རྗེ་བཙུན་མུ་ཏིག་གི་ཕྲེང་བའི་ཞལ་གདམས་ཀྱི་རིམ་པ།
རྗེ་བཙུན་མུ་ཏིག་གི་ཕྲེང་བའི་ཞལ་གདམས་ཀྱི་རིམ་པ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལུས་ངག་ཡིད་གསུམ་གུས་བཏུད་ནས། །ཡེ་ཤེས་ཌཱ་ཀི་ནི་གུ་མའི། །ཞལ་གྱི་གདམས་པ་བྲི་བར་བྱ། །དེ་ལ་རྗེ་བཙུན་མུ་ཏིག་གི་ཕྲེང་བ་བསྒོམ་པར་འདོད་པས། །དབེན་པའི་གནས་སུ་འབོལ་བའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་སྟེ། སེམས་བསྐྱེད་སྔོན་ཏུ་སོང་བའི་ངོས་ནས་རང་ཉིད་དཔལ་འཁོར་ལོ་བདེ་མཆོག་ཏུ་སྐད་ཅིག་གིས་བསྐྱེད་ལ། རྩ་གསུམ་གསལ་འདབ་བོ། །དེ་ནས་གཡས་རཱ་ས་ནའི་ནང་ན་ཨ་ལི་བཅུ་དྲུག་ལྟར་ལ་བརྒྱུས་པ་ལྟར་དཀར་བྲེང་ངེ་བསམ་མོ། །
གཡོན་ལ་ལའི་ནང་ན་མར། ཀཱ་ལི་སུམ་ཅུ་རྩ་གཉིས་བྱེ་རུ་བཅག་པའི་མདོག་ལྟར་དམར་བ། དེ་ཉིད་འོད་ཀྱི་རང་བཞིན་དུ་རྩ་ནང་ནས་མར་བདེ་ཕྲི་ལི་ལི་སོང་བ་དང་། ལྟེ་བའི་འོག་རྩ་གསུམ་འདོམ་པའི་སར་སླེབས་པ་དང་། གཡས་གཡོན་གྱི་རྩ་གཉིས་པོ་འདོམ་པའི་སར་ཨ་ཝ་དྷཱུ་ཏི་ཁ་གདེངས་ཡོད་པའི་ནང་ན་མར་ཁྱོགས་ཆུད་པས། ཡིག་འབྲུ་རྣམས་རྩ་གཉིས་ལས་དོན་ཏེ་ཨ་ཝ་དྷཱུ་ཏིའི་ནང་ན་ཡར་ལ་དཀར་དམར་དུ་ཕྲི་ལི་ལི་སོང་བ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་རིན་པོ་ཆེའི་གཞལ་ཡས་ཁང་ཞེས་པ་རྩ་མདུད་གྲུ་གསུམ་དུ་ཡོད་པ་དེ། ཆོས་
འབྱུང་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་གཅིག་ཏུ་བསམ། དེར་ཡིག་འབྲུ་རྣམས་བསྐྱིལ་བ་བཞིན་དུ། ཆོས་འབྱུང་གི་ནང་དུ་དཀར་དམར་དུ་ཁྱི་ལི་ལི་འཁྱིལ་བས། ཡིག་འབྲུ་རྣམས་འོད་ཀྱི་རང་བཞིན་དུ་ཞུ་བ་དང་། འོད་ཟེར་ལས་རྗེ་བཙུན་མར་རིམ་གྱིས་བསྐྱེད་དེ། དེ་ཡང་ཞབས་ཀྱི་བོལ་མན་ཆད། པུས་མོ་དང་བརླ་གཉིས། རྐེད་པ། ཐུགས་ཁ། ཕྱག་གཉིས། མགྲིན་པ། དབུ་མ་ན་གསལ་སིང་པ་བསྐྱེད། དེ་ཡང་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་པོ་ཞལ་ཁྲོ་འཛུམ། མཆེ་བ་ཅུང་ཟད་གཙིགས་པ། སྤྱན་གསུམ་ཧྲིག་ཧྲིག་གཟིགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེ་གྲི་གུག་གི་སོ་ནང་དུ་བསྟན་ནས་དཔུང་པའི་ཐད་ དུ་འཛིན་པ། གཡོན ་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། མཆན་ཁུང་ན་
ཁ་ཊཱྭྃ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བསྐུམ་ གཡོན་བརྐྱང་བས་ཆོས་འབྱུང་གི་ནང་དུ ་གར་སྟབས་ཀྱིས་བཞུགས་ཤིང་། གཞོན་ནུ་ལངས་ཚོ་དར་ལ་བབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམ། དེ་ཡང་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའམ། ཆུ་ནང་གི་ཟླ་བ་ལྟ་བུ་གསལ་སིང་པར་དམིགས་ལ། སྔགས་གསུམ་སྦྲེལ་གི། ཨོཾ་གཉིས་བཞག་ནས་ཅི་ཙམ་ནུས་པ་བཟླའོ། །དེ་ལས་སྐྱོ་ན་ཕྱག་གཡས་པའི་གྲི་གུག་དེ་ཇེ་དམའ་ལ་སོང་བ་ཕྱག་ གཡོན་པའི་ཐོད་པའི་ནང་དུ ་བཅུག་ནས། གྲི་གུག་གི་ཐོད་པའི་བདུད་རྩི་དཀྲུགས་པས་འོད་དུ་ལྟེམ་ཞུ་ནས་གྲི་གུག་ལ་ཐིམ། གྲི་གུག་འོད་དུ་ཞུ་ནས་རྗེ་བཙུན་མ་ལ་ཐིམ། རྗེ་བཙུན་མ་འོད་དུ་ཞུ་ནས་མེ་ལོང་ལ་ཧས་བཏབ་པ་བཞིན་མཐའ་ནས་དབུས་སུ་
ཡལ་བ་དང་། དེའི་ངང་ནས་སྐྱེ་མེད་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག་གོ །དེ་ལ་ཇི་སྲིད་གནས་ཀྱི་བར་བཞག་གོ །དེ་ལ་སྐྱོ་ན་སྟོང་པའི་ངང་ལས་རྗེ་བཙུན་མར་ལངས་ལ་སྤྱོད་ལམ་བྱའོ། །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། །དེ་ལྟར་མ་ཆག་པ་ཉམས་སུ་བླངས་པས། །ཕྱིའི་བར་ཆད་གདོན་བགེགས། ནང་གི་བར་ཆད་འདུ་བ་རྣམ་བཞི། གསང་བའི་བར་ཆད་ཉོན་མོངས་པས་མི་ཚུགས་ཤིང་རང་གི་རྒྱུད་ལ་ཡོན་ཏན་གྱི་ཆོས་སྐྱེ་བ་དེ་གནས་པ། འཕེལ་བ་སོགས་དཔག་ཏུ་མེད་པ་འབྱུང་ངོ་། །འདིའི་བསྙེན་པ་བྱེད་ན་སྔར་བཞིན་ནོ། །རྗེ་བཙུན་མར་བསྒོམ་སྟེ། ཨོཾ་སརྦ་བུདྡྷ་ལ་སུམ་བརྒྱ། བཛྲ་བཻ་རོ་ཙ་ན་ལ་སུམ་བརྒྱ། བཛྲ་ཝརྞ་ནི་ལ་སུམ་བརྒྱ་སྟེ། དགུ་བརྒྱ་སོང་བ་དང་། ཨོཾ་གཉིས་བཞག་སྟེ་འབུམ་གྱི་བར་དུ་བསྐྱལ་ལོ། །བྱིན་རླབས་ཆེ་ཞིང་ཟབ་པས་ཤིན་ཏུ་གསང་བའོ། །ལྷ་སྐུ་ལ་བརྟེན་ནས་བོགས་འདོན་པའི་
སྐབས་སུ། རང་ཉིད་ལྷར་གསལ་བའི་རྡོ་རྗེ་ནོར་བུའི་བུམ་པར་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་གཅིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལུས་ཀྱི་ནང་ནས་ཡར་འཕྲོས་པས་ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔས་ཁེངས་པས། ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་ལྟེམ་ལྟེམ་འདུག་པས་ཕྱི་ཤ་ཁྲག་ཐམས་ཅད་དག །ནང་གི་རྒྱུས་པ་ནང་ཁྲོལ་སོགས་དག་པས་ཉོན་མོངས་དུག་ལྔ་དག་སྟེ། འོད་ཟེར་ཁ་དོག་ལྔའི་ལུས་སེམས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་སིང་པ་ལ་སེམས་གཏད་དེ། སྔར་གྱི་ཐུན་ཞབས་ལ་མ་ཆག་པར་བསྒོམ། ལུས་ལ་ཚ་གྲང་གི་ནད་བྱུང་ན། རྡོ་རྗེ་ནོར་བུའི་བུག་པར་ཐིག་ལེ་ནག་པོ་བསྒོམ་ལ་དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། ལུས་ཀྱི་ནང་གི་ནད་ཐམས་ཅད་བསྡུས་ཏེ། གཤང་ལམ་དང་ཆུ་ལམ་ནས་མར་སངས་སངས་འཐོན་པར་
བསྒོམ་མོ། །དེས་ནད་ཐམས་ཅད་སེལ་ལོ། །འཆི་བའི་དུས་སུ་འཆི་རྟགས་ས་ཆུ་ལ་ཐིམ་པས་ལུས་ལྕི་ཐིབས་ཀྱིས་འགྲོ། དེ་དུས་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་དེ། རྐང་པ་གཡས་པའི་རྒྱུ་མ་ཁུགས་ན་རྩ་མདུད་ཡོད་པས། དེའི་ནང་དུ་རང་གི་རྣམ་ཤེས་དང་གཉིས་སུ་མེད་པར་བསམ་ལ། དེ་རྩ་ནང་ནས་ཡར་རིམ་གྱི་དྲངས་ཏེ། བོལ་དང་བྱིན་པ་དང་། པུས་མོ་དང་། བརླའི་རྩ་བོ་ཆེ་ན་ཡར་རིམ་གྱིས་དྲངས་ཏེ། སྐུ་སྨད་ན་རྩ་གསུམ་འདོམ་པར་སླེབ་པ་དང་། རྩ་དབུ་མའི་ཁར་ཚུད་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་མེར་གྱིས་བྱུང་བར་བསམ། ཡང་ཆུ་མེ་ལ་ཐིམ་པའི་དུས་སུ། མར་སྣ་ཤེར་བཏབ་འགྲོ། དེའི་དུས་སུ་ཐིག་ལེ་མགྲིན་པར་དྲངས་ལ་དེ་ལ་སེམས་གཏད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཤེས་པ་ཕྱད་ཕྱོད་དུ་འགྲོ། དེའི་དུས་སུ་ཐིག་ལེ་རྣམ་པར་ཤེས་པ་དང་བཅས་པ་དེ་སྤྱི་བོར་དྲངས་
ལ། སྤྱི་བོ་ཚངས་བུག་ནས་རྒྱངས་ཏེ་འཐོན་པ་དང་། ཐིག་ལེ་རྣམ་པར་ཤེས་པ་དང་བཅས་པ་དེ། ལྷན་སྐྱེས་ཡབ་ཡུམ་དུ་ལམ་གྱི་གྱུར་པར་བསམ། དེ་ཡང་ཤ་ཁྲག་གདོས་བཅས་མ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ། བར་སྣང་གི་འཇའ་ཚོན་ནམ། འོད་ཟེར་ཁ་དོག་ལྔ་འཕྲོ་བའི་རང་བཞིན་ཅན་དུ་བསམ་མོ། །དེའི་ངང་ལ་མ་ཡེངས་པར་ཤི་ན་བར་དོ་མེད་པར་གཟུགས་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །བླ་མ་ལ་བརྟེན་ནས་བོགས་འདོན་པའི་སྐབས་སུ། སེམས་རང་ལུས་ཡི་དམ་དུ་བསྒོམ་པའི་སྤྱི་བོར། བླ་མ་རྡོ་རྗེ་འཆང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། བདེ་ཞིང་འཛུམ་པའི་མདངས་དང་བཅས་པ་བསྒོམ་ལ་གསོལ་བ་བཏབ་པས་བླ་མའི་ནོར་བུ་ནས་ཐིག་ལེ་དཀར་པོ་བྱུང་། ཡུམ་གྱིས་པདྨ་ནས་
ཐིག་ལེ་དམར་པོ་བྱུང་། རང་གི་ཚངས་བུག་ནས་མར་སོང་། །དཀར་པོ་གཡས་ནས་མར་སོང་། དམར་པོ་གཡོན་ནས་མར་སོང་ནས་ལྟེ་བར་འཛོམས་པ་དང་། མས་ཡར་འཁྱིལ་ཏེ། ལྟེ་བ་ཡན་ཆད་སྤྱི་གཙུག་མན་ཆད་ཐིག་ལེ་དཀར་དམར་གྱིས་གང་བས་ལུས་སེམས་ལ་ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་བསམ་ལ། བདེ་སྟོང་གཉིས་མེད་ཀྱི་ངང་དུ་ཇི་སྲིད་གནས་ཀྱི་བར་བཞག་གོ །སེམས་འཕྲོ་ན་སྔར་ལྟར་ཉམས་སུ་བླང་ངོ་། །ཡང་ཚ་གྲང་གི་ནད་གང་བྱུང་ཡང་། བླ་མ་ཡབ་ཡུམ་སྔར་བཞིན་བསྒོམ་པའི་བྱང་སེམས་དཀར་དམར་སྤྱི་བོའི་ཚངས་བུག་ནས་མར་སོང་བས། ལུས་ཀྱི་ནད་ཚ་གྲང་དང་། སྡིག་སྒྲིབ་ཐམས་ཅད་དེད་ནས་གཤང་སྒོ་ཆེ་ཆུང་ནས་མར་ནག་ཉི་ལི་ལི་སོང་སྟེ་སྦྱོང་ཤིང་དག་པར་བསམ་མོ། །དེ་ནས་བླ་མ་ཡབ་ཡུམ་ཚངས་བུག་ནས་མར་ཐིམ་པས། ནད་ཐམས་ཅད་སངས་ཀྱིས་དག །སྐྱེ་མེད་
བདེ་སྟོང་གི་ངང་ལ་ལྷན་གྱིས་བཞག་གོ །རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། ༈ །ཡང་སྐོམ་དུ་འཐུང་བ་བདེ་དྲོད་ཀྱི་སྐབས་སུ་ས་བོན་བསྒོམ་པ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་ཨོཾ་ཡིག་སེར་པོ། དེ་བཞིན་དུ་སྙིང་གར་ཧཱུྃ་ཡིག་སྔོན་པོ། ལྟེ་བར་ཨཱཿཡིག་དམར་པོའོ། །རྨི་ལམ་རང་ཟིན་གྱི་སྐབས་སུ། རང་ཉིད་འཁོར་ལོ་བདེ་མཆོག་ཏུ་བསྒོམ། དེའི་སྤྱི་བོར་ཟླ་བའི་གདན་གྱི་སྟེང་དུ། བླ་མ་སྐུ་མདོག་དཀར་པོ་འོད་ཀྱི་རང་བཞིན་ཅན། བྱང་ཆུབ་སེམས་ཀྱི་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་ལ་གསོལ་བ་གདབ། དེ་ནས་སྟེང་རླུང་ཅུང་ཟད་མནན་པས། རང་གི་སྤྱི་བོ་ནས་ཐིག་ལེ་དཀར་པོ་ཆད། སྙིང་ཁར་སླེབ་གཏི་མུག་དག །ལྟེ་བ་ནས་ཐིག་ལེ་དམར་པོ་ཆད། སྙིང་ཁར་སླེབ། འདོད་ཆགས་དག །ཞེ་སྡང་རང་དག་ཡིན། །དེ་ནས་ཐིག་ལེ་དེ་གཉིས་དབུ་མའི་ནང་དུ་
འབྲོས་འདེད་ཀྱི་ཚུལ་དུ་ཁོ་རོ་རོ་འཁོར་བ་ལ་སེམས་གཏད། དེ་ལྟར་དུ་འཁོར་བ་བུམ་དབང་གི་ངོ་བོར་ཤེས་པར་བྱས་ལ། རྨི་ལམ་གྱི་འདུན་པ་མ་ཡེངས་བར་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་གཅིག་ལ་གཅིག་རེད་པས་གསང་དབང་གི་ངོ་བོར་བལྟས་ལ་རྨི་ལམ་གྱི་འདུན་པ་མ་ཡེངས་པར་དྲག་ཏུ་བཟུང་བར་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་དབྱེར་མེད་དུ་ཁྲུགས་ཀྱིས་འདྲེས་པ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་ཡིན་པས། བདེ་སྟོང་གི་ངང་ལ་སེམས་མ་ཡེངས་པར་རྨི་ལམ་གྱི་འདུན་པ་ཡང་ཡང་བྱའོ། །དེ་ནས་ཐིག་ལེ་དེ་གཉིས་ཀྱང་འོད་དུ་ཡལ་སོང་བ་དེ་དབང་བཞི་པའི་ངོ་བོ་ཡིན་པས་དེའི་ངང་ལ་རྨི་ལམ་གྱིས་འདུན་པ་ཡང་ཡང་བྱ་ཞིང་གཉིད་ལོག་པས་རྨི་ལམ་ཟིན་པར་འགྱུར་རོ། །རྨི་ལམ་གྱི་སྐབས་སུ། རྟོག་མེད་ལ་བཟུང་བ་གཉིས་ཀྱི་དང་པོ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་ཆད་སྙིང་གར་བྱུང་སྟེ་གཏི་
མུག་དག །ལྟེ་བ་ནས་ཐིག་ལེ་དམར་པོ་ཆད་སྙིང་གར་བྱུང་འདོད་ཆགས་དག །ཞེ་སྡང་རང་དག་ཡིན། དེ་ནས་ཐིག་ལེ་དེ་གཉིས་རོ་རྐྱང་གཉིས་ནས་བརྒྱུད་ནས་ཐིག་ལེ་དཀར་པོ་སྣ་བུག་གཡས་ནས་འཐོན། དམར་པོ་གཡོན་ནས་འཐོན། སྨིན་མཚམས་སུ་ཐིག་ལེ་དེ་གཉིས་འཁོར་བ་ལ་སེམས་གཏད། དེ་ནས་ཐིག་ལེ་དཀར་པོ་ཡོངས་སུ་གྱུར་པ་ལས། བདེ་མཆོག་དཀར་པོ་དང་། དམར་པོ་ཡོངས་སུ་གྱུར་པ་ལས་ཕག་མོ་དམར་མོས་འཁྱུད་པར་བསྒོམ། དེ་ནས་གཉིད་དུ་འགྲོ་ལ་ཁད་པ་དང་ཡུམ་འོད་དུ་ཞུ་ནས་ཡབ་ལ་ཐིམ་ཡབ་ཀྱང་འོད་དུ་ཡལ་ལ་དམིགས་པ་མེད་པའི་ངང་དུ་བཞག་ལ། རྨི་ལམ་གྱི་འདུན་པ་ལ་མ་ཡེངས་པར་བྱའོ། ༈ །གཉིས་པ་ནི། རང་ཡི་དམ་དུ་གསལ་བའི་སྙིང་གར་བླ་མ་སྐུ་མདོག་དཀར་པོ་བྱང་ཆུབ་ཀྱི་སེམས་དཀར་པོའི་རང་བཞིན། འོད་ཟེར་འཕྲོ་བ་གཅིག་བསྒོམ།
བླ་མའི་ཐུགས་ཀར་ཧཱུྃ་དཀར་པོ་འོད་ཟེར་འཕྲོ་བ་ཁ་དོག་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པ་དེ་ལས་འོད་ཟེར་འཕྲོས། བླ་མ་གསལ་བ་བྱས། བླ་མ་ལས་འོད་ཟེར་འཕྲོས། རང་ཉིད་ཡི་དམ་དུ་གནས་པ་གསལ་བར་བྱས་ལ། དེ་ནས་གཉིད་དུ་ཡུར་འགྲོ་བ་དང་། རང་ཡི་དམ་དུ་གསལ་བ་དེ་ཡང་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་ཡང་འོད་དུ་ཞུ་ནས་ཧཱུྃ་ལ་ཐིམ། ཧཱུྃ་ཡང་འོད་དུ་ཡལ་བ་སེམས་མི་དྲག་ཙམ་གཏད་ལ་རྨི་ལམ་བཟུང་བར་བྱའོ། ༈ཡང་བདག་མེད་མས་སྦྱང་བའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་མདུན་དུ་བདག་མེད་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་བདེ་བའི་རང་བཞིན་ཅན་བསྒོམ་ལ། དེའི་གསང་གསུམ་ཨོཾ་ཨཱཿསྭཱ་ཧཱ་ཞེས་པའི་བྱང་སེམས་དམར་པོའི་རང་བཞིན་དུ་བསྒོམ། རང་གི་གསང་གནས་སུ་ཧཱུྃ་སྔོན་པོ་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཨོཾ་ཨཱཿསྭཱ་ཧཱ་
ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་ཞུ་བ། འོད་ཟེར་བ་ཐག་ལྟ་བུར་དྲངས་ནས། རང་གི་གསང་གནས་ནས་ཡར་བྱུང་། ལུས་བྱང་ཆུབ་སེམས་ཀྱིས་གང་ནས་བདེ་བའི་རང་བཞིན་དུ་གྱུར། མཐར་རྗེ་བཙུན་མ་ཡང་བྱང་ཆུབ་སེམས་དམར་པོའི་རང་བཞིན་དུ་ཞུ་བ་དྲངས་ཏེ་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། སེམས་བདེ་སྟོང་གཉིས་མེད་ཀྱི་ངང་ལ་ལྷན་གྱིས་བཞག་པར་བྱའོ། ༈ །ཡང་བདག་མེད་མ་སྦྱང་བའི་སྐབས་སུ་རང་སེམས་ཡི་དམ་དུ་གསལ་བའི་ལྟེ་བའི་རྩ་དབུ་མའི་ནང་དུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། འོད་ཀྱི་རང་བཞིན་ཅན་ཅིག་བསམ། དེའི་ནང་དུ་བདག་མེད་མའི་ས་བོན་ཨོཾ་ཨཱཿསྭཱ་ཧཱ། ཞེས་པ་ཁ་དོག་སྣ་ཚོགས་སུ་ཡོད་པ་དེ་ལ་བདག་མེད་མས་གཙོ་བྱས་པའི་ཡི་དམ་དཔག་ཏུ་མེད་པ་བྱུང་། རང་གི་སྣ་བུག་གཡས་
ནས་ཐོན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡི་དམ་གྱིས་གང་། དེ་རྣམས་ཀྱང་རང་རང་གི་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་ཅིང་། འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས་ནས་ཡི་དམ་དུ་གྱུར་པར་བསམ། ཡང་རང་གི་སྣ་བུག་གཡས་པ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་། ཡི་དམ་དེ་ཐམས་ཅད་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པས་མཉེས་པར་བསམ་ལ། ཚུར་འདུས་རང་གི་སྣ་བུག་ གཡོན་ནས་ཞུགས་ཐོད་པའི་ནང་གི་ཨོཾ་ཨཱཿསྭཱ་ཧཱ་ལ་ཐིམ་ཞིང་ཨོཾ་ཨཱཿསྭཱ་ཧཱ་བདེ་བའི་རང་བཞིན་དུ ་འོད་དུ་ཞུ། དེ་ཡོངས་སུ་གྱུར་པ་ལས་བདག་མེད་མ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན་ཅིག་བསྒོམ་ལ། དེ་ལ་ཡི་དམ་ཀྱི་ལྷ་ཁྱེད་ཀྱིས་བདག་གིས་བདག་འཛིན་བློས་ཐོངས་པར༴ །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན༴ །ཡུལ་སྣང་
གཏན་ལ་ཕེབས་པར་གསོལ་བ་གདབ། དེ་ནས་བདག་མེད་མའི་ཐུགས་ཀར་མེ་ལོང་གི་ངོས་ལྟ་བུ་དེ་ལ་གང་ལྟ་བར་འདོད་པ་དེ་བཀྲ་ལམ་མེ་ཡོད་པར་བསམ་ལ། དེ་ལ་སེམས་མི་དྲག་པར་གཏད་ནས་གཉིད་ལོག་ལ་ཡུལ་སྣང་བལྟ་བར་བྱའོ། །ཡང་ཐིག་ལེ་ཡུལ་སྣང་གསལ་བྱེད་ཀྱི་སྐབས་སུ། རང་ཡི་དམ་དུ་གསལ་བའི་ངང་ནས་སྟེང་རླུང་ཅུང་ཟད་མནན་པས། སྤྱི་བོ་ནས་ཐིག་ལེ་དཀར་པོ་ཆད། སྙིང་གར་སླེབས། གཏི་མུག་དག །འོག་རླུང་ཅུང་ཟད་འཐེན་པས་གསང་གནས་སུ་ཧཱུྃ་ཡིག་ལས་ཐིག་ལེ་སྔོན་པོ་ཆད། སྙིང་ཁར་སླེབས་པས་འདོད་ཆགས་དག །ཞེ་སྡང་རང་དག་ཡིན། ལྟེ་འོག་ནས་ཐིག་ལེ་དམར་པོ་ཆད། སྙིང་ཁར་སླེབས། དེ་རྣམས་ཡོངས་སུ་གྱུར་པ་ལས་ཐིག་ལེ་ཁ་དོག་སྣ་ཚོགས་པ་ལས་འོད་ཟེར་འཕྲོས་པས་གང་ལྟ་བར་འདོད་པའི་ཡུལ་སྣང་ལ་འོད་ཟེར་བ་ཐག་ལྟ་བུའི་
སྦྲེལ་ནས་ཡོད་པར་བསམ་ལ། དེ་ལ་སེམས་མི་དྲག་ཙམ་དུ་གཏད་ལ་གཉིད་པས་ཡུལ་སྣང་བལྟ་བར་བྱའོ། ༈འོད་གསལ་གྱི་དམིགས་པའི་སྐབས་སུ་ཨ་བསྒོམ་པ་ནི་རང་གི་ལྟེ་བའི་འོག་ཏུ་དབུ་མའི་རྩ་གསུམ་འདོམ་པའི་སར་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་ཅིག་བསྒོམ། དེའི་ནང་དུ་ངོ་བོ་བྱང་ཆུབ་ཀྱི་སེམས་ལ། དངུལ་ཆུའི་མདོག་ལྟ་བུ་འོད་ཟེར་འཚེར་བ་དང་བཅས་པའི་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་བསྒོམ་ལ། དེ་དང་རང་གི་སེམས་དབྱེར་མེད་དུ་བྱས་ལ། འོད་གསལ་གྱི་འདུན་པ་དང་མ་བྲལ་བར་བྱེད་པའོ། ༈ །བདག་མེད་མ་བསྒོམ་པ་ནི་རང་གི་ཐོད་པའི་འོག་ཀླད་རྒྱའི་སྟེང་དུ་བདག་མེད་མ་སྐུ་མདོག་དཀར་མོ་འོད་ཀྱི་རང་བཞིན། དེའི་ཐུགས་ཀར་ཨ་དཀར་པོ་གོང་བཞིན་གསལ་བ་ལ་རིག་པ་གཏད། རང་སེམས་དང་དབྱེར་མེད་དུ་
འདྲེས་པའི་ངང་ནས་འོད་གསལ་གྱི་འདུན་པ་ཡང་ཡང་བྱའོ། ༈ །བླ་མའི་སྐབས་སུ་རང་ཡི་དམ་དུ་གསལ་བའི་རྩ་དབུ་མའི་ནང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་སུ་རྩ་བྷ་སན་ཏ་ཁ་གྱེན་ལ་ཕྱོགས་པ། པདྨ་འདབ་མ་བཞི་པ་གྱུར་པའི་དབུས་སུ། བླ་མ་སྐུ་མདོག་དཀར་པོ་མཚོན་གང་པ་འོད་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོར་བསམ་ལ། དེའི་ཐུགས་ཀར་ཧཱུྃ་སྔོན་པོ་འོད་ཟེར་འཚེར་བ་དང་བཅས་པ་བསམ་ལ། དེ་ནས་གཉིད་དུ་འགྲོ་བ་དང་ཧཱུྃ་གི་འོད་ཀྱིས་བླ་མ་གསལ་བར་བྱས། བླ་མ་ལས་འོད་ཟེར་བྱུང་བས་རང་ཡི་དམ་དུ་གསལ་བ་ཡང་ཆེས་གསལ་བར་བྱས་ནས་འོད་ཀྱི་འདུན་པ་ཡང་ཡང་བྱ་ཞིང་། མཐར་འོད་དུ་ཞུ་བ་བླ་མ་ལ་ཐིམ། བླ་མ་འོད་དུ་ཞུ་བ་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་ཀྱུ་ནཱ་ད་ལ་བསྡུས་པ་ནས་ནཱ་དའི་བར་བསྡུ་བའོ། །ཡང་ན་འོད་དུ་ཡལ་
སོང་བའི་ངང་ནས་འོད་གསལ་གྱི་འདུན་པ་ཡེངས་མེད་དུ་བྱས་པས་འོད་གསལ་ཟིན་པར་འགྱུར་རོ། ༈ །རྩ་མདུད་གྲོལ་བ། ཐིག་ལེ་དྲངས་པ། རླུང་དབུ་མར་ཞུགས་པ། གེགས་བསལ་བ་དང་བཞི་ཡོད་པའི་དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅའ། དམིགས་པ་རྩ་གསུམ་གསལ་གདབ་ལ། རོ་རྐྱང་གཉིས་ཀྱི་མར་སྣ་དབུ་མར་ཚུད་པར་བསམ་ལ། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བྱས་ལ། རོ་སྟོད་གཡས་ གཡོན་དུ ་དྲག་པོ་བདུན་བཅུའོ། །དེས་རྩ་མདུད་གྲོལ་བར་བྱེད། ༈ །གཉིས་པ་ཐིག་ལེ་དྲངས་པ་ནི། །ལུས་དྲངས་སིང་སྟེ་ལངས་ལ་རླུང་ལྟེ་འོག་ཏུ་བྱིར་ཏེ་མནན། གསང་གནས་ཐིག་ལེ་ཧཱུྃ་གིས་གྱེན་ལ་དྲངས། སྤྱི་བོའི་ཧཾ་ལ་བསྟིམ། དེའི་རྗེས་ནས་ཡར་མེ་མཚན་ཉིད་བཞི་ལྡན་འབར་ཏེ། རྩེ་མོ་མགྲིན་པར་ཐོན་ཙམ་ལ་སེམས་གཏད། །
བཞི་པ་གེགས་བསལ་བ་ནི། །མགོ་བོ་བསྐོར་ཞིང་ཕྱོགས་བཞིར་འཕངས། །ལག་སོར་བྲང་ཁར་བསྣོལ་ནས་གཡས་ གཡོན་དུ ་དྲག་ཏུ་གཅུ་ཞིང་འཐེན། །ལག་པ་མདའ་འཕེན་ལྟར་བྱ་ཞིང་མདུན་དུ་སྤྲུག་པའོ། །ལག་གཉིས་པ་མནན་བྱ། རྐེད་པ་བསྐོར་ཞིང་བྱ་སྙེངས་བྱ། ལག་གཉིས་བརྐྱང་ཤིང་མགོ་བོ་རྒྱབ་ཏུ་སྒྱེད། ལངས་ལ་རྐང་པ་ཐུར་དུ་སྤྲུག་ཅིང་ཕྱོགས་བཞིར་འཕངས། དམིགས་པ་མེ་དམིགས་གསལ་བར་བསྒོམ། ནད་རྣམས་དུད་པའི་རྣམ་པར་སྤྱི་བོ་ནས་སྔོ་ཕྱུ་རུ་རུ་སོང་བར་བསམ་མོ། །རྗེས་ལ་ཀྵ་ཡིག་སྔོན་པོས་ཚངས་བུག་བཀག །ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཧཱུྃ་གིས་བལྟམས་པར་བསྒོམ། དེ་ཐམས་ཅད་ལ་རླུང་བཟུང་། རྗེས་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་བཞག །དེ་རྣམས་ཀྱིས་གེགས་སེལ་ཅིང་འདྲེ་མོའི་གནོད་པ་ལ་སོགས་ཐུབ་བོ། །ནི་གུ་མའི་གཏུམ་
མོ་བསྒོམ་པའི་ཞལ་གདམས་ཀུན་ལ་མེད་པའི་ཆིག་བརྒྱུད་ལགས། །ཞལ་གདམས་བཀའ་རྒྱ་མའོ། །དཔེ་འདི་གཞན་ལ་མི་བསྟན། །ཨིྀྠ། །མངྒ་ལཾ་བྷ་ཝནྟུ། །༈ སྐུ་གསུམ་ལམ་ཁྱེར་དང་། སྐུ་གསུམ་གནས་ལུགས་བཞུགས། །རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་དྷ་ན་ཀྲ་ན་མ། བོད་སྐད་དུ། སྐུ་གསུམ་རང་བཞིན་ལམ་ཁྱེར་ཞེས་བྱ་བ། དཔལ་ལྷུན་གྲུབ་འདུས་མ་བྱས་ལ་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །སྐུ་གསུམ་རང་ཤར་ཨེ་མ་ཧོ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །རབ་ཏུ་དབེན་པའི་གནས་མཆོག་ཏུ། །དབྱར་དགུན་སྟོན་དཔྱིད་རིམ་ཤེས་པས། །སྟན་ལ་བསམ་གཏན་སྐྱིལ་ཀྲུང་བཅའ། །རང་ལུས་སྣང་སྟོང་ལྷ་སྐུ་ཡི། །སྤྱི་བོ་སྙིང་ག་བླ་མ་གསལ། །གསོལ་བ་བཏབ་ལ་མཆོད་པ་དབུལ། །བསམ་པ་ཐམས་ཅད་
ཡོངས་སྤངས་ནས། །མཚན་ཉིད་ལྡན་པའི་ཐང་སྐུ་ལ། །གླང་པོ་ཆེའི་ལྟ་སྟངས་ཀྱིས། །སྐད་ཅིག་མ་ཡེངས་བལྟ་བར་བྱ། །ཡེངས་ན་ཛོ་ཀིའི་ལམ་ཉམས་འགྱུར། །ཇི་ལྟར་ཤེལ་སྒོང་དག་པ་ལ། །ཉི་མའི་འོད་ཕོག་འཇའ་ཚོན་བཞིན། །ལྷ་སྐུ་གསལ་སྟོང་རང་བཞིན་མེད། །ཟུང་འཇུག་མཐའ་བྲལ་རང་བཞིན་ནོ། །དེ་ལྟར་ཐང་སྐུ་མཁའ་ཟེར་ལ། །དུབ་པ་གསལ་ཞིང་ལྟ་བར་བྱ། །ཟླ་གསུམ་གོམས་ཤིང་བརྟན་པར་བྱ། །ཉིན་མཚན་ལྷ་སྐུ་རང་ཤར་འབྱུང་། །དེ་ནི་སྐུ་གསུམ་དབྱེར་མེད་དོ། །དེ་བརྟན་ནས་ནི་རང་ཉིད་དང་། །ཕྱི་རོལ་སྣང་བ་སྣ་ཚོགས་སེམས། །གསལ་སྟོང་བདེ་ཆེན་ལྷ་ཡི་སྐུ། །དབྱེར་མེད་སྐུ་གསུམ་རང་ཉིད་ལ། །སྤྱོད་ལམ་རྣམ་བཞིར་མ་ཡེངས་འབད། །བསྐྱེད་རྫོགས་ཟུང་འཇུག་མཐའ་བྲལ་ལས། །བཟླས་བརྗོད་སྐྱེ་མེད་རང་སྒྲར་ལྟོས། །ཟླ་དྲུག་གོམས་པའི་སྦྱོར་བ་ཡི། །སྐུ་གསུམ་འགྲུབ་
འགྱུར་ཐེ་ཚོམ་མེད། །དེ་དོན་བླ་མ་མཆོག་ལ་དྲིས། །སྐུ་གསུམ་ལོ་ཟླ་བར་དོར་འགྲུབ། །རྒྱལ་བའི་དགོངས་པ་ཡང་དག་བཀའ། །ཆིག་རྒྱུད་རྡོ་རྗེའི་རྒྱས་གདབ་བོ། །སྐུ་གསུམ་ལམ་ཁྱེར་ཞེས་བྱ་བ་རྫོགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཟླ་བ་གསུམ་གྱིས་ཉམས་སུ་མྱོང་པར་བྱས་པའོ། །ཨིྠྀ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས་ལ་ཕྱག་འཚལ་ལོ། །དེ་ལ་སྐུ་གསུམ་གྱི་གནས་ལུགས་ལ་གསུམ་སྟེ། །གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་ཁོ་ནར་འགྱུར་ཏེ། །དང་པོ་ནི། སེམས་ཆོས་ཉིད་སྐྱེ་མེད་སྟོང་ཉིད་ལས། འགག་མེད་སྣ་ཚོགས་སུ་ཤར་ཞིང་སྣང་བའོ། །དེ་ལྟར་སེམས་ཉིད་འོད་གསལ་བདེ་ཆེན་ཟུང་འཇུག་སྐུ་གསུམ་གདོད་མ་ནས་གནས་པ་ནི། གཞི་སྐུ་གསུམ་རང་གནས་སོ། །གཉིས་པ་
ལམ་ཁྱེར་ལ་གཉིས་ཏེ། ཟབ་དོན་དུ་བསྟན་པ་དང་། དེ་ཉིད་རྒྱས་པར་བསྟན་པའོ། །དང་པོ་ནི། སེམས་བསྐྱེད་སྔོན་དུ་སོང་པས། ས་བོན་ནམ། སྐད་ཅིག་གིས་རང་ཉིད་ལྷ་སྐུ་གསལ་སྟོང་བདེ་ཆེན་གྱི་རང་བཞིན་ལ་མ་ཡེངས་པར་བལྟའོ། །དེ་ལ་གོམས་པ་དང་། སྟོང་གསལ་བདེ་ཆེན་ཟུང་འཇུག་གི་ལྷ་སྐུ་འོད་ཀྱི་རང་བཞིན་ཅན་ཉིན་མཚན་དུ་རང་ཤར་དུ་འབྱུང་ངོ་། །དེ་ནི་རྒྱལ་བ་ལོངས་སྐུ་གསུམ་ལྡན་དངོས་སོ། །དེ་ལྟར་ལྷ་སྐུ་གསལ་སྟོང་བདེ་ཆེན་བསྐྱེད་རྫོགས་ཟུང་འཇུག་དེ་ཉིད་གང་དུ་ཡང་མི་དམིགས་པའོ། །དེ་ཉིད་ཀྱི་ངང་ལ་གཟུགས་སྣང་སྟོང་། བཟླས་བརྗོད་གྲགས་སྟོང་དབྱེར་མེད་ཀྱི་རང་སྒྲར་བལྟས་ལ་བཟླས་པ་བྱའོ། །དེ་ནས་རང་གི་སེམས་ཕྱི་རོལ་དུ་ཡུལ་སྣང་སྣ་ཚོགས་སུ་ཤར་ཡང་། སྣང་བ་འདི་ཐམས་ཅད་ལྷ་སྐུ་སྣང་སྟོང་དབྱེར་མེད་བདེ་ཆེན་འོད་གསལ་གྱི་རང་བཞིན་ཅན་དུ་
བལྟས་པས། སྔགས་དང་བཟླས་པ་གོང་བཞིན་བྱའོ། །དེ་ནི་རབ་ཟླ་བ་གསུམ། འབྲིང་ཚེ་ཅིག །ཐ་མ་བར་དོ་ལ་སངས་མི་རྒྱ་མི་སྲིད་དོ། །དེ་ལྟར་ཡང་། དགོངས་པ་ཀུན་ཏུ་གྲོལ་བའི་བཤད་རྒྱུད་ལས། གསལ་སྟོང་བདེ་ཆེན་ལྷ་སྐུ་ལ། །སྐུ་གསུམ་ལམ་ཁྱེར་བཟླས་བརྗོད་བྱ། །ཟླ་གསུམ་ཚེ་གཅིག་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། སེམས་བསྐྱེད་སྔོན་དུ་སོང་བས། མངོན་བྱང་ལྔའམ། ཆོ་ག་གསུམ་མམ། ས་བོན་ནམ། སྐད་ཅིག་གིས་རང་ཉིད་ལྷ་གསལ་སྟོང་དབྱེར་མེད་བདེ་ཆེན་འོད་ཀྱི་རང་བཞིན་ཅན། སྐུ་གསུམ་རང་ཆས་དེ་ལ་གོམས་པར་བྱས་པ་དང་། དབྱེར་མེད་བདེ་ཆེན་གྱི་ལྷ་སྐུ་འོད་ཀྱི་རང་བཞིན་ཅན་ངོས་བཟུང་གི་དྲི་མ་ཐམས་ཅད་དང་བྲལ་བ། རྐྱེན་གཞན་གྱིས་མི་འཕྲོགས་པ། ཉིན་མཚན་ཀུན་ཏུ་རང་ཤར་དུ་འབྱུང་ངོ། །དེ་ཡང་ལྷ་སྐུ་གསལ་བའི་ངོ་
བོ་དེ་སྣང་བ། །དེ་སྟོང་པས་སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུའོ། །ཡང་སྟོང་པ་སྐྱེ་མེད་ལས་འགག་མེད་དུ་ལྷ་སྐུར་གསལ་བས་ན། སྟོང་གསལ་ཟུང་འཇུག་འཇའ་ཚོན་ལྟ་བུའོ། །དེ་ལྟར་གསལ་སྟོང་དང་། སྟོང་གསལ་ཟུང་འཇུག་བདེ་བར་ཤར་ན་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཡང་ན་ལྷ་སྐུ་དེ་སྣང་ཙམ་ཉིད་ན་སྟོང་། སྟོང་ཙམ་ཉིད་ན་སྣང་བས། སྣང་སྟོང་གསལ་སྟོང་དབྱེར་མེད་བདེ་བ་ཆེན་པོའི་སྐུ་བཞི་ཡེ་ཤེས་ལྔར་ཤར་བའོ། །དེ་ཡང་གསལ་བྱེད་དམ། འཆར་བྱེད་གཞན་ལ་མི་ལྟོས་པས་རང་ཤར་དུ་ཤེས་པར་བྱའོ། །དེ་ལ་ལྷ་སྐུ་གསལ་བས་སྤྲུལ་སྐུ། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་མེད་པས་ལོངས་སྐུ། དབྱེར་མི་ཕྱེད་པས་བདེ་བ་ཆེན་པོའི་སྐུར་ཤེས་པར་བྱའོ། །དེས་ན་ལྷ་སྐུ་གསལ་སྟོང་དབྱེར་མེད་བདེ་ཆེན་བསྐྱེད་རྫོགས་ཟུང་འཇུག །དེ་ཉིད་གང་དུའང་མི་
དམིགས་པ་སྟེ། དེའི་ངང་ལས་སྔགས་སྣང་སྟོང་འཇའ་ཚོན་ལྟ་བུ། བཟླས་བརྗོད་གྲགས་སྟོང་བྲག་ཆ་ལྟ་བུ་ལ། དོན་སྐྱེ་མེད་ཀྱི་རང་སྒྲ་འགག་མེད་དུ་ཤར་བར་བལྟ་བར་བྱའོ། །དེ་ལ་སྔགས་སུ་སྣང་བ་བདེ་བས་ལོངས་སྐུ། སྣང་དུས་ན་སྟོང་པས་ཆོས་སྐུ། བྲག་ཆ་ལྟར་གསལ་བས་སྤྲུལ་སྐུ། བདེ་སྟོང་གསལ་གསུམ་དབྱེར་མི་ཕྱེད་པས་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་རང་གི་སེམས་སྟོང་པ་སྐྱེ་མེད་ལས། འགག་མེད་ཡུལ་སྣ་ཚོགས་སུ་ཕྱིར་ཤར་ཅིང་། སྣང་བ་ཐམས་ཅད་ཀྱང་ལྷ་སྐུ་གསལ་སྟོང་དབྱེར་མེད་བདེ་ཆེན་གྱི་རང་བཞིན་སྐུ་གསུམ་ལམ་དུ་འཁྱེར་བར་བྱའོ། །དེར་གྲགས་པ་ཐམས་ཅད་ཀྱང་སྔགས་སྣང་སྟོང་། སྒྲ་གྲགས་སྟོང་སྐྱེ་མེད་ཀྱི་རང་སྒྲ་སྐུ་གསུམ་དུ་བལྟ་བར་བྱའོ། །དེས་རབ་ཟླ་བ་གསུམ། འབྲིང་ཟླ་བ་དྲུག །ཐ་མས་ཡང་ཚེ་གཅིག་གམ། །བར་དོའམ། ཐ་མའི་ཐ་མ་
སྐྱེ་བ་གཉིས་གསུམ་ནས། སངས་མི་རྒྱ་མི་སྲིད་དོ། ཡེ་ཤེས་དགོངས་པ་བླ་ན་མེད་པའི་རྒྱུད་ལས། བདེ་སྟོང་གསལ་བའི་ཏིང་འཛིན་ནི། །སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད། །སྐྱེ་བ་འདིའམ་བར་མ་དོར། །རྒྱུད་མ་ཐག་ཏུ་བྱང་ཆུབ་ཐོབ། །ཅེས་གསུངས་སོ། །གསུམ་པ་འབྲས་བུ་སྐུ་གསུམ་ནི། །ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་གང་འདུལ། དབྱེར་མེད་བདེ་བ་ཆེན་པོའི་ཕྲིན་ལས་ལྷུན་གྲུབ་རང་ཤར་དུ་འབྱུང་བར་འགྱུར་རོ། །དེ་ནི་རྒྱལ་བའི་བཀའ་མཁའ་འགྲོ་མའི་སྲོག་སྙིང་ལགས་སོ། །བདག་ཁྱུང་པོ་རྣལ་འབྱོར་པས་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་ཞུས། ཟླ་བ་གསུམ་གྱིས་ཉམས་སུ་མྱོང་བར་བྱས་སོ། །མདོར་ན་གཟུགས་སུ་སྣང་བ་དེ་ཐམས་ཅད་ལྷ་སྐུ་སྣང་སྟོང་དབྱེར་མེད། སྒྲ་སྣ་ཚོགས་སུ་གྲགས་པ་ཐམས་ཅད་སྔགས་ཀྱི་བཟླས་བརྗོད།
གྲགས་སྟོང་དབྱེར་མེད་རང་སྒྲ། དྲན་རིག་དྲན་རྟོག་ཐམས་ཅད་གཞི་མེད་རྩ་བྲལ། སྐྱེ་མེད་ཆོས་སྐུར་ཤེས་པར་བྱའོ། །དེ་ལྟར་ཟླ་བ་གསུམ་གྱིས་སངས་མི་རྒྱ་མི་སྲིད་དོ། །མངྒ་ལཾ། །༈གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་བླ་མ་བརྒྱུད་པ་བཞུགས་སོ། །ཁྱབ་བདག་བདེ་ཆེན་དྲུག་པ་རྡོ་རྗེ་འཆང་། །ནུས་པ་མཆོག་འགྱུར་རྗེ་བཙུན་བིརྺ་པ། །ཟག་མེད་བདེ་སྟེར་མཁའ་འགྲོ་སུ་ཁ་མ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྐད་གཉིས་སྨྲ་བ་མཁས་གྲུབ་ཁྱུང་པོའི་ཞབས། །གསོལ་བ༴ །དོན་གཉིས་མཐར་ཕྱིན་རིན་ཆེན་རྨོག་ལྕོག་པ། །གསོལ་བ༴ །ཐུགས་རྗེའི་བདག་ཉིད་གྲུབ་ཐོབ་སྐྱེར་སྒང་པ། །གསོལ་བ༴ །གནས་ལུགས་དོན་རྟོགས་སངས་རྒྱས་གཉན་སྟོན་པ། །གསོལ་བ༴ །སྐྱེ་རྒུའི་འདྲེན་མཆོག་ཆོས་རྗེ་སྟོན་པའི་ཞབས། །གསོལ་བ༴ །རྟོགས་པ་མཐར་ཕྱིན་མཁས་
གྲུབ་ཤངས་སྟོན་པ། །གསོལ་བ༴ །སྔགས་འཆང་རྒྱ་མཚོའི་མངའ་བདག་མཁས་བཙུན་པ། །གསོལ་བ༴ །རྒྱལ་བའི་བསྟན་འཛིན་ཆོས་རྗེ་བྱམས་པ་དཔལ། །གསོལ་བ༴ །བདེ་གཤེགས་ཀུན་དངོས་ཆོས་རྗེ་འཇག་པའི་ཞབས། །གསོལ་བ༴ །བརྒྱུད་པའི་སྲོལ་འཛིན་མཁས་གྲུབ་ཡེ་རྡོར་ཞབས། །གསོལ་བ༴ །རང་ལུས་དབྱེར་མེད་ཡི་དམ་རྣལ་འབྱོར་མ། །གསོལ་བ༴ །བར་ཆད་ཀུན་སེལ་ཆོས་སྐྱོང་ཕྱག་དྲུག་པ། །གསོལ་བ༴ །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །ཐུགས་དམ་བཅས་ཤིང་དངོས་གྲུབ་མཆོག་སྩོལ་བར། །དམ་བཅས་བཞིན་དུ་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་འགྲུབ་པར་ཤོག །དེ་ཉིད་མ་ཐོབ་བར་དུ་ཡང་། །མཁའ་སྤྱོད་རྡོ་རྗེ་ཕག་མོ་སོགས། །རིགས་གསུམ་སྐྱེད་ང་དམ་ཚིག་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །མྱུར་དུ་
བསྐྱེད་རིམས་བརྟེན་པ་དང་། །སྔགས་ཀྱི་ནུས་པ་མཐར་ཕྱིན་ནས། །ཕྲིན་ལས་རྣམ་བཞི་འགྲུབ་པར་ནི། །སྐྱེ་ཞིང་༴ །རྫོགས་པའི་རིམ་པ་མཐར་ཕྱིན་ནས། །རླུང་སེམས་ལས་སུ་རུང་བ་དང་། །བདེ་ཆེན་སྐུ་དང་ལྡན་པར་ནི། །སྐྱེ་ཞིང་༴ །སྟོང་པ་སྙིང་རྗེ་ཆེན་པོ་དང་། །སྤྱན་ལྔ་མངོན་ཤེས་དྲུག་ལྡན་ཞིང་། །འགྲོ་དོན་རྩོལ་མེད་འགྲུབ་པར་ནི། །སྐྱེ་ཞིང་༴ །ཕྱི་ནང་བར་ཆད་ཞི་བ་དང་། །མཁའ་འགྲོ་ཆོས་སྐྱོང་འདུ་བ་དང་། །བསམ་པའི་དོན་རྣམས་འགྲུབ་པར་ནི། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །དེར་ནི་དོན་ཀུན་འགྲུབ་གྱུར་ནས། །དགའ་ཞིང་སྤྲོ་བའི་ངང་ཉིད་ནས། །དཔལ་ལྡན་བླ་མའི་ཞབས་དྲུང་དུ། །ལྷག་པའི་ལྷ་ཡིས་འཁྲིད་གྱུར་ཅིག །ས་དེར་བླ་མའི་བཀའ་དྲིན་གྱིས། །ཉེས་པ་ཐམས་ཅད་རབ་སྤངས་ཤིང་། །ཡོན་ཏན་ཀུན་གྱིས་རབ་བརྒྱན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་ཤོག །ཆོས་དབྱིངས་
གདོད་ནས་དག་པ་དང་། །རིམས་གཉིས་ཟུང་དུ་ཚུད་པ་དང་། །དཔའ་བོ་མཁའ་འགྲོའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་པ་འགྲུབ་པར་ཤོག །ཨིྀྠ། །དཔེ་བསྡུར། ༈ ལམ་ཁྱེར་གསུམ་གྱི་བཀའ་བཞུགས། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བླ་མ་དམ་པའི་དབང་བཞི་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། མཎྜལ་ལ་ཆང་དང་བདུད་རྩི་ལྔ་བྱུགས་ནས། དེ་ལ་པདྨ་འདབ་མ་བཞི་པ། ལྟེ་བ་སེར་པོ། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་དང་། གོང་རས་ལྗང་། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན་ནོ། །དེ་ལ་མེ་ཏོག་གི་ཚོམ་བུ་ལྔ་འགོད། མཆོད་གཏོར་དང་ཚོགས་བཤམ་མོ། །དེ་ནས་བདག་བསྐྱེད་སྔོན་དུ་སོང་བས་པདྨའི་ལྟེ་བར་བླ་མ་དང་བདེ་མཆོག་ཐ་མི་དད་པ་གཡས་ཌཱ་མ་རུ། གཡོན་
ཐོད་པ་བསྣམས་པ། ཤར་དུ ་དགྱེས་མཛད། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་བསྐྱེད་ལ། ཡེ་ཤེས་པ་གཞུག །གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར། ཕྱི་ནང་གསང་གསུམ་གྱི་མཆོད་པ་དབུལ་ལོ། །དེ་ནས་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རང་གིས་བླང་ངོ། །དེ་ནས་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་གཞུག་པར་གསོལ་བ་འདེབས་པ། གནང་བ་བྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ་བྱ་བ། སྔགས་འབྱུང་བར་དཀའ་བ་རྣམས་བཤད་དོ། །གཉིས་པ་ནི། སློབ་མའི་སྤྱི་བོར་མདུན་བསྐྱེད་བཞིན་དུ་བསྐྱེད་པའི་བླ་མའི་སྤྱི་བོ་ནས་འོད་འཕྲོས་པས། སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མ་ལ་བསྟིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་བསམ་མོ། །ཐོད་པར་ལུས་བདུད་རྩིར་གྱུར་པ་དང་། གསེར་གྱི་མཎྜལ་ཕུལ་ལ། བུམ་པའི་དབང་བསྐུར་དུ་གསོལ། །སྐུའི་བྱིན་རླབས་དབབ་ཏུ་གསོལ། ཞེས་བརྗོད་པ་དང་། བླ་མའི་སྐུ་དང་ཟླ་བའི་གདན་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས། སློབ་མའི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག། སྐུའི་བྱིན་རླབས་ཞུགས། བུམ་དབང་དང་། སྤྲུལ་སྐུ་ཐོབ་པར་བསམ་མོ། ཡང་། གོང་བཞིན་མཆོད་ནས། གསང་དབང་དང་གསུང་གི་གསོལ་བ་བཏབ་པས་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མའི་མགྲིན་པར་ཐིམ། བླ་མའི་མགྲིན་པ་ནས་གསུང་གི་བདུད་རྩི་
དཀར་དམར་སློབ་མའི་ལྕེ་ཐོག་ཏུ་ཐིམ་པས། ངག་གི་དག །གསང་དབང་དང་ལོངས་སྐུ་ཐོབ་པར་བསམ་མོ། །ཡང་མཆོད་དེ་གསུམ་པ་དང་ཐུགས་ཀྱི་སློབ་མའི་གསོལ་བ་བཏབ་པས། གསུང་གི་བྱིན་རླབས་ཞུགས། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བདུད་རྩི་ཐིམ་པས། ཐུགས་ཀ་ནས་བདུད་རྩི་སྔོན་པོ་བྱུང་ནས། སློབ་མའི་སྙིང་ཁར་ཐིམ་པས། ཡིད་ཀྱི་དག །ཐུགས་ཀྱི་བྱིན་རླབས་ཞུགས། གསུམ་པ་དང་། ཆོས་སྐུ་ཐོབ་པར་བསམ་མོ། ཡང་མཆོད་དེ། བཞི་པའི་གསོལ་བ་བཏབ་པ་དང་། ཕྱོགས་བཞིའི་ལྷ་ཚོགས་བླ་མ་ལ་ཐིམ། ཐུགས་ཀའི་འོད་ཟེར་གྱིས། ནམ་མཁའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བསྟིམ་པས། བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས། སྤྱི་བོ་ན་ཆེམ་ཆེམ་འུར་འུར་འདུག་པ་ལ།
གསོལ་བ་དྲག་པོ་བཏབ་པས། སློབ་མའི་སྤྱི་བོར་ཐིམ་པས་ལུས་འོད་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་དག །སློབ་མའི། དབང་བཞི་པ་དང་། བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །དེ་ལྟར་ཡང་ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་ཀྱི་བྱིན་རླབས་ཞུགས། སྐུའི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པར་བགྲོད་པར་བྱེད། །ཅེས་གསུངས་སོ། །གསུམ་པ་ནི། ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། རྗེས་བསྔོ་བ་བྱའོ། །བླ་མ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོ། ༈ ན་མོ་ཙཀྲ་སཾ་བྷ་ར། ཡི་དམ་ལམ་ཁྱེར་གྱི་དབང་འདི་ལ་གསུམ་ལས། སྦྱོར་བ། དངོས་
གཞི། རྗེས་སོ། །དང་པོ་ནི། པདྨ་འདབ་མ་བཞི་པའི་ལྟེ་བ་དང་། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་དང་གོང་རས་ལྗང་གུ། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན་ནོ། །དེ་ལ་མེ་ཏོག་མཆོད་གཏོར་གོང་བཞིན་ནོ། །བདག་བསྐྱེད་སྔོན་དུ་སོང་བས་མདུན་དུ་བདེ་མཆོག་ལྷན་སྐྱེས། མཁའ་འགྲོ་བཞི་བསྐྱེད་ནས་ཡེ་ཤེས་དགུག་གཞུག་སོགས་གོང་བཞིན་བྱའོ། །དེ་ནས་སློབ་མ་ལ་དལ་འབྱོར་རྙེད་དཀའ་བ་སོགས་གོང་བཞིན་བྱའོ། །གཉིས་པ་ནི། བདུད་རྩི་དང་། གསེར་གྱིས་གོང་བཞིན་མཆོད་དེ། བུམ་པའི་དབང་གིས་གསོལ་བ་བཏབ་པས། བདེ་མཆོག་གི་སྤྱི་བོར་ལྷ་ལྔ་བསྐྱེད་པ་ལ་གོང་བཞིན། སྨིན་མཚམས་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་དང་སྤྲུལ་སྐུ་ཐོབ་པར་བསམ་མོ། །དེ་ནས་གཉིས་པ།
གསུམ་པ། བཞི་པའི་གསོལ་བ་རིམ་པ་བཞིན་བཏབ་པས། བདེ་མཆོག་གི་མགྲིན་པ། སྙིང་ཁ། ལྟེ་བ་ནས་བདེ་མཆོག་གི་སྐུ་གོང་བཞིན་དུ་བྱུང་སྟེ། སློབ་མའི་མགྲིན་པ། སྙིང་ཁ། ལྟེ་བར་ཐིམ་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། གསང་དབང་། གསུམ་པ། བཞི་པ། ལོངས་སྐུ། ཆོས་སྐུ། བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། ཡོན་དབུལ། ཚོགས་ལ་ལོངས་སྤྱད་དོ། །གསུམ་པ་རྗེས་ནི་གོང་བཞིན་ནོ། འཆུག་མེད་ལས་དབང་བར་པ་ཡི་དམ་ལམ་ཁྱེར་གྱི་དབང་བཞི་རྫོགས་སོ། །ན་མོ་གུ་རུ། དེ་ཝ་ཌཱ་ཀི་ནི། མ་ཧཱ་ཀཱ་ལ། སྣང་སེམས་ལྷ་སྐུ་སྒྱུ་མ་རྨི་ལམ་ལམ་ཁྱེར་གྱི་དབང་ནི། ཆོས་དྲུག་སྤྱིའི་དབང་བསྐུར་བཞིན་དུ་བྱའོ། །སྣང་སེམས་སྒྱུ་མ་རྨི་ལམ། སྒྱུ་ལུས་དབང་མོ་ཆེ། ལམ་ཁྱེར་གྱི་དབང་བསྐུར་རྫོགས་སོ། །དགེའོ། །
དཔེ་བསྡུར། ༈ མཁའ་སྤྱོད་གསུམ་སྤྲུགས་བཞུགས་སོ། །བླ་མ་ཡི་དམ་ཌཱ་ཀི་དང་། །ཆོས་སྐྱོང་རྣམས་ཀྱི་ཞབས་བཏུད་ནས། །ཁྱད་འཕགས་ཌཱ་ཀིའི་ཞལ་གདམས་འདི། །བླ་མའི་གསུང་བཞིན་བྲི་བར་བྱ། །སེམས་བསྐྱེད་སྔོན་དུ་སོང་བས། རང་བདེ་མཆོག་ཏུ་བསྐྱེད་པའི་མདུན་གྱི་ནམ་མཁའ་ལ་འོད་ཁ་དོག་ལྔ་ལས་གྲུབ་པ། རིན་པོ་ཆེའི་དབྱིབས་ལྟ་བུ། གསལ་ཞིང་དྭངས་པ་ཅིག་བསམ། གཡས་ཀྱི་ཟླུམ་བསྐོར་གྱི་ནང་ དུ་འཇའ་ཚོན། ལྟ་བུའི། བླ་མ། གཡོན ་གྱི་ཟླུམ་མིག་གསུམ་པ། བསྐོར་འོད་ཀྱི་རང་བཞིན། ནང་དུ་ཆོས་སྐྱོང་། མདུན་སྟེངས་ཟླུམ་བསྐོར་ནང་དུ་མཁའ་སྤྱོད་མ་བསམ། དེ་ནས་སྨིན་མཚམས་སུ་མཁའ་སྤྱོད་མ་དཀར་མོ་གཅིག་བསམ། དེའི་གསང་གནས་ནས་འོད་ཟེར་འཕྲོས། ཟག་མེད་བདེ་བས། མེ་ཏོག་ལ་སོགས་པ་ཕྱི་བླ་མའི་ནང་གསང་གསུམ་གྱིས་མཆོད་ནས། མདུན་གྱི་ནམ་མཁའ་ལ་བཞུགས་པའི། བརྒྱུད་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་ལ་ཕུལ་བས། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བླ་མའི་སྤྱི་བོར་བབས་པས། བདག་གིས་བླ་མ་ལ་མ་གུས་པ་དང་། སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་སངས་དག་པར་བསམ། མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་རང་གི་སྤྱི་བོར་བབས་པས། ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསམ་ཞིང་། ཨོཾ་གསུམ་མ་བརྒྱ་ལ་སོགས་པ་བཟླས། སྒྱུ་མ་རྨི་ལམ་གྱི་བླ་མའི་སྐུ་ལ་མ་གུས་པ་ལ་སོགས་པའི། དྲན་འདུན་དྲག་པོ་བཏང་ངོ། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཱཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཡང་། བླ་མའི་མགྲིན་པར་མཁའ་སྤྱོད་མ་དམར་མོ་གཅིག་བསམ། དེའི་གསང་གནས་ནས་འོད་ཟེར་འཕྲོས་པས་ཕྱི་ནང་གསང་གསུམ་གྱི་མཆོད་པར་གྱུར་ནས། མདུན་གྱི་ནམ་མཁའ་ལ་བཞུགས་པའི། བརྒྱུད་པའི་བླ་མ་རྣམས་དང་། སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ལ་ཕུལ་བས། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དམར་པོ་བྱུང་། བླ་མའི་མགྲིན་པར་བབས། བདག་གིས་བླ་མ་ལ་མ་གུས་པ་དང་། གསུང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་སངས་དག་པར་བསམ། མཁའ་ཟག་པ་མེད་པའི་བདེ་བས་རྒྱུད་གང་། སྤྱོད་མའི་གསང་གནས་བཅག་པ་ལ་སོགས། ནས་འོད་ཟེར་དམར་པོ་རང་གི་མགྲིན་པར་ཕེབས་པས། སྡིག་པ་དང་སྒྲིབ་པ་ཐམས་ཅད་སངས་དག་པར་བསམ་ཞིང་། ཨོཾ་གསུམ་མ་བརྒྱ་ལ་སོགས་པ་བཟླས། སྒྱུ་མ་རྨི་ལམ་གྱི་དྲན་བླ་མའི་གསུང་བཅག་པ་ལ་སོགས་ཀྱི་ཉམས་ཆགས་དང་། འདུན་དྲག་པོ་བཏང་ངོ་། །ཡང་། བླ་མའི་ཐུགས་ཀར་མཁའ་སྤྱོད་མ་མཐིང་ཀ་ཅིག་བསམ། དེའི་གསང་གནས་ནས་འོད་ཟེར་འཕྲོས་པས། ཕྱི་ནང་གསང་གསུམ་གྱི་མཆོད་པར་གྱུར་ནས། བརྒྱུད་པའི་བླ་མ་དང་།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ལ་ཕུལ་བས། དེ་རྣམས་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་མཐིང་ཁ་བྱུང་། བླ་མའི་ཐུགས་ཀར་བབས་པས། ཐུགས་ཟག་པ་མེད་པའི་བདེ་བ་རྒྱས་པས། བདག་གིས་བླ་མ་ལ་མ་གུས་པ་དང་། ཐུགས་ཀྱི་དམ་ཚིག་ཉམས་ཆགས་དག་པར་བསམ། མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་རང་གི་སྙིང་གར་ཐིམ་པས། སྡིག་སྒྲིབ་སངས་དག་པར་བསམ་ཞིང་། ཨོཾ་གསུམ་མ་བཟླས། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བཏང་ངོ་། །བཟླུམ་བསྐོར་སྟེང་མའི་གནས་གསུམ་དུ། །ཨོཾ་དཔྲལ་བར་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ་ལ། འོད་ཁ་དོག་གསུམ་འཕྲོས། རང་བདེ་མཆོག་ཏུ་བསྐྱེད་པའི་ཐུགས་ཀ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ལ། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ། སངས་རྒྱས་དང་བྱང་ཆུབ་སེམས་དེ་གསུམ་ལས། དཔའ་ཐམས་ཅད་
ལ་ཕོག་པས། དེ་དག་གི་སྐུའི་ཡོན་ཏན་ཐམས་ཅད་བསྡུས། ཨོཾ་ལ་ཐིམ། གསུང་གི་ཨཱཿལ་ཐིམ། ཐུགས་ཀྱི་ཧཱུྃ་ལ་ཐིམ་པར་བསམ། དེ་ལ་ཡིད་ཀྱི་གསོལ་བ་བཏབ་པས་དེ་དག་ཅིག་ལ་གཅིག་འཁྲིལ་ནས། པདྨ་ནས་བྱུང་སྟེ། འོད་རང་གི་གནས་གསུམ་དུ་སོ་སོར་ཐིམ་པས་སྡིག་སྒྲིབ་ལ་སོགས་པ་དག་ནས་མི་རྟོག་པ་ལ་བཞག་པར་བྱའོ། །མཁའ་སྤྱོད་མའི། ཟླུམ་བསྐོར་ གཡོན་གྱི་མགོན་པོའི་གནས་གསུམ་དུ ། ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་གསུམ་བསམ། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྡུས་མགོན་པོའི་གནས་གསུམ་དུ་ཐིམ། མགོན་པོའི་གནས་གསུམ་ནས། ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཁ་དོག་དཀར་དམར་མཐིང་གསུམ། གསུམ་བྱུང་རང་གི་དཀར་པོ་དཔྲལ་བའི་ཨོཾ་ལ་ཐིམ། དེ་བཞིན་དུ། མགྲིན་པའི་ཨཱཿལ་དམར་པོ། ཐུགས་ཀའི་ཧཱུྃ་ལ་སྔོན་པོ། དཀར་པོ། དམར་པོ། སྔོན་པོ། གནས་གསུམ་
དུ་ཐིམ། །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསམས་ཞིང་། ཨོཾ་གསུམ་མ་བཟླས། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བཏང་ངོ། །དེ་ནས་བདེ་མཆོག་ཏུ་བསྒོམས་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་བསམས་ལ། གསོལ་བ་དྲག་པོ་གདབ། དེའི་རྗེས་ལ་མདུན་གྱི་བླ་མའི་སྨིན་མཚམས། མཁའ་སྤྱོད་མའི་གསང་གནས་ཀྱི་འོད་ཟེར་དཀར་པོ་དང་། སྟེང་གི་མཁའ་སྤྱོད་མའི་གསང་གནས་ཀྱི་འོད་ཟེར་དཀར་པོ་དང་། མགོན་པོའི་དཔྲལ་བའི་འོད་ཟེར་དཀར་པོ་དང་གསུམ་རང་གི་སྤྱི་བོར་འཕོག །ཡང་། གཡས་ཀྱི་བླ་མའི་མགྲིན་པའི་མཁའ་སྤྱོད་མའི་གསང་གནས་ཀྱི་འོད་ཟེར་མགོན་པོའི་མགྲིན་པའི་ཨཱཿཡིག་འོད་ཟེར་དམར་པོ་དང་གསུམ། རང་གི་མགྲིན་པར་ཕོག །ཡང་། གཡས་ཀྱི་བླ་མའི་ཐུགས་ཀའི་མཁའ་སྤྱོད་མའི་གསང་གནས་ཀྱི་འོད་
ཟེར་དང་། །གཡོན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་དང་། སྟེང་གི་མཁའ་སྤྱོད་མའི་འོད་ཟེར་མཐིང་ཁ་གསུམ། རང་གི་སྙིང་གར་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་བཤང་ལམ་ཆུ་སོ་ནས་མར་ལ། ནུར་རུ་རུ་སོང་པས་སངས་དག་ནས། ལུས་ལྷའི་སྐུ་འོད་གསལ་དུ་སོང་བར་བསམ་ཞིང་། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བཏང་། ཨོཾ་གསུམ་མ་བཟླས་པ་བྱའོ། །ལག་པ་ གཡོན་པ་བཀན་ཏེ། གཡས་ཀྱིས་བཟུང་ནས། དེའི་སྟེང་དུ ་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་བུ། དེའི་སྟེང་དུ་ཨཱ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔས་གང་བར་བསམ། ཡྃ་ལས་རླུང་གཡོས། རྃ་ལས་མེ་འབར། ཐོད་པའི་རྫས་ཁོལ་བ་དང་། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས་དམ་ཚིག་གི་བདུད་རྩིར་གྱུར། ལན་གཉིས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་
གྱུར། གསུམ་བརྗོད་པས་དམ་ཚིག་པ་དང་། ཡེ་ཤེས་པས་གཉིས་སུ་མེད་པར་བསམ། དེ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་དབུལ། དེ་ནས་ཨོཾ་གསུམ་མའི་འཇུག་ཏུ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། མཁའ་སྤྱོད་མ་ལ་འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་ཟུག་ནས་སིབ་སིབ་གསོལ་བར་བསམ་ལ་དབུལ། ཆོས་སྐྱོང་ལ་རང་སྔགས་ཀྱིས་དབུལ། འགྲོ་བ་རིགས་དྲུག་ལ་ཨ་ཀཱ་རོས་དབུལ། དེ་ནས་བསྟོད་པ་དང་གཏོར་རྫོངས་བྱའོ། །དེ་ནས་མཁའ་སྤྱོད་མ་རང་གི་སྤྱི་བོའི་མདའ་གང་ཙམ་དུ་བྱོན། གསང་གནས་ནས་བྱང་སེམས་དམར་པོ་རང་གི་སྤྱི་བོར་བབས། ཁོང་པའི་ནང་ན་མར་སོང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསམ། ཨོཾ་གསུམ་མ་བཟླས། སྒྱུ་མ་རྨི་ལམ་གྱི་དྲན་འདུན་བཏང་ངོ་། །མཁའ་སྤྱོད་
གསུམ་སྤྲུགས་རྫོགས་སོ། །མངྒ་ལཾ། །བྷ་ཝནྟུ། །