གི་ཆོས་ཁྲིད་ཞུས། དེ་ནས་དགོན་ནང་མར་བབས་ནས། རྫོགས་ཆེན་ཚང་གི་ཕོ་བྲང་གི་ཡང་སྟེང་ནས། ཡོངས་འཛིན་རྡོ་རྗེ་འཆང་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ནས་ཟབ་ཁྲིད་ཞུས་ཏེ། དགོང་མོ་ཚེ་རིང་ལྗོངས་ལ་ཡར་འཁོར། ཡུན་རིང་པདྨའི་ཐང་གི་ད་ལྟ་པདྨའི་ཡང་རྫོང་ཞུ་ས། གནའ་འདི་ལ་སྨན་མོ་ཕུག་ཟེར་བ་འདིའི་ནང་ལ་རབས་རེ་བཞུགས་པ་རེད། སྒོ་སྐར་ཁུང་གཅིག་ཀྱང་མེད་པའི་རང་བཞིན་བྲག་ཞབས་ཤིག་རེད། དེ་མིན་ང་ཚོའི་ཉེ་སྐོར་གྱི་ཁ་ཕྱོགས་འདི་ཚོ་ནས་བསམ་བློ་རེ་བཏང་ན། དུས་འདིར་བསྟན་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེ། གྱི་ལང་པདྨ་སིདྡྷི་མཇལ་བར་སོང་དུས། ལམ་ནས་ཁ་བ་ཆེན་པོ་ཞིག་གིས་བཀག་ནས་འོ་བརྒྱལ་མྱོང་རབས་ཁོང་ཉིད་ཀྱི་གསུང་གི་ནང་ནས་བྱོན་པ་ཡིན། དེ་བཞིན་དུ། རྫ་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཚང་ཞུ་བ་དེའི་ཞབས་པད་བསྟེན་ནས་ལོ་མང་པོ་ཞིག་ལ་ཆོས་ཕྱིར་དཀའ་སྤྱད་བསྟེན་མཛད་པ་རེད། ཁོང་རྣམ་པ་དཔེ་ཆ་པ་ཡིན་སྐབས། ངེད་ཚོ་ལྕང་མ་སྒར་གྱི་བྱིས་པ་ཡིག་འདོན་པ་ཡིན། དེ་བཞིན་དུ། ང་ཚོས་དུས་རྒྱུན་ཡ་ཆེན་ཆོས་སྒར་ཕྱག་འདེབས་པ་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནམ་བླ་མ་ཨ་ཁྱུག་རིན་པོ་ཆེ་ཚང་གིས་ཁྲོམ་དགེ་ཨ་རིག་ཚང་བསྟེན་ནས། ཅི་འདྲ་འདྲའི་ལོ་མང་ཞིག་ལ་སྐུའི་ཉེ་གནས་མཛད་རྒྱུ་ལ་སོགས་པ་མཉེས་པ་གསུམ་གྱིས་ཞབས་ཏོག་བསྒྲུབས། མཐར་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་དགོངས་པ་སངས་རྒྱས་དང་མཉམ། འགྲོ་དོན་ཕྲིན་ལས་ཀྱི་འཇུག་པ་ཕྱི་མའི་མཐར་ཡང་ཉམས་པ་མེད་པ་འདི་ལྟ་བུའི་སངས་རྒྱས་ཀྱི་མཛད་རྒྱུན་བསྐྱངས་པ་མཇལ་མྱོང་མཁན་ཡང་མང་བཞིན་པ་ལྟར་དུ་རེད། །དེས་ན་ཁྱེད་ཀྱིས་ཀྱང་ཆོས་བཤད་ཀྱིན་ཡོད་ན་ཁྱོད་ཅི་འདྲ་ཞིག་ཡིན་ཟེར་ན། ང་ཅི་ཞིག་གི་ཐད་ནས་མ་འདང་པ་ཡིན་ན་མདོར་ན་རྒྱུད་འདི་ན་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མི་གཞན་དང་མ་འདྲ་པ་སྣ་གཅིག་མེད། སོ་སོའི་སྐྱེ་བོའི་རང་བཞིན་ལས་མ་འདས་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད་མོད། འོན་ཀྱང་བླ་མ་ལ་དད་དང་མོས་གུས་ཀྱི་སྟེང་ནས་འགྱུར་བ་སྐད་ཅིག་ཙམ་ཡང་སོང་མ་མྱོང་། འཇིགས་མེད་ཡོན་ཏན་མགོན་པོ་དང་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་རྣམ་གཉིས་ཀྱིས་ཐུགས་ཀྱི་དགོངས་པ་གཏད་ནས། འདའ་ཁའི་ཞལ་ཆེམས་ཞིག་བཞག་པའི་དགོངས་དོན་བཟང་བ་ཞིག་འགྲུབ་ཨེ་སོང་སྙམ་པའི་བློ་ཙམ་ལས། ངས་བཅོ་བརྒྱད་ཞིག་བཀད་ཡོད་སྙམ་པའི་འུད་བཤད་རྩ་བ་ནས་མེད། དཀའ་སྤྱད་ཀྱི་ཐད་ནས་ངའི་ལོ་གྲངས་བདུན་ཅུ་དོན་གསུམ་གྱི་ཚེ་ལ་རྨ་ཆུས་གྱེན་ན་དེད་ཡོད་པ་རེད། འབྲི་ཆུས་ཐུར་ལ་ཁུར་ཡོད་པ་རེད། ལུས་འདིའི་ཐོག་ནས་འདི་མ་མྱོང་བསམ་པ་ཡོད་མ་རེད་དེ། ཁ་ལ་ཟས་ཟོས་པ་དང་རྒྱབ་ལ་གོས་ཞིག་གྱོན་པ་ཚུན་ཆད་བསྟན་དོན་ཡིན་ཟེར་མི་ཤེས་མ་གཏོགས། ཕྱོགས་ཞེན་ཆོས་བརྒྱད་ཀྱི་འཁྲུལ་བ་རེ་དང་འདྲེས་ཡོད་ན་ཅི་ཤེས་ཏེ། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་ལ་བསྐོས་པའི་ཆོས་བརྒྱུད་བསྟན་པའི་ལྷག་ཞབས་ལ་སྐྱེས་ས་དེའི་དོན་དུ། ལས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ལ་ཕྱིར་བཀྱེད་མེད་པའི་ཆོད་སེམས་དེ་ལོ་བདུན་ཅུ་བརྒྱད་ཅུ་ལ་ཐོན་དུས། ད་རུང་འགྱུར་མེད་པ་འདི་ཚོ་དགོངས་བརྒྱུད་ཀྱི་བྱིན་རླབས་འཕོས་པ་རེད་ཅེས་བཤད་མི་ཤེས་རུང་། ལྷག་བསམ་སྙིང་སྟོབས་ལ་ཞུམ་པ་མེད་པ་འདི་དམིགས་བསལ་གྱི་བྱིན་རླབས་རེ་འཇུག་པའི་མཐུ་ནུས་རེད་བསམ་ནས་སྒྲིབ་པ་དེའི་ཚོད་ཅིག་དག་གི་ཡོད་པའི་སྣང་བ་ང་ལ་ཡོད། ཡིན་ན་ཡང་། ངས་ཆོས་དུང་རེ་བུས་ནས་ཁྲིད་རེ་བཤད་པ་དང་། དུས་རབས་སྔ་ཕྱིའི་མྱི་ཐོག་གི་བར་ལ་བསྟན་རྒྱུན་མཐུད་པའི་ཟམ་པ་ཞིག་གི་འདུ་ཤེས་བཟུང་ནས་ཆོས་བཤད་གྱིན་ཡོད་པས། བླ་མའི་རྣལ་འབྱོར་བཤད་དུས་ང་སྒོམས། ངའི་ཁར་ཉོན་ཟེར་བ་ལྟ་བུ་ཞིག་ལ་གོ་ནོར་རེ་ཐེབས་ཨེ་འགྲོ་སྙམ་ནས་འདི་ལྟར་རྒྱས་ཙམ་བཤད་འདུག་པ་ཡིན། དང་པོ་བླ་མ་བརྟགས་ནས་མཚན་ཉིད་དང་ལྡན་པ་ཞིག་རྙེད་དུས། བར་དུ་བླ་མར་སྐྱོ་ངལ་མེད་པར་བསྟེན། ཐ་མར་དགོངས་སྤྱོད་བསླབ་དུས། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཚྭ་ཚྭ་བརྐོས་ཕོར་ནས་བླངས་པ་འདྲ་བ་ཞིག་མ་ཡིན་ནའང་སྣམ་བུ་ཚོས་ནང་ལ་འཕངས་པ་ལྟ་བུས་རྒྱུད་འགྱུར་ནས་སྔར་མེད་ཉམས་རྟོགས་ཀྱི་ཡོན་ཏན་ཞིག་སྐྱེས་དགོས་པ་རེད།།
དོན་ངོ་མས་བཤད་ན། མཚོན་བྱེད་རྟགས་ཀྱི་བླ་མ་མིའི་གཟུགས་འདི་མ་ཡིན་པར་ཐུགས་ཡིད་དབྱེར་མེད་འདྲེས་ས་དེ་མཚོན་བྱ་དོན་གྱི་བླ་མ་དུས་གསུམ་སངས་རྒྱས་ཀྱི་ཐུགས་དང་གཉིས་སུ་མེད་པ། རང་གི་སེམས་ཀྱི་ཆོས་ཉིད་དང་ཐ་དད་པ་མ་ཡིན་པ་དེའི་ངང་ལ་མཉམ་པར་འཇོག་དགོས་པ་རེད། དེ་རིང་ཡང་དུས་ཚོད་ཅི་ལྟར་བྱས་རུང་རབ་ཅིག་སོང་ཚར་ཐལ། བླ་མའི་རྣལ་འབྱོར་མ་སོང་རུང་སང་ཉིན་ཡིན། ཤོབ་རྐྱལ་ཚང་ལ་སང་ཉིན་མང་ཟེར་བ་ཡིན། སང་ཉིན་གང་ལྟར་ཡིན་རུང་མཚམས་མ་བཞག་རང་བཞག་གི་དུས་ཚོད་ཀྱི་སྟེང་ལ་ཐོན་པ་རེད། འདིའི་མཚམས་ནས་རྣམ་པ་གཉིས་ཀྱིས་མགུར་དབྱངས་ཤིག་འཐེན། དེ་ནས་སང་ཉིན་ཆོས་ཁྲིད་ཐམས་ཅད་ཀྱི་རྗེས་མ་ལ་ཐེངས་གཅིག་མཇལ་ཡོང་། །འདིའི་མཚམས་ནས་མགུར་དབྱངས་འཐེན་མཛོད།
དེ་ནས་རྫོགས་ཆེན་དགོན་པའི་གྲྭ་བ་ཐུབ་བསྟན་ནས། རྗེ་བཙུན་གྱིས་རས་ཆུང་པ་ལ་སྐྱོ་ཤས་དང་ངེས་འབྱུང་ཉམས་དང་རྟོགས་པ་ཅི་འདུག་གཟིགས་པའི་ཕྱིར། རྐྱེན་མེད་དུ་བསླུ་བསླུ་འདྲ་བཅུ་གཉིས་འདི་མགུར་དུ་གསུངས་སོ།།
ལར་འཇིག་རྟེན་ཆོས་ཀྱིས་བསླུ་བསླུ་འདྲ།།
ང་ནི་ཡང་དག་དོན་དུ་གཉེར།།
ཟང་ཟིང་གཡེང་བས་བསླུ་བསླུ་འདྲ།།
ང་ནི་གཉིས་མེད་ཉམས་སུ་ལེན།།
འཁོར་དང་གཡོག་གིས་བསླུ་བསླུ་འདྲ།།
ང་ནི་གཅིག་པུར་རི་ཁྲོད་འགྲིམ།།
ནོར་དང་རྫས་ཀྱིས་བསླུ་བསླུ་འདྲ།།
ང་ནི་ཡོད་ན་ཆོས་ཕྱིར་བཏང་།།
ཕྱི་སྣང་བའི་ཡུལ་གྱིས་བསླུ་བསླུ་འདྲ།།
ང་ནི་ནང་གི་སེམས་ལ་བལྟ།།
རྣམ་པར་རྟོག་པས་བསླུ་བསླུ་འདྲ།།
ང་ནི་ཡེ་ཤེས་རྗེས་སུ་འབྲང་།།
ཆོས་དྲང་བའི་དོན་གྱིས་བསླུ་བསླུ་འདྲ།།
ང་ནི་ངེས་དོན་གཏན་ལ་འབེབས།།
ཡིག་ནག་དཔེ་ཆས་བསླུ་བསླུ་འདྲ།།
ང་ནི་སྙན་རྒྱུད་ཀྱི་གདམས་ངག་བསྒོམ།།
ཐ་སྙད་བཤད་པས་བསླུ་བསླུ་འདྲ།།
ང་ནི་མ་བཅོས་ལྷུག་པར་འཇོག།
ལར་སྐྱེ་འཆི་གཉིས་ཀྱིས་བསླུ་བསླུ་འདྲ།།
ང་ནི་སྐྱེ་མེད་དོན་ལ་བལྟ།།
ཐ་མལ་ཤེས་པས་བསླུ་བསླུ་འདྲ།།
ང་ནི་རིག་པའི་རང་རྩལ་སྤྱོད།།
སེམས་འཛིན་སྤྲོས་པས་བསླུ་བསླུ་འདྲ།།
ང་ནི་གནས་ལུགས་ངང་དུ་འཇོག །ཅེས་གསུངས་སོ།།