Nitartha Digital Library
Tibetan
༄༅།། རི་ཆོས་མཚམས་ཀྱི་ཞལ་གདམས་བཞུགས་སོ།། །།

3 occurrences of མགོན་པོ་བྱང་
[Clear Hits]


 


3 occurrences of མགོན་པོ་བྱང་
[Clear Hits]

 
no previousno next

(༡)རི་ཆོས་མཚམས་ཀྱི་ཞལ་གདམས་བཞུགས་སོ།། །།

(༢)ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། ཆོས་དབྱིངས་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་ཟེར་འགྲོ་བའི་མུན་སེལ་བ། །དྲིན་ཅན་དྷརྨ་ཤྭ་རའི་ཞབས་ལ་འདུད། །མདོ་ཁམས་ཤར་ཕྱོགས་ངོམ་དུ་རུང་བའི་ཡུལ། །ཆུ་བོ་གསེར་ལྡན་འབབ་པའི་འགྲམ་རོལ་ངོགས། །གནམས་གྲུ་གསུམ་ཕག་

(༣)མོའི་དཀྱིལ་འཁོར་འདྲ། །རྒྱལ་པོ་གདན་ལ་བཞུགས་འདྲ་རི་བོའི་ངོས། །སྒྲུབ་གནས་དཔལ་རི་རྩེ་ཡི་མཚམས་ཁང་དུ། །ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་མཇུག་ནས། །ཅང་ཤེས་རཱ་གའི་མདོག་མཚུངས་ལོ་སྐེད་ཀྱི། །ཟླ་བ་འགའ་ཟུང་བར་ལ་དུས་རྒྱུན་དུ། །ཕུག་སྒོ་ཆོས་བཤད་བྱས་ནས་ཐུན་ཆེ་ལ། །ཆོས་ཐུན་དམིགས་ཐུན་རེ་རེ་བཤད་པ་རྣམས། །དད་བརྩོན་ཤེས་རབ་ལྡན་པའི་བརྩོན་འགྲུས་པས། །ཡི་གེར་

(༤)བྲིས་ལ་རི་ཆོས་གླེགས་བམ་བྱུང་། ཨེ་མ་ཧོ། །དུས་མཐའི་དགེ་སློང་ཀརྨ་ཆགས་མེད་བདག །གཞུང་ལུགས་རྒྱ་ཆེན་འགའ་ལ་མ་བྱང་ཞིང་། །རྩོམ་གཞི་དཔེ་མང་བསྡུས་ནས་མ་བལྟས་པས། །མཁས་རྣམས་དགྱེས་པའི་རྒྱུད་གཞུང་ལུང་འདྲེན་མེད། །སྒྲ་དང་སྙན་དངགས་ཚིག་རྒྱན་མི་མཁས་ཤིང་། །ལེགས་པར་བསམ་བློ་བཏང་ནས་མ་བྲིས་པས། །མཁས་རྣམས་མགུ་བའི་ས་བཅད་སྡེབ་སྦྱོར་མེད། །རླུང་རྣམས་དབུ་མར་ཚུད་པར་མ་གྱུར་ཞིང་། །ངག་གི་བདེན་ཚིག་འགྲུབ་པ་མ་ཡིན་ཕྱིར། །གཞན་ཕན་བྱིན་རླབས་འབྱུང་བར་རེ་མི་ཆེ། །འོན་ཀྱང་བླ་མ་ཡི་དམ་དབྱེར་མེད་ལ། །ཡུན་རིང་གསོལ་བ་བཏབ་ཅིང་བསྒྲུབས་པའི་མཐུས། །མདོ་རྒྱུད་གསར་རྙིང་གནད་ཀྱི་མན་ངག་

(༥)རྣམས། །མེ་ལོང་གཟུགས་བཞིན་ཡིད་ལ་གསལ་སྙམ་བྱེད། །བསླབ་ཅིང་བཟུང་བའི་ཚིག་ཀུན་བརྗེད་ལགས་ཀྱང་། །དོན་རྣམས་ཕལ་ཆེར་ཡིད་ལ་མྱོང་བས་གསལ། །ཁ་ནག་ཡིག་ནག་སྤྲད་པའང་མ་ཡིན་ཞིང་། །ཆོས་བཤད་བློ་འཛིན་བཤད་སྦྱངས་མ་བྱས་ཀྱང་། །བཤད་ན་ཟད་མེད་ཆུ་བོ་འདྲ་སྙམ་བྱེད། །མཁས་པས་མ་ལེགས་གསུངས་ནས་བཀག་སྲིད་ཀྱང་། །རང་འདྲའི་རྨོངས་པ་བཞན་ལ་ཕན་ཡང་སྲིད། །ཀ །འཆོལ་བར་འགྲོ་དགོས་ཐེམས་ཡིག་རྩིས་སུ་མནན། །དེ་ལ་ཐེམ་ཡིག་རིན་ཆེན་ཕྲེང་བ་ཡོད། །ཁ། །སྐྱེ་བོ་ཐ་མལ་ཆོས་སྒོར་འཇུག་པའི་ཕྱིར། །རི་ཆོས་གླེང་གཞི་མཐོང་བ་འཛུགས་ཤོར་ཡོད། །ག །ངེས་འབྱུང་བསམ་པ་

(༦)བརྟན་པོ་སྐྱེ་བའི་ཕྱིར། །འཁོར་བའི་ལམ་སྤང་ཤོ་མང་སུལ་འབྱེད་ཡོད། །ང་། །གང་ཟག་ཐེག་པ་ཆེ་ཆུང་སོ་སོ་ཡི། །ཉམས་ལེན་གསལ་བྱེད་འཕགས་པའི་གཎྜཱི་ཡོད། །ཅ། །སྡོམ་གསུམ་རིམ་གྱིས་ཞུས་ནས་སྲུང་བདེའི་ཕྱིར། །སྡོམ་གསུམ་བསྲུང་ཚུལ་ཉི་མའི་དཀྱིལ་འཁོར་ཡོད། །ཆ། །འཁོར་བའི་འཇིགས་པ་ཀུན་ལས་སྐྱོབ་པའི་ཕྱིར། །སྐྱབས་འགྲོའི་ཞལ་གདམས་འཇིགས་པ་ཀུན་སྐྱོབས་ཡོད། །ཇ། །ཅི་བྱེད་བྱང་ཆུབ་ལམ་དུ་འགྲོ་བའི་ཕྱིར། །སེམས་བསྐྱེད་གདམས་པ་བྱང་ཆུབ་གཞུང་ལམ་ཡོད། །ཉ། །རང་གཞན་དཀོན་མཆོག་ཐུགས་རྗེས་སྐྱོབས་པའི་ཕྱིར། །ཐུགས་དམ་སྐྱབས་འཇུག་ཐུགས་རྗེའི་བསིལ་གྲིབ་ཡོད། །ཏ། །ཉམ་ཆུང་ནད་པ་སོགས་ལ་ཕན་པའི་ཕྱིར། །ཐུན་སྐབས་དམིགས་ཐུན་བར་ཆད་ཀུན་སེལ་ཡོད། །ཐ། །ཚེ་རབས་ལས་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར། །སྒྲིབ་སྦྱོང་ཞལ་གདམས་བདུད་རྩི་ཆུ་རྒྱུན་ཡོད། །ད། །དཀའ་ཚེགས་མེད་པར་བསོད་ནམས་ཚོགས་རྫོགས་ཕྱིར། །

(༧)མཎྜལ་གདམས་པ་བསོད་ནམས་རི་བོ་ཡོད། །ན། །བྱིན་རླབས་འཇུག་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་ཡོད། །པ། །དང་པོ་ཉམས་རྟོགས་སྐྱེ་ཚུལ་ཤེས་པའི་ཕྱིར། །མྱོང་བ་ཤུལ་རིང་འགྲོན་པོའི་ལམ་གླུ་ཡོད། །ཕ། །སངས་རྒྱས་བདེན་པས་བར་ཆད་སྐྱོབས་པའི་ཕྱིར། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཡོད། །བ། །རི་ཁྲོད་ས་ཆ་གར་ལེགས་ཤེས་དགོས་ཕྱིར། །ས་དཔྱད་ཉུང་ངུ་རིན་ཆེན་ཀུན་འདུས་ཡོད། །མ། །བློ་ཆུང་རྨོངས་པས་ཉམས་ལེན་བདེ་བའི་ཕྱིར། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཡོད། །ཙ། །ཚོགས་རྫོགས་ནད་གདོན་ལམ་དུ་སློང་བའི་ཕྱིར། །ལུས་སྦྱིན་བདག་འཛིན་གཅོད་པའི་སྟ་རེ་ཡོད། །ཚ། །བླ་མ་མཆེད་གྲོགས་སྦྱིན་བདག་ཚེ་བསྲིང་ཕྱིར། །ཚེ་དཔལ་བསྐྱེད་པ་ཚེ་གཡང་ཁ་སྤྲོད་ཡོད། །ཛ། །ན་སོ་གཞོན་ཞིང་དཀའ་ཐུབ་འདོད་པ་ལ། །བྱ་སྤྱོད་ཉམས་ལེན་ཚངས་པའི་སྒྲ་དབྱངས་ཡོད། །ཝ། ཚོག་འགྲིགས་ཆགས་ཕྱག་

(༨)རྒྱ་མཁས་པ་ལ། །རྣལ་འབྱོར་རྒྱུད་སྒྲུབ་ངན་སོང་སྒོ་གཅོད་ཡོད། །ཞ། །ཚེ་འདས་གཤིན་པོའི་སྒྲིབ་པ་སྦྱོང་པའི་ཕྱིར། །ལྷོ་སྒོའི་དམིགས་རིམ་ཐར་པའི་ལམ་སྟོན་ཡོད། །ཟ། །བར་དོ་རང་ངོ་འཕྲོད་ནས་གྲོལ་བའི་ཕྱིར། །བར་དོའི་ངོ་སྤྲོད་ཐོས་གྲོལ་བསྡུས་པ་ཡོད། །འ། །རི་ཁྲོད་ཆོམ་རྐུན་འཚེ་བ་མེད་པའི་ཕྱིར། །མྱ་ངན་མེད་པའི་ཤིང་གི་བསིལ་གྲིབ་ཡོད། །ཡ། །དད་ལྡན་འབྱོར་ལྡན་སྒྲིབ་པ་སྦྱོང་བའི་ཕྱིར། །གསོན་བྱང་ཞུ་ཐབས་འབྲེལ་ཚད་དོན་ལྡན་ཡོད། །ར། །འབྲོལ་ཚད་ཚེ་འདས་དག་པའི་ཞིང་ཐོབ་ཕྱིར། །ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཡོད། །ལ། །བསྐྱེད་རིམ་གཙོར་སྟོན་མ་ཧཱ་ཡོ་གའི་ལུགས། །ཡི་དམ་སྤྱི་སྒྲུབ་སྔགས་ཀྱི་འབྲུག་སྒྲ་ཡོད། །ཤ །མཆོད་གཏོར་སྒྲུབ་རྫས་ལ་སོགས་འཛོམ་བ་ལ། །ནང་ལྟར་སྒྲུབ་པ་དཔའ་བོའི་རྔམ་སྐད་ཡོད། །ས། །བསྐྱེད་རིམ་དམིགས་པ་ཤིན་ཏུ་གསལ་བ་ལ། །གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཡོད། །ཧ། །འབྱོར་པ་ཆུང་ཞིང་སྒྲུབ་ལ་བརྩོན་པ་ལ། །སྦྱིན་སྲོག་ནོར་བུ་

(༩)སྣ་ཚོགས་མདོར་ཅན་ཡོད། །ཨ། །ཨ་ནུ་ཡོ་གའི་རྒྱུད་གཞུང་ཉམས་ལེན་ཐབས། །ཡང་གསང་སྒྲུབ་པ་བདེ་ཆེན་རབ་འབར་ཡོད། །ཀཾ། །ཨ་ཏི་ཡོ་གའི་རྒྱུད་ཀྱི་ཉམས་ལེན་ཐབས། །དེ་བཞིན་ཉིད་སྒྲུབ་དག་པ་རབ་འབྱམས་ཡོད། །ཁཾ། ཏིང་འཛིན་རྩལ་རྫོགས་སྤྲོས་པར་མི་དགའ་ན། །དྲིལ་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ཡོད། །གཾ། །རྟེན་འབྲེལ་ལུས་ལ་སྒྲིག་པར་བྱ་པའི་ཕྱིར། །འཁྲུལ་འཁོར་རྩ་ཚིག་འཛམ་བུ་ཆུ་གསེར་ཡོད། །ངཾ་། །རྩ་གསུམ་ལྷ་ཚོགས་འགྲུབ་དང་མ་འགྲུབ་པའི། །ཚོད་འཛིན་རྟགས་ཡིག་འཕྲུལ་གྱི་མེ་ལོང་ཡོད། །ཅཾ། །བྱང་ཆུབ་སྐྱོན་མེད་ལམ་ལ་འཇུག་པའི་ཕྱིར། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཡོད། །ཆཾ། །ཕྱི་ནང་གསང་བའི་གེགས་སྐྱོན་བསལ་བའི་ཕྱིར། །གེགས་སེལ་གདམས་པ་བདུད་རྩིའི་ཆར་རྒྱུན་ཡོན། །ཇཾ། །ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྱིར། །བོགས་འདོན་གདམས་པ་ཡིད་བཞིན་ནོར་བུ་ཡོད། །ཉཾ། །ཉོན་མོངས་དུག་ལྔའི་སྒྲིབ་པ་སྤང་བའི་ཕྱིར། །

(༡༠)རྒྱབ་ཆོས་དུག་འཇོམས་རྨ་བྱ་ཆེན་མོ་ཡོད། །ཏཾ། །སྤྱོད་པ་རྒྱལ་བའི་བཀའ་དང་མཐུན་པའི་ཕྱིར། །སྤྱོད་པའི་གདམས་པ་རྒྱལ་སྲས་ལག་ལེན་ཡོད། །ཐཾ། །བསྟན་དང་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །འགྲོ་དོན་གདམས་པ་ཕྲིན་ལས་རྒྱ་མཚོ་ཡོད། །དཾ། །ཆོས་པ་རབ་འབྲིང་ཐ་མ་ཡང་ཐ་རྣམས། །འཆི་ལུགས་དཔག་བསམ་ཤིང་གི་འབྲས་བུ་ཡོད། །ནཾ། །རང་ཉིད་གར་འགྲོ་གཏད་སོ་ཡོད་པའི་ཕྱིར། །ཞིང་ཁམས་འདམས་པ་དེད་དཔོན་ནོར་ལེན་ཡོད། །བཾ། །བསྒོམ་ལོང་མ་བྱུང་འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། །ཕཾ། །འཆི་དུས་གཞི་ཡི་འོད་གསལ་ངོ་འཕྲོད་ཕྱིར། །ཐུགས་དམ་གསལ་འདེབས་རྒྱལ་པོའི་བཀའ་འཕྲིན་ཡོད། །བཾ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །ཆོས་སྐྱོང་སྤྱི་སྒྲུབ་ཕྲིན་ལས་རླབས་ཕྲེང་ཡོད། །མཾ། །ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། །ཙཾ། །སྒྲུབ་པ་ཀུན་ལ་བར་ཆད་མེད་པའི་ཕྱིར། །རྒབ་འདྲེ་མནན་ཐབས་

(༡༡)ཧ་ལའི་རི་རབ་ཡོད། །ཚཾ། །ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། །ཛཾ། །བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། །ཝཾ། །གཞུང་དང་མན་ངག་གཉིས་པོ་གང་འཕྲོད་ཕྱིར། །པཀ་ཤིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད། །ཞཾ། །དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་བྱད་ཚེས་མགོན་པོའི་ནོར་སྒྲུབ་ཡོད། །ཟཾ། །རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། །འཾ། །དགེ་རྩ་འཛད་མེད་གཏེར་དུ་སྦ་བའི་ཕྱིར། །བསྔོ་བའི་ཞལ་གདམས་ནོར་བུ་རིན་ཆེན་ཡོད། །ཡཾ། །གསང་སྔགས་མི་འཆལ་བྱིན་རླབས་བཅུད་ལྡན་ཕྱིར། །གཅིག་བརྒྱུད་ཨུ་པ་ཚེས་ཀྱི་གྲངས་ལྡན་ཡོད། །དེ་ལྟར་རི་ཆོས་མཚམས་ཀྱི་ཞལ་གདམས་ལ། །བདེན་ནམ་རྫུན་གྱི་ཐེ་ཚོམ་སྐྱེས་པ་ན། །གསར་རྙིང་བཀའ་གཏེར་རྒྱ་ཆེར་གཟིགས་དང་མངོན། །ཟབ་དང་མི་ཟབ་ཡིད་གཉིས་ཟ་བ་ན། །ལོ་གསུམ་

(༡༢)མཚམས་སྡོམས་རྩེ་གཅིག་སྒྲུབས་དང་གསལ། །བརྒྱུད་པ་གང་ཡིན་ཐེ་ཚོམ་ཟ་བ་ན། །ཚིག་གི་བརྒྱུད་པ་རྒྱ་ཆེ་གྲངས་མང་ཡང་། །དོན་གྱི་བརྒྱུད་པ་ཟུང་འཇུག་བརྒྱུད་རིམ་ཡིན། །བླ་མ་གང་ཡིན་ཐེ་ཚོམ་ཟ་བ་ན། །འབྲེལ་ཐོབ་སློབ་དཔོན་སུམ་ཅུ་སོ་བགྲངས་ཡང་། །རྩ་བའི་བླ་མ་བྱང་ཕྱོགས་པཎྜི་ཏ། །འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །འཇམ་དབྱངས་གསར་དུ་བཞད་པ་ཞེས་བྱ་བ། །ཀུན་མཁྱེན་དྷརྨ་ཤྭ་ར་ཉིད་ཡིན་ནོ། །ཀྱེ་མ་མཁས་པ་འགའ་ལ་གཏུགས་ན་ཡང་། །གཞུང་གི་བཤད་པ་ས་རྒྱ་རི་ནས་བསྐོར། །གནད་ཀྱི་མན་ངག་རྐུན་ནོར་བཞིན་དུ་སྦ། །དོན་རྩ་ཉམས་སུ་ལེན་བྱ་གཏོར་ཉེན་མཆིས། །བཙུན་ཚུགས་དང་བ་འདྲེན་ལ་གཏུགས་ན་ཡང་། །སྟོང་ཉིད་བསྒོམ་པའི་དུས་ནི་ད་ལྟ་མིན། །ཚོགས་བསགས་སྒྲིབ་སྦྱོང་ཁོ་ནར་འབད་དགོས་གསུངས། །ཉམས་ལེན་ཆོས་ཀྱི་སྐལ་པ་ཆད་ཉན་མཆིས། །གྲུབ་ཐོབ་བཟང་པོ་འགའ་ལ་གཏུགས་ན་ཡང་། །བཀའ་བཀྱོན་དང་བཅས་གདམས་ངག་བརྡའ་ཙམ་

(༡༣)གསུངས། །ཐ་མལ་རྨོངས་པས་བརྡའ་ཡི་དོན་མི་གོ། །བླུན་བསྒོམ་གོལ་སའི་ལམ་དུ་འགྲོ་ཉེན་ཆེ། །རིག་གནས་མཁས་པ་འགའ་ལ་གཏུགས་ན་ཡང་། །སྒྲ་ཚད་སྒྲོག་གླེང་ཐ་སྙད་ཚིག་ལ་འབྱམས། །མཐའ་རྒྱ་མི་ཆོད་ནམ་མཁའ་འདོམ་འཇལ་འདྲ། །འཆི་དུས་སེམས་ལ་གཏད་སོ་མེད་ཉན་མཆིས། །དབང་ལུང་ཐོབ་རྒྱ་ཅན་ལ་གཏུགས་ན་ཡང་། །གྲུབ་མཐའ་མང་པོའི་ལུང་ཡིག་པོ་ཏིར་ལང་། །ཕྱག་ལེན་ཞིབ་བར་མི་གསུང་སྤོམ་ཡོར་ལུས། །ལག་ཏུ་ལོན་ངེས་གཅིག་ཀྱང་མེད་ཉན་མཆིས། །གསར་རླིང་དཔེ་རྒྱུད་རྒྱ་ཆེར་བལྟས་ན་ཡང་། །དེ་ལེགས་དེ་ལེགས་བསམ་པའི་ངང་ལ་ལུས། །དེ་དོན་སྙིང་པོ་རྟོགས་པར་མི་འགྱུར་པས། །ཀློག་མཁན་རྒན་པོ་འདྲ་ཞིག་འོང་ཉན་ཆེ། །གདམས་ངག་ཟབ་དགུའི་དཔེ་བུམ་མར་ཡོད་ཀྱང་། །འདི་ཟབ་འདི་ཟབ་སྙམ་ནས་མི་ལ་བསྐུང་། །ལག་ཁྲིད་མེད་ཕྱིར་གཅིག་ཀྱང་ལག་མི་ལོན། །ཕན་མེད་ཁྲེས་བོ་ལྕི་བའི་རྒྱུ་རུ་མཆིས། །དེ་བས་ཕྱི་རབས་སྒོམ་ཕྲུག་གསར་

(༡༤)པ་རྣམས། །གཞུང་གི་དབང་ལུང་ཁྲིད་སོགས་ཐོབ་ཕྱིན་ནས། །མན་ངག་ཀུན་འདུས་རི་ཆོས་འདི་ཉིད་ཞུས། །དང་པོའི་ལས་ཅན་ཆོས་སྒོར་ཞུགས་པ་ནས། །ཚེ་གཅིག་སྒྲུབ་པའི་གནད་འགག་འདི་ན་འདུས། །ཉམས་སུ་མི་ལོན་དཔེ་ཚོགས་ཅི་ཞིག་བྱ། །གླེགས་བམ་འདི་ཉིད་སྦས་སུ་བཞག་པ་ན། །སློབ་དཔོན་ཁྲོ་མེད་ཡིན་ནོ་སྐལ་ལྡན་རྣམས། །ཨེ་མ་ཧོ། །རི་རབ་རྩེ་ཡི་མཁའ་ལྡིང་གཱ་རུ་ཊ། །ལུས་པོ་མི་འདྲ་འདབ་ཤོག་བྱ་དང་འདྲ། །བྱ་དང་མི་མིན་རླབས་ཆེན་ཁྱུང་ཆེན་ཡིན། །བར་སྣང་ཁམས་ཀྱི་གཡུ་འབྲུག་སྔོན་མོ་ཁོ། །ལུས་པོ་སྦྲུལ་འདྲ་འཕུར་སྐྱེན་བྱ་དང་འདྲ། །བྱ་མིན་སྦྲུལ་མིན་ངར་ཆེན་གཡུ་འབྲུག་ཡིན། །གངས་དཀར་རྩེ་ཡི་སེང་ལྕམ་དཀར་མོ་ཁོ། །ལུས་ནི་གཅན་གཟན་འདུག་གནས་རི་དྭགས་འདྲ། །གཉིས་ཀ་མ་ཡིན་རྩལ་ཆེན་སེང་གེ་ཡིན། །རི་ཆོས་མཚམས་ཀྱི་ཞལ་གདམས་གླེགས་བམ་འདི། །བཀའ་མའི་ཆོས་འདྲ་གཏེར་མའི་ཆོས་ཀྱང་འདྲ། །སོ་སོ་མ་ཡིན་གཅིག་བསྡུས་ཞལ་ཁྲིད་ཡིན། །འཁོར་བའི་རྒྱུན་

(༡༥)གཅོད་འཁོར་ལོ་རིན་ཆེན་ཡིན། །དགོས་འདོད་ཀུན་འབྱུང་ནོར་བུ་རིན་ཆེན་ཡིན། །བདེ་སྟོང་ཉམས་སྟེར་བཙུན་མོ་རིན་ཆེན་ཡིན། །ཕན་བདེའི་བློ་སྟོན་བློན་པོ་རིན་ཆེན་ཡིན། །སྒྲུབ་བརྒྱུད་ཁུར་ཐེག་གླང་པོ་རིན་ཆེན་ཡིན། །དག་པའི་ཞིང་བགྲོད་རྟ་མཆོག་རིན་ཆེན་ཡིན། །བདུད་བཞིའི་དཔུང་འཇོམས་དམག་དཔོན་རིན་ཆེན་ཡིན། །སྒོམ་ཕྲུག་སྒྲུབ་པའི་རྒྱལ་ས་འཛིན་འདོད་ལ། །མང་ཐབས་མེད་པའི་ཕ་ནོར་རིན་ཆེན་བདུན། །ཕ་རྒན་ཀརྨ་ཆགས་མེད་བདག་གིས་བཞག །ང་དང་འཕྲད་ཀྱང་འདི་ལས་སྨྲ་རྒྱུ་མེད། །ཡུན་རིང་འགྲོགས་ཀྱང་ཟབ་གནད་སྟོན་རྒྱུ་མེད། །ཤི་ཡང་ཁ་ཆེམས་འདི་ལས་བཞག་རྒྱུ་མེད། །གསར་རྙིང་བཀའ་གཏེར་མན་ངག་བྱེ་བ་ཕྲག །གཅིག་བསྡུས་བོད་ཆུང་བྱེ་བ་རིང་བསྲེལ་ཡིན། །ཧཱུྃ། །ཆོས་ཀྱི་སྲུང་མ་མཱ་ཧཱ་ཀ་ལ་ཡ། །མ་རྒྱུད་སྐོར་བཞིའི་རྒྱུད་སྲུང་གྲི་ཐོད་ཅན། །སྒྲུབ་བརྒྱུད་སྒོས་ཀྱི་སྲུང་མ་རྡོ་རྗེ་བེར། །སྒྲུབ་བརྒྱུད་སྙིང་པོའི་དོན་བཅུད་རི་ཆོས་འདི། །འཆད་ཉན་བསྒོམས་བསྒྲུབས་བྱས་པའི་གང་ཟག་རྣམས། །སྲུང་ཞིང་སྐྱོང་བའི་གཉེར་

(༡༦)ཁ་ཁྱོད་ལ་གཏད། །སྲུངས་ཤིག་སྐྱོབ་ཅིག་བཛྲ་རཀྵ་ཧཱུྃ། །བྷྱོཿམ་གཅིག་དཔལ་ལྡན་ལྷ་མོ་རང་བྱུང་མ། །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྡེ་སྣོད་གསུམ་པོ་འཆད་ཉན་སྒོམ་སྒྲུབ་པོ། །དེ་ལ་སྲུང་སྐྱོབ་བྲན་དང་ཕོ་ཉ་བྱེད། །གལ་ཏེ་མ་བྱས་ལུས་སྲོག་མེ་འབར་ནས། །མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བའི། །དམ་བཅའ་དམ་ཚིག་གཉེན་པོའི་དུས་ལ་བབས། །སྡེ་སྣོད་གསུམ་གྱི་བཅུད་བསྡུས་རི་ཆོས་འདི། །འཆད་ཉན་ཐོས་སྒོམ་ཉམས་སུ་ལེན་རྣམས་ལ། །སྲུང་སྐྱོབས་སྟོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ཨོཾ། ལྷ་སྨན་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མ་མོ་རྦོད་གཏོང་དཀྱིལ་འཁོར་ལྷར་བཞུགས་པ། །དཀར་མོ་ཆེན་མོ་ཉི་ཟླའི་ཐོད་ཕྲེང་ཅན། །མིང་པོ་རྒྱལ་པོའི་བཀའ་བསྒྱུར་དབང་མོ་ཆེ། །རི་ཆོས་འདི་ཉིད་ཉམས་ལེན་གང་ཟག་ལ། །རྒྱལ་འགོང་དམ་སྲིའི་བར་ཆད་ཁྱོད་ཀྱིས་ཟློག །སློབ་དཔོན་པདྨས་དམ་བཏགས་དམ་ཚིག་ཅན། །ཚོགས་བདག་ཡུམ་སྟེ་རྡོ་རྗེ་བགེགས་ཀྱི་གཙོ། །རི་ཆོས་འཆད་དང་ཉན་དང་

(༡༧)ཉམས་ལེན་ལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་འཚེ་བ་ཟློག །བཞད་པ་རྡོ་རྗེའི་གསང་ཡུམ་ཚེ་རིང་མ། །སྒྲུབ་བརྒྱུད་བསྟན་པ་སྤེལ་བའི་གཡར་དམ་ཅན། །སྒྲུབ་བརྒྱུད་སྙིང་པོའི་བཅུད་བསྡུས་རི་ཆོས་འདི། །གངྒཱའི་རྒྱུན་བཞིན་ཡུན་རིང་འཕེལ་རྒྱས་མཛོད། །ཏྲི། །སྐྱེས་མཆོག་བཛྲ་སཱ་དྷུ་ས་མ་ཡ། །སྔགས་ཀྱི་སྲུང་མ་རྡོ་རྗེ་ལེགས་པ་སྐྱོང་། །སྡེ་བརྒྱད་ཀུན་གྱི་སྣེ་འདྲེན་རྣོ་མྱུར་ཅན། །རི་ཆོས་ཐེམས་མེད་སྐོར་གྱི་བཀའ་འདི་སྲུངས། །སྣོད་མིན་ལག་ཏུ་མ་འཆལ་བྱ་ར་མཛོད། །གཅིག་བརྒྱུད་གདམས་པས་སྐལ་ལྡན་སྨིན་གྲོལ་བའི། །བྱིན་རླབས་བརྒྱུད་པ་གསེར་གྱི་ཕྲེང་བ་བཞིན། །བསྟན་པ་ཇི་སྲིད་བར་ནས་མི་འཆད་མཛོད། །ཧཱུཾ་ཧཱུཾ་ཧཱུཾ། མ་མགོན་སྐྱེས་བུ་ལྷ་སྨན་ཚེ་རིང་མ། །སྙན་གྱིས་གསོན་ལ་མངོན་ཤེས་ཐུགས་ཀྱིས་དགོངས། །རྡོ་རྗེ་འཆང་དབང་རྟ་མཆོག་གསང་བའི་བདག །པདྨ་འབྱུང་གནས་པཀྵི་རང་བྱུང་རྗེ། །ནམ་མཁའ་རྒྱལ་མཚན་ལ་སོགས་སྤྱན་སྔ་རུ། །གསང་

(༡༨)སྔགས་ཆོས་ཀྱི་བཀའ་སྲུང་བྱེད་པ་དང་། །སྒྲུབ་པ་བྱེད་པའི་གང་ཟག་ཐམས་ཅད་ལ། །བུ་སྡུག་བཞིན་དུ་སྐྱོང་བར་དམ་བཅས་པའི། །ཐུགས་དམ་ཐ་ཚིག་གཉན་པོ་རྗེས་དགོངས་ལ། །དམ་ཆོས་ཀུན་གྱི་བཅུད་བསྡུས་རི་ཆོས་དང་། །འདི་ཉིད་འཆད་དང་ཉན་དང་ཉམས་ལེན་པ། །ཀུན་ལ་བུ་བཞིན་སྐྱོངས་ཤིག་ས་མ་ཡ། །དེ་ལྟར་བརྩམས་མཁན་ཀརྨ་ཨ་རཱ་ག །བདག་ནི་སོ་སྐྱེའི་དབང་གྱུར་མི་ཤེས་པས། །དོན་ལོག་དོན་འགལ་སྦ་འོས་གསལ་བཀོད་སོགས། །འདི་བརྩམས་ལས་གྱུར་ཉེས་པ་གང་མཆིས་རྣམས། །མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་ཐམས་ཅད་དང་། །རྩ་གསུམ་ཆོས་བདག་སྲུང་མ་རྣམས་ལ་བཤགས། །ཚེ་འདིའི་བར་ཆད་རྐྱེན་དུ་མི་འགྱུར་ཞིང་། །ཡུན་གྱི་སྒྲིབ་པར་ཡང་ནི་མ་གྱུར་ཅིག །རྩོམ་པའི་སློབ་དཔོན་ཀརྨ་ཆགས་མེད་དང་། །ཞུ་ཞུང་འབྲི་བའི་ངལ་བ་དང་ལེན་པ། །སློབ་བུ་རུ་པ་བརྩོན་འགྲུས་རྒྱ་མཚོ་དང་། །དེ་དག་གཉིས་ལ་འབྲེལ་ཐོགས་འགྲོ་བ་དང་། །ཆོས་འདི་

(༡༩)མཐོང་ཐོས་འབྲེལ་ཐོགས་འགྲོ་བ་རྣམས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་འཕོས་ཚེ་སྐྱེ་བ་གཞན་དག་གིས། །བར་མ་ཆོད་པར་བདེ་ཆེན་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་རིགས་བདག་ཞལ་མཐོང་ཞིང་། །བླ་མེད་རྫོགས་པའི་བྱང་ཆུབ་མ་ཐོབ་བར། །དཔོན་སློབ་མཆེད་གྲོགས་ཐམས་ཅད་མི་འབྲལ་བར། །བྱང་ཆུབ་སྤྱོད་པ་རླབ་ཆེན་སྤྱོད་པར་ཤོག །མདོར་ན་བདག་དང་སློབ་མ་བརྒྱུད་པར་བཅས། །རི་ཆོས་འདི་ལ་འབྲེལ་པ་ཐོགས་ཚད་ཀུན། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སྐུ་ཚེ་རྫུ་འཕྲུལ་པད་འབྱུང་ལྟ་བུར་ཤོག །སྤྱན་རས་གཟིགས་དང་འགྲོ་དོན་མཉམ་པར་ཤོག །འཇམ་པའི་དབྱངས་དང་མཁྱེན་རབ་མཉམ་པར་ཤོག །གསང་བའི་བདག་དང་མཐུ་སྟོབས་མཉམ་པར་ཤོག །རི་ཆོས་འདི་ལ་འབྲེལ་པ་ཐོག་ཚད་རྣམས། །རང་སེམས་ཆོས་སྐུ་མངོན་སུམ་རྟོགས་པ་ཡི། །བཀའ་བརྒྱུད་བླ་མའི་བཀྲ་ཤིས་འབྱུང་བར་ཤོག །རང་ལུས་དཀྱིལ་འཁོར་

(༢༠)མངོན་སུམ་གསལ་བ་ཡི། །ཡི་དམ་ལྷ་ཡི་བཀྲ་ཤིས་འབྱུང་བར་ཤོག །བཙུན་ཚུགས་ཉེ་བར་འཁོར་དང་མཉམ་པ་ཡི། །གནས་བརྟན་བཅུ་དྲུག་བཀྲ་ཤིས་འབྱུང་བར་ཤོག །ཕྲིན་ལས་ལྷུན་གྲུབ་བསྟན་པ་མཐའ་ཡས་པའི། །མ་མགོན་ལྕམ་བྲལ་བཀྲ་ཤིས་འབྱུང་བར་ཤོག །ཆོས་རྒྱུད་ཆུ་བོའི་རྒྱུན་བཞིན་རིང་བ་ཡི། །ཚེ་རིང་མཆེད་ལྔའི་བཀྲ་ཤིས་འབྱུང་བར་ཤོག །མྱུར་མགྱོགས་ཕྲིན་ལས་གློག་ལྟར་འཁྱུགས་པ་ཡི། །སྐྱེས་བུ་ཆེན་པོའི་བཀྲ་ཤིས་འབྱུང་བར་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། །ཅེས་བྱ་བའི་དོན་ངོམ་དུ་རུང་བའི་ཡུལ་སྟོད་གནས་ཆེན་རྡོ་རྗེའི་སྐྱེད་ཚལ་དཔལ་རི་རྩེ་ཡི་སྒྲུབ་ཁང་དུ། སྙིགས་དུས་ཀྱི་དགེ་སློང་སུམ་ལྡན་རྡོ་རྗེ་འཛིན་པ་ཀརྨ་ཨ་རཱ་ག་ཞེས་བྱ་བ་ཚེ་མཚམས་ཀྱི་དམ་བཅའ་ལ་གནས་པའི་སྐབས་སུ། །བླ་མ་རུ་པ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བ་ཕུག་སྒོར་ཡང་ཡང་སླེབ་ཅིང་ཞུ་ལེན་གྱི་ཚུལ་དུ། །ཞུ་བ་པོ་ཉིད་ཀྱིས་ཡི་གེ་པ་བྱས་ཏེ། །དཔལ་ཆེན་རྟ་མགྲིན་དམར་པོ་

(༢༡)མཚོན་པའི་མེ་ཕོ་རྟའི་ལོ་ཁྲུམས་ཟླའི་ཉེར་གཉིས་ནས་འཕྲོ་མཐུད་དེ། །ཡུམ་ཆེན་ཕག་མོ་དམར་མོ་མཚོན་པའི་མེ་མོ་ཕག་གི་ཟླ་བ། །ལྷ་ལྔ་མཚོན་པའི་ཡར་ཚེས་ལྔའི་སྔ་དྲོ་རི་ཆོས་ཀྱི་གླེགས་བམ་ཡོངས་སུ་རྫོགས་པར་གྲུབ་པའོ། །ཐེམ་ཡིག་ལེའུ་དང་པོའོ། །མངྒ་ལཾ། །ཁ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །གླེང་གཞི་མཐོང་བ་འཛུམ་ཤོར་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། །རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱི། །གླེང་གཞི་རྒྱུ་རྐྱེན་བརྩམས་པའི་དོན། །ཉུང་བསྡུས་ཚིགས་སུ་བཅད་དེ་བཀོད། །མཁས་འདོད་ཆེ་བའི་རྩོམ་པ་མཁན། །བཟང་འདོད་ཆེ་བའི་ཚུལ་ཚེས་མཁན། །རྟག་འཛིན་ཆེ་བའི་ཁང་ལས་མཁན། །ཉེ་རྩིས་ཆེ་བའི་འཁོར་སྡུད་མཁན། །ནོར་འདོད་ཆེ་བའི་འགྲོ་དོན་མཁན། །འཆི་དོགས་ཆེ་བའི་མཚམས་སྒྲུབ་མཁན། །རཱ་ག་ཨ་སྱ་མིང་ཅན་དེས། །མཁས་གྲུབ་བླ་མ་རྣམ་བཞིའི་དྲུང་། །རྩེ་གཅིག་བསྒྲུབ་པའི་དམ་བཅའ་ཕུལ། །མི་ཆེན་ཡོན་བདག་མང་པོ་

(༢༢)ལ། །ཚེ་མཚམས་བྱེད་པའི་ཁ་ཕུང་བྱས། །རྟ་ཕྱུགས་བྲང་ང་རི་ན་བཞག །གྲོང་ལྟག་ཁང་ཆུང་ཕྲ་མོའི་ནང་། །ན་དོགས་འཆི་དོགས་འདོན་འབུག་གཟབ། །སོ་གསོད་ལྐོག་ཉལ་བྱེད་པ་ན། །ཟླ་ངོ་བཅུ་གཉིས་ངོ་མཐོང་དུས། །རིགས་བཟང་བློ་གསལ་ཤེས་རབ་ཅན། །དད་གུས་བརྩོན་པར་ལྡན་པ་ཡི། །བླ་མ་བརྩོན་འགྲུས་རྒྱ་མཚོ་དེ། །མཚམས་ཁང་ཕུག་སྒོའི་རྩ་རུ་སླེབས། །བདག་ནི་ད་ལོ་དེའུ་ཤི་བྱས། །ཟུག་གཟེར་དྲག་པོས་མནར་བ་ཡི། །སྡུག་བསྔལ་རྟོགས་པས་ནོན་མ་ཐུབ། །ན་བའི་སྡུག་བསྔལ་དེ་འདྲ་ན། །འཆི་བདག་གཤིན་རྗེ་བྱུང་ཙམ་ན། །ཉམས་རྟོགས་བོར་ལ་ཡར་གྱི་དོགས། །དཀོན་མཆོག་ཐུགས་རྗེས་མ་ཤི་བས། །སྒྱུ་ལུས་འདི་ལ་བེད་གཅོད་ནས། །མི་འཆིའི་ཐབས་ནི་མི་གདའ་སྟེ། །ཤི་ཡང་འགྱོད་པ་མེད་པ་ཡི། །མཚམས་དང་སྒྲུབ་པ་ཨེ་ཐོན་བསམ། །སྒྲུབ་གནས་རི་ཁྲོད་གཅིག་ཡོད་དེ། །ས་དཔྱད་ཡང་ནི་མི་ཤེས་པས། །འདུག་རུང་མི་རུང་ཐག་མ་ཆོད། །དབང་ལུང་གདམས་ངག་མང་ཐོབ་ཅིང་། །བསྐྱེད་རྫོགས་གོ་བ་ཆེ་ན་

(༢༣)ཡང་། །སྒྲུབ་པ་མ་ཐོན་ཉམས་མྱོང་མེད། །རི་ཁྲོད་ཁོ་ན་འགྲིམ་བསམ་སྟེ། །རི་ཆོས་གདམས་པ་ཐོབ་མ་མྱོང་། །བཀའ་བརྒྱུད་གོང་མས་མཛད་པ་ཡི། །རི་ཆོས་དཔེ་ཆ་འགའ་ཡོད་དེ། །ལུང་རྒྱུན་ཙམ་ཡང་མ་ཐོབ་ཅིང་། །ཉམས་སུ་ལོན་པའང་དཀའ་བར་གདའ། །ཁྱེད་ཀྱི་བརྩམས་ཆོས་མང་ན་ཡང་། །དེ་སྔོན་རི་ཆོས་མ་མཛད་པས། །རི་ཆོས་ཤིག་ནི་རྩོམ་པར་ཞུ། །ཁྱེད་ཀྱི་ཕྱག་ཀྱང་བསྙུང་ཟེར་བས། །ཕྱག་བྲིས་འོ་རྒྱལ་ཆེ་ལགས་པས། །ཞལ་ནས་གསུང་དང་ངེད་ཀྱིས་འབྲི། །དེ་ལྟར་བརྩམ་པའི་མཎྜལ་དུ། །འོད་མཚན་ཅོད་པན་འཆང་བ་ཡི། །ཞབས་རྗེས་གསེར་ཐང་བྱིན་རླབས་ཅན། །ཉིད་ཀྱིས་མཛད་ཆོས་གླེགས་བམ་བཅས། །ཕུལ་ནས་ཕྱག་ཀྱང་དགུ་ཕྲུག་འཚལ། །མཎྜལ་ཀྱང་ནི་བརྒྱ་རྩ་ཕུལ། །དེ་ཚེ་རཱ་ག་ཨ་སྱ་ཡིས། །ཧེ་ཧེ་བརྩོན་འགྲུས་རྒྱ་མཚོ་བ། །བཀའ་བརྒྱུད་གོང་མས་གསུངས་པ་ཡི། །རི་ཆོས་རྣམས་ཀྱི་དོན་རྩ་ནི། །ཚེ་འདིའི་བྱ་བ་བློས་བཏང་ནས། །ཕ་ཡུལ་སྤངས་པའི་གནས་རི་རུ། །

(༢༤)མི་རྟག་འཆི་བས་སེམས་བསྔངས་ཏེ། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །ཆུ་འཐུང་རྡོ་མུར་རོ་གོས་གྱོན། །རང་སེམས་ངོ་བོ་སྐྱོང་བ་ལས། །བྱ་རྒྱུ་ཅི་ཡང་མེད་པར་བྱས། །བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་བསྒྲུབ་རྒྱུ་མེད་པར་བྱས། །འཆི་བདག་ནམ་འོང་སྒུག་པ་ལས། །བསམ་རྒྱུ་ཅི་ཡང་མེད་པར་བྱས། །དད་འདུན་ཡོན་བདག་བྱུང་སྲིད་ན། །རི་དྭགས་སྨྲས་མས་མི་མཐོང་བཞིན། །ལུང་སྟོང་མི་སྐད་མེད་སར་འབྲོས། །བཀའ་བརྒྱུད་གོང་མའི་རི་ཆོས་ཡིན། །ན་མེད་རླུང་ཁྱེར་ཆོས་པ་ལ། །དེ་འདྲ་བདག་གིས་མ་ནུས་པས། །སྐྱེས་པའི་ཡུལ་འདིར་སྡོད་ཡུན་རིང་། །ས་མིང་མི་ལ་ཐོགས་ནས་ཡོད། །ཉེ་དུ་དབོན་རིགས་གྲྭ་པར་བསྐོར། །གཅིག་པུར་ཞག་གཅིག་འདུག་མ་མྱོང་། །ལོ་བརྒྱད་ལོན་ནས་དཀོར་ལ་ཟོས། །དེང་སང་རྟ་ཕྱུག་བྲང་ང་ཡོད། །འཆི་བ་སྙིང་ལ་མ་གཟེར་བས། །རི་ཁྲོད་གནས་ཆེན་ཁང་པ་ཙམ། །དེ་ཕྱིར་རི་ཆོས་རྩོམ་ཐབས་མེད། །བཀའ་བརྒྱུད་གསུང་ལ་

(༢༥)དཔེ་བྱས་ནས། །བྲིས་ན་རྒྱུས་ཡོད་ཀུན་གྱིས་ཁྲེལ། །ཁ་ཡི་གཏམ་པ་སྣས་ཁྲེལ་དཔེ། །རང་གི་ཉམས་སུ་མ་བླངས་པའི། །ཆོས་བཤད་བྱས་ཀྱང་སུ་ཡིད་ཆེས། །དེ་ཕྱིར་རི་ཆོས་རྩོམ་ཐབས་མེད། །ཅེས་སྨྲས་བརྩོན་འགྲུས་རྒྱ་མཚོ་དེས། །ཞག་གཅིག་བསམ་མནོ་བཏང་བྱས་ནས། །སླར་ཡང་ཞུ་བ་ཕུལ་བ་ནི། །བླ་མ་རཱ་ག་ཨ་སྱ་ཁྱེད། །ཆུང་ནས་རབ་བྱུང་ཚུལ་ཁྲིམས་ལྡན། །བླ་མ་ཆེ་ཕྲ་མང་དུ་བསྟེན། །གསར་རྙིང་དབང་ལུང་གདམས་པས་ཕྱུག །གཞོན་ཚེ་གྲོང་ཆོག་མཛད་ཚེ་ཡང་། །བར་སྐབས་བསྙེན་སྒྲུབ་དཔག་མེད་མཛད། །དེ་རྗེས་ལོ་གྲངས་བཅུ་གསུམ་བར། །བསྒྲུབ་པའི་དམ་བཅའ་མཐའ་རུ་ཕྱིན། །ས་གཏེར་གནམ་ཆོས་མང་པོ་ནས། །སྐལ་ལྡན་ཆོས་བདག་ལུང་བསྟན་ཐོབ། །ལོ་བདུན་ཕྱོགས་མཚམས་འགྲོ་དོན་རྒྱས། །ཆེ་དགུ་མང་པོས་བཏུད་ཅིང་བཀུར། །ད་ནི་ཚེ་མཚམས་དམ་བཅའ་མཛད། །དེ་སྔོན་ཉིད་ཀྱིས་ཉམས་མྱོང་དང་། །བསྟུན་པའི་རི་ཆོས་གནང་བར་ཞུ། །དེ་བས་ལྷག་པའི་བྱ་བཏང་

(༢༦)སོགས། །བཤད་ཀྱང་ང་ཡིས་ཉམས་མི་ལོན། །ཉམས་སུ་མི་ལོན་དམ་ཆོས་དེ། །དཔེ་ཆའི་ཁྲེས་པོ་ལྕི་བའི་རྒྱུ། །ཉམས་སུ་ལོན་ངེས་གདམས་པ་ཞུ། །ཟེར་བས་རཱ་ག་ཨ་སྱ་དེས། །ཉི་ཐུང་ཐུགས་དམ་ཕྱེད་རྒྱུ་མང་། །རི་ཆོས་ལ་སོགས་རྩེམ་གཞི་ཡི། །དཔེ་ཆ་གཅིག་ཀྱང་མ་བལྟས་ཤིང་། །སྐུ་རིམ་སྲུང་ཟློག་དམིགས་རིམ་མང་། །བསམ་མནོ་བཏང་ལོང་མ་བྱུང་ཡང་། །དགོངས་མོའི་ཐུན་མཚམས་རེ་རེ་ལ། །འཕྲལ་དུ་གང་དྲན་སྨྲས་པ་རྣམས། །བླ་མ་བརྩོན་འགྲུས་རྒྱ་མཚོ་པས། །ཟབ་ཆོས་ཡིན་པའི་དད་འདུན་གྱིས། །གོས་སྲབ་ལོ་གསར་ལྷགས་པ་ལ། །བཟོད་པའི་གོ་ཆ་ཆེན་པོ་བསྒོས། །སོར་མོ་རླུང་གི་རྟ་ལ་ཞོན། །སྨྲས་རིམ་བཞིན་དུ་བྲིས་ཚར་བྱས། །རིམ་པ་བཞིན་དུ་བྲིས་པའོ། །མདོ་རྒྱུད་ལུང་འདྲེན་མེད་པའི་ཕྱིར། །མཁས་པ་རྣམས་ཀྱིས་གཟིགས་ཉན་མེད། །འོན་ཀྱང་མདོ་རྒྱུད་བསྟན་བཅོས་ནི། །ཚད་ལྡན་གང་ལའང་མི་འགལ་སྙམ། །སྟོང་སྐད་མཐོན་པོ་མ་མཆིས་པས། །རྟོགས་པ་མ་ཐོན་

(༢༧)པོས་གཟིགས་ཉན་མེད། །འོན་ཀྱང་གོལ་ས་ཤོར་ས་ལ། །ལྟུང་བའི་སྐྱོན་ནི་མེད་སྙམ་བགྱི། །སྡེབ་སྦྱོར་སྙན་དངགས་མ་མཆིས་པས། །རྩོམ་པའི་ཡན་ལག་མ་ཚང་ཡང་། །སེམས་ལ་ཕན་པ་ཡོད་སྙམ་བགྱི། །འདི་ཉིད་ཚུལ་བཞིན་ཉམས་བླངས་ན། །གྲུབ་ཐོབ་ཟེར་བ་མ་བྱུང་ཡང་། །བྱང་ཆུབ་ལམ་ལ་འགྲོ་སྙམ་བགྱིད། །དེ་ཕྱིར་སྣག་ཤོག་སྨྱུ་གུ་ལ། །སེར་སྣ་མ་བྱས་བྲིས་པ་ལགས། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །གླེང་གཞིའི་སྐོར་ཏེ་དང་པོའོ།། ༈ །།ན་མོ་གུ་རུ། བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱེད། །ངེས་པར་རི་ཁྲོད་འགྲིམས་དགོངས་ན། །ལུས་ལ་སྙིང་པོ་ལེན་དགོངས་ན། །མི་ལུས་དོན་ལྡན་བྱེད་དགོངས་ན། །འཆི་ཁ་འགྱོད་མེད་བྱེད་དགོངས་ན། །འཆི་ལ་མི་འཚེར་བྱེད་དགོངས་ན། །བར་དོ་མེད་པར་བྱེད་དགོངས་ན། །ཕྱི་མའི་བདེ་སྐྱིད་བསྒྲུབ་དགོངས་ན། །བདེ་ནས་བདེ་བར་འགྲོ་དགོངས་ན། །གཏན་བདེའི་འདུན་མ་བསྒྲུབ་དགོངས་ན། །མཐར་ཐུག་སངས་རྒྱས་ཐོབ་

(༢༨)འདོད་ན། །ང་ཡི་སྙིང་གཏམ་ཡིད་ལ་ཞོག །བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །མི་ལུས་ཐོབ་པ་ལན་རེ་ལགས། །ད་རེས་ལོ་བརྒྱ་ཐོག་གཅིག་ཡིན། །མི་ལུས་དོན་དང་ལྡན་པར་མཛོད། །བསྐལ་པ་བརྒྱ་སྟོང་དུ་མ་ལ། །སངས་རྒྱས་ཆོས་ཀྱི་སྒྲ་ཡང་མེད། །ད་རེས་བསྐལ་པ་བཟང་པོར་སྐྱེས། །སངས་རྒྱས་སྟོང་རྩ་འབྱོན་ན་ཡང་། །བར་སྐབས་བསྟན་པ་ནུབ་ཡུན་རིང་། །ད་རེས་ཤཱཀྱའི་བསྟན་དང་མཇལ། །འཛམ་གླིང་ཡུལ་གྲུ་མང་པོ་ན། །བོད་མིན་གཞན་ལ་དམ་ཆོས་ནུབ། །ད་རེས་ཁ་བ་ཅན་དུ་སྐྱེས། །འོན་ལོང་དབང་པོ་མི་གསལ་ན། །མི་ལུས་ཙམ་པོས་ཆོས་མི་གོ། །ད་རེས་ཤེས་རབ་རིག་པ་གསལ། །ད་རེས་ཆོས་ཤིག་མ་བྱས་ན། །ཕྱིས་ནས་འདི་འདྲའི་ལུས་མི་རྙེད། །དེ་ཕྱིར་མི་ལུས་དོན་ལྡན་མཛོད། །མི་ལུས་དོན་ལྡན་གང་ཞེ་ན། །སྡོམ་གསུམ་རིམ་གྱིས་ཞུས་པ་རྣམས། །རྩ་བ་མ་ཉམས་སྲོག་ལྟར་བསྲུངས། །ཕྲ་ཞིབ་ཉམས་ན་གསོ་སྦྱོང་མཛོད། །ལུས་ལ་གཡོག་གི་འདུ་ཤེས་ཀྱིས། །དལ་བར་ཡུད་ཙམ་

(༢༩)ཉལ་མ་བཅུག །ལུས་ལ་བེད་ཆོད་ཕྱག་བསྐོར་མཛོད། །ཡང་ན་རླུང་དང་འཁྲུལ་འཁོར་སྦྱོངས། །ངག་ལ་བེད་ཆོད་བསྙེན་སྒྲུབ་མཛོད། །ཡང་ན་གསོལ་འདེབས་ཆོས་སྤྱོད་འབུངས། །སེམས་ལ་བེད་ཆོད་བསྐྱེད་རྫོགས་སྒོམས། །ཡང་ན་སྙིང་རྗེའི་གཏོང་ལེན་གཅེས། །གཡོག་ལ་གླ་དང་ཆས་མ་ལྟར། །དམ་ཆོས་བསྒྲུབ་པའི་གླ་བརྔན་དུ། །ལྟོ་གོས་ཅི་འབྱོར་ཙམ་རེ་གྱིས། །མ་འཛོམ་དཀའ་ཐུབ་བཅུད་ལེན་མཛོད། །ཤ་ཐུད་ཇ་སོགས་ཟས་བཟང་ཡང་། །ཞག་གཅིག་སོང་ནས་མི་གཙང་རྫས། །དེ་ལ་སྙིང་པོ་མེད་པར་སོམ། །ལྟོགས་དང་སྐོམ་པའི་ཡི་མུག་སྐྱུར། །རླུང་བཅུད་དམིགས་པས་ལུས་སྟོབས་བསྐྱེད། །འཛོམ་ན་དཀའ་ཐུབ་དགོས་རྒྱུ་མེད། །ལུས་ལྷ་ཡི་དམ་རྣམས་ལ་མཆོད། །རང་གཞན་བསོད་ནམས་ཚོགས་སུ་བསྔོ། །མ་ཤིའི་བར་དུ་དེར་འབད་ན། །མི་ལུས་དོན་དང་ལྡན་པ་དང་། །ཤི་ཡང་འགྱོད་མེད་འགྲུབ་པ་ཡིན། །ལུས་ལ་སྙིང་པོ་ལེན་པའི་གླུ། །རི་ཆོས་ཀུན་གྱི་ཐོག་མ་

(༣༠)ཡིན། ༈ །ན་མོ་གུ་རུ། །གསོན་དང་ཀརྨ་བརྩོན་འགྲུས་པ། །ངེས་པར་རི་ཁྲོད་འགྲིམ་པ་ན། །སྔོན་འགྲོའི་ཆོས་སུ་གསུངས་ན་ཡང་། །དུས་རྣམས་ཀུན་ཏུ་གལ་ཆེ་བ། །མི་རྟག་འཆི་བ་དྲན་པ་གཅེས། །འཆི་བ་སྙིང་ནས་མ་དྲན་ན། །ཆོས་སྒོར་ཞུགས་པ་དོན་མ་མཆིས། །ལྟོ་ཕྱིར་རབ་ཏུ་བྱུང་བ་དང་། །གྲལ་ཕྱིར་བསྙེན་པར་རྫོགས་ན་ཡང་། །ཆོས་མེད་སེར་མོའི་གཟུགས་བརྙན་ཙམ། །རིག་གནས་ཡོན་ཏན་ཀུན་བསླབས་ཀྱང་། །ཟང་ཟིང་ལོངས་སྤྱོད་བསྡུ་ཕྱིར་ཙམ། །མཚམས་སྒྲུབ་རི་ཁྲོད་འགྲིམས་ན་ཡང་། །ངག་ནུས་ནད་གདོན་ཞི་ཕྱིར་ཙམ། །སྡོམ་པ་དམ་ཚིག་སྲུང་ན་ཡང་། །ངོ་ཚས་མི་ཁ་སྲུང་ཕྱིར་ཙམ། །གང་བྱས་ཚེ་འདི་ཁོ་ནའི་དོན། །དེ་ཀུན་འཆི་བ་མ་དྲན་སྐྱོན། །འདུས་བྱས་མཚན་ཉིད་མི་རྟག་པ། །སྟོང་གསུམ་འཇིག་རྟེན་སྲ་འཁྲེགས་ཅན། །འདི་ཡང་མེ་ཆུ་རླུང་གིས་འཇིག །རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ། །དེ་ཡང་འདས་པའི་ཚུལ་སྟོན་ན། །བསོད་ནམས་ཆུང་ངུའི་

(༣༡)འབྲས་བུ་ཡི། །མི་ལུས་ཉམ་ཆུང་ལྟ་ཅི་སྨོས། །ཚངས་དང་བརྒྱ་བྱིན་འཁོར་ལོས་བསྒྱུར། །སྟོབས་ཆེན་དེ་རྣམས་འཆི་དགོས་ན། །སྲོག་ཆགས་གཞན་ལ་སྨོས་ཅི་དགོས། །འཛམ་གླིང་ཚེ་ལ་ངེས་པ་མེད། །ཁྱད་པར་དེང་སང་སྙིགས་མའི་སྐབས། །ཚེ་ཚད་བཞི་བཅུ་ཁ་རལ་དུས། །དེ་ཡང་མི་ཐུབ་འཆི་བ་མང་། །མཁས་དང་བཙུན་དང་བཟང་བ་དང་། །རྒྱལ་པོ་མན་ནས་སྤྲང་པོ་ཡན། །མི་འཆི་འདུག་ས་གཅིག་ཀྱང་མེད། །ཀྱེ་མ་བརྩོན་འགྲུས་རྒྱ་མཚོ་བ། །འཆི་བ་ཀུན་གྱིས་ཤེས་མོད་ཀྱང་། །ད་དུང་མི་དོགས་བསམ་པ་འདིས། །ཐམས་ཅད་འདི་ཡིས་བསླུས་ནས་གདའ། །ང་ཡང་འདི་ཡིས་བསླུ་བསླུ་འདྲ། །ཁྱེད་ཀྱང་འདི་ཡིས་བསླུ་དོགས་མཛོད། །ཕུ་ཤི་མདའ་ཤི་ཟེར་པའི་དུས། །ཆ་ངག་ཡིན་པར་གོ་བར་མཛོད། །ན་མཉམ་གཞོན་པ་ཤི་བའི་དུས། །ཚེ་ལ་ངེས་མེད་དྲན་པར་མཛོད། །རོ་དང་རུས་པ་མཐོངས་བའི་ཚེ། །ལུས་ཀྱི་ཆོས་ཉིད་དྲན་པར་མཛོད། །སྨན་གྱིས་མ་ཕན་ཤི་ཐོས་ཚེ། །སྨན་གྱིས་

(༣༢)ཕན་མེད་དྲན་པར་མཛོད། །རིམ་གྲོས་མ་ཕན་ཤི་ཐོས་ཚེ། །ཟློག་ཐབས་མེད་པ་དྲན་པར་མཛོད། །ནང་པར་ཐོགས་པའི་འགྲོན་པོ་བཞིན། །མྱུར་དུ་འགྲོ་དགོས་དྲན་པར་མཛོད། །ལོངས་སྤྱོད་རྒྱ་མཚོ་ཡོད་ན་ཡང་། །ཞག་བརྒྱགས་ཁྱེར་དབང་ཨེ་གདའ་ན། །འཁོར་གཡོག་བརྒྱ་སྟོང་ཡོད་ན་ཡང་། །གཅིག་ཙམ་ཁྲིད་དབང་ཨེ་གདའ་ན། །ཁྲབ་ཆེན་བརྒྱ་སྟོང་དཔུང་ཡོད་ཀྱང་། །འཆི་བདག་བཀག་ས་ཨེ་གདའ་ན། །ཟས་ནོར་འཛམ་གླིང་བཀང་ཡོད་ཀྱང་། །འཐེན་ས་གཏོང་ས་ཨེ་གདའ་ན། །ནམ་འོང་ཆ་མེད་འཆི་བདག་དེ། །ནམ་མཁའི་དབྱིངས་ནས་ཐོག་རྒོད་བཞིན། །ནམ་ཙམ་འོང་ན་ཨ་ཙ་མ། །འཆི་ཁ་གནད་གཅོད་སྡུག་བསྔལ་དེ། །གཉེན་འདུན་མང་པོས་མཐའ་བསྐོར་ཡང་། །བགོ་ནས་ཁུར་ཐབས་ཨེ་གདའ་ན། །འབྱུང་བཞིའི་གཏོང་ལེན་ཐིམ་རིམ་ལ། །ལོག་པའི་འཁྲུལ་སྣང་སྣ་ཚོགས་དེ། །ཤེས་རིག་བཀྲ་ཡང་ཨེ་ཕན་ན། །བར་དོའི་འཇིག་སྐྲག་སྣ་ཚོགས་པས། །ཉེས་ཆེན་རྩོན་དུ་བཟུང་བ་བཞིན། །

(༣༣)སྔངས་སྐྲག་འཇིགས་གསུམ་ཨ་ཙ་མ། །ཆ་མེད་ཡུལ་དུ་རྒྱུས་མེད་མི། །གྲོགས་མེད་གཅིག་པུར་འཁྱམས་པའི་དུས། །གར་འགྲོའི་གཏད་སོ་ཡོད་ལགས་སམ། །བརྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །ལས་ཀྱི་གཤིན་རྗེའི་ཁྲིམས་ར་ན། རྫུན་གྱི་ཕན་པ་མེད་དོ་སྐད། །མི་ལོང་ཡིག་ཆུང་གསལ་ལོ་སྐད། །དེ་དུས་ངོ་གནོད་མེད་པ་ཞིག །བརྩོན་འགྲུས་རྒྱ་མཚོ་ད་རེས་རེམ། །མི་རྟག་འཆི་བ་དྲན་པའི་གླུ། །རི་ཁྲོད་འགྲིམ་པའི་ཆ་རྐྱེན་ཡིན། ༈ །ན་མོ་གུ་རུ། །རྒྱུ་འབྲས་ཕྲ་ཞིང་ཕྲ་བ་རྣམས། །རྫོགས་པའི་སངས་རྒྱས་མ་གཏོགས་པ། །དགྲ་བཅོམ་རྣམས་ཀྱིས་མི་དགོངས་ན། །རང་ཅག་རྣམས་ཀྱིས་ག་ལ་ཤེས། །བདེན་བཞི་ཆོས་ཀྱི་འཁོར་ལོ་ནི། །གཙེ་བོར་རྒྱུ་འབྲས་སྟོན་པ་ལགས། །རོ་གཅིག་རྟོགས་པའི་སྐྱེས་བུ་ཡིས། །རྒྱུ་འབྲས་དོན་ལ་འཕྲིགས་ཚུད་པས། །རྟེན་འབྲེལ་སྣ་ཚོགས་འཆར་པར་གསུངས། །དེ་འདྲ་བདག་གི་སྤྱོད་ཡུལ་མིན། །འོན་ཀྱང་ཐུབ་པའི་དབང་པོ་

(༣༤)ཡི། །གསུང་ལ་དཔང་པོ་བྱས་ནས་ཀྱང་། །ཅུང་ཟད་སྨྲ་ནུས་བླ་མའི་དྲིན། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཡང་། །སེམས་ཅན་སྤྱི་མཐུན་ལས་ཀྱིས་གྲུབ། །ནང་བཅུད་འགྲོ་བའི་སྐྱིད་སྡུག་རྣམས། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། །དགེ་བའི་ལས་ཀྱིས་བདེ་འགྲོ་གསུམ། །མི་དགེའི་ལས་ཀྱིས་ངན་འགྲོ་གསུམ། །མི་གཡོ་བ་ཡི་ལས་ཞེས་པ། །བསམ་གཏན་རོ་ལ་ཆགས་པ་ཡིས། །གཟུགས་དང་གཟུགས་མེད་ལྷ་ཡི་གནས། །ཀུན་བསློངས་བསམ་པའི་དབང་གིས་ནི། །ཞེ་སྡང་བསམ་པའི་ཀུན་བསློང་གིས། །མི་དགེ་གང་བྱས་དམྱལ་བ་སྟེ། །སེར་སྣ་འདོད་ཆགས་ཀྱིས་སྤྱད་པའི། །མི་དགེའི་ལས་ཀྱིས་ཡི་དྭགས་སོ། །གཏི་མུག་ཀུན་བསླངས་མི་དགེ་བ། །གང་བྱས་དུད་འགྲོ་རྣམས་སུ་སྐྱེ། །སེར་སྣ་དགེ་བ་འདྲེས་མ་ཡིས། །བྲེལ་ཕོངས་མི་ཡི་གནས་སུ་སྐྱེ། །ཕྲག་དོག་དགེ་བ་འདྲེས་མ་ཡིས། །འཐབ་རྩོད་ལྷ་མིན་གནས་སུ་སྐྱེ། །ང་རྒྱལ་དགེ་བ་འདྲེས་མ་ཡིས། །ཕམ་ལྟུང་ལྷ་ཡི་གནས་སུ་སྐྱེ། །སྡིག་པ་ཆེན་པོས་

(༣༥)དམྱལ་བ་སྟེ། །འབྲིང་གི་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུས་དུད་འགྲོ་རྣམས་སུའོ། །དགེ་བ་ཆེན་པོས་ལྷ་རུ་སྐྱེ། །འབྲིང་གིས་མི་རུ་སྐྱེ་བ་སྟེ། །ཆུང་ངུས་ལྷ་མ་ཡིན་སྐྱེ་གསུངས། །སྲོག་གཅོད་རྣམ་སྨིན་དམྱལ་བ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཚེ་ནི་ཐུང་བར་འགྱུར་པ་ཡིན། །རྒྱུ་ཐུན་འབྲས་བུ་སྲོག་གཅོད་དགའ། །མ་བྱིན་བླངས་པའི་རྣམ་སྨིན་གྱིས། །ཡི་དྭགས་གནས་སུ་སྐྱེ་འགྱུར་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །དབུལ་ཞིང་ཕོངས་པར་འགྱུར་བ་ཡིན། །རྒྱུ་མཐུན་འབྲས་བུ་རྐུ་འཕྲོག་དགའ། །མི་གཙང་སྤྱོད་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་གནས་སུ་སྐྱེ་འགྱུར་ཏེ། །དབང་གི་འབྲས་བུས་ཚང་རོང་གི། །སྲོག་ཆགས་སྤུ་མེད་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་མི་སྐྱེས་ཀྱང་། །གཞན་གྱི་བུད་མེད་གཡེམ་ལ་དགའ། །རྫུན་གྱི་རྣམ་སྨིན་དུད་འགྲོ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཁ་ནས་དྲི་ངན་བྲོ་བ་ཡིན། །རྒྱུ་མཐུན་འབྲས་བུ་རྫུན་ལ་དགའ། །

(༣༦)ཕྲ་མའི་རྣམ་སྨིན་ལྷ་མ་ཡིན། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །གཉེན་བཤེས་ཀུན་དང་བྱེ་བྲལ་མང་། །རྒྱུ་མཐུན་འབྲས་བུ་དབྱེན་ལ་དགའ། །ཚིག་རྩུབ་རྣམ་སྨིན་དམྱལ་བ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཉེས་མེད་གཤེ་སྐུར་མང་བ་ཡིན། །རྒྱུ་མཐུན་འབྲས་བུ་ཚིག་རྩུབ་འཆོར། །ངག་འཆལ་རྣམ་སྨིན་དུད་འགྲོ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །བདེན་པར་སྨྲས་ཀྱང་རྫུན་ཡིན་ཟེར། །རྒྱུ་མཐུན་འབྲས་བུ་ངག་མི་བཙུན། །བརྣབ་སེམས་ལ་ཡང་གཉིས་ཡིན་ཏེ། །རང་རྩིས་ཆེ་བ་བདག་ལ་བརྣབ། །གཞན་ལ་བརྣབ་པ་ཞེས་བྱ་ནི། །བཞན་གྱི་ཕུན་སུམ་ཚོགས་པ་རྣམས། །རང་གི་ཡིན་ན་ཨང་སྙམ་པ། །རྣམ་སྨིན་ངན་སོང་གང་རུང་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ཅི་བསམ་མི་འགྲུབ་ལོག་པར་འགྲོ། །རྒྱུ་མཐུན་འབྲས་བུ་བརྣབ་སེམས་འདོད། །གནོད་སེམས་རྣམ་སྨིན་དམྱལ་བར་སྐྱེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །དགྲ་དང་མི་བྲལ་འཇིགས་སྐྲག་དང་། །

(༣༧)རྒྱུ་མཐུན་འབྲས་བུ་གནོད་སེམས་འདོད། །ལོག་ལྟའི་རྣམ་སྨིན་དུད་འགྲོ་སྟེ། །དབང་གི་འབྲས་བུས་མིར་སྐྱེས་ཀྱང་། །ལྟ་ལོག་མུ་སྟེགས་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་ལོག་ལྟ་ཆེ། །མི་དགེ་བཅུ་པོ་སྤངས་པ་ནི། །དགེ་བ་བཅུ་པོ་ཞེས་བྱ་སྟེ། །སྐྱོན་ནི་སུམ་ཅུ་དེ་དག་ལས། །ལྡོག་པའི་ཡོན་ཏན་སུམ་ཅུ་ཐོབ། །སྤྱིར་ནི་ལས་ལ་རྣམ་པ་བཞི། །ཚེ་སྔོན་ནམ་ཞིག་བསགས་པའི་ལས། །ཚེ་འདིར་ངེས་པར་སྨིན་དགོས་པས། །དགེ་བའི་འབྲས་བུ་བདེ་སྐྱེད་ཚོགས། །བདུད་ཀྱིས་བར་དུ་གཅོད་མི་ནིས། །སྡིག་པའི་ལས་འབྲས་སྡུག་བསྔལ་ཚོགས། །སངས་རྒྱས་ཀྱིས་ཀྱང་སྐྱོབས་མི་ནུས། །ལས་ཀྱི་རྣམ་སྨིན་མ་གཏོགས་སོ། །གསུངས་པའི་ལས་ནི་དེ་ཡིན་ཏེ། །མཐོང་ཐོས་མྱོང་འགྱུར་ཞེས་བྱའོ། །ཚེ་འདི་ལས་འབྲས་དགེ་དང་སྡིག །འབྲིང་ཙམ་ཕྱི་མ་མི་སྨིན་ཏེ། །སྐྱེ་བ་གཅིག་གིས་བར་ཆོད་ནས། །དེ་ཡི་རྒྱབ་མ་སྨིན་པ་ནི། །སྐྱེ་གནས་མྱོང་འགྱུར་ལས་ཞེས་བྱ། །དགེ་བ་སྡིག་པ་ཆུང་

(༣༨)ངུ་རྣམས། །རྣམ་སྨིན་ངེས་པ་མེད་པ་ལ། །ནམ་ཞིག་ངེས་པར་སྨིན་དགོས་པ། །ལན་གྲངས་གཞན་དུ་མྱོང་འགྱུར་ཟེར། །ཕ་མ་སློབ་དཔོན་དགྲ་བཅོམ་བསད། །སངས་རྒྱས་བསྒྲུང་བར་ཤོམ་པ་རྣམས། །སྐྱེ་བ་གཞན་གྱི་བར་མི་ཆོད། །བར་དོ་ཡང་ནི་མི་བགྲོད་བར། །མནར་མེད་གནས་སུ་ལྟུང་འགྱུར་ཕྱིར། །མཚམས་མེད་མར་གྱི་ཟང་ཐལ་ཡིན། །འཆི་དུས་ཐུགས་དམ་ཡུན་རིང་ཟིན། །འཕོ་བ་སྐར་ཁུང་མདའ་འཕངས་ལྟར། །བར་དོ་མི་བགྲོད་ཞིང་ཁམས་སྐྱེ། །ཡར་གྱི་ཟང་ཐལ་ཞེས་བྱའོ། །དགེ་བ་ཤིན་ཏུ་སྟོབས་ཆེ་ན། །འདི་ཡིས་ཕྱི་མ་ཉིད་ལ་སྨིན། །དགེ་བ་མཚམས་མེད་ཅེས་བྱའོ། །ཕ་མ་རྡོ་རྗེ་སློབ་དཔོན་དང་། །ས་བཅུའི་སེམས་དཔའ་སངས་རྒྱས་ལ། །དགེ་དང་སྡིག་པ་གང་བསགས་པ། །ཚེ་འདིར་སྨིན་པའང་སྲིད་ཅེས་གསུངས། །ཚེ་སྟོད་སྡིག་པ་བྱས་གྱུར་ཀྱང་། །ཚེ་སྨད་དགེ་ལ་འབད་པ་ན། །སྔོན་ལ་དགེ་བ་སྨིན་གྱུར་ཏེ། །འཕེན་བྱེད་སྡིག་པས་འཕང་ན་ཡང་། །རྫོགས་བྱེད་དགེ་བས་རྫོགས་པ་ཟེར། །

(༣༩)ཚེ་སྟོད་ཆོས་ལ་འབད་གྱུར་ཀྱང་། །ཚེ་སྨད་མི་དགེ་སྤྱོད་གྱུར་ན། །འཕེན་བྱེད་དགེ་བས་འཕང་ན་ཡང་། །རྫོགས་བྱེད་སྡིག་པས་རྫོགས་པའོ། །བསྔོ་བས་རྒྱ་ཡིས་མ་ཐེབས་པའི། །དགེ་བ་ངོམ་དང་འགྱོད་ན་འཛད། །སྡིག་པ་བཤགས་ན་འཛད་པ་ཡིན། །དེ་ལྟར་མིན་པའི་དགེ་དང་སྡིག །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །རང་བྱས་རང་ལ་སྨིན་པ་ཡིན། །མ་བྱས་ལས་དང་འཕྲད་མི་སྲིད། །བྱས་པ་ནམ་ཡང་ཆུད་མི་ཟ། །ཉི་ཟླ་ཐང་ལ་ལྷུང་བའམ། །རླུང་ནི་ཞགས་པས་ཟིན་པ་དང་། །མེ་ནི་གྲང་བར་འགྱུར་སྲིད་ཀྱི། །ལས་འབྲས་བསླུ་བ་མི་སྲིད་པ། །སངས་རྒྱས་ཀུན་གྱི་བཀའ་ཡིན་ཏེ། །འདི་ལ་མི་བདེན་སུས་ཟེར་བ། །ཚེ་འདིར་ལྕེ་ཡི་དབང་པོ་བརྟུལ། །སྐྱེ་བ་ལྔ་བརྒྱར་ལྐུག་པར་སྐྱེ། །དེ་ཕྱིར་རི་ཁྲོད་འགྲིམས་འདོད་ན། །ལས་འབྲས་ཕྲ་ཞིབ་ཡང་ཡང་བསམ། །སྤང་བླང་ལག་ལེན་ཐེབས་པར་མཛོད། །ལས་འབྲས་དོན་རྩའི་གླུ་ཆུང་འདི། །རྟ་ལོ་རྒྱལ་ཟླའི་ཚེས་གཅིག་གི། །དགོངས་ཐུན་མཚམས་ལ་སྨྲས་པའོ།། ༈ །།ན་མོ་ལོ་

(༤༠)ཀི་ཤྭ་ར་ཡ། །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །བསམ་མནོ་ལེགས་པར་ཐོང་མཛོད་དང་། །བློ་བདེ་ཉལ་བའི་སྐབས་མ་ཡིན། །གཉིད་ཀྱང་བྱ་ཡལ་གློ་སྙིང་འདར། །འཁོར་བའི་རྒྱ་མཚོ་ཆེན་པོ་འདིར། །རང་ཅག་སེམས་ཅན་ཐམས་ཅད་ལྟུང་། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུགས། །ངན་སོང་ཆུ་སྲིན་སྤིར་གྱིས་གང་། །སྡུག་བསྔལ་རླབས་ཕྲེང་བར་སྐབས་མེད། །འདི་ལ་ད་རེས་མ་ཐར་ན། །ངན་འགྲོ་ལོག་པའི་ཉ་མིད་དང་། །དེ་མིད་ཆུ་སྲིན་སྤིར་གྱིས་འཛིན། །འདི་ལས་སྒྲོལ་བའི་དེད་དཔོན་ནི། །མཚན་ལྡན་བླ་མ་ཁོ་ན་ལགས། །དེ་ཕྱིར་དེ་ལ་གུས་པ་བསྐྱེད། །རྒྱ་མཚོ་སྒྲོལ་བའི་གྲུ་གཟིང་ནི། །སྡོམ་པ་དམ་ཚིག་ཁོ་ན་ལགས། །དེ་ཕྱིར་དེ་ལ་གཅེས་སྤྲས་བྱ། །རྒྱ་མཚོ་སྒྲོལ་བའི་སྐྱ་བ་ནི། །བླ་མའི་གདམས་ངག་གཅིག་པུ་ལགས། །དེ་ཕྱིར་དེ་ཉིད་ཡིད་ལ་འཆང་། །རྒྱ་མཚོ་མྱུར་དུ་སྒྲོལ་བའི་ཐབས། །ཉམས་ལེན་བརྩོན་འགྲུས་ཁོ་ན་ལགས། །དེ་ཕྱིར་དེ་ལ་འབད་པར་བྱ། །མེ་སྟག་ཕོག་པའི་བྱབས་ལུགས་ལ། །མི་ཡི་མེ་ལས་བདུན་འགྱུར་གྱིས། །དམྱལ་

(༤༡)བའི་མེ་ནི་ཚ་གསུངས་ན། །ལོ་གྲངས་སྟོང་ཕྲག་དུ་མ་རུ། །བཙོ་ཞིང་བསྲེགས་པ་སུ་ཡིས་བཟོད། །དགུན་ཁ་གོས་སྲབ་འདར་ལུགས་ལ། །ལུས་ནི་གས་ཤིང་ཆུ་བུར་རྡོལ། །ལོ་གྲངས་བྱེ་བ་དཔག་མེད་དུ། །འཁྱགས་ན་སུ་ཞིག་བསྲན་པར་ནུས། །ཉིན་གཅིག་ཟས་མེད་ལྟོགས་ཡུས་ལ། །ལོ་གྲངས་སྟོང་ཕྲག་རེ་རེར་ཡང་། །ཟས་སྐོམ་མིག་གིས་མ་མཐོང་ན། །དེ་འདྲའི་ལྟོགས་སྡུག་སུ་ཡིས་ཁྱགས། །ཁྱི་རྒན་ཟེར་བའི་ཀོ་ལོང་ལ། །ཁྱི་ཡི་སྐྱེ་བ་ལྔ་བརྒྱ་ཙམ། །བཏུད་མར་བླངས་ན་ཅི་འདྲ་འཁམ། །འུར་ཤོག་ལང་བའི་སྐྲག་སྣང་ལ། །ལྷ་མིན་སྐྱེས་ན་གང་དུ་འགྲོས། །ཁ་རྒྱལ་ཕམ་པའི་སེམས་སྡུག་ལ། །ལྷ་ཡི་ཕམ་ལྟུང་ཅི་ལྟར་བཟོད། །ངན་སོང་གསུམ་གྱི་སྡུག་བསྔལ་འདི། །རྣ་བས་ཐོས་ཀྱང་ཡ་ང་ན། །ཐོག་ཏུ་བབས་ན་ཇི་ལྟར་བྱེད། །བདེ་འགྲོ་གསུམ་གྱི་བདེ་སྐྱིད་འདི། །ཟས་བཟང་དུག་དང་འདྲེས་པ་བཞིན། །འཕྲལ་དུ་སྐྱིད་དེ་ཕུགས་སུ་ཕུང་། །རྫི་བོ་ཟ་མར་རེས་བ་བཞིན། །འགྲོ་བ་

(༤༢)དྲུག་ཏུ་རེས་མོས་འཁོར། །སྡུག་བསྔལ་གྲངས་མེད་རྒྱ་མཚོ་འདྲ། །སྐྱེ་རྒ་ན་འཆི་བར་མེད་མྱོང་། །དེ་ལྟར་འཁོར་བའི་སྡུག་བསྔལ་དེ། །མུ་སྟེགས་པ་ཡིས་ཟེར་བ་བཞིན། །ཕྱྭ་དང་དབང་ཕྱུག་གིས་མ་བྱས། །བཙན་པོ་གཞན་གྱི་ཆད་པ་མིན། །རང་གིས་བྱས་པའི་ལས་འབྲས་ལགས། །དེ་ཕྱིར་རང་ལ་སྙིང་རྗེ་ལྟ། །སྔར་བྱས་སྡིག་ལ་བཤགས་སྡོམ་དང་། །ཕྱིན་ཆད་མི་བྱེད་དམ་བཅའ་བཟུང་། །ནུབ་རེ་བཞིན་དུ་རང་རྒྱུད་ལ། །བརྟག་ལ་དགེ་སྡིག་གང་མང་བལྟ། །ཉེས་ལྟུང་གང་བྱུང་འཕྲལ་དུ་བཤགས། །དགེ་བ་གང་འགྲུབ་བྱང་ཆུབ་བསྔོ། །ལུས་ངག་མི་དགེ་མ་བྱས་ཀྱང་། །སེམས་ལ་མི་དགེ་འགྱུས་པ་རྣམས། །རང་གི་རང་ལ་ཞེ་ཁྲེལ་བཟླ། །མདོར་ན་ཆོས་ཕུང་བརྒྱད་ཁྲིའི་དོན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་ཤྭ་ལོ་ཀ་དེ་ལ། །མདོ་

(༤༣)ཕྱོགས་ཆོས་རྣམས་འདུས་པ་ཡིན། །དེ་ཕྱིར་ཚིག་དེ་ཡིད་ལ་ཆོངས། །འཁོར་བའི་སྡུག་བསྔལ་དྲན་པའི་གླུ། །དགེ་སློང་རཱ་ག་ཨ་སྱ་ཡི། །རྟ་ལོ་རྒྱལ་ཟླའི་ཡར་ཚེས་གསུམ། །དགོངས་མོའི་ཐུན་ལ་སྨྲས་པ་སྟེ། །བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོར་བྲིས། །འགྲོ་བ་མང་པོར་ཕན་ཐོགས་ཤོག །ལེའུ་གཉིས་པ་མངྒ་ལཾ། །ག །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། འཇིག་རྟེན་འཁོར་བའི་ལམ་སྤང་བའི་ཚུལ་ཤོ་མང་གི་སུ་ལ་བྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །བླ་མ་བརྩོན་འགྲུས་རྒྱ་མཚོ་གསོན་མཛོད་དང་། །རི་ཁྲོད་འགྲིམས་ཤིང་ཉམས་ལེན་སྐྱོང་བ་ལ། །བླ་མེད་བྱང་ཆུབ་ལམ་ལ་འཇུག་དགོས་ཏེ། །ལམ་གྱི་རྣམ་གྲངས་ཕྱོགས་ཙམ་མ་ཤེས་ན། །རང་ཉིད་གར་འགྲོའི་ལམ་ངོ་མི་ཤེས་པས། །ཞིབ་པར་བརྗོད་ན་གྲངས་ཀྱི་མི་ལངས་ཀྱང་། །ཕྱོགས་འགོ་ཙམ་ཞིག་ཅིས་ཀྱང་ཤེས་དགོས་གདའ། །དེ་ལ་ལམ་མ་རྙེད་དང་ལམ་ལོག་དང་། །ལམ་གོལ་དམན་པའི་ལམ་

(༤༤)རྣམས་སྤང་བྱ་ཡིན། །འཛམ་གླིང་རྔ་ཡབ་གླིང་གཉིས་མ་གཏོགས་པ། །གླིང་ཆེན་གླིང་ཕྲན་གཞན་ལ་ཆོས་མི་དར། །འཛམ་གླིང་ཡུལ་ཆེན་དགུ་བཅུ་གོ་དགུ་ལས། །ཡུལ་ཆེན་ཉི་ཤུ་རྩ་བཞིར་ཆོས་དར་སྟེ། །དེ་མིན་མཐའ་ཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་རྩ་རྣམས་སུ་དམ་ཆོས་མེད། །ཡུལ་ཆེན་གཞན་ལའང་དེང་སང་དམ་ཆོས་ནུབ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཕྲིན་ལས་ཀྱིས། །སྙིགས་མའི་དུས་འདིར་བོད་དུ་དམ་ཆོས་རྒྱས། །རང་རེ་བོད་དུ་སྐྱེས་འདི་བསོད་ནམས་བསགས། །སྤྱིར་གྱི་གྲུབ་མཐའ་རྣམས་པ་སྣ་ཚོགས་པ། །སྤྱན་རས་གཟིགས་སོགས་སངས་རྒྱས་བྱང་སེམས་ཀྱི། །གདུལ་བྱའི་བློ་ཚོད་འཚམས་པར་གསུངས་པ་སྟེ། །དེ་ཕྱིར་མུ་སྟེགས་ལ་སོགས་སྨད་མི་རུང་། །སངས་རྒྱས་སྲིད་ཕྱིར་བདུད་ཀྱང་སྲིད་པ་དང་། །དག་པའི་ཞིང་ཁམས་སྲིད་ཕྱིར་དམྱལ་བའང་སྲིད། །བདེ་འགྲོ་སྲིད་ཕྱིར་ངན་འགྲོ་སྲིད་པ་དང་། །ཉིན་མོ་སྲིད་ཕྱིར་མཚན་མོ་སྲིད་པ་དང་། །ཆོས་ལུགས་རྣམ་

(༤༥)དག་སྲིད་ཕྱིར་ཆོས་ལོག་སྲིད། །གཏེར་སྟོན་སྲིད་ཕྱིར་གཏེར་རྫུན་གཏེར་ལོག་སྲིད། །ལྟ་བ་རྣམ་དག་སྲིད་ཕྱིར་ལྟ་ལོག་སྲིད། །སྡོམ་ལྡན་དམ་གཙང་སྲིད་ཕྱིར་དམ་ཉམས་སྲིད། །འདི་དག་རྟེན་འབྲེལ་ལྟོས་གཞག་ཆོས་ཉིད་དེ། །ངན་པ་མེད་ན་བཟང་པོ་མི་འབྱུང་ཕྱིར། །གྲུབ་མཐའ་ལོག་པ་རྣམས་ལའང་གཤེ་མི་རུང་། །ཤེས་པར་བྱ་ལ་དེ་རུ་འཇུག་མི་བྱ། །དེ་ཕྱིར་རྒྱ་གར་པཎྜི་ཏ་རྣམས་ཀྱིས། །མུ་སྟེགས་གཞུང་རྣམས་བསླབས་ནས་མཁས་པར་སྦྱངས། །ལོག་པའི་ལམ་དེ་ཕྱོགས་འགོ་མ་ཤེས་ན། །མུན་ནག་ནང་དུ་མ་མཐོང་གཡང་ས་བཞིན། །རང་ཉིད་དེ་རུ་ལྟུང་ཉེན་ཆེ་བ་ཡིན། །རྒྱ་གར་ཡུལ་དུ་ཕྱི་པ་ནང་པ་ཟེར། །རྒྱ་ནག་ཡུལ་དུ་ཧ་ཤང་ཧོ་ཤང་ཟེར། །བོད་ཀྱི་ཡུལ་དུ་བན་དང་བོན་དུ་གྲགས། །དེ་དག་རྣམས་ཀྱང་ལྟོས་གཞག་རྟེན་འབྲེལ་ལགས། །སྡང་སེམས་མི་འཛིན་རྟེན་འབྲེལ་མཚར་པོར་བལྟ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་ནི་བཀའ་བསྒོས་

(༤༦)པས། །མུ་སྟེགས་དངོས་ནི་བོད་འདིར་འོང་ས་མེད། །འོང་ཀྱང་སྔོན་གྱི་ལས་སྒྲིབ་ཆེ་བ་དེས། །མཐའ་འཁོབ་མིན་ཀྱང་མཐའ་འཁོབ་འདྲ་བ་དང་། །མུ་སྟེགས་མིན་ཀྱང་མུ་སྟེགས་འདྲ་ཉན་གདའ། །བོན་པོ་མིན་ཀྱང་བོན་དང་འདྲ་ཉན་གདའ། །ཧ་ཤང་མིན་ཀྱང་ཧ་ཤང་འདྲ་ཉན་གདའ། །ཀྱེ་མ་ད་རེས་མི་ལུས་ཐོབ་པ་འདི། །ཚེ་སྔོན་གང་ནས་འོངས་ཀྱང་མི་ཤེས་ལ། །ད་རེས་འདུག་ལོང་ཅི་ཙམ་ཡོད་མི་ཤེས། །ཕྱི་མ་གར་འགྲོའི་གཏད་སོ་མེད་བཞིན་དུ། །འཆི་བ་མི་དྲན་དགྲ་འདུལ་གཉེན་སྐྱོང་དང་། །ཟས་ནོར་བསགས་འདོད་ཁོ་ནའི་དོན་གྱི་ཕྱིར། །མི་དགེ་མི་རུང་མཚམས་མེད་སྣ་ཚོགས་བྱེད། །དེ་ནི་མཐའ་འཁོབ་མི་དང་ཁྱད་པར་ཅི། །མཐའ་འཁོབ་ལ་ཡང་དེ་བས་ཐུ་བ་མེད། །ལ་ཆེན་བྱེད་སྤྱོད་དེ་དང་འདྲ་བ་ལས། །ཕྱི་མ་མི་དྲན་ད་ལྟའི་རྐྱེན་ཟློག་ལ། །བན་བོན་མོ་མ་གཏོ་པ་གང་རྙེད་བརྟེན། །བན་བཟང་བོན་བཟང་ཁྱད་པར་མེད་དོ་ཟེར། །གངས་ཅན་བོད་དུ་སྐྱེས་པའི་བྱིན་རླབས་ཀྱིས། །ཡི་གེ་དྲུག་

(༤༧)པ་ཁ་ཐོན་བྱེད་ན་ཡང་། །དབང་མེད་ལུང་མེད་བསྒོམ་བྱའི་དམིགས་པ་མེད། །སྔགས་སྒྲ་འབྲུ་མེད་རྟ་ཡི་ཡིག་དྲུག་འདྲ། །དེ་དག་འཇིག་རྟེན་སྐྱེ་བོ་ཕལ་པ་སྟེ། །ལམ་མ་རྙེད་དང་ལམ་མ་ཞུགས་པ་ཟེར། །ལམ་ལོག་མུ་སྟེགས་པ་ལའང་རིགས་མང་སྟེ། །ཞིབ་པར་ལྟ་ལོག་སུམ་བརྒྱ་དྲུག་ཅུ་གསུངས། །བསྡུ་ན་མུ་བཞིའམ་ནི་རྟག་ཆད་གཉིས། །མུ་སྟེགས་ནག་པོ་ཆད་པར་ལྟ་བ་སྟེ། །སྔོན་དུས་མུ་སྟེགས་པཎ་ཆེན་མཁས་པ་ཞིག །སྲིང་མོ་མཛེས་མ་སྤྱོད་འདོད་མ་ཉན་པས། །དེ་མགོ་བསྐོར་ཕྱིར་ལོག་པའི་བསྟན་བཅོས་བརྩམས། །དེ་ཡི་རྗེས་འཇུག་མུ་སྟེགས་ཆད་ལྟ་སྟེ། །མཛེས་མ་མ་ཤི་བར་དུ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་ལྟར་སོང་བས། །སེམས་ནི་ནམ་མཁའི་བག་ལ་ཞ། །སླར་སྐྱེ་བ་དག་ག་ལ་ཡོད། །ཀྱེ་མ་མང་ཐོས་གང་སྨྲས་པ། །གཡོན་ཅན་སྤྱང་ཀའི་རྗེས་དང་མཚུངས། །ཤེས་བཤད་མི་ཤི་ཡུ་མེད་ཡིན་པར་འདོད། །སངས་རྒྱས་

(༤༨)མི་བདེན་རྒྱུ་འབྲས་མི་བདེན་ཟེར། །ཚེ་འདིའི་སྐྱིད་སྡུག་དབང་ཕྱུག་ཆེན་པོས་བྱེད། །དེ་ཕྱིར་དབང་ཕྱུག་སྙིང་ཁྲག་དྲོན་མོས་མཆོད། །རྫས་ངན་དུག་སྦྱོར་མང་པོས་དགྲ་རྣམས་བརླག །སེམས་ལ་དུག་ལྔ་བྱོལ་ཉོགས་ཅི་དགར་སྤྱོད། །དེ་ནི་མུ་སྟེགས་ནག་པོའི་ཆོས་ལུགས་ཡིན། །དེ་དང་ཆ་མཐུན་དེང་སང་འདི་ན་ཡང་། །སྟེང་ནི་ནམ་མཁའ་སྟོང་པ་ཡིན་པ་དང་། །འོག་ནི་ས་ཚོང་རྡོ་ཚོང་ཡིན་འདུག་པས། །དམྱལ་བ་གར་ཡོད་འཁྲུལ་སྣང་ཙམ་ཡིན་ཟེར། །སྡིག་པའི་ཉེས་དམིགས་ངན་སོང་སྡུག་བསྔལ་ཀུན། །ཇི་ལྟར་བཤད་ཀྱང་བདེན་པར་མི་འཛིན་པར། །དེ་ཚོ་ཤེས་ཚོད་བཤད་ཚོད་ཙམ་ཡིན་ཟེར། །གཟུངས་སོགས་དགེ་བའི་ཕན་ཡོན་ཅི་ཐོས་ཀྱང་། །དེ་ལྟར་ཕན་ན་མང་པོ་ཅི་དགོས་ཟེར། །སངས་རྒྱས་བྱང་སེམས་བཀའ་བརྒྱུད་བླ་མ་ཡི། །རྣམ་ཐར་ཡོན་ཏན་ངོ་མཚར་ཅི་ཐོས་ཀྱང་། །དེ་ཙམ་མི་བདེན་བསྟོད་པ་ཙམ་ཡིན་ཟེར། །དེ་ཚོ་མུ་སྟེགས་ཆད་ལྟ་ཆ་མཐུན་སྟེ། །ཚེ་སྔོན་སྒྲིབ་པ་ཆེ་བའི་ལས་ངན་གྱིས། །ལྟ་བ་

(༤༩)ལོག་པར་འཛིན་པར་འགྱུར་བ་ཡིན། །དེ་བཞིན་མུ་སྟེགས་རྟག་ལྟའི་རིགས་རྣམས་ཀྱིས། །ཕྱི་མ་སྐྱེ་བ་ལེན་རྒྱུ་ཡོད་ལགས་ཏེ། །དགེ་སྡིག་དབང་གིས་མཐོ་དམན་མ་ཡིན་ཏེ། །སྲིད་པའི་བདག་པོ་དབང་ཕྱུག་ཆེན་པོ་ནི། །མཉེས་ན་མཐོ་རིས་མ་དགའ་ངན་སོང་སྐྱུར། །ལྷ་ཆེན་དབང་ཕྱུག་འགྲུབ་པར་གྱུར་ན་ནི། །འཇིག་རྟེན་འདི་ཡི་སྟེང་ཕྱོགས་ནམ་མཁའ་ལ། །གདུགས་ནི་དཀར་པོ་གྱེན་བཀན་འདྲ་བ་ཡི། །ཐར་པའི་ཞིང་ཁམས་དེ་ན་སྐྱེལ་བའི་ཕྱིར། །དབང་ཕྱུག་བསྒྲུབ་ཅིང་མཆོད་པ་བྱ་དགོས་ཏེ། །དེ་ཡང་སྙིང་དང་སྙིང་ཁྲག་དྲོན་མོར་མཉེས། །དེ་ཕྱིར་མི་དང་མ་ཧེ་ར་ལུག་སོགས། །ལྔ་བརྒྱའམ་ནི་སྟོང་ཕྲག་གསོད་ནས་མཆོད། །དེ་དང་ཆ་མཐུན་བོད་ཡུལ་འདི་ན་ཡང་། །སྲོག་བཅད་འབྲས་བུས་ཚེ་ཐུང་དམྱལ་བར་ལྟུང་། །གསུངས་པའི་རྒྱུ་འབྲས་དོན་ལ་བློ་མི་གཏོད། །གསོན་པོའི་རིམ་གྲོ་གཤིན་པོའི་དགེ་རྩ་ལ། །བསྔོས་ཤ་མང་པོ་བྱེད་པའང་མུ་སྟེགས་འདྲ། །མུ་སྟེགས་ལ་ལས་

(༥༠)སྔར་བྱས་སྡིག་པ་རྣམས། །མི་ཡི་ཟས་གོས་སྤངས་ན་དག་པར་འདོད། །མི་ཟས་གཅོད་ནས་ཆུ་དང་བ་རྙི་ཟ། །གོས་སྤང་ཐལ་བ་བྱུགས་ནས་གཅེར་བུ་བྱེད། །དེ་བཞིན་ལོངས་སྤྱོད་ཡོད་ཀྱང་དཀའ་ཐུབ་དང་། །དཀའ་ཐུུབ་ཆུ་འཐུང་དེ་མི་ཕྱོགས་ལ་ཉེ། །མུ་སྟེགས་ཚངས་པའི་རྗེས་འབྲངས་བྲམ་ཟེའི་རིགས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འཛིན་པར། །ལྷ་ཆེན་ཚངས་པ་གདོང་བཞི་སྐྱབས་སུ་འཛིན། །མི་དགེ་བཅུ་སྤངས་ཚངས་པ་མཆོད་ཅིང་བསྒྲུབ། །ལེགས་པར་སྦྱར་བ་ཚངས་པ་ལྷ་ཡི་སྐད། །ཕན་ཡོན་ཆེ་ཟེར་སྒྲ་དང་སྙན་དངགས་སློབས། །གཟུགས་ཁམས་ཚངས་པའི་གནས་སྐྱེའི་སྨོན་ལམ་འདེབས། །དེ་དང་ཆ་མཐུན་བོད་ཡུལ་འདི་ན་ཡང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འཛིན་པར། །གཙང་གི་གཞི་བདག་ལྷ་རྒོད་ཐོགས་པ་དང་། །མངའ་རིས་གཞི་བདག་ནག་མོ་སྟག་རི་རོང་། །ལྷ་ཡི་འདྲེ་ལྔ་གཤེན་ལྷ་འོད་དཀར་སོགས། །འཇིག་རྟེན་ལྷ་འདྲེ་མཐུ་ཆེན་སྐྱབས་སུ་འཛིན། །མི་དགེ་བཅུ་སྤངས་

(༥༡)དགེ་བ་བཅུ་སྤྱོད་ཅིང་། །གསེར་གྱི་ཉི་མ་དུང་གི་ཟླ་བ་ཤར། །ཆོས་ནུབ་དབུས་ནུབ་བོན་དར་མཐའ་ནས་དར། །འོལ་མོ་ལུང་རིང་སྐྱེ་བའི་སྨོན་ལམ་འདེབས། །མུ་སྟེགས་བྲམ་ཟེའི་རིགས་དང་ཆ་མཐུན་ཡིན། །དེ་ལྟར་མིན་པར་བཻ་རོ་ཙ་ན་ཡིས། །རྒྱལ་པོ་དགའ་ཕྱིར་དམ་པའི་ཆོས་བསྒྱུར་ཏེ། །བློན་པོའི་ངོ་བསྲུང་བོན་ཡང་བསྒྱུར་དགོས་བྱུང་། །དེ་དུས་ཆོས་ལ་བོན་མིང་བཏགས་པ་ཡི། །མང་པོ་གཏེར་དུ་སྦས་ནས་ཐོན་པ་རྣམས། །རྙིང་མའི་ཆོས་དང་ཁྱད་མེད་ལེགས་པའང་ཡོད། །དེ་ལ་བོན་གྱི་རིག་འཛིན་སྒྲུབ་པ་ཟེར། །དེ་སོགས་བན་མ་བོན་ཡང་མང་དུ་བཤད། །རྒྱ་ནག་ཧ་ཤང་ཆོས་ཕུགས་ངན་པའང་མིན། །ཉན་ཐོས་འོད་སྲུངས་ཆེན་པོའི་ཆོས་བརྒྱུད་ལགས། །འོན་ཀྱང་ཞི་གནས་གཙོ་ཆེ་ལྷག་མཐོང་མེད། །དགེ་བས་མཐོ་རིས་སྡིག་པས་ངན་སོང་ལྟུང་། །མཐོ་རིས་ངན་སོང་གཉིས་ཀ་འཁོར་བ་ཡིན། །དེ་ཕྱིར་དགེ་བ་སྡིག་པ་གཉིས་ཀ་སྤངས། །སེམས་ལ་རྣམ་རྟོགས་རྒྱུ་བ་འཁྲུལ་པ་ཡིན། །ཡིད་ལ་དྲན་

(༥༢)པ་མེད་ན་བསྒོམ་དུ་འདོད། །དེ་དང་ཆ་མཐུན་དེང་སང་ཁྲིད་གྲར་ཡང་། །ཚོགས་བརྒྱད་འགགས་པའི་ཞི་གནས་འཐོམ་པོར་སོང་། །ལངས་རྒྱུ་མི་རྙེད་བོས་ཀྱང་མི་གོ་བ། །སྒོམ་ནི་སྐྱེ་བའི་སྔ་ལྟས་ཡིན་མོད་ཀྱི། །དེ་ཉིད་བསྒོམ་དུ་བཟུང་ན་ཧ་ཤང་ལུགས། །དེ་བཞིན་དེང་སང་སྒོམ་ཆེན་ལ་ལ་ཞིག །འགྱུ་བ་མང་པོ་འཕྲོ་ལ་ཡིད་མི་དགའ། །དྲན་མེད་ས་ལེ་གནས་ལ་འདོད་པ་ཆེ། །དེ་ཡང་ཧྭ་ཤང་ལུགས་ལ་ཉེ་བ་ཡིན། །ཐ་མལ་སྐྱེ་བོ་བོན་དང་མུ་སྟེགས་རྣམས། །སྲོག་གཅོད་སྤངས་དང་མ་བྱིན་ལེན་སྤངས་དང་། །མི་གཙང་སྤྱོད་སྤངས་རྫུན་སྨྲ་སྤངས་པ་དང་། །དེ་བཞིན་སྦྱིན་པ་རྒྱ་ཆེན་བཏང་ལ་སོགས། །དགེ་བའི་རྩ་བ་རྒྱ་ཆེན་ཅི་བྱས་ཀྱང་། །བྱང་ཆུབ་ཐོབ་པའི་རྒྱུར་ནི་སྨོས་ཅི་དགོས། །ཐར་པ་ཐོབ་པའི་རྒྱུར་ཡང་མི་འགྱུར་སྟེ། །འཇིག་རྟེན་ལྷ་དང་མི་ཡི་བདེ་སྐྱིད་ལ། །སྐྱེ་བ་བརྒྱ་སྟོང་མང་པོ་སྤྱོད་འགྱུར་ཏེ། །དགེ་རྩ་ཟད་ནས་སླར་ཡང་ངན་སོང་ལྟུང་། །དེ་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་མ་ཞུས། །ངེས་

(༥༣)འབྱུང་བསམ་པ་བརྟན་པོས་མ་ཟིན་པའི། །དགེ་བའི་རྩ་བ་རྒྱ་ཆེན་ཅི་སྤྱད་ཀྱང་། །ཐར་པ་ཆ་མཐུན་དགེ་བ་ཞེས་བྱའམ། །བར་མའི་དགེ་བ་ཞེས་ཀྱང་བྱ་བ་སྟེ། །འཁོར་བ་འདི་ནས་ཐར་བར་མི་འགྱུར་བས། །སྐྱབས་འགྲོ་སེམས་བསྐྱེད་འདི་ལ་གནད་ཆེན་ཡོད། །དཀོན་མཆོག་གསུམ་ལ་སྙིང་ནས་བློ་གཏད་དང་། །སེམས་བསྐྱེད་བརྟན་པོ་མཛོད་ཅིག་བརྩོན་འགྲུས་པ། །དེ་སྐད་དགེ་སློང་རཱ་ག་ཨ་སྱ་ཡིས། །རྟ་ལོ་རྒྱལ་ཟླའི་ཚེས་དགུའི་དགོངས་ཐུན་ལ། །བན་རྒན་བཅོས་གཏམ་མགུར་གྱི་ཚུལ་དུ་སྨྲས། །ལམ་མ་ཞུགས་དང་ལམ་ལོག་དམན་པའི་ལམ། །འཇིག་རྟེན་འཁོར་བའི་ལམ་ཀུན་སྤངས་མཛོད་ལ། །བྱང་ཆུབ་སྐྱོན་མེད་ལམ་དེར་གཤེགས་པར་རིགས། །ཡི་གེ་པའང་བིརྱ་སཱ་ག་ར། །ལེའུ་གསུམ་པ་མངྒ་ལཾ། །ང་། །རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱི་གཞུང་དང་པོ་ཐེག་པ་ཆེ་ཆུང་གི་ཉམས་ལེན་འཕགས་པའི་གཎྜི་ཞེས་བྱ་བ་བཞུགས་སོ།། །།

(༥༤)ན་མོ་གུ་རུ་ཨཱརྱ་མཻ་ཏྲི་ཡེ། །མི་ཕམ་མགོན་པོའི་རྣམ་འཕྲུལ་བླ་མ་རྗེ། །དྲིན་ཅན་དྷརྨ་ཤྭ་རའི་ཞབས་ལ་འདུད། །ཀརྨ་བརྩོན་འགྲུས་རྒྱ་མཚོ་གསན་མཛོད་དང་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མདོར་བསྡུས་ན། །ཐེག་པ་ཆེ་ཆུང་གཉིས་སུ་འདུས་པར་གསུངས། །ཐེག་པ་དམན་ལ་ཉན་ཐོས་རང་རྒྱལ་གཉིས། །དེ་ལ་ཉན་ཐོས་ཐེག་པའི་ཉམས་ལེན་ནི། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས་ཞུས་ཏེ། །ཚེ་འདི་ཡུན་ཐུན་མང་པོའི་ལོངས་མེད་པས། །འདོད་པ་ཆུང་ཞིང་གང་བྱུང་ཆོག་ཤེས་བསྟེན། །ངན་སོང་གསུམ་དང་སྐྱེ་རྒས་ན་འཆིར་སྐྲག །འཁོར་བ་འདི་ནས་ཐར་ཐབས་སྙིང་ལ་འཆར། །འདི་ཕྱིར་ལྷ་མིའི་བདེ་སྐྱིད་འདོད་ཡོན་ཀུན། །སྲོག་བཅད་གཤེད་མས་མགོ་བསྐོར་སྟོན་མོ་བཞིན། །ཅི་ལྟར་མཐོང་ཡང་འདོད་པ་གཏན་ནས་མེད། །རྫོགས་པའི་སངས་རྒྱས་ཐོབ་ལ་ཧ་ཐག་རིང་། །གྲངས་མེད་གསུམ་དུ་དཀའ་སྤྱད་ག་ལ་ནུས། །དཔེར་ན་རྒྱལ་པོ་བཙན་པོའི་ཁྲིམས་བཞིན་དུ། །སྡིག་ལྟུང་སྤྱད་ན་ངན་སོང་ཆད་པ་འབེབས། །

(༥༥)དེ་ཕྱིར་སྟོན་པས་གང་གསུངས་ཁྲིམས་རྣམས་ལ། །ཅུང་ཟད་ཙམ་ཡང་འདའ་བར་མི་ཕོད་དེ། །ཁྲིམས་ཀྱི་རྩ་བ་གཞན་གནོད་གཞིར་བཅས་སྤངས། །སྡོམ་པའི་རྩ་བ་རྣམས་ནི་སྲོག་ལྟར་བསྲུངས། །ཕྲ་ཞིབ་ཉེས་བྱས་རྣམས་ལ་གསོ་སྦྱོང་འབད། །གསོ་སྦྱོང་ལ་ཡང་རྣམ་པ་མང་ཡོད་ཀྱི། །ཟླ་བ་ཕྱེད་ཕྱེད་དུས་ཀྱི་གསོ་སྦྱོང་ལ། །མར་ངོ་སྔོན་འགྲོ་ཡིན་ཀྱང་གོ་བདེ་བ། །དབོ་ཡི་ཟླ་བ་ས་ག་ཟླ་བ་དང་། །ཆུ་སྟོད་ཟླ་བ་ཁྲུམས་སྟོད་ཟླ་བ་དང་། །སྨིན་དྲུག་ཟླ་བ་རྒྱལ་གྱི་ཟླ་བ་དྲུག །དེ་དྲུག་ཉེར་དགུ་ཆད་ནས་གནམ་གང་རྩི། །དེ་ལ་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ། །དེ་མིན་ཡར་ངོའི་ཉ་ནི་བཅུ་གཉིས་དང་། །མར་ངོའི་དྲུག་དང་གྲངས་ཀ་བཅོ་བརྒྱད་ནི། །གསོ་སྦྱོང་བཅོ་ལྔ་པ་ཞེས་བྱ་བ་ཡིན། །དེ་དུས་ཉི་མ་རྩེ་ཤར་ཙམ་གྱི་དུས། །དགེ་འདུན་སྡེ་རྣམས་ཀུན་གྱིས་གསོ་སྦྱོང་མཛད། །དགེ་འདུན་སྡེ་མེད་རི་ཁྲོད་པ་རྣམས་ཀྱི། །དེ་དུས་གསོ་སྦྱོང་བྱིན་རླབས་བྱ་བ་སྟེ། །གནས་བཅུའམ་ནི་ཐུབ་དབང་སྐུ་བཤམས་ཏེ། །ས་

(༥༦)གཞི་བྱིན་རླབས་ལྟར་དུ་སྤྱན་འདྲེན་དང་། །ཕྱག་འཚལ་མཎྜལ་ཐུབ་པའི་བསྟོད་པ་འདོན། །ཤེས་ན་རྒྱུན་ཆག་གསུམ་པའི་མདོ་དང་ནི། །སངས་རྒྱས་རབ་བདུན་གསོ་སྦྱོང་ཚིགས་བཅད་ནི། །གཞི་གསུམ་ཆོ་གའི་ནང་ནས་འབྱུང་ལྟར་འདོན། །མི་ཤེས་ན་ཡང་མ་ཚང་སྐྱོན་མེད་དེ། །ཕྱག་འཚལ་པུས་བཙུགས་ཙོག་པུར་ཐལ་མོ་སྦྱར། །ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། །བཅོ་ལྔ་པ་ལགས་ཏེ། །བདག་ཤཱཀྱའི་དགེ་སློང་ཆེ་གེ་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ། །བཅོ་ལྔ་པ་ལགས་ཏེ་བདག་ཤཱཀྱའི་དགེ་སློང་ཆེ་གེ་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་སྨྲས་པ་དག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ། །དེང་གསོ་སྦྱོང་བྱིན་གྱིས་བརླབས་ཏེ། །གང་གི་ཚེ་དགེ་འདུན་གྱི་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་གཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་འདོན་པ་གདོན་པར་བགྱིའོ། །

(༥༧)ལན་གསུམ་བརྗོད། །ལྷ་རྣམས་ཀྱིས་གསུང་བར་བསམ་ལ། །ཐབས་ཡིན་ནོ། །རང་གིས་ལེགས་སོ་བརྗོད། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་བརྗོད་པ་གསོ་སྦྱོང་བྱིན་རླབས་ཏེ། །ལྟུང་བ་མི་འཕེལ་བྱིན་གྱིས་བརླབ་འགྱུར་བ། །ཆོས་ཀྱི་དབང་ཕྱུག་གསུང་རྒྱུན་བསླད་མེད་ཡིན། །དེ་ནི་གོང་ལྟར་དུས་ཚོད་ངེས་ངེས་དགོས། །དུས་ལ་ངེས་མེད་ཞིག་ནས་གསོ་སྦྱོང་ནི། །ཉེས་ལྟུང་ཕྲ་ཞིབ་དྲན་ནས་དཔྱོད་པའི་བློས། །ཁྱིམ་གཙང་ཐུབ་དབང་སྐུ་དང་མཆོད་པ་བཤམ། །གོང་ལྟར་སྤྱན་འདྲེན་མཎྜལ་བསྟོད་པ་བྱ། །རྒྱུན་ཆགས་གསུམ་སོགས་བཟླས་ན་རབ་ཡིན་ཏེ། །མིན་ཀྱང་ཉེས་ལྟུང་བཤགས་པའི་བསམ་པ་ཡི། །ལུས་སྲང་དྲན་པ་མངོན་དུ་གཞག་བྱས་ཏེ། །འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་པ། །ཟག་བཅས་འཁོར་བའི་ཆོས་རྣམས་སྡུག་བསྔལ་བ། །ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པར། །མྱང་འདས་ཐོབ་ན་སྡུག་བསྔལ་ཐམས་ཅད་ཞི། །བདེ་བ་དམ་

(༥༨)པ་ཡིན་ཚུལ་ཡིད་ལ་བསམ། །དེ་ནས་མ་ཡེངས་སེམས་ངོའི་ངང་ལ་གཞག །དེ་ནས་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་བརྗོད་པ་ཞི་གནས་གསོ་སྦྱོང་སྟེ། །ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་ནས་གསུངས། །དེ་ཡིས་ཉེས་བྱས་ཕྲ་ཞིབ་ཐམས་ཅད་དག །དགེ་འདུན་ལྷག་མའི་ཆོས་དང་ལྟུང་བ་རྣམས། །རྩད་ནས་མ་དག་ན་ཡང་སྐྱེད་མི་འགྲོ། །ཉོན་མོངས་འདོད་ཆགས་སེམས་ལ་ཤར་བའི་ཚེ། །རང་གཞན་ངོ་བཞིན་མཛེས་ལ་ཆགས་པ་སྟེ། །དེ་ཡི་ནང་ན་ཀེང་རུས་ཡོད་ཚུལ་བསམ། །ལུས་ལ་སྲིན་བུ་བརྒྱད་ཁྲི་བཞི་སྟོང་གནས། །དཔེར་ན་ཤ་རུལ་འབུ་ཡིས་གཟིང་བ་བཞིན། །ཁྲག་རྣག་གཅིན་རྟུག་མི་གཙང་རྫས་ཀྱིས་གང་། །མི་གཙང་རྐྱལ་པ་གོས་ཀྱིས་གཏུམས་པ་ཉིད། །དེ་ལ་ཆགས་པ་སྐྱེས་པ་ཤིན་ཏུ་འཁྲུལ། །རང་གཞན་ལུས་ལ་མི་གཙང་འདུ་ཤེས་བསྒོམ། །དཔེར་ན་རྨ་དང་ཤུ་བ་མ་རུངས་པ། །རེག་ན་མི་བཟོད་ཟུག་ཟེར་ལྡང་བ་དང་། །ལུས་འདི་འཁྱགས་ལྟོགས་ལ་སོགས་རྐྱེན་མི་

(༥༩)ཁྱག །ལུས་ལ་རྨ་དང་ནད་ཀྱི་འདུ་ཤེས་བསྒོམ། །ཟས་དང་གོས་ལ་སྨན་གྱི་འདུ་ཤེས་བྱ། །ཞེ་སྡང་ཁོང་ཁྲོའི་རྟོག་པ་སྐྱེས་པའི་ཚེ། །དགྲ་འདིས་ངན་སོང་གནས་སུ་སྐྱུར་མི་བྱེད། །ཞེ་སྡང་ཁོང་ཁྲོ་འདི་ཡིས་ངན་སོང་སྐྱུར། །དེ་ཕྱིར་རང་གི་རང་ལ་སྙིང་རྗེ་ལྟ། །ཁྲོས་བའི་ལན་དུ་ཁྲོ་བར་མི་བྱེད་ཅིང་། །གཤེ་བའི་ལན་དུ་གཤེ་བར་མི་བྱེད་ཅིང་། །མཚང་འབྲུ་བ་ཡི་ལན་དུ་མཚང་མི་འབྲུ། །རྡུང་བཏག་བྱས་པའི་ལན་དུ་ལག་མི་བརྫོག །དེ་ནི་དགེ་སྦྱོང་ཆོས་བཞི་བྱ་བ་སྟེ། །ངན་སོང་འཇིགས་པར་སྐྲག་ཕྱིར་མི་ཕོད་བསྲན། །གཏི་མུག་གཉིད་འདི་དགེ་བའི་ཆོམ་རྐུན་ཏེ། །བརྒྱད་ཅུ་ཐུབ་ཀྱང་བཞི་བཅུ་རོ་ལྟར་ཉལ། །སྲོད་དང་ཐོ་རངས་མི་ཉལ་ཡར་ལངས་ནས། །ཁྱིམ་དུ་ཕན་ཚུན་འཆགས་ཤིང་ཆོས་སྤྱོད་འདོན། །འགྲོ་མི་ནུས་ན་རྣ་བར་ཆུ་བུམ་བཏགས། །མཆོད་རྟེན་སྐུ་གཟུགས་བཞེངས་དང་ཕྱག་བསྐོར་བྱ། །རྒྱལ་བའི་བཀའ་རྣམས་བཞེངས་དང་བཀླག་པར་བྱ། །སེར་མོ་རྣམས་ལ་ཅི་འབྱོར་བཀུར་སྟི་འབད། །

(༦༠)འཁོར་བར་འཁྱམས་པའི་རྩ་བ་བདག་འཛིན་ཏེ། །ལུས་ཀྱི་ཕྱི་ནང་བར་དུ་བདག་མི་གནས། །སེམས་ནི་སྟོང་པར་འདུག་པས་བདག་མ་གྲུབ། །ང་བདག་མེད་ལ་ང་ཞེས་ཅི་ཕྱིར་འཛིན། །ང་བདག་མེད་པའི་སེམས་ལ་ཅེ་རེ་བལྟ། །དེ་ནི་གང་ཟག་བདག་མེད་བསྒོམ་པ་ཟེར། །དགེ་བ་ཐར་པ་ཐོབ་པའི་ཕྱིར་དུ་བསྔོ། །འབྲས་བུ་མ་འོངས་བྱམས་པ་འབྱོན་པའི་དུས། །མི་ལུས་ཐོབ་ནས་བྱམས་པ་ཞལ་མཇལ་ཏེ། །སངས་རྒྱས་སྐུ་གཟུགས་མཆོད་རྟེན་འབྲེལ་ཆེ་ན། །འདུས་པ་དང་པོའི་སྐབས་སུ་དགྲ་བཅོམ་ཐོབ། །གསུང་རབ་བྲི་ཀློག་ཆོས་ལ་འབྲེལ་ཆེ་ན། །འདུས་པ་གཉིས་པའི་སྐབས་སུ་དགྲ་བཅོམ་ཐོབ། །དགེ་འདུན་བཀུར་སྟི་ལ་སོགས་འབྲེལ་ཆེ་ན། །འདུས་པ་གསུམ་པའི་སྐབས་སུ་དགྲ་བཅོམ་ཐོབ། །སྔ་མ་སྔ་མའི་སངས་རྒྱས་བསྟན་པ་ལ། །དཀོན་མཆོག་གསུམ་ལ་འབྲེལ་བ་གང་བཞག་རྣམས། །ཕྱི་མ་ཕྱི་མའི་སངས་རྒྱས་བསྟན་ལ་གྲོལ། །དེ་དོན་བྱམས་པ་ལུང་བསྟན་མདོ་ལས་གསུངས། །ཁྱད་པར་བྱམས་པའི་

(༦༡)སྤྲུལ་པ་ཞྭ་དམར་པ། །ཡང་སྤྲུལ་སྐུ་མདུན་སི་ཏུ་ཡིན་པར་བཤད། །དྲུག་པ་སེང་གེའི་རྣམ་འཕྲུལ་ཀརྨ་པ། །འདི་དག་རྣམས་ཀྱི་མིང་གནང་སྐྲ་ཕུད་དང་། །དགེ་ཚུལ་དགེ་སློང་ལ་སོགས་ཞུས་པ་རྣམས། །བྱམས་པའམ་ནི་དྲུག་པ་སེང་གེ་ཡི། །ཞལ་མཐོང་དགྲ་བཅོམ་ངེས་པར་ཐོབ་པར་བཤད། །སོ་སོ་ཐར་པའི་ཉན་ཐོས་ཉམས་ལེན་ཚུལ། །རཱ་ག་ཨ་སྱས་མགུར་གྱི་ཚུལ་དུ་སྨྲས།། ༈ །།ན་མོ་གུ་རུ་སིང་ཧཱ་ནཱ་ད་ཡ། །གསོན་དང་བླ་མ་བརྩོན་འགྲུས་རྒྱ་མཚོ་ལགས། །འཁོར་བར་སྐྲག་ནས་ཚུལ་ཁྲིམས་གཙང་མར་སྲུངས། །མི་དགེ་བཅུ་སྤངས་དགེ་བ་བཅུ་ལ་སྤྱོད། །ཉམས་སུ་ལེན་ཚུལ་གོང་དང་འདྲ་བ་ལ། །འཁོར་བར་འཁོར་བའི་རྩ་བ་མ་རིག་པ། །དེ་ལས་འདུ་བྱེད་དེ་ལས་རྣམ་ཤེས་བྱུང་། །དེ་ལས་མིང་གཟུགས་དེ་ལས་སྐྱེ་མཆེད་དྲུག །དེ་ལས་རེག་པ་དེ་ལས་ཚོར་བ་བྱུང་། །དེ་ལས་སྲེད་པ་དེ་ལས་ལེན་པ་བྱུང་། །དེ་ལས་སྲིད་པ་དེ་ལས་སྐྱེ་བ་བྱུང་། །དེ་ལས་རྒ་ཤི་མྱ་ངན་སྡུག་

(༦༢)བསྔལ་ཀུན། །དེ་ནི་རྟེན་འབྲེལ་སྲིད་པའི་འཁོར་ལོ་ཟེར། །མ་རིག་འགག་ན་དེ་ཀུན་རིམ་གྱིས་འགག །དེ་ནི་ཐར་པའི་འཁོར་ལོ་འཕགས་པའི་ལམ། །ཀུན་གྱི་རྩ་བ་མ་རིག་པ་དེ་ནི། །རང་སེམས་རང་གིས་མ་རིག་པ་ཡི་སྐྱོན། །རང་སེམས་རང་གིས་བལྟས་པས་དངོས་པོ་མེད། །དེ་ནི་གང་ཟག་བདག་མེད་གོང་དང་འདྲ། །ཕྱི་ཡི་སྣང་བ་དཀར་དམར་སྣ་ཚོགས་རྣམས། །ནང་གི་སེམས་ཀྱིས་སོ་སོར་འཛིན་པས་འཁྲུལ། །སེམས་ནི་གདོད་ནས་ངོ་བོ་སྟོང་པ་ཡིན། །སྟོང་ཉིད་དེ་ཡི་ངང་ལ་མཉམ་གཞག་པས། །གང་ཟག་བདག་མེད་རྟོགས་པའི་སྟེང་དེ་ནས། །ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་ཡིན། །འཁོར་བ་འདི་ན་ད་ནི་ལུས་མི་ལེན། །བླ་མ་སློབ་དཔོན་གཞན་ལ་མི་རེ་བར། །རང་མགོ་ཐོན་ནས་རང་ཉིད་སངས་རྒྱ་བའི། །བསྔོ་བ་སྨོན་ལམ་དེ་ལྟར་བྱས་པ་ཡི། །བསྐལ་པ་ཉི་ཤུའི་རང་རྒྱལ་འགྲུབ་པ་སྟེ། །བསེ་རུ་ལྟ་བུ་བསྐལ་པ་བརྒྱ་ཡིས་འགྲུབ། །སངས་རྒྱས་སྔ་མའི་བསྟན་པ་ནུབ་ནས་ཀྱང་། །སངས་རྒྱས་ཕྱི་

(༦༣)མའི་བསྟན་པ་མ་བྱུང་སྐབས། །ཆོས་སྒྲ་མེད་པའི་ཡུལ་དུ་མི་རུ་སྐྱེ། །རང་གིས་རང་ཉིད་རབ་ཏུ་བྱུང་བྱས་ཏེ། །དབེན་པ་བསྟེན་པས་རང་ཉིད་སངས་རྒྱས་ཏེ། །ཆོས་ནི་ཚིག་གཅིག་ཙམ་ཡང་གསུང་མི་འགྱུར། །སྦྱིན་བདག་རྣམས་ཀྱིས་གུང་ཚིགས་དྲངས་པའི་ཚེ། །ནམ་མཁར་ཕུར་སོགས་རྫུ་འཕྲུལ་རེ་རེ་སྟོན། །དེ་ཚེ་སྦྱིན་བདག་དེ་ཡི་ཕྱག་འཚལ་ནས། །ང་ཡང་ཁྱེད་དང་འདྲ་བར་ཤོག་ཅེས་བརྗོད། །དེ་ཙམ་ཞིག་ལས་འགྲོ་དོན་གཞན་མེད་དེ། །དེ་འདྲ་ལྔ་བརྒྱ་སྟོང་ཕྲག་ལ་སོགས་པ། །དུས་གཅིག་འབྱུང་ཞིང་ཕྱོགས་གཅིག་བཞུགས་པ་ལ། །ཚོགས་ན་སྤྱོད་པའི་རང་རྒྱལ་ཞེས་བྱ་བ། །གཅིག་ལས་མེད་ཅིང་གཅིག་པུར་བཞུགས་པ་ལ། །བསེ་རུ་ལྟ་བུ་རང་སངས་རྒྱས་ཞེས་བྱ། །ཐུབ་བསྟན་ནུབ་ནས་བྱམས་པ་མ་བྱུང་བར། །རང་རྒྱལ་བརྒྱད་ཁྲི་འབྱོན་པར་གསུངས་པ་ཡིན། །རང་སངས་རྒྱས་ཀྱི་ཉམས་ལེན་གླུ་ཆུང་འདི། །ར་ག་ཨ་སྱས་འཕྲལ་དུ་སྨྲས་པའོ།། ༈ །།ན་མོ་གུ་རུ་བུདྡྷ་ཡ། །གསོན་

(༦༤)དང་བླ་མ་བརྩོན་འགྲུས་རྒྱ་མཚོ་བ། །ཐེག་པ་ཆེ་ཆུང་ཁྱད་པར་ཡིད་ལ་ཟུང་། །ཐེག་པ་ཆུང་ངུ་ཉན་ཐོས་རང་རྒྱལ་གཉིས། །སྙིང་རྗེ་ཆུང་བས་གཞན་ཕན་བསམ་པ་མེད། །ཤེས་རབ་ཆུང་བས་སྟོང་ཉིད་ཕྱེད་མ་རྟོགས། །དེ་ཕྱིར་ཐེག་པ་ཆུང་ངུ་ཞེས་བྱའོ། །ཐེག་པ་ཞེས་བྱ་ཁྱག་པའི་དོན་ཡིན་ལ། །བྱང་ཆུབ་སེམས་དཔའ་འགྲོ་བ་གཞན་དོན་དུ། །ལུས་སྲོག་བརྒྱ་སྟོང་གཏོང་བའི་སྡུག་བསྔལ་ཁྱག །ཉན་རང་གཉིས་ཀྱིས་དེ་ལྟར་ག་ལ་ཁྱག །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཞེས་བྱ་བ། །ཤ་ཁྲག་ལུས་འདི་ཡོད་ནས་སྡུག་བསྔལ་ནི། །ཅུང་ཟད་ཡོད་པ་རེ་ཡང་མི་ཁྱག་སྟེ། །འཁོར་བར་ཡུན་རིང་མི་བཞུགས་མྱ་ངན་འདའ། །ཉན་རང་དགྲ་བཅོམ་ཟེར་བ་གང་ཞེ་ན། །དགྲ་ནི་ཉོན་མོངས་དུག་ལྔ་དུག་གསུམ་སྟེ། །གཏན་ནས་བཅོམ་པས་སེམས་ལ་སྐྱེ་མི་སྲིད། །བལྟ་བའི་འདུན་པ་བཏང་ན་མངོན་ཤེས་ཀྱི། །བསྐལ་པ་བརྒྱ་སྟོང་སྔ་ཕྱིའི་དོན་རྣམས་ཤེས། །མ་བལྟས་བསྒྲུབས་མི་ཡོད་ཀྱང་མི་རིག་གོ། །རྫུ་འཕྲུལ་ཡིད་ལ་གང་བསམ་

(༦༥)ཐོགས་པ་མེད། །འདས་ཁ་སྐུ་ལུས་ནམ་མཁའི་དབྱིངས་སུ་འཕགས། །འབྲུག་སྒྲོགས་གློག་འབྱིན་ས་ཡང་རྣམ་པར་གཡོ། །སྐུ་སྟོད་མེ་འབར་སྐུ་སྨད་ཆུ་རྒྱུན་འབེབས། །སྐུ་སྨད་མེ་འབར་སྐུ་སྟོད་ཆུ་རྒྱུན་འབེབས། །ཉིད་ཀྱི་ཐུགས་ལས་ཡེ་ཤེས་མེ་འབར་སྟེ། །སྐུ་ལུས་བསྲེགས་ནས་རིང་བསྲེལ་ཆར་པ་ཕབ། །དད་རྟེན་ཆོས་གོས་ལྷུང་བཟེད་ས་ལ་འབྲུལ། །དེ་ཕྱིས་འཁོར་བ་འདི་ན་ལུས་མི་ལེན། །དག་པའི་ཞིང་དུའང་སྐྱེ་བ་མི་བཞེས་ཏེ། །སྟོང་ཉིད་ཞི་བའི་ངང་ལ་བཞུགས་པ་སྟེ། །དེ་ན་བདེ་བའི་རང་བཞིན་སྡུག་བསྔལ་བྲལ། །ཐེག་པ་དམན་པའི་ལུགས་ལ་དེ་ཕྱི་ནས། །བུད་ཤིང་ཟད་པའི་མེ་བཞིན་ནམ་དུ་ཡང་། །ལུས་ནི་མི་ལེན་སྟོང་ཉིད་ཞི་བར་བཞུགས། །ཐེག་ཆེན་ལུགས་ལ་བསྐལ་བ་བརྒྱད་ཁྲི་བར། །དེ་ལྟར་བཞུགས་ཤིང་བསྐལ་པ་བརྒྱད་ཁྲི་ནས། །སངས་རྒྱས་འོད་ཟེར་ཕོག་པས་དྲན་པ་རྙེད། །དེ་ནས་སངས་རྒྱས་སྐུ་བསྟན་གསུངས་དབྱངས་ཀྱིས། །ཁྱོད་ཀྱི་འདི་ནི་མཐར་ཐུག་འབྲས་བུ་མིན། །

(༦༦)རྫོགས་པའི་བྱང་ཆུབ་ལམ་དུ་ཞུགས་ཤིག་གསུང་། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སླར་ཡང་རྫོགས་པའི་བྱང་ཆུབ་བསྒྲུབ་དགོས་ཏེ། །དེ་ལྟར་བསྐལ་པ་བརྒྱད་ཁྲིར་འགྲོ་དོན་འགག །དེ་ཕྱིར་ཐེག་ཆེན་བྱང་ཆུབ་སེམས་དཔའི་ལུགས། །རེ་ཞིག་དམྱལ་བའི་ཡུལ་དུ་སྐྱེས་པ་བས། །ཉན་རང་ལམ་དེར་གོལ་ན་ལོད་པར་བཞེད། །ཐེག་དམན་གོལ་ས་བསྟན་པའི་དབྱངས་ཆུང་འདི། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས་པའོ།། ༈ །།ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་ཡེ། ཀརྨ་བརྩོན་འགྲུས་རྒྱ་མཚོ་ལེགས་པར་གསོན། །རྒྱུ་ཡི་ཐེག་པ་མཚན་ཉིད་ལུགས་ཞེས་པ། །ཐེག་ཆེན་བྱང་ཆུབ་སེམས་དཔའི་ཉམས་ལན་ནི། །བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་བྱས་ཏེ། །རབ་ཀྱིས་འགྲོ་ཀུན་སངས་རྒྱས་སར་བཀོད་བསམ། །འབྲིང་གིས་རང་གཞན་མཉམ་དུ་སངས་རྒྱས་འདོད། །ཐ་མས་རང་ཉིད་སངས་རྒྱས་ཐོབ་བྱས་ནས། །འཁོར་བ་ཇི་སྲིད་འགྲོ་དོན་བྱེད་པར་འདོད། །འགྲོ་བ་ཀུན་ལ་ཕན་པར་མ་བྱས་ན། །རྫོགས་པའི་བྱང་ཆུབ་ཐོབ་པའི་

(༦༧)ཐབས་མེད་པས། །གཞན་ཕན་བསྒྲུབ་པ་རང་དོན་མཆོག་ཏུ་གོ། །བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །ལུས་ནི་བསམ་འདས་བརྗོད་མི་ལངས་བླངས་ཚེ། །རང་དོན་བསྒྲུབས་པས་མ་འགྲུབ་འཁོར་བར་འཁྱམས། །ད་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གསུམ། །གཞན་དོན་བསྒྲུབ་ན་སངས་རྒྱས་ཐོབ་པར་གསུངས། །མཐའ་མེད་འཁོར་བར་ཁྱམས་པའི་དོན་བསམས་ན། །དེ་ཡང་ཡུན་རིང་མ་ཡིན་ཡུན་ཐུང་ཡིན། །བཅོམ་ལྡན་ཤཱཀྱ་ཐུབ་པ་ལ་སོགས་ཀྱང་། །ཤིག་དང་ལྗི་བ་སོགས་ལའང་སྐྱེས་གསུངས་པ། །བདག་གིས་ད་རེས་དལ་འབྱོར་མི་ལུས་ཐོབ། །རྫོགས་པའི་བྱང་ཆུབ་བསྒྲུབ་ན་ཅིས་མི་འགྲུབ། །སྙམ་དུ་བློ་སྟོབས་ཆེན་པོ་བསྐྱེད་པར་བྱ། །ཉེས་ལྟུང་ཕྲ་ཞིབ་ཐམས་ཅད་དག་པ་དང་། །སྡོམ་པ་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། །བྱང་སྡོམ་རང་གི་ཡང་ཡང་ལེན་པར་བྱ། །དཔེར་ན་གསེར་དངུལ་སྣོད་ནི་ཞོམ་པ་ལྟར། །བཅོས་པར་སླ་སྟེ་ཉམས་ཀྱང་འཕྲལ་དུ་སྐྱེ། །ཉམས་ལེན་གཙོ་བོ་ས་

(༦༨)གཞི་བྱིན་རླབས་ལྟར། །ཐུབ་དབང་སྤྱན་དྲངས་མཆོད་བསྟོད་མཎྜལ་ཕུལ། །ཐུགས་དམ་གཙོ་བོ་ཡན་ལག་བདུན་པས་བྱེད། །ཞེ་སྡང་སྐྱེས་ན་བྱམས་པས་འདུལ་བ་སྟེ། །སེམས་ཅན་ཐམས་ཅད་སྐྱེ་བ་མང་པོའི་མི། །ཁོང་ཚོས་མ་ཤེས་ང་ལ་དགྲ་བྱེད་ཀྱང་། །བདག་གིས་ཤེས་བཞིན་ལན་བྱེད་ག་ལ་རུང་། །མ་རྒན་སྨྱོ་རྒོད་བུ་ཡིས་མི་བཟོད་ལྟར། །དེ་ལ་སྙིང་རྗེ་བསྐྱེད་ལ་ཅི་ཕན་བསྒྲུབ། །འདོད་ཆགས་སྐྱེས་ན་མི་སྡུག་བསྒོམ་པས་འདུལ། །རོ་རུལ་འབུ་ཡིས་གཟིངས་དང་ཀེང་རུས་རྣམས། །མདུན་དུ་བསྒོམ་པས་འདོད་ཆགས་ངང་གིས་ཞི། །གཏི་མུག་འཐིབས་པ་རྟེན་འབྲེལ་བསྒོམས་པས་ཡལ། །གོང་ལྟར་མ་རིག་དབང་གིས་འདུ་བྱེད་སོགས། །རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ཡིད་ལ་བགྲངས། །ཁྱད་པར་ཐུབ་པའི་མཛད་པ་བཅུ་གཉིས་པོ། །ངག་ཏུ་འདོན་ཞིང་དེ་དོན་ཡིད་ཀྱིས་བསམ། །དེ་ནས་ཞི་གནས་ལྷག་མཐོང་དོན་བསྒོམ་པ། །མདུན་དུ་ཐུབ་པའི་དབང་པོ་གསལ་བར་བསྒོམ། །

(༦༩)དེ་ཡི་མཚན་དང་དཔེ་བྱད་རེ་རེ་ནས། །སེམས་གཏད་རིག་པ་ཇི་ལྟར་གནས་གནས་བྱ། །བྱིང་ཞིང་རྨུགས་ན་དཔྲལ་བའི་མཛོད་སྤུ་དང་། །འཕྲོ་རྒོད་ཆེ་ན་སྐྱིལ་ཀྲུང་བསྣོལ་མཚམས་དང་། །བྱིང་རྒོད་མེད་ན་ཐུགས་ཀྱི་དཔལ་བེའུ་ལ། །གར་གཏད་སེམས་གནས་ཡུན་རིང་མི་འཕྲོ་ན། །དེ་ནི་ཐུན་མོང་ཞི་གནས་འགྲུབ་པ་སྟེ། །དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་ནི། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་མདོ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས་རྒྱ་ཆེར་གསུངས། །མདོར་ན་རང་གི་རིག་པ་གང་གཏད་སར། །ཡུན་རིང་མི་འཕྲོ་ཅི་འདོད་བར་གནས་པ། །རྣམ་རྟོག་ཞི་ནས་གནས་པ་ཞི་གནས་ཏེ། །ཐུན་མོང་ཟག་བཅས་མངོན་ཤེས་གྲུབ་རྟགས་སོགས། །དེ་ལས་བྱུང་ཚུལ་སྟོང་ཕྲག་བརྒྱ་པར་གསུངས། །དེ་ནས་ཐུན་མོང་ལྷག་མཐོང་བསྒོམ་བྱ་བ། །ཐུན་མོང་ལྷག་མཐོང་རྟོག་དཔྱོད་ཤེས་རབ་ཡིན། །བདག་གི་ལུས་འདིའི་ཤ་རུས་པགས་པ་དང་། །དོན་སྣོད་གང་ལ་དཔྱད་ཀྱང་

(༧༠)བདག་མ་གྲུབ། །སེམས་ལ་དངོས་པོ་མེད་ཕྱིར་བདག་མ་གྲུབ། །མ་གྲུབ་སྟོང་པའི་ངང་ལ་ས་ལེ་བཞག །དེ་ནི་གང་ཟག་བདག་མེད་བསྒོམ་ཚུལ་ཡིན། །ཕྱི་ཡི་དངོས་པོ་དཔེར་ན་ཀ་བ་གཅིག །རིག་པས་སོ་སོར་བསལ་ནས་དཔྱད་ཙམ་ན། །ཀ་བའི་མགོ་དང་མཇུག་དང་སྐེད་པ་དང་། །ཕྱོགས་བཞི་མཚམས་བརྒྱད་དཀྱིལ་དང་དགུ་པོ་རྣམས། །སོ་སོར་དཔྱད་པས་གང་ཡང་ཀ་བ་མིན། །ཀ་བ་བདེན་པར་མ་གྲུབ་མིང་བཏགས་ཙམ། །དེ་བཞིན་ཕྱི་སྣོད་ནང་བཅུད་དངོས་པོ་ཀུན། །གང་ཡང་བདེན་པར་མ་གྲུབ་སྟོང་པ་ཉིད། །དེ་ནི་ཆོས་ཀྱི་བདག་མེད་བསྒོམ་ལུགས་ཏེ། །དེ་དག་པཎྜི་ཏ་ཡི་དཔྱད་བསྒོམ་ཟེར། །དེ་ལ་གོ་བའི་ངེས་ཤེས་སྐྱེ་མོད་ཀྱི། །སྟོང་ཉིད་དངོས་ནི་རྟོགས་པར་མི་འགྱུར་ཏེ། །བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས། །སྟོང་ཉིད་རྟོགས་དང་དང་པོའི་ས་ཐོབ་མཉམ། །གྲངས་མེད་གཉིས་ཀྱིས་མ་དག་ས་བདུན་བགྲོད། །གྲངས་མེད་གསུམ་གྱིས་ས་བཅུ་མཐར་ཕྱིན་

(༧༡)ཏེ། །དེ་ནས་བསྐལ་པ་བཞི་བཅུར་མཚན་དཔེ་བསྒྲུབ། །དེ་ནས་མཛད་པ་བཅུ་གཉིས་ཚུལ་གྱིས་ནི། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་ནས། །ཤཱཀ་ཐུབ་བཞིན་དུ་མངོན་པར་སངས་རྒྱས་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་འགྲོ་དོན་མཛད། །དེ་ལྟར་ཉན་ཐོས་བྱང་ཆུབ་དགྲ་བཅོམ་དང་། །རང་རྒྱལ་བྱང་ཆུབ་བསེ་རུའམ་ཚོགས་ན་སྤྱོད། །རྫོགས་པའི་བླ་མེད་བྱང་ཆུབ་ཐོབ་པའི་ཚུལ། །བདག་འདྲ་རྨོངས་པས་སྨྲ་བར་མི་སྤོབས་ཀྱང་། །ཤེས་བྱ་ཀུན་མཁྱེན་དྷརྨ་ཤྭ་ར་ཡི། །ཞལ་གྱི་བདུད་རྩིའི་ཟེར་གྱིས་ཚིམ་པའི་ཕྱིར། །ཟུར་ཙམ་སྨྲས་ལ་འགལ་བ་མཆིས་སྲིད་ན། །གཞུང་ལུགས་སྨྲ་བ་རྣམས་ཀྱི་དྲུང་དུ་བཤགས། །བན་རྦན་གཅོས་པས་གང་དྲན་སྨྲས་པའི་ཚིག །བརྩོན་འགྲུས་རྒྱ་མཚོས་ཆོས་སུ་བསྒོམས་ནས་བྲིས། །རྟ་ལོ་རྒྱལ་ཟླའི་ཚེས་བཅུའི་དགོངས་ཐུན་ནུབ། །རཱ་ག་ཨ་སྱས་བིརྱ་ས་ག་ར། །ཞུས་ལེན་མགུར་དུ་བྱས་པ་མངྒ་ལམ། །སྡེབ་སྦྱོར་མ་ལེགས་ཚིག་ཚོགས་མ་མཛེས་

(༧༢)ཀྱང་། །མདོ་ལུགས་ཆོས་ཀུན་དོན་འདུས་ཡིན་ནོ་ཨང་། །གཞུང་ལུགས་རྒྱ་ཆེན་ཐོས་བསམ་མ་བྱས་རྣམས། །འདི་མཐོང་མདོ་ལུགས་ཁོག་ཀུན་གྲོལ་བར་ཤོག །ལེའུ་བཞི་པའོ་མངྒ་ལཾ།། །ཅ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སྡོམ་པ་གསུམ་གྱི་སྲུང་ཚུལ་མུན་སེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ནི་ཡེ། །ཀུན་མཁྱེན་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ། །དགེ་སློང་རྡོ་རྗེ་འཛིན་པ་བརྩོན་འགྲུས་ཀྱིས། །སྡོམ་གསུམ་དམ་ཚིག་སྲུང་མཚམས་གང་ཡིན་ཟེར། །འདི་ནི་རྒྱ་ཆེ་གྲངས་མང་བརྗོད་མི་ལངས། །དབུས་གཙང་མཁས་པ་ཀུན་གྱི་རྩོད་གཞི་ལགས། །འགྲན་མེད་རྒྱུད་རྒྱལ་ཀྱཻ་ཡི་རྡོ་རྗེ་ལས། །སོ་ཐར་བྱང་སྡོམ་སྔགས་སྡོམ་རིམ་པར་ཞུ། །དེ་ནས་སྔགས་ཀྱི་སྤྱོད་པ་བྱ་བར་བཤད། །གསང་སྔགས་རྙིང་མར་ཐེག་པ་རིམ་དགུའི་དབང་། །དེས་ཀྱང་སྡོམ་པ་གསུམ་ཀ་རིམ་གྱིས་ཐོབ། །འདི་དག་ཉམས་སུ་ལེན་པའི་ཕྱག་ལེན་ལ། །རྒྱ་གར་དུའང་ཆོས་ལུགས་གསུམ་

(༧༣)དུ་ཡོད། །སྡོམ་གསུམ་གནས་འགྱུར་ས་སྐྱ་པ་ཡིས་བཞེད། །གཏོང་གནས་ཐ་དད་བཀའ་བརྒྱུད་པ་ཡིས་བཞེད། །གཅིག་ལ་གཅིག་བརྟེན་ཙོང་ཁ་པ་ཡིས་བཞེད། །ཁྱིམ་པ་རྡོར་འཛིན་དགེ་སློང་རྡོར་འཛིན་གཉིས། །འདི་དག་གྲུབ་མཐའ་དག་དང་མ་དག་པ། །རྒྱ་གར་པཎ་ཆེན་ཤྲདྡྷ་ཀ་ར་སྟེ། །ཏི་པུ་གསང་སྔགས་སྡོང་པོའི་ཡབ་ཡིན་ཏེ། །མཆོག་ནི་མ་ཡིན་ཐུན་མོང་གྲུབ་པ་ཐོབ། །གྲུབ་རྟགས་རྡོ་རྗེ་དྲིལ་བུ་ནམ་མཁར་བཞག །དེ་ཉིད་བོད་དུ་ལན་གསུམ་ཕེབས་པ་ཡི། །དང་པོའི་མཚན་ལ་ཤྲདྡྷ་ཀ་ར་ཟེར། །ལོ་ཆེན་རིན་ཆེན་བཟང་པོའི་བླ་མར་བསྟེན། །ཀུན་རིག་ལ་སོགས་རྣལ་འབྱོར་རྒྱུད་རྣམས་བསྒྱུར། །བར་རེས་བོད་དུ་ཕེབས་ཚེ་ཁོང་གི་མཚན། །ཨཱ་ཙར་དམར་པོའི་ཞབས་ཞེས་བྱ་བར་གྲགས། །དེ་དུས་ཆགས་ལམ་ངན་སྔགས་ཁོ་ན་སྤེལ། །མཐུ་གླ་བླངས་པས་གསེར་སྲང་སུམ་བརྒྱ་རྙེད། །དེ་དུས་ཇོ་བོ་རྗེ་དང་དུས་མཉམ་པས། །ཁོང་གིས་ཆགས་ལམ་སྤེལ་ལ་མ་མཉེས་ནས། །ཇོ་བོས་

(༧༤)ཁོང་ལ་བཀའ་བཀྱོན་འབར་ཤ་ཆེ། །དེ་དོན་བཀའ་གདམས་གླེགས་བམ་ནང་དུ་གསལ། །ཁོང་གི་ཆོས་ལུགས་དང་པོ་སྐྱབས་སྡོམ་ནས། །དགེ་སློང་བར་དུ་རིམ་པར་ཞུས་བྱས་ཏེ། །རེ་རེ་གཞུང་བཞིན་ལོ་ཤས་ཟླ་ཤས་བསྲུང་། །དེ་ནས་བྱང་ཆུབ་སེམས་བསྐྱེད་ཞུས་པ་ཡི། །སོ་ཐར་སྡོམ་པ་བྱང་སེམས་སྡོམ་པར་འགྱུར། །དེ་ནས་འདུལ་ཁྲིམས་གཅིག་ཀྱང་སྲུང་མི་དགོས། །བྱང་སེམས་བསླབ་བྱ་གཏོང་ལེན་ལོ་ཤས་བསྒོམ། །དེ་ནས་གསང་སྔགས་དབང་བཞི་ཞུས་པ་ཡིས། །བྱང་སྡོམ་དེའང་སྔགས་ཀྱི་སྡོམ་པར་འགྱུར། །དེ་ནས་བྱང་སྡོམ་བསླབ་པ་བསྲུང་མི་དགོས། །སྔགས་འཆང་ཡིན་ཕྱིར་ཆུང་མ་ལེན་ཡང་ཆོག །བླང་ཡང་སྡོམ་པ་ཤོར་བའི་ཉེས་པ་མེད། །ཁོང་གི་རྗེས་འབྲང་མང་པོ་དར་བའི་ཕྱིར། །མངའ་རིས་དབུས་གཙང་ཀུན་དུ་སེར་ཁྱིམ་དར། །འདི་ལ་ཨཱ་ཙར་དམར་པོའི་ཆོས་ལོག་ཞེས། །མཁས་གྲུབ་ཀུན་གྱིས་གཤེ་ཞའི་བཀག་པ་མཛད། །སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག་ཞེས་པ། །སྡོམ་པ་

(༧༥)གསུམ་ཀ་རིམ་གྱིས་ཞུས་པའི་ཚེ། །གནས་འགྱུར་སྔགས་སྡོམ་ཉིད་དུ་འགྱུར་ན་ཡང་། །ངོ་བོ་གཅིག་ཕྱིར་གསུམ་ཀ་སྲུང་དགོས་པ། །དེང་སང་ས་ལུགས་རྣམས་ཀྱིས་བཞེད་པ་སྟེ། །རྒྱབ་རེས་ཤྲདྡྷ་ཀ་ར་བོད་དུ་ཕེབས། །འབྲོག་མི་ལོ་ཙས་བླ་མར་བསྟེན་པའི་དུས། །ལམ་འབྲས་ལ་སོགས་ཟབ་ཆོས་མང་བ་དང་། །བདེ་མཆོག་རཱ་ལེ་ཉེར་བཞིའི་རྒྱུད་རྣམས་གསུངས། །དེ་དུས་མཚན་ལ་ག་ཡ་དྷ་རབ་གྲགས། །གོང་འོག་གཉིས་ཀ་སྡོམ་གསུམ་གནས་འགྱུར་ལུགས། །སྡོམ་གསུམ་རིམ་གྱིས་ཞུས་ཤིང་སོ་སོར་སྲུང་། །རྩ་རླུང་ལས་སུ་རུང་བ་དེ་ཡི་ཚེ། །ཆགས་ལམ་ལ་སོགས་བརྟེན་པར་བྱས་ན་ཡང་། །སོ་སོར་ཐར་པའི་སྡོམ་པ་མི་འཆོར་ཞིང་། །དྲག་སྔགས་ངན་མཐུས་ཞིང་བཅུ་བསྒྲལ་པ་ན། །དགེ་སློང་སྡོམ་པ་འཆོར་བར་མི་འགྱུར་བ། །འདི་ཡང་སྡོམ་གསུམ་གནས་འགྱུར་ངོ་བོ་གཅིག །དཔེར་ན་ཨོ་རྒྱན་རྗེ་འབངས་ཉེར་ལྔ་བཞིན། །སྦྱོར་སྒྲོལ་མཛད་ཀྱང་ཆོས་གོས་མནབ་པ་གོ། །དེ་ནི་རྙིང་མ་དང་

(༧༦)པའི་ལུགས་ཡིན་ཏེ། །མ་དག་སྔ་འགྱུར་རྙིང་མའི་ཆོས་ལུགས་ལ། །མདོ་དབང་ལ་སོགས་ཐེག་དགུའི་དབང་ཐོབ་ནས། །སྡོམ་པ་གསུམ་ག་ཐོབ་པར་རློམ་ནས་ཀྱང་། །འདུལ་ཁྲིམས་སྡོམ་པ་གཞན་ནི་མི་ཞུ་བར། །ཆོས་གོས་སྣམ་སྦྱར་གྱོན་ནས་སྲུང་སྡོམ་གཟབས། །དེ་ནི་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། །སྡོམ་པ་དབང་གི་ཐོབ་པར་རྩི་བ་ཡིན། །འདུལ་བའི་བསྟན་པ་ཉམས་པའི་རྟགས་སུ་གསུངས། །འདི་ལ་ཉེས་འགལ་ཆེན་པོ་མ་མཆིས་ཏེ། །འདུལ་ཁྲིམས་མ་ཞུས་འདུལ་ཁྲིམས་སྲུང་བ་དེས། །ཕན་ཡོན་ཆེན་པོ་མའི་བྱུང་སྐྱོན་ཅིག་གདའ། །འདི་ནི་མདོ་ཁམས་ཤར་ཕྱོགས་མཐའ་ནས་དར། །ཇོ་བོ་རྗེ་དང་པཎ་ཆེན་ཤཱཀྱ་ཤྲཱི། །ཡོངས་སུ་དག་པའི་མཁས་གྲུབ་ཐམས་ཅད་ཀྱིས། །སྡོམ་པ་གསུམ་པོ་རིམ་གྱིས་ཞུས་ནས་ཀྱང་། །སོ་སོའི་བསྲུང་བྱ་ཐམས་ཅད་སྲུང་དགོས་གསུངས། །ཀུན་གྱི་རྩ་བ་སོ་ཐར་སྡོམ་པ་སྟེ། །དེ་ནི་ཆུ་སྣོད་ཆག་གས་མེད་པ་འདྲ། །དེ་ནང་ཆུ་ཡིས་བཀང་འདྲ་བྱང་སེམས་སྡོམ། །དེ་ལ་

(༧༧)ཟླ་གཟུགས་ཤར་འདྲ་སྔགས་སྡོམ་སྟེ། །སྣོད་ཆག་ཆུ་འཕོ་ཟླ་བའི་གཟུགས་བརྙན་ཡལ། །དེ་བཞིན་སོ་ཐར་སྡོམ་པ་ཤོར་བའི་ཚེ། །བྱང་སྡོམ་སྔགས་སྡོམ་གཉིས་ཀ་མེད་པར་འགྱུར། །དེ་ཕྱིར་སོ་ཐར་སྡོམ་པ་གཟབ་དགོས་པར། །འཇམ་པའི་དབྱངས་དངོས་ཙོང་ཁ་པ་ཡིས་བཞེད། །དེ་ཕྱིར་དགེ་ལུགས་འདུལ་ཁྲིམས་བཙུན་པོ་བྱུང་། །པཎ་ཆེནཤཱཀྱ་ཤྲཱི་སློབ་མ་པཎ་ཆུང་ནི། །བི་དྷུ་ཏི་ཙནྟྲ་ཞེས་བྱ་བ་ཡི། །མཛད་པའི་སྡོམ་གསུམ་འོད་འཕྲོ་རྒྱ་གཞུང་འདོན། །སོ་ཐར་སྐརྨ་བྱང་སྡོམ་ཟླ་བ་དང་། སྔགས་སྡོམ་ཉི་མ་དག་དང་མཚུངས་པ་སྟེ། །གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཡོད། །གཅིག་དེ་ཤོར་ཡང་གཞན་ཀུན་མི་ཤོར་སྟེ། །ཤོར་བའི་ཉེས་ལྟུང་སོ་སོར་ཡོད་ན་ཡང་། །འོག་མ་ཤོར་བས་ངན་འགྲོར་ལྟུང་མི་ནུས། །དཔེར་ན་ཟླ་བ་སྐར་མ་ནུབ་ན་ཡང་། །ཉི་མ་ཡོད་ན་མུན་པས་གནོད་མི་ནུས། །དེ་ཕྱིར་ཐུབ་ན་ཐམས་ཅད་སྲུང་དགོས་ཀྱི། །མ་ལྕོགས་སྔགས་སྡོམ་གོང་མ་གཙོ་བོར་འཛིན། །

(༧༨)བཀའ་བརྒྱུད་པ་རྣམས་འདི་ཡི་ལུགས་མཛད་པས། །བཀའ་བརྒྱུད་པ་རྣམས་འདུལ་ཁྲིམས་ཅུང་ཞིག་ལྷོད། །འོན་ཀྱང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱིས། །སྡོམ་གསུམ་གོང་ནས་གོང་དུ་དོབ་ཏུ་འགྲོ། །གསུངས་ཕྱིར་སྔགས་སྡོམ་མི་སླ་ཤིན་ཏུ་དཀའ། །དེ་དོན་རྒྱལ་བ་འབྲོམ་གྱི་ཞལ་ནས་ཀྱང་། །སོ་སོ་སྐྱེ་བོས་སྲུང་ཀྱང་སླ་བ་ཡི། །འདུལ་ཁྲིམས་སྡོམ་པ་གཙང་མར་མི་སྲུང་བར། །འཕགས་པ་མིན་པས་ཉམས་སུ་མི་ལོན་པའི། །གསང་སྔགས་ཉམས་ལེན་དམ་ཚིག་སྲུང་ཟེར་བ། །དེ་དག་རྫུན་དུ་ཆེ་གསུངས་བཞད་གད་མཛད། །ཁྱིམ་པ་རྡོ་རྗེ་འཛིན་པ་ཞེས་བྱ་བ། །སྐྱབས་སྡོམ་དང་ནི་བསྙེན་གནས་སྡོམས་པ་དང་། །སྣ་འགའ་སྲུང་བའི་དགེ་བསྙེན་ཞེས་བྱ་བ། །མི་གཙང་སྤྱོད་པ་མ་གཏོགས་གསུམ་པོ་སྲུང་། །དེ་མིན་བྱང་སྡོམ་སྔགས་སྡོམ་གཞུང་བཞིན་སྲུང་། །སྲས་དང་བཙུན་མོ་ལ་སོགས་ཡོད་ན་ཡང་། །དབང་བསྐུར་ཆོས་བཤད་བླ་མའི་སར་བཞུགས་པ། །ས་འབྲུག་གཏེར་སྟོན་རྣམས་ཀྱི་གདུང་བརྒྱུད་བཞིན་

(༧༩)བཞིན། །དེ་ནི་ཁྱིམ་པ་རྡོར་འཛིན་རྣམ་པར་དག །དེ་མིན་འདུལ་ཁྲིམས་སྡོམ་པ་ཞུས་ཕྱི་ནས། །རྩ་རླུང་ལས་སུ་རུང་བ་མེད་བཞིན་དུ། །གདུང་རྒྱུད་ཡིན་ཞེས་བུ་རྒྱུད་སྤེལ་བ་ན། །ཨ་ཙར་དམར་པོའི་ཆོས་ལོག་ངན་འགྲོའི་རྒྱུ། །དེ་བཞིན་སོ་ཐར་སྡོམ་པ་ཉིད་ལ་ཡང་། །མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་ཞེས། །རྒྱ་གར་ན་ཡང་ཆོས་ལུགས་གཉིས་ཡོད་དེ། །བྱེ་བྲག་སྨྲ་བ་རྣམས་ཀྱི་ཆོས་ལུགས་ལ། །འདུལ་ཁྲིམས་རྩ་བ་བཞི་པོ་གཅིག་ཤོར་ན། །སྡོམ་པ་ཐམས་ཅད་འཆོར་ཞིང་མི་གནས་ཏེ། །དཔེར་ན་ཁང་པ་སྒོ་བཞི་ཡོད་པའི་ནང་། །ཡིད་བཞིན་ནོར་བུ་རིན་ཆེན་གཅིག་ཡོད་ན། །རྐུན་མ་སྒོ་བཞི་གང་ནས་འོངས་ཀྱང་འདྲ། །ནོར་བུ་ཤོར་ནས་ནོར་བུ་མེད་དང་འདྲ། །ཉན་ཐོས་མདོ་སྡེ་བ་ཡི་ལུགས་ལ་ནི། །རེ་རེ་ཤོར་བས་ཐམས་ཅད་མི་འཆོར་སྟེ། །དཔེར་ན་དགེ་སློང་མི་གཙང་སྤྱོད་ན་ཡང་། །གསུམ་པོ་མ་ཤོར་ཡོད་པས་སྲུང་ན་ནི། །ཕན་ཡོན་ཡོད་ཅེས་ཉམས་པའི་དགེ་སློང་ཟེར། །འདི་ཉིད་བཀའ་བརྒྱུད་པ་ཡིས་

(༨༠)བཞེད་པ་སྟེ། །འཇིག་རྟེན་གསུམ་གྱི་མགོན་པོའི་རྡོ་རྗེའི་གསུང་། །སྣ་གཅིག་བསྲུང་ཀྱང་མྱང་འདས་རྒྱུར་འགྱུར་གསུངས། །དེ་དོན་སློབ་མ་དགེ་སློང་གཅིག་ལོག་སྟེ། །བུ་རྒྱུད་གསོ་ཕྱིར་བྱ་ཕག་གསོད་ན་ཡང་། །ད་རུང་ཆབ་རིལ་བཏགས་ཤིང་ཆབ་བླངས་པས། །མཆེད་གྲོགས་གྲྭ་སློབ་ཀུན་གྱིས་དེ་ལ་འབར། །འཇིག་རྟེན་མགོན་པོས་དེ་ལ་མ་འབར་ཞིག །སྣ་གཅིག་བསྲུངས་ཀྱང་མྱང་འདས་རྒྱུར་འགྱུར་གསུངས། །དགེ་སློང་སྡོམ་པ་ཐམས་ཅད་ཤོར་ཚར་ཡང་། །ད་དུང་དེ་ཉིད་ཉམས་པའི་དགེ་སློང་སྟེ། །མི་གཙང་ལ་སོགས་ལན་རེ་ནམ་སྤྱད་ཀྱང་། །སྡོམ་པ་གསར་དུ་ཤོར་འདྲའི་ཉེས་ལྟུང་འབྱུང་། །དེ་ཕྱིར་སྡོམ་རོ་ཕུལ་ན་ཉེས་ལྟུང་འཆད། །དེ་ཕྱིར་སྡོམ་རོ་ཕུལ་བར་མ་བྱས་ཚེ། །བཙུན་ལོག་རྣམས་ཀྱང་བཙུན་པའི་གྲོངས་སུ་འགྲོ། །དེ་ཕྱིར་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན། །པོ་ཊ་ལ་རུ་ལན་གསུམ་བྱོན་བ་ཡི། །ཕར་རེས་དགེ་སློང་ཆོས་གོས་རུལ་བ་ཅན། །བུ་དང་ཆུང་མ་ཞིང་གི་མུ་ན་བཞག །ལྷུང་བཟེད་ཤིང་གི་ཡལ་ག་ལ་བཀལ་ནས། །ཞིང་རྨོ་

(༨༡)འཕྲུ་ནི་སློག་ཅིང་འདུག་པ་ལ། །ཐང་སོ་ཁྲག་གིས་དམར་དང་ཅང་ཅང་བའི། །འབུ་སྲིན་སེམས་ཅན་མང་པོ་འཆི་འདུག་པས། །ཁྱེད་ནི་བན་ལོག་འཕྲ་འདུལ་དགོས་ན་ཡང་།ལྷུང་བཟེད་ཆོས་གོས་མ་བཟུང་བསྟན་ལ་གནོད། །སྨྲས་པས་བྱིན་པ་ཁྱེར་ཡོང་གཙང་སར་སྦས། །དེ་ནས་པོ་ཊ་ལ་དུ་སོང་པ་ན། །སྔར་བཞིན་ལྷ་ཚོགས་གཅིག་ཀྱང་མ་མཐོང་བས། །ཕྱག་དང་བསྐོར་བ་དཔག་མེད་བྱས་པའི་རྗེས། །སྒྲོལ་མ་ཁྲོ་གཉེར་ཅན་སོགས་མ་མཐོང་སྟེ། །རྩེ་རུ་སོང་བས་སྨུག་བས་རབ་ཏུ་གཏུམས། །གཞལ་ཡས་སྒོ་ཕྱེ་མ་ཐུབ་ཡུན་རིང་འགོར། །ཕྱག་བསྐོར་མང་བྱས་ནང་དུ་ཐར་བའི་ཚེ། །སྔར་དང་མི་འདྲ་ཅི་ལགས་ཞུས་པའི་ལན། །ལམ་དུ་ཚུལ་ཁྲིམས་འཆོལ་པའི་མི་དེ་ལ། །བཙུན་པའི་ཆ་ལུགས་བྲལ་བ་དེ་ཡིས་སྒྲིབས། །མི་དེ་ཆ་ལུགས་དེ་དང་མ་བྲལ་ན། །ད་རུང་བཙུན་པའི་བག་ཙམ་སེམས་ལ་ཡོད། །ད་ནི་དགེ་བའི་བག་མེད་དམྱལ་བར་འགྲོ། །དེ་ཡིས་སྡིག་པས་

(༨༢)ཁྱོད་ལ་སྒྲིབ་ཕོག་གསུངས། །དེ་ནས་ཚུར་ལམ་ཆོས་གོས་ལྷུང་བཟེད་གཏད། །དེ་དོན་པདྨ་དཀར་པོའི་མདོ་སྡེ་ལས། །ཐུབ་དབང་བསྟན་ལ་རབ་ཏུ་བྱུང་ཚད་རྣམས། །ཚེ་འདིར་མི་དགེ་མཚམས་མེད་ཅི་སྤྱད་ཀྱང་། །སྐྱེ་བ་བརྒྱ་སྟོང་འབུམ་ཕྲག་དུ་མའི་བར། །ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ན་ཡང་། །སངས་རྒྱས་སྟོང་གི་རྗེས་མ་མོས་པ་ཡིས། །བསྟན་པའི་མཇུག་ལ་མི་ཡི་ལུས་ཐོབ་ནས། །ཐེག་དམན་རིགས་ཡིན་དགྲ་བཅོམ་འབྲས་བུ་ཐོབ། །ཐེག་ཆེན་ཡིན་ན་རབ་དགའི་ས་ཐོབ་སྟེ། །འཁོར་བའི་གནས་ན་གཅིག་ཀྱང་མ་ལུས་པ། །འདི་ནི་ཐུབ་པའི་སྨོན་ལམ་མཐུ་ཡིན་གསུངས། །དེ་ཕྱིར་ཡབ་སྲས་ལ་སོགས་མཁས་གྲུབ་རྣམས། །ཅི་འོང་ཅིར་འགྱུར་དགོངས་པས་གསལ་ན་ཡང་། །སྡོམ་པ་ཐུབ་དང་མི་ཐུབ་མི་དཔྱད་པར། །ཀུན་ལ་བསྙེན་རྫོགས་གནང་བ་དེ་ཡི་དོན། །སྡོམ་པ་ཞུས་ནས་ཆོས་མགོ་མ་ཐོན་པ། །ངན་སོང་དམྱལ་ཚབས་ཆེ་ཡང་མཐར་ལ་ཐར། །དེ་ལ་འཁོར་བ་མཐའ་ཅན་

(༨༣)ཞེས་བྱ་ཡིན། །སྡོམ་པ་མ་ཞུས་མི་དགེ་སྤྱོད་པ་རྣམས། །འཁོར་བའི་གནས་ནས་ནམ་ཡང་ཐར་དུས་མེད། །དེ་ལ་འཁོར་བ་མཐའ་མེད་ཞེས་བྱ་ཡིན། །དེ་དོན་དམ་ཆོས་དགོངས་པ་གཅིག་པ་ལས། །ཉམས་ལས་མ་ཐོབ་ཉེས་པ་ཆེ་ཞེས་གསུངས། །མེ་ཏོག་ཙམ་པ་ཀ་ནི་རྙིང་ན་ཡང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ང་ཡི་ཉན་ཐོས་ཇི་ལྟར་ངན་ན་ཡང་། །ཐ་མལ་སྐྱེ་བོ་རྣམས་ཀྱི་སྨད་བྱ་མིན། །དེ་སྐད་བཅོམ་ལྡན་ཐུབ་པ་ཉིད་ཀྱིས་གསུངས།།མ་འོངས་ཐུབ་པའི་བསྟན་པ་འཇིགས་པའི་ཚེ། །དམར་དང་སེར་པོའི་ཆོས་ཅན་གོས་ཐམས་ཅད། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བརྩེགས་ནས་མཆོད། །བསྟན་པ་ནུབ་ནས་གོས་ཀྱི་ཚོས་མི་ཟ། །དེ་དོན་རྟོགས་བརྗོད་ལ་སོགས་མདོ་འགར་གསལ། །དེ་དོན་དགེ་འདུན་རྣམས་ལ་སྐྱབས་ཞུས་ནས། །སེར་གོས་གྱོན་ཚད་རྣམས་ལ་གུས་དགོས་གསུངས། །འཇམ་དབྱངས་སྤྲུལ་པ་རྔོག་ལོ་ཆེན་པོ་ཡིས། །

(༨༤)ཕྱག་དར་བྱས་པའི་ཉལ་ཉིལ་གསེབ་དག་ནས། །ལྭ་བ་སེར་པོའི་རས་མོ་བྱུང་བ་རྣམས། །ན་བཟའ་འདི་འདྲ་མནབ་པའི་རྒྱུད་དག་ལ། །ཡོན་ཏན་སྣ་རེ་མེད་པ་མེད་གསུངས་ནས། །གོས་དུམ་དབུ་ཞྭའི་གསེབ་ཏུ་བཅུགས་པར་མཛད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །ཚོགས་པའི་ཚོགས་གདན་དྲིལ་ནས་དབུ་ལ་བཞག།ཚོགས་གདན་རྡུལ་སྤྲུགས་ལྗགས་ཀྱི་སྟེང་དུ་བཞག།རྒྱུན་དུ་ནམ་འབྱོན་ཚོགས་པར་ཕྱག་འབུལ་མཛད། །འབྱོན་དུས་སྐུ་རྒྱབ་མི་སྟོན་ཕྱི་འགྲོས་མཛད། །དེ་དག་དོན་ལ་ལེགས་པར་དཔྱད་བྱས་ན། །ཕྱོགས་རིས་མེད་པའི་སེར་མོ་གྱོན་ཚད་ལ། །གཞན་སྐྱོན་མི་བྱ་ལོག་ལྟ་གཤེ་སྐུར་སྤངས། །ཀུན་ཀྱང་སྐྱབས་ཡུལ་དགེ་འདུན་ཡིན་པར་བཟུང་། །དེ་ཡིས་རང་ཉིད་བསོད་ནམས་དཔག་མེད་ཐོབ། །རབ་ཏུ་བྱུང་བས་ཆོག་པར་བརྩི་བ་ཡི། །བསམ་པ་དེ་འདྲ་རང་གིས་འཆང་མི་བྱ། །རང་རེ་བདེ་ནས་བདེ་བར་འགྲོ་འདོད་པ། །འཁོར་བ་མཐའ་ཡས་ཡོད་ཙམ་གྱིས་ག་ལ་ཆོག།ལྟ་བ་རྣམ་པར་དག་པ་

(༨༥)ཡོད་ན་ཡང་། །སྤྱོད་པ་འདུལ་ཁྲིམས་ཕྲ་ཞིབ་ཉམས་པ་དེ། །གསོ་སྦྱོང་བཤགས་སྡོམ་ཕེགས་པར་མ་བྱས་ན། །ཀླུ་རུ་སྐྱེ་བ་རྒྱ་མཚོའི་ཞུས་མདོར་གསལ། །ཀླུ་རུ་སྐྱེས་ན་གཞན་ལ་གནོད་པ་དང་།།མཛེ་དང་བྱེ་ཚན་ཆར་དང་ཉི་ཚན་དང་། །རྒྱལ་པོའི་ཆད་པ་ཁྱུང་གི་འཇིགས་པ་སོགས། །སྡུག་བསྔལ་དེ་དག་བཟོད་པར་ཇི་ལྟར་ནུས། །ད་ལྟ་ཀུན་གྱིས་དད་ཅིང་ཆོས་པར་རྩི། །ཤི་དུས་ཀླུ་བདུད་འཁོར་དུ་སྐྱེ་ཤོར་ན། །དེ་ལས་བརྩོག་དང་དེ་ལས་སྡུག་པ་ཅི། །དེ་བཞིན་གསངས་སྔགས་དམ་ཚིག་ཉམས་པ་ནི། །རྡོ་རྗེ་དམྱལ་བའི་གནས་ནས་ཐར་དུས་མེད། །གསང་སྔགས་སྤྱོད་ཅིང་བླ་མར་དགྲར་བལྟས་པས། །བདུད་དང་རྒྱལ་བགོང་དམ་སྲིའི་རིགས་སུ་སྐྱེ། །ཕལ་ཆེར་ཆོས་པ་དམ་ཚིག་ཉམས་པ་ཀུན། །བེ་ཀར་རྒྱལ་པོའི་འཁོར་དུ་སྐྱེ་བའི་ཚུལ། །གུར་དྲག་ལོ་རྒྱུས་རྣམས་སུ་གསལ་བ་མིན། །ཀྱེ་མ་ཀྱི་ཧུད་རང་ལ་སྙིང་རྗེ་ལྟོས། །སྐྱབས་སྡོམ་གསུམ་དང་དགེ་བསྙེན་སྡོམ་པ་ལྔ། །རབ་བྱུང་དགེ་ཚུལ་སྡོམ་པ་བཅུ་

(༨༦)པོ་དང་། །དགེ་སློང་ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་གསུམ། །བྱང་སྡོམ་དཀར་ནག་ཆོས་བཞི་བླང་དོར་དང་། །ལྟུང་བ་ལྔ་ལྔ་བརྒྱ་དང་ཉི་ཤུ་པ།།སྔགས་སྡོམ་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད། །རྙིང་མའི་རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སྟེ། །རྒྱས་པར་ས་ཡ་འབུམ་སྡེ་ཡོད་པར་གསུངས། །དེ་དག་རྩ་བ་བསྡུས་ཤིང་དྲིལ་བ་ན། །གཞན་གནོད་གཞིར་བཅས་སྤངས་ལ་སོ་ཐར་འདུས། །གཞན་ཕན་གཞིར་བཅས་བསྒྲུབ་ལ་བྱང་སྡོམ་འདུས། །བླ་མར་རྩེ་གཅིག་གུས་ལ་སྔགས་སྡོམ་འདུས། །རྒྱས་པ་རྒྱས་དྲགས་བསྡུས་པ་བསྡུས་དྲགས་ནས། །ཉམས་སུ་བླང་བྱ་རང་དེ་གང་ཞེ་ན། །རྩ་བ་བཞི་པོ་སྲོག་ལྟར་སྲུང་བ་དང་། །ཆང་དང་བསྔོས་ཤ་དགོངས་སོགས་སྤང་བ་དེས། །དེང་སང་དུས་ཀྱི་སྡོམ་པ་གཙང་མར་བརྩི། །བྱང་སྡོམ་སྔགས་སྡོམ་གཉིས་ལའང་དེ་གལ་ཆེ། །དགེ་ཚོགས་བྱ་བ་གང་དང་གང་བསྒྲུབ་པ། །འགྲོ་བ་ཀུན་ལ་ཕན་པའི་སེམས་བསྐྱེད་དང་། །དགེ་རྩ་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །རྫོགས་པའི་

(༨༧)བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་གདབ། །དེ་ཡིས་བྱང་སེམས་སྡོམ་པའི་བསླབ་བྱ་འདུས། །དེ་དོན་ཐུབ་པས་རྒྱལ་པོར་རྒྱ་ཆེར་གདམས། །རང་གི་རྩ་བའི་བླ་མ་གང་ཡིན་དེ། །སེམས་ཅན་ཡིན་ནམ་སངས་རྒྱས་ཡིན་ཀྱང་རུང་། །སྤྱི་གཙུག་རིགས་བདག་ཉིད་དང་དབྱེར་མེད་མོས། །དེ་ནི་བླ་མའི་སྐུ་ཡི་དམ་ཚིག་ཡིན། །ལུས་ཀྱི་ལྷ་བསྒོམ་ངག་གི་བསྙེན་པའམ། །རླུང་བཟུངའམ་ནི་རྡོར་བཟླས་གང་རུང་བྱ། །དེ་ནི་ཡི་དམ་གསུང་གི་དམ་ཚིག་ཡིན། །སེམས་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོར་ལྟ། །ཚེས་བཅུ་ལ་སོགས་དུས་མཆེད་ཚོགས་གཏོར་གཟབ། །ལོག་ལྟ་ཅན་ལ་གསང་སྔགས་གནད་མ་བཤད། །དེ་ནི་མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཡིན། །རྒྱུན་དུ་གཏོར་བསྔོས་དགུ་གཏོར་བསྐང་གསོལ་འབད། །ལོ་དུས་རྣམས་སུ་བསྐང་གསོལ་ཚོགས་མཆོད་གཟབ། །ཡོན་ཏན་ནོར་ལྷ་ཕྲིན་ལས་ཆོས་སྐྱོང་གི། །དམ་ཚིག་རྣམས་ནི་དེ་ལ་འདུས་པ་ཡིན། །དུས་རྣམ་ཀུན་ཏུ་རང་སེམས་ངོ་བོ་བལྟ། །རྟོགས་པས་བདག་རྒྱུད་གྲོལ་བའི་དམ་ཚིག་ཡིན། །

(༨༨)སྐབས་སུ་སྙིང་རྗེའི་གཏོང་ལེན་དམིགས་པ་སྦྱང་། །དབང་ལུང་ཁྲིད་སོགས་གདུལ་བྱའི་རེ་བ་སྐོང་། །ཐུགས་རྗེས་གཞན་རྒྱུད་སྨིན་པའི་དམ་ཚིག་ཡིན། །མཐོང་ཐོས་དྲན་རེག་འབྲེལ་བ་ཐོག་ཚད་ཀུན། །བདེ་ཆེན་ཞིང་དུ་སྐྱེ་བའི་བསྔོ་སྨོན་བྱ། །འཁོར་བ་དོང་སྤྲུགས་ཐེག་ཆེན་དམ་ཚིག་ཡིན། །དེ་ལྟར་དམ་ཚིག་རྣམ་དབྱེ་མདོར་བསྡུས་པ། །དབྱེ་བ་གསལ་ཞིང་ལག་ཏུ་བླངས་བདེ་བ། །རྟ་ལོ་ཁྲུམས་ཟླའི་དམར་པོའི་ཚེས་དགུའི་ཉིན། །གུང་གི་ཐུན་ལ་རཱ་ག་ཨ་སྱས་སྨྲས། །ཞུ་མཁན་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྲིས། །ནོངས་པ་མཆིས་ན་མཁས་པ་རྣམས་ལ་འཆགས། །དགེ་བས་འགྲོ་ཀུན་སྡོམ་གསུམ་མཐར་ཕྱིན་ཤོག།ལེའུ་ལྔ་པ་མངྒ་ལམ། །ཆ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སྐྱབས་འགྲོ་འཇིག་པ་ཀུན་སྐྱོབས་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱེད། །མ་ཡེངས་བདག་ལ་སྙན་གསོན་དང་། །སྐྱབས་འགྲོ་བྱེད་པ་མང་ལགས་ཀྱང་། །སྐྱབས་འགྲོའི་རྣམ་དབྱེ་ཤེས་པ་དཀོན། །

(༨༩)བྱིས་པ་རྒྱུ་ཐུབ་ལན་ཆད་རྣམས། །སྐྱབས་གནས་ཕ་དང་མ་ལ་ཞུ། །ཕ་མལ་སྐྱེ་བོ་ཕལ་ཆེར་རྣམས།།ཡུལ་ལྷ་གཞི་བདག་རྣམས་ལ་སྐྱབས། །ཕྱི་པ་མུ་སྟེགས་པ་རྣམས་ཀྱིས། །དབང་ཕྱུག་ཁྱབ་འཇུག་སོགས་ལ་སྐྱབས། །དེ་དང་ཆ་མཐུན་བོན་ལུགས་རྣམས། །དཀོན་མཆོག་གསུམ་པོ་སྐྱབས་མི་འཛིན། །དེ་དག་རྣམས་ཀྱིས་གནས་སྐབས་ཀྱི། །སྡུག་བསྔལ་ཅུང་ཟད་སྐྱབས་ནུས་ཀྱེ། །འཁོར་བའི་སྡུག་བསྔལ་སྐྱབས་མི་ནུས། །སྐྱབས་ཡུལ་དེ་དག་རྣམས་ཀྱིས་ཀྱང་། །འཁོར་བའི་སྡུག་བསྔལ་མ་སྤངས་པས། །གཞན་དག་སྐྱོབ་པར་ག་ལ་ནུས། །སྐྱབས་གནས་དཀོན་མཆོག་གསུམ་ཡིན་ཏེ། །གསུམ་ཀ་གཏན་གྱི་སྐྱབས་མ་ཡིན། །ཆོས་ནི་ལམ་དང་འདྲ་བ་སྟེ། །ཕ་རོལ་ཕྱིན་ཚར་དགོས་པ་མེད། །དགེ་འདུན་ལམ་གྲོགས་ལྟ་བུ་སྟེ། །ཁོང་རང་འཇིགས་དང་མ་བྲལ་ལོ། །སྐྱབས་ནི་སངས་རྒྱས་ཁོ་ན་ཡིན། །ཅི་ཕྱིར་སྐྱོན་ནི་ཐམས་ཅད་སངས། །ཡོན་ཏན་ཐམས་ཅད་ཤིན་ཏུ་རྒྱས། །བདུད་བཞིའི་འཇིགས་པ་

(༩༠)ཐམས་ཅད་བཅོམ། །མངོན་པར་ཤེས་པ་དྲུག་དང་ལྡན། །འཁོར་བའི་མྱ་ངན་ཕ་རོལ་འདས། །བརྩེ་བས་མ་གཅིག་བུ་བཞིན་དུ། །ཉིན་མཚན་དུས་དྲུག་འགྲོ་ལ་གཟིགས། །སྟོབས་བཅུའི་སྟོབས་དང་ལྡན་པའི་ཕྱིར། །སྐྱབས་འོས་སྐྱབས་མཆོག་དམ་པ་ཡིན། །དེ་ལྟར་དཀོན་མཆོག་གསུམ་པོ་ལ། །གྲུབ་མཐའ་སོ་སོའི་ངོས་འཛིན་མང་། །སོ་སོ་ཐར་བའི་ལུགས་ལ་ནི། །སངས་རྒྱས་སྤྲུལ་སྐུ་ཤཱཀ་ཐུབ་ཡིན། །ཆོས་ནི་བདེན་བཞིའི་ཆོས་འཁོར་ཡིན། །དགེ་འདུན་ཉན་ཐོས་རང་རྒྱལ་གཉིས། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རྣམས་ནི་ཡིན་པར་གསུངས། །དེ་རྣམས་དཀོན་མཆོག་གསུམ་དངོས་ཡིན། །ཀུན་རྫོབ་དཀོན་མཆོག་གསུམ་གྱི་རྟེན། །མཆོད་རྟེན་སངས་རྒྱས་སྐུ་གཟུགས་དང་། །ཡི་གེ་སེར་མོ་གྱོན་རྣམས་ཡིན། །དེང་ནས་མ་ཤི་བར་དུ་སྐྱབས། །ཅི་ཕྱིར་འཁོར་བའི་འཇིགས་ལས་སྐྲག།རང་ཉིད་ཁོ་ན་སྐྱབས་ཞུ་བ། །ཐེག་པ་དམན་པའི་སྐྱབས་འགྲོའོ། །སངས་རྒྱས་ཆོས་སྐུ་གཟུགས་སྐུ་གཉིས། །ཆོས་

(༩༡)ནི་ཐེག་ཆེན་སྡེ་སྣོད་གསུམ། །དགེ་འདུན་དང་པོའི་ས་ཐོབ་ཡིན། །དེ་ནི་ཐེག་ཆེན་དཀོན་མཆོག་གསུམ། །དེང་ནས་བྱང་ཆུབ་མ་ཐོབ་བར། །བདག་གཞན་འགྲོ་ཀུན་སྐྱབས་ཞུ་བ། །ཐེག་ཆེན་མདོ་ལུགས་སྐྱབས་འགྲོ་ལགས། །བྱ་སྤྱོད་ལུགས་ཀྱི་དཀོན་མཆོག་གསུམ། །སངས་རྒྱས་སྐུ་གསུམ་བདག་ཉིད་ཅན། །ཆོས་ནི་བྱ་སྤྱོད་རྒྱུད་སྡེ་རྣམས། །དགེ་འདུན་རིགས་སྔགས་གྲུབ་རྣམས་སོ། །དུས་དང་བསམ་པ་མདོ་དང་མཚུངས། །རྣལ་འབྱོར་རྒྱུད་ཀྱི་དཀོན་མཆོག་གསུམ། །སངས་རྒྱས་རྒྱལ་བ་རིགས་ལྔ་སྟེ། །ཆོས་ནི་རྣལ་འབྱོར་རྒྱུད་སྡེ་རྣམས། །དགེ་འདུན་སེམས་དཔའ་སེམས་མའི་ཚོགས། །དུས་དང་བསམ་པ་གོང་དང་འདྲ། །བླ་མེད་རྒྱུད་ཀྱི་དཀོན་མཆོག་གསུམ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཆོས་ནི་གསང་སྔགས་རྒྱུད་སྡེ་རྣམས། །དགེ་འདུན་འཇིག་རྟེན་འདས་པ་ཡི། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བླ་མེད་ཡང་རྩེ་གདམས་ངག་ལུགས། །དཀོན་མཆོག་གསུམ་པོ་བླ་མ་སྟེ། །ཐུགས་

(༩༢)ནི་སངས་རྒྱས་ཐམས་ཅད་འདུས། །གསུང་ནི་དམ་ཆོས་ཀུན་འབྱུང་གནས། །སྐུ་ནི་དགེ་འདུན་དཀོན་མཆོག་དངོས། །ཡོན་ཏན་དཀྱིལ་འཁོར་ལྷ་ཚོགས་ཀུན། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཐམས་ཅད་བླ་མའི་རོལ་བ་ལགས། །དེ་ཕྱིར་དེ་ལ་སྐྱབས་སུ་འགྲོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །གསུངས་པའི་དོན་ཡང་དེ་ལ་དགོངས། །བདག་དག་དང་འགྲོ་ཀུན་སྐྱབས་འགྲོ་སྟེ། །ཚེ་གཅིག་ལུས་གཅིག་འདི་ཉིད་ལ། །རྡོ་རྗེ་འཆང་དབང་བླ་མ་ཡི། །གོ་འཕང་ཐོབ་ཕྱིར་སྐྱབས་སུ་འགྲོ། །ཡང་གསང་ཨ་ཏི་ཡོ་གའི་ལུགས། །སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །ཆོས་ནི་འབུམ་ཕྲག་དྲུག་ཅུའི་རྒྱུད། །དགེ་འདུན་རིག་འཛིན་ཌཱ་ཀིའི་ཚོགས། །བདག་དང་འགྲོ་ཀུན་སྐད་ཅིག་ལ། །ཐོས་གྲོལ་ཉིད་དུ་སངས་རྒྱས་ཕྱིར། །སྐྱབས་སུ་འགྲོ་བ་རྫོགས་ཆེན་ལུགས། །སྐྱབས་ཡུལ་བསྒོམ་པའི་ཁྱད་པར་ཡང་། །སོ་སོ་ཐར་པའི་ལུགས་ལ་ནི། །སྐྱབས་ཡུལ་བསྒོམ་

(༩༣)པའི་གསལ་ཁ་མེད། །ཅི་ཕྱིར་སངས་རྒྱས་ཐམས་ཅད་ནི། །མངོན་ཤེས་དྲུག་ལྡན་དུས་རྟག་ཏུ། །ཉིན་མཚན་དུས་དྲུག་འགྲོ་ལ་གཟིགས། །རྡོ་རྗེའི་སྤྱན་དང་སྙན་མངའ་བས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ཅི་བསམས་གང་སྨྲས་ཐམས་ཅད་ནི། །མ་འདྲེས་སོ་སོར་དགོངས་ཤིང་གསན། །དེ་ཕྱིར་སྐྱབས་ཡུལ་བསྒོམ་མི་དགོས། །བསམ་ཞིང་ངག་གིས་སྨྲས་པས་ཆོག།ཐེག་ཆེན་མདོ་ཡི་སྐྱབས་ཡུལ་ནི། །གོང་དང་འདྲ་བས་མ་བསྒོམས་ཀྱང་། །འགལ་བ་ཡོད་པ་མ་ཡིན་ཀྱང་། །སྐྱབས་སེམས་སྡོམ་པ་ལེན་འདོད་ན། །ཤཱཀ་ཐུབ་གཙོ་བོར་སྤྱན་དྲངས་ཏེ། །དཔེར་ན་ས་གཞི་བྱིན་རླབས་བཞིན། །དེ་ཡི་མདུན་དུ་སྐྱབས་འགྲོ་བྱ། །སྐྱབས་ཡུལ་གཤེགས་སམ་མི་དམིགས་བསམ། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། །ཡི་དམ་གངས་ཡིན་དེ་ཉིད་ལ། །སངས་རྒྱས་བྱང་སེམས་ཀུན་གྱིས་བསྐོར། །གང་ཞུས་རྩ་བའི་བླ་མ་དེ། །རིགས་བདག་ཚུལ་དུ་དབུ་གཙུག་བཞུགས། །དེ་ཡི་མདུན་དུ་སྐྱབས་འགྲོ་བྱ། །སྐྱབས་ཡུལ་

(༩༤)གཤེགས་སམ་མི་དམིགས་བྱ། །རང་ལ་བསྟིམ་པར་མ་བཤད་དོ། །བླ་མེད་ལུགས་ཀྱི་སྐྱབས་འགྲོ་ནི། །ནམ་མཁར་ཡི་དམ་དེ་ཉིད་བསྒོམ། །སྟེང་དུ་བླ་མ་རིགས་བདག་ཚུལ། །སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ། །སྤྲིན་ཚོགས་བཞིན་དུ་གཏིབས་པར་བསྒོམ། །དེ་ཡི་མདུན་དུ་སྐྱབས་འགྲོ་བྱ། །ཕྱག་རྒྱ་ཆེན་པོའི་ལུགས་ལ་ནི། །མདུན་དུ་མཚོ་དབུས་དཔག་བསམ་གྱི། །ལྗོན་ཤིང་ཡལ་ག་ལྔ་ལྡན་པ། །དབུས་སུ་བླ་མ་རྡོ་རྗེ་འཆང་། །རྩ་བརྒྱུད་བླ་མ་ཀུན་གྱིས་བསྐོར། །གཡས་སུ་ཤཱཀ་ཐུབ་སངས་རྒྱས་ཚོགས། །གཡོན་དུ་བྱམས་པ་དགེ་འདུན་ཚོགས། །རྒྱབ་ཏུ་དམ་ཆོས་གླེགས་བམ་ཚོགས། །མདུན་དུ་ཡི་དམ་རྒྱུད་སྡེའི་ལྷ། །བར་མཚམས་མཁའ་འགྲོ་ཆོས་སྐྱོང་ཚོགས། །དེ་རྣམས་བསྒོམས་ལུགས་དབྱིབས་འདྲ་སྟེ། །ཚེ་ཁྲིད་ཐུགས་རྗེ་ཆེན་པོའི་ཁྲིད། །བྱེད་ཚེ་བླ་མ་འོད་དཔག་མེད། །ཡེ་ཤེས་སྤྱན་འདྲེན་མི་དགོས་ཏེ། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །དེ་ལྟར་ཤེས་པས་སྐྱབས་སུ་

(༩༥)འགྲོ། །ལྗོན་ཤིང་མ་གཏོགས་བསྒོམ་ལུགས་རྣམས། །ཁྲིད་རིམ་ཕལ་ཆེར་འདྲ་བ་ལ། །ཁྱད་པར་རྫོགས་ཆེན་ཁྲིད་སོགས་ལ། །བླ་མ་ཀུན་ཏུ་བཟང་པོར་བསྒོམ། །དེ་འདྲའི་སྐྱབས་འགྲོ་ཚར་བའི་རྗེས། །སྐྱབས་ཡུལ་རང་གི་སྙིང་གར་བསྟིམ།།རང་གི་སེམས་ལ་ཧྲིག་གེར་བལྟས། །ངོ་བོ་སྟོང་པ་ཆོས་སྐུར་མཐོང་། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགགས་མེད་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ངོ་བོ་ཉིད། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཏེ། །རང་གི་སེམས་ལ་རྙེད་པ་ཡི། །རྫོགས་སངས་རྒྱས་ལ་སྐྱབས་འགྲོ་ཡིན། །སྨྲ་བསམ་བརྗོད་མེད་རྒྱལ་བའི་ཡུམ།།རང་གི་སེམས་ལ་རྙེད་པ་ནི། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །སངས་རྒྱས་ཆོས་གཉིས་སེམས་ལ་རྙེད། །རང་ཉིད་དགེ་འདུན་གྲལ་དུ་ཚུད། །དགེ་འདུན་ལ་ནི་སྐྱབས་སོང་ཡིན། །དེ་ལ་དགོངས་ནས་རྒྱུད་རྣམས་ནས། །རང་སེམས་སྐྱབས་ཀྱི་མཆོག་ཏུ་གསུངས། །ངོ་བོ་རང་བཞིན་ཐུགས་རྗེ་ལ། །སྐྱབས་སུ་མཆིའོ་གསུངས་པས་དོན། །

(༩༦)དོན་དམ་མཆོག་གི་སྐྱབས་འགྲོ་ཡིན། །སྐྱབས་སུ་འགྲོ་བའི་ཀླུ་ཆུང་འདི། །དགེ་སློང་རཱ་ག་ཨ་སྱ་ཡིས། །རྟ་ལོ་རྒྱལ་ཟླའི་ཚེས་གསུམ་ནུབ། །ཉམས་ལ་ཤར་ནས་སྨྲས་པ་སྟེ། །བརྩོན་འགྲུས་རྒྱ་མཚོའི་བརྗེད་ཐོར་བྲིས། །ལེའུ་དྲུག་སྟེ་མངྒ་ལཾ།། །ཇ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སེམས་བསྐྱེད་བྱང་ཆུབ་གཞུང་ལམ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོདྷི་སཏྭ་ཡེ།།བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱེད། །ངེས་པར་དམ་ཆོས་བསྒྲུབ་དགོངས་ན། །སྔོན་བྱོན་སངས་རྒྱས་གཤེགས་པའི་ཤུལ། །མ་འོངས་རྒྱལ་བ་སྲས་བཅས་ཀུན། །ཐམས་ཅད་བྱོན་པའི་གཞུང་ལམ་ནི། །ཐེག་ཆེན་སེམས་བསྐྱེད་ཁོ་ན་ལགས། །དེ་ལ་ཀླུ་སྒྲུབས་ཐོགས་མེད་གཉིས། །ཤིང་རྟའི་སྲོལ་ལམ་གཉིས་སུ་གྲགས། །རྒྱ་ཆེན་སྤྱོད་རྒྱུད་ཐོགས་མེད་ལུགས། །འཁོར་ལོས་བསྒྱུར་རྒྱལ་སྤྱན་འདྲེན་པའི། ༈ ཁྱིམ་བཟང་གཙང་ཞིང་གདན་ཁྲི་དགོས། །དེ་མིན་རྒྱལ་པོ་འབྱོན་གནས་མེད། །དེ་བཞིན་ཐེག་ཆེན་སེམས་བསྐྱེད་ཀྱང་། །སུ་ཡིན་རྒྱུད་ལ་མི་སྐྱེ་སྟེ། །སོ་ཐར་

(༩༧)སྡོམ་པ་ལེགས་བསྲུངས་ཤིང་། །ཐེག་ཆེན་སྡེ་སྣོད་ཤེས་པ་དགོས། །སེམས་བསྐྱེད་ཆོ་གའང་རྒྱས་པར་ཡོད། །ཟབ་མོ་ལྟ་བརྒྱུད་ཀླུ་སྒྲུབ་ལུགས། །གར་བཏབ་སྐྱེ་བའི་ས་བོན་བཞིན། །ཞུ་འདོད་རྗེས་ཟློས་ཤེས་པ་ན། །ཀུན་གྱི་རྒྱུད་ལ་སྐྱེ་བར་བཤད། །གཉིས་ཀ་བླ་མར་ཞུ་བའམ། །མ་རྙེད་རང་གིས་ལེན་ཤེས་ན། །རྟེན་གསུམ་དྲུང་ངམ་མ་འཛོམས་ཀྱང་། །སྐྱབས་ཡུལ་སྤྱན་དྲངས་དེ་དྲུང་བླངས། །ལན་གཅིག་ཐོབ་ནས་མི་སྐྱུར་བར། །སྡོམ་པ་རྒྱས་ཤིང་འཕེལ་བའི་ཕྱིར། །རྒྱུན་དུ་རང་གིས་བླང་བར་བྱ། །ཉེས་ལྟུང་ཕྲ་ཞིབ་གང་བྱུང་རྣམས། །དེ་ཡིས་འཕྲལ་དུ་སོར་ཆུད་དེ། །སྒྲ་མི་སྙན་བའི་ལོངས་སྤྱོད་བཞིན། །ད་ལྟ་ཉམས་ཀྱང་ད་ལྟ་སྐྱེ། །དཔེར་ན་གསེར་འགྱུར་རྩི་ཡི་རྫས། །ལྕགས་ལ་བྱུག་ན་གསེར་དུ་འགྱུར། །དེ་བཞིན་ཐ་མལ་སོ་སྐྱེ་ཡང་། །ཐེག་ཆེན་སེམས་བསྐྱེད་བླང་མ་ཐག།བྱང་ཆུབ་སེམས་དཔའི་རིགས་སུ་འགྱུར། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ། །སངས་རྒྱས་རྣམས་ཀྱི་སྲས་གྱུར་པས། །ཉན་ཐོས་

(༩༨)དགྲ་བཅོམ་རང་རྒྱལ་ཚོགས། །ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། །དཔེར་ན་རྒྱལ་པོ་ཆེན་པོའི་སྲས། །སྐྱེས་མ་ཐག་ཏུ་ཤེད་མེད་ཀྱང་། །བློན་པོའི་ཚོགས་ཀུན་ཟིལ་གནོན་འདྲ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས། །བཀུར་སྟི་བྱས་ཀྱང་དཀོར་འཇུ་སྟེ། །འགྲོ་བ་སེམས་ཅན་མ་ལུས་པ། །སངས་རྒྱས་ས་ལ་བཀོད་སྙམ་པའི། །སེམས་བསྐྱེད་བསམ་པ་བཟང་ཕྱིར་རོ། །སེམས་བསྐྱེད་དོན་དེ་གང་ཞེ་ན། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་སྐད་རྒྱལ་བ་བྱམས་པས་གསུངས། །དེ་ལ་རྣམ་པ་གཉིས་ཡིན་ཏེ། །སྨོན་པ་དང་ནི་འཇུག་པ་གཉིས། །སྨོན་པ་སངས་རྒྱས་ཐོབ་འདོད་བློ། །ཡིད་སྨོན་ལྟ་བུའི་སེམས་བསྐྱེད་ཡིན། །འཇུག་པ་སངས་རྒྱས་བསྒྲུབ་པ་སྟེ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཡིན། །ལེན་ཚུལ་ཆོས་སྤྱོད་རབ་གསལ་ནས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོགས་གསུངས་པ་ཀླུ་སྒྲུབ་ལུགས། །དེ་ཉིད་ཁོ་ནར་འདུས་པ་ཡིན། །བསླབ་པ་སྲུང་ཚུལ་གྲངས་

(༩༩)མང་ཡང་། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ། །གདམས་པའི་མདོ་ཡི་དོན་བསྡུས་ན། །འཕགས་པ་རྣམས་དང་སོ་སྐྱེ་ཡི། །དགེ་བ་ཀུན་ལ་ཡི་རང་བསྒོམ། །དེ་ཡི་བསོད་ནམས་མཉམ་དུ་ཐོབ། །རང་གི་དགེ་རྩ་ཅི་འགྲུབ་བཅས། །གཅིག་ཏུ་བསྡུས་ཏེ་སེམས་ཅན་ཀུན། །སངས་རྒྱས་ས་ལ་བཀོད་པའི་ཕྱིར། །རང་ཉིད་མྱུར་དུ་སངས་རྒྱས་པར། །སྨོན་ལམ་དུས་ཀུན་རྒྱུན་དུ་འདེབས། །དེ་ཡི་འཐུས་པར་ཐུབ་པས་གསུངས། །འཇུག་པ་སེམས་བསྐྱེད་བསླབ་བྱ་ནི། །ཕར་ཕྱིན་དྲུག་ལ་ཅི་ནུས་འབད། །དེ་དག་ཀུན་རྫོབས་སེམས་བསྐྱེད་ལགས། །དོན་དམ་སེམས་བསྐྱེད་ཆོ་ག་ཡིས། །སྐྱེ་དང་མི་སྐྱེ་བཞེད་པ་མང་། །འོན་ཀྱང་སྟོང་ཉིད་ལྟ་བ་དེ། །རྟོགས་ན་དོན་དམ་སེམས་བསྐྱེད་ལགས། །ཉམས་ལན་གཙོ་བོ་གཏོང་ལེན་ཏེ། །བདག་བདེ་གཞན་གྱི་སྡུག་བསྔལ་གཉིས། །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཐོབ་པའི་ཐབས་མེད་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །དེ་

(༡༠༠)སྐད་སྤྱོད་འཇུག་གཞུང་ལས་གསུངས། །བདག་གཞན་དངོས་སུ་བརྗེ་བ་ནི། །ས་ཐོབ་མིན་པས་མི་རུང་སྟེ། །བརྗེས་ན་གེགས་དང་བར་ཆད་རྒྱུ། །དང་རེ་སོ་སོའི་སྐྱེ་བོ་རྣམས། །བསམ་པས་བདག་གཞན་བརྗེས་དམིགས་ན། །ཆོས་རྣམས་བསམ་པ་གཙོ་ཆེ་བས། །དངོས་སུ་བརྗེས་འདྲའི་ཕན་ཡོན་ཐོབ། །དེ་ཕྱིར་རླུང་ནི་ཕྱིར་འབུད་དུས། །རང་གི་བདེ་སྐྱིད་བསོད་ནམས་ཚོགས། །ཐམས་ཅད་འགྲོ་བ་ཀུན་ལ་བསྟིམ། །བདེ་བའི་རྒྱུ་ནི་དགེ་བ་དང་། །བདེ་བའི་འབྲས་བུ་བདེ་སྐྱིད་ལ། །འགྲོ་བ་ཐམས་ཅད་སྤྱོད་པར་བསྒོམ། །དེ་ནི་བྱམས་པ་ཚད་མེད་ཡིན། །རྒྱུན་དུ་བྱམས་པ་དེ་བསྒོམ་ན། །མེ་ཆུ་དུག་མཚོན་མི་ཚུགས་ཞིང་། །ལྷ་འདྲེ་མི་གསུམ་འདུ་ཞིང་བྱམས། །མཐར་ཐུག་སངས་རྒྱས་ཐོབ་པ་དང་། །གནས་སྐབས་ཚངས་པའི་རྒྱལ་པོར་སྐྱེས། །བྱམས་པའི་གོ་ཆ་བླ་ན་མེད། །བདུད་ཀྱི་དཔུང་གིས་མི་ཚུགས་ཤིང་། །སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར། །རླུང་ཞིག་ནང་དུ་རྔུབ་པའི་ཚེ། །འགྲོ་དྲུག་ཀུན་གྱི་སྡིག་སྒྲིབ་དང་། །སྡུག་བསྔལ་

(༡༠༡)ཐམས་ཅད་བདག་ལ་བསྟིམ། །སྡུག་བསྔལ་རྒྱུ་ཡི་སྡིག་སྒྲིབ་དང་། །སྡུག་བསྔལ་འབྲས་བུ་འཁོར་བ་ཡི། །འགྲོ་ཀུན་སྡུག་བསྔལ་བྲལ་བར་བསྒོམ། །དེ་ནི་སྙིང་རྗེ་ཚད་མེད་དེ། །དང་པོར་སངས་རྒྱས་འཐོབ་པའི་རྒྱུ། །ས་བོན་ལྟ་བུ་ཡིན་པར་གསུངས། །བར་དུ་སངས་རྒྱས་ཐོབ་པའི་རྐྱེན། །སོ་ནམ་ཆུ་ལུད་འདྲ་བར་བཤད། །ཐ་མར་སངས་རྒྱས་ཐོབ་པའི་ཚེ། །ཕྲིན་ལས་འགྲོ་དོན་ཀུན་གྱི་སྒོ། །ལོ་ཏོག་ཕུན་སུམ་ཚོགས་པ་ལྟར། །སྙིང་རྗེ་དེ་ལས་འབྱུང་བར་གསུངས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་སོགས། །བཅོམ་ལྡན་འདས་ཀྱིས་གསུང་ལས་སྐྱེས། །རྫོགས་སངས་རྒྱས་པའི་བཅོམ་ལྡན་ཀུན། །བྱང་ཆུབ་སེམས་དབང་རྣམས་ལས་འཁྲུངས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །སྙིང་རྗེ་ཉིད་ལས་འཁྲུངས་པའི་ཕྱིར། །ཆོས་ཀྱི་རྩ་བ་སྙིང་རྗེ་ལགས། །དེ་སྐད་དབུ་མ་འཇུག་པར་བཤད། །དཔེར་ན་འཁོར་ལོ་རིན་པོ་ཆེ། །གང་གི་ལག་ཏུ་ཡོད་པ་དེར། །རྒྱལ་སྲིད་དཔལ་འབྱོར་ཐམས་ཅད་འབྱུང་། །དེ་བཞིན་སྙིང་

(༡༠༢)རྗེ་ཆེན་པོ་དེ། །སུ་ལ་ཡོད་པའི་མི་དེ་ལ། །སངས་རྒྱས་ཆོས་ཀུན་ཐམས་ཅད་འདུ། །དེ་སྐད་མདོ་སྡེ་རྣམས་ནས་གསུངས། །དཔེར་ན་ལྕགས་ཀྱི་རིལ་བུ་བཞིན། །ཆུ་རུ་འཕངས་ན་ཞབས་སུ་འགྲོ། །དེ་བཞིན་སེམས་བསྐྱེད་མི་ལྡན་པ། །སྡིག་པ་ཆུང་ངུས་ངན་འགྲོ་ལྟུང་། །ལྕགས་སྣོད་ཆེན་པོ་ཁུང་མེད་པ། །ཆུ་རུ་སྐྱུར་ན་སྟེང་དུ་ལྡིང་། །དེ་བཞིན་སེམས་བསྐྱེད་ཐབས་མཁས་ན། །སྡིག་པ་ཆེ་ཡང་ལྟུང་མི་ནུས། །དེ་ཕྱིར་སེམས་བསྐྱེད་ཐབས་མཁས་པས། །སྡིག་པ་ཕལ་ཆེར་དགེ་བར་འགྱུར། །གསང་སྔགས་རྒྱུད་གཞུང་ཐམས་ཅད་ནས། །སྦྱོར་སྒྲོལ་མཐུ་གཏད་རྫས་ངན་སེམས། །བསམ་མི་རུང་བ་མང་གསུངས་བའང་། །སེམས་བསྐྱེད་ཁོ་ནས་ཁ་བསྒྱུར་བས། །བྱང་ཆུབ་ལམ་དུ་འགྲོ་ཕྱིར་གསུངས། །གསང་སྔགས་ཀུན་གྱི་རྩ་བ་ནི། །སེམས་བསྐྱེད་འདི་ལ་ཐུག་ནི་གདང་། །བརྩོན་འགྲུས་རྒྱ་མཚོའི་ཐུགས་ལ་འཆོངས། །འདི་ན་གནད་ཆེན་འདུག་གོ་ཨང་། །སེམས་བསྐྱེད་རྩི་ཡིས་མ་ཟིན་ན། །གསར་མའི་བདེ་དགྱེས་གསང་གསུམ་

(༡༠༣)དང་། །རྙིང་མའི་བཀའ་དགོངས་ཕུར་གསུམ་སོགས། །གསང་སྔགས་ཉམས་སུ་བླང་ལགས་ཀྱང་། །སྔགས་ནག་མུ་སྟེགས་ཆ་མཐུན་ཡིན། །ཕྱིར་རབས་སྔགས་པ་ཀུན་གྱིས་ཀྱང་། །གནད་འདི་གོ་བར་མ་གྱུར་ན། །མི་ཚེར་བསྙེན་སྒྲུབ་བྱས་གྱུར་ཀྱང་། །ཚེ་གཅིག་སངས་རྒྱས་ལྟ་ཅི་སྨོས། །བྱང་ཆུབ་ལམ་དུའང་འགྲོ་བར་དཀའ། །དེ་བཞིན་དཀའ་ཐུབ་སྙིང་རུས་དང་། །སྡོམ་པ་དམ་ཚིག་གཙང་ན་ཡང་། །བྱང་ཆུབ་ལམ་དུ་མི་འགྲོ་སྟེ། །འབྲས་བུ་ཉན་ཐོས་རང་རྒྱལ་ཙམ། །སེམས་བསྐྱེད་འདི་དག་མ་ལྡན་ན། །ཟག་བཅས་མངོན་ཤེས་ལྔ་ཐོབ་ཀྱང་། །སངས་རྒྱས་ཐོབ་ལ་མི་ཕན་ཏེ། །ཕྱི་རོལ་པ་ཡི་དྲང་སྲོང་འདྲ། །འཁོར་སློབ་གདུལ་བྱ་ཆེ་ན་ཡང་། །བྱང་ཆུབ་འཐོབ་ལ་མི་ཕན་ཏེ། །དགེ་སློང་ལྷ་ཆེན་པོ་དང་འདྲ། །ཐུན་མོང་གྲུབ་ཆེན་བརྒྱད་ཐོབ་ཀྱང་། །བྱང་ཆུབ་འཐོབ་ལ་མི་ཕན་ཏེ། །བོན་དང་ཕྱི་པའི་གྲུབ་ཐོབ་འདྲ། །དེ་ལ་དགོངས་ནས་གླིང་ རས་ཀྱིས། །ཐུན་མོང་གྲུབ་ཆེན་བརྒྱད་ཐོབ་ཀྱང་། །ངོ་

(༡༠༤)མཚར་ཆེ་ཙམ་མ་གཏོགས་པ། །བྱང་ཆུབ་འཐོབ་ལ་དགོས་རྒྱུ་ཆུང་། །གསུངས་པའི་དོན་ཡང་དེ་ལྟར་རོ། །སེམས་བསྐྱེད་དེ་དང་མ་ལྡན་ན། །དཀའ་ཐུབ་ཆུ་འཐུང་རྡོ་འཆའ་ཡང་། །བྱང་ཆུབ་ཐོབ་ལ་མི་ཕན་ཏེ། །དྲང་སྲོང་སྒོག་པོའི་ལུས་སྐམ་འདྲ། །བྱང་ཆུབ་སེམས་བསྐྱེད་དེ་བཟང་ན། །ཇི་ལྟར་བྱས་ཀྱང་བྱང་ཆུབ་ལམ། །བཟའ་དང་བཏུང་དང་ཉལ་བ་དང་། །བག་མེད་སྤྱོད་ཀྱང་བསོད་ནམས་ཚོགས། །རྒྱུན་མི་ཆད་པར་དུ་མ་ཞིག །དབྱར་གྱི་ཆུ་བཞིན་འཕེལ་བར་གསུངས། །གསང་སྔགས་བླ་མེད་རྒྱུད་རྣམས་ནས། །ཚེ་གཅིག་སངས་རྒྱས་འཐོབ་གསུངས་པའི། །རྒྱུ་ནི་སེམས་བསྐྱེད་འདི་ཉིད་ལ། །རྐྱེན་ནི་གསང་སྔགས་ཐབས་ཟབ་པས། །ཚེ་གཅིག་སངས་རྒྱས་འགྲུབ་པར་གསུངས། །སེམས་བསྐྱེད་ཅི་ཡིས་མ་ཟིན་ན། །དུག་ལྔ་ཡིད་ལ་མི་འགྱུ་ཞིང་། །སྟོང་ཉིད་ལྟ་བ་དངོས་རྟོགས་ཀྱང་། །དགྲ་བཅོམ་ཙམ་ཞིག་མ་གཏོགས་པ། །སངས་རྒྱས་ཐོབ་པའི་རེ་སྒོ་མེད། །དེ་ཕྱིར་ཆོས་རྣམས་ཀུན་གྱི་བཅུད། །ཆོ་ག་

(༡༠༥)ཀུན་གྱི་སྔོན་འགྲོ་བ། །བསྒོམ་སྒྲུབ་ཀུན་གྱི་དངོས་གཞིའི་དོན། །འགྲོ་དོན་ཕྲིན་ལས་འབྱུང་བའི་རྒྱུ། །བྱམས་དང་སྙིང་རྗེ་སེམས་བསྐྱེད་ཡིན། །དེ་ལས་ཟབ་པའི་ཆོས་གཞན་ཞིག །མདོ་རྒྱུད་ཀུན་ན་མ་མཆིས་པས། །འདི་ལ་གཡེལ་ཆུང་མ་མཛད་པར། །བརྩོན་འགྲུས་རྒྱ་མཚོས་ཉམས་སུ་ལོངས། །དེ་སྐད་རྟ་ལོ་རྒྱལ་གྱི་ཟླ། །ཡར་ཚེས་བཞི་ཡི་དགོངས་ཐུན་སྐབས། །རཱ་ག་ཨ་སྱས་གང་དྲན་སྨྲས། །ཀརྨ་བིརྱས་ཡི་གེར་བྲིས། །ལེའུ་བདུན་པ་མངྒ་ལམ།། །ཉ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཐུགས་དམ་སྐྱབས་འཇུག་ཐུགས་རྗེའི་བསིལ་གྲིབ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ཡོན་ཏན་ཕུན་ཚོགས་རིན་ཆེན་ཏོག་འབར་བ། །ཐུགས་རྗེ་སྨོན་ལམ་ལྷ་རྫས་འཁོར་ཡུག་ཅན། །མོས་གུས་གསེར་གྱི་ཡུ་བས་རབ་བཏེགས་ནས། །འཁོར་བའི་ཚ་གདུང་སེལ་བའི་བསིལ་བྱེད་ཡིན། །ཤི་གསོན་གང་ལའང་ཐུགས་དམ་སྐྱབས་འཇུག་ཐབས། །སངས་རྒྱས་སྤྱན་གྱིས་དུས་དྲུག་འགྲོ་ལ་གཟིགས། །

(༡༠༦)སེམས་ཅན་ཀུན་ལ་མ་གཅིག་བུ་ལྟར་བརྩེ། །སྟོབས་བཅུའི་སྟོབས་མངའ་བདུད་ཀྱི་དཔུང་རྣམས་འཇོམ། །དེ་ལ་སྐྱབས་ཞུས་སྐྱོབས་ངེས་སྐྱབས་ཀྱི་མཆོག །ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་བསྒོམ་པའི་ཞོར། །དམིགས་པ་གཞན་རྣམས་གཞུང་ལྟར་ཡིན་པ་ལ། །ཟུར་འདེབས་ཐུགས་དམ་སྐྱབས་འཇུག་དམིགས་པ་ནི། །སྐྱབས་འགྲོའི་སྐབས་སུ་བདག་དང་བསྲུང་བྱ་ཡི། །གཙོ་བྱས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །གུས་ཏེ་ཐལ་སྦྱར་སྐྱབས་འགྲོ་བྱེད་པར་བསམ། །གཞུང་གི་སྐྱབས་འགྲོ་སེམས་བསྐྱེད་ཚར་བའི་རྗེས། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་དེ་ལ་བརྒྱ་རྩ་བརྒྱད་ཙམ་བརྗོད། །སྐྱབས་ཡུལ་འོད་ཞུ་བདག་དང་བསྲུང་བྱ་ལ། །ཐིམ་པས་དཀོན་མཆོག་བྱིན་རླབས་ཞུགས་པར་བསམ། །བདག་དང་བསྲུང་བྱ་སྐྱབས་ཡུལ་དབྱེར་མེད་པ། །སྟོང་ཉིད་ཉམས་ལེན་ངང་ལ་ཡུད་ཙམ་བཞག །དེ་ཡིས་ཀུན་རྫོབ་དོན་དམ་སྐྱབས་འགྲོ་ཚང་། །དཀོན་མཆོག་སྐྱབས་འོག་ངེས་པར་ཚུད་པ་ཡིན། །བདག་གཞན་སྐྱེ་བ་འདི་དང་སྐྱེ་

(༡༠༧)བ་གཞན། །སྡུག་བསྔལ་འབྱུང་བའི་རྒྱུ་ནི་སྡིག་སྒྲིབ་ཡིན། །རྒྱུ་དེ་མེད་ན་འབྲས་བུ་རང་འགག་འགྲོ། །རྡོར་སེམས་བསྒོམ་བཟླས་གཞུང་ལྟར་བསྒོམ་པའི་ཚེ། །རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ལས། །རང་འདྲའི་རྡོ་རྗེ་སེམས་དཔའ་མང་པོ་འཕྲོས། །ཤི་གསོན་བསྲུང་བྱ་ཀུན་གྱིས་སྤྱི་བོར་བཞུགས། །གཞུང་གི་ཡིག་བརྒྱ་བཤགས་ཚིག་ཚར་བའི་རྗེས། །རྡོར་སེམས་ཀུན་གྱི་སྐུ་ལས་བདུད་རྩི་བབས། །བདག་གཞན་ཀུན་གྱི་སྡིག་སྒྲིབ་དག་པར་བསྒོམ། །ཨོཾ་བཛྲ་སཏྭ་ཧཱུཾ། །རྡོར་སེམས་འབྲུ་དྲུག་དེ་ལ་བརྒྱ་རྩ་བཟླས། །རྡོར་སེམས་འོད་ཞུ་བདག་གཞན་སོ་སོར་བསྟིམ། །བཤགས་བྱ་བཤགས་བྱེད་བཤགས་པ་མི་དམིགས་པ། །ཉམས་ལེན་སྟོང་ཉིད་ངང་ལ་ཐུན་གཅིག་བཞག །དེ་ཡིས་ཀུན་རྫོབ་དོན་དམ་བཤགས་པ་ཚང་། །སྔོན་གྱི་ལས་ངན་ཡོད་ཀྱང་བསྲབས་པར་ནུས། །ཚེ་འདི་དང་ནི་ཚེ་རབས་གཞན་དུ་ཡང་། །བདེ་སྐྱིད་འབྱུང་བའི་རྒྱུ་ནི་བསོད་ནམས་ཚོགས། །དཀའ་ཚེགས་མེད་པར་བསགས་ཐབས་མཎྜལ་ཟབ། །གཞུང་ལྟར་

(༡༠༨)མཆོད་ཡུལ་དཀོན་མཆོག་ནམ་མཁར་དམིགས། །བདག་དང་བསྲུང་བྱའི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་བསགས་པའི་དགེ་རྩ་གཅིག་ཏུ་བསྡུས། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱར་སྤྲུལ། །ལྷ་མིའི་ལོངས་སྤྱོད་འདོད་ཡོན་བྱུར་པུར་གཏམས། །གཞུང་ལྟར་མཎྜལ་འབུལ་ཚིག་རྫོགས་པའི་རྗེས། །གུ་རུ་དེ་བ་ཌཱ་ཀི་ནི་རཏྣ་མཎྜལ་པྲ་ཏཱིཙྪ་སྭཱ་ཧཱ། །མཎྜལ་འབུལ་སྔགས་དེ་ལ་བརྒྱ་རྩ་བརྗོད། །ནམ་མཁའི་ལྷ་ཚོགས་བདག་དང་བསྲུང་བྱར་བསྟིམ། །ཉམས་ལེན་སྟོང་ཉིད་ངང་ལ་ཐུན་གཅིག་བཞག །སྔོན་མི་བསོད་ནམས་རྗེས་ནི་ཡེ་ཤེས་ཚོགས། །ཚོགས་གཉིས་འཕེལ་བས་བསོད་ནམས་སྐྱེ་བར་འགྱུར། །རང་གཞན་ལུས་ངག་ཡིད་གསུམ་བྱིན་རླབས་ཐབས། །མོས་གུས་བླ་མའི་རྣལ་འབྱོར་ཟབ་པའི་ཕྱིར། །རང་གི་སྤྱི་བོར་རྩ་བརྒྱུད་བླ་མ་བསྒོམ། །གཞུང་ལྟར་གསོལ་འདེབས་མང་ཉུང་གང་བྱེད་མཇུག །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཚིག་གཅིག་དེ་ལ་བརྒྱ་དང་རྩ་བརྒྱད་བརྗོད། །རྩ་བརྒྱུད་བླ་མའི་སྐུ་ལས་འོད་ཟེར་

(༡༠༩)འཕྲོས། །བསྲུང་བྱ་ཀུན་གྱི་ཚངས་པའི་ལམ་ནས་ཞུགས། །སྡིག་སྒྲིབ་ནག་ཉིལ་འོག་སྒོ་རྐང་མཐིལ་ཐོན། །ལུས་ནི་དྲི་མེད་ཤེལ་སྒོང་ལྟ་བུར་གྱུར། །འོད་ཟེར་དེ་ཡང་ཁོ་རང་རྣམས་ལ་ཐིམ། །བླ་མ་རྣམས་ཀྱི་བྱིན་རླབས་ཞུག་པར་དམིགས། །རྩ་བརྒྱུད་བླ་མ་རང་ལ་བསྟིམ་པ་ལས། །གཞན་ལ་བསྟིམ་པའི་གསལ་ཁ་མ་མཐོང་ངོ་། །སྔོན་འགྲོ་བཞི་སྦྱོར་ཐུགས་དམ་སྐྱབས་འཇུག་ནི། །གསར་རྙིང་ཁྲིད་རིམ་འགའ་ཡི་ཟུར་ནས་འབྱུང་། །དྲིན་ཅན་བླ་མའི་གསུང་ལས་དངོས་སུ་ཐོས། །དེ་ཕྱིར་རིག་བཟོ་ཡིན་པར་མི་དགོངས་འཚལ། །དཀོན་མཆོག་ཐུགས་རྗེ་ཨེ་འོང་ཨེ་འོང་ཞེས། །སྨྲ་བ་མང་སྟེ་ཐུགས་རྗེ་བསྐུལ་ཤེས་དགོས། །རྔ་ལྕག་མེད་ན་རྔ་ལ་སྐད་མི་འབྱུང་། །དེ་ཕྱིར་བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །རཱ་ག་ཨ་སྱ་ཞེས་པའི་རི་ཁྲོད་པས། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཉེར་བདུན་ནུབ། །སྨྲས་པའི་ཡི་གེ་པ་ནི་བསྐུལ་བ་པོ། །འདི་ཡིས་གཞན་ཕན་རྒྱ་མཚོ་འབྱུང་བར་ཤོག །ལེའུ་བརྒྱད་པ་

(༡༡༠)མངྒ་ལམ།། །ཏ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །དམིགས་ཐུན་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། རི་བོ་གྲུབ་འཛིན་རྩེ་རུ་ལེགས་འཁྲུངས་པའི། །དཔག་བསམ་གོར་ཤི་ཤ་ཡི་ལྗོན་པ་དེ། །མན་ངག་ཟབ་མོའི་སེར་བུ་འདིས་སྐྱོད་པས། །ཕན་བདེའི་དྲི་བསུང་ཕྱོགས་བརྒྱར་ཁྱབ་བྱེད་ཡིན། །དེང་སངས་དུས་ངན་སྙིགས་མ་ལྔ་བདོ་བས། །ནད་གདོན་བྱེད་ཁ་འཇིགས་སུ་རུང་རྣམས་ཀྱིས། །མི་རྣམས་གློ་བུར་ཡེ་འགྲོག་བར་ཆད་མང་། །དེ་ཚེ་ཅི་འབྱོར་དངོས་པོ་བསྐུར་བྱེད་ཅིང་། །དམིགས་ཐུན་ཞུའོ་ཟེར་བའི་སྲོལ་འདི་འཇག །དམིགས་པ་མ་བྱས་ནོར་བླང་ཡོན་བདག་བསླུས། །གཅོད་དམིགས་བྱས་ན་ཚར་ལྷོང་འགྲིག་པ་དཀའ། །ཚར་སློང་མ་འགྲིག་རང་གཞན་གཉིས་ཀར་གནོད། །སྦྱིན་བདག་ཕལ་ཆེར་བསྟན་དགྲ་ལྷ་འགྲས་ཆེ། །སྲུང་ཟློག་དམིགས་པ་བསྒོམ་ན་ཆོས་སྐྱོང་ཁྲོ། །བྱད་ཁ་ཆེ་ན་རང་གི་སྲོག་ལ་གཟན། །དེ་ཕྱིར་རང་ལ་མི་གནོད་གཞན་ཕན་ཆེ། །རྒྱུད་སྡེ་ཆེན་པོ་ནས་གསུངས་

(༡༡༡)ཕུགས་ཆེ་ཞིང་། །མན་ངག་ཟབ་མོས་བརྒྱན་པའི་རྣོ་ནུས་ཅན། །ཉམས་མྱོང་ལྡན་པའི་མན་ངག་འདི་ལྟར་རོ། །རང་ཉིད་ཡི་དམ་རྒྱལ་བ་རྒྱ་མཚོའམ། །སྤྱན་རས་གཟིགས་ཀྱི་རིགས་ནི་གང་རུང་བསྒོམ། །ནད་པ་དེ་ཡི་སྤྱི་གཙུག་ཟླ་བའི་སྟེང་། །སྤྱན་རས་གཟིགས་དབང་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པ་སྐྱབས་སྦྱིན་གཡོན་པད་དཀར། །སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་རྣམས་རྫོགས། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་སྔགས་གཡས་བསྐོར། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །འཇིགས་པ་འཇིགས་པ་མེད་པ་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ནད་པ་ཆྒཻ་འདི་ནད་དང་གདོན་གྱི་འཇིགས་པ་འདི་ལས་ཐར་བར་མཛད་དུ་གསོལ། །གསོལ་བ་བཏབ་པས་སྐུ་ལས་འདུད་རྩི་བབས། །ནད་གདོན་ཀུན་དག་བདེ་བས་ལུས་ཁེངས་བསྒོམ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཆེ་གེའི་ནད་སརྦ་ཤཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ། །སྔགས་གྲངས་མང་ཉུང་སྐབས་

(༡༡༢)དང་བསྟུན་ནས་བཟླས། །སྤྱི་བོའི་ལྷ་ཉིད་འོད་ཞུ་ནད་པར་བསྟིམ། །མདོ་སྡེ་པད་དཀར་རྡོ་རྗེ་གུར་གྱི་རྒྱུད། །གནམ་ཆོས་ཐུགས་གཏེར་གསུམ་གྱི་དོན་བསྡུས་ཡིན། །དུས་འཁོར་ཡུམ་མཆོག་སྒྲོལ་མ་སྣ་ཚོགས་ཡུམ། །གཙོ་རྐྱང་སྐུ་རུ་རང་ཉིད་བསྒོམ་པའམ། །ཡང་ན་གཉིས་མེད་རྒྱུད་མཆོག་ཡིན་གསུངས་ཕྱིར། །རང་ཉིད་རྒྱལ་བ་རྒྱ་མཚོ་བསྒོམས་ཡང་རུང་། །རང་གི་ཐུགས་ཀའི་འོད་ཟེར་རྩེ་མོ་ལ། །སྣ་ཚོགས་ཡུམ་ནི་དཀར་མོ་ཕྱག་གཉིས་པ། །གཡས་པས་བུམ་པ་གཡོན་པས་པད་དཀར་འཛིན། །གླང་ཆེན་དཀར་པོའི་སྟེང་ན་བཞུགས་པ་ཞིག །འོད་ཟེར་རྩི་ལ་བསྐྱོན་དེ་དྲུང་དེར་བཏང་། །ཕྱག་གིས་བུམ་པས་ནད་པར་ཁྲུས་བྱས་པས། ནད་གདོན་དག་ནས་ཤེལ་སྒོང་ལྟ་བུར་གྱུར། །སྤྲུལ་པའི་ལྷ་མོ་མང་པོས་གླུ་དབྱངས་བཅས། །མེ་ཏོག་ཆར་འབེབས་ཤིས་པ་བརྗོད་པར་བསམ། །ཨོཾ་ཕྲེམ་བི་ཤྭ་མ་ཏ་སྭཱ་ཧཱ། །ཆེ་གེའི་ནད་གདོན་སརྦ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །མང་ཉུང་གལ་དང་བསྟུན་ཏེ་བརྗོད་པར་བྱ། །ལྷ་མོ་ནད་པར་བསྟིམས་སམ་རང་ལ་བསྡུ། །འདི་ཡི་དབང་ནི་སྒྲུབ་ཐབས་

(༡༡༣)རྒྱ་མཚོར་ཡོད། །དམིགས་པ་དུས་འཁོར་རྒྱུད་འགྲེལ་རྣམས་ནས་གསུངས། །འཇིགས་པ་བཅུ་དྲུག་ལ་སོགས་སྐྱོབས་པའི་ཚུལ། །འགྲེལ་ཆེན་དྲི་མེད་འོད་ལས་རྒྱ་ཆེར་བཤད། །སྦྱིན་བདག་གཅིག་གི་བད་ཀན་མིག་སྒྲིབ་ནས། །ཟླ་གཅིག་ཙམ་ཞིག་བདག་གིས་ཐུན་རེ་བསྒོམས། །ནད་པའི་རྨི་ལམ་བུད་མེད་རས་དཀར་ཅན། །གཅིག་གིས་ཁྲུས་བྱས་རྨིས་པའི་ཕྱིར་ནང་ནས། །མིག་གསལ་ལམ་མཐོང་དེ་ནས་ཇེ་གསལ་སོང་། །དེ་ཕྱིར་བདག་ཀྱང་ངེས་ཤེས་ཐོབ་པ་ཡིན། །ཡང་ན་རང་ཉིད་སྒྲོལ་དཀར་བསྒོམ་པའམ། །ཡང་ན་ཐུགས་རྗེ་ཆེན་པོ་བསྒོམ་ཡང་རུང་། །རང་གི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས། །པོ་ཊ་ལ་ནས་སྒྲོལ་དཀར་སྤྱན་དྲངས་ཏེ། །ནད་པའི་ཐད་ཀྱཻ་ནམ་མཁར་བཞུགས་པར་དམིགས། །ཡིད་ཀྱིས་འཇིགས་པ་ཞི་བར་གསོལ་བ་བཏབ། །སྐུ་ལས་བདུད་རྩི་འོ་མའི་རྒྱུན་བཞིན་བབས། །ནད་པ་ལ་ཐིམ་ནད་གདོན་དག་པར་བསམ། །འཁོར་བ་ལས་སྒྲོལ་ལ་སོགས་བསྟོད་པའམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེགེའི་

(༡༡༤)ཅད་གདོན་སརྦ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །མཐར་ནེ་སྒྲོལ་མ་ན་ས་དེ་རུ་བསྟིམ། །ཐུན་གཅིག་བསྒོམ་པས་ནད་ལས་གྲོལ་བ་ནི། །བཀའ་གདམས་དགེ་བཤེས་མང་པོས་ཁྱོད་གྲུབ་གསུངས། །དེ་བཞིན་ཆུ་དང་གཡང་ས་དགྲ་ཀུན་ཇག །ནད་རིམས་འཁྲུགས་པ་ལམ་དགྲ་ལ་སོགས་པ། །ཉམས་ངའི་ཕྱོགས་སུ་རང་གཞན་འགྲོ་བ་ན། །གོང་ལྟར་སྒྲོལ་དཀར་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ཐད་ནམ་མཁར་སྤྱན་དྲངས་བཞུགས་པར་དམིགས། །སྔགས་ལ་འཇིགས་པ་གང་ཡིན་བསྒྱུར་ཁ་བྱ། །དེ་ཡི་གནོད་པ་ཐམས་ཅད་སྐྱོབ་པ་ནི། །གདན་བཞིའི་རྒྱུད་དང་སྒྲོལ་མའི་བསྟོང་འབུམ་དང་། །སྒྲོལ་དཀར་ལས་ཚོགས་བླ་མའི་གསུང་རྒྱུན་རྣམས། །གཅིག་ཏུ་བསྡུས་ཤིང་རང་གི་ཉམས་མྱོང་ཡིན། །མན་ངག་དེ་གསུམ་རང་ལ་མི་གནོད་ཅིང་། །ཡོན་བདག་ལ་ཡང་འདི་ཕྱི་ཀུན་ལ་ཕན། །འདི་ནི་འཁྱག་སྒུར་ནུས་པའི་སྙིང་རུས་ཅན། །གདམས་ངག་བྲི་བར་ནུས་པའི་བརྩོན་འགྲུས་ཅན། །བརྩོན་འགྲུས་རྒྱ་མཚོས་བསྐུལ་ཞིང་བྲིས་པར་བྱས། །ཤིང་སྦྲུལ་སྨིན་དྲུག་

(༡༡༥)ཟླ་བའི་ཉེར་བརྒྱད་ནུབ། །དཔལ་ལྡན་བླ་མའི་དུས་མཆོད་ཚར་བའི་སྐབས། །དགེ་སློང་རཱ་ག་ཨ་སྱ་སྨྲས་པ་འདིས། །ཕྱི་རབས་འགྲོ་བ་མང་པོར་ཕན་ཐོགས་ཤོག །ལེའུ་དགུ་པ་སྟེ་མང་ག་ལམ།། །ཐ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སྒྲིབ་སྦྱོང་བདུད་རྩི་ཆུ་རྒྱུན་བཞུགས་སོ། །ན་མོ་བཛྲ་སཏྭ་ཡེ། །གསོན་དང་བླ་མ་བརྩོན་འགྲུས་རྒྱ་མཚོ་བ། །རང་རེ་མི་རྣམས་དགྲ་ལ་ཞེ་སྡང་ཆེ། །དམའ་བར་ཐུབ་ཀྱང་མི་ཚིམ་གསོད་སྙིང་འདོད། །དགྲ་དེ་རྩད་ནས་བརླག་སྟེ་མེད་པར་འདོད། །ལེགས་པར་དཔྱད་ན་དགྲ་ཀུན་གཉེན་གྱི་མཆོག །ཚེ་རབས་མང་པོའི་ཕ་མ་དྲིན་ཅན་ལགས། །དགྲ་རྣམས་ཕལ་ཆེར་གཉེན་དུ་གྱུར་པ་མང་། །གལ་ཏེ་དགྲ་ཡིས་ཤིན་ཏུ་གནོད་ན་ཡང་། །ལན་གཅིག་གསོད་ཀྱིས་ཡང་ཡང་གསོད་པ་མིན། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །གནོད་ཅིང་འཚེ་བའི་དགྲ་ནི་སྡིག་པ་ཡིན། །དམྱལ་བའི་གནས་སུ་ལན་གྲངས་གྲངས་མེད་དུ། །ཡང་ཡང་སོས་ཀྱང་ཡང་ཡང་གསོད་པར་

(༡༡༦)བྱེད། །སྡིག་སྒྲིབ་འདི་ནི་དགྲ་བོ་མ་རུངས་པ། །འདི་ཉིད་མེད་ཐབས་བརླག་ཐབས་བྱེད་ནུས་ན། །ཕོ་རྒོད་ཡིན་ནོ་བརྩོན་འགྲུས་རྒྱ་མཚོ་བ། །བཤགས་པ་མ་ཐིང་སྡིག་ནི་ཆུང་ན་ཡང་། །ཞག་རེ་སོང་ཞིང་སྐྱེད་ནི་རེ་རེ་འགྲོ། །བླུན་པོའི་སྡིག་པ་ཆུང་ཡང་ལྗིད་ཅེས་བཤད། །བཤགས་པ་ཐིངས་ན་རྩད་ནས་མ་དག་ཀྱང་། །སྐྱེད་མི་འཕེལ་བས་ཉེས་པ་ཆུང་བ་སྟེ། །མཁས་པའི་སྡིག་སྒྲིབ་ཆེ་ཡང་ཡང་ཞེས་བཤད། །བཤགས་པ་མ་ཐིང་སྡིག་ལྟུང་ཆུང་ངུ་ཡང་། །བསྐལ་པ་བྱེ་བ་བརྒྱར་ཡང་ཆུད་མི་ཟ། །གཞན་ལ་མི་སྨིན་ས་རྡོ་ལ་མི་སྨིན། །རང་གི་ཕུང་ཁམས་སྐྱེ་མཆེད་ཉིད་ལ་སྨིན། །བཤགས་པ་ཤེས་ན་སྡིག་ལྟུང་མི་དག་མེད། །མ་སྐྱེས་དགྲ་ཡིས་ཕ་བསད་བསྟན་པ་བཤིག །རྒྱལ་བའི་སྐུ་ལ་ངན་སེམས་ཁྲག་ཀྱང་ཕྱུང་། །སོར་མོའི་ཕྲེང་གིས་མི་ནི་དགུ་བརྒྱ་དང་། །གོ་དགུ་བསད་པའང་བཤགས་པ་རེ་རེས་དག །དཔེར་ན་མེ་སྟག་གཅིག་གིས་རྩ་ཕུང་ནི། །ཆེན་པོ་བསྲེག་ལྟར་བཤགས་པ་རེ་རེས་ཀྱང་། །སྡིག་ལྟུང་ཆེན་

(༡༡༧)པོ་འདག་པར་ཐུབ་པས་གསུངས། །དེ་ལྟར་འདག་ལ་བཤགས་པའི་གདམས་ངག་དགོས། །གདམས་ངག་སྟོབས་བཞིའི་སྒོ་ནས་བཤག་པ་ཡིན། །རྟེན་གྱི་སྟོབས་ནི་རྟེན་གསུམ་བྱིན་རླབས་ཅན། །དཀྱིལ་འཁོར་གཉེན་པོའི་མ་ནི་བླ་མའི་དྲུང་། །མེད་ན་སངས་རྒྱས་བྱང་སེམས་སྤྱན་དྲངས་དྲུང་། །རྣམ་པར་སུན་འབྱིན་སྟོབས་ནི་སྡིག་ལྟུང་རྣམས། །བཙན་དུག་ཁོང་དུ་ཤོར་བཞིན་འགྱོད་སེམས་བསྐྱེད། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཤེས་པ། །ཕྱག་བསྐོར་ལ་སོགས་དགེ་བ་མཐའ་དག་སྟེ། །མཆོག་ཏུ་གྱུར་བ་རྡོར་སེམས་སྒོམ་བཟླས་ཡིན། །ཆུར་ལོན་སྟོབས་ནི་ཕྱིན་ཆད་སྡིག་ལྟུང་ལས། །མི་བྱའི་དམ་བཅའ་དྲག་པོ་བཟུང་པའོ། །དེ་ཡི་གནད་ལ་སྔར་བྱས་སྡིག་ལྟུང་རྣམས། །ང་ཡིས་དེ་ཐུབ་སྙམ་པའི་ང་རྒྱལ་དང་། །གཞན་ལ་ངོམས་ཤིང་ངོ་ཚ་མེད་པ་ན། །དེ་ཡིས་བཤགས་ཀྱང་འདག་པར་མི་འགྱུར་རོ། །སྡིག་ལྟུང་བྱས་ཀྱང་སྐྱོན་མེད་བཤགས་ཆོག་བསམ། །ཕྱིན་ཆད་གཅོད་ཅིང་སྡོམ་པར་མ་བྱས་ན། །དེ་ཡིས་

(༡༡༨)བཤགས་ཀྱང་འདག་པར་མི་འགྱུར་གསུངས། །བཤགས་པའི་གསང་སྔགས་ཡི་གེ་འབྲུ་བརྒྱ་པ། །ཐུན་མཚམས་རྣམས་སུ་ཉེར་གཅིག་རེ་བརྗོད་པས། །ཉེས་ལྟུང་གང་བྱས་འཕེལ་བར་མི་འགྱུར་ཞེས། །རྒྱ་བོད་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན། །ལན་གཅིག་ཙམ་ཞིག་བརྗོད་པར་བྱས་ན་ཡང་། །ཉེས་ལྟུང་ཐམས་ཅད་འདག་པར་འགྱུར་རོ་ཞེས། །རྟ་མཆོག་རོལ་པའི་རྒྱུད་ལས་གསུངས་པ་བཞིན། །གྲངས་ཀྱི་ཚད་ནི་འབུམ་ཕྲག་གཅིག་ཡིན་ཏེ། །སྙིགས་མའི་དུས་སུ་བཞི་འགྱུར་དགོས་གསུངས་པས། །གཞན་དང་ངག་མ་འདྲེས་པར་འབུམ་ཕྲག་བཞི། །བཟླས་ན་རྩ་བའི་དམ་ཚིག་ཉམས་པ་ཡང་། །སོར་ཆུད་འགྱུར་བ་གསར་རྙིང་དགོངས་པ་མཐུན། །གལ་ཏེ་ཡིག་བརྒྱ་དག་པར་ཀློག་དཀའ་ན། །རྩ་བའི་སྙིང་པོ་ཡི་གེ་འབྲུ་དྲུག་པ། །འབུམ་ཕྲག་བཅུ་དྲུག་བཟླས་ཀྱང་འདྲ་བ་སྟེ། །ཚེ་འདིར་རྩ་བའི་དམ་ཚིག་ཉམས་པ་རྣམས། །མནར་མེད་དམྱལ་བའི་འོག་གི་བྱང་ཤར་ཕྱོགས། །མདོ་ནས་དམྱལ་བ་ཤམ་བྷ་ལ་ཞེས་བཤད། །

(༡༡༩)སྔགས་ནས་རྡོ་རྗེ་དམྱལ་བ་ཞེས་གསུངས་ཏེ། །དམྱལ་ཁམས་བཅོ་བརྒྱད་ལས་ཀྱང་བདུན་འགྱུར་གྱིས། །སྡུག་བསྔལ་ཆེ་ཞིང་བར་མཚམས་མེད་པ་སྟེ། །དེ་ཡི་སྡུག་བསྔལ་དང་ནི་ཚེ་ཡི་ཚད། །བཅོམ་ལྡན་འདས་ཀྱིས་གསུངས་པར་མི་ཕོད་དེ། །གསུངས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཐམས་ཅད་ཁ་ནས་ཁྲག་སྐྱུགས་འཆི་བར་བཤད། །དེ་རུ་སྐྱེ་བའི་ཆགས་ཉམས་སྡིག་སྒྲིབ་ཀྱང་། །རྡོར་སེམས་སྒོམ་བཟླས་བསྐྱེད་རིམ་གསལ་བ་དང་། །སྙིང་པོ་འབྲུ་དྲུག་བཟླས་པའི་གྲངས་ཐེམས་ནས། །དམྱལ་ཁམས་དེ་རུ་སྐྱེ་བར་མི་འགྱུར་ཞེས། །ཕྱག་རྡོར་གོས་སྔོན་ཅན་གྱི་རྒྱུད་ལས་གསུངས། །སྡིག་ལྟུང་དྲག་པོས་ནོན་པའི་མི་རྣམས་ལ། །གདམས་པ་འདི་ནི་ཡིད་བཞིན་རིན་པོ་ཆེ། །བརྒྱ་སྟོང་བས་ཀྱང་རིན་ཐང་མེ་ཆེ་རེ། །དེ་ཕྱིར་བླ་མ་བརྩོན་འགྲུས་རྒྱ་མཚོ་ཁྱོད། །གདམས་པ་འདི་ཡིས་འགྲོ་དོན་དཔག་མེད་མཛོད། །ཁྲིད་རིམ་ཀུན་གྱི་ཐོག་མར་འདི་ཉིད་ཤོད། །ལྭ་བ་བཀྲུས་ན་ཚོས་མདོག་ལེགས་པ་

(༡༢༠)ལྟར། །སྡིག་སྒྲིབ་དག་ན་ཉམས་རྟོགས་སྐྱེ་བར་སླ། །ཐབས་ལམ་བསྒོམ་ན་བདེ་དྲོད་སྐྱེ་བའི་ཐབས། །འདི་ཉིད་ཟབ་ཅེས་སྟག་ལུང་ཐང་པས་བཞེད། །མ་མགོན་ལ་སོགས་ཆོས་སྐྱོང་སྒྲུབ་ན་ཡང་། །ཉམས་ཆགས་འདག་ཕྱིར་འཁུ་ལྡོག་འོང་བ་མིན། །ནད་གདོན་འབྱུང་བའི་རྒྱུ་ནི་སྡིག་སྒྲིབ་སྟེ། །སྡིག་སྒྲིབ་མེད་ན་ནད་གདོན་ག་ལ་འབྱུང་། །རྐྱེན་ངན་བཟློག་ལ་འདི་བས་ཟབ་པ་མེད། །སྒྲུབ་པའི་རྟགས་མཚན་མི་གསལ་སྒྲིབ་པས་བསྒྲིབས། །དག་སྣང་གསལ་ཐབས་འདི་ལས་ཟབ་པ་མེད། །ཕྱག་རྒྱ་ཆེན་པོའི་ངོ་བོ་མི་མཐོང་བ། །ལྷན་ཅིག་སྐྱེས་པ་མ་རིག་སྒྲིབ་པས་བསྒྲིབས། །སྒྲིབ་པ་དེ་བསལ་ངོ་བོ་ཅིས་མི་མཐོང་། །རྟོགས་པ་སྐྱེ་ཐབས་འདི་ལས་ཟབ་པ་མེད། །མདོར་ན་མང་པོ་བརྗོད་པས་ཅི་ཞིག་བྱ། །དེ་ཉིད་ཁོ་ནས་སངས་རྒྱས་འཐོབ་པར་གསུངས། །དེ་ཕྱིར་བརྩོན་འགྲུས་རྒྱ་མཚོས་ཉམས་ལེན་མཛོད།། ༈ །།ན་མོ་གུ་རུ་བཛྲ་ས་ཏྭ་ཡེ། །གསོན་དང་བླ་མ་བརྩོན་འགྲུས་རྒྱ་མཚོ་བ། །རྡོར་སེམས་སྒོམ་བཟླས་ཕྱི་ནང་

(༡༢༡)གསང་བ་དང་། །ཡང་གསང་བཞི་ཡི་དམིགས་རིམ་གལ་ཆེ་ཞིང་། །རང་ཉིད་ཐ་མལ་སྤྱི་བོར་པད་དཀར་དང་། །ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་འཕྲོ་འདུ་ལས། །རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་གྱི་མདོག །དར་དང་རིན་ཆེན་དུ་མས་སྐུ་ལ་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྟོད་དེ་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཞབས་ཕྱེད་སྐྱིལ། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་སྤྱན་དྲངས་དབྱེར་མེད་བསྟིམ། །སྔགས་ཕྲེང་བདུད་རྩིའི་རྒྱུན་བབས་སྐུ་ལུས་གང་། །ཞབས་གཡས་མཐེ་བོང་རྩེ་ནས་བདུད་རྩི་རྡོལ། །ཚངས་བུག་ནས་ཞུགས་ལུས་གང་སྡིག་སྒྲིབ་ཀུན། །འོག་སྒོ་དང་ནི་རྐང་པའི་མཐིལ་གཉིས་ནས། །དུད་ཁུ་སོལ་ཁུ་ལྟ་བུར་ས་འོག་སོང་། །དེ་ལྟར་བསྒོམ་ཞིང་ཡིག་བརྒྱ་འམ་འབྲུ་དྲུག་བཟླས། །རང་ལུས་ཤེལ་སྒོང་ལྟར་གྱུར་བདུད་རྩིས་གང་། །དཔེར་ན་ཤེལ་བུམ་འོ་མས་གང་བ་བཞིན། །རྡོར་སེམས་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི། །སྡིག་སྒྲིབ་

(༡༢༢)དག་གོ་གསུངས་ནས་འོད་དུ་ཞུ། །བདག་ལ་དབྱེར་མེད་ཐིམ་བསྒོམ་ངོ་བོ་ལྟ། །དེ་ནི་ཕྱི་ཡི་རྡོར་སེམས་སྒོམ་བཟླས་ཏེ། །གསར་རྙིང་ཁྲིད་རིམ་ཕལ་ཆེར་དགོངས་པ་མཐུན། །ཡང་ན་རང་གི་སྤྱི་བོའི་གཙུག་རོལ་ན། །པདྨ་འདབ་བཞིའི་དབུས་དང་འདབ་མ་བཞིར། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལྔ་ཡི་སྟེང་། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཡི་ཡི་གེ་ལྔ། །ཡོངས་སུ་གྱུར་ལས་རིགས་ལྔའི་རྡོར་སེམས་ནི། །དཀར་སྔོ་སེར་དམར་ལྗང་བའི་སྐུ་མདོག་ཅན། །གཡས་ཀྱི་ཕྱག་རྣམས་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རྒྱ་གྲམ་ཐུགས་ཀར་འཛིན། །གཡོན་རྣམས་ངེས་མཚན་དྲིལ་བུ་དཀུ་ལ་བརྟེན། །ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན། །ཀུན་ཀྱང་རྒྱལ་པོ་རོལ་བའི་འདུག་སྟངས་ཅན། །སོ་སོའི་ཐུགས་ཀར་སོ་སོའི་ས་བོན་མཐར། །སོ་སོའི་ཡི་གེ་བརྒྱ་པས་བསྐོར་བ་ལས། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ནས། །རིགས་ལྔའི་རིགས་སུ་གཏོགས་པའི་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་སྤྱན་དྲངས་དབྱེར་མེད་བསྟིམ། །རིགས་

(༡༢༣)ལྔའི་སྐུ་ལས་བདུད་རྩི་ཁ་དོག་ལྔ། །བབས་བ་ཚངས་བུག་ནས་ཞུགས་ལུས་གང་བས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །འགྲོ་བ་ལམ་རྒྱུད་ལྔ་ཡི་སྐྱེ་སྒོ་བཅད། །ཡེ་ཤེས་ལྔ་ཡི་བདུད་རྩིས་བདག་ལུས་གང་། །རྡོར་སེམས་རིགས་ལྔས་ཡིག་བརྒྱ་རིགས་ལྔ་ཡི། །སྔགས་སྒྲ་སྒྲོགས་པས་འགྲོ་ཀུན་སྒྲིབ་པ་སྦྱང་། །ཨོཾ་བུདྡྷ་སཏྭ་ས་མ་ཡ། །ཞེས་སོགས་དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་བུདྡྷ་སཏྭ་ཧཱུཾ། ཧཱུཾ་བཛྲ་སཏྭ་ས་མ་ཡ། །ཞེས་སོགས་རྡོ་རྗེ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་བཛྲ་སཏྭ་ཧཱུཾ། སྭཱ་རཏྣ་སཏྭ་ས་མ་ཡ། །ཞེས་སོགས་རིན་ཆེན་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་རཏྣ་སཏྭ་ཧཱུཾ། །ཨཱཿཔདྨ་སཏྭ་ས་མ་ཡ། །ཞེས་སོགས་པདྨ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་པདྨ་སཏྭ་ཧཱུཾ། །ཧཱ་ཀརྨ་སཏྭ་ས་མ་ཡ། །ཞེས་སོགས་ཀརྨ་རིགས་ཀྱི་ཡིག་བརྒྱ་དང་། །བསྡུ་ན་ཨོཾ་ཀརྨ་སཏྭ་ཧཱུཾ། །ཅེས་པ་རྣམས་ནི་ཅི་ནུས་བརྗོད་བྱ་ཞིང་། །རྒྱས་པར་སྤྲོ་ན་རུ་ཏྲའི་སྨྲེ་བཤགས་

(༡༢༤)འདོན། །འབྲིང་ལ་བཤགས་རྒྱུད་ལེའུ་རྒྱ་བམ་འདོན། །བསྡུ་ན་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ཞེས་སོགས་བརྗོད་པས་རིགས་ལྔ་འོད་དུ་ཞུ། །རང་ལ་ཐིམ་བསམ་མི་དམིགས་ངང་ལ་བཞག །དེ་ནི་ན་རཀ་དོང་སྤྲུག་རྒྱུད་ཆེན་གྱི། །དགོངས་པ་ཡིན་ཏེ་ན་རཀ་དོང་སྤྲུགས་དོན། །དེ་ནི་ནང་གི་རྡོར་སེམས་སྒོམ་བཟླས་ཡིན། །རང་གི་སྤྱི་བོར་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་བླ་མ་རྡོར་སེམས་ཧེ་རུ་ཀ །སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། །ཁྲོ་འཛུམ་དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན། །རྡོ་རྗེ་ཕྱར་ཞིང་བྷནྡྷ་ཐུགས་ཀར་འཛིན། །རུས་རྒྱན་སྟག་ཤམ་གླང་ཆེན་ཀོ་རློན་གསོལ། །ཡུམ་ནི་རྡོ་རྗེ་སྙེམས་མ་སྐུ་མདོག་དམར། །གཅེར་བུ་རུས་རྒྱན་ཡབ་དང་གཉིས་མེད་སྦྱོར། །རོལ་སྟབས་སམ་ནི་གཡས་བསྐུམ་གཡོན་བརྐྱང་གར། །རང་འོད་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར། །བླ་མ་ཡི་དམ་ཌཱ་ཀི་ཐམས་ཅད་ནི། །སྤྱན་དྲངས་བསྟིམས་པས་ཡབ་ཡུམ་བདེ་བ་རྒྱས། །

(༡༢༥)སྦྱོར་མཚམས་བྱང་སེམས་རྒྱུན་བབས་ཚངས་བུག་ཞུགས། །ལུས་གང་སྡིག་སྒྲིབ་དག་ཅིང་བདེ་དྲོད་འབར། །ཨོཾ་ཤྲཱི་ཧེ་རུ་ཀ་སཏྭ་ས་མ་ཡ། །ཞེས་སོགས་ཧེ་རུ་ཀ་ཡི་ཡིག་བརྒྱའམ། །ཨོཾ་ཨཱཿགུ་རུ་བཛྲ་སཏྭ་ཧཱུཾ། །དེ་གཉིས་གང་རུང་ཅི་ནུས་བཟླས་པའི་རྗེས། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བླ་མ་རྡོར་སེམས་འོད་ཞུ་བདག་ལ་ཐིམ། །དེ་ནི་གསང་བའི་རྡོར་སེམས་སྒོམ་བཟླས་ལགས། །གསར་རྙིང་བཀའ་གཏེར་རྒྱུད་ཀྱི་དགོངས་པའོ། །མི་དམིགས་ངང་ལས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་སེམས་དཔའ་ཞི་འཛུམ་ཞལ་གཅིག་པ། །རིགས་ལྔས་དབུ་བརྒྱན་རིན་ཆེན་རྒྱན་རྣམས་རྫོགས། །རྡོ་རྗེ་བསྟོད་ཅིང་དྲིལ་བུ་དཀུ་ལ་བརྟེན། །དར་དཀར་སྟོད་གཡོགས་སྨད་དཀྲིས་རོལ་སྟབས་ཀྱིས། །པད་ཟླ་གླང་ཆེན་

(༡༢༦)བརྒྱད་ཀྱི་ཁྲི་ལ་བཞུགས། །ཐུགས་ཀར་ཉ་རྒྱས་ཟླ་སྟེང་ཧཱུཾ་ཡིག་མཐར། །ཡི་གེ་བརྒྱ་པ་སྐར་མའི་ཕྲེང་བ་བཞིན། །དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཀུན། །སྤྱན་དྲངས་སྔགས་ཕྲེང་ལ་བསྟིམ་གཡས་སུ་འཁོར། །བདུད་རྩིའི་རྒྱུན་བབས་བདག་ལུས་ལྟེམ་སེ་གང་། །སྡིག་སྒྲིབ་ནད་གདོན་བ་སྤུའི་བུ་ག་ནས། །ནག་དང་ཉིལ་ཉིལ་ཕྱིར་ཐོན་བདག་ཉིད་ནི། །ཤེལ་སྒོང་བཞིན་དུ་དྲི་མ་དག་པར་བསྒོམ། །ཡིག་བརྒྱ་འམ་ནི་སྙིང་པོ་ཅི་ནུས་བཟླས། །རྗེས་སུ་ཨརྒྷཾ་སོགས་བརྗོད་བདག་བསྐྱེད་མཆོད། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཡེ་ཤེས་མི་གཤེགས་མི་དམིགས་ངང་ལ་བཞག །བདུན་བརྒྱ་ཉི་ཤུའི་ལྷ་འདུས་རིགས་བརྒྱ་སྟེ། །རིགས་བརྒྱ་བསྡུས་ན་རིགས་ནི་ཉི་ཤུ་ལྔ། །ཉེར་ལྔ་བསྡུས་པ་རྒྱལ་བ་རིགས་ལྔ་སྟེ། །རིགས་ལྔ་གཅིག་བསྡུས་རིགས་

(༡༢༧)གཅིག་རྡོ་རྗེ་སེམས། །འདི་འགྲུབ་སངས་རྒྱས་ཐམས་ཅད་འགྲུབ་པ་ཡིན། །བཀའ་བརྒྱད་ཞི་ཁྲོ་ཀུན་གྱི་དོན་འདུས་ཏེ། །ཡང་གསང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སོ། །ཆོས་ཀུན་རྟེན་འབྲེལ་བསླུ་བ་མེད་པ་ཡིས། །སྡིག་པ་སྦྱོངས་ཐབས་མཆོག་ཏུ་ཟབ་བའོ། །སྡིག་དང་བཤགས་པ་གཉིས་ཀ་ཀུན་རྫོབས་སྟེ། །ངེས་པའི་དོན་ལ་སྡིག་དང་བཤགས་པ་མེད། །སྡིག་དང་ཉེས་ལྟུང་གདོད་ནས་མ་གྲུབ་སྟེ། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས་དེ་ལ། །དགེ་བས་མ་ཕན་སྡིག་པས་གནོད་མ་བསྐྱལ། །དམྱལ་བར་བསྲེག་ཀྱང་ངན་དུ་མ་སོང་བ། །རྫོགས་སངས་རྒྱས་ཀྱང་བཟང་དུ་མ་སོང་བ། །ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ། །བཤགས་བྱ་བཤགས་བྱེད་བཤགས་པའི་སྤྲོས་དང་བྲལ། །དེ་དོན་རྟོགས་ན་དོན་གྱི་བཤགས་པ་སྟེ། །དྲི་མེད་བཤགས་རྒྱུད་ལེའུ་དང་པོའི་དོན། །དེ་དོན་ཉམས་སུ་ལེན་པར་འདོད་པ་ན། །སེམས་ཀྱིས་སེམས་ལ་བལྟས་ཏེ་ཀློད་དེར་བཞག །

(༡༢༨)དེ་དོན་ཏེ་ལོ་པ་ཡི་ཞལ་ནས་ཀྱང་། །བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་བསལ་བ་དེ་བཞིན་དུ། །རང་རིག་འོད་གསལ་རྟོགས་པའི་སྐད་ཅིག་ལ། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་བསྲེགས། །བསྟན་པའི་སྒྲོན་མེ་ཞེས་ནི་བཤད་པ་ཡིན། །ཞེས་སོགས་གསུངས་པའང་དེ་ལ་དགོངས་པ་སྟེ། །རང་གི་སེམས་ཉིད་གཞོམ་གཞིག་བྲལ་བ་ན། །ལེགས་པར་རྟོགས་པ་དོན་གྱི་རྡོ་རྗེ་ཡིན། །དེ་ཉིད་སེམས་ཀྱིས་ལེགས་པར་བསྒོམ་པ་ནི། །དོན་གྱི་རྡོ་རྗེ་སེམས་དཔའ་ཡིན་པ་སྟེ། །གཞན་ནས་མི་འཚོལ་རང་སེམས་ངོ་བོ་སྐྱོང་། །དེ་ཁོ་ན་ཡི་རྡོར་སེམས་བསྒོམ་བཟླས་ཡིན། །དེ་ལྟར་ཕྱི་ནང་གསང་བ་ཡང་གསང་དང་། །དེ་བཞིན་ཉིད་ཀྱི་རྡོར་སེམས་སྒོམ་བཟླས་ལྔ། །ཉམས་སུ་བླངས་ན་སྡིག་ལྟུང་རྩད་ནས་གཅོད། །མི་ལུས་དོན་ལྡན་བདེ་ནས་བདེ་བར་འགྲོ། །དེ་རྟགས་དངོས་སུ་ཁམས་བདེ་རིག་པ་དྭངས། །ངེས་འབྱུང་དད་པ་ཉམས་རྟོགས་ཤུགས་ཀྱིས་སྐྱེ། །རྨི་ལམ་

(༡༢༩)ཁྲུས་བྱས་གོས་དཀར་གསར་པ་གྱོན། །བདུད་རྩི་འོ་མ་མཐུང་དང་ནམ་མཁར་འཕུར། །དེ་སོགས་དག་སྣང་དཔག་མེད་འཆར་བར་འགྱུར། །སྒྲིབ་སྦྱངས་གླུ་ཆུང་ཚིགས་བཅད་ཟུང་ཅིག་འདི། །རྟ་ལོ་རྒྱལ་ཟླའི་ཡར་ཚེས་ལྔ་ཡི་ནུབ། །རཱ་ག་ཨ་སྱས་བྱུང་རྒྱལ་སྨྲས་པ་སྟེ། །བཱི་རྱ་སཱ་ག་ར་ཡྀས་ཡི་གེར་བྲིས། །འབྲེལ་ཚད་སྒྲིབ་གཉིས་སྦྱོང་བའི་བདུད་རྩིར་ཤོག །ལེའུ་བཅུ་སྟེ་མང་ག་ལཾ།། །ད། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །མཎྜལ་བསོད་ནམས་རི་བོ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། །གསོན་དང་པདྨ་ཐབས་མཁས་པ། །སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསགས་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་འབྱུང་བ་ཡིན། །བསོད་ནམས་ཚོགས་ནི་བསགས་པའི་ཐབས། །བསམ་གྱིས་མི་ཁྱབ་གྲངས་མང་

(༡༣༠)ཡང་། །མཎྜལ་ལས་ནི་ཟབ་པ་མེད། །འདུས་བྱས་དགེ་བ་གཞན་རྣམས་ནི། །ཡར་ལ་མཆོད་དང་མར་ལ་སྦྱིན། །འབུལ་བ་འགྱེད་དང་མང་ཇ་སོགས། །དེ་བཞིན་ལྷ་བྲི་རྟེན་བཞེངས་སོགས། །རྒྱུ་ཡི་དངོས་པོ་བཏང་དགོས་རྣམས། །དྲི་མ་གསུམ་དང་ལྡན་པར་བཤད། །དང་པོ་སྒྲུབ་ཚེ་སྡིག་དང་འདྲེས། །དངོས་གཞིའི་སྐབས་སུ་དཀའ་ཚེགས་སྡིག །རྗེས་ནས་སེར་སྣའི་དྲི་མ་འདྲེས། །མཎྜལ་དྲི་མ་དེ་རྣམས་མེད། །ལག་པ་བརྐྱང་ནས་བསོད་ནམས་ཚོགས། །བསྒྲུབ་ལ་མཎྜལ་ལས་ཟབ་པ། །མེད་པར་གླིང་རྗེ་རས་པས་གསུངས། །མདོ་སྔགས་གསར་རྙིང་དགོངས་པ་མཐུན། །དེ་ཕྱིར་མཎྜལ་ལག་ཏུ་ལོངས། །དེ་ལ་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་མདུན་གྱི་ནམ་མཁའ་ལ། །སངས་རྒྱས་བྱང་སེམས་ཐམས་ཅད་བསྒོམ། །མཎྜལ་དངོས་སུ་ཡོད་ན་ཕུལ། །མེད་ན་མཎྜལ་ཕྱག་རྒྱ་བྱ། །དེ་ཉིད་གླིང་བཞི་རི་རབ་བཅས། །ལྷ་མིའི་ལོངས་སྤྱོད་ཀུན་གྱིས་བཀང་། །བྱེ་བ་ཕྲག་བརྒྱར་སྤྲུལ་ཏེ་འབུལ། །གཞན་ཡང་

(༡༣༡)སྟོང་གསུམ་འཇིག་རྟེན་དང་། །སངས་རྒྱས་ཞིང་ཁམས་ཐམས་ཅད་ན། །མཆོད་པའི་རྣམ་པ་ཅི་ཡོད་ཀུན། །ཐམས་ཅད་བློ་ཡིས་བླངས་ཏེ་འབུལ། །བསོད་ནམས་དངོས་སུ་ཕུལ་དང་མཉམས། །གོང་གི་དྲི་མ་དེ་གསུམ་མེད། །མཆོད་ཡུལ་རང་ལ་མི་བསྟིམ་སྟེ། །རང་བཞིན་གཤེགས་སམ་མི་དམིགས་བྱ། །དེ་ནི་ཕྱི་ཡི་མཎྜལ་ཡིན། །མདུན་གྱི་ནམ་མཁར་བླ་མ་དང་། །ཡི་དམ་ལྷ་ཚོགས་ཐམས་ཅད་བསྒོམ། །བེམ་རིག་བྲལ་ཡང་མི་དགོས་ཏེ། །རང་ལུས་མཎྜལ་དམིགས་ལ་ཕུལ། །ཡན་ལག་བཞི་ནི་གླིང་བཞིར་དམིགས། །རྒལ་ཚིགས་རི་བོ་མཆོག་རབ་སྟེ། །ཕགས་པ་དབང་ཆེན་གསེར་གྱི་གཞི། །དབུ་མ་དཔག་བསམ་ལྗོན་བའི་ཤིང་། །སྙིང་ནི་ཡིད་བཞིན་ནོར་བུ་སྟེ། །ཤ་ཁྲག་རུས་པ་དོན་སྣོད་རྣམས། །ལྷ་མིའི་འདོད་ཡོན་དཔག་མེད་སྤྲུལ། །མཆོད་པའི་ལྷ་མོ་བཅུ་དྲུག་དང་། །ཟག་མེད་བདེ་བ་སྐྱེད་པ་ཡི། །མཆོད་རྫས་དཔག་མེད་སྤྲུལ་ཏེ་འབུལ། །མཆོད་ཡུལ་ལྷ་རྣམས་རང་ལ་

(༡༣༢)བསྟིམ། །དེ་ནི་ནང་གི་མཎྜལ་ཡིན། །མདུན་གྱི་ནམ་མཁར་བླ་མ་དང་། །ཡི་དམ་ལྷ་ཚོགས་སྤྲིན་བཞིན་བསམ། །རང་སེམས་ཡིད་བཞིན་ནོར་བུར་བསྒོམ། །དེ་ལས་ཡིད་ཀྱིས་སྤྲུལ་པ་ཡི། །ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །ནམ་མཁའི་མཐར་ཐུག་ཞིང་ཁམས་ཀུན། །མཆོད་པའི་སྤྲིན་གྱིས་དགྱེས་པར་འགེངས། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ལ། །རྒྱུན་ཆད་མེད་པར་མཆོད་པར་དམིགས། །དེ་ནི་གསང་བའི་མཎྜལ་ཡིན། །དེ་ལྟར་ཕྱི་ནང་གསང་བ་ཡི། །མཎྜལ་གསུམ་པོ་རྒྱུན་དུ་འབུལ། །མཎྜལ་ཁོ་ན་རྩེ་གཅིག་ཏུ། །བདུན་གཅིག་བདུན་གཉིས་བདུན་གསུམ་ཙམ། །དམ་པར་མཚམས་བསྡམ་ཕུལ་བ་ན། །དངོས་སུ་སེམས་དགའ་རིག་པ་དངས། །ཟས་མ་ཟོས་ཀྱང་བཀྲེས་པ་མེད། །རྨི་ལམ་ཉི་ཟླ་ཤར་བ་དང་། །དར་ཕྱར་དུང་འབུད་ཁྲི་ལ་འདུག །དམར་པོ་མིན་པའི་མེ་ཏོག་ཚལ། །ལོ་ལེགས་རིན་ཆེན་གཏེར་ཁ་རྙེད། །དེ་དག་བསོད་ནམས་ཚོགས་རྫོགས་རྟགས། །རྟགས་ཙམ་བྱུང་བས་མི་ཆོག་

(༡༣༣)སྟེ། །བྱང་ཆུབ་མ་ཐོབ་བར་དུ་ནི། །བསོད་ནམས་ཚོགས་ལ་འབད་པར་བྱ། །རྒྱུན་དུའང་མཎྜལ་རྒྱས་པ་རེ། །བསྡུས་པ་ཤོ་ལོ་ཀ་རེ་ཙམ། །ཤིན་ཏུ་བསྡུས་ན་མཎྜལ་སྔགས། །བརྒྱ་རྩ་རེ་ཙམ་བརྗོད་པར་བྱ། དམིགས་པའང་དེ་བཞིན་བརྒྱ་རྩ་བྱ། །ཁྱད་པར་ཕྱག་རྒྱ་ཆེན་པོའི་ལུགས། །སྒྲུབ་པའི་མཎྜལ་བཟང་བ་ལ། །ཚོམ་བུ་ལྔ་ནི་བཀོད་བྱའོ། །རིན་ཆེན་གཞལ་ཡས་ཁང་དུ་དམིགས། །དེ་དབུས་རིན་ཆེན་ཁྲི་ལྔའི་སྟེང་། །དབུས་མར་བླ་མ་རྡོ་རྗེ་འཆང་། །རྩ་བརྒྱུད་བླ་མ་ཀུན་གྱིས་བསྐོར། །གཡས་སུ་ཤཱཀ་ཐུབ་སངས་རྒྱས་ཚོགས། །གཡོན་དུ་ཉེ་སྲས་དགེ་འདུན་ཚོགས། །རྒྱབ་ཏུ་དམ་ཆོས་གླེགས་བམ་ཚོགས། །མདུན་དུ་ཡི་དམ་རྒྱུད་སྡེའི་ལྷ། །ཁྲི་ལྔའི་བང་མཚམས་ཆོས་སྐྱོང་ཚོགས། །སྤྱན་འདྲེན་བཞུགས་གསལ་རྒྱས་པའམ། །བསྡུ་ན་ཡིད་ཀྱིས་བསྒོམ་པས་མཐུས། །དེ་ཡི་མདུན་དུ་མཎྜལ་འབུལ། །ཚོགས་ཞིང་ལྷ་ཚོགས་བདག་ལ་བསྟིམ། །དེ་དག་ཀུན་རྫོབ་མཎྜལ་ཡིན། །

(༡༣༤)དེ་ནས་སེམས་ཀྱིས་སེམས་ལ་བལྟ། །མ་ཡེངས་ལྷུག་པར་མཉམ་པར་གཞག །དེ་ནི་ཡེ་ཤེས་ཚོགས་བསགས་ཐབས། །དེ་གཉིས་ཟུང་འཇུག་བྱུང་ན་རབ། །མ་བྱུང་རེས་མོས་བྱ་བ་སྟེ། །ཏཻ་ལོ་པ་ཡི་ཞལ་ནས་ཀྱང་། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་ལ། །བུ་འབྲལ་བར་མ་བྱེད་ནཱ་རོ་པ། །གསུངས་བའི་དོན་ཡང་དེ་འདྲར་དགོངས། །ཚོགས་གཉིས་བྲེ་ཁ་ཁེངས་པ་ན། །རྟོགས་པ་ཤུགས་ཀྱིས་སྐྱེ་བ་ཡིན། །ཤེས་རབ་ཤུགས་ཀྱིས་འཕེལ་བ་ཡིན། །ཆོས་མཐུན་བསམ་པ་འགྲུབ་པ་ཡིན། །གསུང་རབ་དོན་ཀུན་གོ་བ་ཡིན། །ས་ལམ་རིམ་གྱིས་བགྲོད་པ་ཡིན། །མཐར་ཐུག་བྱང་ཆུབ་འཐོབ་པར་གསུངས། །བསོད་ནམས་བསགས་ཐབས་གླུ་ཆུང་འདི། །དགེ་སློང་རཱ་ག་ཨ་སྱ་ཡི། །རྟ་ལོ་རྒྱལ་ཟླའི་ཡར་ཚེས་གསུམ། །དགོངས་ཐུན་ཉམས་ལ་ཤར་ནས་སྨྲས། །ཐབས་མཁས་ཞེས་བྱས་བརྗེད་ཐོར་བྲིས། །འབྲེལ་ཚད་བསོད་ནམས་ཚོགས་རྫོགས་ཤོག །ལེའུ་བཅུ་གཅིག་མངྒ་ལཾ།། །ན། །།

(༡༣༥)རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཚུར་གསོན་དང་། །མོས་གུས་སྒོམ་གྱི་འགོ་བོ་ཡིན་པའི་ཕྱིར། །བླ་མའི་རྣལ་འབྱོར་བསྒོམ་གལ་ཆེ་ན་ཡང་། །གསོལ་བ་འདེབས་ཡུལ་བླ་མ་ངོས་འཛིན་དགོས། །དེ་ལ་བླ་མའི་རྣམ་དབྱེ་ཤེས་དགོས་གདའ། །དགེ་བསྙེན་སྐྲ་ཕུད་ཞུ་སའི་བླ་མ་ནི། །ཡུལ་དེར་དགེ་སློང་གཞན་དག་མེད་ན་ནི། །དགེ་བསྙེན་དགེ་ཚུལ་གྱིས་ཀྱང་རུང་བར་གསུངས། །རབ་བྱུང་དགེ་སློང་ཞུ་སའི་མཁན་པོ་ནི། །ལྔ་ཕྲག་ཉེར་གཅིག་གང་རུང་ལྡན་པ་དགོས། །མི་ལྡན་ན་ཡང་སྡོམ་པ་སྐྱེ་མོད་ཀྱི། །གནང་མཁན་ཉིད་ལ་ཉེས་བྱས་འབྱུང་བ་ཡིན། །ཞུ་མཁན་ལ་ཡང་བར་ཆད་མེད་པ་དགོས། །བར་ཆད་ཅན་གྱིས་ཞུས་ཀྱང་སྐྱེ་མོད་ཀྱི། །དེ་ཡང་སྐྱེ་ལ་ཉེས་བྱས་ཞེས་བྱའོ། །བསམ་པ་འཁོར་བ་འདི་ལས་ཐར་འདོད་པའི། །ངེས་འབྱུང་བསམ་པ་ལེགས་པོ་མེད་ན་ནི། །སོ་ཐར་སྡོམ་པ་ཚད་

(༡༣༦)ལྡན་སྐྱེ་བ་མིན། །སོ་ཐར་ཞུ་སའི་བླ་མ་བཟང་ན་ཡང་། །དགེ་འདུན་དཀོན་མཆོག་ཙམ་ཞིག་ཡིན་པ་ལས། །སངས་རྒྱས་ཡིན་པའི་བཤད་པ་མ་མཆིས་སོ། །ཐེག་ཆེན་སེམས་བསྐྱེད་ཞུ་སའི་བླ་མ་ནི། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལྡན་པ་ན། །ཁྱིམ་པ་ཡིན་ཀྱང་ཞུ་རུ་རུང་བ་སྟེ། །མདོ་ཕྱོགས་བླ་མ་ཇི་ལྟར་བཟང་ན་ཡང་། །དགེ་བའི་བཤེས་གཉེན་འམ་ནི་སེམས་དཔའ་ཙམ། །སོ་ཐར་མཁན་པོ་ཕ་ཡི་འདུ་ཤེས་དང་། །མདོ་ཕྱོགས་བླ་མར་སྨན་པའི་འདུ་ཤེས་དང་། །རང་ལ་ནད་པའི་འདུ་ཤེས་ཙམ་ཞིག་བཞག །གསང་སྔགས་ཞུ་སའི་བླ་མ་དེ་ལ་ནི། །གང་ཡིན་ཡི་དམ་ལྷ་དེ་དངོས་སུ་མོས། །དེ་དོན་རྒྱ་གཞུང་དབང་ཆོག་མང་པོ་ནས། །བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་དུ་ནི་མ་ལྟ་ཞིག །ངེས་པར་དངོས་གྲུབ་དམ་པ་འདི། །བདག་གིས་ཁྱོད་ལ་སྦྱིན་པར་བྱ། །ཞེས་སོགས་གསུངས་ཕྱིར་བླ་མ་ཡི་དམ་གཉིས། །ཐ་དད་རྟོག་ན་དངོས་གྲུབ་འབྱུང་བར་དཀའ། །རང་གི་གསང་སྔགས་ཞུ་སའི་བླ་མ་དེ། །སངས་རྒྱས་སེམས་ཅན་སུ་ཡིན་ཁྱད་

(༡༣༧)པར་མེད། །རང་གི་ཡི་དམ་དངོས་སུ་མོས་བྱས་ན། །ཡི་དམ་དེ་ཡི་དངོས་གྲུབ་མྱུར་དུ་འབྱུང་། །དེ་ནི་མོས་བློའི་ཡར་གཞལ་དད་གུས་ཏེ། །དེ་བྱས་བླ་མར་ཕན་རྒྱུ་མེད་ན་ཡང་། །ངང་གི་ལྷ་དེ་འགྲུབ་པའི་གདམས་ངག་ཡིན། །དེ་དོན་རྣལ་འབྱོར་མི་ལ་རས་ཆེན་ལ། །ཁྱེད་ཉིད་སུ་ཡི་སྤྲུལ་པ་ཡིན་ཞུས་པས། །ང་ནི་སུ་ཡི་སྤྲུལ་པ་ཡིན་པ་ནི། །ང་རང་ལ་ཡང་ཆ་ནི་མ་མཆིས་པས། །ངན་སོང་གསུམ་གྱི་སྤྲུལ་པ་ཡིན་ཀྱང་རུང་། །རྡོ་རྗེ་འཆང་དུ་བསྒོམས་ནས་གསོལ་ཐོབ་དང་། །རྡོ་རྗེ་འཆང་གི་བྱིན་རླབས་འབྱུང་བ་ཡིན། །དེ་སྐད་གསུངས་པའི་དོན་དེ་གོ་བར་བྱ། །དེ་དག་དབང་བསྐུར་ཞུས་པའི་བླ་མ་ལགས། །ཕྱག་རྒྱ་ཆེན་པོ་ཞུས་པའི་བླ་མ་ནི། །གང་རུང་ཞིག་གིས་ཆོག་པར་མ་གསུངས་ཏེ། །སྐོལ་པོར་མེད་ན་སཙྪ་མི་དོད་པས། །བླ་མ་རྟོགས་པར་ལྡན་པ་གལ་ཆེ་གསུངས། །རྟོགས་པར་ལྡན་པའི་བླ་མ་མ་རྙེད་ན། །ཁྲིད་ལུང་ཙམ་ཞིག་ཐོབ་པར་གྱུར་ཕྱི་ནས། །དྭགས་

(༡༣༨)པོ་དུས་མཁྱེན་རྒོད་ཚང་པ་ལ་སོགས། །བཀའ་བརྒྱུད་གོང་མ་གང་ལ་མོས་པ་ཞིག །རྩ་བའི་བླ་མར་བཟུང་ནས་གསོལ་བཏབ་ན། །ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བ་ནི། །བཀའ་བརྒྱུད་གོང་མ་རྣམས་ཀྱི་ཞལ་བཞེས་ཡོད། །འདི་ནི་རྗེས་འཇུག་རྣམས་ལ་ཐུགས་རྗེ་ཆེ། །རང་གི་གང་མོས་བཀའ་བརྒྱུད་བླ་མ་ཞིང་། །རྩ་བའི་བླ་མར་བཟུང་ནས་གསོལ་འདེབས་ཚེ། །སྐུ་དེ་དངོས་སུ་བསྒོམ་ཀྱང་ལེགས་པ་ཡིན། །དེ་མིན་སྐྱོན་ཡོན་གཉིས་ལྡན་བླ་མ་ནི། །དངོས་སུ་བསྒོམ་ན་སྐྱོན་ཡོན་གཉིས་ཀ་འཇུག །ཡོན་ཏན་འཇུག་ཅིང་སྐྱོན་དེ་མི་འཇུག་ཐབས། །ངོ་བོ་བླ་མ་རྣམ་པ་ལྷ་སྐུར་བསྒོམ། །རྟོགས་པ་མ་སྐྱེས་པ་རྣམས་སྐྱེ་བའི་ཐབས། །སྐྱེས་པ་འཕེལ་ཞིང་མཐའ་རུ་ཕྱིན་པའི་ཐབས། །གེགས་དང་གོལ་ས་ཐམས་ཅད་སེལ་བའི་ཐབས། །ལུས་ངག་ཡིད་གསུམ་བྱིན་གྱིས་རླབས་པའི་ཐབས། །ཅི་བསམ་འགྲུབ་ཅིང་བར་ཆད་མེད་པའི་ཐབས། །བརྒྱུད་པའི་ཆོས་སྐྱོང་བཀའ་སྲུང་འགོ་བའི་

(༡༣༩)ཐབས། །བླ་མའི་རྣལ་འབྱོར་ཁོ་ན་མཆོག་ཡིན་ཏེ། །དེ་ལ་ཕྱི་ནང་གསང་བ་ཡང་གསང་བཞི། །ཕྱི་ལྟར་བླ་མའི་རྣལ་འབྱོར་ལ་ཡང་ནི། །ཐོ་བརྩེགས་ཁྲོམ་འཚོགས་ཀུན་འདུས་གསུམ་ཡིན་ནོ། །རང་ཉིད་ཡི་དམ་ལྷ་འམ་ཐ་མལ་ལུས། །རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་རྡོ་རྗེ་འཆང་དུ་བསྒོམ། །དེ་ཡི་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས། །མུ་ཏིག་རྩར་ལ་བརྒྱུས་བཞིན་ཐོ་བརྩེགས་བསྒོམ། །དེ་ལ་ཡེ་ཤེས་སྤྱན་འདྲེན་མི་དགོས་ཏེ། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣར་བ། །ཡེ་ནས་དམ་ཡེ་དབྱེར་མེད་བསྒོམ་པས་འཐུས། །དེ་ནས་གསོལ་བ་འདེབས་པའི་ཚིགས་བཅད་ཀྱང་། །རྒྱས་པར་བརྒྱུད་པའི་བླ་མའི་གསོལ་འདེབས་སམ། །བསྡུ་ན་གསར་རྙིང་ཀུན་ནས་གསུངས་པ་ལྟར། །མ་ནམ་བཞི་སྐོར་འདི་ཉིད་འཐུས་ཆེ་སྟེ། །དེ་དོན་ཅུང་ཞིག་གོ་དཀའ་བཀྲོལ་བ་ནི། །རང་གི་དོན་དུ་གསོལ་འདེབས་མ་ཡིན་པས། །ནམ་མཁའ་དང་མཉམ་སེམས་ཅན་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོ་རྟོགས་

(༡༤༠)ཕྱིར་གསོལ་འདེབས་ཡིན། །སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པས། །ཡིན་རྟགས་ཀུན་ཏུ་བཟང་དང་རྡོ་རྗེ་འཆང་། །ཡུམ་ཆེན་མོ་དང་ཤེས་རབ་ཕ་རོལ་ཕྱིན། །གཞོན་ནུ་བུམ་སྐུ་དང་པོའི་སངས་རྒྱས་ཏེ། །བླ་མའི་ཐུགས་ཀྱང་དེ་ལས་གཞན་མིན་པས། །དེ་ལ་བླ་མ་ཆོས་ཀྱི་སྐུ་ཞེས་བྱ། །སངས་རྒྱས་ཐམས་ཅད་ལོངས་སྐུ་ལྔ་ཡིན་ཏེ། །རིགས་ལྔ་མ་གཏོགས་ལོངས་སྐུ་ཡོད་མ་ཡིན། །དེ་ལ་བླ་མ་ལོགས་སྤྱོད་རྫོགས་ཞེས་བྱ། །སྤྲུལ་པའི་སྐུ་ནི་གྲངས་མེད་བརྗོད་ལས་འདས། །བསྡུ་ན་མདོ་ཡི་ལུགས་ལ་རྣམ་པ་གསུམ། །མཆོག་གི་སྤྲུལ་སྐུ་སྐྱེ་བ་སྤྲུལ་སྐུ་དང་། །བཟོ་ཡི་སྤྲུལ་སྐུ་རྣམ་པ་གསུམ་དུ་གསུངས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །སངས་རྒྱས་སྟོང་རྩ་བྱེ་བ་ཕྲག་བརྒྱ་དང་། །སྤྱན་རས་གཟིགས་དང་སྒྲོལ་མ་པདྨ་འབྱུང་། །ཕྱག་རྡོར་འཇམ་དབྱངས་བྱེ་བ་ཕྲག་བརྒྱ་སྟེ། །དེ་ལས་གཞན་པའི་འཇིག་རྟེན་ཁམས་དག་ན། །གང་གའི་ཀླུང་ནི་དྲུག་ཅུ་རྩ་གཉིས་

(༡༤༡)ཀྱི། །བྱེ་མ་སྙེད་ཀྱི་གྲངས་མཉམ་འཇིག་རྟེན་ཁམས། །དེ་ཡང་སངས་རྒྱས་སྟོང་དང་པད་འབྱུང་སོགས། །དེ་སྙེད་བཞུགས་པ་དེ་དག་ཐམས་ཅད་ཀྱང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གསུངས། །སྤྱན་རས་གཟིགས་དང་པད་འབྱུང་ཀརྨ་པ། །ངོ་བོ་གཅིག་པར་ལུང་བསྟན་རྣམས་ནས་གསལ། །དེ་དག་ཐམས་ཅད་བླ་མ་སྤྲུལ་པའི་སྐུ། །རྒྱལ་བ་ཡབ་སྲས་རྣམས་དང་ངོ་བོ་གཅིག །དེ་ལ་དགོངས་ནས་མི་བསྐྱོད་ཞབས་ཀྱིས་ཀྱང་། །རབ་འབྱམས་ཞིང་གི་བདག་པོ་ལ་གསོལ་བ་འདེབས་སོ། །ཞིང་ཁམས་སྤྲུལ་པས་ཁྱབ་ལ་གསོལ་བ་འདེབས་སོ། །བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་དག་མཆོག་གི་སྤྲུལ་པའི་སྐུ་རུ་རྟོགས། །སངས་རྒྱས་སྐྱེ་རབས་རྣམས་ལས་གསུངས་པ་ལྟར། །སངས་རྒྱས་སྤྲུལ་པ་ཉ་དང་རི་བོང་སོགས། །དེ་འདྲ་ཐམས་ཅད་སྐྱེ་བ་སྤྲུལ་སྐུ་ཟེར། །གངས་ཅན་བོད་ཡུལ་བྱེ་བ་ཕྲག་བརྒྱ་ན། །ཇོ་ཤཱཀ་རྣམ་

(༡༤༢)གཉིས་བྱེ་བ་ཕྲག་བརྒྱ་སྟེ། །དེ་འདྲའི་རྟེན་རྣམས་བཟོ་ཡི་སྤྲུལ་སྐུ་ཆེར། །དེ་བཞིན་ངོ་བོ་སངས་རྒྱས་བྱང་སེམས་ཀྱིས། །གང་འདུལ་རྒྱལ་པོ་བློན་པོ་བླ་མ་སོགས། །གང་ལ་གང་འདུལ་སྤྲུལ་པ་ཐམས་ཅད་དང་། །ཡང་སྤྲུལ་ཉིད་སྤྲུལ་སུམ་སྤྲུལ་བདུན་སྤྲུལ་སོགས། །སེམས་ཅན་གཅིག་ལ་ལན་གཅིག་ཐོགས་པ་ན། །སྐྱེ་བ་གཅིག་ལེན་འཆི་ལ་མི་ཚོར་བར། །དཔེར་ན་མི་བསྐྱོད་རྡོ་རྗེ་ཁོ་ན་ཡི། །སྤྲུལ་པ་གངས་ཅན་བོད་ཡུལ་འདི་ཉིད་ན། །འབུམ་ཕྲག་ལྔ་ཙམ་ཡོད་པར་གསུངས་དང་མཚུངས། །དེ་ཀུན་ཐམས་ཅད་བླ་མ་སྤྲུལ་པའི་སྐུ། །དེ་དག་ཀུན་ལ་གསོལ་བ་འདེབས་པ་ཡིན། །བླ་མ་སངས་རྒྱས་རིན་པོ་ཆེ་ཞེས་པ། །རང་གི་བླ་མ་དེ་ཉིད་ཡིན་པ་སྟེ། །གསང་སྔགས་བླ་མེད་ལུགས་ཀྱི་བླ་མ་ནི། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གསུངས། །བླ་མའི་ཐུགས་ནི་སངས་རྒྱས་ཀུན་འདུས་ཡིན། །བླ་མའི་གསུང་ནི་དམ་ཆོས་ཀུན་འདུས་ཡིན། །བླ་མའི་སྐུ་ནི་དགེ་འདུན་ཀུན་འདུས་ཡིན། །བླ་མའི་ཡོན་ཏན་ནོར་ལྷ་ཀུན་གྱི་ངང་། །བླ་མའི་ཕྲིན་ལས་མཁའ་འགྲོ་

(༡༤༣)ཆོས་སྐྱོང་ཚོགས། །ཀུན་འདུས་བླ་མ་སངས་རྒྱས་རིན་པོ་ཆེ། །དེ་ལ་གསོལ་བཏབ་ཀུན་ལ་གསོལ་བཏབ་འགྱུར། །དེ་ལྟར་མ་ནམ་བཞིན་སྐོར་དོན་ཤེས་པས། །མ་ནམ་བཞི་སྐོར་གསོལ་འདེབས་གཙོ་བོར་བྱ། །ཡང་ན་རྒྱལ་བ་ཡབ་སྲས་གང་རུང་གི། །གསོལ་འདེབས་སམ་ནི་མཚན་སྔགས་བཟླས་ཀྱང་རུང་། །བརྒྱུད་པའི་བླ་མའི་སྐུ་ལས་བདུད་རྩི་བབས། །རང་གི་སྤྱི་བོ་ཚངས་པའི་བུག་ནས་ཞུགས། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་གང་། །ལུས་ཀྱི་སྒྲིབ་དག་བུམ་པའི་དབང་བསྐུར་ཐོབ། །སྐུ་ཡི་རྡོ་རྗེ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པའི་རྩ་གནས་གང་བས་ངག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་རྡོ་རྗེ་འགྲུབ། །སྙིང་གི་རྩ་འདབས་གང་བས་ཡིད་སྒྲིབ་དག །ཤེར་ཡེའི་དབང་ཐོབ་ཐུགས་ཀྱི་རྡོ་རྗེ་འགྲུབ། །ལྟེ་བ་རྐང་མཐིལ་ཡན་ཆད་རྩ་གནས་གང་། །སྒོ་གསུམ་ཆ་མཉམ་བསགས་པའི་སྡིག་སྒྲིབ་དག །བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་ཅིང་། །དབྱེར་མེད་

(༡༤༤)ངོ་བོ་ཉིད་ཀྱི་རྡོ་རྗེ་འགྲུབ། །དེ་ནས་བརྒྱུད་པའི་བླ་མ་ཐམས་ཅད་ནི། །འོད་དུ་ཞུ་ནས་རྩ་བའི་བླ་མར་ཐིམ། །རྩ་བའི་བླ་མ་འོད་ཞུ་རང་ལ་ཐིམ། །རྩ་བརྒྱུད་བླ་མ་དེ་རྣམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་བསྒོམ། །བྱིན་རླབས་སྟོབས་ཀྱིས་འཕྲལ་ལ་ཉམས་རྟོགས་ནི། །གང་སྐྱེས་དེ་ལ་སླད་མེད་བསྒོམ་པས་འཐུས། །དེ་ནི་བླ་མ་ཐོ་རྩེགས་བསྒོམ་པ་དང་། །བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་ལེན་ཚུལ། །གསར་རྙིང་ཁྲིད་རིམ་ཕལ་ཆེར་མཐུན་པའོ།། ༈ །།ན་མོ་གུ་རུ། ཡང་ཅིག་གསན་དང་ཀརྨ་བརྩོན་འགྲུས་པ། །རྩ་བརྒྱུད་བླ་མ་ཁྲོམ་འཚོགས་བསྒོམ་གསུངས་པ། །བརྒྱུད་པའི་བླ་མའི་རྣམ་དབྱེ་ཤེས་དགོས་པས། །དེ་ལ་གསར་རྙིང་ལུགས་གཉིས་སོ་སོར་གདའ། །རྙིང་མའི་བླ་མ་བརྒྱུད་པ་དྲུག་ལྡན་ཟེར། །ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་ཆེན་པོ། །སྔོན་བྱོན་བསྐལ་མགོན་སངས་རྒྱས་དྲུག་ཅུ་ལྔ། །ཞིང་འདིར་བྱོན་པའི་སྟོན་

(༡༤༥)པ་བཅུ་གཉིས་སོགས། །གོང་མ་གོང་མས་འོག་མ་འོག་མ་ལ། །དགོངས་པ་གཏད་ཙམ་ཆོས་ཀུན་ཐུགས་སུ་ཆུད། །དེ་ལ་རྒྱལ་བ་དགོངས་པའི་བརྒྱུད་པ་ཟེར། །དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད། །པད་འབྱུང་མནྡྷ་ར་བ་ལ་སོགས་པ། །བརྡའ་བསྟན་ཙམ་གྱིས་ཆོས་ཀུན་ཐུགས་སུ་ཆུད། །དེ་ལ་རིག་འཛིན་བརྡ་ཡི་བརྒྱུད་པ་ཟེར། །དེ་བཞིན་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མས། །ཤོག་སེར་འམ་ནི་གླེགས་བམ་གཏད་ཙམ་གྱིས། །དེ་ཡི་དོན་རྟོགས་ཆོས་ཀྱི་བདག་པོར་གྱུར། །དེ་ལ་མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཟེར། །པད་འབྱུང་དྲུང་དུ་དབང་ལུང་ཐོབ་པའི་མི། །སྐྱེ་བརྒྱུད་འམ་ནི་སྤྲུལ་པས་གཏེར་ལ་དབང་། །པད་འབྱུང་སྤྲུལ་པས་དབང་ལུང་བག་ཆག་གསོ། །དེ་ནི་གཏེར་ཆོས་སྨོན་ལམ་བརྒྱུད་པ་ཟེར། །ཆོས་དེའི་བདག་པོར་པད་འབྱུང་ལུང་བསྟན་བཞིན། །རྟེན་འབྲེལ་མ་མཆུགས་ཉམས་སུ་བླངས་པ་ཡི། །ཆོས་དེའི་བཀའ་བབས་རང་གཞན་དོན་གྲུབ་པ། །དེ་ནི་བཀའ་བབས་དོན་གྱི་བརྒྱུད་

(༡༤༦)པའམ། །ཐུགས་རྗེ་བྱིན་རླབས་བརྒྱུད་པ་དོན་གཅིག་གོ། །གང་ཟག་གཅིག་གིས་གཅིག་ལ་དབང་ལུང་རྫོགས། །དེ་ནི་གང་ཟག་སྙན་ཁུང་བརྒྱུད་པ་སྟེ། །དབང་ལུང་ཕྱག་དཔེའི་ངོས་ནས་མཛད་པ་ཡི། །ཤོག་སེར་ཚིག་བརྒྱུད་བླ་མ་ཚང་བའི་ཕྱིར། །བྱིན་རླབས་ཆེ་བར་བཞེད་པ་རྙིང་མའི་ལུགས། །བརྒྱུད་པ་དེ་དྲུག་ལྡན་ན་མཆོག་ཏུ་བཤད། །གསར་མའི་བརྒྱུད་པ་ཉེ་བརྒྱུད་རིང་བརྒྱུད་དང་། །དག་སྣང་བརྒྱུད་པ་རྟོགས་པ་དོན་བརྒྱུད་བཞི། །དེ་ཡང་མདོ་སྔགས་གཙོ་བོའི་བརྒྱུད་པ་གཉིས། །འཇམ་དབྱངས་ཀླུ་སྒྲུབ་ཨཱརྱ་དེ་ཝ་ལས། །བརྒྱུད་པ་ཟབ་མོ་ལྟ་བའི་བརྒྱུད་པ་ཟེར། །བྱམས་པ་ཐོགས་མེད་དབྱིག་གཉེན་སོགས་བརྒྱུད་པ། །དེ་ནི་རྒྱ་ཆེན་སྤྱོད་པའི་བརྒྱུད་ཡིན་ནོ། །འཇམས་དབྱངས་ཞི་བ་ལྷ་དང་གསེར་གླིང་པ། །ཇོ་འབྲོམ་སོགས་ལས་བརྒྱུད་པ་ཉེ་བརྒྱུད་དེ། །འདི་དག་མདོ་ཡི་ཉམས་ལེན་བརྒྱུད་པ་ཡིན། །སྔགས་ཀྱི་རིང་བརྒྱུད་བཀའ་བཞི་བརྒྱུད་པ་སྟེ། །ཉེ་བརྒྱུད་རྡོར་འཆང་ཏཻ་ལོ་ནཱ་རོ་སྟེ། །

(༡༤༧)དག་སྣང་བརྒྱུད་པ་བཀའ་བརྒྱུད་གོང་མ་རྣམས། །སོ་སོའི་ཡི་དམ་ལྷ་ལས་གསན་པ་དང་། །སྔོན་བྱོན་གྲུབ་ཐོབ་རྣམས་ལའང་གསན་པ་མང་། །དེ་དག་དངོས་སུ་གསན་པ་ཡིན་མོད་ཀྱི། །རྨི་ལམ་ཡུལ་དུ་དབང་ལུང་ཐོབ་པ་རྣམས། །རང་གི་ཉམས་བླངས་བྱིན་རླབས་འབྱུང་མོད་ཀྱི། །ས་ཐོབ་མིན་ན་གཞན་ལ་སྤེལ་མི་རུང་། །དེ་སྐད་དགེ་བཤེས་མཚན་ཉིད་པ་འགས་གསུངས། །རང་བྱུང་བ་དང་དེ་བཞིན་གཤེགས་པས་ནི། །ས་ཐོབ་མ་ཐོབ་དབྱེ་བ་མི་མཛད་པར། །ངེས་ཤེས་གྱིས་དང་དངོས་སུ་ཐོབ་པ་ལས། །དེ་ཉིད་ལྷག་ཅེས་སློབ་མ་འགའ་ལ་གསུངས། །དེ་བཞིན་ངག་དབང་བཀྲ་ཤིས་དཔལ་གྲུབ་པས། །མངོན་སུམ་དང་ནི་རྨི་ལམ་གཉིས་ཀ་ཡང་། །དོན་ལ་བདེན་པར་མ་གྲུབ་རྨི་ལམ་འདྲ། །དེ་ཕྱིར་རྨི་ལམ་ཐོབ་པས་གོ་ཆོད་གསུངས། །དེ་དག་དག་སྣང་བརྒྱུད་པ་ཞེས་བྱའོ། །རང་གི་སྤྱི་བོའི་ནམ་མཁའ་པད་ཟླའི་སྟེང་། །རྩ་བའི་བླ་མ་རྡོ་རྗེ་འཆང་གི་སྐུ། །དེ་ལ་བརྒྱུད་པའི་བླ་མ་ཐམས་ཅད་དང་། །འབྲེལ་

(༡༤༨)ཐོགས་རེ་ཞིང་ལྟོས་པའི་བླ་མ་ཀུན། །དང་པོ་སོ་སོའི་ཆ་ལུགས་ཉིད་དུ་བསྒོམ། །དམ་ཡེ་དབྱེར་མེད་དྲན་རྫོགས་བསྒོམས་པས་འཐུས། །དེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་སམ། །རྒྱ་གར་སྐད་དུ་ཀརྨ་ཞེས་བྱ་སྟེ། །བོད་སྐད་སྒྲ་ཡི་འགྱུར་ལགས་ཞེས་བྱ། །དོན་འགྱུར་སངས་རྒྱས་ཀུན་གྱི་ཕྲིན་ལས་པ། །དེ་ཕྱིར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་། །སངས་རྒྱས་ཕྲིན་ལས་སྒྲུབ་མཁན་ཁོ་ནའི་ཕྱིར། །ཀརྨ་པ་མཁྱེན་བརྗོད་ཀྱང་ཆོག་པ་ཡིན། །དེ་ནས་འཁོར་རྣམས་ཐམས་ཅད་གཙོ་བོར་ཐིམ། །གཙོ་བོ་བླ་མ་རྡོ་རྗེ་འཆང་ཆེན་གྱི། །དཔྲལ་བའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །སྐུ་ཡི་དབང་དང་བྱིན་རླབས་ཐོབ་པར་བསྒོམ། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག །གསུང་གི་དབང་དང་བྱིན་རླབས་ཐོབ་པར་བསྒོམ། །ཐུགས་ཀྱི་གནས་ནས་འོད་ཟེར་མཐིང་ཀ་འཕྲོས། །སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་དང་

(༡༤༩)བྱིན་རླབས་ཐོབ་པར་བསྒོམ། །ལྟེ་བའི་གནས་ནས་འོད་ཟེར་སེར་པོ་འཕྲོས། །ལྟེ་བར་ཐིམ་པས་ཆ་མཉམ་སྒྲིབ་པ་དང་། །ཡོན་ཏན་དབང་དང་བྱིན་རླབས་ཐོབ་པར་བསམ། །གསང་བའི་གནས་ནས་འོད་ཟེར་ལྗང་གུ་འཕྲོས། །གསང་བར་ཐིམ་པས་ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་དབང་དང་བྱིན་རླབས་ཐོབ་པར་བསམ། །དེ་ནས་བླ་མ་དགྱེས་བཞིན་འོད་དུ་ཞུ། །རང་ལ་བསྟིམས་ནས་ངོ་བོ་སྐྱོང་བ་སྟེ། །རྩ་བརྒྱུད་བླ་མ་ཁྲོམ་འཚོགས་བསྒོམ་པའི་ལུགས། །གྲུབ་མཐའ་སྤྱི་ཡི་ལུགས་དང་མཐུན་པ་ཡིན། །འདི་སྐབས་རྩ་བརྒྱུད་བླ་མའི་མཐའ་སྐོར་དུ། །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས། །རིག་འཛིན་གྲུབ་ཐོབ་ཐམས་ཅད་བསྒོམ་པར་རུང་། །འོད་ཟེར་སྤྲོ་བསྡུ་བྱ་རྒྱུ་ལུགས་དང་མཚུངས། །བླ་མའི་རྣལ་འབྱོར་ཁྲོམ་འཚོགས་བསྒོམ་པའི་ལུགས། །རཱ་ག་ཨ་སྱས་འཕྲལ་དུ་བྱུང་རྒྱལ་སྨྲས།། ༈ །།ན་མོ་གུ་རུ། བླ་མ་ཀརྨ་བཱིརྱ་གསོན་མཛོད་དང་། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་སུ། །བསྒོམ་

(༡༥༠)ཚུལ་རྩ་བའི་བླ་མ་ངོས་འཛིན་དགོས། །དེང་སང་སེར་མོ་འཛིན་པ་ཕལ་ཆེར་གྱིས། །ཆོས་སྒོར་བཅུག་མཁན་སྐྲ་ཕུད་ལེན་མཁན་དང་། །རབ་བྱུང་བསྙེན་རྫོགས་ཞུ་སའི་མཁན་པོ་དེ། །རྩ་བའི་བླ་མ་ཡིན་པར་བརྩི་ལགས་ཏེ། །དེ་འདྲ་མདོ་རྒྱུད་གང་ནས་བཤད་པ་མེད། །གྲུབ་མཐའ་སྤྱི་ལུགས་སུམ་ལྡན་རྡོ་རྗེ་འཛིན། །སོ་ཐར་དགེ་བསྙེན་དགེ་ཚུལ་བསྙེན་རྫོགས་གསུམ། །གསུམ་ཀའམ་ནི་གང་རུང་ཞུས་དང་གཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་དང་གཉིས། །གསང་སྔགས་དབང་བཞི་རྫོགས་པར་ཞུས་དང་གསུམ། །སུམ་ལྡན་རྡོ་རྗེ་འཛིན་པ་ཞེས་བྱ་སྟེ། །རྩ་བའི་བླ་མ་ཡིན་པར་བཞེད་པ་སྟེ། །སྔགས་ལུགས་རང་གི་ཡི་དམ་གང་ཡིན་གྱི། །དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་དང་། །དེ་ཡི་རྒྱུད་ཀྱི་ལུང་དང་བཤད་པ་ཐོབ། །དེ་ཡི་སྒྲུབ་ཐབས་མན་ངག་ཟབ་མོ་ཐོབ། །དེ་དག་སྔགས་ཀྱི་གསུམ་ལྡན་རྡོ་རྗེ་འཛིན། །ཡིན་ཕྱིར་རྩ་བའི་བླ་མ་མང་པོ་འབྱུང་། །བཀའ་བརྒྱུད་ལུགས་ཀྱི་རྟོགས་པ་དོན་

(༡༥༡)བརྒྱུད་དེ། །སྡོམ་པ་ཞུས་དང་དབང་ལུང་རྒྱ་མཚོ་ཐོབ། །རིག་གནས་ཡོན་ཏན་དཔག་མེད་བསླབ་ན་ཡང་། །དྲིན་ཐོབ་ཡིན་གྱི་རྩ་བའི་བླ་མ་མིན། །དེ་བཞིན་ཁྲིད་རིམ་མང་པོ་ཐོབ་པ་དང་། །གནས་འགྱུ་བདེ་གསལ་མི་རྟོག་ངོ་འཕྲོད་ཀྱང་། །དྲིན་ཅན་ཡིན་གྱི་རྩ་བའི་བླ་མ་མིན། །ཞལ་མཐོང་གསུང་ཐོས་ཕྱག་དབང་ཐོབ་པའམ། །ཆོས་འབྲེལ་དབང་འབྲེལ་མང་ཉུང་གང་ཡང་རུང་། །མ་མཇལ་བཀའ་ཤོག་གནང་བ་ཡན་ཆད་ཀྱི། །རང་སེམས་ངོ་བོ་རྗེན་པར་རྟོགས་གྱུར་ན། །དེ་ཉིད་རྩ་བའི་བླ་མར་འཛིན་པ་སྟེ། །དྭགས་པོས་བཀའ་གདམས་བླ་མ་རྣམས་བསྟེན་པས། །ཞག་བདུན་ནམ་ལ་མི་འཕོའི་ཞི་གནས་ཐོབ། །ཕག་གྲུས་ས་སྐྱ་གྲགས་རྒྱལ་བསྟེན་པ་ཡི། །བདེ་གསལ་མི་རྟོག་ཏིང་འཛིན་མཐར་ཕྱིན་ཏེ། །འོན་ཀྱང་ངོ་བོ་ཕྱིས་ནས་མཐོང་བའི་ཕྱིར། །མི་ལ་དྭགས་པོའི་རྩ་བའི་བླ་མར་བཟུང་། །ཨོ་རྒྱན་པ་ཡིས་ཐུན་མོང་དངོས་གྲུབ་དང་། །གྲུབ་རྟགས་ཐོགས་པ་མེད་པ་ཡོད་ན་ཡང་། །པཀྵིས་ཀ་ཊོ་ར་ཞིག་ནས་

(༡༥༢)ཀྱིས་བཀང་། །རྒྱལ་བ་རྒྱ་མཚོའི་སྦ་ལྕག་གིས་དཀྲུག་ནས། །དབུ་གཙུག་བཞག་ནས་བྱིན་རླབས་བཀའ་བསྒོ་མཛད། །དེ་མ་ཐག་ཏུ་རྟོགས་པ་མཆོག་གྱུར་སྐྱེས། །ཞྭ་ནག་སྐུ་གསུམ་ངོ་སྤྲོད་ཕྱག་དཔེ་ཡང་། །གཏད་ནས་ང་ཡི་བརྒྱུད་པ་ཟུངས་ཤིག་གསུངས། །དཔོན་སློབ་ཞག་པོ་གཉིས་ལས་མ་མཇལ་ཀྱང་། །དོན་བརྒྱུད་ཟུང་འཇུག་བརྒྱུད་པར་ཁོང་བཞུགས་ཏེ། །རང་བྱུང་རྒྱལ་བས་རྩ་བའི་བླ་མར་འཛིན། །པཀྵི་ནས་བརྒྱུད་དབང་ལུང་ཚིག་བརྒྱུད་རྣམས། །གཉེན་རས་དགེ་འདུན་འབུམ་ལས་གསན་པ་ལགས། །དེ་བཞིན་མཐོང་བ་དོན་ལྡན་སློབ་མ་ནི། །འཇམ་དཔལ་བཟང་པོ་དཔལ་འབྱོར་དོན་གྲུབ་གཉིས། །མཆེད་གྲོགས་ཡིན་པས་དབང་ལུང་མཉམ་ཐོབ་ཀྱང་། །མཐོང་བ་དོན་ལྡན་ལ་བརྟེན་དབང་ལུང་གིས། །དཔལ་འབྱོར་དོན་གྲུབ་རྟོགས་པ་མཆོག་མ་སྐྱེས། །ཕྱིས་སུ་འཇམ་དཔལ་བཟང་པོར་ཞུ་ཞིག་བྱས། །དེ་ནས་དཔལ་འབྱོར་དོན་གྲུབ་རྟོགས་པ་ཐོབ། །དེ་ཕྱིར་འཇམ་དཔལ་བཟང་པོ་བཙུད་དགོས་བྱུང་། །འདི་ཡི་ལུགས་ལ་དབང་ལུང་

(༡༥༣)བརྒྱུད་པ་རྣམས། །སོ་སོར་ཞིབ་ཀྱིས་འདེད་པ་མ་ཡིན་ཏེ། །དོན་བརྒྱུད་ཉིད་ལ་ཐམས་ཅད་འདུས་པར་བཞེད། །ཅི་ཕྱིར་རྟོགས་པ་སྐྱེས་པ་དེ་ཡི་ཚེ། །དབང་རྣམས་ཀུན་གྱི་དབང་དོན་ཡེ་ཤེས་ཡིན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་རྣམས་ཀྱི། །དོན་གྱི་རྩ་བ་རྟོགས་པ་མཆོག་དེ་ཡིན། །དོན་བརྒྱུད་བྱིན་རླབས་འཕོ་བའི་དབང་ཞེས་བྱ། །རྙིང་མའི་ལུགས་ལ་རིག་པའི་རྩལ་དབང་ཟེར། །འདི་ཐོབ་དབང་ལུང་ཀུན་གྱི་དོན་རྩ་ཐོབ། །དེ་ཕྱིར་རྩ་བའི་བླ་མར་འཛིན་པ་ཡིན། །དེ་ཉིད་རང་གི་སྤྱི་གཙུག་པད་ཟླའི་སྟེང་། །ཡབ་སྲས་ལྟ་བུ་སངས་རྒྱས་ཡིན་ངེས་རྣམས། །སྐུ་དངོས་བསྒོམ་ཡང་དག་སྣང་འཕེལ་བས་ལེགས། །སྐྱོན་ཡོན་གཉིས་ལྡན་རྩ་བའི་བླ་མ་ནི། །རྡོ་རྗེ་འཆང་གི་སྐུར་བསྒོམ་མན་ངག་ཡིན། །དེ་ཡི་དཔྲལ་མགྲིན་སྙིང་ག་ལྟེ་བ་རུ། །ཨོཾ་དཀར་ཨཱ་དམར་ཧཱུྃ་མཐིང་ཧོཿསེར་བསྒོམ། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཐམས་ཅད་སྤྱན་དྲངས་བླ་མ་ཉིད་

(༡༥༤)ལ་བསྟིམ། །དཀོན་མཆོག་ཀུན་འདུས་ངོ་བོར་མོས་གུས་བསྐྱེད། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཞེས་སོགས་གང་མོས་གསོལ་བ་བཏབ་པར་བྱ། །བླ་མའི་དཔྲལ་བའི་ཨོཾ་ལས་ཨོཾ་དཀར་འཕྲོས། །རང་གི་དཔྲལ་བར་ཐིམ་པས་སྐུ་དབང་ཐོབ། །བླ་མའི་མགྲིན་པའི་ཨཱ་ལས་ཨཱཿདམར་འཕྲོས། །རང་གི་མགྲིན་པར་ཐིམ་པས་གསུང་དབང་ཐོབ། །བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་འཕྲོས། །རང་གི་སྙིང་གར་ཐིམ་པས་ཐུགས་དབང་ཐོབ། །བླ་མའི་ལྟེ་བའི་ཧོཿལས་ཧོཿསེར་འཕྲོས། །རང་གི་ལྟེ་བར་ཐིམ་པས་དབང་བཞི་རྫོགས། །བླ་མ་འོད་ཞུ་རང་ལ་དབྱེར་མེད་བསྟིམ། །བཟོ་བཅོས་མེད་པར་རང་སེམས་ངོ་བོ་སྐྱོང་། །རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་སུ། །བསྒོམ་པའི་མན་ངག་ཁྲིད་རིམ་ཀུན་གྱི་བཅུད། །བླ་མ་བརྩོན་འགྲུས་རྒྱ་མཚོའི་ཐུགས་ལ་ཞོག །དེ་ཡན་ཕྱི་ཡི་བླ་མའི་རྣལ་འབྱོར་ཡིན། ༈ །ན་མོ་གུ་རུ། །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །ནང་གི་བླ་མའི་རྣལ་འབྱོར་ནི། །རང་ལུས་ཡི་དམ་ལྷ་ཡི་སྐུ། །ཕྱི་ནི་གུར་ཕུབ་ལྟ་བུ་ལ། །ནང་ནི་

(༡༥༥)ཕྲུ་མ་ཕུས་བཏབ་བཞིན། །སྣང་ལ་རང་བཞིན་མེད་པར་བསྒོམ། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །སེང་ཁྲི་པདྨ་ཉི་ཟླའི་སྟེང་། །དྲིན་ཅན་རྩ་བའི་བླ་མ་དེ། །སྤྲུལ་སྐུ་ཤཱཀ་ཐུབ་སྐུ་རུ་བསྒོམ། །ས་གནོན་མཉམ་གཞག་ཆོས་གོས་ཅན། །གནས་གསུམ་འབྲུ་གསུམ་ཐུགས་ཀར་ཧཱུཾ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བསྐལ་བཟང་སངས་རྒྱས་སྟོང་རྩ་སོགས། །སྤྲུལ་སྐུ་ཐམས་ཅད་སྤྱན་དྲངས་བསྟིམ། །མ་ནམ་བཞི་སྐོར་སྤྲུལ་སྐུ་ཡི། །གསོལ་འདེབས་གཅིག་པོ་ཅི་མང་བཟླས། །ཐུབ་པ་འོད་ཞུ་རང་ལ་བསྟིམ། །ཚུལ་ཁྲིམས་གཙང་བར་འགྱུར་བ་དང་། །བསྟན་ལ་ཕན་ནུས་རྟེན་འབྲེལ་འགྲིགས། །སྤྲུལ་སྐུ་བླ་མའི་རྣལ་འབྱོར་ཡིན། །སྙིང་གར་སེང་ཁྲི་པད་ཟླའི་སྟེང་། །བླ་མ་ལོངས་སྐུ་རྣམ་སྣང་མཛད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དར་དང་རིན་ཆེན་རྒྱན་གྱིས་ཀླུབས། །འོད་འཕྲོས་རྒྱལ་བ་རིགས་ལྔ་སོགས། །ལོངས་སྐུ་ཐམས་ཅད་སྤྱན་དྲངས་བསྟིམ། །མ་ནམ་བཞི་སྐོར་ལོངས་སྐུ་ཡི། །གསོལ་འདེབས་གཅིག་པུ་ཅི་ནུས་

(༡༥༦)བརྗོད། །རྣམ་སྣང་འོད་ཞུ་རང་ལ་བསྟིམ། །མི་དམིགས་ངང་ལ་ཀློད་དེ་བཞག །སྡོད་ཚུགས་ས་ནོན་བདེ་སྟོང་སྐྱེ། །ལོངས་སྐུ་བླ་མའི་རྣལ་འབྱོར་ཡིན། །སྙིང་གར་སེང་ཁྲི་པད་ཟླའི་སྟེང་། །བླ་མ་ཆོས་སྐུ་རྡོ་རྗེ་འཆང་། །རྒྱན་རྫོགས་ནམ་མཁའ་དྭངས་པའི་མདོག །རྡོར་དྲིལ་ཕྱག་རྒྱ་ཐུག་ཀར་བསྣོལ། །འོད་འཕྲོས་ཆོས་སྐུའི་སངས་རྒྱས་ཀུན། །སྤྱན་དྲངས་རྡོ་རྗེ་འཆང་ལ་བསྟིམ། །ང་ཡི་རྩ་བའི་བླ་མ་འདི། །ཆོས་སྐུ་རྗེན་པ་ཁོ་ན་ལས། །གཟུགས་སྐུ་ཙམ་ཡང་མ་ཡིན་པའི། །ངེས་ཤེས་གདུང་ཤུགས་དྲག་པོ་བྱ། །མ་ནམ་བཞི་སྐོར་ཆོས་སྐུ་ཡི། །གསོལ་འདེབས་རྒྱང་འབོད་ཚུལ་དུ་བྱ། །འོད་ཞུ་རང་སེམས་དབྱེར་མེད་བསྲེས། །འཕྲལ་དུ་ཉམས་ལ་གང་ཤར་དེ། །བཟོ་བཅོས་མེད་པར་ལྷོད་དེ་བཞག །རིག་པ་དྭངས་སྙིགས་ཕྱེད་པ་དང་། །གསལ་སྟོང་རྗེན་པའི་ཉམས་རྟོགས་སྐྱེ། །ཆོས་སྐུ་བླ་མའི་རྣལ་འབྱོར་ཡིན། །སྐུ་གསུམ་བླ་མའི་རྣལ་འབྱོར་འདི། །ཕྱག་ཆེན་ལྔ་ལྡན་གཞུང་ལས་གསུངས། །ནང་གི་བླ་མའི་རྣལ་

(༡༥༧)འབྱོར་ཡིན། །ཉམས་དང་རྟོགས་པ་སྐྱེ་འདོད་ན། །བརྩོན་འགྲུས་རྒྱ་མཚོའི་ཉམས་ལེན་མཛོད།། ༈ །།ན་མོ་གུ་རུ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ལགས། །མཆོག་གི་བླ་མའི་རྣལ་འབྱོར་དང་། །ཡི་དམ་བླ་མའི་རྣལ་འབྱོར་ནི། །སྙན་རྒྱུད་རྩ་བ་ཡིན་པའི་ཕྱིར། །ཡིད་ཀྱི་སྒོམ་བཟླས་མ་གཏོགས་པ། །ངག་ཏུ་བརྗོད་ཀྱང་མི་རུང་ན། །སྨོད་ཅིང་བྲི་བ་ག་ལ་རུང་། །དེ་མིན་བླ་མའི་རྣལ་འབྱོར་ནི། །རང་ཉིད་ཡི་དམ་སྤྱི་བོའི་གཙུག །པདྨ་ཟླ་བ་ཉི་མའི་སྟེང་། །བླ་མ་ཨོ་རྒྱན་དབྱེར་མེད་པ། །ཆོས་སྐུ་རྡོ་རྗེ་འཆང་གི་སྐུ། །ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན། །མཚོ་རྒྱལ་དམར་མོ་གྲི་ཐོད་འཁྱུད། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །ཡིད་ཀྱིས་མཆོད་ཅིང་བསྟོད་པ་དང་། །དབང་བཞི་བསྐུར་བར་གསོལ་བ་གདབ། །བླ་མ་ཡབ་ཡུམ་སྙོམས་འཇུག་གིས། །སྒྲ་ནི་སི་སི་ཀུན་དྷུ་རུ། །བཛྲ་དྷྲིག་སོགས་སྒྲ་གྲགས་པས། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །

(༡༥༨)ཐམས་ཅད་རང་དབང་མེད་པར་བྱོན། །ཡབ་རྣམས་ཡབ་ཀྱི་ཞལ་དུ་ཞུགས། །ཡུམ་རྣམས་ཡུམ་གྱི་ཞལ་དུ་ཞུགས། །བྱང་སེམས་དཀར་དམར་ངོ་བོར་ཞུ། །ཡབ་ཡུམ་སྦྱོར་མཚམས་ནས་བབས་ཏེ། །རང་གི་ཚངས་པའི་བུག་ནས་ཞུགས། །སྤྱི་བོ་གང་བས་བུམ་དབང་ཐོབ། །མགྲིན་པ་གང་བས་གསང་དབང་ཐོབ། །སྙིང་ག་གང་བས་ཤེར་དབང་ཐོབ། །རྐང་མཐིལ་ཡན་ཆད་གང་བ་ཡིས། །སྒྲིབ་པ་ཀུན་དག་དབང་བཞི་རྫོགས། །རང་ལུས་གངས་ལ་ཉི་ཤར་འདྲ། །གསལ་དངས་གཟི་བརྗིད་འོད་དུ་འབར། །དབང་རྟགས་རང་གི་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་མཚན། །བླ་མའི་སྐུ་ཡི་བུམ་པ་ནི། །བུམ་པའི་དབང་བསྐུར་རྫོགས་པ་ཡིན། །བྱང་སེམས་ཆུ་ལྷག་སྤྱི་བོར་ཕྱུར། །ཡབ་ཡུམ་བཀྲག་མདངས་འོད་དུ་འབར། །རྡོ་རྗེ་པདྨ་དྲག་དཀྲུག་པས། །བྱང་སེམས་ཆུ་བོའི་རྒྱུན་བཞིན་བབས། །མགྲིན་པ་ནས་ཞུགས་རྩ་གནས་གང་། །དེ་ནི་བདུད་རྩི་གསང་བའི་དབང་། །

(༡༥༩)བླ་མའི་ཡུམ་ལས་ཡུམ་གཅིག་འཕྲོས། །རང་ཉིད་ཡི་དམ་ཡུམ་ལ་ཐིམ། །རང་ཉིད་ཡབ་ཡུམ་སྙོམས་འཇུག་པས། །སྤྱི་བོའི་ཧཾ་ལས་བྱང་སེམས་བབས། །གནས་བཞི་གང་བས་དགའ་བཞི་མྱོང་། །ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱས། །ཡབ་ཡུམ་དགོངས་པ་བདག་ལ་གཏད། །རང་སེམས་ཆོས་སྐུ་རྗེན་པར་མཐོང་། །ཕྱག་མཚན་རྡོར་དྲིལ་གར་སྟབས་བསྒྱུར། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི། །རང་གི་སྤྱི་བོ་སྙིང་གར་བསྟན། །དྲིལ་བུ་གསུང་གི་དམ་ཚིག་ནི། །རང་གི་མགྲིན་པའི་གནས་སུ་བསྟན། །ཕྱག་རྒྱ་སྐུ་ཡི་དམ་ཚིག་ནི། །ཕྱག་གཉིས་བསྣོལ་བའི་ཚུལ་གྱིས་བསྟན། །ཡབ་ཡུམ་འོད་དུ་སྟེམས་སེ་ཞུ། །རང་ལ་དབྱེར་མེད་སིབས་སེ་ཐིམ། །མ་བཅོས་ངང་ལ་མཉམ་པར་བཞག །རྫོགས་རིམ་རླུང་སེམས་གཉིས་མེད་དང་། །ཆོས་དྲུག་བདུད་རྩིའི་ཉིད་ཁུ་དང་། །ཐུགས་སྒྲུབ་དབང་གི་བདག་འཇུག་གི། །དོན་བསྡུས་ཤིན་ཏུ་ཟབ་པ་ཡིན། །རང་ཉིད་ཡི་དམ་སྤྱི་བོའི་གཙུག །པདྨ་ཉི་མ་ཟླ་བའི་སྟེང་། །

(༡༦༠)བླ་མ་རྡོ་རྗེ་སེམས་དགའ་དཀར། །ཡབ་ཡུམ་ཞལ་སྦྱོར་ལོངས་སྤྱོད་རྫོགས། །ཡབ་ཀྱིས་རྡོ་རྗེ་དྲིལ་བུ་དང་། །ཡུམ་གྱིས་གྲི་གུག་ཐོད་ཁྲག་འཛིན། །ཡབ་ཀྱི་སྐུ་ལུས་དྲངས་གསལ་ནང་། །སྙིང་གར་ཀུན་བཟང་ཡབ་ཡུམ་དང་། །རིགས་ལྔ་ཡབ་ཡུམ་ཞལ་སྦྱོར་དང་། །སེམས་དཔའ་བཅུ་དྲུག་ཡབ་ཡུམ་སྦྱོར། །དེ་བཞིན་སྒོ་སྲུང་ཡབ་ཡུམ་སྦྱོར། །མགྲིན་པར་རིག་འཛིན་ཡབ་ཡུམ་བཅུ། །སྤྱི་བོར་ཁྲག་འཐུང་ཡབ་ཡུམ་ནི། །གཙོ་བོ་ཡབ་ཡུམ་བཅུ་གཉིས་སྦྱོར། །གཞན་རྣམས་བག་ཆགས་རང་གྲོལ་ལྟར། །སྐུ་ལ་དམ་པ་རིགས་བརྒྱ་རྫོགས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །ལྷ་ཚོགས་སྦྱོར་བའི་བྱང་སེམས་ཀྱིས། །སྐུ་ལུས་གང་བས་བདེ་བ་རྒྱས། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པས། །སྔོན་ལྟར་རྩ་གནས་བཞི་པོ་གང་། །སྒྲིབ་བཞི་དག་ཅིང་དབང་བཞི་རྫོགས། །སྐུ་བཞི་འགྲུབ་པའི་སྐལ་ལྡན་གྱུར། །བླ་མ་རྡོར་སེམས་ཡབ་ཡུམ་དེ། །འོད་ཞུ་རང་ཐིམ་མི་དམིགས་བསམ། །

(༡༦༡)རྫོགས་ཆེན་སྤྱི་དང་ཞི་ཁྲོའི་ལུགས། །རྫོགས་ཆེན་བསྒོམ་ན་གལ་ཆེན་ཡིན། །རང་གི་སྤྱི་བོའི་གཙུག་རོལ་ན། །བླ་མ་ཡི་དམ་དབྱེར་མེད་བསྒོམ། །གསར་རྙིང་ཡི་དམ་གང་ཡིན་དེའི། །ལུས་དཀྱིལ་གཞུང་བཞིན་བསྒོམ་པ་སྟེ། །དཔེར་ན་བཀའ་བརྒྱད་ལྟ་བུ་ལ། །བླ་མ་ཆེ་མཆོག་ཧེ་རུ་ཀ །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ། །བླ་མའི་སྐུ་ལུས་དྭངས་གསལ་ནང་། །རྩ་གསུམ་འཁོར་ལོ་ལྔ་ལྡན་བསྒོམ། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་བསྒོམ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །པདྨ་གསུང་གི་ལྷ་ཚོགས་བསྒོམ། །ཐུགས་ཀ་ཆོས་ཀྱི་འཁོར་ལོ་ན། །ཡང་དག་ཐུགས་ཀྱི་ལྷ་ཚོགས་བསྒོམ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །བདུད་འདུལ་ཕུར་པའི་ལྷ་ཚོགས་བསྒོམ། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །གཟི་བརྗིད་མ་མོའི་ལྷ་ཚོགས་བསྒོམ། །བརླ་ཡི་པུས་མོའི་རྩ་འཁོར་ན། །དྲེགས་པ་ཀུན་འདུལ་

(༡༦༢)ལྷ་ཚོགས་བསྒོམ། །པུས་མོ་གཡོན་གྱི་རྩ་འཁོར་ན། །སྟོབས་ལྡན་ནག་པོའི་ལྷ་ཚོགས་བསྒོམ། །གཙུག་གཏོར་ཚངས་པའི་འཁོར་ལོ་ན། །རིག་འཛིན་ཐོད་པའི་ལྷ་ཚོགས་བསྒོམ། །རང་རང་ལྷ་ཚོགས་སྤྱན་དྲངས་བསྟིམ། །ཡིད་ཀྱིས་མཆོད་ཅིང་གསོལ་བ་བཏབ། །འདི་དག་སྐབས་སུ་གསོལ་འདེབས་ནི། །སྤྲོ་ན་བྱ་ཆོག་མི་སྤྲོ་ན། །གསོལ་བ་འདེབས་པའི་སྙིང་པོ་སྟེ། །བཛྲ་གུ་རུ་བཟླས་པས་ཆོག །ལྷ་རྣམས་སྦྱོར་མཚམས་བདུད་རྩི་བབས། །བླ་མ་ཆེ་མཆོག་སྐུ་ལུས་གང་། །སྦྱོར་མཚམས་ནས་བབས་ཚངས་བུག་ཞུགས། །རང་གི་ལུས་དང་རྩ་ཀུན་གང་། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི། །བྱིན་རླབས་དབང་དང་དངོས་གྲུབ་ཐོབ། །བླ་མེད་ལུགས་ཀྱི་ཡི་དམ་ནི། །ཀུན་ལ་དེ་ཡིས་རིགས་འགྲེས་བྱ། །དེ་ལྟར་བསྒོམ་ལུགས་གསུམ་པོ་དེ། །གསང་བ་བླ་མའི་རྣལ་འབྱོར་ཡིན། །སྣོད་ལྡན་མ་གཏོགས་གསང་བར་བྱ། །བརྩོན་འགྲུས་རྒྱ་མཚོས་ཐུགས་དམ་མཛོད། །

(༡༦༣)ན་མོ་གུ་རུ། །བླ་མའི་རྣལ་འབྱོར་གང་བསྒོམ་ཀྱང་། མཐར་ནི་བླ་མ་རང་ལ་བསྟིམ། །བླ་མར་རང་སེམས་དབྱེར་མེད་བསྲེས། །བྱིན་རླབས་སྟོབས་ཀྱིས་ཉམས་རྟོགས་ནི། །གང་སྐྱེས་དེ་ལ་གེགས་སྐྱོན་མེད། །གཟུགས་དང་ཁ་དོག་དངོས་པོ་མེད། །སྟོང་ཉིད་བླ་མ་ཆོས་ཀྱི་སྐུ། །ཅི་ཡང་མེད་པའི་སྟོང་པ་མིན། །རང་རིག་རང་གསལ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགགས་མེད་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ངོ་བོ་ཉིད། །རྒྱ་གར་ཆུ་དང་བོད་ཀྱི་ཆུ། །ལུང་པའི་དབང་གི་སོ་སོ་ཡང་། །ཆུ་ཡི་ངོ་བོར་གཅིག་པ་ལྟར། །བླ་མའི་ཐུགས་དང་རང་གི་སེམས། །སྐུ་ལུས་དབང་གི་སོ་སོར་ཡང་། །སྟོང་ཉིད་སྤྲོས་བྲལ་ངོ་བོ་གཅིག །བླ་མ་རང་སེམས་གཅིག་ཏུ་འདྲེས། །གསོལ་བ་འདེབས་ཡུལ་མ་རྙེད་དོ། །བཀའ་བརྒྱུད་གསུངས་པའི་དོན་དེ་ཡིན། །གུ་རུ་པདྨའི་གསུང་ལས་ཀྱང་། །རང་རིག་སྣང་བ་མཐའ་ཡས་སྐུ། །མ་འགག་རང་གསལ། ཐུགས་རྗེ་ཆེ། །དྲན་རྟོག་རང་གྲོལ་པདྨ་འབྱུང་། །

(༡༦༤)ཞེས་སོགས་གསུངས་པ་དེ་ལ་དགོངས། །དེ་དོན་ངེས་པར་རྟོགས་པ་ན། །བླ་མ་ཆོས་སྐུའི་མོས་གུས་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དང་། །བླ་མ་འདུ་འབྲལ་མེད་པ་ནི། །དེ་ཁོ་ན་ཉིད་རྣལ་འབྱོར་ཡིན། །བླ་མ་འཇམ་བར་ནམ་འདོད་ཚེ། །སེམས་ཉིད་བླ་མའི་རང་ཞལ་ལྟོས། །དེ་མཐོང་སངས་རྒྱས་ཐམས་ཅད་མཇལ། །བཀའ་བརྒྱུད་རྣམས་ཀྱི་ལུགས་ལ་ནི། །ཡི་དམ་ལྷ་ཡི་ཞལ་མཐོང་བས། །ངོ་བོ་མཐོང་བ་ལྷག་པར་རྩི། །དེ་ཕྱིར་བརྩོན་འགྲུས་རྒྱ་མཚོ་ཁྱོད། །ཆོས་སྐུ་བླ་མའི་རྣལ་འབྱོར་ལ། །རྒྱུན་གྱི་ཐུགས་དམ་མཛད་པར་ཞུ།། ༈ །།ན་མོ་གུ་རུ། །དད་གུས་གཙོ་བོར་བྱེད་པ་ཡི། །བརྩོན་འགྲུས་རྒྱ་མཚོ་ཚུར་གསོན་དང་། །དཔེར་ན་ནོར་བུ་སྣ་ཚོགས་མདོག །གདན་ནི་གང་བཞག་ཁ་དོག་བསྒྱུར། །དེ་བཞིན་དཔལ་ལྡན་བླ་མ་ཡང་། །གང་མོས་ལྷ་ཡི་སྐུར་བསྒོམ་པས། །གང་བསྒོམ་དེ་ཡི་བྱིན་བརླབས་འཇུག །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དེ་ལ་རྣམ་རྟོག་མི་མངའ་ཡང་། །རྒྱལ་མཚན་རྩེར་བཏགས་

(༡༦༥)གསོལ་བཏབ་ན། །ཟས་གོས་རིན་ཆེན་ཆར་པ་འབེབས། །དེ་བཞིན་བླ་མའི་རིན་པོ་ཆེ། །མོས་གུས་རྒྱལ་མཚན་རྩེར་ཕྱར་ནས། །མོས་གུས་དྲག་པོས་གསོལ་བཏབ་ན། །མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས། །སྡིག་སྦྱོང་བླ་མ་རྡོ་རྗེ་སེམས། །སྒྲིབ་སྦྱོང་བླ་མ་མི་འཁྲུགས་པ། །ནད་ཞི་འདོད་ན་སྨན་གྱི་ལྷ། །གདོན་ཞི་འདོད་ན་གསང་བའི་བདག །རྫུ་འཕྲུལ་ཆེ་འདོད་པདྨ་འབྱུང་། །ལོངས་སྤྱོད་ཆེ་འདོད་ཛམ་བྷ་ལ། །ཚེ་འཕེལ་འདོད་ན་ཚེ་དཔག་མེད། །འགྲོ་དོན་ཆེ་འདོད་སྤྱན་རས་གཟིགས། །ཤེས་རབ་ཆེ་འདོད་འཇམ་པའི་དབྱངས། །བསྟན་པ་བཙུགས་འདོད་བསྟན་པའི་བདག །འཇིགས་པ་ཞི་འདོད་སྒྲོལ་མ་སྟེ། །ངོ་བོ་རྩ་བའི་བླ་མ་ལ། །རྣམ་པ་ལྷ་སྐུ་གང་འདོད་སྐུར། །བསྒོམས་པས་ཕྲིན་ལས་འགྲུབ་པ་ནི། །པ་ཕང་ཞྭ་དམར་པས་མཛད་པའི། །མོས་གུས་གཏེར་མཛོད་ནང་ན་གསལ། །དེ་ཡི་ལུང་བརྒྱུན་བདག་གིས་ཐོབ། །གསོལ་བ་འདེབས་དུས་སྤྱི་བོའི་གཙུག །མཆོད་པ་འབུལ་དུས་མདུན་གྱི་མཁའ། །

(༡༦༦)རྒྱུན་དུ་བླ་མ་སྙིང་གི་དཀྱིལ། །ན་ན་གཟེར་སའི་དམིགས་དེ་རུ། །སྐྲག་ན་འཇིགས་པའི་ཕྱོགས་དེ་རུ། །བསྒོམ་པས་ནད་གདོན་འཇིགས་པ་ཞི། །ཐ་ན་སོ་ཙམ་ན་ན་ཡང་། །སོ་དཀྱིལ་བླ་མ་སྨན་བླར་བསྒོམ། །བླ་མའི་རྣལ་འབྱོར་ལས་ཚོགས་འདི། །བརྩོན་འགྲུས་རྒྱ་མཚོའི་ཐུགས་ལ་ཟུངས། །དེ་ལྟར་བླ་མའི་རྣལ་འབྱོར་ལ། །ཁ་ཙམ་མིན་པར་ཉམས་བླངས་ན། །བཟོད་མེད་གདུང་ཤུགས་ཁོང་ནས་འབར། །བླ་མ་མིན་པ་བསམ་རྒྱུ་མེད། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན། །བླ་མའི་སྤྲུལ་པ་ཡིན་པར་གོ། །མཁས་བཙུན་བཟང་པོ་གཞན་རྣམས་ཀྱི། །རྣམ་ཐར་ལེགས་པོ་མཐོང་ཐོས་ན། །རང་གི་བླ་མའི་སྤྲུལ་པར་གོ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི། །མཐུ་སྟོབས་ནུས་པ་ཐོབ་པའི་ཚེ། །བླ་མའི་ཕྲིན་ལས་སྤྲུལ་པར་གོ། །སངས་རྒྱས་ཀུན་ལས་བླ་མ་ལྷག །བླ་མ་ལ་ནི་དཀོན་མཆོག་ཀུན། །འདུས་པར་སྙིང་ནས་བག་ཆོད་དེ། །བླ་མ་མཆོད་ཕྱིར་རང་ལུས་ཀྱི། །ཤ་ཁྲག་གཏོར་ཡང་སྙིང་མི་ཚིམ། །བླ་མ་དྲན་ཅིང་གསལ་འདེབས་

(༡༦༧)ཚེ། །དབང་མེད་མཆིམ་ཆར་ལྟར་འབེབས། །ཤ་རུས་ཞིག་ནས་འགྲོ་སྙམ་བྱེད། །དེ་ཚེ་ཉམས་དང་རྟོགས་པ་ནི། །བཀག་ཀྱང་མི་ཁོག་ཤུགས་ཀྱིས་སྐྱེ། །ཉམས་དང་རྨི་ལམ་ཕལ་ཆེར་ལ། །བླ་མ་ཞལ་མཇལ་དབང་ལུང་དང་། །ལུང་སྟོན་གེགས་སེལ་བོགས་འདོན་མཛད། །བརྡའ་མ་ཞལ་འཛུམ་དཀར་ནག་གིས། །ལེགས་ཉེས་ལུང་དུ་སྟོན་པ་འབྱུང་། །ཨ་ཏི་བཀོད་པའི་རྒྱུད་སོགས་ནས། །དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །དེ་སོགས་ཕན་ཡོན་མཐའ་ཡས་གསུངས། །དེ་ཕྱིར་བཀའ་བརྒྱུད་ཆོས་ལུགས་ཀུན། །ཆོས་སྤྱོད་གཙོ་བོ་གསོལ་འདེབས་ཡིན། །བླ་མའི་རྣལ་འབྱོར་བསྒོམ་པའི་ཚུལ། །གླུ་ཆུང་ཚན་པ་འགའ་ཟུང་འདི། །རྟ་ལོ་རྒྱལ་ཟླའི་ཡར་ཆོས་ཀྱི། །དྲུག་

(༡༦༨)བདུན་བརྒྱད་ཀྱི་དགོངས་ཐུན་སྐབས། །བྱ་བྲལ་ར་ག་ཨ་སྱ་ཡི། །གཅོས་གཏམ་མགུར་གྱི་ཚུལ་དུ་བྱས། །བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ཕྱི་རབས་མོས་གུས་ལྡན་པ་ཡི། །བྱ་བྲལ་ཉམས་ཆུང་མང་པོ་ལ། །བྱིན་རླབས་ཆར་རྒྱུན་ཕབས་ནས་ཀྱང་། །ཉམས་དང་རྟོགས་པའི་ལོ་ཏོག་ནི། །ཕུན་སུམ་ཚོགས་པ་འཁྲུངས་པར་ཤོག །འགྲོ་བ་ཀུན་ལ་འཕེལ་བར་ཤོག །འགྲོ་དོན་རྒྱུན་ཆད་མེད་པར་ཤོག །ལེའུ་བཅུ་གཉིས་མངྒ་ལམ།། །པ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །རྟོགས་པའི་འཆར་ཚུལ་ཤུལ་རིང་འགྲོན་པོའི་ལམ་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲཱ་ཡེ། །གསོན་དང་བླ་མ་བཱིརྱ་ས་ག་ར། །ཕྱག་ཆེན་རྫོགས་ཆེན་ཟུང་འཇུག་ཉམས་ཁྲིད་དམ། །གང་རུང་ཁྲིད་ཐོབ་བླ་མར་རྟོགས་འབུལ་བྱས། །བླ་མས་དེ་ཡིན་མ་སྐྱུར་གསུངས་ཕྱི་ནས། །སྒོམ་སྐྱེས་བདག་པོ་མེད་པར་མི་སྐྱུར་བར། །རི་ཁྲོད་དབེན་པའི་གནས་སུ་སོང་ལ་བསྒོམ། །གཅིག་པུར་རབ་ཡིན་གལ་ཏེ་གྲོགས་ཡོད་ཀྱང་། །ངོ་མི་

(༡༦༩)གཏུགས་པར་རང་ཉིད་གཅིག་པུར་བསྡམ། །དེ་ནས་སྤྲོས་པ་གཅོད་པ་གལ་ཆེ་སྟེ། །འཇིག་རྟེན་སྤྲོས་པ་དགྲ་འདུལ་གཉེན་སྐྱོང་དང་། །ཟས་ནོར་བསོགས་དང་ཁེ་སྐྱེད་སེམས་འཕྲེང་ན། །སྔར་ཡང་འདི་ལྟར་བྱས་པས་འཁོར་བར་འཁྱམས། །ཚེ་འདིར་དེ་སྔ་ཕན་ཆད་དེ་འབད་ཀྱང་། །འདོད་པ་ཙམ་ཞིག་འགྲུབ་པར་མ་གྱུར་མོད། །ད་ནི་ཉམས་རྟོགས་ལེགས་པོ་མ་སྐྱེས་པར། །མུ་གེས་ཤི་ཡང་ལྟོ་གོས་ནོར་གྱི་ཕྱིར། །བསམ་བློ་གཏང་རེ་ན་ར་ཀན་ཞེས་བསམ། །རིག་གནས་ཤེས་བྱའི་ཕྱོགས་ལ་བློ་འཕྲེང་ན། །དེ་ཚོ་ཐམས་ཅད་ཚེ་འདིའི་ཆེ་ཐབས་ཡིན། །འབྲས་བུ་ཟས་ནོར་གདུལ་བྱ་འཕྱུང་ཕྱིར་ཉིད། །ངས་ནི་ཕྱི་མའི་བདེ་སྐྱིད་དོན་དུ་གཉེར། །འབྲས་བུ་རྫོགས་པའི་སངས་རྒྱས་འདོད་པ་ཡིན། །རིག་གནས་མཁས་པས་སངས་རྒྱས་འཐོབ་ན་ནི། །མུ་སྟེགས་པཎྜི་ཏ་ཚོ་ཅིས་མི་རྒྱ། །ངས་ནི་ཉམས་རྟོགས་བཟང་པོ་དོན་དུ་གཉེར། །བཤད་པ་མཁས་པས་ཉམས་རྟོགས་སྐྱེ་ན་ནི། །

(༡༧༠)དབུས་གཙང་ཡོངས་ལ་གྲགས་པའི་རབ་འབྱམས་པ། །མང་པོས་སླར་ཡང་བླ་མ་རྟོགས་ལྡན་བསྟེན། །གནས་འགྱུ་གསར་དུ་ངོ་སྤྲོད་ཅི་ལ་དགོས། །དེ་ཕྱིར་ཡོན་ཏན་ཆེ་འདོད་བསམ་པ་སྤང་། །དཔེ་ལྟས་ལ་སོགས་བྱེད་འདོད་བྱུང་བའི་ཚེ། །གླེགས་བམ་ཀློག་པས་ཉམས་རྟོགས་སྐྱེ་ན་ནི། །ཨ་མཆོད་འདི་ཚོར་སྔར་ནས་གྲུབ་ཐོབ་འོས། །གལ་ཏེ་ཡི་གེ་ལ་སོགས་བྲི་འདོད་ན། །ཡི་གེ་བྲིས་པས་རྟོགས་པ་སྐྱེ་ན་ནི། །བྲིས་ཆེན་པ་ཚོ་སྔར་ནས་གྲོལ་འོས་གདའ། །ཆོས་སྤྱོད་བཏོན་པས་ཉམས་རྟོགས་སྐྱེ་ན་ནི། །གྲྭ་སའི་བན་ཤར་ཐམས་ཅད་གྲོལ་འོས་གདའ། །དེ་ཕྱིར་བླ་མས་རང་ལ་ངོ་སྤྲད་པའི། །རང་སེམས་ངོ་བོ་སྐྱོང་པ་མ་གཏོགས་པ། །བྱ་རྒྱུ་ཅི་ཡང་ཡོད་པ་མ་ཡིན་ནོ། །རྣམ་སྣང་ཆོས་བདུན་ལུས་གནད་ཁྲིག་གེར་བཅས། །རང་སེམས་མ་བཅོས་ཀློད་དེར་བཞག་པའི་ཚེ། །དངོས་པོ་ཅི་ཡང་མ་མཐོང་སྟོང་པ་ཉིད། །རང་རིག་རང་ལ་གསལ་བས་འོད་གསལ་ལོ། །མ་ཡེངས་རྩེ་གཅིག་གནས་པས་རྩེ་གཅིག་གོ། །

(༡༧༡)མཚན་མོ་རླུང་མེད་མར་མེ་གསལ་བ་བཞིན། །སྒོམ་འདོད་བྲོད་ཀ་ཆེན་པོ་ནང་ནས་རྙེད། །འདི་ཉིད་སྒོམ་ཡིན་སྙམ་པའི་ངེས་ཤེས་ཅན། །ཀུ་ཅོ་ཆུ་སྒྲ་ཁྱི་སྐད་ལ་སོགས་ཀྱིས། །གནོད་ཅིང་མི་གནས་དེ་རུ་འཕྲོ་བའི་ཚེ། །གནས་འདི་མི་དབེན་འདི་ལས་དབེན་པ་ཡི། །ལུང་སྟོང་ཞིག་ཏུ་ཕྱིན་ན་དགའ་སྙམ་བྱེད། །རང་སེམས་རང་གིས་བཀོལ་དུ་མ་བཏུབ་ན། །ཀླུ་རྒྱལ་ཨེ་ལའི་འདབ་མའི་ལོ་རྒྱུས་བཞིན། །ཏིང་འཛིན་ཕྲོག་པའི་རྐྱེན་དེ་མེད་ས་མེད། །དེ་ཕྱིར་ཁྱི་སྐད་ཆུ་སྒྲ་ལ་སོགས་པ། །རྣ་བར་གཟན་ཅིང་རྣམ་རྟོག་འཕྲོ་བའི་ཚེ། །རྣམ་རྟོག་དེ་ཉིད་དང་པོ་གང་ནས་བྱུང་། །བར་དུ་གང་གནས་ཐ་མ་གང་དུ་འགྲོ། །སེམས་ལ་གནོད་ཚེ་ངོ་བོ་ཅི་འདྲ་འདུག །ལེགས་པར་བརྟགས་པས་གཞི་མེད་སྟོང་པར་ཡལ། །དེ་ནི་མི་དབེན་གནོད་པའི་རྣམས་རྟོག་ཀུན། །དེ་ཉིད་དམིགས་རྟེན་བྱས་ལ་ནན་གྱིས་བསྒོམ། །དེ་ནས་མི་གནོད་རྐྱེན་ཀུན་གྲོགས་སུ་ཤར། །དེ་ནས་རིམ་གྱིས་གནས་ཉམས་ཆེ་རུ་འགྲོ། །མེ་རེ་

(༡༧༢)འཁྱིལ་ལེ་མཚོ་ཆེན་འཁྱིལ་བ་བཞིན། །གནས་ནས་ཡོད་དོ་སྙམ་པའི་འཛིན་པ་ཡོད། །འཛིན་པ་དེ་ལ་བཅངས་བཟུང་མི་བྱ་བར། །གནས་མཁན་ངོ་བོ་དེ་ལ་ཧྲིག་གེར་བལྟ། །གནས་པའི་ངོ་བོ་སྟོང་པར་ལྷག་གེར་མཐོང་། །གནས་པ་ཞི་གནས་སྟོང་པ་ལྷག་མཐོང་སྟེ། །དེ་གཉིས་གཅིག་ཏུ་འདྲེས་པ་སྲུང་དུ་འཇུག །དེ་ཉིད་བསྐྱང་བས་ལུས་བདེ་སེམས་ཀྱང་བདེ། །ང་ལས་སྐྱིད་པ་མེད་སྙམ་སེམས་རྩ་དགའ། །འདུག་སྙིང་འདོད་ཅིང་ལངས་འདུག་མང་མི་འདོད། །ཟས་དང་གོས་ཀྱི་སྲེད་པ་ཤུགས་ཀྱིས་ཆུང་། །ལུས་སེམས་བདེ་བས་ཁྱབ་པའི་ནུས་པ་དེས། །ཉིན་མོ་ཕལ་ཆེར་ཡེངས་མེད་འཁོར་ཡུག་འཁྱམས། །མཚན་མོ་རྨི་ལམ་ཡུལ་དུ་རེས་འགའ་ཟིན། །འདི་སྐབས་བྱ་རྒྱུ་བླ་མའི་རྣལ་འབྱོར་དང་། །ཐུན་སྐབས་གསོལ་འདེབས་རྒྱངས་འབོད་ཁོ་ན་ཟབ། །དཔེ་སོགས་མི་ལྟ་བལྟས་ཀྱང་མི་ཕན་གནོད། །དེ་ནས་གནས་པ་རྒྱ་མཚོ་འདྲ་བ་དེ། །ཅུང་ཞིག་ཡལ་ནས་གསལ་སྟོང་རྗེན་པར་

(༡༧༣)བུད། །དཔེར་ན་སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །དངས་རྗེན་ལྷང་ངེ་ངེས་ཤེས་སྙིང་ནས་སྐྱེ། །འདི་ལས་ལྷག་པའི་རྟོགས་པ་མེད་སྙམ་བགྱི། །གསལ་སྟོང་རྗེ་ནན་སྙམ་པའི་འཛིན་པ་ཡོད། །གསལ་ལོ་སྟོང་ངོ་སྙམ་པ་རྣམ་རྟོག་ཡིན། །དེ་ཡི་ངོ་བོ་བལྟས་པས་སྟོང་པར་ཡལ། །གསལ་དང་མི་གསལ་སྟོང་དང་མི་སྟོང་མེད། །དེ་ནས་གསལ་བའི་ངར་དེ་ཅུང་ཟད་ཡལ། །ཐམས་ཅད་སྟོང་པ་ཁོ་ན་ཡིན་པར་སེམས། །ས་རྡོ་རི་བྲག་རྩི་ཤིང་ཁང་ཁྱིམ་ཡང་། །ནམ་མཁའ་བཞིན་དུ་སྟོང་པར་འདུག་གོ་སྙམ། །རང་གི་ལུས་ཀྱང་མེད་དམ་སྙམ་པ་འབྱུང་། །སྟོང་པ་རེད་དོ་སྙམ་པའི་འཛིན་པ་ཡོད། །འཛིན་པ་དེ་ཡི་ངོ་བོར་ཧྲིག་གེར་བལྟས། །སྟོང་དང་མི་སྟོང་གཉིས་ཀ་བརྗོད་ལས་འདས། །དེ་ལྟར་བདེ་གསལ་མི་རྟོག་ཉམས་གསུམ་པོ། །ལོ་ཤས་ཟླ་ཤས་ཞག་ཤས་ལ་སོགས་པ། །གོ་རིམ་མ་ངེས་རིང་ཐུང་ཅི་ཡང་འབྱུང་། །སྡུག་བསྔལ་ཁ་སྨྲས་ལ་སོགས་རྐྱེན་གཅིག་གིས། །བདེ་གསལ་

(༡༧༤)མི་རྟོག་ཉམས་བཟང་འཇའ་ལྟར་ཡལ། །འཕྲོ་རྒོད་དང་པོ་དུས་ལྟར་མང་བ་ལ། །ཞེ་སྡང་ཁོང་ཁྲོ་ཀོ་ལོང་རྣམ་རྟོག་དང་། །འདོད་ཆགས་སེར་སྣ་ཟས་གོས་སྲེད་པ་སོགས། །སྔར་ལས་ཆེ་ཞིང་ཚིག་སྣ་ཐུང་བ་འབྱུང་། །དེ་ནི་རྩུབ་ཉམས་སྒྲིབ་པ་དག་པའི་སློང་། །དེ་དུས་ངོས་བཟུང་ལུས་སེམས་བགས་ཀྱིས་ཀློད། །ངོ་བོ་བལྟས་པས་བོགས་སྐྱེད་ཆེན་པོ་འབྱུང་། །འདི་སྐབས་ཆོས་ཀུན་རྩ་བ་སེམས་སུ་གོ། །སེམས་ཀྱི་ངོ་བོ་སྟོང་པ་ཉིད་དུ་རྟོགས། །སེམས་ཀྱི་ངོ་བོ་ལྟ་བ་ཉམས་ལེན་སྟེ། །ལྟ་མི་ལྟ་རྒྱུ་སོ་སོར་ཡོད་འདྲ་བ། །རང་ཡིད་ཆེས་པའི་ངེས་ཤེས་འཛིན་པ་ཡོད། །བདེ་གསལ་མི་རྟོག་ཉམས་དང་རྩུབ་ཉམས་བཞི། །རེས་མོས་འཆར་བ་དཔྱིད་ཀའི་ཉི་མ་བཞིན། །རེས་འགའ་བྱིང་རྨུགས་མི་གསལ་འཐིབས་སེ་བ། །བལྟས་ཀྱང་ངོ་བོ་གསལ་སྟོང་མ་མཐོང་བས། །ཞེ་བློ་མི་ཚིམ་སེམས་ལ་ཡི་མུག་ཅན། །དེ་དུས་ལུས་གནད་དཀྲིམ་གྱིས་བསྒྲིམས་བྱས་ལ། །མིག་གི་ལྟ་སྟངས་དྲག་གཟིར་ཅེར་ཅེར་

(༡༧༥)ལྟ། །དེ་བཞིན་སེམས་ཀྱི་སེམས་ལ་བལྟས་པའི་ཚེ། །རྙོག་མའི་ཆུ་ལ་དྲི་མ་ལྡང་བ་བཞིན། །རྣམ་རྟོག་འདི་ཡིན་ངོས་བཟུང་མེད་པ་རུ། །སེམས་ལ་བན་བུན་ལང་ལོང་འགའ་ཞིག་འཆར། །དེ་ནི་སེམས་ཀྱི་རྙོག་མ་ཞེས་ཀྱང་བྱ། །འགྱུ་བ་ཕྲ་བའི་ཕྲ་བ་ཞེས་བྱ་སྟེ། །གཡས་གཡོན་མདུན་སོགས་གང་ཡང་རུང་བ་རུ། །མིག་གིས་ལྟ་སྟངས་དྲག་ཏུ་གཟིར་བྱས་ཏེ། །ངོ་བོ་བལྟ་ཞིང་ལྟ་ཡུན་ཐུང་དུ་འཇུག །དེ་ལྟར་ཡང་ནས་ཡང་དུ་བྱས་པ་ཡིས། །རིག་པ་ངར་ཐོན་སེམས་ཀྱི་རྙོག་མ་དངས། །འདི་ནི་དམ་པའི་ཞི་བྱེད་གདམས་པ་མཆོག །དེ་ལྟར་བདེ་གསལ་མི་རྟོག་ཉམས་ཀྱི་ཚེ། །འཇིག་རྟེན་བྱ་བ་བློ་ཡིས་ཐོང་བ་དང་། །ཉོན་མོངས་དུག་ལྔའི་མགོ་བོ་ནོན་པ་དང་། །འཇིག་རྟེན་ཆོས་བརྒྱད་མགོ་བོ་སྙོམས་འདྲ་ཡང་། །རྟག་མི་ཐུབ་སྟེ་འགྱུར་ལྡོག་ཆེན་པོ་འབྱུང་། །དཔེར་ན་སེང་གེ་དཀར་མོའི་འགྲོས་བྱེད་ཚེ། །རྒྱངས་ཙམ་མཆོངས་ནས་ཚུར་ལ་བལྟ་བ་ལྟར། །དེ་བཞིན་སེམས་

(༡༧༦)ཀྱིས་སེམས་ལ་ཚུར་ལྟ་བས། །སེང་གེ་རྣམ་པར་འགྱིང་བའི་ཏིང་འཛིན་ཟེར། །སྒོམ་དེ་ནང་དུ་བསྒོམ་པ་འདྲ་ཞིག་ཡོད། །བདེ་གསལ་མི་རྟོག་ཟུང་དུ་འཇུག་པ་ལ། །སེམས་ནི་རྩེ་གཅིག་གནས་པས་རྩེ་གཅིག་ཟེར། །ཆེ་ཆུང་འབྲིང་གསུམ་གོམས་པ་ཆེ་ཆུང་དང་། །བརྟན་དང་མི་བརྟན་སོགས་ཀྱི་ཁྱད་པར་ལགས། །ཞི་ལྷག་གཉིས་ལས་ཞི་གནས་གཙོ་ཆེའོ། །སྒོམ་ཆེན་གསར་བུའི་ཉམས་སུ་ལེན་པའི་ཚུལ། །དཔེར་ན་འདམ་སེང་སྔོན་མོའི་ངར་སྒྲ་དེ། །སེང་གེ་དཀར་མོའི་རིགས་ནི་མ་ཐོབ་སྟེ། །སེང་རིགས་ཡིན་པས་སྡེར་ཆགས་ཟིལ་གྱིས་གནོན། །ཡ་མཚན་དཔའ་རྟགས་རལ་པ་དམར་པོས་བརྒྱན། །དེ་བཞིན་རྩེ་གཅིག་སྐབས་ཀྱི་གླུ་དབྱངས་འདི། །ཕྱག་རྫོགས་རྟོགས་པ་དངོས་ནི་མ་ཐོབ་ཀྱང་། །ཐ་སྙད་རྟོག་གེར་འབྱམས་རྣམས་ཟིལ་གྱིས་གནོན། །ཡ་མཚན་དཔའ་རྟགས་བླ་མའི་མོས་གུས་འབར། །སྒོམ་ཆེན་གསར་བུ་རྣམས་ཀྱི་ཉམས་ལེན་ཚུལ། །འདམ་སྐྱེས་སེངྒེ་སྔོན་

(༡༧༧)མོའི་ང་རོ་འདི། །རྟ་ལོ་རྒྱལ་ཟླའི་ཉེར་བཞིའི་དགོངས་ཐུན་ལ། །རཱ་ག་ཨ་སྱས་ཉམས་ལ་ཤར་ནས་སྨྲས། །བཱིརྻ་ས་ག་ར་ཡིས་ཡི་གེར་བཀོད། ༈ །ན་མོ་མ་ཧཱ་མུ་དྲ་ཡེ། །རི་ཁྲོད་འགྲིམས་ཤིང་རྒྱུན་དུ་ཉམས་བླངས་ན། །ཉམས་ཀྱི་འཆར་ཚུལ་དབྱར་ཁའི་སྤང་དང་འདྲ། །རི་བྲག་རྩིག་པ་ཕྱི་ཡི་སྣང་བ་ཀུན། །ངོ་བོ་མ་གྲུབ་ཐམས་ཅད་སྟོང་པ་ཉིད། །རྒྱུག་མཆོངས་སོང་ཡང་ཐོགས་པ་མེད་སྙམ་བགྱིད། །ལག་པས་རེག་ན་ས་མཁྲེགས་དེ་གར་སྣང་། །སྐྱིལ་ཀྲུང་བཅས་བཞིན་ནམ་མཁར་འཕུར་ན་ཡང་། །བདག་ལུས་གདོས་བཅས་མ་གྲུབ་ཐོགས་མེད་སྙམ། །ཨེ་ཚེག་ཚད་ན་མཐོ་གང་འཕགས་མི་ནུས། །སེམས་དང་ནམ་མཁའ་དབྱེར་མེད་གཅིག་ཏུ་འདྲེས། །ནམ་མཁས་གར་ཁྱབ་རིག་པས་ཁྱབ་པ་དང་། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ་པ་ཡི། །བསྲེ་བ་དངོས་དེ་འདི་ཉིད་ཡིན་སྙམ་བགྱི། །འདྲེས་སོ་ཁྱབ་པོ་སྙམ་པའི་འཛིན་པ་ཡོད། །འཛིན་པ་དེ་ལ་ཧྲིག་གེར་བལྟས་པ་ན། །ཁྱབ་དང་མ་ཁྱབ་

(༡༧༨)འདྲེས་དང་མ་འདྲེས་ཀྱི། །འཛིན་པ་རང་ཞི་བརྗོད་མེད་ཉམས་ཤིག་འཆར། །གོང་དུ་བདེ་ཉམས་དང་ནི་གསལ་ཉམས་ལ། །ཆགས་ཤིང་ཞེན་པས་འདོད་ཁམས་གཟུགས་ཁམས་གོལ། །འདི་སྐབས་སེམས་དང་ནམ་མཁའ་འདྲེས་པ་དང་། །ནམ་མཁའ་མཐའ་ཡས་བཞིན་དུ་སེམས་མཐའ་ཡས། །སེམས་ནི་ཡོད་མེད་གཉིས་ཀ་མ་ཡིན་དང་། །སེམས་ལས་མ་གཏོགས་ཆོས་ནི་རྡུལ་ཙམ་མེད། །སེམས་ལ་དངོས་པོ་ཅི་ཡང་ཡོད་མ་ཡིན། །སྙམ་པ་དེ་དག་རེ་རེའི་འཛིན་པ་ཞུགས། །ངེས་ཤེས་སེམས་ལ་འཆང་བའི་ཉེས་སྐྱོན་གྱིས། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ་བ་ཡིན། །དེ་ཡན་ཉམས་རྟོགས་ཇི་ལྟར་བཟང་བ་དང་། །རྟོགས་པ་ཅི་ལྟར་མཐོ་མཐོ་འདྲ་ན་ཡང་། །ཉམས་ཀྱི་འགྱུར་ལྡོག་ཡིན་གྱི་རྟོགས་པ་མིན།། ༈ །།ཨེ་མ་ཧོ། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང་། །འདོད་ཁམས་ལྷ་རིགས་དྲུག་གི་གོལ་ས་གཉིས། །འདྲ་འདྲ་འདྲ་ལ་ཁྱད་པར་སྤུ་ཙམ་ཞིག །བདེའོ་སྙམ་པའི་འཛིན་པ་གོལ་ས་ཡིན། །བདེ་བའི་ངོ་

(༡༧༩)བོ་བལྟས་པས་འཛིན་པ་ཞིག །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་དངོས། །གཟུགས་ཁམས་གནས་རིགས་བཅུ་བདུན་གོལ་ས་དང་། །གསལ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གཉིས། །ཁྱད་པར་མེད་དེ་ཁྱད་པར་སྤུ་ཙམ་ཞིག །གསལ་སྟོང་རྗེན་ནེ་ཡེ་རེ་ངེས་ཤེས་ཅན། །འདི་བས་ལྷག་པ་མེད་བསམ་ང་རྒྱལ་ཅན། །དེ་ཡང་ང་རྒྱལ་ཆེ་ཆུང་ཁྱད་པར་གྱིས། །ཚངས་རིགས་ཚངས་པའི་མདུན་ན་འདོན་ལ་སོགས། །བསམ་གཏན་བཞི་ཡི་ལྷ་གནས་རྣམས་སུ་གོལ། །གོལ་ཞེས་བྱ་བ་དེ་རུ་སྐྱེ་བའི་མིང་། །སྐབས་རེ་དེ་འདྲར་སྐྱེས་ཀྱང་མི་གོལ་ཏེ། །དེ་ལ་མཆོག་འཛིན་དེ་དང་ཤི་ན་ཡིན། །གསལ་ཉམས་མངོན་ཤེས་ཡོད་འདྲ་ཤར་ཀྱང་ནི། །ང་རྒྱལ་འཁྲི་བ་རང་རྩིས་མི་བྱ་བར། །གསལ་བའི་ངོ་བོ་བལྟས་པས་སྟོང་པར་འཆར། །གསལ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་དངོས། །འདི་སྐབས་གཉིད་དང་མ་གཉིད་སོ་མཚམས་ན། །ཤེལ་སྒོང་ཟླ་ཐིག་མར་མེའི་འོད་འདྲ་བའི། །འོད་ཞིག་མིག་

(༡༨༠)གི་ཐད་དུ་བྱུང་བ་ཡིས། །རྐྱེན་བྱས་སེམས་ངོའི་སྟེང་དུ་གནས་པའི་ངང་། །ས་རྡོ་རི་བྲག་སོགས་ཀྱིས་མི་སྒྲིབ་པར། །ཐག་རིང་གནས་པའི་མི་ཡི་ཅི་བྱེད་མཐོང་། །ཅི་སྨྲས་ཐོས་སོགས་མངོན་ཤེས་ལྟ་བུར་ཐིག །དེ་འདྲ་རྒྱུན་དུ་མི་བྱུང་རེས་འགའ་འབྱུང་། །མངོན་ཤེས་ཡིན་པར་རློམས་ཤིང་ང་རྒྱལ་ན། །བར་ཆད་ཡིན་ཏེ་རྟོགས་པའི་འཕེལ་འཕྲོ་ཆད། །དེ་ནི་ཉམས་ཀྱི་འོད་གསལ་ཞེས་བྱ་ཡིན། །དེ་བཞིན་རང་ཉིད་ཉལ་ནས་འདུག་པའི་ཚེ། །གཉིད་པ་ཤེས་ཤིང་གཉིད་ཀྱི་འོད་གསལ་ཟིན། །མུན་ཁུང་ཡིན་ཀྱང་རང་ཁྱིམ་ཉིན་བཞིན་གསལ། །གཞན་དག་རྣམས་ཀྱི་ཡིད་ལ་ཅི་བསམ་པ། །ཁོ་རང་སྨྲས་ནས་བྱུང་སྙམ་གསལ་པོར་ཐིག །དེ་ཚོ་ཉམས་ཀྱི་འོད་གསལ་ཞེས་བྱ་སྟེ། །མངོན་ཤེས་ཡོད་སྙམ་སྨྲས་ཤིང་ཐིག་པའི་ཚེ། །ང་རྒྱལ་སྐྱེས་ན་བདུད་ཀྱི་བར་ཆད་ཞུགས། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར་བའི་དཔེ། །ང་རྒྱལ་མི་བྱ་གཡེལ་ཆུད་རང་གར་སྐྱུར། །དེ་ཡི་བར་ཆད་མི་འབྱུང་ལམ་དུ་འགྲོ། །ཆོས་རྣམས་ཐམས་

(༡༨༡)ཅད་རང་གི་སེམ་སུ་འདུས། །དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་བཞིན། །སེམས་ཉིད་གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །ཡིན་ཀྱང་དེ་ལྟར་ཡིན་སྙམ་འཛིན་པ་དེ། །སེམས་ཙམ་ལྟ་བ་ཡིན་གྱི་ཕྱག་ཆེན་མིན། །སེམས་ནི་ནམ་མཁའ་ལྟ་བུར་མཐའ་བྲལ་ཞེས། །བསམ་པའི་འཛིན་པ་འཕྲའུ་དེས་བཅིངས་ནས། །རྣམ་ཤེས་མཐའ་ཡས་གཟུགས་མེད་ཁམས་སུ་སྐྱེ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ་པ་དང་། །ནམ་མཁའི་ཁམས་ནི་དཔག་མེད་བསམ་ལས་འདས། །བསམ་པའི་འཛིན་པ་ཕྲའུ་དེས་བཅིངས་པས། །ནམ་མཁའ་མཐའ་ཡས་གཟུགས་མེད་ཁམས་སུ་སྐྱེ། །ཆོས་ཀུན་གདོད་ནས་མ་གྲུབ་སྟོང་པ་ཉིད། །ཅི་ཡང་དམིགས་སུ་མེད་པ་ཡིན་མོད་ཀྱི། །དེ་ལྟར་ཡིན་ནོ་བསམ་པའི་འཛིན་པ་དེས། །ཅི་ཡང་མེད་པའི་སྐྱེ་མཆེད་གོལ་ས་ཡིན། །ཕྱི་ནང་སྣོད་བཅུད་རང་གི་སེམས་དང་བཅས། །དོན་དམ་ཅི་ཡང་མེད་དེ་སྟོང་པ་ཉིད། །ཀུན་རྫོབ་ཅི་ཡང་འཆར་སྟེ་ཅི་ཡང་

(༡༨༢)སྲིད། །དེ་ཕྱིར་ཡོད་མེད་གཉིས་ཀ་མིན་བསམ་པའི། །འཛིན་པ་ཕྲའུས་ཡོད་མིན་མེད་མིན་སྐྱེ། །དེ་ལྟར་སྟོང་ཉམས་རྣམ་པ་བཞི་ཡོད་དེ། །མུ་སྟེགས་པ་ཡི་རྟོགས་པ་མཆོག་ཡིན་ཏེ། །དེ་ལ་མཆོག་འཛིན་དེ་དང་ཚེ་འཕོས་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བར་གསུངས། །བསྐལ་པ་བརྒྱད་ཁྲིར་ལུས་ནི་མི་ལེན་ཏེ། །བདེ་དང་སྡུག་པའི་ཚོར་བ་གཅིག་ཀྱང་མེད། །འཛིན་པ་མ་ཞུགས་སྟོང་པའི་རང་ངོ་ལྟ། །སྟོང་དང་མི་སྟོང་སྨྲ་བསམ་བརྗོད་ལས་འདས། །དེ་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་དངོས། །ཉམས་རྟོགས་དེ་དག་ཡུན་གྱི་རིང་ཐུང་དང་། །ཚབས་ཀྱི་ཆེ་ཆུང་རྣམ་པ་སྣ་ཚོགས་འབྱུང་། །གང་ལྟར་མ་ཡེངས་ས་ལེ་རྗེན་ནེ་བ། །མར་མེ་རླུང་གིས་མ་བསྐྱོད་ལྟ་བུ་དེ། །རྩེ་གཅིག་གནས་པས་རྩེ་གཅིག་མིང་དུ་བཏགས། །དེ་ལ་རེས་འགའ་བ་དང་ཕལ་ཆེ་བ། །གཉིད་དུས་མ་གཏོགས་འབྲལ་བ་མེད་པ་གསུམ། །རྩེ་གཅིག་ཆུང་འབྲིང་ཆེ་གསུམ་མིང་དུ་བཏགས། །དེ་མན་ཅི་ལྟར་བཟང་བཟང་འདྲ་ན་ཡང་། །

(༡༨༣)རྟོགས་པའི་ངོ་བོ་མ་མཐོང་ཉམས་ཀྱི་གཡོས། །དེ་ཡང་གང་ཟག་དབང་པོའི་ཁྱད་པར་གྱིས། །ཉམས་རྟོགས་སྐྱེ་དཀའ་རིམ་གྱིས་སྐྱེ་བ་ནི། །རིམ་སྐྱེས་པ་ཡི་རིགས་ཏེ་གང་སྐྱེས་བརྟན། །དང་པོ་ཉམས་རྟོགས་སྐྱེ་སླ་མྱུར་དུ་སྐྱེ། །སྐྱེས་པ་མི་བརྟན་འགྱུར་ལྡོག་མཐོ་དམན་ཆེ། །དེ་ནི་ཐོད་རྒལ་བ་ཡི་རིགས་ཡིན་ནོ། །དང་པོ་ཉིད་ནས་རྟོགས་པ་མཐོན་པོ་སྐྱེ། །བསྒོམ་ཡུན་ཐུང་ངུས་དེ་ཡི་རྩལ་རྫོགས་པ། །གཅིག་ཆར་པ་ཡི་རིགས་ཏེ་དཀོན་པ་ཡིན། །རྟོགས་པ་སྐྱེད་དཀའ་རིམ་གྱིས་སྐྱེ་བ་ལ། །དེ་ཡང་འགྱུར་ལྡོག་མཐོ་དམན་མང་བ་ནི། །རིམ་གྱིས་པ་ཡི་ཐོད་རྒལ་པ་ཡིན་ཏེ། །དཔེར་ན་རཱ་ག་ཨ་སྱ་བདག་ལྟ་བུ། །རྟོགས་པ་ཅུང་ཞིག་སྐྱེ་བ་བུལ་བ་ལ། །སྔོན་འགྲོ་ལ་སོགས་ཁྲིད་རིམ་ཅི་བཞིན་དུ། །ཉམས་སུ་བླངས་རིམ་དེ་དང་མཐུན་པ་ཡི། །རྟོགས་པ་བཟང་པོ་སྐྱེས་པར་གྱུར་པ་ནི། །རིམ་གྱིས་པ་ཡི་ཅིག་ཆར་བ་ཡིན་ནོ། །དེ་བཞིན་ཐོད་རྒལ་བ་དང་གཅིག་ཆར་བ། །རེ་རེ་ལ་ཡང་

(༡༨༤)གསུམ་གསུམ་དབྱེ་བའི་ཚུལ། །གོང་གི་རིག་པས་དཔག་པས་ཤེས་པར་སླ། །དེ་ནས་རྟོགས་པ་ཅི་ལྟར་འཆར་བའི་ཚུལ། །མོས་གུས་གསོལ་འདེབས་འབད་པའི་བྱིན་རླབས་སམ། །ཡི་དམ་འགྲུབ་པའི་མཆོག་གི་དངོས་གྲུབ་བམ། །བསོད་ནམས་ཚོགས་ཆེན་བསགས་པའི་ནུས་མཐུའམ། །ཚེ་སྔོན་ལས་འཕྲོ་ཡོད་པའི་ལས་སད་པས། །སྔར་གྱི་ཉམས་རྟོགས་ཤུན་པ་ལྟ་བུར་བུད། །བསྒོམ་བྱ་སྒོམ་བྱེད་འཛིན་པ་དབྱིངས་སུ་སྟོར། །འདི་སྒོམ་དེ་སྒོམ་གཏད་སོ་གཅིག་ཀྱང་མེད། །འདི་ཡིན་དེ་ཡིན་ངེས་ཤེས་འཛིན་པ་ཞིག །ནང་དུ་བཀུག་ནས་ལྟ་བ་འདྲ་དེ་མེད། །ཕྱི་རུ་བལྟས་པས་གསལ་བ་འདྲ་དེ་མེད། །ལྟ་མི་ལྟ་རྒྱུ་སོ་སོར་ཡོད་འདྲ་བ། །དེ་ཉིད་ཞིག་ནས་འདི་ལྟ་དེ་ལྟ་མེད། །ལྟ་མི་ལྟ་རྒྱུ་གཉིས་པོ་གཅིག་ཏུ་འདྲེས། །འདི་ཡིན་དེ་ཡིན་འདི་བསམ་དེ་བསམ་མེད། །རང་ག་ཁ་རོག་སྡོད་པ་འདྲ་ཞིག་འབྱུང་། །དེ་ཚེ་ཡིད་གཉིས་ཐེ་ཚོམ་དུ་མ་ལྡང་། །སྔར་དང་གཏན་ནས་མི་འདྲ་ཅི་ཡིན་ཨང་། །

(༡༨༥)ཧ་ཤང་ལྟ་བ་ཨམ་དེ་མ་ཡིན་ཨང་། །སྟོང་ལྟ་ཧད་པོ་ཨམ་དེ་ཨུ་ཡིན་ཨང་། །སྔར་གྱི་སྒོམ་དེ་བོར་བ་ཨུ་ཡིན་ཨང་། །འདི་བསྒོམ་དེ་བསྒོམ་ཅི་ཡང་མི་འདུག་པས། །སྒོམ་མེད་ཨམ་དེ་རྟོགས་པ་ཨུ་ཡིན་ཨང་། །ཉམས་ཆེན་བྲི་ས་ཡོད་ན་དགའ་བ་ལ། །བསམ་པའི་བློ་མང་རྩབ་རྩུབ་ཅི་ཡང་དྲན། །ཐོས་པ་ཆུང་ན་ང་ཡི་བསྒོམ་བོར་སྙམ། །སྔར་གྱི་བདེ་གསལ་མི་རྟོག་ཉམས་བཟང་པོ། །དེ་འདྲ་ཨེ་ཡོང་བསམ་ཞིང་བསྒོམ་ན་ཡང་། །སྡར་བཞིན་མི་འོང་ཡི་མུག་སེམས་སྡུག་ཆེ། །ཧམ་པ་ཆེ་ན་སྒོམ་མེད་རྟོགས་ཡོད་སྙམ། །འགྲོ་དོན་རན་བསམ་གཡེང་བས་འཁྱེར་ཡང་སྲིད། །དེ་ནས་བདེ་གཤེགས་བཀའ་ཡི་བླ་མ་བརྟེན། །བཀའ་བརྒྱུད་གོང་མའི་གསུང་དང་བརྒྱུད་སྡེ་སོགས། །དཔེ་ལྟས་བྱས་པས་སེམས་ཀྱི་ཐེ་ཚོམ་ཆོད། །རང་སེམས་ངོ་བོ་མཐོང་བ་དངོས་དེ་ཡིན། །ཐ་མལ་ཤེས་པ་རྗེན་པ་ཞེས་ཀྱང་བྱ། །སྤྲོས་བྲལ་ཆུང་ངུའི་ངོ་མཐོང་ཞེས་ཀྱང་བྱ། །དཔེར་ན་ཚེས་པ་གསུམ་གྱི་ཟླ་བ་དེ། །ཆུང་ཡང་ཟླ་བ་

(༡༨༦)ཡིན་པར་ཐག་ཆོད་ལྟར། །ད་དུང་ཉམས་རྟོགས་རྩལ་ནི་མ་རྒྱས་ཀྱང་། །ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ཡིན། །འདི་ནས་རྟོགས་ལྡན་མིང་ཡང་ཐོབ་པར་བཤད། །དེ་ནས་ངོ་བོ་འགྱུར་བ་མེད་ན་ཡང་། །གསལ་དང་འགྲིབ་པ་ཅུང་ཟད་ཡོད་པ་ཡིན། །ཉམས་ནི་ཤས་ཆུང་རྟོགས་པ་ཤས་ཆེ་ཡི། །ཉམས་ནི་གཏན་ནས་དག་པ་མ་ཡིན་ཏེ། །ད་དུང་ཉམས་ཀྱི་གསལ་འགྲིབ་མང་དུ་འབྱུང་། །མ་ཡེངས་རྩེ་གཅིག་ཉམས་ལེན་སྐྱོང་བའི་ཚེ། །ཕྱི་ནང་མེད་པར་མཉམ་དང་ཀད་དེ་བ། །མ་ཡེངས་དྲན་རྫི་ཙམ་ཞིག་མ་གཏོགས་པ། །འདི་བསྒོམ་གཏད་སོ་མེད་པའི་ཕྱ་ལེ་བ། །མིག་གི་ཡུལ་དུ་གཟུགས་ནི་ཅི་མཐོང་ཡང་། །བྱིས་པ་ལྷ་ཁང་ནང་དུ་ཕྱིན་པ་བཞིན། །མིག་གི་མཐོང་ཡང་འདི་ཡིན་འཛིན་པ་མེད། །སྣང་སྟོང་ཕྱག་རྒྱ་ཆེན་པོ་དངོས་སུ་འཆར། །རྣ་བའི་ཡུལ་དུ་སྙན་དང་མི་སྙན་སྒྲ། །དགའ་དང་མི་དགའ་མེད་དེ་བྲག་ཆ་ལྟར། །གྲགས་སྟོང་ཕྱག་རྒྱ་ཆེན་པོ་དངོས་སུ་འཆར། །དྲི་རོ་རེག་བྱ་རྣམས་ཀྱང་དེ་ཡིས་

(༡༨༧)འདྲེས། །མ་ཡེངས་ཉམས་ལེན་སྐྱོང་ཚེ་དེ་ལྟར་སྟེ། །ཡེངས་སྐབས་ཐ་མལ་འཁྲུལ་པའི་དུག་ལྔ་ལྡང་། །འདི་སྐབས་འཇིག་རྟེན་བྱ་བ་ཅི་ནུས་སྤང་། །སྤྲོས་བཅས་མི་བྱ་ཆོས་སྤྱོད་ཉུང་ངུར་བསྡུ། །ཉམས་ལེན་རྩེ་གཅིག་སྐྱོང་ན་བོགས་རྩལ་ཆེ། །སྤྲོས་བཅས་མང་ན་ཉམས་དེ་ཡལ་དོགས་ཆེ། །ཉམས་དེ་རེས་འགའ་བ་དང་ཕལ་ཆེར་རམ། །གཉིད་ཚེ་མ་གཏོགས་འཁོར་ཡུག་འགྲོ་བ་དང་། །གཉིད་དང་རྨི་ལམ་རེས་ཟིན་རེས་མི་ཟིན། །སྤྲོས་བྲལ་ཆུང་འབྲིང་ཆེ་གསུམ་ཡིན་པར་ངེས། །ཕྱི་རོལ་གཟུགས་སྒྲ་དྲི་རོ་ཅི་ཤར་ཡང་། །སེང་གེ་གངས་ལ་ཟིན་པ་ཅི་བཞིན་དུ། །འཇིགས་སྐྲག་ཡ་ངའི་རྟོག་པ་མི་འཇུག་སྟེ། །དེ་ཕྱིར་དཔའ་བར་འགྲོ་བའི་ཏིང་འཛིན་ཟེར། །དོན་ལ་གང་ཟག་བདག་མེད་རྟོགས་པར་འདོད། །ཅི་ཕྱིར་སེམས་དང་བདག་ཅེས་དོན་གཅིག་པས། །སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ་བར་རྟོགས། །བདག་དང་སེམས་ཞེས་བྱ་བའི་དངོས་པོ་ཞིག །

(༡༨༨)མེད་པར་ཐག་ཆོད་ཡིད་ཆེས་གདིང་རྙེད་ཅིང་། །སེམས་ཉིད་ལས་གཞན་ཆོས་སྐུ་མེད་པར་རྟེགས། །དེ་ཕྱིར་དོན་ལ་གང་ཟག་བདག་མེད་ཡིན། །གང་ཟག་བདག་མེད་སྟོང་ཉིད་ཕྱེད་པོ་སྟེ། །ནང་གི་སེམས་ཉིད་གཏན་ལ་ཕེབས་ན་ཡང་། །ཕྱི་ཡི་སྣང་བ་གཏན་ལ་མ་ཕེབས་པས། །སྟོང་དང་མི་སྟོང་འཛིན་པ་མ་ཞུགས་སོ། །དེ་ནས་སྣང་བ་གཏན་ལ་ཕབ་པ་ནི། །ས་རྡོ་རི་བྲག་སྐྱེས་པ་ཐམས་ཅད་དང་། །སྦྲ་ཁང་སྐྱེས་པ་བུད་མེད་དུད་འགྲོ་སོགས། །མིག་གིས་གང་མཐོང་དེ་ལ་རིག་པ་གཏད། །ངོ་བོ་བལྟས་པས་དབྱེར་མེད་གཅིག་ཏུ་འདྲེས། །ཕྱི་ཡི་གཟུགས་དང་ནང་གི་སེམས་ཉིད་གཉིས། །སོ་སོར་ཕྱེ་རྒྱུ་མེད་པའི་ཉམས་ཤིག་འཆར། །དེ་ལ་གོམས་ན་གཏད་ནས་བསྒོམ་མི་དགོས། །གང་མཐོང་ཤུགས་འབྱུང་དེ་ཡི་ངང་ལ་འགྲོ། །དེ་ནས་གླིང་བཞི་སྟོང་གསུམ་འཇིག་རྟེན་ཁམས། །ཡིད་ལ་བཀོད་ནས་བསྒོམ་པས་དབྱེར་མེད་འདྲེས། །དེ་བཞིན་སེམས་དང་ནམ་མཁའ་བསྲེས་བསྒོམས་

(༡༨༩)པས། །འདི་ཕན་ནམ་མཁའ་འདི་ཚུན་སེམས་ཉིད་ཅེས། །སོ་སོར་ཕྱེ་རྒྱུ་མེད་པར་དབྱེར་མེད་འདྲེས། །དེ་བཞིན་ནམ་མཁས་གར་ཁྱབ་སེམས་དང་བསྲེས། །ངོ་བོ་བལྟས་པས་དབྱེར་མེད་གཅིག་ཏུ་འདྲེས། །འདི་ཚུན་ནམ་མཁའ་སེམས་ཀྱིས་ཁྱབ་པ་ལ། །འདི་ཕན་མ་ཁྱབ་སྙམ་པའི་ས་མཚམས་མེད། །དེ་ནས་བསྲེ་ཞིང་བསྒོམ་སོགས་མི་དགོས་པར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རྣམ་པ་གསལ་ཡང་ངོ་བོ་སྟོང་པ་ཉིད། །རྣམ་པ་གསལ་བ་སྟོང་པས་མ་བསྒྲིབས་ཤིང་། །དངོས་པོའི་གཟུགས་དེ་སྟོང་པས་མ་བསྒྲིབས་པར། །འཇའ་ཚོན་ཆུ་ཟླ་མེ་ལོང་གཟུགས་བརྙན་བཞིན། །ཉམས་ལེན་ནམ་སྐྱོང་དུས་སུ་དེ་ལྟར་འཆར། །ཡེངས་པའི་སྐབས་སུ་ཐ་མལ་འཁྲུལ་པ་ཉིད། །ཡེངས་སྐབས་རིང་ཐུང་བརྩོན་འགྲུས་ཆེ་ཆུང་ལགས། །རྣམ་གཡེང་ཆེའམ་སྡུག་བསྔལ་སྐྲག་སྡངས་དུས། །ཡེངས་སྐབས་མི་འབྱུང་ཕལ་ཆེར་ཚུར་ལ་འཆར། །བདེ་སྐྱིད་སྡུག་བསྔལ་མེད་

(༡༩༠)དུས་ཡེངས་སྐབས་མང་། །འདི་སྐབས་ཡང་ཡང་དྲན་རྫིའི་གསལ་འདེབས་ལས། །གཞན་པའི་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །ཆོ་ག་ཆོས་སྤྱོད་དུས་མཆོད་ལ་སོགས་དང་། །རིམ་པར་བསྲེ་ཞིང་གཉིས་ཀ་མ་ཤོར་བྱ། །བླ་མའི་ཐུགས་དང་རང་གི་སེམས་ཉིད་གཉིས། །དབྱེར་མེད་གཅིག་ཏུ་བསྲེས་ནས་ངོ་བོ་ལྟ། །དབྱེར་མེད་འདྲེས་པའི་རྟོགས་པ་ནང་ནས་འཆར། །དཔེར་ན་རྒྱ་གར་ཆུ་དང་བོད་ཀྱི་ཆུ། །ལུང་པའི་དབང་གི་ཐ་དད་སོ་སོ་ཡང་། །ངོ་བོ་ཆུ་རུ་གཅིག་ལ་ཐ་དད་མེད། །དེ་བཞིན་བླ་མའི་ཐུགས་དང་རང་གིས་སེམས། །ངོ་བོ་སྟོང་ལ་རང་བཞིན་གསལ་བ་དང་། །རྣམ་པ་འགག་མེད་འཆར་ལ་ཁྱད་པར་མེད། །འདི་མན་རང་སེམས་འདི་ཡན་བླ་མའི་ཐུགས། །སོ་སོར་དབྱེ་རྒྱུ་མེད་པར་གཅིག་ཏུ་འདྲེས། །དེ་ཡང་གོ་བ་སྐམ་པོ་མ་ཡིན་པར། །རྟོགས་པ་གདིང་ནས་འཆར་བར་གྱུར་པ་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དེ་ལ་ཟེར། །དེ་བཞིན་ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི། །ཐུགས་དང་རང་སེམས་

(༡༩༡)བསྲེས་ལ་ངོ་བོ་བལྟ། །གོང་བཞིན་དབྱེར་མེད་འདྲེས་པའི་ངོ་བོ་འཆར། །དེ་བཞིན་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །འགྲོ་དྲུག་སེམས་ཅན་ཀུན་གྱི་སེམས་རྒྱུད་དང་། །རང་སེམས་བསྲེས་ནས་བལྟས་ཀྱང་ཁྱད་པར་མེད། །དོན་དམ་ཆོས་སྐུ་ཉག་གཅིག་རྗེན་པར་རྟོགས། །སེམས་ཉིད་ལས་གཞན་འཁོར་བ་མེད་པར་རྟོགས། །འཁོར་བ་དོང་ནས་སྤྲུགས་པའང་དེ་ལ་ཟེར། །རང་གི་ངོས་ནས་འཁོར་བ་དོང་སྤྲུགས་ཡིན། །མ་རྟོགས་འཁྲུལ་ངོར་འཁོར་བ་མཐའ་མེད་ཡིན། །རང་གི་ཉམས་ལེན་སྟེང་དུ་བཞག་པའི་ཚེ། །འཁོར་བ་མྱང་འདས་དབྱེར་མེད་སྟོང་པ་ཉིད། །མཐོ་དམན་བཟང་ངན་ཁྱད་པར་མེད་པར་རྟོགས། །འདི་ནི་ལྟ་བ་འཁོར་འདས་དབྱེར་མེད་ཡིན། །ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར། །རྒྱུ་འབྲས་ཕྲ་ཞིབ་འཇོམ་པ་གནད་དུ་ཆེ། །རྟོགས་པ་མཐོ་དུས་དེ་ལྟར་རྟོགས་པ་དང་། །ཡེངས་སྐབས་ཉོན་མོངས་ཧྲག་ཅིང་ཐ་མལ་པ། །དེ་ནི་ཉམས་ཀྱི་རོ་གཅིག་ཆུང་ངུ་སྟེ། །འདི་སྐབས་ཁྲོ་གཏུམ་ཆེ་དང་

(༡༩༢)ཉོན་མོངས་ཧྲག །འདོད་པ་ཆེ་སོགས་བསྒོམ་འཁྲེབ་སེང་བ་འདྲ། །སྒོམས་ཆེན་རྙིང་པས་ལྷམ་ཀྲད་མཐོང་སྡུད་དཔེ། །རོ་གཅིག་འདྲེས་པའི་རྦ་ལ་གཡེང་ཞེས་པ། །སྤྱོད་པ་རྩིང་ན་ངན་འགྲོར་ལྷུང་དོགས་གསུངས། །དེ་དུས་རྒྱུ་འབྲས་བླང་དོར་གཟབ་པ་གཅེས། །རྟེན་འབྲེལ་ལེགས་ཚོགས་བསྒྲིགས་ན་ཤུགས་ཀྱིས་འགྲིགས། །དེ་ནས་རྩུབ་སློང་ཉོན་མོངས་ཕལ་ཆེར་ཞི། །གཏམ་སོགས་ཀོ་ལོང་ཕྲག་དོག་རྣམས་ཀྱང་མེད། །བཀུར་སྟི་བསྟོད་བསྔགས་བྱུང་ཀྱང་དགའ་བ་ཆུང་། །ཉམས་ལེན་སྟེང་དུ་ནམ་གཞག་དེ་ཡི་ཚེ། །སྣོད་བཅུད་གསལ་སྟོང་ཆུ་ཟླ་ལྟ་བུ་ལས། །བསྲེ་སོགས་བཅས་བཅོས་མི་དགོས་ཤུགས་ཀྱིས་འཆར། །རྨི་ལམ་འོད་གསལ་ཟིན་གྲངས་ཉུང་དུ་སོང་། །ཉམས་དང་རྨི་ལམ་དག་སྣང་དཔག་མེད་འཆར། །སྒྲུབས་དང་མ་བསྒྲུབ་ཡི་དམ་ཞལ་མང་མཐོང་། །སྔོན་བྱོན་ད་ལྟར་བཞུགས་པའི་གྲུབ་ཆེན་ཚོགས། །མ་ངེས་དུམ་མ་མཇལ་ཞིང་བརྡའ་ཆོས་སྟོན། །དེ་འདྲ་བྱུང་ཀྱང་ཧ་ཅང་མཆོག་འཛིན་མེད། །

(༡༩༣)འོན་ཀྱང་ཡེངས་སྐབས་བརྗེད་སྐབས་མང་པའི་ཕྱིར། །ཡེངས་སྐབས་བྱུང་བར་འགྱོད་པས་བློ་མི་ཚིམ། །འདི་ནི་རོ་གཅིག་འབྲིང་ཙམ་ཡིན་ནམ་སྙམ། །བློ་མི་ཚིམ་པ་མཉམ་རྗེས་མ་འདྲེས་རྟགས། །དེ་ནས་བླ་མའི་བྱིན་རླབས་ཞུགས་པའམ། །ཡི་དམ་བསྙེན་སྒྲུབ་སོགས་ཀྱིས་རྐྱེན་བྱས་ཏེ། །གཞི་ལམ་འབྲས་བུ་བཞི་ཡི་ཕྱག་ཆེན་གྱི། །གོ་བ་སྐམ་པོ་དེ་ཡང་མ་ཡིན་ལ། །རིག་པས་བརྟག་ཅིང་དཔྱད་པའང་མ་ཡིན་པ། །མདོ་རྒྱུད་ཚིག་ལའང་གོ་བ་བརྒྱབ་པ་མིན། །གཞན་གྱིས་གསུངས་པའི་རྗེས་ཟློས་མ་ཡིན་པར། །ཡེང་སྐབས་བརྗེད་སྐབས་གཉིད་སྐབས་ཡོད་ན་ཡང་། །ཡེངས་དང་མ་ཡེངས་ཁྱད་པར་མེད་པར་རྟོགས། །བརྗེད་དང་མ་བརྗེད་ཁྱད་པར་མེད་པར་རྟོགས། །གཉིད་དང་མ་གཉིད་ཁྱད་པར་མེད་པར་རྟོགས། །རང་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ཀྱིས། །ཡེ་ནས་ཆོས་སྐུ་རྗེན་པ་ཡིན་པར་རྟོགས། །དོན་དམ་གཉུག་མ་རྒྱུན་ཆད་མེད་པར་རྟོགས། །དེ་ལྟར་རྟོགས་ཀྱང་ད་རུང་དྲན་པ་

(༡༩༤)ཡིས། །ཡང་ཡང་གསལ་འདེབས་བྱེད་པ་ཟབ་པར་གོ། །འཁོར་བ་རང་བཞིན་མེད་པར་རྟོགས་ན་ཡང་། །དག་པའི་ཞིང་དུ་སྨོན་ལམ་འདེབས་པ་ཟབ། །དོན་ལ་དགེ་སྡིག་མེད་པའི་དོན་རྟོགས་ཀྱང་། །དགེ་བ་བསྒྲུབ་ཅིང་སྡིག་པ་སྤང་བ་ཟབ། །ཉེས་ལྟུང་དྲི་མ་གདོད་ནས་མ་དམིགས་ཀྱང་། །ཉེས་ལྟུང་སྦྱང་ཤིང་བསོད་ནམས་བསགས་པ་ཟབ། །དེ་ལྟར་གོང་དུ་བཤད་པའི་རྟོགས་པ་དེ། །རེས་འགའ་ཤར་ཞིང་རྟག་ཏུ་མི་བརྟན་ན། །ཉམས་ཀྱི་རོ་གཅིག་ཙས་བྱའི་མིང་དུ་བཏགས། །འཕོ་འགྱུར་མེད་ཅིང་རྟོགས་པ་བརྟན་པ་ན། །ད་རུང་རྟོགས་པའི་རྩལ་ནི་མ་རྫོགས་ཤིང་། །རྟོགས་པའི་ཡོན་ཏན་དངོས་སུ་མ་ཤར་ཀྱང་། །རོ་གཅིག་ཞེས་བྱའི་མིང་ནི་ཐོག་གོ་སྙམ། །སྣང་སྲིད་ཐམས་ཅད་སྒྱུ་མར་མཐོང་བའི་ཕྱིར། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཞེས་ཀྱང་བྱ། །དེ་དག་རང་གི་ཉམས་དང་བསྟུན་བྱས་ཏེ། །གཞན་ལ་ཕན་ཕྱིར་བརྩོན་འགྲུས་ཁྱོད་ལ་བཤད། །འདི་ནི་བཤད་པའི་ཆོས་ནི་མ་ཡིན་ཏེ། །ཉམས་ལེན་སྒྲུབ་པའི་དམིགས་རིམ་ཡིན་

(༡༩༥)པའི་ཕྱིར། །རང་གི་ཉམས་མྱོང་མེད་པའི་མང་པོ་འགའ། །བྲིས་ཀྱང་ཤོག་བུ་འཛད་ལས་དགོས་པ་ཆུང་། །འོན་ཀྱང་ཆོས་ཀྱི་མགོ་རྐང་ཚང་པའི་ཕྱིར། །བཀའ་བརྒྱུད་གསུང་ལ་དབང་བཞག་ཟུར་ཙམ་སྨྲ། །དྲན་རྫི་བརྟེན་དགོས་བར་དུ་བསྒོམ་ཡོད་དེ། །དྲན་རྫི་བསྟེན་མི་དགོས་པར་དུས་རྒྱུན་དུ། །ངོ་བོ་འགྱུར་མེད་ངང་དུ་སོང་བ་ནི། །བསྒོམ་མེད་མིན་ཞེས་རླུང་སེམས་གཉིས་མེད་ཀྱི། །ཤོག་དྲིལ་མི་ལས་དྭགས་པོར་གནང་བ་ཡི། །ཡིག་རྙིང་ཁུང་བཙུན་ནང་དུ་གསལ་བར་སྣང་། །དེ་ལའང་ཆུང་འབྲིང་ཆེན་པོ་གསུམ་དུ་བཤད། །སྤང་བྱའི་དྲི་མ་ཐམས་དེས་བཅོམ་ཞིང་། །སེམས་ལ་གེགས་སྐྱོན་གང་གི་མི་ཚུགས་པས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡིན་པར་བཤད། །བསྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་ས། །ཡིན་པར་ཁྲིད་ཡིག་ཐམས་ཅད་དགོངས་པ་མཐུན། །དེ་དོན་བླ་མེད་རྒྱུད་སྡེ་ཐམས་ཅད་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་གསུངས་པ་དེ། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །ཤཱཀ་ཐུབ་

(༡༩༦)འདྲ་བ་འོང་བ་མ་ལགས་ཏེ། །སྐལ་ལྡན་ཚེ་གཅིག་བསྒྲུབས་པ་བྱས་པ་ན། །སྒོམ་མེད་ཆེན་པོ་ཚེ་འདིར་རྟོགས་འཕྱུར་པས། །དེ་ནི་ཚེ་གཅིག་སངས་རྒྱས་ཡིན་ལ་དགོངས། །དེ་ལྟར་ཉམས་ལེན་སྐྱོང་ཚུལ་དེ་དག་ནི། །རྫོགས་ཆེན་པ་ཡིས་ཁྲེགས་ཆོད་ཉམས་ལེན་ཟེར། །རྫོགས་ཆེན་སེམས་སྡེའི་ཉམས་ལེན་མཐར་ཐུག་ཡིན། །རྫོགས་ཆེན་ཀློང་སྡེ་མན་ངག་སྡེ་རྣམས་ནས། །དེ་ལ་བཀག་པ་མཛད་པའང་མང་ཡོད་དེ། །ཚིག་གི་བཤད་ཕྱོགས་རྩིང་ཞིབ་ཁྱད་ཙམ་ལས། །དོན་ལ་མི་འགལ་ཁྱད་པར་སྤུ་ཙམ་མེད། །དེ་དོན་གྲུབ་ཆེན་ཀརྨ་པཀྴི་ཡིས། །ཕྱག་རྒྱ་ཆེན་པོ་རྫོགས་པ་ཆེན་པོ་གཉིས། །ཚིག་ལ་ཁྱད་ཡོད་དོན་ལ་ཁྱད་མེད་གསུངས། །ཕྱག་རྫོགས་ཟུང་འཇུག་ཉམས་ལེན་སྐྱོང་བའི་ཚུལ། །སེང་གེ་དཀར་མོའི་ངར་སྐད་འདི་བསྒྲགས་པས། །སྐལ་མེད་ལོག་ལྟ་ཐེ་ཚོམ་གྱིས་སྐྲག་ཀྱང་། །སྐལ་ལྡན་སེང་ཕྲུག་དགའ་བས་ཉམས་སུ་ལེན། །རང་གི་ཉམས་ལ་གང་ཤར་སྨྲས་པ་ལ། །ཡིན་རུང་མིན་རུང་རྫུན་གྱི་ཚིག་མི་འདྲེས། །རྣལ་འབྱོར་ཉམས་

(༡༩༧)ལ་ཅི་ཡང་འཆར་བའི་ཕྱིར། །མཁས་གྲུབ་རྣམས་ཀྱིས་གཟིགས་ཀྱང་ཐུགས་མ་ཁྲེལ། །ཞེས་པ་རྟ་ལོ་རྒྱལ་ཟླའི་ཉེར་བཞི་ལ། །བྲི་མཚམས་ལུས་ནས་ཟླ་བ་འགའ་འདས་ཏེ། །ཁྲུམ་ཟླའི་ཉེར་གཉིས་ཉིན་པར་འཕྲོ་མཐུད་བྱས། །དགོངས་མོའི་ཐུན་ལ་རྫོགས་པར་སྨྲས་བ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་གུས་བཏུད་ནས། །ཕྱག་འཚལ་མཎྜལ་ཕུལ་ནས་མགྱོགས་པར་བྲིས། །དགེ་བས་སྒོམ་ཆེན་འགའ་ལ་ཕན་ཐོགས་ཤོག །ལེའུ་བཅུ་གསུམ་པའོ་མངྒ་ལཾ།། ཕ། །།རི་ཆོས་མཚམས་གྱི་ཞལ་གདམས་ལས། །སངས་རྒྱས་གྱི་སྨོན་ལམ་བདེན་ཚིག་གི་སྒོ་ནས་སྲུང་ཟློག་ཟབ་མོ་འཇིགས་པ་ཀུན་སྐྱོབ་བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཅེས་བྱ་བ་བཞུགས་སོ། །ན་མོ་ཨཱརྱ་ལོ་ཀི་ཤྭ་ར་ཡ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྒྲུབ་ལ་བརྩོན་པའི་བརྩོན་འགྲུས་རྒྱ་མཚོ་ཡིས། །རྩ་གསུམ་ལྷ་ཡི་སྒྲུབ་པ་གང་བྱེད་ཀྱང་། །རྒྱུན་

(༡༩༨)དུ་སྲུང་དང་ཟློག་པའི་དམིགས་པ་ནི། །ལྷ་ཚོགས་གང་ལ་བརྟེན་ན་ཟབ་ཅེས་ཞུས། །འཕྲལ་རྐྱེན་ངན་པའི་བར་ཆད་བཟློག་པ་ལ། །ཡེ་ཤེས་འཇིག་རྟེན་ལྷ་ཚོགས་ཐམས་ཅད་ཟབ། །ལས་ཀྱི་རྣམ་སྨིན་མ་གཏོགས་བཟློག་པར་གསུངས། །ལས་ཀྱི་རྣམ་སྨིན་དེ་ལ་རིགས་གསུམ་སྟེ། །ད་རེས་ཚེ་འདིར་ངེས་པར་སྨིན་དགོས་པ། །མཐོང་ཆོས་མྱོང་འགྱུར་དེ་ལ་བཟློག་ཐབས་མེད། །སྐྱེ་བ་ཕྱི་མར་སྨིན་དགོས་ལས་དེ་ནི། །སྐྱེ་གནས་མྱོང་འགྱུར་ལས་ཞེས་བྱ་བ་དང་། །ནམ་སྨིན་ངེས་མེད་ནམ་ཞིག་སྨིན་དགོས་པ། །ལན་གྲངས་གཞན་དུ་མྱོང་འགྱུར་ལས་ཡིན་ཏེ། །དེ་གཉིས་བར་ཆད་རྐྱེན་གྱིས་མཚམས་སྦྱར་ནས། །ཚེ་འདིར་ལུས་འདིའི་སྟེང་དུ་སྨིན་གྱུར་པ། །དེ་ནི་འཇིག་རྟེན་ལྷ་ཡིས་མི་བཟློག་ཏེ། །ཡེ་ཤེས་ལྷ་ཡིས་ཕྱིར་ལ་བཟློག་པའམ། །ཡང་ན་བསྲབས་ཤིང་བྱང་པར་ནུས་པའི་དོན། །ལས་ལ་དབང་བའི་སྟོབས་ནི་མངའ་ཕྱིར་ཡིན། །ཆོས་རྒྱལ་གྱིས་ཀྱང་ལས་ལ་བཅོས་མེད་དེ། །སྤྱན་རས་

(༡༩༩)གཟིགས་ཀྱིས་ལས་ལ་བཅོས་ཡོད་ཚུལ། །མཽའུ་གལ་མདོ་རྒྱས་པའི་ནང་ན་གསལ། །ཁྱད་པར་རྫོགས་པའི་སངས་རྒྱས་ས་ཐོབ་ཀྱང་། །སེམས་ཅན་ཕན་པའི་སྨོན་ལམ་རེ་རེའི་དོན། །བསྐལ་པ་བྱེ་བ་བརྒྱ་སྟོང་དཀའ་བ་སྤྱད། །བདེན་ཚིག་འགྲུབ་པའི་སངས་རྒྱས་དེ་རྣམས་ཀྱི། །བདེན་ཚིག་མཐུ་ཡི་སྲུང་ཟློག་འགྲན་ཟླ་མེད། །བདག་གི་རྒྱུན་གྱི་སྲུང་ཟློག་འདི་ཀ་ཡིན། །བུ་ཁྱོད་བློ་གཏད་སྲུང་ཟློག་འདི་ལ་མཛོད། །རང་ཉིད་ཡི་དམ་སྐུར་གསལ་ཐུགས་ཀ་ཡི། །ས་བོན་འོད་ཟེར་ཤར་གྱི་ཕྱོགས་སུ་འཕྲོས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྒྱལ་བ་རྒྱ་མཚོ་འམ་གང་རུང་དུ་བསྐྱེད་ཆོག །བཅམ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་ཀར་ཕོག །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་སུ་དྲན། །སྐུ་ལས་འོད་ཟེར་མཐིང་ཀ་དཔག་མེད་འཕྲོས། །བདག་དང་བསྲུང་བྱ་རྣམས་ལ་ཐིམ་པ་ཡིས། །འཇིགས་སྐྲག་གནོད་པ་ཐམས་ཅད་ཞི་བར་བསྒོམ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

(༢༠༠)བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། །བདེན་པ་དང་བདེན་པའི་ཚིག་གང་གིས་དམ་བཅས་བ་དག་ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང་། ཚིག་བརྗོད་པ་དེ་དག་གིས་ཕ་རོལ་ཏུ་སོན་པའི་བདེན་པ་དང་། །བདེན་པའི་ཚིག་དེས། །བདག་ཅག་དཔོན་སློབ་བསྲུང་བྱ་དམིགས་ཡུལ་རྣམས་ལ་འཇིགས་པ་དང་། །སྐྲག་པ་དང་། ཡམ་གྱི་ནད་དང་། གནོད་པ་འདི་དག་ནུབ་པར་གྱུར་ཅིག །ཨོཾ་ཨཀྵོ་བྷྱ་བི་གྷཱནྟ་ཀྲྀ་ཏ་ཧཱུཾ་ཕཊ། འཇིགས་པ་དང་གནོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་པ་གཅིག་གསུམ་བདུན་སོགས་གལ་དང་བསྟུན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །གནོད་པ་ཐམས་ཅད་དེ་མ་ཐག་ཏུ་ནི། །ཐམས་ཅད་ནུབ་ཅིང་མེད་པར་འགྱུར་བ་ནི། །མི་འཁྲུགས་པ་ཡི་མདོ་ལས་རྒྱ་ཆེར་གསུངས། །སྔགས་དང་དམིགས་པ་གཞན་ནས་ཁ་བསྐང་བྱས། །དེ་བཞིན་རང་གཞན་ནད་གྱིས་འཚེ་བ་ལ། །རང་གི་ཐུགས་ཡི་དམ་གང་རུང་བསྐྱེད་པའམ། །ལས་འོད་ཟེར་སྔར་ལྟར་འཕྲོས། །ཤར་

(༢༠༡)ཕྱོགས་བཻ་ཌཱུརྱ་སྣང་ཞིང་ཁམས་སུ། །བཅོམ་ལྡན་སྨན་བླ་བཞུགས་པའི་ཐུགས་ཀར་ཕོག །སྔོན་གྱི་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དྲ། །འོད་ཟེར་བཻ་ཌཱུརྱ་ཡི་མདོག་འདྲ་འཕྲོས། །བདག་དང་བསྲུང་བྱ་རྣམས་ཀྱི་ལུས་ལ་ཐིམ། །ནད་ཀུན་བ་མོར་ཉི་ཟེར་ཕོག་འདྲར་བསྒོམ། །སངས་རྒྱས་སྨན་གྱི་ལྷ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོས། །སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པའི་བདེན་པ་དང་། བདེན་པའི་ཚིག་དེས། བདག་དང་བསྲུང་བྱའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག །ཏཏྱ་ཐཱ། ཨོཾ་བྷི་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ནད་སརྦ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཅིག་གམ་གསུམ་མམ་བདུན་སོགས་སྐབས་དང་བསྟུན། །རྣམ་སྨིན་མ་གཏོགས་ནད་ཀུན་ཞི་བའི་ཚུལ། །སྨན་མདོ་རྒྱས་བསྡུས་གཉིས་ལས་རྒྱ་ཆེར་བཤད། །སྔགས་དང་དམིགས་པའི་མན་ངག་གཞན་ནས་བསྣན། །ཨི་ཐི། མེ་ཆུ་དུག་མཚོན་རྒྱལ་པོ་ཆོམ་

(༢༠༢)རྐུན་དང་། །མདོར་ན་འཇིགས་སྐྲག་གནོད་པ་གང་བྱུང་ཀྱང་། །རང་གི་ཐུགས་ཀའི་འོད་ཟེར་ལྷོ་ཕྱོགས་འཕྲོས། །རི་བོ་པོ་ཊ་ལ་ཡི་རྩེ་མོ་རུ། །འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཕོག །ཚད་མེད་ཐུགས་རྗེས་དགོངས་ནས་སྐྱབས་སྦྱིན་མཛད། །འོད་ཟེར་དཀར་པོ་ཉི་མ་ཤར་བཞིན་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཕོག་མ་ཐག །བ་མོར་ཉི་ཟེར་ཕོག་བཞིན་གནོད་པ་བསལ། །འཇིགས་པ་འཇིགས་པ་མེད་པ་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིག་དབང་ཕྱུག་གིས་བདག་དང་བསྲུང་བྱ་ཐམས་ཅད་འཇིགས་པ་དང་གནོད་པ་ཐམས་ཅད་ལས་སྐྱབས་ཏུ་གསོལ། ཨོཾ་པདྨ་ཚིནྡྷ་མ་ཎི་ཛྭ་ལ་ཧཱུཾ། །འཇིགས་པ་དང་གནོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། །གཅིག་བདུན་གསུམ་སོགས་གལ་དང་བསྟུན་ལ་བརྗོད། །སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྙིང་པོ་ཡིན།

(༢༠༣)ཐེ་ཚོམ་མེད་ན་འཇིགས་པ་ཀུན་སྐྱོབས་པར། །པདྨ་དཀར་པོའི་མདོ་ལས་རྒྱ་ཆེར་གསུངས། །སྔགས་ནི་ཡིད་བཞིན་འཁོར་ལོའི་རྒྱུད་དང་ནི། །སྒ་ལོ་ནས་བརྒྱུད་རྒྱ་གཞུང་མན་ངག་ཡིན། །གོང་འོག་མན་ངག་རིམ་པ་འདི་གསུམ་གྱི། །ཕན་ཡོན་རྒྱས་པར་སོ་སོའི་མདོ་སྡེར་གསལ། །བྱིན་རླབས་བདེན་སྟོབས་སྲུང་པ་ཨི་ཐི་རྒྱ། །འཇིག་རྟེན་གསུམ་པོ་འདི་ན་དབང་ཆེ་བས། །འཇིག་རྟེན་དབང་ཕྱུག་ཅེས་བྱར་ཡོང་གྲགས་པ། །དེ་ཡི་ཐུགས་རྗེ་སྟོབས་ཀྱིས་བཟློག་པ་ནི། །རང་ལ་གནོད་པ་གར་ཡོད་ཕྱོགས་དེ་འམ། །འགྲོན་པོ་སོང་ཕྱོགས་འཇིགས་པ་ཡོད་ཕྱོགས་དེར། །ཁ་གྱུས་རང་ཉིད་སྐད་ཅིག་དྲན་རྫོགས་སུ། །ཕྱག་སྟོང་སྤྱན་སྟོང་སྐུ་རུ་ལམ་གྱིས་བསྒོམ། །རྐང་པ་གཤིབས་ནས་ལང་ཏེ་ལག་པ་གཉིས། །འཕྲེད་དུ་བརྒྱད་ལ་ཐལ་མོ་གནམ་དུ་བཟེད། །དེ་ནས་ཚུར་བསྐུམ་སྙིང་གར་ཐལ་མོ་གཉིས། །རྒྱབ་སྤྲོད་གཡས་པའི་ཐོག་ཏུ་གཡོན་པ་བཅང་། །

(༢༠༤)རང་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། །འཇིགས་པ་དང་ནི་གནོད་པ་གང་ཡིན་དེ། །སྤྲིན་ནག་རླུང་གིས་གཏོར་བཞིན་བཟློག་པར་བསྒོམ། །ན་མོ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། ཏདྱ་ཐཱ། སརྦ་དུཥཾྚ་ཨོ་ཧ་ཡ་མེ་སྭཱ་ཧཱ། དེ་བྱས་དགེ་དང་བདུད་དག་བགེགས་ཀྱི་རིགས། །ཐམས་ཅད་བཟློག་ཅིང་ཐུལ་བར་འགྱུར་བ་ནི། །ཕྱག་སྟོང་སྤྱན་སྟོང་རྒྱུད་གཞུང་འགའ་ནས་གསལ། །ཐུགས་རྗེའི་སྟོབས་ཀྱིས་བཟློག་པ་བླ་ན་མེད། །ཁྱད་པར་ངན་སྔགས་བཟློག་པའི་ཤམ་བུ་ནི། །ཨོཾ་མ་ཎི་པདྨེ་ཧཱུཾ། ལོག་པ་ལོག་པ། ལོག་པ་ལོག་ཐུམ་ཐུམ་ཤག་ཤག་ཚལ་ཚལ་གནོད་བྱེད་བྱེད་མ་ཟུངས་ཤིག །ཅུང་ཟད་བཟླས་པས་ངན་སྔགས་བར་ལ་བཟློག །བཀའ་གདམས་གླེགས་བམ་ནས་གསུངས་གདམས་ངག་ཡིན། །དེ་ལྟར་ཐུགས་རྗེ་བྱིན་རླབས་བདེན་སྟོབས་ཀྱིས། །སྲུང་དང་ཟློག་པའི་མན་ངག་ཟབ་མོ་འདི། །བཀའ་ཡི་དོན་རྣམས་གདམས་ངག་ཉིད་དུ་ཤར། །རང་གི་ཉམས་སུ་བླངས་པའི་རྟོགས་ཆོས་ཡིན།

(༢༠༥)གསུང་རབ་རྒྱ་ཆེན་གོ་བའི་སྐྱེས་བུ་ཡིས། །དཔྱད་ན་འདི་ལས་ཟབ་པའི་གདམས་ངག་ནི། །འཇིག་རྟེན་གསུམ་ན་བཙལ་ཡང་རྙེད་མི་སྲིད། །དེ་སྐད་རྟ་ལོ་ཁྲུམས་ཟླའི་ཉེར་བརྒྱད་ཉིན། །དཔལ་ལྡན་བླ་མའི་དུས་མཆོད་ཚོགས་འཁོར་སྐབས། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་རྣམས། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ནོངས་པ་མེད་པས་བཤགས་བྱ་ཅང་མ་མཆིས། །དགེ་བས་འགྲོ་ཀུན་འཇིགས་པ་ཀུན་སྐྱོབ་ཤོག །ལེའུ་བཅུ་བཞི་པའོ་མངྒ་ལམ།། བ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ས་དཔྱད་རིན་ཆེན་ཀུན་འདུས་ཞེས་བྱ་བ་བཞུགས་སོ།། ༈ །།ན་མོ་ཨཱརྱ་མཉྫུ་ཤྲཱི་ཡེ། །ཀུན་རྫོབ་ས་ཡི་བདེན་འབྲས་ནི། །སྤྱིར་ནི་ཕྱི་ནང་སྣོད་བཅུད་ཀུན། །འབྱུང་བ་ལྔ་ཡི་རང་བཞིན་ཡིན། །ཁྱད་པར་ས་འདི་དབང་ཆེ་སྟེ། །གླིང་བཞི་དང་ནི་འཛམ་བུ་གླིང་། །རྒྱ་གར་རྒྱ་ནག་ཧོར་དང་བོད། །ས་ཡི་ཆགས་ཚུལ་ལ་བརྟེན་ནས། །སྐྱིད་སྡུག་དར་གུད་

(༢༠༦)ཕྱུག་དབུལ་སོགས། །སོ་སོར་བྱུང་བའི་ལོ་རྒྱུས་ནི། །ཕུར་པའི་ས་དཔྱད་གཞུང་དུ་གསལ། །དེ་ཕྱིར་ཁང་པ་ལ་སོགས་པ། །གསོན་པོའི་ས་འདི་གལ་ཆེ་འོ། །སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱབས་ནུས། །ཕ་མེས་བླ་ཡིས་སྲུང་ཞེས་བྱ། །དུར་ས་ངན་ན་བླ་དེ་གུད། །གསོན་པོ་རྣམས་ལ་སྐྱབས་ཚོལ་བས། །མི་ཁྱག་ན་ཚ་གོད་ཁ་འབྱུང་། །དེ་ཕྱིར་དུར་ས་གལ་ཆེ་སྟེ། །ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཀྱང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱི། །རྒྱ་ནག་གཙུག་ལག་རྒྱུད་ནས་གསུངས། །ས་ཡི་བདེན་འབྲས་བཤད་པའི་ལེའུ་སྟེ་དང་པོའོ།། ༈ །།འཕགས་པ་འཇམས་དབྱངས་རིགས་ལྔ་དང་། །ཀོང་རྩེ་ལ་སོགས་རྒྱལ་པོ་བཞི། །ཀོང་རྩེ་འཕྲུལ་གྱི་རྒྱལ་པོ། །ཡེ་ཤེས་

(༢༠༧)འཕྲུལ་གྱི་རྒྱལ་པོ། ཇེ་རྩེ་འཕྲུལ་གྱི་རྒྱལ་པོ། ཛི་ནམ་འཕྲུལ་གྱི་རྒྱལ་པོའོ། །མཁས་པ་མི་བཞི་ལ་སོགས་ཀྱིས། །དྲང་སྲོང་ནོར་བུ་རིན་ཆེན། །བྲམ་ཟེ་མུ་ཏིག །རྒྱ་ནག་ཟུར་ཕུད། །རྒྱ་གཡུ་ཞེས་སྟག་ཚང་། །མཛད་པའི་ས་གཞུང་བསམ་མི་ཁྱབ། །མདོ་སྡེ་སྤོམ་མགོ་ཞེས་བྱ་དང་། །ཁྲ་བོ་རི་རྩིས་ཞེས་བྱ་དང་། །གལ་པོ་ལ་བྱང་ཞེས་བྱ་དང་། །བྱ་རྒོད་ལ་དང་ཞེས་བྱ་དང་། །བྱང་བ་གསེར་གཞུང་ཞེས་བྱ་དང་། །ནག་པོ་སྟག་ཤམས་ཞེས་བྱ་དང་། །མོན་མོ་མཛུབ་ཚུགས་ཞེས་བྱ་དང་། །བྱེ་མ་ལག་ཁྲིད་ཅེས་བྱ་དང་། །ཆུང་ངུར་དོན་བདུན་མ་ལ་སོགས། །རྒྱ་ནག་ལུགས་ཀྱི་ས་དཔྱད་ཡིན། །རྒྱ་གར་ལུགས་ཀྱི་ས་དཔྱད་ལ། །མདོ་རྒྱུད་རྣམས་ནས་གསུངས་པ་ཡི། །སྒྲུབ་གནས་ས་དཔྱད་མང་དུ་ཡོད། །སློབ་དཔོན་པདྨས་མཛད་པ་ཡི། །ས་དཔྱད་གསེར་གྱི་ལྡེ་མིག་སོགས། །དེ་དག་ཕན་བྱའི་ས་དཔྱད་ཡིན། །ནམ་མཁའི་སྙིང་པོས་མཛད་པ་ཡི། །ནག་པོ་འབུམ་ནག་ཞེས་བྱ་དང་། །གདུག་པའི་ལྕེ་མདུད་དགུ་བསྐོར་སོགས། །གནོད་

(༢༠༨)པའི་ས་དཔྱད་མང་དུ་ཡོད། །ལབ་ཀྱི་སྒྲོན་མས་མཛད་པ་ཡི། །གཉན་མིག་ཁྲག་མིག་ས་དཔྱད་མང་། །སྒྲུབ་པ་བྱེད་པའི་ས་དཔྱད་ལ། །རི་ཆོས་ས་དཔྱད་མང་དུ་ཡོད། །ས་དཔྱད་ཀྱི་ལུང་ཁུངས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།ལུང་འདྲེན་བྱས་ན་མང་དྲག་པས། །ལག་ཏུ་བླང་བྱའི་ངག་ཁྲིད་ལ། །བྱང་གི་སྟོད་སྨད་ནུབ་བྱང་དང་། །ནུབ་ཀྱི་སྟོད་སྨད་རྒྱབ་བསྟན་ས། །ཤར་སྨད་ཤར་ལྷོ་ལྷོ་ཡི་སྟོད། །དེ་ལ་མདུན་གྱི་སྟོན་ས་བྱ། །རྒྱབ་རི་མཐེ་ཞིང་མདུན་རི་རྒུ། །གཡས་གཡོན་ཆུ་གཉིས་མདུན་དུ་འདུས། །མདུན་དུ་ཆུ་ཤིང་ན་བ་རྒྱས། །དེ་འདྲའི་ཕྱོགས་དེར་ས་ཚོལ་བྱ། །ས་ཡི་ཀ་བ་རྣམ་བཞི་ནི། །ཤར་ཕྱེས་ལྷོ་སྤུངས་ནུབ་འདན་པ། །བྱང་ནི་ཡོལ་བ་བྲེས་འདྲ་བཟང་། །ཤར་ལམ་ལྷོ་ལམ་གྲོགས་དང་གཡང་། །ནུབ་ལམ་བྱང་ལམ་བདུད་དང་དགྲ། །གཡས་གཡོན་ཤིང་གཅིག་ངན་པ་ཡིན། །འོག་གོ་ཤིང་གཅིག་རྟེན་ཕུར་ཡིན། །སྟེང་གི་ཤིང་གཅིག་ལྟག་པའི་འཛེར། །གནམ་ནི་ཟླུམ་ཞིང་འཁྱིལ་ན་བཟང་། །

(༢༠༩)གནམ་ཟུར་སྦོམ་ལ་འཁོར་ལོའི་རྩོབས། །ཕྲ་ན་བུད་མེད་འཆི་བའི་ས། །བྲག་ཟུར་རྣོན་པོ་གནམ་དུ་ཟུག །ལོ་མལ་གང་ཡིན་མི་དེ་འཆི། །ཤར་ལྷོའི་ནམ་མཁའ་མདའ་སྟོང་འདྲ། །ཡོན་ཏན་འགྲིམ་སྒོ་ཆེ་བའི་ས། །འབྱུང་བའི་སྒྲོན་ཆེན་བཞི་པོ་ནི། །གནམ་སྒྲོན་གཤིན་རྗེའི་མཆེ་བ་དང་། །བྲག་སྒྲོན་བུག་པ་སྐར་ཁུང་དང་། །ས་སྒྲོན་གད་པ་མདུང་རྩེ་དང་། །ཆུ་སྒྲོན་ཉི་མའི་སྲབ་མདའ་དང་། །ཤིང་སྒྲོན་རེ་བའི་གཡབ་མོ་དང་། །རླུང་སྒྲོན་གང་བུ་མདའ་སྟོང་དང་། །དེ་རྣམས་སྤྱི་ལ་ངན་པའི་སྒྲོན། །མདུན་དུ་ཆུ་ཤིང་ན་བ་རྫ། །ཕུན་སུམ་ཚོགས་ན་དངོས་གྲུབ་འབྱུང་། །མདུན་རི་གཡས་གཡོན་དབུས་དང་གསུམ། །ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་ས། །རྩེ་དང་བར་དང་སྨད་དང་གསུམ། །ཕ་ཁུ་དར་མ་བུ་ཆུང་ས། །རྒྱབ་རི་རྩེ་འཛིན་ས་མཁན་རང་། །ཡང་རི་དཔོན་དང་མི་རྒྱུད་ས། །ཤར་ལྷོ་བུ་མོ་མག་པའི་ས། །ལོ་སྐོར་བཅུ་གཉིས་ལོ་མལ་གྱི། །ས་ནི་དགྲ་དང་གྲོགས་གང་ཡོད། །རང་རང་ལོ་སྙིད་ཅན་གྱིས་ཐོབ། །རང་རང་ལོ་མལ་ས་

(༢༡༠)ཕྱོགས་ནས། །ལོ་སྐོར་སོ་སོའི་གཟུགས་འདྲ་བ། །བྱུང་ན་སོ་སོའི་ལོ་བར་བཟང་། །ཤར་གྱི་ལཾ་ནི་སྟག་སྐྱ་བོ། །གད་པས་ཆོད་ན་ས་མདའ་ཕོག །ལྷོ་ཆུ་གཡུ་འབྲུག་སྔོན་མོ་སྟེ། །ཆུ་ཆད་བྱུང་ན་དོར་དུ་ལྷུང་། །ནུབ་ཀྱི་ས་དམར་བྲག་དམར་ནི། །ནུབ་སྲུང་བྱ་ནི་དམར་མོ་སྟེ། །ལམ་གྱི་དཀྱིལ་གཏུབས་སྙི་ཡིས་ཟིན། །བྱང་གི་རྫ་ཤུར་ཕ་ཝང་བྲག །བྱང་སྲུང་རུས་སྦལ་རྒྱ་བོ་སྟེ། །ཆུ་འགོ་ལོང་རོ་ཚྭ་ཆུས་འགྲངས། །སྐྱོན་མེད་སྲུང་བཞི་ཚང་བ་ནི། །མཐའ་བརྟེན་མི་ནི་དྲག་པོ་ཚར། །སྐྱོན་བཞི་ཟིན་ན་མི་ངན་སྐྱེ། །ས་ཡི་སྲུང་བཞི་མ་ཚང་ན། །ཡུལ་འཁྱར་འཁྱམ་པ་སྤྲང་པོ་མང་། །འོག་ནི་ཧ་ཅང་གཟར་བ་ན། །ཅུང་ཞིག་ཆགས་ནི་དཀའ་བར་བཤད། །འོག་ཏུ་ཚ་ཁང་མ་ཎི་དང་། །སྐྱེ་ཤིང་གཙུགས་ན་ཕན་པ་ཡིན། །ས་ལ་ས་དགྲ་མེད་ན་ཡང་། །རང་གིས་ས་དགྲ་བཟོས་པ་ནི། །ཤར་དུ་མཆོད་རྟེན་ཚ་ཁང་དང་། །མ་ཎི་ཆེན་པོ་བརྩེགས་པ་ན། །གྲོང་པ་དེ་ནི་གུད་པར་འགྱུར། །ལྷོ་ན་མ་ཎི་ཚ་ཁང་དང་། །མཆོད་རྟེན་ལ་སོགས་བརྩེགས་པ་ན། །ཁ་ཡི་གྲོགས་དེ་

(༢༡༡)ལྕེ་ཡིས་ཕུད། ནུབ་དང་བྱང་དུ་ཚ་ཁང་དང་། །མ་ཎི་བརྩེགས་ན་ཤིན་ཏུ་ཕན། །གོང་དང་ཁང་པའི་གཉའ་ལྟག་ཏུ། །བརྩིགས་ན་གཉའ་ནོན་འོང་བས་ངན། །དེ་རྣམས་སྤྱི་ཡི་ས་དཔྱད་ཡིན། །སྤྱི་ཡི་ས་དཔྱད་ཀྱི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ནས་དུར་གྱི་ས་དཔྱད་ནི། །རུས་ཆེན་ཡོན་ཏན་ཆེ་བ་དང་། །སྦྲ་རྒན་ཡང་ཚ་མཐོང་བ་རྣམས། །གདན་ཁྲི་བང་རིམ་མང་པོ་དང་། །མཐོ་བའི་ས་ལ་བཞག་པར་བྱ། །ལོ་ཡི་མང་ཉུང་རུས་ཆེ་ཆུང་། །དེ་དང་མཐུན་པའི་མཐོ་དམན་བྱ། །རྒན་དུར་དམའ་བར་གྱུར་པ་དང་། །གཞོན་དུར་མཐོ་བར་གྱུར་བ་རྣམས། །ཤི་རེས་གཞོན་ལ་འབབས་པ་ཡིན། །གཞོན་དུར་གཉའ་ནོན་ཆེ་ཆུང་ནི། །ཤི་གྲངས་མང་ཉུང་དེ་དང་བསྟུན། །རི་ཡི་སྣ་དང་བྲག་གི་ཟུར། །སྣ་རུ་མི་རུང་ཅུང་ཞིག་གཟུར། །གྲི་དུར་ལུང་པའི་ཡངས་དོགས་ནི། །མདའ་འཕེན་ཙམ་ལས་ཡངས་མི་བཙལ། །དེ་ཡང་ཕ་རི་ཚུ་རི་གཉིས། །བྲག་ཟུར་ཐད་ཐད་རྒྱུ་གྲི་ཡིན། །དེ་ལ་ཤིན་ཏུ་འཛེམ་པར་བྱ། །རྒྱབ་

(༢༡༢)རི་ང་རྒྱལ་ཆེ་བ་དང་། །མདུན་རི་འཇམ་ན་བཟང་བ་ཡིན། །ལོ་སྐོར་བཅུ་གཉིས་ས་དཔྱད་ལ། །ཤར་ཕྱོགས་ནགས་ཚལ་ཤིང་གཅིག་ནི། །ཁྱི་འབྲུག་གླང་ལུག་ལོ་པའི་བདུད། །སྟག་ཡོས་ལོ་པའི་སྲོག་ལ་ཕན། །ལྷོ་ཕྱོགས་བྲག་དམར་ས་དམར་ནི། །རྟ་སྦྲུལ་ལོ་པའི་ཚེ་བསྲིང་སྟེ། །བྱ་སྤྲེལ་ལོ་པའི་སྲོག་གཅོད་བྱེད། །ནུབ་ཕྱོགས་བྲག་དཀར་རྫ་དཀར་ནི། །བྱ་སྤྲེལ་ལོ་པའི་སྲོག་སྲུང་སྟེ། །སྟག་ཡོས་ལོ་པའི་སྲོག་བདུད་བྱེད། །བྱང་གི་ཆུ་བོ་རྒྱུན་འབབ་ནི། །བྱི་ཕག་ལོ་པའི་ཚེ་བསྲིང་སྟེ། །རྟ་སྦྲུལ་ལོ་པའི་སྲོག་གཅོད་བྱེད། །མཚམས་བཞི་གང་ཡང་རུང་བ་ནི། །ལྷ་ཁང་མཆོད་རྟེན་ཚ་ཁང་དང་། །གྱང་རལ་ཐང་ཆུང་གྲུ་བཞི་ནི། །མཚམས་བཞི་ལོ་པའི་སྲོག་ལ་ཕན། །བྱི་ཕག་ལོ་པའི་ཚེ་ལ་གནོད། །དེ་དག་དགྲ་དང་འཕྲད་གྱུར་ན། །ལོ་གསུམ་མི་འགྱང་རྟགས་སྟོན་ནོ། །གལ་ཏེ་ཁང་པ་ལ་སོགས་ནི། །ས་དགྲ་དེ་དག་ལ་སོགས་པ། །མཚམས་བཞི་ས་ཡི་དགྲ་བྱུང་ན། །དེ་ཕྱོགས་ཁང་ཟུར་སྐྱེ་ཤིང་བཙུག །

(༢༡༣)ལྷོ་ཕྱོགས་བྲག་དམར་ས་དམར་རྩར། །ཆུ་སྣ་དགུ་བླུགས་བུམ་པ་སྦས། །ཤར་ཕྱོགས་ཤིང་གི་དགྲ་བྱུང་ན། །ཤིང་ལ་གྲི་ལྕགས་གཟེར་བུ་རྒྱེབ། །བྱང་ཕྱོགས་ཆུ་ཡི་དགྲ་བྱུང་ན། །རིན་ཆེན་གསུམ་གྱི་ས་བླངས་བླུགས། །ནུབ་ཕྱོགས་བྲག་དཀར་དགྲ་བྱུང་ན། །དར་ལྕོགས་དམར་པོ་བཙུགས་པའམ། །རྡོ་དམར་རྣམ་བཅུ་དབང་ལྡན་བཞག །དེ་ནི་ཁང་པའི་ས་བཅོས་ཏེ། །དུར་ས་བཅོས་པས་ཐུབ་པ་མིན། །དེ་ནས་ཆུང་ངུར་མན་ངག་ནི། །གཉའ་ནོན་ཆེ་ན་ཕ་འཆི་ལ། །ཆུང་ན་འཆི་རྒབ་མི་ཆོད་པས། །ཆེ་ཆུང་ཤི་བའི་གྲངས་དང་སྦྱར། །སྟེང་དུ་ལམ་གྱིས་ཆོད་པ་ནི། །གཞན་ལ་ལྟག་པའི་གཉའ་ཤིང་སྟེ། །ཆུང་ངུར་ལ་ནི་གཉའ་ནོན་ཡིན། །གཞན་ལ་གཡས་ཀྱི་ཤིང་གཅིག་དན། །ཆུང་ངུར་ལ་ནི་སྲུང་མདའ་བཟང་། །མདུན་དུ་ཐང་ཆུང་མ་པད་ཡིན། །མེད་ན་བྱིས་པ་མི་སོས་པས། །ཧ་ཅང་ཆེ་ན་མ་འཆིའོ། །མདུན་གྱི་ཐད་ནས་ཚུར་ལ་ནི། །ཆུ་བྲན་དྲག་ཏུ་འབབ་པ་དང་། །གཞུང་ཆུ་གཡུ་འབྲུག་མ་བུ་འདྲེས། །དེ་ལ་གཏད་

(༢༡༤)པས་སྲིད་འབྱུང་སྟེ། །རྦ་ཀློང་སྐྱ་འཚུབས་ཆུ་སྒྲ་ཆེ། །དེ་ལ་ངེས་པར་བུ་འབྱུང་སྟེ། །ཆུ་སྒྲ་རྦ་ཀློང་མེད་པ་ན། །དེ་ལ་བུ་མོ་འབྱུང་བར་འགྱུར། །གཉའ་ནོན་མ་པང་སྲུང་མདའ་དང་། །ཆུ་ཡི་མགྱོགས་སོ་དེ་ཙམ་ལས། །ས་དཔྱད་སྤྱི་རྣམས་དཔྱད་མི་དགོས། ༈ །དེ་ནས་གོད་གཅོད་ས་དཔྱད་ལ། །རི་བྲག་དམར་པོ་ནག་པོ་ནི། །བཙན་བདུད་གནས་པས་ཤ་ལ་དགའ། །དེ་འདྲར་མནན་ན་གོང་འབྱུང་ངོ་། །བྲག་ཆེན་མིན་པའི་བྲག་དཀར་དང་། །ཕ་བོང་དཀར་པོ་གཏན་གཟུགས་སོགས། །སྲོགས་ཆགས་འདྲ་བའི་ཞབས་སུ་མནན། །མདུན་གྱི་ཐང་དེར་དཔལ་ཁ་ནི། །ཆུ་དང་ན་བ་གལ་ཆེ་ཞིང་། །དུད་འགྲོ་གང་དང་གང་ཡིན་པའི། །སོ་སོའི་བླ་ཤིང་ནགས་ཚལ་བཟང་། །ཤུག་པ་འོམ་བུ་རྟ་ཡི་ཤིང་། །ཐང་ཤིང་ནོར་ཡིན་སུར་དཀར་ལུག །སྤེན་མ་བ་གླང་སྨྱ་ག་ར། །ཤིང་ནི་གླང་མ་མང་བ་ན། །དུད་འགྲོ་མོ་ཆགས་འཕེལ་བ་ཡིན། །སྟག་པ་མང་ན་ཕོ་རིགས་འཕེལ། །གཉའ་ནོན་དཔལ་ཁ་འཛོམ་པ་ན། །ཁ་ཡི་གྱུ་ཕྱོགས་ནོར་ཀྱང་རུང་། །

(༢༡༥)གཉའ་ནོན་ཅུང་ཟད་ཆེ་དགོས་ཀྱི། །ལྟས་ངན་གཡང་དུ་ལེན་པ་ཡི། །ས་དཔྱད་ཀྱང་ནི་དེ་དང་འདྲ། །དུར་སའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་ཁང་སའི་ཁྱད་པར་ནི། །བྱང་ཕྱོགས་ཤོ་དང་ནུབ་ཕྱོགས་ཡངས། །དགྲ་དང་ན་ཚ་རྒོད་པ་ཡིན། །དེ་ཕྱོགས་བརྒྱ་མཁར་ཚ་ཁང་བརྩེགས། །ཤར་ཕྱོགས་དོགས་ན་ཚེ་ཐུང་སྟེ། །ལུང་མདའ་ཤོ་ན་གྱ་གུད་འབྱུང་། །ཕྱག་རྒྱ་བསྣོལ་བ་འདྲ་ན་བཟང་། །ཁྱད་པར་དགོན་པའི་ས་ཆ་ལ། །འབྲུ་ཡི་ཕུང་པོ་སྤུངས་འདྲ་བཟང་། །གཉའ་ནས་འབོ་བ་འདྲ་བ་དང་། །འོག་ནས་སྐྱོར་བ་འདྲ་ན་བཟང་། །འོག་ཏུ་ཆུ་མིག་ཡོད་པ་ནི། །བུམ་པའི་ཞབས་རྡོལ་ཡིན་པས་ངན། །གཡས་གཡོན་ཆུ་མིག་ཡོད་པ་ནི། །ཕྱག་དཀར་གསེར་སྐྱེམས་ཡིན་པས་བཟང་། །སྟེང་གི་རྒྱབ་རིའི་ཆུ་འགོ་ནི། །སྡུག་གི་མཆི་མ་ཡིན་པས་ངན། །ཤར་ལྷོའི་བྲག་དམར་ས་དམར་ནི། །བཙན་གྱི་རྒྱུག་སྲང་རྟ་ལ་ངན། །དེ་ཕྱོགས་མཆོད་རྟེན་གཟུགས་བཞེངས་བཞག །ནུབ་ཏུ་ཤིང་གཅིག་ཁེར་སྐྱེས་ནི། །ལྷ་འདྲེའི་མདུན་

(༢༡༦)སྤུངས་ཡིན་པས་ངན། །དེ་ལ་གྲི་ལྕགས་གཟེར་བུ་རྒྱབ། །ནུབ་བྱང་མཚམས་ཀྱི་ཕུག་པ་ནི། །མ་མོའི་ཉལ་ས་ཡིན་པའི་ཕྱིར། །གྲོང་དེར་ནད་རིམས་རྒྱུན་མི་ཆད། །དེ་ནང་རྣམ་སྣང་སྐུ་བྲིས་བཞག །བྱང་དུ་མཚོ་ཆུང་ཡོད་པས་ན། །གྲོང་པ་དེ་ལ་རྐྱེན་ངན་མང་། །རི་ཆེན་གསུམ་གྱི་ས་བླངས་བླུགས། །ཉི་ཟླ་ཆུ་ཡིས་ཁྱེར་བ་དང་། །ཉི་ཟླའི་སྐྱ་ལམ་བརྟོད་པ་ནི། །ངན་ཏེ་བཅོས་ཐབས་མེད་པ་ཡིན། །རི་བོ་ཆེན་པོའི་རྩེ་དང་ནི། །ཐང་ཆེན་ཡངས་པའི་དཀྱིལ་དང་ནི། །རི་ཐང་གཉིས་ཀྱི་མཚམས་རྣམས་ནི། །ས་ཟད་ཡིན་པས་བཀྲ་མི་ཤིས། །ཁྱད་པར་སྒྲུབ་གནས་ས་དཔྱད་ནི། །ས་མདོག་དཀར་ཞིང་སུར་དཀར་སྐྱེ། །ནམ་མཁའ་ཟླུམ་ཞིང་ས་གཞི་འཇམ། །དེ་རུ་ཞི་བའི་ལས་རྣམས་འགྲུབ། །ནགས་ཚལ་མེ་ཏོག་གླིང་ཆེན་རྒྱས། །རི་བྲག་རྫ་རྣམས་ནོར་བུའི་དབྱིབས། །དེ་རུ་རྒྱས་པའི་ལས་རྣམས་འགྲུབ། །བྲག་མདོག་ས་མདོག་དམར་ཤས་ཆེ། །ཤུག་པ་འོམ་བུ་སེ་བ་སྐྱེ། །ཕུག་པ་ཐང་ཆུང་ཟླ་གམ་དབྱིབས། །ནུབ་ཀྱི་ཕྱོགས་ནས་ཆུ་ཆེན་འབབས། །དེ་རུ་དབང་གི་ལས་

(༢༡༧)རྣམས་འགྲུབ། །ལུང་གསུམ་མདོ་དང་ཆུ་གསུམ་འདུས། །ས་གཞི་གྲུ་གསུམ་ཚེར་མ་སྐྱེས། །བྲག་ནག་བྲག་དམར་ཁྲོས་པའི་གཟུགས། །དེ་རུ་དྲག་པོའི་ཕྲིན་ལས་འགྲུབ། །ཁང་ས་དུར་ས་སྒྲུབ་གནས་སོགས། །ཉེ་ལོགས་ཆུ་མགོ་གཉན་པོ་དང་། །ལྷ་འདྲེ་གདུག་པ་ཅན་གནས་ན། །ས་དཔྱད་བཟང་ཡང་ངན་དགུ་འབྱུང་། །དྲག་སྔགས་ལ་སོགས་བསྒྲུབ་པ་ན། །ས་གཞི་ཤིན་ཏུ་གཉན་པ་དང་། །གནས་བདག་གདུག་པ་ཆེ་ན་འགྲུབ། །དེ་གཉིས་བྱེ་བྲག་ཤེས་པར་གྱིས། །ཁྱད་པར་རི་ཁྲོད་ས་ཆ་ནི། །རྒྱབ་རི་སྒོམ་ཆེན་འདྲ་བ་དང་། །སྐྱིལ་ཀྲུང་བཅས་འདྲའི་པང་དུ་བཟང་། །གསས་མཁར་ལྷ་ཐོ་བརྩེགས་པའི་ས། །རི་ཡི་རྩེ་ལ་བརྩེགས་མི་བརྩེགས། །གཞི་བདག་ལེན་དང་མི་ལེན་ཡོད། །དེ་ཕྱིར་རྩེ་རུ་བརྩེགས་མི་བྱ། །རི་ཡི་རྩེ་ལྐོག་དཀྱིལ་ཙམ་གྱི། །ས་དགྲ་མེད་ཅིང་ས་དཔལ་བཟང་། །དེ་རུ་བརྩེགས་པ་ཉེས་འགལ་མེད། །མཎྜལ་མཆོད་འབུལ་ཚུལ་དུ་འོང་། །དེ་རྣམས་ཕྱི་ཡི་ས་

(༢༡༨)དཔྱད་ཡིན། །དེ་ནས་ནང་གི་ས་དཔྱད་ནི། །སྒོ་ནི་ཤར་དུ་བཙུག་པ་ཡི། །སྒོ་ཐེམས་ཤར་གྱི་སྟག་སྐྱ་བོ། །ཆུ་ར་ལྷོ་རུ་བཞག་པ་ཡི། །ལྷོ་ཡི་གཡུ་འབྲུག་སྔོན་མོ་ཡིན། །ཐབ་ཁ་ནུབ་བཅས་བྱ་དམར་མོ། །རང་ཐག་བྱང་བཙུག་རུས་སྦལ་ཡིན། །དཀྱིལ་ཀ་དབུས་ཀྱི་གསེར་སྦྲེལ་ཏེ། །ཁྱིམ་གྱི་སྲུང་བཞི་ཚང་བ་ཡིན། །ཁང་པ་རྩེགས་གཉིས་བྱེད་པ་ན། །གདུང་མ་སྦྲུལ་ནག་ལྟོ་སྦྱོར་སྤང་། །ཁང་པ་ཆུང་ངུ་འགེབས་ན་ཡང་། །ཀ་གཅིག་རླུང་གི་འཁོར་ལོ་སྤང་། །རྩིག་པའི་སྣ་དང་གདུང་མའི་སྣ། །གདུང་མའི་འོག་ཏུ་ཉལ་ས་སྤང་། །གཟུར་ཁ་ཕྱི་ལ་བསྟན་མི་བྱ། །ཁྱིམ་ཕུག་གསལ་ན་ནོར་མ་ཆགས། །ཁྱིམ་ཕུག་ཁུང་དུ་མུན་ནག་བྱ། །སྒོ་ཐེམས་རྒྱབ་ཀྱི་ས་མཐོ་ཞིང་། །ནང་དུ་འབོ་བ་འདྲ་ན་བཟང་། །སྒོ་ཐེམ་ནང་དུ་ཀན་ཐེམ་ནི། །ཐུར་དུ་ཆེ་ན་ཚེ་ལ་གནོད། །སྒོ་ཡི་གཡས་གཡོན་སྟེང་ལ་སོགས། །ཁྲོལ་མང་བཀལ་ནས་བཞག་པ་ན། །འདྲེ་ངན་ཕལ་ཆེར་ཁོག་པར་བཤད། །བྱ་ཁྱི་ལེགས་པོ་བཟོས་ནས་ཀྱང་། །གཞུ་

(༢༡༩)རྣམས་སྟེང་དུ་བཀྲམ་བཞག་ན། །དགྲ་ལྷ་གཉན་པོ་འཁོར་བ་ཡིན། །དེ་རྣམས་འཇིག་རྟེན་སྐྱེ་བོའི་ཁྱིམ། །དེ་ནས་རི་ཁྲོད་སྒྲུབ་ཁང་ས། །སྒོ་ཐོད་སྟོང་དུ་མཆིག་མི་བཙུག །ཤར་ལྷོ་མེ་ལྷར་ཐབ་ཁ་བཅའ། །ལྷོ་ནུབ་སྲིན་པོར་མགོན་ཁང་བྱ། །ནུབ་ཕྱོགས་ཀླུ་ནི་གནས་པའི་སར། །རྟ་ཕྱུགས་དུད་འགྲོ་བཏགས་ས་བྱ། །ནུབ་བྱང་རླུང་ལྷ་གནས་པའི་སར། །རླུང་འཁོར་བསྐོར་དང་གོས་གདང་བྲེ། །བྱང་ཕྱོགས་གནོད་སྦྱིན་གནས་པའི་སར། །མཛོད་བྱ་ཇ་མར་ནས་སོགས་བཞག །བྱང་ཤར་དབང་ལྡན་གནས་པའི་སར། །གཟིམས་མལ་གྲ་ཁྲི་བཅའ་བར་བྱ། །ལུང་མདའི་ཕྱོགས་སུ་སྔས་མི་བྱ། །དེ་ཕྱོགས་བླ་མ་བཞུགས་པའམ། །མདུན་དུ་རྟེན་གསུམ་གནས་ན་རུང་། །ལྷམ་དང་གཞོང་པ་སྔས་མི་བྱ། །མལ་སྐེད་གདུང་མས་བཅད་མི་བྱ། །སྤྱིར་ནི་རི་ཁྲོད་ཁང་པའི་ཚད། །གྲུ་བཞི་འདོམ་སྐོར་ཞེས་བྱ་སྟེ། །ལོགས་སུ་བདེ་བར་གཤེགས་པའི་མཐོ། །བཅུ་གཉིས་ཡིན་ཏེ་འདོམ་ཕྱེད་དོ། །ལོགས་གཉིས་བདུན་

(༢༢༠)རེ་བྱ་བ་སྟེ། །སངས་རྒྱས་ཀྱི་ནི་མཐོ་རེ་ལ། །ཚད་མའི་མི་ཡི་ཁྲུ་ཕྱེད་དོ། །སྤོང་བའི་ཁང་པ་ཞེས་བྱའོ། །ཁང་པ་དེ་ཡི་གར་སྐྱིད་དུ། །དང་པོ་མཆོད་བཤམ་བྱས་ནས་ཀྱང་། །ཐུབ་པའི་སྐུ་བཤམས་རྟེན་འབྲེལ་བྱ། །ཁང་པའི་ལེའུ་སྟེ་ལྔ་བའོ།། ༈ །།དེ་ནས་གཅོད་ཀྱི་ས་དཔྱད་ལ། །བྲག་དཀར་རྫ་རི་དཀར་པོ་ལ། །གཙང་མའི་ལྷ་རིགས་དཀར་ཕྱོགས་གནས། །བྲག་རི་སྐུ་གཟུགས་མཆོད་རྟེན་དབྱིབས། །དབང་ཕྱུག་ལིང་གའི་གཟུགས་འདུག་ན། །དེ་རུ་གནས་རི་ཡོད་པའི་རྟགས། །ཡེ་ཤེས་དཔའ་བོ་མཁའ་འགྲོ་གནས། །གཉན་ཐོག་གཅོད་པར་མི་རུང་ངོ་། །ནགས་རི་ས་སུལ་མང་པོ་འབྲེལ། །ཡང་ན་རི་སྐམ་ཆུ་མེད་པ། །གཉན་ཐོག་གཅད་ཀྱང་མི་ཆོད་པ། །རི་སྣ་ཆུ་སྣ་ལུང་པའི་སྣ། །མང་པོ་འདུས་པའི་ས་མདོ་རུ། །གཉན་ཐོག་བཅད་ཀྱང་ཆོད་དཀའ་སྟེ། །གནས་བདག་སྣ་འདུས་མང་བའི་ཕྱིར། །རེ་རེ་ཆོད་ཀྱང་ཀུན་མི་ཆོད། །བྲག་དམར་བཙན་ལ་བྲག་ནག་བདུད། །གཡའ་རི་ན་མཚོ་ཆུ་མིག་ཀླུ། །སྤང་རི་ཕལ་ཆེར་གཉན་

(༢༢༡)གྱི་རིགས། །བྲག་རི་རྐྱ་བོ་ཐེའུ་རང་ཡིན། །བྲག་དང་རི་རྣམས་མཚུངས་པ་སྟེ། །དགྱེས་པ་རྒྱབ་ལ་རྒུས་པ་མདུན། །ཕོ་རི་རྩེ་སྦོམ་མོ་རི་ཕྲ། །རི་ནི་ལུས་ལ་མཚོ་ནི་སྙིང་། །ཆུ་མིག་སྲོག་རྩ་ཤིང་ནི་སྐྲ། །གླང་པོའི་སྤྱི་གཙུག་མི་ཡི་སྙིང་། །རྟ་དང་དུད་འགྲོའི་སྒལ་པའི་ཐོག །ཕར་ལ་ནོན་ཞིང་ས་དཔལ་བཟང་། །དེ་རུ་གཅོད་པའི་འདུག་ས་བྱ། །དེ་ལ་གཉན་མིག་ཞེས་བྱའོ། །ཕག་འདྲའི་སྣ་དང་སྦྲུལ་འདྲའི་ལྕེ། །གཅན་གཟན་འདྲ་བའི་མཆེ་སྡེར་དང་། །རྭ་ཅན་འདྲ་བའི་རྭ་ཡི་རྩེ། །གླང་ཆེན་འདྲ་བའི་སྣ་ལྗགས་རྩེ། །རི་ཡི་སྣ་དང་བྲག་གི་ཟུར། །དེ་ལ་ཁྲམ་མིག་ཞེས་བྱ་སྟེ། །ནད་པ་གདོན་ཆེན་མཐའ་གཏད་ས། །ནད་མེད་བསྡད་ན་ནད་འབྱུང་ས། །སྒར་དང་རུ་བ་ལ་སོགས་པ། །ས་དགྲ་མེད་ཅིང་ས་དཔལ་བཟང་། །དེ་འདྲར་བསྡད་ན་འཕྲལ་དུ་བདེ། །སྦྲ་གུར་ཅོག་བུའི་སྒོ་ཕྱོགས་ཀྱང་། །ཆུ་དཔལ་ལམ་དཔལ་བཟང་པོར་གཏད། །གལ་ཏེ་ས་དགྲ་འདུག་པ་ན། །དེ་ཕྱོགས་དཔེ་ཆ་རྟེན་གསུམ་བཞག །གཅོད་ཀྱི་ས་དཔྱད་ལེའུ་སྟེ་དྲུག་པའོ།། ༈ །།

(༢༢༢)ས་དཔྱད་ལེའུ་དྲུག་པ་འདི། །རྒྱ་གར་ལུགས་དང་རྒྱ་ནག་ལུགས། །གཞུང་མང་འོ་མའི་རྒྱ་མཚོ་ལས། །བཅུད་བསྡུས་མར་གྱི་སྙིང་པོ་ཡིན། །བླ་མ་བརྩོན་འགྲུས་རྒྱ་མཚོ་པས། །བསྐུལ་ཕྱིར་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་སྨིན་དྲུག་ཟླ་བ་ཡི། །དགོངས་མོ་ཐུན་མཚམས་རེ་རེ་ལ། །གང་དྲན་འཕྲལ་དུ་སྨོས་པ་རྣམས། །ཀརྨ་བཱིརྻ་ཉིད་ཀྱིས་བྲིས། །བཅོ་ལྔའི་ནུབ་པར་རྫོགས་པ་སྟེ། །འདི་ལ་འགལ་འཁྲུལ་ཆ་མཆིས་ན། །མཁྱེན་པའི་སྤྱན་ལྡན་རྣམས་ལ་བཤགས། །འདི་བྲིས་དགེ་བ་གང་མཆིས་དྲེས། །འདི་ལ་འབྲེལ་པ་གང་ཐོག་པའི། །ཡོན་ཏན་མཁན་རྣམས་ཞལ་གྲོ་ཞིང་། །སྦྱིན་བདག་བཀྲ་ཤིས་བདེ་ལེགས་ཤོག །ལེའུ་བཅོ་ལྔ་པའོ་མངྒ་ལཾ།། །མ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །མཚམས་ཀྱི་ཞལ་གདམས་ཐར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་རྣམ་ཐར་རི་ཁྲོད་འགྲིམས་ལུགས་ནི། །ཡིད་ལ་ཤར་ཀྱང་ཉམས་སུ་མ་ལོན་ཕྱིར། །

(༢༢༣)ཅི་བཞིན་སྨྲ་བར་ཤེས་ཀྱང་སྨྲ་མི་སྤོབས། །རང་གི་ལག་བླངས་ཉམས་སུ་ལོན་ཚོད་ཙམ། །རང་འདྲའི་སྐལ་དམན་གཞན་ལ་ཕན་སྲིད་པས། །འཕྲལ་དུ་ཡིད་ལ་གང་ཤར་བཀོད་པ་ནི། །ཞེན་ལོག་སྒོམ་གྱི་རྐང་པ་ཡིན་པའི་ཕྱིར། །འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ནི། །བྲམ་ཟེའི་མདུན་དུ་བཤད་པ་བཞག་པ་བཞིན། །ཞེན་པ་གཏིང་ནས་ལོག་པ་གལ་ཆེ་གསུངས། །འཕྲལ་དུ་ཟས་གོས་གནས་མལ་གལ་ཆེ་ཡང་། །ཞག་གཅིག་སྡོད་པའི་མགྲོན་པོའི་བསམ་པ་བཞིན། །ཡུན་རིང་མི་ཐོག་འཆི་བ་ཡིད་ལ་བཅང་། །ཤི་ནས་ལྷ་དང་མི་རུ་སྐྱེས་ན་ཡང་། །བདེ་སྐྱེད་མི་རྟག་འགྱུར་བའི་སྡུག་བསྔལ་བསམ། །བླ་མེད་བྱང་ཆུབ་འབྲས་བུ་མ་གཏོགས་པ། །འཁོར་བའི་བདེ་སྐྱིད་གང་ལའང་ཡིད་མི་སྨོན། །དེ་ནི་འཁོར་བར་ཞེན་པ་ལྡོག་ལུགས་ཡིན། །དཔེར་ན་སྔོན་གྱི་བཀའ་གདམས་པ་ཀུན་གྱིས། །དེ་དགོངས་འཆི་བར་དོགས་ནས་མེ་མི་གསོ། །དེ་དོན་ཆོས་ལ་བརྩོན་འགྲུས་བསྐུལ་ཕྱིར་ཡིན། །ནམ་ཡང་མི་རྟག་མྱུར་དུ་འཆི་ན་ཡང་། །ལོ་

(༢༢༤)འགའ་བྱང་ཆུབ་སྒྲུབ་ལོང་ཡོད་ཕྱིར་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་ཕྱིར་དུ། །ཚེ་སྒྲུབ་བྱས་པས་བྱ་བཏང་མིན་མི་འགྱུར། །དཔེར་ན་དྭགས་པོས་སྒྲོལ་དཀར་བསྒྲུབས་པ་བཞིན། །དེ་ནས་ཕ་ཡུལ་ཞེན་པའི་འཁོར་ཤིང་སྟེ། །གཉེན་ལ་གདུང་སེམས་དགྲ་ལ་སྡང་སེམས་འཕེལ། །དེ་ཕྱིར་ཕག་གྲུ་རས་ཆེན་ལ་སོགས་པ། །ཕ་ཡུལ་སྤངས་ནས་ཕྱོགས་དེར་མ་ཕེབས་སྐད། །འོན་ཀྱང་ཕ་ཡུལ་སྤངས་པའི་མི་ཡུལ་དུ། །ཆགས་སྡང་འཕེལ་ན་ཕ་ཡུལ་དེ་རང་ཡིན། །ཕ་ཡུལ་ཡིན་ཡང་ཆགས་སྡང་ཆེར་མེད་ན། །མ་སྤང་ན་ཡང་བྱ་བཏང་མིན་མི་འགྱུར། །དཔེར་ན་མར་དགས་ས་སྐྱ་འབྲི་སྟག་རྣམས། །ས་མིང་བླ་མའི་མཚན་ལ་བོགས་དང་འདྲ། །ཕ་ཡུལ་མི་ཡུལ་གང་ན་འདུག་ཀྱང་འདྲ། །སུ་ལའང་མཛའ་ཆེས་མཁོན་ཆེས་སྤང་བར་བྱ། །གཉེན་དང་ཉེ་དུ་འཁོར་བའི་བཤལ་ཐག་སྟེ། །ཅི་ཡོད་བྱིན་ཀྱང་མི་མགུ་རེ་ཁང་མང་། །ལེགས་པར་དཔྱད་ན་འགྲོ་དྲུག་ཕ་མ་ཡིན། །དེ་ཕྱིར་ཉེ་དུར་ཧ་ཅང་གདུང་སེམས་སྤང་། །ཉེ་དུར་འཁོན་པའང་བྱ་བཏང་

(༢༢༥)མ་ཡིན་ཏེ། །ཆོས་ལ་ཚུད་ན་ཉེ་དུ་ཐབས་ཀྱིས་བསྐོར། །དེས་ནི་བསྟན་དང་ཉེ་དུ་གཉིས་ཀར་ཕན། །དཔེར་ན་འབྲི་སྟག་ས་སྐྱའི་གདུང་རིགས་བཞིན། །རང་དྲིན་ཡོད་ཚེ་བུ་ཚ་དྲིན་དུ་ཆུག །སུ་ལ་སུ་དགོས་མི་ཤེས་བོད་འབངས་རྣམས། །དེ་སྐད་གུ་རུ་པདྨའི་ཞལ་ཆེམ་གསུངས། །ནོར་རྫས་དགྲ་བོའི་གཡབ་མོ་སྡུག་བསྔལ་རྒྱུ། །མེད་ན་ཐབས་ཆག་ཡོད་ན་དགྲ་འདྲེའི་གཡབ། །ཅི་ཙམ་ཡོད་ཀྱང་མི་ངོམ་ད་རུང་འདོད། །དེ་ཕྱིར་ཟས་ནོར་སེམས་ཀྱི་ཆགས་ཞེན་སྤང་། །དབུལ་ཞིང་ཕོངས་ཡང་སྡིག་པས་ནོར་མི་སྒྲུབ། །བཀྲེས་ནས་ཤི་ཡང་མ་བྱིན་ལེན་པ་སྤང་། །དཔེར་ན་མི་ལས་ཟཱ་ལ་དཀའ་ཐུབ་བཞིན། །ཆུ་དང་རྡེའུ་ས་སོགས་བཅུད་ལེན་བྱ། །དེ་ནི་འདོད་པའི་མཐའ་ནི་སྤང་བ་སྟེ། །ཟས་ཀྱི་ཕྱིར་དུ་མི་དགེ་སྤང་བ་ཡིན། །ཤུགས་ཀྱིས་བྱུང་ན་སྤངས་ཡང་མི་དགོས་ཏེ། །ཟས་ཀྱི་རྣལ་འབྱོར་ལྡན་པས་གང་བྱུང་སྤྱོད། །ཆང་དང་བསྔོས་ཤ་གཉིས་ནི་དུག་ལྟར་སྤང་། །དགེ་སློང་དགེ་ཚུལ་ཞུས་ནས་དགོངས་

(༢༢༦)བཅད་བྱ། །རྒྱུན་དུ་གདན་གཅིག་ཐུབ་ན་མཆོག་ཡིན་ནོ། །ཟས་ཞིམ་འདོད་ཕྱིར་སྡིག་པས་བསྒྲུབ་པ་དང་། །ཅི་འདོད་ཡོད་ཀྱང་མི་ཟ་དཀའ་ཐུབ་གཉིས། །གཉིས་ཀ་གོལ་ས་ཡིན་པར་ཐུབ་པས་གསུངས། །དེ་ཡང་ཧ་ཅང་འགྲང་ཆེས་ལྟོགས་ཆེས་སྤངས། །འགྲང་ལྟོགས་རན་པར་བྱ་བར་མི་ལས་གསུངས། །ཟས་ཀྱི་མཚན་ནས་ཉེར་མཁོ་གོས་ཡིན་ཏེ། །གོས་ཀྱི་ཕྱིར་དུ་མི་དགེ་མི་བསོག་ཅིང་། །ངན་ངོན་ལྷག་སྐྱོབ་ཙམ་གྱིས་ཆོག་པར་འཛིན། །དེ་ཕྱིར་སྟོན་པ་རབ་ཏུ་བྱུང་བའི་དུས། །གསེར་སྲང་བརྒྱ་ཕྲག་རི་བའི་གོས་སྤངས་ནས། །ཕྱག་དར་ཁྲོད་པའི་གོས་ནི་བསྣམས་པ་ཡིན། །ཤུགས་ཀྱིས་རྙེད་ན་ཆེད་དུ་མི་སྤངས་ཏེ། །གསེར་སྲང་བརྒྱ་ཕྲག་རི་བའི་གོས་རྙེད་ཀྱང་། །དགེ་སློང་རྣམས་ལ་གྱོན་པར་གནང་བ་ཡིན། །དེ་ཡང་དམར་དང་སེར་དང་ངུར་སྨྲིག་ལས། །རྒྱ་ཁ་སྔོ་ལྗང་དཀར་པོ་ལ་སོགས་སྤང་། །ཅི་ལྟར་སྙིང་ནས་བྱ་བཏང་ཡིན་གྱུར་ཀྱང་། །ཆོས་གོས་རྣམ་གསུམ་ལྷུང་བཟེད་སྤངས་མི་རུང་། །ཆོས་གོས་སྣམ་

(༢༢༧)སྦྱར་ཆགས་ཚད་མ་ལྡན་སྤང་། །འཁར་གསིལ་ཆུ་ཚགས་གདིང་བ་རྙེད་ཀྱང་བཅད། །དེ་རྣམས་རྙེད་ཀྱང་མི་བཅང་རྒེབ་བེ་སོགས། །འདུལ་ཁྲིམས་འགལ་བའི་ཆ་ལུགས་བྱེད་པ་ནི། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་མདོ་དང་། །ཡུལ་འཁོར་སྐྱོང་གི་མདོ་ལས་ལུང་བསྟན་བཞིན། །དཀོན་མཆོག་འབངས་སོགས་ཡབ་སྲས་རྣམས་ཀྱིས་བཀག །ཟས་གོས་འཛོམ་ནས་སྤང་དཀའ་གཏམ་ཡིན་ཏེ། །བསྟོད་པ་ཐོས་ན་ང་རྒྱལ་སེམས་འཕང་མཐོ། །ང་རྒྱལ་དེ་ནི་ཐར་པའི་བར་ཆད་ཡིན། །བསྟོད་འོས་མེད་པར་བསྟོད་ན་བསོད་ནམས་མཛད། །ཤི་བའི་ཚེ་ན་སྙན་གྲགས་རྗེས་མི་འགྲང་། །དེ་ཕྱིར་བསྟོད་པ་བྱུང་ཀྱང་དགའ་བ་སྤང་། །ངན་སྨྲས་བྱེད་པ་ཐོས་ན་ཁོང་ཁྲོ་སྐྱེས། །དེ་དུས་ངོ་བོ་བལྟས་ན་བོགས་སུ་ཐོན། །མ་ཉེས་ངན་སྨྲས་བྱུང་ན་སྒྲིབ་པ་འཛད། །དེ་ཕྱིར་ངན་སྨྲ་བྱུང་ཀྱང་དགའ་བ་བསྒོམ། །ངག་འདོན་མི་བྱ་ལྟ་བའི་ཀློང་དུ་བསྒྱུར། །གལ་ཏེ་བསྟན་པའམ་རང་གི་ཆོས་རྒྱུད་ལ། །གནོད་པའི་སྐུར་འདེབས་ཡིན་

(༢༢༨)ན་དགག་བྱ་གསུངས། །དེ་ནས་རི་ཁྲོད་འགྲིམ་པའི་གནས་བཤད་པ། །དང་པོ་དཔའ་བོ་མཁའ་འགྲོས་བྱིན་བརླབས་ཤིང་། །བར་དུ་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས། །རིམ་པར་གྲུབ་ཆེན་རྣམས་ཀྱིས་ངོས་བཟུང་བའི། །ཙཱ་རིའི་གནས་ལག་གནས་ཕྲན་དུ་གཏོགས་པའི། །གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་རྩ་གཉིས། །དེ་དག་རྣམས་སུ་ཞག་གཅིག་བསྒྲུབ་པ་དེ། །གཞན་དུ་ལོ་གཅིག་བསྒྲུབས་ལས་ལྷག་པ་ནི། །ལུང་བསྟན་བཀའ་རྒྱ་མ་ལས་གསུངས་པའི་ཕྱིར། །དེ་འདྲར་སྒྲུབ་གནས་བྱས་ན་མཆོག་ཏུ་བསྔགས། །དེ་ལྟ་མིན་ཀྱང་བཀའ་བརྒྱུད་གོང་མ་ཡིས། །བསྒྲུབས་གནས་སམ་ནི་ཞབས་ཀྱིས་བཅགས་པའི་གནས། །དེ་འདྲར་བསྒྲུབ་དགོས་སྒྲུབ་ཐབས་ཀུན་ནས་གསུངས། །དེ་ཡང་གནས་ཉམས་གནས་འཁྲེབ་སྤང་བྱ་སྟེ། །དང་པོ་གནས་དེ་བྱིན་རླབས་ལྡན་གྱུར་ཀྱང་། །དམ་ཉམས་སྡོམ་ཉམས་མང་པོས་སྤྱོད་ངན་གྱིས། །གནས་ལ་གྲིབ་ཕོག་ཉམས་ལེན་འཕེལ་སྐྱེད་མེད། །རྟོགས་པ་མཆོག་ཐོབ་ནུས་

(༢༢༩)པར་ལྡན་ཡིན་ན། །ཚོགས་འཁོར་སྦྱིན་སྲེག་རབ་གནས་བྱས་པ་ཡིས། །གནས་ཉམས་སོར་ཆུད་ཉམས་རྟོགས་འཕེལ་མོད་ཀྱི། །གསེར་བུ་ཉམས་རྟོགས་དམའ་བ་འདུག་མི་བྱ། །གནས་འཁྲེབས་ལ་ཡང་རྣམ་གཉིས་ཡིན་ཏེ། །གནས་སྒོ་མ་ཕྱེད་ཕྱེ་དུས་རྟེན་འབྲེལ་འཆུག །གནས་བདག་དཔའ་བོ་མཁའ་འགྲོ་ཤིན་ཏུ་རྩུབ། །ཏིང་འཛིན་དྲོད་ཉུལ་ཆོ་འཕྲུལ་ཅི་ཡང་སྟོན། །རྟོགས་པ་མཐོ་ན་བོགས་ཐོན་དངོས་གྲུབ་ཐོབ། །དཔེར་ན་མི་ལ་ལིང་བའི་བྲག་བཞུགས་བཞིན། །རྟོགས་པ་དམའ་ན་བར་ཆད་སྲོག་དང་བྲལ། །དཔེར་ན་སྤུ་བོའི་རྨ་ཡི་རྐུང་ལུང་བཞིན། །གནས་དང་དགོན་སྡེ་རི་ཁྲོད་ལ་སོགས་པ། །དང་པོ་བཀྲ་ཤིས་བྱིན་རླབས་ལྡན་གྱུར་ཀྱང་། །བར་སྐབས་སྤྱོད་པ་ངན་པས་དམ་སྲི་ཞུགས། །སུ་བསྡད་བཀྲ་མི་ཤིས་ཤིང་བར་ཆད་རྒོད། །ནུས་པ་ལྡན་པས་བསྲེགས་མནན་བྱིན་འབེབས་བྱ། །དེ་མིན་གསར་བུ་བསྡད་ན་བར་ཆད་འཁྱེར། །དེ་ལྟར་གནས་རྙིང་རྙེད་པར་མ་གྱུར་ན། །ཕ་ཡུལ་མི་ཡུལ་སྐབས་

(༢༣༠)སུ་གང་བབས་ཀྱི། །ཡུལ་གྱི་དཔོན་དང་གཞི་བདག་ཆོས་ལ་དགའ། །ཁྱད་པར་ས་དེའི་བདག་པོས་བཀའ་གནང་བགོས། །དེ་མིན་དགེ་སློང་ཡིན་ན་ལྟུང་བ་ཆེ། །མཐུན་རྐྱེན་འཛོམ་ཞིང་ས་དཔལ་བཟང་བའི་ས། །ཁང་པ་རྙིང་པའམ་ནི་གསར་དུ་བརྩེགས། །གནས་རི་བཟང་པོའི་ས་སྣ་གང་རྙེད་བཏབ། །དེ་ཡིས་ས་གཞིར་རབ་གནས་བྱས་དང་འདྲ། །ཡབ་སྲས་ལ་སོགས་བླ་མའི་ཞབས་རྗེས་བཤམ། །དེས་ནི་ས་དེ་ཞབས་ཀྱིས་བཅགས་པ་དང་། །ཁྱད་པར་མེད་པ་མགོན་པོའི་རྒྱུད་ནས་གསུངས། །ཐོག་མར་ཁྱིམ་མམ་གནས་དེ་གར་སྐྱིད་སར། །ཐུབ་དབང་སྐུ་དང་གླེགས་བམ་མཆོད་པ་བཤམ། །སྤྱན་འདྲེན་ལ་སོགས་ས་གཞི་བྱིན་རླབས་ལྟར། །བཀའ་གདམས་ལུགས་ཀྱི་ས་གཞི་བྱིན་རླབས་ཡིན། །དེ་ནས་ས་གཞི་གསེར་གྱི་རྡོ་རྗེ་ནི། །རྒྱ་གྲམ་སྲ་ཤིང་བརྟན་པའི་ལྟེ་བ་ན། །མེ་ཏོག་པདྨའི་སྡོང་པོ་ཆེན་པོ་སྐྱེས། །པདྨའི་འདབ་མས་ས་ཕྱོགས་དེ་ཀུན་ཁྱབ། །དེ་སྟེང་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧྲཱིཿ དེ་ལས་རང་ཉིད་ཐུགས་

(༢༣༡)རྗེ་ཆེན་པོ་ནི། །འགྲོ་འདུལ་དཀར་པོ་ཕྱག་བཞི་གཞུང་ལྟར་བསྒོམ། །ས་ཕྱོགས་དེ་ཡི་ལྷ་འདྲེ་མི་གསུམ་ལ། །བྱམས་དང་སྙིང་རྗེ་ཐུན་གཅིག་བསྒོམས་བྱས་པས། །ཐམས་ཅད་འདུས་ནས་དད་ཅིང་གུས་པ་ཡིས། །ཡིག་དྲུག་འདོན་ཅིང་ཕྱག་དང་བསྐོར་བ་བྱེད། །ཡུལ་ཕྱོགས་འདི་ཡི་རྩྭ་ཤིང་ཆུ་དང་ས། །ཅི་དགར་སྤྱོད་ཅེས་ལྷ་འདྲེས་ཕུལ་བར་བསམ། །དེ་ལྟར་མིན་ན་མ་བྱིན་ལེན་དུ་འགྱུར། །དེ་ནི་རི་ཆོས་ལུགས་ཀྱི་བྱིན་རླབས་ཡིན། །དེ་ནས་གནས་ཁང་གསར་བརྩེགས་ཡིན་ན་ནི། །ས་བསླང་ལྟོ་འཕྱེ་དཀྱིལ་འཁོར་དུས་བཞིན་བྱ། །ཁང་རྙིང་ཡིན་ན་དཀར་བགེགས་གཏོར་མ་བཤམ། །དཀར་གཏོར་གནས་བདག་གཉུག་མར་གནས་ལ་བསྔོ། །གནས་འདི་བདག་ལ་གཡོར་དང་བྱང་ཆུབ་བསྒྲུབ། །བདག་གི་དགེ་རྩའི་ཆ་ཤས་ཁྱོད་ལ་སྦྱིན། །ངེད་རང་གཉིས་ཀ་འདོན་དུ་ཆོས་སྤྱོད་པས། །འདི་ལ་ཕྲག་དོག་མ་བྱེད་སྟོང་གྲོགས་མཛོད། །ཅེས་བརྗོད་གཏོར་མ་རྒྱབ་རིའི་ཕྱོགས་སུ་འབུལ། །

(༢༣༢)དེ་ནས་བགེགས་གཏོར་བགེགས་རིགས་སྤྱི་དང་ནི། །ཁྱད་པར་ཡུལ་འདྲེ་གནས་འདྲེ་རྣམས་ལ་བསྔོ། །བདག་གིས་འདི་རུ་བྱང་ཆུབ་བསྒྲུབ་པ་ལ། །ཁྱེད་རྣམས་སྡང་སེམས་བར་ཆད་མ་བྱེད་དང་། །ནམ་ཞིག་བདག་གིས་བྱང་ཆུབ་ཐོབ་པའི་ཚེ། །ཁྱེད་ཅག་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། །བདེ་སྐྱིད་ཐམས་ཅད་བདག་གིས་བསྒྲུབ་པར་བྱ། །ཅེས་བརྗོད་བགེགས་ཀྱི་གཏོར་མ་ཕྱི་ལ་དོར། །དེ་ནས་བུམ་པར་སྨེ་བརྩེགས་རྣམ་འཇོམས་སོགས། །གཟུངས་བསྒྲུབས་བྱས་པའི་ཆུ་ཡིས་མེ་ལོང་ངོས། །ཁང་པ་དེ་ལ་ཕྱི་ནས་ཁྲུས་གསོལ་བྱ། །ནང་དུ་གཟུངས་ཆུ་གཏོར་ཞིང་སྤོས་ཀྱིས་བདུག །ཁང་པ་སྟོང་པར་ལུས་ཚེ་གདོན་ཞུགས་སམ། །རོ་གྲིབ་ལ་སོགས་ཡོད་ཀྱང་དེ་ཡིས་བསངས། །དེ་ནས་ཁང་བ་སྭ་བྷའི་སྔགས་ཀྱིས་སྦྱང་། །སྟོང་པའི་ངང་ལས་སེང་ཁྲི་པད་ཟླའི་སྟེང་། །བྷྲུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ནི། །དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །བསྐྱེད་ནས་སྤྱན་དྲངས་དབང་བསྐུར་རྒྱས་

(༢༣༣)གདབ་བྱ། །མཆོད་བསྟོད་བྱས་ཏེ་འོད་ཞུ་ཁང་པར་གྱུར། །དེ་ནི་གནས་དང་ཁང་པ་བྱིན་རླབས་ཡིན། །བདེ་མཆོག་རྒྱུད་ལས་སྒྲུབ་པའི་གྲོགས་ལ་ནི། །བུད་མེད་ཌཱ་ཀིའི་མཚན་ལྡན་དགོས་གསུངས་པ། །གྲུབ་ཆེན་རྩ་རླུང་རང་དབང་ཐོབ་རྣམས་ཡིན། །པད་འབྱུང་དྲིལ་བུ་པ་དང་མར་པ་བཞིན། །སོ་སོའི་སྐྱེ་བོ་རབ་ཏུ་བྱུང་རྣམས་ཀྱིས། །བུད་མེད་ཕྱོགས་སུ་ཉེ་བར་མི་བྱ་སྟེ། །ཁང་པར་ཡུད་ཙམ་བསྡད་ཀྱང་ལྟུང་བ་ཡིན། །དེ་ཕྱིར་རི་ཁྲོད་ཐེམ་པའི་ནང་ཉིད་དུ། །འཇའ་ལུས་ཌཱ་ཀིའི་ལྷ་མོ་མ་གཏོགས་པ། །མི་ཡི་བུད་མེད་བྱུང་ན་བཀའ་ཆད་ཐོང་། །ཅེས་བརྗོད་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་བྱ། །སྒོ་རྩར་ཐོ་བརྩེགས་དེ་དོན་ཀུན་ལ་བསྒྲགས། །འདི་ནི་གལ་ཆེ་ཤིན་ཏུ་གནད་ཆེའོ། །གསང་བ་སྤྱི་ཡི་རྒྱུད་ལས་སྒྲུབ་པའི་གཡོག །རྒྱ་ཆེར་གསུངས་ཀྱང་དེ་ཡི་དོན་བསྡུ་ན། །བླ་མ་གཞན་ལ་དམ་ཚིག་ཆགས་པ་དང་། །སྡོམ་པ་ཤོར་དང་དམེ་ཕོ་མཛེ་ཅན་དང་། །རང་གི་ཆོས་ལུགས་བླ་མར་ལོག་ལྟ་ཅན། །

(༢༣༤)སྨྱོ་ནད་ཅན་དང་སྡིག་ཅན་སྒྲུབ་གཡོག་སྤང་། །དད་ལྡན་ཆོས་དང་ཡོན་ཏན་དོན་དུ་གཉེར། །གཅོང་ནད་ཞ་གྲུམ་སོགས་མེད་གཡོ་སྒྱུ་ཆུང་། །གང་སྨྲས་ཉན་པའི་སྒྲུབ་གཡོག་བསྟེན་པར་བྱ། །སྒྲུབ་གཡོག་ངན་པ་ནམ་ཡང་མི་བསྟེན་ཏེ། །ཉེ་གནས་མཆོག་གྱུར་ཤེས་རབ་བརྩོན་འགྲུས་ཡིན། །གཅིག་པུར་རང་ཚོ་ཐུབ་ན་ཆོས་པ་རབ། །དེ་ནས་སྒྲུབ་པའི་མཐུན་རྐྱེན་སྟ་གོན་ནི། །གཉེན་འདུན་སོགས་ལ་རེ་བ་མི་བཅའ་བར། །ཐུབ་པས་གནང་བའི་བསོད་སྙོམ་སྒྲུབ་རྒྱགས་ཡིན། །བསོད་སྙོམས་བཟང་པོ་བྱུང་བར་ཆགས་པ་སྤང་། །ངན་ནམ་མ་བྱུང་ན་ཡང་ཁོང་ཁྲོ་སྤང་། །རྙེད་དང་མ་རྙེད་སེམས་ཀྱིས་རོ་སྙོམས་ཤིང་། །སྦྱིན་འབྲས་བྱང་ཆུབ་ཐོབ་པའི་བསྔོ་སྨོན་བྱ། །བུང་བ་ལྟ་བུ་གྲོང་དུ་རྒྱུ་གསུངས་པས། །དཔེར་ན་བུང་བས་མེ་ཏོག་བཟང་ངན་ལ། །ཆགས་དང་སྡང་བའི་བསམ་པ་མི་བྱེད་ཅིང་། །མེ་ཏོག་ཁ་དོག་དྲི་ལ་མི་གནོད་པར། །སྦྲང་རྩིའི་བཅུད་འཇིབ་ཚང་དུ་འགྲོ་བ་ལྟར། །གང་རྙེད་ཁྱེར་ཏེ་སྒྲུབ་པའི་གནས་སུ་འགྲོ། །རང་

(༢༣༥)ཉིད་ངེས་པར་ཆོས་དང་མཐུན་གྱུར་ན། །བསོད་སྙོམས་ཆོས་རྒྱགས་ཕོང་པར་མི་འགྱུར་ཏེ། །ཤཱཀ་ཐུབ་མངོན་པར་སངས་རྒྱས་ཐོབ་སྔ་པས། །འཁོར་ལོས་བསྒྱུར་རྒྱལ་ལྔ་བརྒྱར་སྐྱེ་དགོས་པས། །བསོད་ནམས་མ་མཁོ་ཉན་ཐོས་འཚོ་བར་བསྔོས། །དེ་ཕྱིར་འབྲུ་དང་མུ་ཏིག་མཉམ་བརྗེས་ཀྱི། །མུ་གེ་བྱུང་ཡང་འཚོ་བས་མི་ཕོངས་གསུངས། །དེ་ཉིད་སེམས་འཆང་སྒྲུབ་བརྒྱགས་སེམས་ཁྲལ་སྤང་། །འོན་ཏེ་སྔོན་གྱི་སྦྱིན་འབྲས་ཁྱད་པར་གྱིས། །སྤྱི་དང་མི་མཚུངས་རང་ཉིད་བཀྲེས་གྱུར་ན། །སྒབ་འདྲེ་མེད་ཅིང་སྒྲུབ་རྫས་མི་དཀའ་བའི། །ཡེ་ཤེས་པ་ཡི་ནོར་ལྷ་ཅུང་ཟད་བསྙེན། །དེ་ནི་རུང་བར་མཉམ་མེད་དྭགས་པོས་གསུངས། །གདམས་ངག་ངེས་ཤེས་མེད་པར་སྒྲུབ་བརྩོན་པ། །གེགས་དང་གོལ་ས་འབྱུང་བའི་རྒྱུ་ཡིན་སྤང་། །དབང་ལུང་མ་ཐོབ་སྒྲུབ་པ་བྱེད་པ་ནི། །ཆུ་བཤིགས་མར་འདོད་འདྲ་སྟེ་འབྲས་བུ་མེད། །བྱིན་རླབས་ཅུང་ཟད་བྱུང་ཡང་ངན་སོང་རྒྱུ། །དེ་ཕྱིར་དབང་ཁྲིད་མན་ངག་རྫོགས་པ་གཅེས། །

(༢༣༦)དེ་ནས་སྒྲུབ་པའི་སྟ་གོན་བྱ་བ་ནི། །དབྱོར་པ་ཆེ་ཞིང་ཤེས་རབ་ལྡན་པ་ན། །སྒྲུབ་ཆེན་ཆ་ལག་ཐམས་ཅད་ཚང་བར་བསགས། །འབྲིང་ལ་སྒྲུབ་ཕྲན་ཐ་མེད་ལུགས། །རང་གི་འབྱོར་བ་ཤེས་རབ་དག་དང་དཔག །གནས་དེར་ཕྱིན་ནས་ཟླ་ཤས་ཙམ་གྱི་བར། །ཆུ་ཤིང་ལ་སོགས་མཐུན་རྐྱེན་སྒྲུབ་པའི་ཚེ། །ཐག་རིང་མི་འགྲོ་རྡོག་མཚམས་ཚུལ་དུ་བྱ། །དེ་ནས་རང་གིས་རང་ལ་ཁྲིད་བཙུགས་སྟེ། །དཔེ་ཆ་ཡོད་ན་ཁྲིད་དཔེ་བླ་མའི་ཚུལ། །ཁྲིད་དཔེ་མེད་ན་ཡིད་ཀྱིས་གསལ་འདེབས་ཤིང་། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ་པ་བཞི། །རེ་རེ་ལ་ཡང་ཞག་པོ་གསུམ་མམ་བདུན། །ངེས་ཤེས་སྐྱེ་ཞིང་སྣང་བ་འགྱུར་ངེས་བསྒོམ། །དེ་བཞིན་སྐྱབས་སེམས་རྡོར་སེམས་མཎྜལ་དང་། །བླ་མའི་རྣལ་འབྱོར་ཁྱད་པར་སྔོན་འགྲོ་བཞི། །རེ་རེ་ལ་ཡང་ཞག་པོ་བདུན་རེ་ཙམ། །རེ་རེ་དག་ལ་རྩེ་གཅིག་ཕུར་ཚུགས་བསྒོམ། །དེ་ནས་སྒྲུབ་པའི་སྣ་སེལ་བྱ་བ་ནི། །བསངས་དང་ཆུ་གཏོར་ཕྱག་དང་བསྐོར་

(༢༣༧)བ་དང་། །སཱཙྪ་ཞལ་ནས་གསུངས་པའི་བཀའ་བཀླག་སོགས། །རེ་རེའང་ཉིན་རེ་ཙམ་རེ་གང་ཐོན་འབད། །དེ་ནས་སྒོ་རྩར་ཐོ་ནི་དཀར་པོ་བརྩེགས། །གཞི་བདག་དཀར་གཏོར་ཕུལ་ལ་བཀའ་བསྒོ་ནི། །བདག་གིས་མཚམས་སྒྲུབ་མཐའ་རུ་མ་ཐོན་བར། །ཕྱི་ཡི་བར་ཆད་ནང་དུ་མ་བཏང་ལ། །ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་བར། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུང་ཞེས་བརྗོད། །བགེགས་གཏོར་རྒྱས་པར་བཏང་ཞིང་བགེགས་བསྐྲད་དེ། །རྫས་རྒོད་དམ་ནི་གུ་གུལ་དུད་པས་བདུག །འདི་སྐབས་མཚམས་རྡིལ་འཇོག་དགོས་ཡོད་ན་ནི། །ཤོག་གུར་མིང་བྲིས་རྡེའུ་གཏུམས་ནས་ནི། །རང་མདུན་བཞག་ལ་མི་དེ་ཡིན་པར་བསྒོམ། །མཚམས་གཡོག་གཏུག་དགོས་ཡོད་ན་མདུན་དེར་བཞག །དེ་ནས་སྲུང་བའི་འཁོར་ལོ་གསལ་བར་བསྒོམ། །གེགས་སེལ་བདུད་རྩི་ཐིག་པ་ལས་འབྱུང་བ་ལྟར་སྲུང་འཁོར་དྲུག་རིམས་སམ་ཡང་ན་དགུ་རིམ་སོགས་མ་ནོར་བར་བསྒོམ་པ་གནད་ཆེ་གསུངས། །མཆན། རང་ཉིད་ཁྲུས་བྱས་

(༢༣༨)མལ་གོས་སྤོས་ཀྱིས་བདུག །གདན་འོག་གཡུང་དྲུང་དཀར་པོ་གཡས་འཁྱིལ་བྲིས། །མལ་ས་སྤོ་དང་གདན་སྤྲུགས་མི་རུང་ཕྱིར། །ལེགས་པར་གཟབ་ནས་བཅོས་མི་དགོས་པར་བྱ། །གནས་ཁང་དེ་ནི་ཡི་དམ་གཞལ་ཡས་ཁང་། །ལམ་སྟན་སེང་ཁྲི་པདྨ་ཟླ་བའི་གདན། །རང་ཉིད་ཡི་དམ་ལྷར་གསལ་རྡོར་སྐྱིལ་བཅང་། །སྒུབ་པ་ཅི་ཙམ་འདུག་པའི་དམ་བཅའ་བཟུང་། །དམ་བཅའ་རིང་ན་བདུད་ཀྱི་བར་ཆད་འཇུག །དམ་བཅའ་ཐུང་བཅུག་དོན་ལ་རིང་དུ་བསྲིང་། །མཚམས་བསྡམས་ནས་ནི་ཡུན་རིང་མ་སོང་སྐབས། །ཉེ་དུ་ཡོན་བདག་དཔོན་རིགས་ལ་སོགས་པ། །གློ་བུར་ནད་དང་གདོན་གྱིས་ཉེ་བར་འཚེ། །ད་རེས་འབྱོན་དགོས་གལ་ཏེ་མ་བྱོན་ན། །ཁ་གཏམ་མེད་དམའ་སྡིག་རྒྱུ་ཡོད་སྐད་ཟེར། །ནན་ཆེ་ཡུས་ཆེ་ཚིག་རྟིང་མནའ་ཡིས་མཐུད། །དེ་ནི་བདུད་ཀྱིས་ཉམས་ཚད་གླགས་ལྟ་ཡིན། །རེ་བ་ཆེའམ་བཙན་པོ་ཡིན་ཀྱང་རུང་། །དེ་ཡི་ངོ་བཟློག་མི་འགྲོ་གལ་ཆེ་སྟེ། །དེ་དུས་སོང་ན་བར་ཆད་

(༢༣༩)ཀྱིས་ཁྱེར་བས། །ནམ་ཡང་སྒྲུབ་པ་ལམ་དུ་འགྲོ་མི་སྲིད། །ཉེ་དུ་བརྩེ་བ་ཤི་ཆད་བྱུང་ན་ཡང་། །བསྔོ་སྨོན་རྒྱས་འདེབས་མ་གཏོགས་འགྲོ་མི་རུང་། །རང་ཉིད་གློ་བུར་ནད་ཀྱིས་བཏབ་ན་ཡང་། །མཚམས་ཁང་ནང་ནས་རྩ་སྟོན་རུང་མོད་ཀྱི། །ཅི་ལྟར་ཐུ་ཡང་མཚམས་ནི་མི་ཀློང་དེ། །ཤི་ཡང་མལ་སྟན་སྟེང་དེར་ཤི་ནུས་བྱ། །དེ་ཡིས་བར་ཆད་གཡུལ་ལས་རྒྱལ་བ་སྟེ། །ཤི་བར་མི་འགྱུར་བདུད་ཀྱང་ཁ་སྐྱེངས་འབྲོས། །རོ་སྙོམས་ལུགས་དང་གཅོད་ལུགས་མ་ཡིན་པས། །ལྷ་རྗེར་མི་སྟོན་སྨན་ནི་མི་ཟ་སོགས། །མི་རུང་ཕུང་པོར་བརྙས་བྱེད་རྩ་ལྟུང་ཡིན། །དེ་ནས་ཅི་ལྟར་ཉམས་སུ་ལེན་པའི་ཚུལ། །ཆོས་ཀྱི་དབང་ཕྱུག་ཞལ་ནས་ཐོས་པའི་དོན། །དབང་རྣོན་ཆོས་ཀྱི་རྗེས་འབྲང་ཉམས་ལེན་དང་། །དབང་རྟུལ་དད་པའི་རྗེས་འབྲང་ཉམས་ལེན་གཉིས། །ཆོས་ཀྱི་རྗེས་འབྲང་པཎྜི་ཏ་ཡི་ལུགས། །བྱུང་ན་དེ་ཉིད་མཆོག་ཏུ་གྱུར་མོད་ཀྱི། །དད་པའི་རྗེས་འབྲང་ཀུ་ས་ལི་ཡི་ལུགས། །དེང་སང་ཕལ་

(༢༤༠)ཆེར་དེ་ཉིད་ཡིན་ནོ་གསུངས། །དེ་ལའང་ཐ་མ་འབྲིང་དང་རབ་གསུམ་སྟེ། །དབང་ལུང་ཐོབ་ཀྱང་གོ་བ་ཤེས་རབ་དམན། །ཁྲིད་རིམ་ཐོབ་པས་སེམས་ངོ་སྲུང་ཤེས་ཙམ། །དད་ལྡན་འཆི་བ་དྲན་པས་ཉམས་ལེན་འདོད། །ཐ་ན་ཡི་གེ་ཙམ་ཡང་མི་ཤེས་པ། །དེ་འདྲས་རི་ཁྲོད་འགྲིམས་ཤིང་མཚམས་སྡོམ་ན། །དབང་པོ་ཐ་མ། །ཐོ་རངས་གཉིད་ནི་སད་མ་ཐག་པའི་དུས། །བླ་མ་སངས་རྒྱས་ཀུན་འདུས་ངོ་བོར་དྲན། །དཔལ་ལྡན་རྩ་བའི་བླ་མ་མཁྱེན་ནོ་ཞེས། །གདངས་དབྱངས་མི་ཤེས་འབོད་པ་ཆེར་བྱེད་པ། །གསོལ་བ་ཁྱི་སྐད་མ་རུ་འདེབས་ཞེས་བྱ། །དེ་ཡིས་གཉིད་དཀྲོགས་རིག་པ་དྭངས་པ་དང་། །སྐྱབས་འགྲོ་སེམས་བསྐྱེད་སེམས་ཅན་བདེ་ལྡན་སོགས། །ཀུན་གྱིས་ཤེས་པ་དེ་ལ་ཚར་གསུམ་བརྗོད། །རང་ལུས་ཐུགས་རྗེ་ཆེན་པོར་ཝལ་གྱིས་བསྒོམ། །སྤྱི་བོར་བླ་མ་འོད་དཔག་མེད་པ་བསྒོམ། །མ་ནམ་བཞི་སྐོར་དེ་ལ་ཚར་གསུམ་འདོན། །ཡིག་དྲུག་སྐད་ནི་ཆེ་ཆུང་རན་པར་བཟླས། །ས་ཕྱོགས་དེ་ཉིད་བདེ་བ་

(༢༤༡)ཅན་དུ་མོས། །སྲོག་ཆགས་ཐམས་ཅད་སྤྱན་རས་གཟིགས་སུ་བསྒོམ། །དེ་ལ་སེམས་གནས་དམིགས་པ་མ་གསལ་བར། །ཡིག་དྲུག་བཟླས་པ་གཟུགས་ཀྱི་བཟླས་པའམ། །སྣང་བ་སྐུ་ཡི་ཁྱེར་སོ་ཞེས་བྱ་ཡིན། །འགྲོ་ཀུན་སྤྱན་རས་གཟིགས་སུ་གྱུར་པ་དེས། །རང་གི་རམ་བུ་བཀྱག་བསམ་ཡིག་དྲུག་བཟླས། །དེ་ནི་སྒྲ་ཡི་བཟླས་པ་ཞེས་བྱའམ། །གྲགས་པ་གསུང་གི་ཁྱེར་སོ་ཞེས་བྱ་སྟེ། །ཡིག་དྲུག་སྒྲ་ལ་རིག་པ་གཏད་པ་ཡིན། །དེ་ཡིས་བསྐྱེད་རིམ་དོན་རྩ་འདུས་བ་གོ། །དེ་ནས་རང་གི་སྙིང་གའི་དཀྱིལ་དུ་ནི། །ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ། །དེ་ལ་རིག་པ་གནས་སུ་ཅི་ཐུབ་བྱ། །ཧ་ཅང་མི་འཕྲོ་དེ་ལ་སེམས་གནས་ན། །སེམས་འཛིན་ཞི་གནས་དོན་རྩ་དེ་ལ་འདུས། །དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར། །སེམས་ཀྱིས་སེམས་ལ་ཧྲིག་གེར་བལྟས་ལ་བཞག །གཟུགས་དང་ཁ་དོག་དངོས་པོ་མ་མཐོང་ཡང་། །རྣམ་རྟོག་འགྱུ་བ་ཐོལ་ཐོལ་སྐྱེས་བའི་ཚེ། །བྱུང་ས་འགྲོ་ས་གནས་ས་

(༢༤༢)རྩད་གཅོད་བྱ། །མ་རྙེད་དེའི་ངང་ལ་མཉམ་པར་གཞག །དེ་ཡིས་ལྷག་མཐོང་དོན་རྩ་འདུས་པ་ཡིན། །དེ་ནས་རྒྱུན་དུ་རྩད་གཅོད་མི་དགོས་ཏེ། །ནམ་དྲན་དུས་སུ་རང་ངོ་ཅེར་གྱིས་ལྟ། །མ་མཐོང་ངང་ལ་ཀློད་དེ་ཤིག་གེར་གཞག །རྣམ་རྟོག་སྐྱེས་ན་ཆུ་དང་རླབས་བཞིན་དུ། །སེམས་ལས་བྱུང་ཞིང་སེམས་ཀྱི་ཀློང་དུ་ཐིམ། །ཡིག་དྲུག་ཤུབ་བུར་བཟླས་ཤིང་དེ་ཉིད་སྐྱོང་། །ཉི་མ་ཤར་ཚེ་བརྒྱ་ཕྱག་འགའ་ཟུང་འཚལ། །ཐུག་པ་ལ་སོགས་ཟས་ཀྱི་སྤྱོད་ལམ་བྱ། །དེ་ནས་ནམ་མཁའ་མཐོང་ཞིང་སྣང་གཡེལ་སར། །སེམས་ངོ་སྐྱོང་ཞིང་ཡིག་དྲུག་བཟླས་པ་བྱ། །མོས་གུས་སྐྱེ་ཞིང་ཉམས་ཀྱི་འཆར་སྒོ་དུས། །གསོལ་འདེབས་རྒྱང་འབོད་ལན་གསུམ་ཙམ་རེ་བྱ། །དགོངས་བཅད་ཡིན་ནམ་གདན་གཅིག་སྲུང་བ་ན། །རང་གི་སྙིང་གར་སྤྱན་རས་གཟིགས་བསྒོམས་ནས། །དེ་ལ་མཆོད་པའི་མོས་པས་གུང་ཚིགས་བྱ། །སླར་ཡང་སྐྱབས་སེམས་ལ་སོགས་ད་ནངས་བཞིན། །ཉི་ནུབ་བར་དུ་ཐུན་གཅིག་བྱས་ལ་བསྒོམ། །ལུས་

(༢༤༣)ལ་བད་ཀན་ལ་སོགས་ནད་ཡོད་ན། །ཀ་བའི་ངོས་ལ་དཔེ་འམ་སྐུ་འདྲ་བཞག །བསྐོར་ཐག་ཐུང་ན་མགོ་ཡུ་འཁོར་ནས་འགྱེལ། །ཅུང་ཟད་རྒྱང་ནས་བསྐོར་བ་ཉེ་ཤུ་ཙམ། །མུན་རུག་ནས་ནི་སྲོད་ཀྱི་མཚམས་དེ་ལ། །བཛྲ་གུ་རུ་བཛྲ་ཕཊ་ལ་སོགས། །ལྷ་བསྒོམ་མི་དགོས་སེམས་ངོའི་ངང་ལ་བཟླ། །དེ་ནས་སླར་ཡང་ད་ནངས་ཅི་བཞིན་དུ། །རྒྱང་འབོད་ནས་བཟུང་རིམ་བཞིན་ཐུན་གཅིག་བསྒོམ། །དེ་ནས་ཤེས་ན་ཀུ་ས་ལི་ཡི་ནི། །ཚོགས་བསོགས་ངག་ཏུ་མི་དགོས་ཡིད་ཀྱིས་བསྒོམ། །རྐང་དུང་གསུམ་བུས་ཕཊ་སྒྲ་འགའ་ཟུང་རྒྱབ། །གལ་ཏེ་ལུས་སྦྱིན་དམིགས་པ་མི་ཤེས་ན། །ཕཊ་སྒྲ་རྐང་དུང་ལ་སོགས་མི་བྱའོ། །ཐུན་འཇུག་དེ་ལ་བསྔོ་སྨོན་གང་ཤེས་བྱ། །སྙིང་གར་བླ་མ་ཡི་དམ་ངོ་བོ་ནི། །ཐིག་ལེ་དཀར་པོ་ཤེལ་གྱི་ཁ་དོག་ཅན། །འོད་ཀྱིས་ཁོང་བའི་ནང་ཀུན་གསལ་བ་ལ། །རིག་པ་གཏད་ལ་ཡིག་དྲུག་ཤུབ་བུར་བཟླས། །ཙོག་པུའམ་སེང་གེའི་ཉལ་སྟབས་གང་བདེ་བྱ། །མ་གཉེད་

(༢༤༤)བར་དུ་ཉམས་ལེན་སྐྱོང་བྱས་པས། །དེས་ནི་རྨི་ལམ་འོད་གསལ་ཟིན་པར་སླ། །ལོ་ཟླ་ལ་སོགས་རིང་ཐུང་ཅི་འདུག་ཀྱང་། །ཉིན་གཅིག་བཞིན་དུ་ཉམས་ལེན་བྱེད་ལུགས་གཅིག །དེ་ནི་རྨོངས་པ་ཐ་མལ་ཡི་མཚམས། །དེ་བས་ཤེས་རབ་ཅུང་ཟད་དྲག་པ་ན། །དབང་པོ་འབྲིང་གི་ཉམས་ལེན། །མཆན། །གཏོར་བསྔོས་པ་ཡི་གཏོར་མ་གང་འཛོམ་བཅའ། །ཐོ་རེངས་གཉིད་ནི་སད་པའི་དེ་མ་ཐག །སྔོན་འགྲོ་བཞི་སྦྱོར་རྒྱས་བསྡུས་གང་རུང་འདོན། །སྒྲོལ་དཀར་ལ་སོགས་ཚེ་སྒྲུབ་གང་ཤེས་དེ། །ཕྲེང་སྐོར་གཉིས་གསུམ་ཡན་ཆད་ཅི་ནུས་བཟླས། །རྒྱལ་བ་རྒྱ་མཚོ་ལ་སོགས་གསར་མ་ཡིན། །ཡི་དམ་གཙོ་བོ་གང་ཡིན་མངོན་རྟོགས་སམ། །འོད་འབར་ལ་སོགས་རྙིང་མའི་ལས་བྱང་ཞིག །བཏོན་ལ་ཉི་ཤར་བར་དུ་བསྙེན་པ་བྱ། །དེ་ནས་ཛའམ་ཐུག་པར་མེ་འབུད་ཅིང་། །བརྒྱ་ལས་མི་ཉུང་ཕྱག་འཚལ་ལྟུང་བཤགས་སོགས། །ཉེས་ལྟུང་གང་ཡོད་དྲན་ཅིང་བཤགས་པ་བྱ། །ཤེས་ན་གཏོར་མ་ཆ་བཅུ་ཛམ་གཏོར་བཏང་། །དེ་ནས་ཇ་

(༢༤༥)ཐུག་གང་ཡོད་ལ་སྤྱོད་ཅིང་། །སྐབས་དེར་གྲུབ་ཐོབ་གོང་མའི་གསུང་འབུམ་མམ། །སེམས་ལ་ཕན་པའི་དཔེ་ཆ་གང་ཡང་རུང་། །མང་པོ་མ་ཡིན་སྡིབ་མ་གསུམ་བཞི་བལྟ། །སླར་ཡང་ད་ནངས་བཞིན་དུ་ཐུན་བཟུང་སྟེ། །དགོངས་ཀའི་བར་དུ་དེ་ཡི་བསྙེན་པ་བྱ། །དེ་ནས་ཇ་སོགས་གང་ཡིན་མེ་གཏང་ལ། །ཆོས་སྤྱོད་གང་ཤེས་བརྗེད་དོགས་འདོན་རེས་དང་། །མདོ་སྒྲུབ་སེང་གདོང་བདུད་ཟློག་ཆགས་མེད་བྱ། །ཉི་ནུབ་མི་རྣམས་ཁྱིམ་དུ་སོང་སྐབས་དེར། །རང་གི་ཆུ་ལེན་དགོས་ན་རྐུ་ཐབས་བླངས། །དེ་ནས་ཕུག་གཏོར་གསོས་ལ་བྲན་བྱས་ཏེ། །རྙིང་མ་ཡིན་ན་ལས་བྱང་སླར་ལ་ཝིག །གསར་མ་ཡིན་ན་མདུན་བསྐྱེད་ཚང་བར་འདོན། །ཆོས་སྐྱོང་ལས་བྱང་ཤེས་ན་དེ་ལ་སྦྱར། །མི་ཤེས་ན་ཡང་གཏོར་བསྔོས་གང་ཤེས་བྱ། །གཅིག་པུར་ཆོམ་རྐུན་གཅན་གཟན་གནོད་དོགས་ན། །གཏོར་བསྔོས་ཚེ་དེར་རྔ་བརྡུང་རྒྱུན་དུ་བྱ། །དེ་ཡི་གཅན་ཟན་མི་འོང་རྐུན་པོས་རྩི། །དགོས་པ་མེད་ན་རྔ་བརྡུང་

(༢༤༦)མི་བྱ་སྟེ། །སྔགས་ནག་མིག་ལྟོས་ཡིན་པས་ལེགས་རྒྱུ་མེད། །དེ་ནས་རྒྱས་པར་ལུས་སྦྱིན་ཤེས་པའམ། །མི་ཤེས་ཀུ་ས་ལི་ཡི་ཚོགས་གསོགས་བྱ། །དེ་དག་རྣམས་ཀྱི་བར་སྐབས་ཐམས་ཅད་དུ། །ཡི་དམ་བསྙེན་པ་ཆུ་བོའི་གཞུང་ལྟར་བཟླས། །བསྐྱེད་རིམ་དང་ནི་སེམས་ངོ་རེས་མོས་བྱ། །དེ་ལ་གོམས་ནས་ཟུང་འཇུག་ཨེ་འོང་བལྟ། །ཉལ་ཁ་བདག་བསྐྱེད་བསྡུ་བའི་དམིགས་རིམ་དེ། །བསྒོམས་ནས་སེམས་ངོའི་སྟེང་དུ་བཞག་ཉལ་བས། །འོད་གསལ་འཛིན་བའི་གདམས་པ་དེ་ཉིད་ཡིན། །དེ་ལས་ལྷག་ཙམ་ཤེས་རབ་ཡོད་པའི་རིགས། །གཉིད་ནི་སད་མ་ཐག་ཏུ་ནམ་མཁའ་ནས། །དཔའ་བོ་མཁའ་འགྲོའི་ཌཱ་མ་རུ་འཁྲོལ་བས། །གཉིད་ནི་སད་པ་ཡིན་པའི་མོས་པ་བྱ། །ཁ་མ་བཤལ་བར་སྔགས་མི་བཟླ་གསུངས་པས། །གཟུངས་སྔགས་བཟླས་པའི་བུམ་ཆུའི་སྔགས་ཆབ་བླངས། །དེ་ནས་བཟླས་བརྗོད་ནུས་པ་སྟོབས་འབྱིན་སོགས། །ངག་གི་བྱིན་རླབས་རྒྱས་པར་བྱ་བའམ། །དབྱངས་གསལ་ལན་གསུམ་བརྗོད་པས། །

(༢༤༧)ཆོག་པ་སྟེ། །དེ་ཉིན་བཟླས་ཚད་དུང་གྱུར་འགྱུར་དུ་གསུངས། །དམིགས་པ་ལྕེ་ནི་རལ་གྲི་རབ་རྣོ་བ། །ཡུ་བ་པདྨ་དཀར་པ་དྷིཿས་མཚན་པ། །བསྒོམས་པས་ངག་མནན་ལ་སོགས་ཉེས་སྐྱོན་སེལ། །དེ་ནས་སྔོན་འགྲོ་བཞི་སྦྱོར་བྱེད་པའམ། །སྐྱབས་འགྲོ་སེམས་བསྐྱེད་སྣང་བ་འགྱུར་ངེས་བྱ། །དེ་ནས་གཏུམ་མོ་ལ་སོགས་དམིགས་རིམ་གྱིས། །རླུང་རོ་བུས་ཤིང་བུམ་ཅན་ཐུན་གཅིག་བསྒོམ། །དེ་ཡིས་ཁམས་དྭངས་ནད་སེལ་ཚེ་ཡང་རིང་། །དེ་ནས་སྒྲོལ་དཀར་ཚེ་དཔག་ལ་སོགས་པ། །ཚེ་སྒྲུབ་གང་ཤེས་བསྙེན་པ་རབ་ཞིག་བྱ། །མང་ཉུང་རང་ལ་ཀག་སོགས་ཡོད་མེད་བསྟུན། །དེ་ནས་རྩ་བའི་ཡི་དམ་གང་ཡིན་གྱི། །གསར་མ་ཡིན་ན་བདག་བསྐྱེད་ཚར་གཅིག་དང་། །རྙིང་མ་ཡིན་ན་བདག་མདུན་ཟུང་འཇུག་གི། །ལས་བྱང་ཚར་གཅིག་ཛབས་དགོངས་ཡན་ཆད་འདོན། །དེ་ནས་ཉི་ཤར་བར་དུ་བསྙེན་པ་བྱ། །དེ་ཡང་གསར་མ་ཡིན་ན་བདག་བསྐྱེད་བསྡུ། །ཟུང་འཇུག་སྐུར་ལྡང་ཐུན་མཚམས་

(༢༤༨)སྤྱོད་པ་སྟེ། །ཇ་ཐུག་བསྐོལ་སོགས་བྱ་བ་གང་དགོས་བྱ། །ནུབ་ཏུ་ཁ་བལྟས་བདེ་ཆེན་ཞིང་ཁམས་ནི། །འོད་དཔག་མེད་པ་གཙོ་འཁོར་མངོན་སུམ་ལྟར། །ཡིད་ཀྱིས་གསལ་བཏབ་བརྒྱ་ཕྱག་འཚལ་བའམ། །ཧ་ཅང་མི་མང་འགའ་ཟུང་འཚལ་བ་ན། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲཱི་ཡེ། །ན་མོ་སུ་ཤྲཱི་ཡེ། །ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། །གཅིག་བརྗོད་ཕྱག་གཅིག་འབུམ་ཐེར་འགྱུར་བ་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ནི་ཞིང་དེར་སྐྱེ་བའི་རྒྱུ་ཡིན་ལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་དཀོར་སྒྲིབ་བྱང་བ་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མགོནཔོ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །བྱང next hit

(༢༤༩)ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །རིག་པའི་རྒྱལ་པོ་མཆོག་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་གསུམ་རེ་རེར་ཕྱག་རེ་འཚལ་ན་ཡང་། །གངྒའི་ཀླུང་ནི་དྲུག་ཅུ་རྩ་གཉིས་ཀྱི། །བྱེ་མ་སྙེད་ཀྱི་སངས་རྒྱས་མཚན་བརྗོད་ཅིང་། །ཕྱག་འཚལ་བ་དང་བསོད་ནམས་མཉམ་མོ་ཞེས། །འཇམ་དཔལ་ཞིང་བཀོད་མདོ་དང་པད་དཀར་མདོ། །ཕྱག་རྡོར་དབང་བསྐུར་རྒྱུད་ལས་གསུངས་པ་ཡིན། །དཀའ་ཚེགས་མེད་པར་བསོད་ནམས་རྒྱ་ཆེན་པོ། །ཐོབ་ཐབས་ཤེས་ན་མི་དེ་མཁས་པ་ཡིན། །མདུན་གྱི་ཀ་བར་དཔེ་ཆའམ་སྐུ་གཟུགས་བཅིང་། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་ར་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། །ད་ནངས་ལན་གཅིག་བརྗོད་པར་བྱས་ནས་ཀྱང་། །ཆབ་གསིལ་ལ་སོགས་ལངས་འདུག་བྱེད་པའི་ཚེ། །ཀ་བ་དེ་ལ་བསྐོར་བ་འོང་བར་བྱ། །བསྐོར་བ་གཅིག་གིས་བསྐོར་བ་འབུམ། །

(༢༥༠)ཐེར་འགྱུར། །དེ་བཞིན་ཆབ་གསིལ་བཏང་བར་བྱ་བའི་ཚེ། །རང་ལུས་གསེར་གྱི་བུམ་པ་ཆེན་པོ་ནས། །བདུད་རྩིའི་རྒྱུན་བབས་ཡི་དྭགས་དྲི་ཆུ་ལ། །དགའ་བ་ཐམས་ཅད་ངོམས་ཤིང་ཚིམས་བསམ་ལ། །ཨོཾ་ཨཱ་མུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། །ཡི་དྭགས་དྲི་ཆུ་ལ་ལོངས་སྤྱོད་པ་རྣམས་ཚིམ་པར་གྱུར་ཅིག །ཅེས་བརྗོད་དེ་བཞིན་དྲི་ཆེན་འདོར་བའི་ཚེ། །དྲི་མ་ཟས་ཚོགས་ཕུན་སུམ་ཚོགས་པར་བསམ། །ཨོཾ་ཨཱཿབིཥྛ་ཨཱ་ཧ་ཏེ་བྷྱཿསྭཱ་ཧཱ། སརྦ་པྲེ་ཏ་ནི་ཁ་ཁ་ཁཱ་ཧི། །ཡི་དྭགས་དྲི་ཆེན་ལ་ལོངས་སྤྱོད་པ་རྣམས་ཚེམ་བར་གྱུར་ཅིག །ཅེས་བརྗོད་དྲི་ཆེན་དྲི་ཆུའང་ཚོགས་སུ་འགྱུར། །ཉི་མ་ཤར་དྲོས་དེ་ལ་ཛམ་གཏོར་སོགས། །གཏེར་མ་བརྒྱ་རྩ་འམ་ནི་རྒྱས་པར་གཏོང་། །ཀླུ་ཐེབས་ཡོད་ན་ཀླུ་གཏོར་གང་འགྲུབ་བཏང་། །ཀླུ་ནི་ལྡོག་རུས་ཕན་ལས་གནོད་པ་ཆེ། །དེ་ནས་སྔ་དྲོའི་བཟའ་བཏུང་ཚར་བ་དང་། །སློབ་གཉེར་བྲིས་དང་དཔེ་ལྟས་ཅུང་ཞིག་བྱ། །བསྐྱེད་རིམ་བརྟན་ན་ཆོ་ག་ཝིག་མི་དགོས། །བསྐྱེད་རིམ་དམིགས་པས་གསལ་འདེབས་ཁོ་ནས་ཆོག །མི་

(༢༥༡)གསལ་ན་ནི་བདག་བསྐྱེད་སླར་ལ་ཝིག །དེ་ནས་བསྙེན་པ་ཅི་འགྲུབ་ཅུང་ཟད་བྱ། །གདན་གཅིག་དགོངས་བཅད་ལ་སོགས་ཡིན་པ་ན། །མདོ་ལྟར་ཕུད་མཆོད་ཆང་བུ་ལ་སོགས་བཞག །སྔགས་ལྟར་ཡི་དམ་ལུས་དཀྱིལ་གསལ་བཏབ་ནས། །ལྟེ་འོག་གཏུམ་མོ་ཡེ་ཤེས་མེ་ཡིན་ལ། །ཁ་ནི་ཐབ་ཁུང་ལྕེ་ནི་མེ་ལྕེ་ཡིན། །ལག་པ་དགང་གཟར་བླུགས་གཟར་རང་བྱུང་སྟེ། །དེ་ལྟར་བསྒོམ་རྒྱུ་མ་ཡིན་ཤེས་པས་ཆོག །ཟས་རྣམས་བསྲེག་རྫས་བདུད་རྩིའི་རང་བཞིན་བསམ། །ལུས་ཀྱི་ལྷ་ལ་སྦྱིན་སྲེགས་འབུལ་བར་དམིགས། །ཡི་དམ་སྔགས་ཀྱང་ཡིད་ཀྱིས་བཟླས་ཤིང་བཟའ། །དེ་ནི་ནང་གི་སྦྱིན་སྲེག་ཅེས་བྱ་སྟེ། །སྦྱིན་སྲེག་གོ་ཡང་ཆོད་པར་གསུངས་པ་ཡིན། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། །བཟླས་པའི་ཆུ་ཡིས་ཆབ་ཀྱང་བླངས་རུང་ཞིང་། །བགེགས་ཀྱི་བར་ཆད་བསྲུང་བའི་མཆོག་ཏུ་གསུངས། །དེ་མིན་སྒྲུབ་ཚེ་ཆུ་ཡི་ཁ་མི་བཤལ། །མཚོན་རྩེ་ཁ་རུ་མི་བཅུག་ལྕེ་མི་ཟ། །མེ་ལ་ཕུ་མི་བྱ་བར་སྦད་པ་ཚགས། །སྐྲ་དང་

(༢༥༢)སོན་མོའི་རྩེ་ཡང་མི་བྲེགས་གསུངས། །གཟུངས་ཆུ་མིན་པའི་ཆུ་ཡིས་ལུས་མི་བཀྲུ། །བྱིན་རླབས་ཚོགས་འཁོར་ལ་སོགས་མ་བྱས་པའི། །ཤ་ཆང་སྒོག་པ་ལ་ཕུག་མི་ཟ་གསུངས། །དེ་ཚོ་ངག་ནུས་ཆེ་བའི་དམ་ཚིག་ལགས། །ངག་ནུས་འདོད་པ་མེད་ན་འགལ་བ་ཆུང་། །ཤ་ཆང་སྒོག་པ་ལ་ཕུག་ལ་སོགས་པ། །ཚོགས་འཁོར་བྱས་ནས་ཟོས་ན་ཉེས་པ་མེད། །དེ་རྣམས་རྒྱ་གར་ཀུ་སཱ་ལི་ཡི་ལུགས། །བོད་ཡུལ་སྒོམ་ཆེན་རྣམས་ཀྱི་མཚམས་ཀྱི་ལུགས། །དབང་རྟུལ་དད་པའི་རྗེས་འབྲང་ཞེས་བྱའོ། །དེ་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ནི། །མཁས་པ་པཎྜི་ཏ་ཡི་ཉམས་ལེན་ཏེ། །དབང་ལུང་མང་ཐོབ་དེ་རྣམས་ཕྱག་ལེན་ཤེས། །ཐོབ་དང་ཤེས་པ་ཙམ་དུ་མི་བཞག་པར། །གསར་རྙིང་རྒྱུད་སྡེ་ཀུན་ལ་ཉམས་ལེན་བྱེད། །ཉམས་སུ་བླངས་ཙམ་མ་ཡིན་རྟགས་ཐོན་བྱེད། །རྒྱུན་དུ་ཉམས་ལེན་གཅིག་ཏུ་མ་ངེས་ཏེ། །སྒྲུབ་པ་གང་ཡིན་ཕྱག་ལེན་ཐེབ་ངེས་བྱེད། །དེ་ཡང་རབ་འབྲིང་ཐ་མ་གསུམ་ཡིན་ཏེ། །རབ་ནི་ཤེས་རབ་འབྱོར་བ་གཉིས་

(༢༥༣)ཀ་འཛོམ། །སྒྲུབ་པའི་རྫས་དང་སྒྲུབ་གཡོག་ཐབས་མི་ཆག །རྙིང་མ་ཡིན་ན་སྒྲུབ་ཆེན་རྒྱས་པ་ནི། །སྔགས་རྒྱུན་མ་གཏོགས་ཐམས་ཅད་གཞུང་ལྟར་བྱ། །དུས་ནི་བཞིའམ་གསུམ་མམ་ཉིན་མཚན་གཉིས། །གཞུང་བསྲང་དེ་མིན་ཛབ་ཀྱི་བསྙེན་པ་བྱ། །ཧ་ཅང་མི་བསྲིང་ཟླ་བ་གཅིག་ཙམ་སྟེ། །ཕྱི་ཡི་རྒྱལ་ཐོ་སྒོ་བྱང་མི་བསྡུ་བཞག །ནང་གི་དཀྱིལ་འཁོར་བསྡུ་ཚག་གཞུང་བཞིན་བྱ། །གསར་མ་ཡིན་ན་དཀྱིལ་འཁོར་ས་ཐིག་སོགས། །དཀྱིལ་འཁོར་ལས་རིམ་སྒྲུབ་མཆོད་བཞིན་དུ་བྱ། །ཟླ་གཅིག་ཙམ་ལ་བདག་མདུན་བསྙེན་སྒྲུབ་བྱ། །དེ་ནས་མཇུག་ཏུ་བདག་འཇུག་བླང་བར་བྱ། །དེ་ནས་རྗེས་ཆོག་དཀྱིལ་འཁོར་བསྡུ་ཆོག་བྱ། །གསར་མ་རྙིང་མའི་སྒྲུབ་པ་གང་ཡིན་ཀྱང་། །མཇུག་དེར་ལས་བཞིའི་སྦྱིན་སྲེག་རྒྱས་པར་བྱ། །དེ་ཡིས་ལྷག་ཆད་ཁ་བསྐང་དངོས་གྲུབ་འབྱུང་། །དེ་ནས་ཞག་བདུན་ཙམ་ལ་སྤྲོས་མེད་བྱ། །ལུས་དཀྱིལ་བསྒོམ་ལ་རྩ་རླུང་འཁྲུལ་འཁོར་སྦྱངས། །དེ་ནས་ཞག་བདུན་ཙམ་ལ་ངལ་བསོའི་ཚུག །

(༢༥༤)ཤིན་ཏུ་སྤྲོས་མེད་སེམས་ངོ་བོ་ན་སྐྱོང་། །དེ་ཡིས་རྙིང་ལུགས་ཡོ་ག་རྣམ་གསུམ་དང་། །གསར་མའི་ལུགས་ནི་སྤྲོས་བཅས་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་བསྐྱེད་རྫོགས་ཉམས་ལེན་ཚང་། །སྐབས་དེར་བསྔོ་བ་སྨོན་ལམ་རྒྱ་ཆེར་བྱ། །དེ་ནས་ཡང་ནི་དཀྱིལ་འཁོར་གཞན་ཞིག་ལ། །སྔ་མ་བཞིན་དུ་ཐམས་ཅད་རྫོགས་པར་བྱ། །དེ་བཞིན་ཡི་དམ་ཆོས་སྐྱོང་མཐོ་ཐོག་ལ། །བསྐྱེད་རྫོགས་སྒྲུབ་པ་ཉམས་ལེན་ལག་ཏུ་ལེན། །རྒྱུད་སྡེ་ཆེན་པོ་ཀུན་གྱི་བསྙེན་སྒྲུབ་ཐེམ། །རྫོགས་རིམ་ཟབ་མོའི་ཁྲིད་ཀུན་ཞར་ལ་རྫོགས། །ཤི་ཡང་འགྱོད་མེད་སྐལ་པ་བཟང་པོ་ཡིན། །མ་ཤི་མ་འོངས་སློབ་མ་བྱུང་ན་ཡང་། །སྒྲུབ་པ་ཕྱག་ལེན་བྱིན་རླབས་བརྒྱུད་པར་ལྡན། །སྒྲུབ་པའི་བསྟན་ལ་ཕན་པ་ཆེན་པོ་ཡིན། །འབྲིང་ནི་སྒྲུབ་ཆེན་རྫས་དང་ཡོ་བྱེད་དཀོན། །རས་བྲིས་ཚོམ་བུ་བུམ་པ་གཏོར་མ་སོགས། །སྒྲུབ་ཕྲན་སོ་སོའི་གཞུང་ནས་འབྱུང་བ་ལྟར། །སྒྲུབ་ཆེན་གྱི་ནི་ཁ་སྲབ་མི་བྱེད་པར། །ལས་བྱང་སྒྲུབ་གཞུང་གཉིས་པོ་རྐྱང་པར་བྱེད། །གསར་མ་ཡིན་ན་

(༢༥༥)བདག་བསྐྱེད་ཁ་རྐྱང་ལ། །ཐུན་བཟུང་བསྙེན་པ་བྱ་བ་མ་གཏོགས་པ། །ཡི་དམ་རིགས་ལ་དཀྱིལ་འཁོར་མི་དགོས་སོ། །སྒྲུབ་པ་རྫོགས་ནས་སྤྲོས་མེད་ལ་སོགས་ཀྱི། །ཉམས་ལེན་བྱ་ཚུལ་གོང་དང་མཚུངས་པ་ཡིན། །ཐ་མ་དབང་ལུང་མན་ངག་ཀུན་ཐོབ་ཀྱང་། །བློ་སྣ་མི་མང་གཅིག་ལ་དྲིལ་འདོད་པས། །སྣ་མང་མི་སྒྲུབ་སྒྲུབ་པ་གཅིག་ལ་འབད། །ལྷ་གཅིག་སྔགས་གཅིག་སྒྲུབ་ཐབས་གཅིག་གྱུར་ཀྱང་། །སྒྲུབ་པ་གཅིག་ལ་ཟླ་གཅིག་ཕན་མི་སྲིད། །དེ་ཉིད་རྫོགས་བཅུག་སྦྱིན་སྲེག་བསྔོ་སྨོན་བྱ། །སླར་ཡང་སྤྲོས་མེད་བྱེད་ཚུལ་གོང་དང་འདྲ། །དེ་ནས་སྤྲོས་བཅས་སྤྲོས་མེད་སྒྲུབ་པ་དེ། །ལན་གྲངས་དུ་མར་ཝིག་ནས་སྒྲུབ་པ་སྟེ། །ཅི་ལྟར་སྐལ་བ་མེད་པའི་མི་ཡིན་ཀྱང་། །ལན་བདུན་ལན་དགུ་ལ་སོགས་ཝིག་གྱུར་ན། །མཱི་གྲུབ་མི་སྲིད་གསུངས་པའི་གནད་ཡིན་ཏེ། །དེ་ལ་སྤོགས་པའི་ཆོ་ག་ཞེས་བྱའོ། །སྒྲུབ་པ་གཅིག་ལ་ཡུན་རིང་བསྲིང་གྱུར་ན། །ལུས་ངག་ཡིད་གསུམ་ཇེ་ལྷོད་བཏང་སྙོམས་

(༢༥༦)འགྱུར། །རྟགས་ཀྱང་མི་གསལ་བགེགས་ཀྱང་འཇུག་ཉན་ཆེ། །བསྙེན་སྒྲུབ་དལ་དྲག་ཡུན་ཐུང་བྱས་པ་ཡིས། །སུན་པར་མི་འགྱུར་སྤྲོ་བ་འཕེལ་བར་འགྱུར། །སྤྲོས་བཅས་སྤྲོས་མེད་རེས་མོས་བྱས་པ་ཡི། །གཅིག་བོགས་གཅིག་གིས་ཐོན་ཏེ་ཉམས་རྟོགས་འཕེལ། །དེ་རྣམས་ཆོས་ཀྱི་རྗེས་འབྲངས་མཁས་པའི་ལུགས། །དེ་ལྟར་མཚམས་ནི་བྱེད་པའི་དུས་དག་ཏུ། །སྒྲུབ་ཆེན་ཡིན་ན་རྒྱལ་ཐོ་ཕན་ཆད་དང་། །སྒྲུབ་ཕྲན་ཡིན་ན་དྲིལ་བུའི་སྐད་ཐོས་ཕན། །སོང་ན་བར་ཆད་འོང་བས་ཤིན་ཏུ་འཛེམ། །སྒྲུབ་ཆེན་སྒྲུབ་ཕྲན་སོང་བའི་བར་སྐབས་སམ། །རྫོགས་རིམ་སྤྲོས་མེད་བསྒོམ་པའི་དུས་དག་གམ། །སྒྲུབ་རྫས་དཀྱིལ་འཁོར་ལ་སོགས་མེད་པ་ཡི། །བདག་བསྐྱེད་ཁོ་ན་བསྙེན་པའི་དུས་སྐབས་སུ། །ཕ་མ་མཆེད་གྲོགས་ཡོན་བདག་ལ་སོགས་པ། །ནའམ་ཤིའམ་མི་འགྲོ་ཀ་མེད་ན། །མུན་རུ་པ་འགྲོ་ནས་ཐོ་རེངས་ཚུང་འཁོར་བ། །དེ་འདྲ་བྱེད་པའི་ཕྱག་སྲོལ་སྔར་ནས་གདའ། །དེ་ཚེ་ཕྱི་རྒྱབ་མི་ལ་མི་གཏུགས་

(༢༥༧)ཤིང་། །ངག་མཚམས་ཡིན་ན་ཁོ་རང་དེ་མ་གཏོགས། །གཞན་ལ་ངག་ནི་བསྲི་བར་མི་བྱ་སྟེ། །འགྲོ་ཁ་རང་གི་ཉལ་ས་མལ་གོས་ནང་། །དཔེ་ཆ་སྐུ་འདྲ་རང་གི་ཕྲེང་བ་བཞག །སྒྲུབ་ཁང་བདག་བསྐྱེད་གཞལ་ཡས་ཁང་དུ་བསྒོམ། །གོས་དང་མལ་ས་བདག་བསྐྱེད་གཙོ་བོར་བསྒོམ། །དེ་ཉིད་མི་བསྡུ་རྟག་ཏུ་བཞུགས་པར་དམིགས། །དེ་ཡང་རང་ཉིད་ཡིན་པའི་ང་རྒྱལ་བསྐྱེད། །དེ་ཡི་ཐུགས་ལས་སྤྲུལ་པའི་གཙོ་རྐྱང་གཅིག །ཡིན་པར་བསྒོམ་ནས་རང་ཉིད་འགྲོ་བ་ཡིན། །དབང་དང་བྱིན་རླབས་འཕོ་འདེབས་གང་དགོས་རུང་། །ཚུར་ལ་འཁོར་ནས་སྒྲུབ་ཁང་དཀྱིལ་འཁོར་གྱི། །སྒོ་ནས་ཞུགས་ཏེ་ཉལ་སར་འདུག་པའི་དུས། །བདག་བསྐྱེད་གཙོ་བོའི་ཐུགས་ཀར་བདག་ཞུགས་ནས། །དབྱེར་མེད་གྱུར་དམིགས་ཡི་དམ་ལྷ་སྔགས་ཤམ། །ཡིག་བརྒྱ་སྦྱར་ལ་དེ་ནུབ་ཅུང་ཟད་བཟླ། །ཕྱི་ནང་བསྐང་བ་རྒྱས་པ་ཞིག་འདོན་ནོ། །ལར་ནི་བསྙེན་སྒྲུབ་བྱེད་པའི་མཚམས་ལ་ནི། །ཆུ་རི་ལ་

(༢༥༨)མི་ཡིས་མཐོང་ན་བུག་པ་ཟེར། །ཕར་ལ་མཐོང་ན་རལ་པ་ཞེས་བྱའོ། །ཕར་ལ་མཐོང་བ་ཐུ་བ་ཡིན་ནོ་ཟེར། །ངག་མཚམས་དམ་ན་རྡུལ་བྱང་མ་གཏོགས་པ། །ངག་གཏམ་ཀྱང་ནི་མི་བྱ་མཆོག་ཏུ་ཤིས། །མཚམས་གཡོག་ཡི་གེ་མི་ཤེས་ངག་གཏམ་བྱ། །ཁ་ནས་རླངས་པ་ཤོར་བར་མ་གྱུར་ན། །ཚིག་འབྲུ་གསལ་ཡང་ངག་མཚམས་གོ་ཆོད་གསུངས། །མཚམས་གཡོག་དེ་ཡི་ངག་གཏམ་མི་གོ་ན། །ཕྱེད་ངག་ཞེས་བྱ་སོ་ནི་བསྒྲིགས་ནས་གཏམ། །དེས་ཀྱང་ངག་བཅད་ཕྱོགས་གཏོགས་གོ་ཆོད་རྩི། །སྤྱིར་ནི་བསྙེན་སྒྲུབ་གཙོ་བོར་སྟོན་པ་ན། །མི་ཚིག་བར་མ་ཆོད་པར་བཟླ་གསུངས་པས། །བསྙེན་པའི་གྲངས་ཚད་ངག་བཅད་བསྙེན་པ་ཡིན། །ངག་མ་ཆོད་ན་དེ་ཡི་སུམ་འགྱུར་དགོས། །དེ་ཕྱིར་རྙིང་ལུགས་ངག་ནི་འཁོར་ཡུག་གཅོད། །གསར་མར་ཐུན་མཚམས་ངག་ནི་བཏང་བྱ་སྟེ། །ཆགས་མེད་ཐུགས་དམ་རིམ་པ་གཞན་རྣམས་དང་། །ཞལ་བསྒོས་ལ་སོགས་གང་དགོས་བྱེད་སྲོལ་སྣང་། །རྫོགས་རིམ་རྩ་རླུང་

(༢༥༩)སེམས་ངོ་སྐྱོང་སོགས་ཀྱི། །མཚམས་ནི་དམ་ཡང་ངག་གཅོད་དགོས་པ་མིན། །དེ་ནས་མཚམས་ཀྱི་དམ་བཅའ་རྫོགས་པ་དང་། །འཛོམ་ན་སྦྱིན་སྲེགས་ལས་བཞི་རྒྱས་པར་བླུགས། །རྒྱལ་ཐོ་སྒོ་བྱང་ངམ་ཡིག་ཡོད་ན་བསྡུ། །བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱ། །མི་རྣམས་ངོ་གཏུགས་རབ་ནི་ཞག་བདུན་དང་། །འབྲིང་ལ་ཞག་ལྔ་ཐ་མ་གསུམ་མམ་གཅིག །ཐག་རིང་མི་འགྲོ་གནས་སྲུང་ཚུལ་དུ་འདུག །དེ་ནས་རང་གཞན་དོན་དུ་གར་དགོས་འགྲོ། །དེ་ཡིས་མཚམས་ཀྱི་ཞལ་གདམས་ཧྲག་བསྡུས་ཚང་། །ཞིབ་པར་གོལ་ས་གཅོད་དང་གེགས་སེལ་དང་། །བོགས་འདོན་རྟགས་ཡིག་སྤྱི་ལྟར་རིམ་གྱིས་བཤད། །དེ་སྐད་ཤིང་སྦྲུལ་གླང་ཟླའི་ཡར་ཚེས་ལ། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་ཐུན་མཚམས་གསུམ་ལ་སྨྲས། །ཡི་གེ་པའང་བཱིརྱ་སཱ་ག་ར། །བློ་ཆུང་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་བཅུ་དྲུག་པའོ་མང་ག་ལཾ།། །ཙ། །།

(༢༦༠)རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཉལ་ཁ་ཀུ་ས་ལི་ཡི་ཚོགས་སོགས་བདག་འཛིན་གཅོད་པའི་སྟ་རེ་བཞུགས་སོ།། ༈ །།ན་མོ་པྲ་ཛྙ་པ་ར་མི་ཏ་ཡེ། །མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད། །ལབ་ཀྱི་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ནས། །ལུས་སྦྱིན་ཀུ་ས་ལི་ཡི་ཚོགས་གསོགས་བྲི། །གནས་གསུམ་ཌཱི་ཀས་བཀའ་གནང་བྱིན་གྱིས་རློབས། །སྙིང་རྗེའི་དབང་གིས་ས་ཐོབ་སེམས་དཔའ་རྣམས། །སྙིང་རྗེའི་དབང་གིས་རང་ལུས་དངོས་སུ་བཏང་། །དཔེར་ན་སྟག་མོར་ལུས་སྦྱིན་ལྟ་བུ་ཡིན། །ས་ཐོབ་མིན་ན་དངོས་སུ་བཏང་མི་ནུས། །ནུས་ཀྱང་མི་རུང་གེགས་སུ་འགྲོ་བར་གསུངས། །དགེ་སྡིག་གང་ཡང་བསམ་པ་གཙོ་ཆེ་བས། །ཡིད་ཀྱིས་སྦྱིན་པར་བསྒོམ་པས་བསོད་ནམ་ཐོབ། །སྦྱིན་པའི་ནང་ནས་ལུས་སྦྱིན་མཆོག་ཡིན་ཏེ། །ལུས་སྲོག་གཉིས་ལས་འཕངས་པའི་ནོར་གཞན་མེད། །གཅོད་ལུགས་ཁོ་ན་ཉམས་སུ་ལེན་ན་ནི། །བདག་འཛིན་བློས་བཏང་གཅོད་དམིགས་ཁོ་ནས་འཐུས། །དེ་ནི་གཙོ་

(༢༦༡)ཆེར་མདོ་ཡི་དགོངས་པ་སྟེ། །རང་ལུས་མི་གཙང་ཤ་ཁྲག་ཕུང་པོ་ཡིན། །འདི་ནི་གཙོ་ཆེར་ལྷ་བསྒོམ་སྔགས་བཟླས་ཤིང་། །ནུབ་མོ་ཉལ་ཁ་གཅོད་དམིགས་བསྒོམ་པའི་ཚེ། །རང་ལུས་ཕུང་ཁམས་ལྷ་ཡི་དཀྱིལ་འཁོར་དུ། །ཡིན་པར་ངོ་སྤྲོད་གསལ་བཏབ་ཡེ་ཤེས་བསྟིམ། །དེ་ཉིད་གཏུབས་ནས་སྦྱིན་པ་མི་འགལ་གནད། །ཐ་མལ་ལུས་དབུས་དབུ་མའི་རྩ་ཡི་ནང་། །རང་གི་རྣམ་ཤེས་ཐིག་ལེ་དཀར་པོ་དེ། །ལུས་ལྷ་དབང་ལྷ་ཚེ་དང་བསོད་ནམས་དང་། །བསྙེན་སྒྲུབ་བྱས་པའི་བྱིན་རླབས་ནུས་མཐུ་རྣམས། །གཅིག་ཏུ་འདུས་པའི་ངོ་བོར་དམིགས་བྱས་ཏེ། །དབུ་མའི་ལམ་ནས་སྤྱི་བོར་རྒྱངས་ཏེ་འཕོས། །དེ་ཉིད་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ། །གྲི་གུག་ཚད་པས་ཐོད་པ་སྒར་གྱིས་འཕར། །བྷན་དྷའི་སྣོད་ཆེན་སྟོང་གསུམ་མཉམ་པར་གྱུར། །དེ་ནང་གྲི་གུག་རྩེ་ཡིས་བེམ་རོ་འཕངས། །དེ་ལ་གྲི་གུག་ཚད་ཙམ་བྱས་པ་ཡིས། །ཤ་ཁྲག་དམར་ལྟེམ་བྷན་དྷ་ལྟེམས་སེ་གང་། །ཨོཾ་ཨཱཿ

(༢༦༢)ཧཱུཾ་གསུམ་བརྗོད་པའི་བྱིན་རླབས་ཀྱིས། །ཡེ་ཤེས་བདུད་རྩི་དཀར་ལ་དམར་མདངས་ཆགས། །རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་བསམ། །མགྲོན་བསྡུས་དབང་སྡུད་དམིགས་པ་མི་བྱ་བར། །མགྲོན་རིགས་ཐམས་ཅད་དྲན་རྫོགས་དམིགས་བྱས་ཏེ། །རང་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིས། །བྷན་དྷའི་སྐྱོགས་ཀྱིས་བདུད་རྩི་དེ་ལས་བཅུས། །ནམ་མཁའི་དབྱིངས་སུ་རྩ་བརྒྱུད་བླ་མ་མཆོད། །དེ་འོག་ཡི་དམ་དེ་འོག་མཁའ་འགྲོ་མཆོད། །དེ་འོག་ཆོས་སྐྱོང་དེ་འོག་འཇིག་རྟེན་སྐྱོང་། །ས་སྟེང་ས་འོག་གནོད་བྱེད་གདོན་གྱི་ཚོགས། །རིགས་དྲུག་སེམས་ཅན་རང་རང་གར་ཡོད་སར། །སྤྲུལ་པའི་མཁའ་འགྲོས་སོ་སོར་ཚིམས་པར་མཆོད། །དེ་ནི་ཀུ་ས་ལི་ཡི་ཚོགས་གསོགས་ཏེ། །རང་ལུས་ཚོགས་མཆོད་འབུལ་བ་སྔགས་ཀྱི་ལུགས། །ཁྲ་འགྱེད་ཅེས་བྱ་ལུས་ཚོགས་བསྡུས་པའང་ཡིན། །ཆོས་སྐྱོང་དྲག་པོ་སྒྲུབ་པས་མ་ནོད་ཚེ། །མགྲོན་གྱི་གཙོ་བོར་ཆོས་སྐྱོང་དེ་དམིགས་ནས། །དེ་ལྟར་བསྒོམ་པས་

(༢༦༣)ཆོས་སྐྱོང་གནད་ལ་ཕེབས། །འཁུ་ལྡོག་ཞི་བར་གུ་རུ་པདྨ་ཡི། །མ་ནིང་སྒྲུབ་པའི་གཞུང་ལས་གསུངས་པ་ཡིན། །གོང་གི་དམིགས་པའི་རྗེས་སུ་རྣམ་ཤེས་ནི། །སྤར་ཝིག་བྱས་ན་ལེགས་ཤིང་མ་བྱས་ཀྱང་། །གོང་གི་བདུད་རྩིའི་ལྷག་མ་དེ་ཉིད་ནི། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བསམ། །དེ་ཡང་སྤྲེ་སྣུམ་རླངས་པ་མ་ཡལ་བར། །ཕྱི་ཤ་གཟུགས་དྲུག་ནང་ཆ་བུ་དགུ་རྣམས། །རེ་རེ་ལའང་བརྒྱ་སྟོང་གྲངས་མེད་འཕྲོ། །གང་ལ་གང་འདོད་ལྷ་འདྲེས་ཟོས་ཁྱེར་བསྒོམ། །ལྷག་མ་ཉལ་ཉིལ་དབང་ཆུང་རྣམས་ཀྱིས་ཐོབ། །དེ་ནི་དམར་འགྱེད་ཞེས་བྱ་མདོ་ཡི་ལུགས། །རྣམ་ཤེས་སྤར་རམ་དེ་ཡི་ལྷག་མ་ལ། །དཀར་གསུམ་མངར་གསུམ་བདུད་རྩིས་འཇིག་རྟེན་གང་། །དམར་ལ་མི་དགྱེས་ལྷ་འདྲེ་ཐམས་ཅད་ཚིམས། །ཕུད་ཀྱིས་སངས་རྒྱས་བྱང་སེམས་བྱ་སྤྱོད་ལྷ། །ལྷག་མས་གདོན་བགེགས་རིགས་དྲུག་བར་དོ་ཚིམས། །དེ་ནི་དཀར་འགྱེད་རྩ་བ་མདོར་བསྡུས་ཡིན། །འདི་ལ་ཕཊཿསྒྲ་

(༢༦༤)མ་གཏོགས་འདོན་མི་དགོས། །རྣམ་ཤེས་སྦར་བ་གོང་དང་མཐུན་པ་ལ། །གནོད་བྱེད་ལུས་གདོན་ནད་བདག་ཕུང་པོར་བསྟིམ། །རང་གི་ཐུགས་ལས་སྤྲོས་པའི་ཌཱ་ཀི་ནི། །བྱ་རྒོད་ཁྱུང་དང་ཁྭ་ཏ་འུག་པའི་གདོང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་ཅན་ཚོགས། །བྷན་དྷའི་སྐྱོགས་ཀྱིས་བདུད་རྩིའི་རྒྱ་མཚོར་བཅུས། །ནམ་མཁའི་དབྱིངས་སུ་རྒྱ་བོད་གྲུབ་ཐོབ་མཆོད། །དེ་འོག་འཁོར་ལོ་སྡོམ་པའི་ལྷ་ཚོགས་མཆོད། །དེ་འོག་དཔལ་ལྡན་མགོན་པོ་ཕྱག་བཞི་པ། །སྐུ་ལྔ་མགོན་པོ་ཡབ་ཡུམ་འཁོར་གྱི་ཚོགས། །ནག་པོ་སྟོང་ཚོགས་ཤ་ཟ་འབུམ་སྡེ་དང་། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་ཚོགས། །ཁྲབ་ཆེན་བྱེ་བ་དུང་ཁྱུར་ཐམས་ཅད་མཆོད། །དེ་ནས་ལན་ཆགས་གདོན་བགེགས་རིགས་དྲུག་མཆོད། །འདི་ནི་མགོན་པོའི་རྟེན་གཏོར་བཅས་པའི་དུས། །ཟླ་ཤས་རྒྱུན་བསྙེན་བྱས་པའི་རྨི་ལམ་དུ། །འདི་ལྟར་བསྒོམ་པས་འཆི་ངེས་ནད་པ་ཡང་། །ལོ་ནི་བཅུ་གཉིས་ཚེ་བསྲིང་ནུས་ཞེས་བྱུང་། །འཁྲུལ་པའི་རྨི་ལམ་བདེན་པ་མ་མཆིས་ཀྱང་། །གྲུབ་ཆེན་མཁའ་

(༢༦༥)སྤྱོད་པ་ཡི་མཛད་པ་ཡི། །མགོན་པོའི་ཚོགས་སྐབས་ནད་པར་སྟབས་པ་ཡི། །དམིགས་རིམ་ཡེ་གེ་མེད་པའི་སྙན་བརྒྱུད་ཞིག །རང་གི་ཕ་མེས་བརྒྱུད་ལ་ཡོད་དང་མཐུན། །བསྒོམ་པས་གཞན་ལ་བན་ཐོགས་མྱོང་བམ་གྲུབ། །འདིར་ནི་དོན་བསྡུས་ཉུང་དུ་ཚིག་གིས་བཀོད། །དེ་མིན་གོང་གི་དམིགས་རིམ་མཚན་གསུམ་པོ། །གར་ཕྱིན་གར་འགྲོ་རྣམས་སུ་བསྒོམས་བྱས་པས། །གཉན་ཐོག་བརྒྱ་རྩ་དོན་གྱིས་ཆོད་འགྱུར་ཅིང་། །དང་པོ་དབང་སྡུད་དམིགས་པ་མ་བྱས་པས། །ཚར་ཚད་སློང་ཚད་བསྒུགས་ནས་སྡོད་མི་དགོས། །རྗེས་གཅོད་དམིགས་པ་མི་དགོས་འགྲོ་བས་ཆོག །དེ་སྐད་གཅོད་མཁན་སློབ་དཔོན་རྣམས་ཀྱིས་གསུངས། །དེ་ཡི་མིང་ལ་གཉན་འབྲེལ་ཞེས་སུ་གྲགས། །ངེས་པ་མེད་པར་ཚར་སློང་རིམ་གྱིས་འབྱུང་། །བར་ཆད་སེལ་ཞིང་ཉམས་རྟོགས་འཕེལ་བའི་མཆོག །རང་ཉིད་གློ་བུར་ནད་ཀྱིས་བཏབ་གྱུར་སྟེ། །ཆོ་ག་ཆོས་སྤྱོད་འདོན་པར་མི་ནུས་སྐབས། །དམིགས་པ་དེ་དག་ཡིད་

(༢༦༦)ཀྱིས་བརྒྱ་ཚར་བསྒོམ། །འདོན་པ་མི་དགོས་གྲེ་ཁུང་ཕཊ་བརྗོད་ཙམ། །ཞག་རེ་ཙམ་ནས་འཕྲལ་དུ་བདེ་བ་ནི། །ལན་གྲངས་དུ་མར་མྱོང་བས་གྲུབ་པ་ཡིན། །ནད་པ་གཞན་ལ་དམིགས་པ་བྱེད་པའི་ཚེ། །བདག་ལུས་གཞན་ལུས་བསྲེ་ནས་རྩམ་ཤེས་སྤར། །དེ་ནི་ཕན་ཐོགས་ཆེ་སྟེ་རང་ལ་གནོད། །རང་ཉིད་ལུས་པོ་མི་བདེ་མྱོང་བས་གྲུབ། །སོ་སོར་སྤར་ནས་རྣམ་ཤེས་གཉིས་བསྲེ་འབྲིང་། །སོ་སོར་སྦར་ཞིང་སོ་སོར་མཆོད་སྦྱིན་གྱིས། །རང་ལ་གནོད་པ་མེད་པ་མྱོང་བས་གྲུབ། །རང་ལ་ཉམས་རྟོགས་ཡོད་མེད་དེ་དང་བསྟུན། །གློ་བུར་ངག་ཏུ་སེར་བས་བྲབ་བྱུང་ན། །ས་རྡོ་རི་བྲག་ཕག་མོ་དམར་མོར་བསྒོམ། །སྐུ་ལས་མེ་དབར་སེར་པ་སེར་སྤྲིན་བསྲེགས། །སྣང་སྲིད་ཐམས་ཅད་མེ་རུ་འབར་བར་བསྒོམ། །མ་ཐུབ་གནམ་ས་གཉིས་པོ་སྟེང་འོག་བརྗེ། །ས་གཞི་གདུགས་ཕུབ་རི་རྣམས་རྩེ་ཐུར་བསྟན། །ཉི་ཟླ་སྐར་གསུམ་འོག་ནས་ཡར་འཆར་བསམ། །དམིགས་པ་གསལ་ན་མི་ཐུབ་སྲིད་མི་འགྱུར། །

(༢༦༧)ཐོག་སྲུང་རང་གི་སྤྱི་བོའི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི། །ལྟེ་བར་ཤཱཀ་ཐུབ་རྩིབས་སྟོང་སངས་རྒྱས་སྟོང་། །དེ་ནི་སྟེང་ཐོག་བསྲུང་བའི་དམིགས་པ་ཟབ། །རང་གི་རྐང་འོག་གཡུ་ཡི་གྲོད་པ་ཞིག །ནེམ་མེ་མནན་པར་དམིགས་པས་འོག་ཐོག་སྲུང་། །ཕྱོགས་མཚམས་རྡོ་ར་ཁྲོ་བོ་མེ་རིའི་གུར། །བསྒོམས་པས་བར་ཐོག་སྲུང་བར་འགྱུར་བ་ཡིན། །ནི་ན་ག་ཛ་མུན་ཏི་ཨཱ། །ཨོ་རྒྱན་རྗེ་དང་རང་བྱུང་རྡོ་རྗེའི་ལུགས། །དྲན་ཆོག་ཐོག་སྔགས་ལན་བདུན་བརྗོད་པས་ཐུབ། །ཤོག་སྔོན་གསེར་གྱིས་བྲིས་ལ་སྔགས་དེས་བསྔགས། །སྦྲ་གུར་ཁང་པ་མི་སོགས་བཏགས་པས་ཐུབ། །སྒར་སོགས་རྣམ་གཡེང་མི་ཁོམ་པ་ཡི་སྐབས། །ཧ་ཅང་གལ་ཆེན་མིན་པའི་ཆར་ཞུས་བྱུང་། །ཀླུ་སྨན་བསྔགས་པ་མཚོ་དང་ཆུ་མིག་བསྒུར། །དཀར་གཏོར་བསྔོས་ཤིང་དཀོན་མཆོག་བདེན་སྟོབས་བརྗོད། །ཀླུ་དང་ཡུལ་ལྷར་ཆར་འབེབས་འཕྲིན་ལས་བཅོལ། །དངོས་གཞི་གོང་

(༢༦༨)ལྟར་ལུས་སྦྱིན་དམིགས་པའི་རྗེས། །རང་གི་པགས་པས་འཛམ་གླིང་ཁྱབ་པའི་སྟེང་། །ཀླུ་དང་གཞི་བདག་ཆར་ལ་དབང་བ་ཀུན། །ཁྲོམ་ཚོགས་བཞིན་དུ་ཕག་མོའི་འོད་ཀྱིས་བསྡུས། །དེ་ལ་དཀར་འགྱེད་དམར་འགྱེད་ལན་མང་བྱས། །ཕག་མོས་ཟིལ་མནན་ཆར་པའི་ལས་ལ་བསྐུལ། །ཀླུ་དང་གཞི་བདག་ལྷ་འདྲེ་ཐམས་ཅད་ཀྱི། །བུ་ག་དགུ་ནས་ཆར་ཞོད་ན་བུན་འཕྱུར། །འཇིག་རྟེན་ཐམས་ཅད་ཆུ་ཡི་རང་བཞིན་བསམ། །ཞག་གསུམ་མི་འགོར་མྱུར་དུ་འབབས་པར་བཤད། །དེ་འདྲ་ལན་མང་མྱོང་བས་གྲུབ་པ་ཡིན། །ཆར་དམིགས་མང་ཡང་འདི་ཉིད་ཁོ་ན་ཟབ། །ཆར་བཀག་དམིགས་པའི་རྩ་བ་དེ་ཉིད་ལ། །ཕག་མོས་ཟིལ་མནན་ཆར་བཀག་ལས་ལ་བསྐུལ། །སྣང་སྲིད་ལྷ་འདྲེ་གཞི་བདག་ཐམས་ཅད་ཀྱི། །བུ་ག་དགུ་ནས་མེ་དཔུང་འུ་རུ་རུ། །གནམ་ས་མེ་འབར་སྤྲིན་དང་ཆར་བསྲེག་བསམ། །གོང་གི་ལུས་སྦྱིན་དམིགས་རིམ་གསུམ་གྱི་རྗེས། །མགྲོན་རིགས་ཐམས་ཅད་སེམས་ཀྱིས་བྱས་པ་བས། །བཀུག་

(༢༦༩)ཀྱང་མ་བཀུག་འོང་བ་མེད་པའི་ཕྱིར། །གཤེགས་གསོལ་མི་དགོས་མི་དམིགས་ངང་ལ་བཞག །ནད་པ་ཡིན་ན་རང་དང་ནད་པ་གདོན། །གསུམ་ཀ་གཅིག་བསྲེས་ནམ་མཁའ་གཅིག་ཏུ་བསྲེས། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ་པ་དང་། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ་པ་ཡིས། །ལྟ་བའི་གདེངས་བྱས་ཉམས་ལེན་ངང་ལ་བཞག །དེ་ནི་བཀའ་བརྒྱུད་ལུགས་ཀྱི་བསྲེ་བ་སྟེ། །བསྲེ་བ་ཞུ་ཞེས་ཟེར་མཁན་མང་སྲོལ་ཡོད། །རང་གི་འོག་རྟ་གྲྭ་ཁལ་གོད་དོགས་ན། །དུད་འགྲོ་ཤ་མེད་ཀེང་རུས་སྐམ་པོ་ལ། །བུ་ག་དགུ་ནས་མེ་སྟག་འཕྲོ་བར་དམིགས། །དེ་ལ་ལྷ་འདྲེས་མི་འཚེ་སྲུང་བའི་མཆོག །ནད་པ་ལ་སོགས་བྱིན་རླབས་བྱེད་པའི་ཚེ། །རང་ཉིད་སྐད་ཅིག་དམ་པ་རྒྱ་གར་གསལ། །སྐུ་དང་ཕྱག་ལས་ཡེ་ཤེས་མེ་མཆེད་པས། །ནད་པའི་ལུས་དང་ནད་དང་གདོན་ཀུན་བསྲེགས། །སྟོང་པར་གྱུར་རྗེས་ཁོ་ལ་རིག་པ་བཏད། །ཉམས་ལེན་སྐྱོང་བ་གཅོད་ཀྱི་བྱིན་རླབས་ཡིན། །དེ་ལྟར་ཀུ་ས་ལི་ཡི་ཚོགས་གསོགས་

(༢༧༠)འདི། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས་ཟབ་ཅིང་། །རི་ཁྲོད་གསར་པ་གཉན་ས་ལ་སོགས་སུ། །འདི་ཉིད་མེད་ན་ལྷ་འདྲེས་སྡོད་མི་བཅུག །ཏིང་འཛིན་དྲོད་ཉུལ་ཉམས་ཚད་ཆོ་འཕྲུལ་སྟོན། །འདི་ཡོད་ས་ནོན་ལྷ་འདྲེའི་སྟོང་གྲོགས་བྱེད། །ནད་གདོན་ཆོ་འཕྲུལ་བྱུང་ཡང་གྲོགས་སུ་འགྲོ། །རི་ཁྲོད་འགྲིམ་ལ་འདི་ཉིད་མེད་ཐབས་མེད། །དེ་ཕྱིར་རི་ཆོས་འདི་ཡི་རྒྱབ་ཆོས་སུ། །ཀུ་ས་ལི་ཡི་རྣལ་འབྱོར་ཨ་རཱ་གས། །རྟ་ལོ་ཐ་སྐར་ཟླ་བའི་ཚེས་བཞི་ཡི། །གུང་གི་ཐུན་ལ་ཇི་ལྟར་སྨྲས་པ་རྣམས། །གཅིག་པུར་སྡོད་འདོད་ཆེ་བའི་བརྩོན་འགྲུས་ཀྱིས། །མི་སྐབས་སེམས་རྩ་བྲེལ་ཡང་འབད་ནས་བྲིས། །ཕྱི་རབས་རི་ཁྲོད་འགྲིམ་པའི་ཉམ་ཆུང་འགར། །སྙིང་གི་ནོར་མཆོག་འདི་འདྲ་བཞག་ཡོད་དོ། །ཀུ་སུ་ལུ་ཞེས་བྱ་བ་མ་དག་སྟེ། །རྒྱ་གར་སྐད་དུ་ཀུ་ས་ལི་ཞེས་བྱ། །བོད་ཀྱི་སྐད་དུ་འདུ་ཤེས་གསུམ་པ་ཟེར། །བཟའ་བཏུང་འདུ་ཤེས་ཆུ་གཅིན་འདོར་བ་དང་། །གཉིད་པ་གསུམ་པོ་དེ་ཉིད་མ་གཏོགས་པ། །བྱ་བ་ཐམས་ཅད་སྤང་

(༢༧༡)ནས་ཏིང་འཛིན་བསྒོམས། །དེ་ལ་དེང་སང་ཀུ་སུ་ལུ་པར་གྲགས། །རྒྱ་གར་ཀུ་ས་ལི་པ་ཆེ་ཆུང་གཉིས། །བོད་དུ་འདས་ལོག་ཀུ་སུ་ལུ་པ་སྟེ། །དོན་ལ་བྱ་བཏང་རི་ཁྲོད་བཟུང་ཚད་ཡིན། །ཀུ་སུ་ལུ་ཞེས་བྱ་བའི་སྒྲ་དོན་ནོ། །ལེའུ་བཅུ་བདུན་པའོ་མངྒ་ལཾ།། །ཚ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས་རང་དང་བླ་མ་སྦྱིན་བདག་སོགས་ཀྱི་ཚེ་དཔལ་བསྐྱེད་པའི་གདམས་ངག་ཚེ་གཡང་ཁ་སྤྲོད་ཅེས་བྱ་བ་བཞུགས་སོ། །ན་མོ་ཨཱརྱ་ཏཱ་རེ་ཡེ། །ཡིད་བཞིན་འཁོར་ལོའི་ཞབས་ལ་ཕྱག་འཚལ་ལོ། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཞུས་པའི་ལེན། །རང་དང་བླ་མ་མཆེད་གྲོགས་སྦྱིན་བདག་སོགས། །གལ་ཆེན་རྣམས་ཀྱི་སྐུ་ཚེ་བསྲིང་བ་དང་། །བར་ཆད་སེལ་ཐབས་རྣམ་པ་མང་ན་ཡང་། །ཡེ་ཤེས་དང་ནི་འཇིག་རྟེན་ཁམས་བཞུགས་པའི། །ཚེ་འཕེལ་ལྷ་མོ་གཉིས་ཀྱི་གདམས་པ་ཟབ། །རྒྱས་པར་སྤྲོ་ན་སྒྲོལ་དཀར་ཆོ་ག་འདོན། །འབྲིང་དུ་མངོན་རྟོགས་བསྡུས་པར་དམིགས་བཟླས་སྦྱར། །གཏོར་མ་འབུལ་ཞིང་འདོད་གསོལ་བསྟོད་

(༢༧༢)པ་བྱ། །བསྡུས་པར་དམིགས་པ་བསྒོམས་ཤིང་སྔགས་བཟླས་ཏེ། །མཇུག་ཏུ་བསྟོད་པ་འདོད་གསོལ་ཚར་གཅིག་བརྗོད། །དམིགས་པ་རང་ཉིད་སྒྲོལ་དཀར་ཐུགས་ཀ་རུ། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་བཅས། །དེ་ནི་འཁོར་རྒྱུ་མེད་དེ་གདན་ཐབས་ཡིན། །ཡིག་འབྲུ་ཐམས་ཅད་ལངས་ཏེ་ཁྲིག་གེར་གནས། །ཐུགས་ཀར་ཐུགས་སྲོག་ཏཱཾ་ཡིག་དཀར་པོའི་མཐར། །གུ་རུ་བཛྲ་དྷ་རྨཱ་དྷཱ་ཏུ་ཛྙ་ན་གརྦྷ་མ་མ་འདིར་སྒྲུག་པ་པོ་གང་ཡིན་མིང་བཀོད། །ཨཱ་ཡུཿཛྙཱ་ན་པུཥྚི༚་ཀུ་རུ། །སྐུ་ཚེ་བསྲིང་བའི་དོན་དུ་དེ་ལྟར་སྟེ། །སརྦ་པཱ་པཾ་ཤནྟི༚་ཀུ་རུ་སོགས། །ནད་གདོན་བར་ཆད་ཞི་ཕྱིར་དེ་སྦྱར་བའི། །ཏཱཾ་ཡིག་མཐའ་རུ་འདོད་གསོལ་དེ་ཡིས་སྐོར། །དེ་རྒྱབ་ཏཱཾ་གི་གཡས་ཨོཾ་གཡོན་དུ་ཧཱ། །རྩིབས་བརྒྱད་སྟེང་དུ་སྔགས་ཀྱི་ཡིག་འབྲུ་བརྒྱད། །ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། །བརྒྱད་པོ་མདུན་ནས་གཡས་སུ་སྐོར་དེ་ནས། །དེ་རྒྱབ་མུ་ཁྱུད་རིམ་པ་ལྔ་ཡོད་དེ། །ནང་མར་དབྱངས་ཡིག་བཅུ་དྲུག་གཡོན་དུ་བཀོད། །དེ་རྒྱབ་གསལ་བྱེད་

(༢༧༣)ཡིག་འབྲུ་གཡས་སུ་བཀོད། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་སུ་བཀོད། །དེ་རྒྱབ་རྡོ་རྗེ་དཀར་པོ་ནས་འབྲུ་ཙམ། །ཉལ་བའི་འཕྲེང་བས་ཁྲིག་གེར་བསྐོར་བའོ། །དེ་རྒྱབ་མེ་རི་དཀར་པོ་སོར་གཅིག་ཚང་། །ཐམས་ཅད་མུ་ཏིག་རྡོག་པོ་བསྒྲིགས་པ་ལྟར། །རང་ཉིད་སྐུ་ལུས་མི་འགྱིངས་དྲང་པོར་བསྒོམ། །དེ་ནི་ཚུལ་ཁྲིམས་གཙང་བའི་གདམས་པ་ཟབ། །ཡེ་ཤེས་བསྐྱེད་བསྟིམ་དབང་བསྐུར་ལ་སོགས་པ། །གཞུང་ན་གསལ་ཕྱིར་འདིར་སྨོས་མ་དགོས་སོ། །རང་གི་སྐུ་ཡི་འོད་ཟེར་ལས་གྲུབ་པའི། །འཁོར་ལོ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། །རྩིབས་བཅུ་ཕྱོགས་མཚམས་སྟེང་འོག་རྩིབས་རྩེ་བསྟན། །རྩིབས་རྣམས་རལ་གྲི་སོ་གཉིས་རྩེ་བཞིན་རྣོ། །དེ་རྒྱབ་རྡོ་རྗེ་དཀར་པོའི་གུར་དང་ནི། །མེ་རི་དཀར་པོ་བར་མེད་འབར་བར་བསམ། །འཁོར་ལོའི་ནང་ནི་སྟོང་པ་རྒྱ་ཆེ་བ། །དཔེར་ན་སྦུབས་ཆལ་ཁ་སྦྱོར་ལྟ་བུ་ཡི། །དབུས་སུ་རང་ཉིད་སྒྲོལ་མ་བསྒོམ་པ་དེའི། །སྤྱི་བོའི་ཐད་དུ་བསྲུང་བྱ་བླ་མ་རྣམས། །

(༢༧༤)གཡས་གཡོན་མདུན་རྒྱབ་བསྲུང་བྱ་ཐམས་ཅད་བསམ། །འཁོར་ལོ་དེ་ཡི་རྩིབས་བརྒྱད་སྟོང་པའི་ནང་། །སྟེང་འོག་ཨོཾ་ཧཱ་རྩིབས་བརྒྱད་ཡིག་འབྲུ་བརྒྱད། །ཤིན་ཏུ་ཆེ་བ་མེ་དཔུང་འབར་བའོ། །འཁོར་ལོའི་རྩིབས །ཙེར་གནོད་བྱེད་ཐུལ་ཐུལ་གཅོད། །སྔ་དྲོ་གཡས་འཁོར་དགོངས་མོ་གཡོན་འཁོར་བསམ། །དེ་ནི་སྲུང་དང་ཟློག་པའི་ཁྱད་པར་ཡིན། །སྲོད་དང་ཐོ་རངས་དམིགས་པ་ཐུན་རེ་བསྒོམ། །དེ་ནི་བདུད་དང་འཕྲད་ཀྱང་མི་ཕམ་གསུངས། །ཐུགས་ཀའི་འཁོར་ལོ་འོད་ཟེར་དཀར་པོ་འཕྲོས། །ནད་གདོན་བར་ཆད་མུན་ལ་ཟླ་ཤར་བཞིན། །འོད་དེས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཚེ་ཡི་དངོས་གྲུབ་འབྱུང་བའི་བཅུད་ཀུན་བསྡུས། །བདག་དང་བསྲུང་བྱ་རྣམས་ལ་ཐིམས་པར་བསྒོམ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་གང་བྱེད་མཚན་སྔགས་དང་། །མ་མ་ཨཱ་ཡུཿཔུ་ཎྱེ་ཛྙ་ན་པུཥྚི༚་ཀུ་རུ་སྭཱ་ཧཱ། །ཅེས་བཟླས་ཐུན་མཇུག་དམིགས་མེད་ངང་ལ་གཞག །ཨཱ་ལི་ཀཱ་ལི་དབྱངས་དང་རྟེན་འབྲེལ་བཅས། །གསུམ་

(༢༧༥)མམ་བདུན་སོགས་རབ་གནས་ཚུལ་དུ་བརྗོད། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །ཞེས་སོགས་བརྟན་བཞུགས་ཚིགས་བཅད་གང་འོས་བརྗོད། །ཡང་ནི་སྐབས་འགར་གོང་ལྟར་སྐད་ཅིག་བསྒོམ། །རང་གི་ཐུགས་ལས་འོད་ཟེར་རིམ་པར་སྤྲོས། །དཀར་སེར་དམར་སྔོ་ལྗང་དང་མཆིན་ཁ་དྲུག །མཐིང་ག་སྔོན་པོ་སྨུག་ཞད་ཅན་ཡིན་ནོ། །མཆན། །འཁོར་ལོའི་ཕྱི་རོལ་གུར་ཁང་དྲུག་ཏུ་འགྱུར། །སྲ་ཤིང་བརྟན་ལ་རླུང་ཡང་མི་ཐར་བའི། །བར་རྣམས་ཐམས་ཅད་ཨུཏྤལ་སྔོན་པོས་གང་། །དེ་རྒྱབ་རྡོ་ར་མེ་རི་སྔར་ལྟར་བསྒོམ། །རྗེས་མ་འདི་ལ་སྔགས་བཟླས་མི་དགོས་སོ། །རང་དང་བླ་མ་བསྲུང་བྱ་གང་ལ་ཡང་། །བསྒོམ་དུ་རུང་བའི་སྲུང་འཁོར་ཟབ་མོ་འདི། །རྒྱུད་དང་རྒྱ་གཞུང་མན་ངག་དུ་མའི་བཅུད། །ཀཾ་ཚང་ལུགས་ཀྱི་གདམས་ངག་ཟབ་ཁྱད་ཡིན། །འདི་ཡི་འཇིགས་པ་ཐམས་ཅད་སྐྱོབས་པའི་ཚུལ། །རྡོ་རྗེ་གདན་བཞིའི་རྒྱུད་ནས་གསུངས་པ་དང་། །སྒྲོལ་དཀར་རྒྱ་གཞུང་བརྒྱད་པོ་

(༢༧༦)ཞལ་མཐུན་ནོ། །དེ་ཕྱིར་བློ་གཏད་ཐུབ་པའི་གདམས་ངག་ཡིན། །ཁྱད་པར་ནད་དང་དགྲ་དང་དམག་གིས་འཇིགས། །མདོར་ན་མི་མཐུན་གནོད་པ་གང་ཡང་རུང་། །འཇིགས་པ་ཐམས་ཅད་སེལ་བའི་གདམས་ངག་ནི། །སྔོན་དུ་བཤད་པའི་འཁོར་ལོའི་གུར་ཁང་དེ། །ཡངས་ཤིང་རྒྱ་ཆེ་གནམ་ས་ཙམ་དུ་བསྒོམ། །དེ་ནང་ས་གཞིར་ཟླ་བའི་དཀྱིལ་འཁོར་སྟེང་། །བསྲུང་བྱ་ཐམས་ཅད་མངོན་སུམ་ལྟ་བུར་དམིགས། །རང་ཉིད་སྒྲོལ་མའི་ཐུགས་ལས་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ནི། །སྒྲོལ་དཀར་སྐུར་གྱུར་ནམ་མཁར་སྤྱན་དྲངས་པ། །ཀུན་གྱི་ཕྱག་གཡས་བུམ་པ་དཀར་པོ་ཐོགས། །བསྲུང་བྱ་རྣམས་ལ་བདུད་རྩིས་ཁྲུས་གསོལ་བས། །ནད་གདོན་ཀུན་དག་ཤེལ་སྒོང་ལྟ་བུར་གྱུར། །སླར་ཡང་རང་ཐུགས་འཁོར་ལོའི་འོད་ཟེར་ནི། །དཀར་པོ་ཟླ་བ་ཤར་བ་ལྟར་འཕྲོས་པས། །དགྲ་དང་འཇིགས་པ་ནད་གདོན་གང་ཡིན་ཀུན། །མུན་པ་ལ་ནི་ཟླ་བ་ཤར་བའམ། །བ་མོར་ཉི་ཟེར་ཕོག་ལྟར་

(༢༧༧)ཞི་བར་བསྒོམ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ནད་གདོན་དགྲ་ཡི་འཇིགས་པའམ། །འཇིགས་པ་ཆེ་གེ་ཤིནྟཾ་ཀུ་རུ་སྭཱ་ཧཱ། །དམིགས་པ་དེ་ཉིད་ཐུན་རེར་བསྒོམ་པའམ། །གལ་ཆེན་ཞག་བདུན་མཚམས་བྱས་དེ་བསྒོམ་ཞིང་། །ཐུན་མཚམས་གཏོར་མ་བསྔོ་ཞིང་འདོད་དོན་གསོལ། །འཁོར་བ་ལས་སྒྲོལ་མ་ཡི་བསྟོད་པ་བྱ། །རྨི་ལམ་བར་ཆད་ཞི་བའི་རྨིས་ལྟས་དང་། །ལུང་བསྟན་ལ་སོགས་ངེས་པ་ཅན་འབྱུང་སྟེ། །དེ་བྱུང་སྐྱོན་མེད་ཁག་ཁུར་ཆོག་པ་ནི། །ཁོ་བོས་ལན་གྲངས་དྲུག་བདུན་མྱོང་བས་གྲུབ། །ཆུ་དང་གཡང་ས་ཆོམ་རྐུན་ལ་སོགས་པ། །ལམ་དགྲ་ཡོད་སར་འགྲོ་བའི་དུས་ཀྱི་ཚེ། །དེ་ཐད་ནམ་མཁར་སྒྲོལ་དཀར་སྐུ་ཆེན་པོ། །སྐྱབས་སྦྱིན་མཛད་པའི་ཞབས་དེར་འགྲོ་བར་བསྒོམ། །ཆུ་དང་གཡང་ས་ལ་སོགས་ཡིན་ན་ནི། །འོག་ནས་ཡར་ལ་སྐྱོར་བའི་ཚུལ་དུ་བསམ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཆུ་དང་གཡང་ས་ཆོམ་རྐུན་གྱི་འཇིགས་པ་ཤནྟི༚་ཀུ་རུ་སྭཱ་ཧཱ། །དེ་བྱས་ལམ་དགྲས་མི་ཚུགས་བདེ་བར་

(༢༧༨)ཐར། །དོགས་པ་ཆེ་དུས་ལན་མང་མྱོང་བས་གྲུབ། །བལ་གཙང་སྲུང་སྐུད་རིང་པོ་ཞིག་བྱས་ཏེ། །བཟོ་མཁན་བུ་མོ་མགོ་གཙང་ཡོད་ན་མཆོག །ཨ་མྲྀ་ཏ་དང་སྭཱ་བྷས་བསངས་ཤིང་སྦྱང་། །མདུད་པ་ཉེར་གཅིག་སྒྲོལ་དཀར་ཉེར་གཅིག་བསྒོམ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་འདི་འཆང་བ་ལ་ཆོམ་རྐུན་དང་གཅན་གཟན་གྱི་འཇིགས་པ་ལས་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། །དེ་ལྟར་བརྒྱ་སྟོང་ལ་སོགས་ཅི་ནུས་བསྔགས། །ལྷ་བསྟིམ་རྟེན་འབྲེལ་སྙིང་པོས་རབ་གནས་བྱས། །མི་དང་རྟ་ཕྱུགས་ནོར་སོགས་མགུལ་དུ་བཏགས། །མཁའ་འགྲོ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས། །འདི་ཡང་མྱོང་བས་གྲུབ་པ་ལན་གྲངས་མང་། །ཡེ་ཤེས་ལྷ་མོ་ཚེ་འཕེལ་གོས་དཀར་མོ། །རང་གཞན་ཚེ་བསྲིང་གདམས་ངག་ཟབ་མོ་རྒྱ། །རང་ཉིད་དྲན་རྫོགས་རྡོ་རྗེ་ཕག་མོར་བསྒོམ། །རང་ལུས་སྟོང་གསལ་སྐུ་ཡི་གནས་ལྔ་ན། །སེང་གེ་རྨ་བྱ་གླང་ཆེན་རྟ་མཆོག་དང་། །ཤང་ཤང་བཏེགས་པའི་རིན་ཆེན་ཁྲི་ལྔའི་སྟེང་། །ཚེ་དཔག་

(༢༧༩)དཀར་དམར་མཐིང་སེར་ལྗང་གུ་ལྔ། །རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་ཡབ་སྲས་དབྱེར་མེད་པ། །རྗེ་བཙུན་མི་ལ་སྔོན་པོ་རས་གོས་ཅན། །ཕྱག་གཡས་སྙན་བརྟེན་ཞབས་གཉིས་རོལ་པའི་སྟབས། །ཕྱག་གཡོན་བ་མན་རྭ་ཅོ་བདུད་རྩིས་བཀང་། །དེ་ཡི་དབུ་གཙུག་སངས་རྒྱས་འོད་དཔག་མེད། །མཉམ་གཞག་སྟེང་དུ་ལྷུང་བཟེད་བདུད་རྩིས་བཀང་། །མདུན་དུ་ཚེ་རིང་མཆེད་ལྔ་གཞུང་བཞིན་བསམ། །རང་དང་མདུན་བསྐྱེད་བར་དེར་བླ་མ་སོགས། །བསྲུང་བྱ་ཐམས་ཅད་ཁྲོམ་ཚོགས་བཞིན་དུ་བསམ། །བདག་མདུན་ལྷ་རྣམས་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ཨོཾ་བཛྲ་ཨ་ཡུ་ཥེ་ས་ར་ཧ། །ཞེས་སོགས་སྔགས་ཀྱིས་གསོལ་བ་གདབ་པའི་ཚེ། །སྤྱི་བོའི་འོད་དཔག་མེད་ལས་འོད་ཟེར་འཕྲོས། །སྣང་སྲིད་འཁོར་འདས་ཚེ་དང་བསོད་ནམས་ཀུན། །འོད་ཀྱིས་བསྡུས་ནས་ལྷུང་བཟེད་ནང་དུ་ཐིམ། །མདུན་གྱི་ཚེ་རིང་མཆེད་ལྔའི་འོད་ཟེར་གྱིས། །འཇིག་རྟེན་ཚེ་ཡི་དངོས་གྲུབ་འབྱུང་བའི་

(༢༨༠)བཅུད། །བསྡུས་ཏེ་འོད་དཔག་མེད་ཀྱི་ལྷུང་བཟེད་ཐིམ། །ལྷུང་བཟེད་ནང་ནས་ཚེ་ཡི་བདུད་རྩི་ཕྱུར། །མི་ལའི་ཚངས་བུག་ནས་ཞུགས་སྐུ་ལུས་གང་། །ཞབས་གཡས་མཐེ་བོང་རྩེ་ནས་བདུད་རྩི་བབས། །རང་གི་ཚངས་བུག་ནས་ཞུགས་རང་ལུགས་གང་། རང་གི་གནས་ལྔའི་ཚེ་དཔག་རིགས་ལྔ་ལས། །རང་མདོག་འོད་འཕྲོས་རིགས་ལྔའི་རིགས་གྱུར་པའི། །ཚེ་ཡི་དངོས་གྲུབ་ཐམས་ཅད་བསྡུས་ཐིམ་དམིགས། །སྔགས་ནི་ཨ་མཱ་ར་ཎི་ཚེ་གཟུངས་བཟླས། །ཨོཾ་ཨཉྫེ་དྷ་རི་པཉྩ་ཌཱ་ཀི་ནི་བཛྲ་ཨ་ཡུརྫྙ་ན་སིདྡྷི་ཧཱུཾ་སྭཱ་ཧཱ། །དེ་ནི་རང་གི་ཚེ་སྲིང་དམིགས་པ་སྟེ། །དེ་ནས་སྤྱི་གཙུག་འོད་དཔག་མེད་པ་ལས། །འོད་ཟེར་ཉི་མའི་ཟེར་བཞིན་དཔག་མེད་འཕྲོས། །འོད་རེའི་རྩེ་མོར་འོད་དཔག་མེད་རེ་རེ། །བསྲུང་བྱ་རེ་རེའི་སྤྱི་བོར་རེ་རེ་བཞུགས། །དེ་ནས་གོང་བཞིན་སྔགས་གསུམ་བཟླས་པ་ཡིས། །ཚེ་རིང་མཆེད་ལྔའི་སྐུ་ལས་འོད་ཟེར་འཕྲོས། །སྣོད་བཅུད་ཚེ་བསོད་དཔལ་གཡང་ཀུན་བསྡུས་ཏེ། །སོ་སོའི་སྤྱི་བོའི་འོད་

(༢༨༡)དཔག་ལྷུང་བཟེད་ཐིམ། །བདུད་རྩི་ཕྱུར་བ་ཚངས་བའི་ལམ་ནས་ཞུགས། །ལུས་གང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །འདི་ལྟར་ཐུན་རེ་རྒྱུན་དུ་དམིགས་པའམ། །མ་འགྲུབ་ཆོས་བརྒྱད་བཅོ་ལྔ་སོགས་སུ་བསྒོམ། །རྒྱས་པར་ཚེ་རིང་མ་ཡི་ཆོ་ག་འམ། །འབྲིང་དུ་གཏོར་འབུལ་བསྡུ་ན་གཏོར་བསྔོས་བཤམ། །བསྲུང་བྱའི་ཚེ་སྲིང་དཔལ་བསྐྱེད་བཅོལ་གཏམ་བྱ། །འདི་ནི་ཚེ་རིང་མ་ཡི་སྒྲུབ་པའི་ཐབས། །རས་ཆུང་པ་དང་ངམ་རྫོང་ཞི་བ་འོད། །མི་ལ་ཉིད་ཀྱིས་མཛད་པའི་རྡོ་རྗེའི་ཚིག །གཙང་སྨྱོན་པ་ཡིས་མཛད་སོགས་མང་པོ་ཞིག །འབྱུང་བའི་དོན་བསྡུས་གོ་བདེ་གནད་ཟབ་ཡིན། །ཡབ་སྲས་ལ་སོགས་སངས་རྒྱས་སྤྲུལ་པའི་སྐུ། །སྐྱེ་འཆི་རང་དབང་ཐོབ་པ་ཡིན་ངེས་པས། །ཐུགས་སུན་སྐྱོ་བ་སྐྱེས་པར་མ་གྱུར་ན། །མི་འཆི་བཞུགས་པར་རང་དབང་ཡོད་པ་དང་། །སྐུ་དངོས་དེ་ཡི་གདུལ་བྱ་མ་རྫོགས་ན། །དུག་མཚོན་ངན་སྔགས་བྱས་ཀྱང་མི་འདའ་བཞུགས། །གདུལ་བྱ་རྫོགས་ནས་བསྲུང་བ་བརྒྱ་བྱས་ཀྱང་། །སྐུ་དངོས་མི་

(༢༨༢)བཞུགས་གཤེགས་པའི་ཚུལ་སྟོན་ཏེ། །དང་པོའི་ས་ཐོབ་ཡན་ཆད་གང་ཟག་ལ། །བདུད་དམག་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་ཀྱང་། །བ་སྤུའི་རྩེ་མོ་ཙམ་ཡང་གཅོད་མི་ནུས། །མཐོང་བ་དོན་ལྡན་སྐུ་ན་ཕྲ་མོའི་དུས། །སྐུ་རྩེ་དམ་ཡེངས་སྐུ་རིམ་མཛོད་ཞུས་པས། །ང་ཡི་སྐུ་རིམ་རང་རེས་བྱེད་མི་དགོས། །རྔ་ཡབ་གླིང་ནས་པདྨ་འབྱུང་གནས་དང་། །དགའ་ལྡན་གནས་ནས་བྱམས་པས་མཛད་དོ་གསུངས། །དེ་ཕྱིར་སྐུ་རིམ་གཙོ་བོར་བརྟན་བཞུགས་ཀྱི། །གསོལ་འདེབས་བརྩོན་པ་ཆོས་ལུགས་འདི་ཡི་སྲོལ། །རང་དབང་ཆེ་ཕྱིར་གསོལ་བ་བཏབ་ན་བཞུགས། །མ་བཞུགས་ནའང་རང་གི་ཚེ་འཕེལ་བའི། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་ཡིན། །དེ་ནི་མདོ་ལུགས་དགོངས་པ་ཡིན་མོད་ཀྱི། །འོན་ཀྱང་སྔགས་ལུགས་དགོངས་པ་དེ་མིན་ཏེ། །ཕྱག་བཞི་པ་སོགས་མགོན་པོའི་རྒྱུད་རྣམས་ལས། །དྲག་སྔགས་ཞེ་སྡང་དྲག་པོས་བསྒྲུབས་པ་ན། །ས་བཅུ་ནོན་པའི་སྲོག་ཀྱང་གཡོ་འགྱུར་ཞིང་། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཇིག་ནུས་ལ། །ཚངས་པའི་ཚེ་དང་ལྡན་ཡང་འཆི་

(༢༨༣)བར་གསུངས། །མུ་སྟེགས་པ་ཡི་དྲག་སྔགས་ཕུར་པ་ཡིས། །མགོན་པོའི་ལྡེར་སྐུའི་སྤྱི་བོར་བཏབ་པ་དེས། །ཕྱག་བཞི་པ་ཡི་ནུས་པ་ཉམས་པ་དང་། །རྭ་ལོས་འཇིགས་བྱེད་འགྲུབ་པའི་ནུས་མཐུ་ཡིས། །ས་ཐོབ་སེམས་དཔའ་སུམ་ཅུ་སོ་གཉིས་བསྒྲལ། །ས་ལུགས་རྡོ་རྗེ་གདན་པ་མཆེད་གྲོགས་གཉིས། །མཐུ་ཁ་ཚད་པས་གཉིས་ཀ་འདས་པ་དང་། །ར་ལོ་གཉན་ལོ་ཕར་ཐུབ་ཚུར་ཐུབ་བྱས། །སེམས་དཔའ་རང་བྱུང་རྡོ་རྗེ་བསྙུང་བའི་ཚེ། །རང་རེར་ངན་སྔགས་མཐུ་གཏད་བྱེད་མཁན་འདུག །སྲུང་ཟློག་གྱིས་གསུངས་ཞྭ་དམར་གྲགས་སེང་བས། །གཤིན་རྗེ་ཁ་ཐུན་སྒོ་ནས་ཟློག་པ་མཛད། །མཐུ་བྱེད་མཁན་གྱི་གྲོང་ལ་དམར་བཤལ་འབྱམས། །ཕུག་པ་བརྡིབས་ནས་མཐུ་བསྒྲུབས་མཁན་དགུ་ཤི། །རང་བྱུང་རྒྱལ་བའི་བསྙུང་གཞི་དངས་པར་གྱུར། །དེ་ཕྱིར་ས་ལམ་མཐོན་པོའི་བླ་མ་ལའང་། །སློབ་བུ་མཆེད་གྲོགས་བརྩེ་གདུང་ཅན་ཡོད་ན། །སྲུང་ཟློག་དམིགས་རིམ་གཟབ་ན་ཕྱག་ཕྱི་ཆེ། །དེ་ཡང་དྲག་

(༢༨༤)སྔགས་སྒོ་ནས་མ་ཡིན་པར། །ཡེ་ཤེས་ལྷ་མོ་སྒྲོལ་དཀར་ཚེ་འཕེལ་མ། །དེ་ཡི་སྤྲུལ་པ་བཀྲ་ཤིས་ཚེ་རིང་མ། །ཡེ་ཤེས་ལྷ་མོ་ཐུགས་རྗེ་བྱིན་རླབས་ཆེ། །འཇིག་རྟེན་ལྷ་མོ་རྣོ་མྱུར་ནུས་པར་ལྡན། །འདི་གཉིས་སྒོ་ནས་བླ་མ་མཆེད་གྲོགས་དང་། །རང་དང་བུ་སློབ་སྦྱིན་བདག་ལ་སོགས་པའི། །ཚེ་བསྲིང་དཔལ་བསྐྱེད་གདམས་ངག་ཟབ་མོ་འདིས། །གཞན་ལ་མི་གནོད་རང་ལ་ཉེས་སྒྲིབ་མེད། །དམིགས་ཡུལ་བསྲུང་བྱ་ཀུན་ལ་ཕན་ཐོགས་ཆེ། །རང་བཟོ་མ་ཡིན་རྒྱུད་གཞུར་ཕུགས་ཆེ་ཞིང་། །བཤད་ཚོད་མ་ཡིན་ལག་ཏུ་ལེན་པར་བདེ། །ཡི་གེ་མཐོང་ཙམ་མ་ཡིན་ཉམས་མྱོང་ཡོད། །བདག་གིས་རྒྱུན་གྱི་ཉམས་ལེན་ཟབ་མོ་འདི། །སྙིང་གི་བུ་མཆོག་བརྩོན་འགྲུས་ཁྱོད་ལ་གདམས། །མ་སྦས་མ་བསྐུང་འགྲོ་དོན་གང་ཆེ་མཛོད། །དེ་སྐད་རྣལ་འབྱོར་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཀྱི་ཟླ་བའི་ཉི་ཤུ་བརྒྱད། །བླ་མའི་དུས་མཆོད་སྐབས་ཀྱི་སྔ་དྲོའི་ཐུན། །ཇི་ལྟར་སྨྲས་བཞིན་ཞུ་བ་པོ་དེས་བྲིས། །སྦ་འོས་གསལ་བཀོད་འཇིག་རྟེན་ཌཱ་

(༢༨༥)ཀིར་བཤགས། །དགེ་བས་བསྟན་པའི་བདག་དང་བསྟན་འཛིན་གྱི། །སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་ཅིང་། །བར་ཆད་ཀུན་ཞི་ཕྲིན་ལས་མཐའ་རྒྱས་ཤོག །ལེའུ་བཅོ་བརྒྱད་པའོ་མངྒ་ལཾ།། །ཛ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །མདོ་སྔགས་ཀྱི་ཁྱད་པར་དང་བྱ་སྤྱོད་ཀྱི། །ཉམས་ལེན་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་པ་ཎི་ཡེ། །བླ་མ་བརྩོན་འགྲུས་རྒྱ་མཚོ་གསན་མཛོད་དང་། །རི་ཁྲོད་འགྲིམས་ཞིང་ཉམས་སུ་ལེན་པ་ལ། །མདོ་སྔགས་གཉིས་ཀྱི་ཁྱད་པར་ཤེས་དགོས་གདའ། །མདོ་ལས་སྔགས་ནི་ཁྱད་པར་གསུམ་གྱིས་འཕགས། །མདོ་ཡི་ལུགས་ལ་ཉོན་མོང་དུག་གསུམ་པོ། །སྤང་བར་མ་བྱས་འབྲས་བུ་ཐོབ་ཐབས་མེད། །སྔགས་ཀྱི་ལུགས་ལ་ཉོན་མོངས་སྤང་བ་དང་། །ཉོན་མོངས་སྦྱང་དང་ཉོན་མོངས་བསྒྱུར་བ་དང་། །ཉོན་མོངས་ལམ་དུ་ཁྱེར་དང་རང་བཞིན་ཤེས། །ཐབས་ནི་དུ་མས་བྱང་ཆུབ་སྒྲུབ་ཐབས་ཡོད། །མདོ་ལུགས་བསྐལ་པ་གྲངས་

(༢༨༦)མེད་གསུམ་གྱི་བར། །སྦྱིན་པའི་མཆོག་གྱུར་རང་གི་མགོ་བོ་ཡང་། །སྟོང་ཕྲག་ཚང་བར་སྦྱིན་པ་བཏང་དགོས་པས། །བུ་དང་ཆུང་མ་ལོངས་སྤྱོད་སྨོས་ཅི་དགོས། །དགྲ་བོས་ཡན་ལག་ཉིད་ལག་ཐམས་ཅད་ཀྱི། །ཤ་ནི་སྲང་ལ་འཇལ་ཞིང་བཅད་ན་ཡང་། །ཁོང་ཁྲོ་མེད་པའི་བཟོད་པར་བསྒོམ་པ་དང་། །ལོ་ནི་ཁྲི་ཕྲག་བཅུ་ཡི་བར་ཙམ་དུ། །ཏིང་འཛིན་གཅིག་ལ་གཡོ་བ་མེད་པ་སོགས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་དགོས། །དེ་མ་བྱས་པར་སངས་རྒྱས་ཐོབ་ཐབས་མེད། །སྔགས་ལ་དེ་ཙམ་དཀའ་སྤྱད་མི་དགོས་པར། །བདེ་བའི་ངང་ནས་ཡུན་ཐུང་སངས་རྒྱས་འགྲུབ། །མདོ་ལུགས་དབང་པོ་རྟུལ་པོའི་དབང་བྱས་པས། །བསྐལ་པ་གྲངས་མེད་གཅིག་གི་བར་དག་ཏུ། །བསོད་ནམས་ཚོགས་བསགས་སྒྲིབ་སྦྱོང་མ་བྱས་པར། །སྟོང་ཉིད་དོན་དེ་མངོན་སུམ་རྟོགས་མི་ནུས། །སྔགས་ལ་ཚེ་གཅིག་གམ་ནི་ལོ་བཅུ་གཉིས། །ལོ་གསུམ་ཕྱོགས་གསུམ་མམ་ནི་ཁྲིད་ཕོག་གཅིག །དབང་པོ་རྣོན་པོའི་དབང་བྱས་སྟོང་ཉིད་

(༢༨༧)རྟོགས། །དེ་ལྟར་ཁྱད་པར་གསུམ་གྱིས་ཁྱད་པར་འཕགས། །སྔགས་ལ་རྒྱུད་སྡེ་བྱེ་བ་བསམ་ཡས་ཀྱང་། །གསར་མའི་ལུགས་ལ་རྒྱུད་སྡེ་བཞི་རུ་གྲགས། །རྙིང་མའི་ལུགས་ལ་རྒྱུད་སྡེ་དྲུག་ཏུ་བཞེད། །བལྟ་དང་རྒོད་དང་ལག་བཅངས་གཉིས་གཉིས་འཁྱུད། །འདོད་པའི་འདོད་ཆགས་བཞི་པོ་འཇོམས་པ་དང་། །བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་གདོལ་བའི་རིགས། །མི་རིགས་བཞི་པོ་འདུལ་ཕྱིར་རྒྱུད་སྡེ་བཞི། །རྫོགས་ལྡན་གཉིས་ལྡན་སུམ་ལྡན་རྩོད་ལྡན་དུས། །དུས་བཞི་འདུལ་བའི་ཕྱིར་དུའང་རྒྱུད་སྡེ་བཞི། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་དོ། །བྱ་སྤྱོད་རྣལ་འབྱོར་གསང་སྔགས་ཕྱི་ཡི་རྒྱུད། །ཡེ་ཤེས་ལྷ་ནི་ཕྱི་རོལ་ཞིང་ཁམས་བཞུགས། །ཕྱི་ནས་སྤྱན་དྲངས་མཆོད་ཅིང་དངོས་གྲུབ་ཞུ། །དེ་ཕྱིར་གསང་སྔགས་ཕྱི་ཡི་རྒྱུད་ཅེས་བྱ། །བླ་མེད་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། །རྙིང་མའི་མ་ཧཱ་ཨ་ནུ་ཨ་ཏི་སྟེ། །གསར་རྙིང་རྒྱུད་གསུམ་དོན་ལ་ཁྱད་མེད་ཅེས། །བདག་གི་འདྲེན་མཆོག་དྷརྨ་ཤྭ་རིས་གསུངས། །

(༢༨༨)ཡེ་ཤེས་ལྷ་ནི་ཕྱི་ན་ཡོད་མིན་ཏེ། །ནང་གི་སེམས་ཉིད་ཡི་དམ་ལྷ་རུ་བཞེད། །དེ་ཕྱིར་གསང་སྔགས་ནང་པའི་རྒྱུད་ཅེས་བྱ། །བྱ་བའི་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བཞི། །སྤྱོད་པའི་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་དྲུག །རྣལ་འབྱོར་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བརྒྱད། །བླ་མེད་རྒྱུད་ལ་རྒྱུད་སྡེ་གྲངས་མེད་གསུངས། །དེ་ལྟར་རྒྱུད་སྡེ་དེ་དག་ཐམས་ཅད་ནི། །རིག་པ་འཛིན་པའི་སྡེ་སྣོད་ཅེས་བྱ་སྟེ། །མདོ་ལུགས་འདུལ་བ་མདོ་སྡེ་མངོན་པ་རྣམས། །དེ་ཡི་ལམ་སྟེགས་ཡིན་ཕྱིར་འཁོར་དུ་བཞེད། །ད་ལྟ་ཤཱཀ་ཐུབ་བསྟན་པ་མ་གཏོགས་པ། །སངས་རྒྱས་སྟོང་རྩ་གཞན་གྱི་བསྟན་པ་ལ། །གསང་སྔགས་ཆོས་ནི་མི་འབྱུང་གསུངས་པའི་དོན། །གཏན་ནས་མི་འབྱུང་པ་ནི་མ་ཡིན་ཏེ། །སྐལ་ལྡན་རྣམས་ལ་སྙན་བརྒྱུད་ཚུལ་དུ་གནང་། །ད་ལྟ་བཞིན་དུ་མི་རྣམས་ཐམས་ཅད་ཀྱི། །གསང་སྔགས་ཞེས་བྱའི་མིང་ཡང་མི་ཐོས་སོ། །མདོ་ལུགས་སྡེ་སྣོད་གསུམ་གྱི་སྟོན་པ་ནི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཉིད་ཡིན་ཏེ། །བསྟན་པ་ལོ་གྲངས་ལྔ་བརྒྱ་ཕྲག་བཅུར་

(༢༨༩)གནས། །རིམ་པ་བཞིན་དུ་དགྲ་བཅོམ་འབྲས་གནས་དང་། །དགྲ་བཅོམ་རྒྱུན་ཞུགས་ཕྱིར་མི་འོང་འབྲས་གནས། །ཕྱིར་འོང་རྒྱུན་ཞུགས་རྣམས་ནི་རིམ་པ་བཞིན། །ལྔ་བརྒྱ་ཕྲག་རེར་དེ་དག་ཐོབ་པ་མང་། །དེ་དག་འབྲས་བུའི་དུས་དང་སྒྲུབ་པའི་དུས། །དེ་རྗེས་ལུང་གི་བསྟན་པ་ལྔ་བརྒྱ་ཕྲག །གསུམ་ལ་རིམ་བཞིན་མངོན་པ་མདོ་སྡེ་དང་། །འདུལ་བ་རྣམས་ཀྱི་བཤད་པ་རྒྱ་ཆེར་དར། །བཤད་པ་ཙམ་ལས་འབྲས་བུ་ཐོབ་པ་ཉུང་། །དེ་ཕྱིར་ལུང་གི་བསྟན་པ་ཞེས་བྱའོ། །དེ་རྗེས་ལྔ་བརྒྱ་ཕྲག་གཅིག་རྟགས་ཙམ་འཛིན། །བཙུན་པའི་རྟགས་དང་ཆ་ལུགས་འཛིན་ཙམ་ལས། །བཤད་སྒྲུབ་གཉིས་ཀ་ཚད་ལྡན་འཛིན་པ་ཉུང་། །ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན་པ་ཟེར། །མཆོད་རྟེན་སྐུ་གཟུགས་གླེགས་བམ་ལ་སོགས་ནི། །ཡར་འཕེལ་ཚེ་ལོ་དྲུག་བརྒྱའི་བར་དུ་གནས། །དེ་ནི་མདོ་ལུགས་བསྟན་པའི་གནས་ཚད་དེ། །བསྟན་རྩིས་བཞེད་པ་མི་མཐུན་མང་ན་ཡང་། །

(༢༩༠)པད་འབྱུང་སྲོང་བཙན་སྒམ་པོ་ས་ལུགས་སོགས། །མང་པོ་གོ་བསྟུན་རིག་པས་ལེགས་དཔྱད་ན། །དེང་སང་ལྔ་བརྒྱ་དགུ་པའི་དཀྱིལ་ཙམ་སེམས། །མདོ་ལུགས་འབྲས་བུ་སྒྲུབ་པའི་བསྟན་པ་ཀྲོལ། །ཉམས་སུ་བླང་ཡང་འབྲས་བུ་ཐོབ་པ་དཀོན། །སྔགས་ལུགས་གྲི་གུག་བརྩེགས་པའི་རྒྱུད་ཀྱི་དོན། །སྐུ་གསུང་ཐུགས་ཀྱི་བསྟན་པ་ལྔ་བརྒྱ་གསུམ། །ཡོན་ཏན་བཞི་དང་ལྔ་བརྒྱ་ཕྲག་དགུ་སྟེ། །དེ་རྗེས་ཆོས་སྐྱོང་མགོན་པོའི་བྲིན་ལས་བཞི། །རེ་རེ་ལ་ཡང་ལྔ་བརྒྱ་ཕྲག་རི་གནས། །དུས་འཁོར་ལུགས་ལ་སྟོང་ཕྲག་མང་པོ་སྟེ། །ཁྱད་པར་རྫོགས་པ་ཆེན་པོའི་བསྟན་པ་ནི། །ཚེ་ལོ་དྲུག་ཅུ་པ་ནས་བཅུ་ཡི་བར། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པ་གནས། །དེ་ཕྱིར་རྫོགས་ཆེན་བསྒོམ་ན་གྲོལ་སླ་གསུངས། །ཁྱད་པར་ཨོ་རྒྱན་གཏེར་གྱི་བསྟན་པ་ནི། །རེ་རེ་ནུབ་ཀྱང་རེ་རེ་དར་བ་སྟེ། །ཐུབ་པའི་བསྟན་པ་མིང་མེད་གྱུར་ན་ཡང་། །ས་ཆ་ཁོལ་པུ་ཁོལ་བུར་གཏེར་ཕྲན་རྡོལ། །བྱམས་མགོན་མ་བྱོན་བར་དུ་རྒྱུན་མི་ཆད། །

(༢༩༡)བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་གསུམ་ནི། །ལོངས་སྐུ་རྣམ་སྣང་ཆེན་པོའི་བསྟན་པ་ཡིན། །མ་ཧཱ་ཨ་ནུ་ཨ་ཏིའི་རྒྱུད་གསུམ་ནི། །ཆོས་སྐུ་ཀུན་ཏུ་བཟང་པོའི་བསྟན་པ་ཡིན། །བསྟན་པ་སོ་སོ་གནས་ཚད་སོ་སོར་བཞེད། །དེ་དག་ཕལ་གྱི་སྙན་དུ་མི་འགྲོ་ཡང་། །གསར་རྙིང་རྒྱུད་གཞུང་རྒྱ་ཆེར་གཟིགས་དང་གསལ། །མདོ་སྔགས་ཁྱད་པར་འབྱེད་པའི་དབྱངས་ཆུང་འདི། །ར་ག་ཨ་སྱས་ཕྲལ་དུ་གང་དྲན་སྨྲས། །ན་མོ་གུ་རུ་ཨརྱ་བ་ལོ་ཡེ། །ལུས་ཀྱི་བྱ་བ་ཕྱག་དང་བསྐོར་བ་དང་། །གཙང་སྦྲ་བསླུང་གནས་ལ་སོགས་གཙོ་ཆེ་བས། །བྱ་བའི་རྒྱུད་ཅེས་བྱ་བ་དེ་ཡིན་ནོ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཁྱིམ་པའམ་ནི་རབ་བྱུང་ཡིན་ཡང་རུང་། །ཆུ་དང་ཅོད་པན་དར་དཔྱད་དབང་བསྐུར་ཞུས། །ཡི་དམ་དེ་ཡི་རིག་གཏད་སྒྲུབ་ལུང་ཞུ། །རང་གིས་བྲི་འམ་གལ་ཏེ་མི་ཤེས་ན། །ལྷ་བཟོ་བསྙེན་གནས་བསྲུངས་ལ་བྲིས་བཅུག་སྟེ། །ཚོན་དང་རས་གཞིར་ཀོ་སྦྱིན་མ་འདྲེས་པ། །གྲོ་ཁུ་བམ་ནི་

(༢༩༢)ཟར་ཁུས་སྦྱིན་བྱས་ལ། །ཡི་དམ་གང་ཡིན་དེ་ཡི་སྐུ་གཟུགས་བྲིས། །སྤྱན་འབྱེད་བྱས་མ་ཐག་ཏུ་རབ་གནས་བྱ། །སྐུ་གཟུགས་འཛོམ་ན་དཀྱིལ་འཁོར་མེད་ཀྱང་ཆོག །དཀྱིལ་འཁོར་པདྨ་འདབ་བརྒྱད་མུ་ཁྱུད་ཅན། །མེད་ན་འབྲས་ཀྱི་ཚོམ་བུ་བཀོད་པས་ཆོག །དེ་མདུན་ཤ་ཆང་སྒོག་སོགས་མ་འདྲེས་པའི། །མཆོད་པ་རྣམ་ལྔ་དཀར་གསུམ་གཏོར་མ་བཤམ། །སྒྲུབ་གཡོག་གུས་ལྡན་གཙང་སྦྲ་ཆེ་བ་དང་། །གོས་གསར་མཆོད་རྫས་སྤོས་དང་མེ་ཏོག་ཚགས། །དེ་ནས་རང་ཉིད་དཀར་ཕྱོགས་བསྲུང་བྱས་ཏེ། །ནངས་རེ་བཞིན་དུ་ཡན་ལག་ལྔ་ཁྲུས་བྱ། །གོས་གསར་གྱོན་ཏེ་དཀྱིལ་འཁོར་དྲུང་དུ་འོང་། །ཕྱག་འཚལ་ཀུ་ཤ་གདན་དཀར་སྟེང་དུ་འདུག །སྐྱིལ་ཀྲུང་མི་བཅའ་ཙོག་པུར་ཐལ་མོ་སྦྱར། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་པའི་རྗེས། །ས་ཕྱོགས་ཐམས་ཅད་སངས་རྒྱས་ཞིང་ཁམས་དང་། །མཆོད་རྫས་མཆོད་སྤྲིན་བསམ་མི་ཁྱབ་པར་དམིགས། །མཆོད་པའི་སྤྲིན་གྱི་གཟུངས་ཀྱི་བྱིན་གྱིས་བརླབ། །

(༢༩༣)དཀྱིལ་འཁོར་ཡོད་པའི་རིགས་ལ་གཞལ་ཡས་བསྐྱེད། །མེད་པའི་རིགས་ལ་པདྨའི་སྡོང་པོ་ནི། །ཡལ་ག་ལོ་འདབ་བར་སྣང་ཁམས་ཁྱབ་པ། །དེ་དབུས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །པདྨ་འདབ་མ་འབུམ་ལྡན་གྱེས་པའི་དབུས། །གེ་སར་རིན་ཆེན་སྣ་ཚོགས་ཟེའུ་འབྲུའི་སྟེང་། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་གདན་དུ་བཏིང་། །གོས་ཚགས་གཟབ་ཏེ་ལག་ཏུ་སྤོས་ཐུར་ཐོགས། །ལྷ་དེ་བཞུགས་པའི་ཕྱོགས་སུ་ཁ་བལྟས་ལ། །མ་ལུས་སེམས་ཅན་མགོན་སོགས་སྤྱན་འདྲེན་བྱ། །མཁྱེན་པས་གཟིགས་ཏེ་སྐད་ཅིག་དེ་ཉིད་ལ། །གློག་ལྟར་མྱུར་བར་བྱོན་ནས་གདན་བཞུགས་བསམ། །ཕྱག་འཚལ་མཆོད་བསྟོད་མཎྜལ་ལ་སོགས་པ། །ཆོ་གའི་འགྲོས་ནི་སྨན་བླའམ་གནས་ཆོག་དང་། །ས་གཞི་བྱིན་རླབས་ལྟར་དུ་བྱས་པའི་རྗེས། །མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ལྷ་ཡི་ཐུགས། །ཟླ་བའི་དཀྱིལ་འཁོར་ཉ་རྒྱས་བསྒོམ་པའི་སྟེང་། །ས་བོན་མཐའ་རུ་སྔགས་སམ་གཟུངས་དེ་ཉིད། །མེ་ལོང་ནང་གི་

(༢༩༤)གཟུགས་བརྙན་ཅི་བཞིན་དུ། །ཡིག་མགོ་ཕྱི་ན་བསྟན་ཏེ་ལམ་མེར་གསལ། །སྔགས་ལ་སོ་སོའི་རིང་སྒྲ་གྲགས་པ་ལ། །སྔགས་ཕྲེང་འཁོར་བ་སོགས་ནི་མ་ཡིན་ནོ། །དེ་ནས་དམ་ཚིག་རྡོ་རྗེ་ཞེས་བྱ་བ། །རིན་པོ་ཆེ་འམ་ཤིང་ལས་བྱས་ཀྱང་རུང་། །སོར་བཞི་ཚོན་སྐུད་སྣ་ལྔས་དཀྲིས་པ་ཞིག །ལག་པ་གཡས་པས་རང་གི་སྙིང་གར་བཟུང་། །ཕྲེང་ལུང་ཀོ་བས་མི་རུང་ཏོང་སྐུད་ཀྱིས། །བརྒྱུས་པའི་འཕྲེང་བ་ལག་པ་གཡོན་པས་བཟུང་། །ཕྲེང་བ་ཤ་རྗེན་མི་རེག་གོས་གསེར་བགྲང་། །དབུགས་ནི་ཕྱིར་ལ་འགྲོ་བའི་དུས་ཉིད་དུ། །མདུན་བསྐྱེད་ཐུགས་ཀའི་སྔགས་ལ་རིག་པ་གཏད། །དབུགས་ནི་ནང་དུ་རྔུབ་པའི་དུས་ཉིད་དུ། །མདུན་བསྐྱེད་ཐུགས་ལས་ཟླ་བ་སྣགས་བཅས་པ། །འཕྲོས་ནས་རང་གི་སྙིང་གར་ཐིམ་པར་བསྒོམ། །སྔགས་སྒྲ་མི་ཆེ་མི་ཆུང་སིལ་བུར་བགྲང་། །ཐུན་མཚམས་མ་གཏོགས་ཇ་ཡང་བཏུང་མི་ཉན། །གདན་གཅིག་ཉིན་པར་གྲོ་དཀར་གདན་གཅིག་སྟེ། །ངག་བཅད་ཉིན་པར་ཟས་སྤང་ཆུ་ཡང་སྤང་། །ཐོ་རེངས་

(༢༩༥)ངག་བཀྲོལ་ཐུག་པ་སླའུ་ནི། །ཁ་ངོ་དོད་པ་ཕོར་པ་གང་བཏུང་བ། །ཁོག་པའི་འབུ་སྲིན་བཀྲེས་པ་སེལ་ཕྱིར་ཡིན། །དེ་ཉིད་ཕྱག་དང་བསྐོར་བ་མི་བྱ་ཞིང་། །ཆོ་ག་ངག་ཏུ་མི་བརྗོད་ཡིད་འདོན་བྱ། །གདན་གཅིག་ཉིན་པར་ཕྱག་བསྐོར་ཆོ་ག་འདོན། །སྤྲིད་པ་འོག་རླུང་གད་མོ་ཤོར་བ་ན། །ཕྲེང་བ་ས་ལ་བཞག་ནས་ཆབ་བླངས་ཏེ། །ཆོ་ག་སླར་ཡང་བསྐྱར་ནས་འདོན་དགོས་སོ། །ཐུན་མཚམས་མ་གཏོགས་ཆབ་བསིལ་མི་རུང་ཞིང་། །ཚར་ནས་སླར་ཡང་ཁྲུས་དང་ཆབ་བླང་ངོ་། །འདི་སྐབས་ཉོན་མོངས་དུག་ལྔ་འདུལ་ཚུལ་ནི། །སྲོང་བཙན་སྒམ་པོ་ལྟ་བུའི་མངོན་ཤེས་ལ། །ཐོགས་པ་མེད་པའི་རྒྱལ་པོ་བཙན་པོའམ། །བླ་མ་ཆེན་པོ་མངོན་ཤེས་ཐོགས་མེད་པའི། །དྲུང་དུ་ཡུད་ཙམ་ཕལ་པའི་མིས་མཇལ་ཚེ། །སེམས་ལ་རྣམ་རྟོག་ངན་པ་འགྱུ་མི་ཕོད། །འགྱུས་ན་བླ་མས་མཁྱེན་ནས་ཐུགས་ཁྲེལ་ལམ། །རྒྱལ་པོས་མཁྱེན་ནས་བཀའ་བཀྱོན་འབྱུང་ཕྱིར་རོ། །དེ་བཞིན་ཆུ་བུར་མིག་གིས་མ་

(༢༩༦)མཐོང་ཡང་། །ཡེ་ཤེས་ལྷ་དེ་མདུན་དུ་ངེས་པར་བཞུགས། །དེ་ཕྱིར་ཉོན་མོངས་རྟོགས་པ་འཕྲེང་མི་ཕོད། །དེ་ལ་གོམས་ནས་ཉོན་མོངས་ཤུགས་ཀྱིས་འགག །ཁྱད་པར་དཀར་ཕྱོགས་བསྙུང་གནས་བྱེད་པ་དེས། །གཉིད་དང་འདོད་ཆགས་ཞེ་སྡང་ཤུགས་ཀྱིས་ཆུང་། །གཅིན་རྟུག་འོག་བླུང་ཉུང་ཕྱིར་གཙང་སྦྲ་སླ། །དེ་ཕྱིར་དཀར་ཕྱོགས་དགོས་པའི་དོན་དེ་ཡིན། །དེ་ནས་ཐུན་མཚམས་འཇོག་པའི་མཚམས་དེ་རུ། །ཕྲེང་བ་བསྐྱིལ་ལ་ཕུ་བཏབ་གནས་གསུམ་རེག །སྔགས་ཀྱི་བྱིན་རླབས་རང་ལ་ཐིམ་པར་བསམ། །རིན་ཆེན་སྣོད་ནི་འབྲུ་ཡིས་བཀང་སྟེང་བཞག །དཀྱིལ་འཁོར་དྲུང་ངམ་གཙང་བའི་སར་བཞག་སྟེ། །ཕྱག་འཚལ་ལངས་ལ་ཟས་ཀྱི་བྱ་བ་སོགས། །དཀྱིལ་འཁོར་དྲུང་དུ་མི་ཁྱ་གཞན་དུ་བྱ། །ནུབ་མོ་ཉལ་ཁ་ཐུན་ནི་འཇོག་པའི་ཚེ། །རས་བྲིས་ཡོད་ན་མདུན་བསྐྱེད་དེ་ལ་བསྟིམ། །མེད་ན་གཤེགས་ཤིང་བསྔོ་སྨོན་བཀྲ་ཤིས་བྱ། །དེ་ནས་གོས་ཚགས་བཤིག་ལ་ཉལ་པར་བྱ། །ཕྱིར་ནང་སྐྱ་རེངས་ཤར་ནས་གོས་ཚགས་བསྡམས། །ཡན་ལག་ལྔ་ཁྲུས་

(༢༩༧)བྱས་ལ་སྔར་བཞིན་ཏེ། །ཞག་ནི་གསུམ་མམ་བདུན་ནམ་ཐ་ན་ཡང་། །ལྔ་ཙམ་མཚམས་ནས་གོས་གསར་བརྗེ་ཞིང་གྱོན། །གོས་རྙིང་རླུང་སིད་བྱ་ཞིང་སྤོས་ཁར་འདོན། །མཆོད་རྫས་རྣམས་ནི་བཟའ་བར་མི་རུང་སྟེ། །ལྷ་ལ་ཕུལ་བའི་དཀོར་དེ་སྒྲིབ་པ་ཆེ། །ཟོས་ན་ལྷ་ཞལ་མི་མཐོང་སྒྲིབ་པ་འགྱུར། །ཁྱི་དང་བ་གླང་བོང་བུ་ལ་སོགས་པ། །དུད་འགྲོ་དམན་པ་རྣམས་ལ་སྦྱིན་མི་རུང་། །གཙང་ཞིང་མཐོ་བའི་གནས་སུ་བསྐྱལ་བར་བྱ། །བྱ་ཡི་རིགས་ཀྱིས་ཟློ་ཀྱང་སྐྱོན་མེད་དེ། །ནམ་མཁར་འགྲོ་བ་མཁའ་འགྲོའི་རིགས་སུ་གཏོགས། །མཇུག་ཏུ་བསྙེན་པའི་ཁ་བསྐང་སྦྱིན་སྲེག་ཀྱང་། །སྦྱིན་སྲེག་སྤྱི་དང་མཐུན་པ་མ་ཡིན་ཏེ། །འཇིག་རྟེན་མེ་ལྷ་དམ་ཚིག་ལྷ་ལ་སོགས། །བསྐྱེད་པ་མི་དགོས་མེ་དཔུང་དེ་ཡི་དཀྱིལ། །མདུན་གྱི་ལྷ་དེ་སྤྱན་དྲངས་མཆོད་པས་འཐུས། །སླར་ཡང་རས་གཞི་འམ་ནི་དཀྱིལ་འཁོར་གཞུག །ཐུན་མཚམས་བདག་འཇུག་ལ་སོགས་ལེན་པ་ཡང་། །མདུན་བསྐྱེད་དཔྲལ་བ་མགྲིན་པ་

(༢༩༨)ཐུགས་ཀ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་བདག་ལ་བསྟིམ། །བསྒྲུབས་པའི་མཇུག་ཏུ་དངོས་གྲུབ་ལེན་པའི་ཐབས། །ལྷུང་བཟེད་ནང་དུ་དཀར་གསུམ་མངར་གསུམ་དང་། །བསྲེས་པའི་ཞོ་ཟན་དག་གིས་བཀང་བྱས་ཏེ། །སྟེང་དུ་དར་ཚོན་སྣ་ལྔས་དགབ་དང་བྱ། །དེ་སྟེང་དམ་ཚིག་རྡོ་རྗེ་བཞག་བྱས་ཏེ། །མདུན་གྱི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ། །དངོས་གྲུབ་རང་བཞིན་ཟས་ལ་ཐིམ་བསྒོམ་ཞིང་། །ཉིན་ཞག་ཕྲུག་ཅིག་ཟས་དང་གཉིད་སྤངས་ནས། །ལྷུང་བཟེད་ལག་མཐིལ་གཡོན་བཞག་གཡས་པས་བཀབ། །ནམ་ལངས་བར་དུ་ལྷ་ཡི་སྙིང་པོ་བཟླས། །འོད་དང་དུ་བ་རྔ་སྒྲ་སྤོས་དྲི་འཐུལ། །དྲོད་སྐྱེ་རླངས་པ་འཐུལ་ན་དངོས་གྲུབ་ཐོབ། །རྟགས་མ་བྱུང་ཀྱང་དེ་ཉིད་ཟོས་པ་ཡིས། །ཚེ་རིང་ནད་ཉུང་རྒྱས་པ་སྲ་བ་ཡིན། །སྒྲུབ་ཚེ་ཉི་ཟླ་འཆར་སོགས་རྨི་ལམ་ལྟས། །རྟགས་ཡིག་གཞན་དང་མཚུངས་པ་དུ་མ་འབྱུང་། །རས་བྲིས་དམ་ཚིག་རྡོ་རྗེ་རྟེན་དུ་བཅངས། །ཡི་དམ་དངོས་སུ་མོས་ལ་དད་འདུན་

(༢༩༩)བསྐྱེད། །དུས་བཟང་དུས་སུ་བཤམས་ལ་མཆོད་པ་འབུལ། །དེ་མདུན་སྦྱིན་སྲེགས་ཕུལ་ཞིང་གསོལ་བཏབ་ན། །ཅི་ལྟར་བསམ་པ་ཐམས་ཅད་འགྲུབ་པ་ཡིན། །དམ་ཚིག་རྡོ་རྗེ་མི་སྟོན་སྦས་ལ་འཆང་། །རས་བྲིས་སློབ་མའམ་ནི་དད་ལྡན་ལ། །ཞལ་བསྟན་ཕྱག་དང་མཆོད་པ་ཕུལ་བཅུག་པས། །སྒྲིབ་པ་དཔག་མེད་འབྱོངས་པར་གསུངས་པ་ཡིན། །དེ་ལྟར་བྱ་རྒྱུད་ཉམས་སུ་བླང་བ་ན། །ཡི་དམ་ལྷ་དེས་རྗེས་སུ་བཟུང་བའི་མཐུས། །མི་ནས་མིར་སྐྱེས་སྐྱེ་བ་དྲུག་ཅུ་ལ། །དེ་ལྟར་བྱ་རྒྱུད་ཉམས་སུ་ལེན་འགྱུར་ཞིང་། །དེ་ནས་ཚེ་འཕོས་མངོན་ཤེས་རྫུ་འཕྲུལ་སོགས། །ཡི་དམ་ལྷ་དེ་ཉིད་དང་མཉམ་འགྱུར་ཞིང་། །པོ་ཊ་ལ་སོགས་ལྷ་དེའི་ཞིང་ཁམས་སུ། །ལྷ་དང་ལྷ་མོའི་གཟུགས་ཅན་རིག་འཛིན་ནི། །རྟག་ཏུ་ལྷ་དེའི་ཞབས་འབྲིང་བྱེད་པར་འགྱུར། །མིང་ནི་གྲུབ་པའི་རིག་འཛིན་ཞེས་བྱ་སྟེ། །སྤྱན་རས་གཟིགས་དང་སྒྲོལ་མ་ལ་སོགས་པའི། །འཁོར་ལ་བྱེ་བ་དུང་ཕྱུར་ཡོད་པར་

(༣༠༠)གསུངས། །དགོངས་པ་ངོ་བོ་རིགས་གསུམ་མགོན་དང་མཉམ། །སྐབས་སུ་སྤྲུལ་པའམ་ནི་སྐྱེ་རྒྱུད་ནི། །ཕལ་ཆེར་བྲམ་ཟེའི་རིགས་སུ་སྐྱེ་འགྱུར་ཏེ། །བྱ་བའི་རྒྱུད་ཀྱི་བསྟན་པ་འཛིན་པར་བྱེད། །དཔེར་ན་བྲལ་ཟེ་སྐྱེ་བ་བདུན་པ་བཞིན། །མཐོང་ཐོས་དྲན་རེག་ཐམས་ཅད་འདྲེན་ནུས་སོ། །བྱ་རྒྱུད་ཉམས་སུ་ལེན་ཚུལ་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གཅིག་དགོངས་ཐུན་མཚམས། །སྦྱིན་སྲེག་ཚར་མཚམས་བྱུང་རྒྱལ་སྨྲ་བ་པོ། །སྙིགས་དུས་དྲང་སྲོང་རཱ་ག་ཨ་སྱའོ། །ཡི་གེ་པ་ཡང་བཱིར་ཡ་སཱ་ག་ར།། །༈། །།ན་མོ་གུ་རུ་བཛྲ་པ་ཎི་ཡེ། །ལུས་ཀྱི་སྤྱོད་པ་བྱ་རྒྱུད་དང་འདྲ་ཞིང་། །སེམས་ཀྱི་ཏིང་ངེ་འཛིན་དང་གཉིས་ཀ་སྤྱོད། །དེ་ཕྱིར་སྤྱོད་པའི་རྒྱུད་ཅེས་བྱ་བ་ཡིན། །ལུས་ཀྱི་སྤྱོད་པ་བྱ་རྒྱུད་དང་མཚུངས་ཤིང་། །ཏིང་འཛིན་རྣལ་འབྱོར་རྒྱུད་དང་ཕྱོགས་འདྲ་ཙམ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་ལ་ལས་བཞེད། །ཆུ་དང་ཅོད་པན་དར་དཔྱང་དབང་གི་སྟེང་། །རྡོ་རྗེ་དྲིལ་བུ་མིང་གི་དབང་ཞུས་ཤིང་། །

(༣༠༡)སྔགས་ཀྱི་རྗེས་གནང་རིག་གཏད་སྒྲུབ་ལུང་ཞུ། །དེ་ནས་དཀྱིལ་འཁོར་བྲིས་སྐུ་མཆོད་རྫས་སོགས། །བྱ་བའི་རྒྱུད་དང་ཁྱད་པར་མེད་པ་ཡིན། །སྤྱོད་པ་ངག་བཅད་སྨྱུང་གནས་མི་དགོས་ཏེ། །གསོ་སྦྱོང་ཡན་ལག་བརྒྱད་པ་ཉིན་བཞིན་ལས། །གདན་གཅིག་མི་དགོས་དཀར་གྲོ་དགོངས་བཅད་ཆོག །དེ་དོན་མ་ཧཱ་མཱ་ཡཱའི་འགྲེལ་ཆེན་ལས། །སྨྱུང་བའི་ཕྱི་དྲོའི་ཁ་ཟས་སྤངས་པའོ། །ཞེས་གསུངས་ཁྱིམ་པ་སྐྱེ་པོའི་བསྙེན་གནས་དང་། །འདི་ཡི་གསོ་སྦྱོང་ཡན་ལག་བརྒྱད་པ་གཉིས། །བསྲུངས་ཚུལ་འདྲ་ཡང་དོན་ལ་མི་འདྲ་སྟེ། །འདུལ་བ་ལས་གསུངས་བསྙེན་གནས་ཡན་ལག་བརྒྱད། །སློབ་དཔོན་ལ་ནི་ངེས་པར་ཞུ་དགོས་ཏེ། །རྟེན་གྱི་དྲུང་དུ་རང་གི་ལེན་མི་ཆོག །འདི་ཡི་གསོ་སྦྱོང་སློབ་དཔོན་ཡོད་ན་རབ། །མེད་ན་ཉིན་རེ་བཞིན་དུ་རྟེན་དྲུང་བླངས། །འདུལ་བ་ནས་གསུངས་བསྙེན་གནས་ཡན་ལག་བརྒྱད། །ཁྱིམ་པ་རྣམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། །རབ་བྱུང་རྣམས་ཀྱིས་སྲུང་

(༣༠༢)བར་མི་རུང་སྟེ། །བསྲུང་ན་རབ་བྱུང་སྡོམ་ལ་གནོད་ཅེས་བཤད། །འདི་ཡི་གསོ་སྦྱོང་ཡན་ལག་བརྒྱད་པ་ནི། །ཉིན་ཞག་གཅིག་གི་སྡོམ་པ་ཡིན་ན་ཡང་། །ཐེག་ཆེན་བྱ་སྤྱོད་རྒྱུད་ཀྱི་སྡོམ་པ་སྟེ། །ཚངས་སྤྱོད་དགེ་བསྙེན་བནྡེས་དེ་བསྲུངས་ན། །དགེ་བསྙེན་ཉེས་བྱས་ཕྲ་ཞིབ་ཐམས་ཅད་དང་། །དོན་ལ་དགེ་བསྙེན་གསོ་སྦྱོང་ཡིན་པའི་ཕྱིར། །གསོ་སྦྱོང་ཡན་ལག་བརྒྱད་པ་ཞེས་གྲགས་སོ། །གསོ་སྦྱོང་གོ་དོན་དགེ་བ་གསོ་བ་དང་། །སྡིག་པ་སྦྱོང་ཕྱིར་གསོ་སྦྱོང་ཞེས་བྱའོ། །དེ་བཞིན་དགེ་ཚུལ་དང་ནི་དགེ་སློང་གི། །ངག་བཅད་སྨྱུང་གནས་དཀར་ཕྱོགས་བྱས་པ་ན། །སྡོམ་པའི་ཉེས་ལྟུང་ཐམས་ཅད་སོར་ཆུད་ནས། །ཚུལ་ཁྲིམས་རྣམ་པར་དག་འགྱུར་རྒྱུད་ལས་གསུངས། །དེ་ཕྱིར་ཁྱིམ་བས་བསྙེན་གནས་སྲུང་བ་དང་། །བཙུན་པས་གསོ་སྦྱོང་ཡན་ལག་བརྒྱད་སྲུང་བ། །སྲུང་ཚུལ་འདྲ་ཡང་དོན་ལ་མི་འདྲ་བ། །མདོ་སྔགས་སོ་སོ་ཡིན་པ་མཁྱེན་པར་མཛོད། །དེ་ནས་དཀྱིལ་འཁོར་མདུན་དུ་རང་ཉིད་ནི། །སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་

(༣༠༣)བྱིན་རླབས་སོགས། །བྱ་བའི་རྒྱུད་དང་འདྲ་བར་བྱས་པའི་རྗེས། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྦྱངས་བྱས་ཏེ། །སྟོང་པའི་ངང་ལས་པད་ཉིའམ་པད་ཟླའི་སྟེང་། །རང་སེམས་ས་བོན་ཡིག་འབྲུའི་འོད་ཟེར་འཕྲོས། །དོན་གཉིས་བྱས་ཏེ་འོད་ཟེར་ཚུར་འདུས་པས། །ས་བོན་ཕྱག་མཚན་ཡིག་འབྲུས་མཚན་པར་བསམ། །ལྷ་དེས་ཕྱག་རྒྱ་བཅིངས་ཤིང་སྔགས་བརྗོད་པས། །ཕྱག་མཚན་འོད་ཞུ་རང་ཉིད་ཡི་དམ་བསྒོམ། །རྒྱན་དང་ཆ་ལུགས་སོ་སོའི་མངོན་རྟོགས་བཞིན། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་ཡི་གེ་གསུམ། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲང་དབང་བསྐུར་རྒྱས་གདབ་མེད། །མདུན་གྱི་དཀྱིལ་འཁོར་སངས་རྒྱས་ཞིང་ཁམས་དབུས། །རིན་ཆེན་ཁང་བཟང་གྲུ་བཞི་སྒོ་བཞི་སོགས། །ཕྱི་རོལ་པད་རྭ་རྡོ་རྗེའི་རྭ་བ་དང་། །འོད་ཀྱི་ཕྲེང་བ་ལྕགས་རིའི་ཚུལ་དུ་སྐོར། །རྡོ་རྗེའི་གུར་སོགས་འདི་ལ་ཡོད་པ་མིན། །དཀྱིལ་འཁོར་མེད་ན་པད་སྡོང་འདབ་སྟོང་སྟེང་། །ཞི་ཁྲོའི་ཁྱད་ཀྱི་

(༣༠༤)ཟླ་ཉི་གང་རུང་བསྒོམ། །སྤོས་བལྟམས་དྲིལ་བུ་གསིལ་ཞིང་ལག་གཡས་ཀྱིས། །བཞུགས་པའི་ཕྱོགས་ནས་རྡོ་རྗེས་གཡབ་ཚུལ་གྱིས། །སྤྱན་འདྲེན་ཚིག་གིས་བྱོན་ནས་མདུན་བཞུགས་བསམ། །བྱོན་སྐྱེམས་ཆུ་གཉིས་འབུལ་ཞིང་ཕྱག་འཚལ་ཏེ། །དེ་རྗེས་མཆོད་པ་ལྔ་ཡིས་མཆོད་ཅིང་བསྟོད། །དཀྱིལ་འཁོར་དྲུང་དུ་གདན་ནི་གཙང་མའི་སྟེང་། །སྐྱིལ་ཀྲུང་ཕྱེད་པས་འདུག་ཅིང་སེམས་རྩེ་གཅིག །བདག་མདུན་གཉིས་ཀའི་ཐུགས་ཀའི་གཞི་དེ་ན། །ཟླ་བའི་དཀྱིལ་འཁོར་ཉ་ནི་རྒྱས་པའི་སྟེང་། ས་བོན་འགྲེང་སྟེ་གནས་མཐར་སྔགས་བསམ་གཟུངས། །སྔགས་འཕྲེང་ཡིག་འགོ་ཕྱིར་བསྟན་འཁོད་པར་བསྒོམ། །མདུན་གྱི་ཟླ་བ་སྔགས་ཕྲེང་སྒྲར་བཅས་ལ། །རྩེ་གཅིག་ཡིད་གཏད་ཅི་ནུས་བཟླས་པའི་མཇུག །མདུན་བསྐྱེད་ཐུགས་ལས་སྔགས་ཕྲེང་ཟླ་བ་བཅས། །འཕྲོས་ནས་རང་གི་སྔགས་ཕྲེང་ཟླ་བར་ཐིམ། །དེ་ལ་རྩེ་གཅིག་རིག་པ་གཏད་ལ་བཟླས། །དབུགས་ཀྱི་དབྱུང་རྔུབ་དང་ནི་

(༣༠༥)སྤྲད་ན་ལེགས། །མ་ཐུབ་ནའང་མ་གསལ་བར་དུ་བསྒོམ། །ཐུན་མཚམས་མདུན་བསྐྱེད་དཀར་གསུམ་གཏོར་མ་བསྔོ། །བཞུགས་གསོལ་བྱས་ནས་རང་ཉིད་དམ་ཚིག་པ། །སྟོང་པར་བསྡུས་ནས་ཐ་མལ་ལུས་ཀྱི་ནི། །ཐུན་མཚམས་སྤྱོད་པ་བྱེད་ཅིང་འདི་ལ་ནི། །ཐུན་དུས་ཇ་སོགས་བཏུང་བར་རུང་བ་སྟེ། །ཆབ་ལེན་ལྷམ་ཕུད་ལ་སོགས་བྱ་རྒྱུད་མཚུངས། །འདི་ཡི་ལུགས་ཀྱིས་དུག་གསུམ་འདུལ་བའི་ཐབས། །ཡེ་ཤེས་སེམས་དཔའ་རྒྱལ་པོ་ལྟ་བུའི་མདུན། །རང་ཉིད་དམ་ཚིག་སེམས་དཔའ་བློན་པོའི་ཚུལ། །རྒྱལ་བློན་ཚུལ་དུ་དངོས་གྲུབ་སྒྲུབ་པ་སྟེ། །དཔེར་ན་འཁོར་ལོས་བསྒྱུར་རྒྱལ་མངོན་ཤེས་ཅན། །ཤིན་ཏུ་བཀའ་ཁྲིམས་བཙན་པའི་མདུན་དེ་ན། །ཡུད་ཙམ་བློན་པོས་རང་དོན་ཞུ་འབུལ་ཚེ། །རྒྱལ་པོའི་ཞལ་བལྟ་གསུང་ཉན་དགོངས་པ་ཡིན། །ཞེ་ནི་ཡེངས་པའི་ལོང་མེད་བསྒྲིམ་པ་ལྟར། །ཡེ་ཤེས་ལྷ་དེ་མངོན་སུམ་མདུན་དུ་དམིགས། །གཟུངས་སྔགས་སྒྲ་ལ་

(༣༠༦)རིག་པ་རྩེ་གཅིག་གཏད། །ལག་གཡས་ལྷ་དེའི་དམ་ཚིག་ཕྱག་རྒྱ་ནི། །སྙིང་གར་འཆང་ཞིང་གཡོན་པས་ཕྲེང་བ་བགྲང་། །རྩེ་གཅིག་མ་ཡེངས་ཁབ་མིག་སྐུད་འཛུད་བཞིན། །དེ་ཚེ་ཉོན་མོངས་སྐྱེ་བའི་གོ་སྐབས་མེད། །ཉལ་ཁར་རས་བྲིས་ཡོད་ན་དེ་ལ་བསྟིམ། །མེད་ན་ཡེ་ཤེས་གཤེགས་ཤིང་ཤིས་པ་བརྗོད། །སྔོན་ལྟར་ཕྱིར་ནངས་ལངས་ལ་གསོ་སྦྱོང་བླངས། །དགོངས་བཅད་རྒྱུན་དུ་བྱ་ཞིང་བསྙེན་པ་བྱ། །དེ་ལྟར་ཟླ་དྲུག་ཟླ་གསུམ་ཟླ་གཅིག་སོགས། །རྟགས་ནི་རྟགས་ཡིག་སྤྱི་དང་མཐུན་པ་ཡིན། །དེ་ནི་བསྙེན་པ་ཡིན་ཅིང་དུས་དེའམ། །དུས་གཞན་དུ་ཡང་རུང་སྟེ་སྒྲུབ་པ་དང་། །དངོས་གྲུབ་ལེན་པའི་ཆོ་ག་བྱ་བ་ནི། །རས་བྲིས་དཀྱིལ་འཁོར་གང་འཛོམ་དེ་ཡི་རུང་། །དཀར་གསུམ་མཆོད་པ་གཟབ་ཅིང་སྦྱིན་སྲེག་འབུལ། །ཚེས་གཅིག་ནས་ནི་བཅུ་བཞིར་བར་དག་ཏུ། །བསྙེན་པ་བྱེད་ཚུལ་སྔོན་དང་འདྲ་བ་སྟེ། །བཅོ་ལྔའི་ཉིན་ནུབ་གཉིས་ལ་སྔགས་རྒྱུན་ནི། །བཟའ་བཏུང་ཚེ་ཡང་ཡིད་

(༣༠༧)འདོན་མ་ཆད་བྱ། །གཟས་འཛིན་འགྲིགས་ན་ཤིན་ཏུ་བཟང་བ་ཡིན། །ཉི་མ་ནུབ་ནས་ནམ་ནི་མ་ལངས་པར། །ལུས་པོ་བསྲང་ལ་གཉིད་རྨུགས་མ་ཤོར་བར། །ལག་གཉིས་ལྷ་དེའི་ཕྱག་རྒྱ་ཐུགས་ཀར་བཅའ། །ཕྲེང་བ་མི་བགྲངས་སྔགས་ནི་སིལ་བུར་བཟླ། །ཐོ་རངས་དུས་སུ་ལག་པའི་ཕྱག་རྒྱ་ལ། །མེ་འབར་འོད་འཕྲོ་མེ་སྟག་འཚུབས་པའམ། །ཡི་དམ་ཐང་སྐུ་བཞད་སོགས་རྟགས་འབྱུང་སྟེ། །འགྲུབ་པ་ཡིན་པས་གང་འདོད་ལས་ཚོགས་འགྲུབ། །གལ་ཏེ་རྟགས་མཚན་ཅི་ཡང་མ་བྱུང་ཡང་། །དབང་བསྐུར་རབ་གནས་སྦྱིན་སྲེག་ལ་སོགས་པ། །སྤྱོད་རྒྱུད་སློབ་དཔོན་བྱ་བ་ཐམས་ཅད་རུང་། །སྐྱེ་བ་དྲུག་ཅུར་འབྲས་བུ་ཐོབ་ཚུལ་སོགས། །བྱ་བའི་རྒྱུད་དང་ཁྱད་པར་མེད་པར་བཤད། །བོད་འདིར་སྤྱོད་རྒྱུད་མང་དུ་མཱ་གྱུར་ཏེ། །འབྱུང་འདུལ་རྒྱུད་འདི་སྤྱོད་རྒྱུད་ཉིད་དུ་ངེས། །གཞན་འགའ་ཞལ་མ་འཆམས་པས་འདིར་མ་བརྗོད། །བྱ་སྤྱོད་རྒྱུད་གཉིས་ཉམས་སུ་ལེན་དཀའ་ཡང་། །

(༣༠༨)ཤེས་རབ་ཡོད་ཅིང་བླ་མ་བསྟེན་པའི་དྲིན། །ཟླ་ཤས་ཙམ་རེ་འབྲེལ་བ་བཞག་པ་ན། །མི་ལུས་དོན་ལྡན་སྐལ་བ་བཟང་པོ་ཡིན། །དེ་ཕྱིར་ཡིད་ལ་ཟུངས་ཤིག་བིརྻ་བ། །སྤྱོད་རྒྱུད་ལུགས་ཀྱི་ཆོ་གའི་འགྲོས་དེ་ནི། །འབྲུག་ལུགས་ཡི་གེ་དྲུག་པའི་སྒྲུབ་ཐབས་ལགས། །དེ་མིན་མང་པོ་བདག་གིས་མ་མཐོང་ངོ་། །སྤྱོད་རྒྱུད་ཉམས་སུ་ལེན་པའི་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གཉིས་དགོངས་ཐུན་ལ། །ར་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། །ཡི་གེ་པ་ཡང་བཱིརྻ་སཱ་ག་ར། །ལེའུ་བཅུ་དགུ་པོ་མངྒ་ལཾ།། །ཝ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ངན་སོང་སྒོ་གཅོད་ཅེས་བྱ་བ་བཞུགས། །ན་མོ་གུ་རུ་བཻ་རོ་ཙ་ན་ཡེ། །བཱིརྻ་སཱ་ག་ར་ཁྱེད་སྙན་གསོན་དང་། །ངོ་མཚར་གཏམ་སྙན་འགའ་ཞིག་འདི་ན་ཡོད། །ལུས་ཀྱི་བྱ་སྤྱོད་གཙང་སྦྲ་གཙོ་མི་ཆེ། །ནང་གི་རྣལ་འབྱོར་ཏིང་འཛིན་གཙོ་ཆེ་བས། །དེ་ཕྱིར་རྣལ་འབྱོར་རྒྱུད་ཅེས་བྱ་བ་ཡིན། །ཤ་ཆང་ལ་སོགས་མི་གཙང་ཟས་རྣམས་ནི། །

(༣༠༩)སྤང་བར་གསུངས་ཀྱི་གལ་ཏེ་མ་སྤང་ཡང་། །བྱ་སྤྱོད་བཞིན་དུ་གཏན་ནས་མི་རུང་མིན། །ཅི་ལྟར་བདེ་བར་དངོས་གྲུབ་སྒྲུབ་པའི་ཐབས། །དེ་ཕྱིར་སྔོན་ཚེ་ཆོས་རྒྱལ་ཁྲི་སྲོང་གིས། །རྒྱུད་སྡེ་བཞི་དྲུག་དཔག་མེད་བསྒྱུར་བའི་ནང་། །རྣལ་འབྱོར་རྒྱུད་ལ་ཤིན་ཏུ་ཐུགས་མཉེས་ནས། །བསམ་ཡས་དབུ་རྩེའི་བར་ཁང་སྟེང་ཁང་དུ། །རྡོར་དབྱིངས་ལྷ་གྲངས་བཞེངས་པ་དེ་ལྟར་ལགས། །གསང་སྔགས་གསར་མའི་ཆོས་ཀྱི་ཆུ་ཕུགས་ནི། །མངའ་རེར་བྱོན་པའི་མ་ཧཱ་པཎྜི་ཏ། །སྡེ་སྣོད་རྒྱུད་སྡེ་རིག་གནས་ཀུན་ལ་མཁས། །འཇམ་དབྱངས་སྤྲུལ་པ་ལོ་ཆེན་རིན་བཟང་གིས། །རྣལ་འབྱོར་རྒྱུད་དང་ཁྱད་པར་སྤྱོད་རྒྱུད་འདི། །བོད་ཡུལ་འདི་ན་རྒྱ་ཆེར་དར་བར་མཛད། །མཁས་པ་ཆེན་པོ་ཇོ་བོ་ཨ་ཏི་ཤས། །བོད་འདི་གཙང་སྦྲ་ཆུང་ཞིང་སྤྱོད་པ་རྩིང་། །བྱ་སྤྱོད་རྒྱུད་གཉིས་འགྲུབ་པའི་རེ་བ་མེད། །བོད་འདི་ཐེ་ཚོམ་ཆེ་ཞིང་རྣམ་རྟོག་ཧྲག །བླ་མེད་རྒྱུད་ནི་རྟོགས་པས་མི་ཆུན་ཏེ། །རྣལ་འབྱོར་རྒྱུད་འདི་བོད་ལ་ཕན་འདུག་གསུངས། །

(༣༡༠)རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཐམས་ཅད་ནི། །ཡེ་ཤེས་པ་ཡི་ལྷ་རུ་དོན་མཉམ་པས། །ལྷ་ལ་ཐེག་པ་མཐོ་དམན་ཡོད་མིན་ཏེ། །གདུལ་བྱའི་བློ་དང་འཚམས་པར་རྒྱུད་སྡེ་གསུངས། །དང་པོ་སྔོན་ལ་བྱ་རྒྱུད་གསུངས་པའི་ཕྱིར། །རྒྱུད་སྡེ་བཞིན་ཡི་རྩ་བ་བྱ་རྒྱུད་ཡིན། །དེ་ཕྱིར་བྱ་རྒྱུད་རང་ལུགས་ཉམས་ལེན་དང་། །བྱ་རྒྱུད་སྤྱོད་རྒྱུད་ལྟར་དུ་ཉམས་ལེན་ཡོད། །རྒྱ་གར་མཁས་པ་དགྲ་ལས་རྣམ་རྒྱལ་བས། །བྱ་རྒྱུད་རྣལ་འབྱོར་རྒྱུད་ལྟར་ཉམས་ལེན་གསུངས། །དཔེར་ན་ཚེ་དཔག་ལྷ་དགུ་ལྟ་བུ་ཡིན། །དེ་བཞིན་ཇོ་བོ་རྗེས་ཀྱང་དེ་ལྟར་མཛད། །རྨེ་བརྩེགས་ལྗང་གུ་མི་འཁྲུགས་ཆོ་ག་བཞིན། །དེ་བཞིན་པན་ཆེན་རྡོ་རྗེ་གདན་པས་ཀྱང་། །བྱ་རྒྱུད་བླ་མེད་རྒྱུད་ལྟར་ཉམས་ལེན་མཛད། །དཔེར་ན་བི་མའི་རྣམ་འཇོམས་དཀར་པོ་བཞིན། །དེ་བཞིན་རྡོ་རྗེ་གདན་པ་ཆེ་ཆུང་གིས། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་པོ་དང་། །དབང་ཕྱུག་རྡོ་རྗེས་གཅིག་ཤེས་ཀུན་ཁྲོལ་གྱི། །བདག་མདུན་བུམ་གསུམ་དབང་གི་སྒྲུབ་ལུགས་ནི། །རྣལ་འབྱོར་རྒྱུད་དང་དགོངས་

(༣༡༡)པ་མཐུན་པ་ཡིན། །སྐུ་གསུང་ཐུགས་ཀྱི་རྗེས་གནང་བྱ་ཚུལ་ནི། །གོང་གི་རྒྱ་གཞུང་དེ་དག་ཀུན་དང་མཐུན། །རྒྱས་པར་ཡོན་ཏན་ཕྲིན་ལས་དབང་བསྐུར་ནི། །ཞི་ཆས་ཁྲོ་ཆས་ཕྱག་མཚན་ལ་སོགས་དང་། །གཏོར་དབང་ལ་སོགས་རྙིང་མའི་དོན་བསྡུས་ཏེ། །དབང་བསྐུར་རྒྱལ་པོའི་རྒྱུད་ནི་ཆེན་པོ་དང་། །ཆོས་སྐྱོང་མགོན་པོའི་གཏོར་རྒྱུད་སོགས་དང་མཐུན། །དོན་ལ་གསར་རྙིང་ཀུན་གྱིས་དགོངས་པ་བསྡུམ། །ཀུན་མཐུན་ཀུན་ལས་ལྷག་པ་ཡིན་མོད་ཀྱི། །འདི་ལ་ཟུག་རྔུ་ལྡན་པ་འགའ་ཞིག་གིས། །འདི་ཡི་རྒྱུད་ནི་གང་ལ་བརྟེན་པ་ཡིན། །ཟེར་ནས་ཅོ་འདྲི་བྱེད་པ་བདག་གིས་ཐོས། །རྡོར་ཕྲེང་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་སོགས། །རྒྱུད་སྡེ་གཅིག་ལས་དེ་ལྟར་གསུངས་པ་མེད། །འོན་ཀྱང་པཎ་ཆེན་མཁས་པས་གཅིག་ཏུ་བསྡུས། །དེ་བཞིན་གསར་རྙིང་རྒྱུད་སྡེ་མཐའ་ཡས་དང་། །བཀའ་གཏེར་མན་ངག་ཀུན་གྱི་དོན་བསྡུས་ཡིན། །དེ་ཕྱིར་འདུས་ཆེ་ཟབ་ལ་རྒྱ་ཆེ་བ། །གྲུབ་མཐའ་གཞན་ལ་སྔོན་ཆད་མ་བྱུང་པས། །ཐེ་ཚོམ་སྤང་ལ་སྙིང་ལ་

(༣༡༢)ཆོངས་ཤིག་ཀྱེ། །རྣལ་འབྱོར་རྒྱུད་ལ་མོས་པའི་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གཉིས་དགོངས་ཐུན་མཚམས། །གྲོང་ཆོག་རྒན་པོ་རཱ་ག་ཨ་སྱ་ཡིས། །ཟོས་ཚོད་དྲན་ནས་རྒྱུད་ལ་བསྟོད་པ་བྱས། །བཱིར་ཡ་སཱ་ག་ར་ཡང་དགོད་ཅིང་བྲིས།། ༈ །།ན་མོ་གུ་རུ་སརྦ་བི་ད་ཡེ། །རི་ཁྲོད་འགྲིམས་ཤིང་ཉམས་སུ་ལེན་པའི་མིས། །རྣལ་འབྱོར་རྒྱུད་ལ་འབྲེལ་པ་འཇོག་བྱ་སྟེ། །རྩ་བའི་རྒྱུད་ནི་དེ་ཉིད་འདུས་པ་ཡིན། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསུངས། །བཤད་པའི་རྒྱུད་ནི་རྡོ་རྗེ་རྩེ་མོ་ཡིན། །དེ་ལ་ཁམས་གསུམ་རྣལ་རྒྱལ་དཀྱིལ་འཁོར་གསུངས། །དེ་གཉིས་རྡོར་ཕྲེང་སོགས་ལས་འབྱུང་མོད་ཀྱི། །ཆོ་གའི་ཁོག་ནི་ཀུན་རིགས་སོགས་དང་མཐུན། །འོན་ཀྱང་དར་སྲོལ་ཆུང་ཕྱིར་སྤྲོས་པ་བསྐྱུངས། །འཕྲོས་པའི་རྒྱུད་ནི་ངན་སོང་སྦྱོང་རྒྱུད་དང་། །གཙུག་དགུའི་རྒྱུད་ནི་གཉིས་ཀ་ཡིན་ན་ཡང་། །གཙུག་དགུའི་རྒྱུད་ལ་ལ་ལས་ཐེ་ཚོམ་བྱེད། །སྦྱོང་རྒྱུད་རྩད་མེད་ཉི་ཟླ་ལྟ་བུ་ཡིན། །དེ་ལ་རྒྱ་གཞུང་འགྲེལ་ཆེན་བཞི་ཡོད་དེ། །དེ་དག་བཅུད་བསྡུས་རྣམ་གྲོལ་སྒོ་ཆེན་ཡིན། །

(༣༡༣)འགྲེལ་ཆེན་དེ་དག་རྣམས་དང་མི་མཐུན་པའི། །གཞན་ཕན་མཐའ་ཡས་གཞན་ཕན་འོད་ཟེར་གཉིས། །ཇོ་བོའི་སློབ་མ་གོ་མའི་སྒོམ་ཆེན་གྱིས། །ཟིན་བྲིས་མཛད་པའི་རྗེས་འབྲང་ཡིན་པར་བཞེད། །ཟིན་བྲིས་དེ་ཡང་ཇོ་བོའི་གསུང་རྒྱུན་ཏེ། །ཇོ་བོ་ལོ་ཆེན་གཉིས་པོ་ཞལ་འཛོམ་ཚེ། །ལོ་ཆེན་རིན་བཟང་ཅུང་ཙམ་མ་མགུ་ནས། །རྣལ་འབྱོར་རྒྱུད་ལ་ང་རང་མཁས་འདུག་གསུངས། །དེ་ཕྱིར་རྣམ་གྲོལ་སྒོ་ཆེན་ཁུངས་བཙུན་ནོ། །རང་རེ་བཙུན་བ་རི་ཁྲོད་འགྲིམ་པ་རྣམས། །རྫོགས་པའི་སངས་རྒྱས་བསྒྲུབ་པར་སེམས་བསྐྱེད་ཀྱང་། །སྡོམ་གསུམ་ཉེས་ལྟུང་ཕྲ་ཞིབ་ཆར་ལྟར་འབབས། །མདོ་སྔགས་བསླབ་སྦྱངས་རྒྱ་ཆེར་མ་བྱས་པའི། །ཉེས་ལྟུང་ཕལ་ཆེར་སྲུང་རྒྱུའང་ངོ་མི་ཤེས། །ཉེས་བྱས་བདུན་བརྩེགས་ལྟུང་བ་གཅིག་ཏུ་འགྱུར། །ལྟུང་བ་གཅིག་ལའང་བཤགས་པ་མ་ཐོན་ན། །ངན་སོང་གནས་སུ་ལན་གཅིག་སྐྱེ་དགོས་ཏེ། །རང་དོན་ངན་སོང་སྦྱོར་ཐབས་གལ་ཆེན་ཡིན། །བྱང་བུ་ཕྱིར་ལྡོག་བསྔོ་ཞུས་ལ་སོགས་པ། །ཟས་ནོར་དངོས་པོ་ལེགས་པར་

(༣༡༤)ཕུལ་པ་ཡང་། །ངན་སོང་སྡུག་བསྔལ་ཨེ་སྐྱོབས་རེ་བ་བཅས། །གསར་རྙིང་མདོ་རྒྱུད་མ་ལུས་ཐམས་ཅད་ནས། །སྦྱོང་རྒྱུད་ལས་ལྷག་ངན་སོང་སྦྱོང་ཐབས་མེད། །གཞན་གྱི་དོན་ལའང་སྦྱོང་རྒྱུད་འདི་གལ་ཆེ། །ཆོ་གའི་འགྲོས་ནི་གཞུང་ལ་གསལ་བ་ལྟར། །ད་ནང་སྔོན་འགྲོ་རེ་རེ་བཏང་བས་ཆོག །དེ་ནས་ཐུན་བཞིའམ་ནི་ཐུན་གསུམ་དུ། །བདག་བསྐྱེད་དེ་ཉིད་ཁོ་ན་ཞིག་ནས་འདོན། །བདག་ཉིད་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་། །རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པའམ། །ཡང་ན་ཧཱུྃ་ཡིག་དཀར་པོ་སྒོམ་པས་ཆོག །དེ་མཐར་རྩ་རིག་ཡིག་འབྲུ་འགྲེང་ཐབས་བཀོད། །འཁོར་རྣམས་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་རང་སྔགས་རྣམས་མོས་པ་ཙམ་གྱིས་ཆོག །གཙོ་བོ་ནས་བཟུང་ཁྲོ་བོ་བརྒྱད་ཡན་གྱི། །ལྷ་ཚོགས་ཐམས་ཅད་བདག་ཉིད་ཡིན་པར་དམིགས། །ཀུན་གྱི་ཞལ་ནས་སྔགས་སྒྲ་སྒྲོགས་པར་བསྒོམ། །སྔགས་ཕྲེང་འོད་ཟེར་གཡས་འཁོར་བསྒོམ་ཡང་རུང་། །ཡུམ་རྣམས་ཐུགས་ཀར་སྔགས་རྣམས་གཡོན་སྐོར་བཀོད། །ཡིག་འབྲུ་

(༣༡༥)འཁོར་བའི་གསལ་ཁ་མ་གསུངས་སོ། །ཐུགས་ཀའི་སྔགས་ལས་འོད་ཟེར་ཁ་དོག་ལྔ། །དཔྲལ་བའི་མཛོད་སྤུའི་སྒོ་ནས་ཕྱིར་ཐོན་ཏེ། །འོད་དེ་དཔེར་ན་ཉི་མ་ཤར་བ་བཞིན། །ཁམས་གསུམ་སྤྱི་དང་ཁྱད་པར་བར་དོ་དང་། །ངན་སོང་གསུམ་གྱི་འགྲོ་བ་ཐམས་ཅད་གསལ། །ངན་སོང་སྐྱེ་བའི་རྒྱུ་ཡི་སྡིག་སྒྲིབ་དང་། །འབྲས་བུ་ངན་སོང་སྡུག་བསྔལ་ཐམས་ཅད་ནི། །བ་མོར་ཉི་ཟེར་བཞིན་དུ་སངས་སེ་དག །འོད་ཟེར་ཚུར་འདུས་རང་གི་ཐུགས་ཀར་ཐིམ། །ཡང་ནི་སྔར་ལྟར་འོད་ཟེར་འཕྲོས་པ་ཡིས། །སངས་རྒྱས་ཀུན་ལ་མཆོད་སྤྲིན་རྒྱ་མཚོས་མཆོད། །འོད་ཟེར་དེ་ཡི་ཟེར་མ་རེ་རེས་ཀྱང་། །ཤཱཀ་ཐུབ་བཞིན་དུ་མཛད་པ་བཅུ་གཉིས་བསྟན། །འོད་ཟེར་ཚུར་འདུས་རང་གི་ཐུགས་ཀར་ཐིམ། །དེ་ལྟར་བསྒོམ་ཞིང་བསྙེན་པ་ཅི་འགྲུབ་བྱ། །ཐུན་མཚམས་བདག་བསྐྱེད་གཙོ་བོའི་ཐུགས་ཀ་ནས། །རང་ཉིད་ཐ་མལ་ལུས་སུ་ཕྱིར་ཐོན་ནས། །གང་དགོས་བྱ་བ་གཞན་ལ་འཇུག་བྱ་སྟེ། །སླར་ཡང་ཉེ་རེག་ཆབ་དང་ཁྲུས་བྱས་ནས། །

(༣༡༦)།ཐུགས་ཀར་ཞུགས་ཏེ་བཛྲ་དྷཱ་ར་སོགས། །སྔགས་བརྗོད་རང་དང་དབྱེར་མེད་ང་རྒྱལ་བཟུང་། །བསྐྱེད་རིམ་འཕྲལ་དུ་གསལ་ནི་འདེབས་བའི་ཕྱིར། །བདག་བསྐྱེད་སླར་ཡང་ཞིགས་བར་བྱ་བ་ཡིན། །ཉལ་ཁ་ཡེ་ཤེས་ལྷ་རྣམས་གཤེགས་དགོས་སྟེ། །རྒྱས་འདེབས་བྱས་ན་ཕྱག་རྒྱ་བཀྲོལ་གལ་ཆེ། །མི་ཤེས་མ་བཀྲོལ་བཙོན་བཟུང་ཉེས་བར་བཤད། །སྐུ་གཟུགས་རས་བྲིས་བསྟིམ་ལ་འགལ་བ་མེད། །བསྔོ་བ་སྨོན་ལམ་བྱས་ལ་གཉིད་ལོག་སྟེ། །ཕྱིར་ནང་ཡང་ནི་སྔར་ཉིན་ལྟ་བུར་བྱ། །དུས་ནི་རབ་ནི་ཟླ་དྲུག་འབྲིང་གི་གསུམ། །ཐ་མ་ཟླ་གཅིག་གིས་ཀྱང་རུང་བ་ཡིན། །རབ་ནི་རྩ་རིགས་འབུམ་ཕྲག་བཞི་དང་ནི། །འཁོར་སྔགས་སོ་སོར་ཁྲི་ཕྲག་བཞི་རེ་དང་། །སྦྱིན་སྲེགས་ཁྲི་ཕྲག་བཞིའམ་ཡང་ན་གཅིག །དེ་ནི་ཀུན་རིག་བསྙེན་པ་རྒྱས་པ་ཡིན། །འབྲིང་ལ་ཕྲེང་སྐོར་རེ་རེའི་འགོ་ལ་ནོ། །རྩ་རིག་ཐང་མ་རེ་རེ་སྦྱར་བྱ་ཞིང་། །ཨོཾ་ཤོར་དྷ་ནེ་མན་ཆད་གྲངས་སུ་བཞག །དེ་ལ་བཞི་འབུམ་རིགས་བཞི་ཁྲི་ཕྲག་རེ། །ཡུམ་བཞིར་སྟོང་རེ་གཞན་རྣམས་བརྒྱ་རེ་ཙམ། །ཁ་

(༣༡༧)སྐོང་སྒྲིབ་སྦྱོང་སྦྱིན་སྲེག་རྒྱས་པ་གཅིག །དེ་ནི་ཀུན་རིག་བསྙེན་པ་འབྲིང་པོའོ། །ལྷ་ཚོགས་ཐམས་ཅད་བདག་ཉིད་ཡིན་བསྒོམ་ཞིང་། །རྩ་རིག་ལ་ནི་ལྷ་ཚོགས་ཀུན་འདུས་ཕྱིར། །རྩ་རིག་ཁོ་ན་རབ་ཏུ་འབུམ་ཕྲག་བཞི། །འབྲིང་དུ་གསུམ་དང་ཐ་མ་གཅིག་ཡན་ཆད། །ཅི་འགྲུབ་བཟླ་ཞིང་སྦྱིན་སྲེག་གྲུབ་ན་ལེགས། །མི་ཤེས་ན་ནི་ཕྱིར་ལྡོག་སྐབས་ཉིད་ནས། །གསུངས་ལྟར་ཏིལ་ལ་རང་གི་སྡིག་པ་བསྟིམ། །བརྒྱའམ་སྟོང་སོགས་ཅི་འགྲུབ་བསྲེགས་པས་འཐུས། །རྟགས་ནི་རྟགས་ཡིག་སྤྱི་དང་མཐུན་པ་སྟེ། །སྒྲིབ་པ་དག་པའི་རྟགས་མཚན་སྣ་ཚོགས་པ། །འབྱུང་ཚུལ་སྦྱོང་རྒྱུད་ཉིད་ནས་གསུངས་ལྟར་རོ། །སྦྱོང་རྒྱུད་འདི་ལ་བདག་བསྐྱེད་བསྙེན་པ་ལས། །སྒྲུབ་པ་ཟེར་བའི་གསལ་ཁ་མེད་ན་ཡང་། །དཀྱིལ་འཁོར་ལས་རིམ་སྒྲུབ་མཆོད་སྒྲུབ་པར་མཚུངས། །དེ་ལ་བདག་མདུན་བུམ་གསུམ་ཐུན་གསུམ་མམ། །ཐུན་བཞི་ལ་སོགས་ཚར་གྲངས་སྤྱི་ལྟར་སྟེ། །ཐུན་མཚམས་མདུན་བུམ་ལ་དམིགས་བསྙེན་པར་འབད། །མདུན་

(༣༡༨)བུམ་རྣམས་ཀྱང་སྔགས་སྒྲ་སྒྲོགས་པ་དང་། །ཐུགས་ཀའི་འཕྲོ་འདུའི་དམིགས་པ་སྔར་དང་འདྲ། །དེ་ལྟར་ཞག་ནི་གསུལ་ལྔ་བདུན་ལ་སོགས། །འབད་པ་སྒྲུབ་མཆོད་ཅེས་ནི་བྱ་བ་སྟེ། །རང་དོན་ཡིན་ན་མཇུག་ཏུ་བདག་འཇུག་བླངས། །གཞན་དོན་ཡིན་ན་གཞན་ལ་དབང་བསྐུར་རམ། །བྱང་བུ་ཕྱིར་ལྡོག་ལ་སོགས་གཞན་དོན་དུ། །མ་གྲུབ་བུམ་ཆུ་ཀུན་ལ་བཀྱེ་བར་བྱ། །བསྙེན་པའམ་ནི་འདི་ལྟར་སྒྲུབ་མཆོད་དུས། །བྱེ་མ་མང་པོར་སྔགས་ནས་ཚགས་བྱ་སྟེ། །རོ་དང་མི་དང་དུད་འགྲོའི་རུས་པ་ལ། །འདེབས་སམ་འདེབས་རྒྱུ་བསྐུར་ན་འགྲོ་དོན་ཆེ། །སྤྱོད་རྒྱུད་བསྙེན་པ་བྱ་ཚུལ་དབྱངས་ཆུང་འདི། །རྟ་ལོ་རྒྱལ་ཟླའི་བཅུ་གསུམ་དགོངས་ཐུན་ལ། །རཱ་ག་ཨ་སྱས་ཕྲལ་དུ་གང་དྲན་སྨྲས། །བཱིརྻ་ས་ག་ར་ཡིས་ཡི་གེར་བྲིས། ༈ །ན་མོ་གུ་རུ་སརྦ་བི་ད་ཡེ། །གསོན་དང་བླ་མ་བཱིརྻ་སཱ་ག་ར། །རྣམ་གྲོ་སྒོ་ཆེན་དབང་དང་བདག་འཇུག་དུས། །དམིགས་རིམ་གཞུང་ན་མི་གསལ་ངག་ཁྲིད་ནི། །བདག་བསྐྱེད་དཀྱིལ་

(༣༡༩)འཁོར་གཙོ་བོའི་ཐུགས་ཀ་ནས། །ཐ་མལ་ལུས་སུ་ཐོན་ལ་ཤར་སྒོའི་དྲུང་། །པུས་བཙུགས་ཐལ་མོ་སྦྱར་ཏེ་གནས་པར་བསམ། །མདུན་བསྐྱེད་གཙོ་བོ་རྩ་བའི་བླ་མ་གཉིས། །དབྱེར་མེད་དྲུང་དུ་སྡོམ་པ་དམ་ཚིག་དང་། །དབང་རྣམས་ཞུ་བར་དམིགས་ལ་དབང་ཚིག་རྣམས། །མདུན་གྱི་གཙོ་བོས་གསུངས་བསྒོམས་རང་གིས་འདོན། །བདག་འཇུག་རྫོགས་ནས་རང་ཉིད་རྡོར་སེམས་དེ། །བདག་བསྐྱེད་ཐུག་ཀར་ཞུགས་ལ་དབྱེར་མེད་བསམ། །བཛྲ་དྷ་ར་ལ་སོགས་སྔགས་བརྗོད་ལ། །སློབ་མ་ལ་ནི་དབང་བསྐུར་བྱེད་པའི་ཚེ། །བདག་བསྐྱེད་ཐུགས་ལས་རང་ཉིད་གཙོ་རྐྱང་ངམ། །རྡོ་རྗེ་སེམས་དཔའི་རྣམ་པར་ཕྱིར་ཐོན་ཏེ། །ཤར་སྒོའི་འགྲམ་དུ་སེང་གེའི་ཁྲི་ལ་འདུག །རང་མདུན་འཇིག་རྟེན་འཁོར་ཡུག་རྣམས་ཀྱི་ནང་། །བར་ཁྱམས་སྟོང་པར་སློབ་མ་ཐམས་ཅད་བསྒོམ། །མདུན་གྱི་ལྷ་ལ་རང་གི་ཞུ་སྣ་དང་། །ངོ་ཆེན་ཚུལ་དུ་བྱས་ནས་དབང་བསྐུར་ཏེ། །བསྐུར་ཚུལ་ཐམས་

(༣༢༠)ཅད་གཞུང་དུ་གསལ་ན་ཡང་། །རྣལ་འབྱོར་རྒྱུད་ཀྱི་ཁྱད་ཆོས་ངོ་མཚར་ཅན། །ཟླ་བ་རྡོ་རྗེའི་སེམས་བསྐྱེད་ཅེས་བྱ་བ། །སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་དེ་ནི། །ཟླ་བའི་དཀྱིལ་འཁོར་ཉ་ནི་རྒྱས་པའི་སྟེང་། །དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །རྡོ་རྗེ་སྔོན་པོའམ་དཀར་པོ་རྩེ་ལྔ་པ། །བསྒོམ་ཞིང་སརྦ་ཡོ་གའི་སྔགས་བཟླས་པ། །ཏིང་འཛིན་དེ་བསྒོམས་སྔགས་དེ་བརྗོད་མ་ཐག །ཤཱཀ་ཐུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཕྱིར་བསྙེན་པའི་ཐུན་སྐབས་རྣམས་སུ་ཡང་། །དེ་ཉིད་སྒོམ་ན་ཞི་ལྷག་ཏིང་འཛིན་སྐྱེ། །རྣལ་འབྱོར་རྒྱུད་ཀྱི་བསྒོམ་བྱའི་གཙོ་བོ་ཡིན། །དེ་མིན་དབང་གཞུང་ཉིད་དུ་གསལ་མོད་ཀྱི། །བདག་འཇུག་གམ་ནི་སློབ་མ་ཡིན་ཀྱང་རུང་། །མདུན་བསྐྱེད་ལྷ་ཚོགས་སོ་སོའི་ཐུགས་ཀ་ནས། །སོ་སོའི་སྔགས་ཕྲེང་ཡིག་འབྲུ་གསེར་གྱི་མདོག །འཕྲོས་ནས་སྤྱི་བོ་ནས་ཞུགས་ལུས་གང་བ། །སྔགས་དབང་དེ་ནི་ཀུན་གྱིས་ཤེས་ལྟར་རོ། །བདག་གི་ཡིད་ཀྱིས་མདུན་བསྐྱེད་གཙོ་བོ་ལ། །ཡིད་ཀྱིས་གསོལ་བ་བཏབ་པས་

(༣༢༡""གཙོ་བོ་ཡིས། །འཁོར་ལྷ་རྣམས་ལ་དགོངས་པ་གཏད་ཙམ་གྱི། །གཙོ་བོ་རིགས་ལྔས་དབང་བསྐུར་དགོངས་པ་གཏད། །ཡུམ་བཞིའི་ཐུགས་ལས་སྤྲུལ་པའི་ཡུམ་བཞི་ཡིས། །ཤར་སྒོའི་རྣམ་རྒྱལ་བུམ་པ་ནམ་མཁར་བཏེགས། །སློབ་མ་རྣམས་ཀྱི་སྤྱི་བོ་ནས་བླུགས་པས། །སྒྲིབ་པ་ཀུན་དག་ལུས་ནང་བདུད་རྩིས་གང་། །དེ་ཚེ་སེམས་དཔའ་བཅུ་དྲུག་བཀྲ་ཤིས་བརྗོད། །སྒེག་སོགས་བརྒྱད་ཀྱིས་གླུ་དང་རོལ་མོ་བྱེད། །ཁྲོ་བོ་བརྒྱད་ཀྱིས་བར་ཆད་བགེགས་རྣམས་བསྲུང་། །དེ་ལྟར་བསྒོམ་ཞིང་བུམ་པས་དབང་བསྐུར་རོ། །དེ་ནི་མི་བསྐྱོད་ངོ་བོ་ཆུ་ཡི་དབང་། །མི་བསྐྱོད་སྦྱོར་བའི་རྒྱལ་པོ་དོན་གཅིག་གོ། །དེ་ནས་རིན་འབྱུང་རྒྱལ་མཆོག་རིན་ཆེན་གྱི། །ངོ་བོ་རིན་པོ་ཆེ་ཡི་དབུ་རྒྱན་ཞིག །ཡུམ་བཞིའི་སྤྲུལ་པས་སློབ་མའི་མགོར་བཅིང་བསམ། །དེ་བཞིན་མེ་ཏོག་ཁ་དོག་སྣ་ལྔ་ཡི། །ཕྲེང་བ་དང་ནི་དེ་བཞིན་དར་སྤྱང་ཡང་། །མགོ་བོའི་གནས་ལྔ་དང་ནི་གཡས་གཡོན་རྒྱབ། །ཡུམ་བཞིའི་སྤྲུལ་པས་དངོས་སུ་

(༣༢༢)བཏགས་པར་བསྒོམ། །དེ་རྗེས་རྒྱལ་བ་རིགས་ལྔའི་ཐུགས་ཀ་ནས། །ཕྱག་རྒྱ་ལྔ་སྤྲོས་སློབ་མའི་ལག་པ་ཡི། །ཕྱོགས་བཞི་དབུས་དང་ལྔ་ལ་བཀོད་པར་བསམ། །དེ་ནས་སློབ་དཔོན་རང་གི་རྡོར་དྲིལ་ཐོགས། །མདུན་གྱི་གཙོ་བོའི་མིང་དེ་གདགས་པར་བསམ། །དེ་ཡན་ཐོབ་ནས་ཀུན་རིག་བསྒོམ་བཟླས་རུང་། །མ་སྨིན་སྨིན་བྱེད་མའི་དབང་ཞེས་བྱ། །སྨིན་ཅིང་གྲོལ་ནས་འགྲོ་དོན་ནུས་པ་ལ། །གཞན་གྱི་སློབ་དཔོན་བྱ་ཕྱིར་སློབ་དཔོན་དབང་། །སློབ་མ་རྡོར་སེམས་བསྐྱེད་སོགས་གཞུང་དུ་གསལ། །དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས། །ཕྲིན་ལས་བཞི་མཚོན་སྣ་ཚོགས་རྡོ་རྗེ་དེ། །ལག་གཡས་གཏད་པས་ཕྲིན་ལས་བཞི་འགྲུབ་བསམ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག །རྐང་པའི་བར་རམ་ལག་པ་གཡོན་དུ་བཞག །ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་ཐོབ་བསམ། །དེ་ནས་རྒྱལ་བ་རིགས་ལྔའི་ཐུགས་ཀ་ནས། །རང་རང་རིགས་ཀྱི་སེམས་དཔའ་ལྔ་འཕྲོས་ཏེ། །སློབ་མ་ལ་ཐིམ་རྣལ་

(༣༢༣)འབྱོར་རྒྱུད་རྣམས་ཀྱི། །དཀྱིལ་འཁོར་རྣམས་ཀྱི་བདག་པོར་གྱུར་པར་བསམ། །དེ་ནས་ཡུམ་བཞིའི་ཐུགས་ཀར་ཕྱག་མཚན་དང་། །གཙོ་བོའི་ཡུམ་ནི་སྦས་པའི་ཚུལ་ཡིན་པས། །སྐུ་གཞོགས་གཡོན་ནས་ཆོས་འབྱུང་གཟུགས་ལ་སོགས། །ཕྱག་རྒྱ་འཕྲོས་ནས་སློབ་མ་ལ་ཐིམ་པས། །རྣལ་འབྱོར་རྒྱུད་ཀྱི་གསང་བའི་མན་ངག་རྣམས། །རང་གིས་རྟོགས་ཤིང་གཞན་ལ་སྟོན་རུང་གྱུར། །དེ་བཞིན་རིགས་ལྔའི་སྐུ་ལས་སོ་སོ་ཡི། །ཕྱག་མཚན་འཕྲོས་ནས་སློབ་མ་ལ་ཐིམ་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་ཐོབ་སྟེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་བསམ། །དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས། །སློབ་མའི་ལག་ཏུ་རྡོ་རྗེ་དྲིལ་བུ་བཞག །སློབ་མས་ཐབས་དང་ཤེས་རབ་དོན་རྟོགས་བསམ། །སློབ་མས་རྡོར་དྲིལ་ཐུགས་ཀར་བསྣོལ་བཅུག་སྟེ། །ཐབས་ཤེས་ཡ་བྲལ་བྱང་ཆུབ་ཐོབ་ཐབས་མེད། །ཐབས་ཤེས་ཟུང་འཇུག་དོན་དེ་རྟོགས་པར་བསྒོམ། །དེ་ཡན་དབང་གི་དངོས་གཞི་

(༣༢༤)རྫོགས་པ་སྟེ། །མཐའ་རྟེན་རྒྱལ་སྲིད་སྣ་བདུན་དབང་བསྐུར་ནི། །ཤིས་བརྗོད་ཡིན་ཏེ་དོན་ལ་བཀྲ་ཤིས་ཡིན། །བྱ་སྤྱོད་རྒྱུད་ལ་སངས་རྒྱས་རྣམ་ཐར་དང་། །རྗེས་མཐུན་བཀྲ་ཤིས་རྫས་བརྒྱད་འཐོབ་པ་ཡིན། །རྣལ་འབྱོར་རྒྱུད་ལ་ཡོ་ག་རྒྱལ་པོ་དང་། །ཆོས་ལུགས་མཐུན་ཕྱིར་རྒྱལ་སྲིད་སྣ་བདུན་འཐོབ། །བླ་མེད་རྒྱུད་ལ་སངས་རྒྱས་མཚན་དཔེ་དང་། །རྗེས་སུ་མཐུན་པར་བཀྲ་ཤིས་རྟགས་བརྒྱད་ཐོབ། །བླ་མེད་རྒྱས་པར་འདོད་ན་གསུམ་ཀ་སྦྱར། །འདི་རུ་རྒྱལ་སྲིད་སྣ་བདུན་བྱ་བ་ཡང་། །ཐ་མལ་བུད་མེད་རྟ་དང་གླང་པོ་མིན། །ངོ་བོ་འཕགས་པའི་ནོར་བདུན་ཡིན་པ་ལ། །རྣམ་པ་རྒྱལ་སྲིད་སྣ་བདུན་དངོས་ལྟ་བུ། །གཙོ་བོའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཏེ། །དཔེར་ན་སློབ་མར་བསྐོ་འཇའ་གནང་བའི་ཚུལ། །འཁོར་ལོ་ནོར་བུ་གཉིས་པོ་ལག་ཏུ་བཞག །བཙུན་མོ་སྐུ་གཞོགས་གཡོན་དང་བློན་པོ་གཡས། །དམག་དཔོན་རྒྱབ་དང་རྟ་གླང་གཉིས་པོ་མདུན། །གནང་སྦྱིན་ཚུལ་དུ་བྱིན་པར་བསྒོམ་པ་སྟེ། །དེང་སངས་སྟབས་བདེའི་

(༣༢༥)ཕྱིར་དུ་མགོར་འགྲིམ་ཀྱང་། །བསྒོམ་པའི་དུས་སུ་དེ་ནི་མི་རུང་སྟེ། །དམག་དཔོན་མགོ་མནན་གླང་ཆེན་སྟེང་ནས་བརྫིས། །དམིགས་པ་གསལ་ན་གནོད་ཅིང་རྟེན་འབྲེལ་ངན། །དེ་ནས་དམ་ཚིག་ཁས་ལེན་སྦྱིན་པ་ཡང་། །གསང་སྔགས་འདི་ལ་སངས་རྒྱས་བཀའ་ལས་ཀྱང་། །བླ་མའི་བཀའ་ནི་གཉན་ཅིང་ནུས་པ་ཆེ། །དེ་ཕྱིར་དམ་ཚིག་ཚུལ་བཞིན་བསྲུང་དགོས་ཞེས། །མི་བརྗོད་མི་ནག་ལ་སོགས་ཕལ་ཆེར་གྱི། །རྒྱུད་ནས་གསུངས་པའི་དམ་ཚིག་ག་ལ་ཐུབ། །དེ་ཕྱིར་ད་ལྟ་ཅི་ཙམ་ནུས་ལྟར་བསྲུང་། །དེ་ནས་རིམ་བཞིན་རྟོགས་པ་ན་འཕར་ཚེ། །རིམ་བཞིན་རྒྱུད་ནས་གསུངས་ལྟར་བསྲུང་སྙམ་པའི། །མོས་པ་མཛོད་ཅེས་གཙོ་བོས་ཅི་ལྟར་བརྗོད། །དེ་ལྟར་རྣལ་འབྱོར་རྒྱུད་འདི་ཉམས་བླངས་པས། །མི་ནས་མིར་སྐྱེ་སྐྱེ་བ་བཅུ་དྲུག་ཏུ། །རྣལ་འབྱོར་རྒྱུད་འདི་ཉམས་སུ་ལེན་འགྱུར་ཞིང་། །དེ་ནས་ཚེ་འཕོས་རྣམས་སྣང་ཞིང་ཁམས་སོགས། །རིགས་ལྔ་གང་དུ་མོས་པའི་ཞིང་ཁམས་སུ། །དགོངས་

(༣༢༦)པ་རིགས་ལྔ་དངོས་དང་མཉམ་འགྱུར་ཞིང་། །དོན་ལ་རྫོགས་པའི་སངས་རྒྱས་ཡིན་ན་ཡང་། །ཆ་ལུགས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་སྟེ། །རྟག་ཏུ་རིགས་བདག་དེ་ལ་ཆོས་ཉན་ཞིང་། །སྤྲུལ་པ་དུ་མས་འགྲོ་བ་འདྲེན་པར་བཤད། །རྣལ་འབྱོར་རྒྱུད་ཀྱི་དབང་དང་ལམ་འབྲས་བུ། །རྟ་ལོ་རྒྱལ་ཟླའི་བཅུ་གསུམ་དགོངས་ཐུན་ལ། །རཱ་ག་ཨ་སྱས་མགུར་གྱི་ཚུལ་དུ་སྨྲས། །དེང་སང་བླ་མ་ཆེ་ཕྲ་ཐམས་ཅད་ཀུན། །སྤྱོད་རྒྱུད་སྒོ་ནས་གདུལ་བྱ་བསྡུ་དགོས་པས། །ཀུན་རིག་བསྙེན་པ་ཐེམ་པ་གལ་ཆེན་གདའ། །བསྙེན་པ་མ་ཐེམས་དབང་དང་བྱང་བུ་དང་། །རོ་བསྲེག་ལ་སོགས་ཉེས་པ་ཆེ་བ་སྟེ། །བསྙེན་སོགས་དག་པར་མ་བྱས་ཞེས་བྱ་བ། །ཡན་ལག་ལྟུང་བ་བརྒྱད་ཀྱི་ཡ་གྱལ་བ། །ལྟུང་བ་སྦོམ་པོ་ཞེས་ནི་བྱ་བའོ། །བསྙེན་པ་ཐེམས་ནས་སྒྲིབ་སྦྱོང་སྒོ་བདུན་དང་། །རྒྱལ་བ་རིགས་ལྔ་ལྭ་རྟེན་ལས་ཚོགས་ལྔ། །སེམས་དཔའ་བཅུ་དྲུག་ལས་ཚོགས་བཅུ་དྲུག་དང་། །དེ་བཞིན་ཁྲོ་བོ་བརྒྱད་ཀྱི་ལས་ཚོགས་

(༣༢༧)བརྒྱད། །སྤྱོད་རྒྱུད་སྤྱི་ཡི་རས་བྲིས་ཆོ་ག་སོགས། །ལས་ཚོགས་རྣམས་ཀྱང་སྒྲུབ་རུང་འགྲུབ་པར་གསུངས། །དད་བརྩོན་ལྡན་པའི་བཱིརྻ་སཱ་ག་རས། །དཀའ་བ་དང་བླངས་ཞུན་མར་དོགས་ལ་བྲིས། །བདག་འདྲའི་ཕྱི་རབས་རྨོངས་པ་མང་པོ་ལ། །ལོང་བར་མིག་བྱིན་བཞིན་དུ་ཕན་ཆེར་ཤོག །ལེའུ་ཉི་ཤུ་ཐམ་པ་མངྒྒ་ལཾ།། །ཞ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་ལྷོ་སྒོའི་ཆོ་གའི་དམིགས་རིམ་ཐར་པའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏ་བིད་ཡེ། །སྦྱོང་རྒྱུད་གཙུག་དགུའི་རྒྱུད་རྒྱལ་ལྷ་ཡི་རྔ། །ཡོ་ག་མཁས་པ་གསུམ་གྱིས་བརྡུངས་བའི་སྒྲ། །ཚངས་པའི་དབྱངས་ལྟར་ཀུན་གྱི་རྣ་བར་སྙན། །དེ་ཕྱིར་རྣམ་གྲོལ་སྒོ་ཆེན་ཕྱག་ལེན་ནི། །ཀུན་གྱིས་ཤེས་ཤིང་དམིགས་རིམ་གཞུང་ཚིག་གསལ། །འོན་ཀྱང་ལྷོ་སྒོའི་ཆོ་ག་བསྡུས་དྲག་པས། །དམིགས་རིམ་ཅུང་ཞིག་སློབ་དཔོན་ཞལ་ལས་ཤེས། །བློ་གསལ་རྣམས་ལ་ཕན་ཕྱིར་འདིར་བརྗོད་ན། །

(༣༢༨)བདག་མདུན་གཉིས་ལས་མདུན་བསྐྱེད་གཙོ་ཆེ་ཞིང་། །ཚེ་འདས་ལྷོ་ཕྱོགས་གཤིན་རྗེའི་ཡུལ་སོང་བ། །དཀྱིལ་འཁོར་ལྷོ་ཡི་སྒོ་ནས་འགུག་དགོས་པས། །བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས། །ལས་ལྷ་རྡོར་སེམས་འམ་ནི་གཙོ་རྐྱང་སྐུ། །རང་ཉིད་བྱས་ཏེ་དཀྱིལ་འཁོར་ལྷོ་སྒོའི་འགྲམ། །སེང་གེའི་ཁྲི་ལ་འདུག་པའི་ང་རྒྱལ་བཟུང་། །བྱང་བུ་བསྐྱེད་ཚར་འགུགས་གཞུག་བྱེད་པའི་སྐབས། །རང་གི་ཐུགས་ཀའི་འོད་ཀྱིས་གཙོ་བོ་བསྐུལ། །གཙོ་བོའི་འོད་ཀྱིས་སྒོ་བ་བཞི་པོ་བསྐུལ། །སྒོ་བ་བཞི་ལས་རང་འདྲ་གྲངས་མེད་སྤྲོས། །བྱམས་པའི་ལྕགས་ཀྱུས་ཚེ་འདས་སྙིང་ནས་བཟུང་། །སྙིང་རྗེའི་ཞགས་པས་ཚེ་འདས་མགུལ་ནས་བཅིངས། །རང་དབང་མེད་པར་བསྐུག་ནས་བྱང་བུར་བསྟིམ། །ལྕགས་སྒྲོག་མ་ཡིས་དགའ་བའི་ལྕགས་སྒྲོག་བསྡམས། །མ་ཚང་བར་དུ་གཞན་དུ་མི་མཁྱར་བྱས། །དྲིལ་བུ་མ་ཡིས་བཏང་སྙོམས་དྲིལ་བུ་ཡི། །ཤིན་ཏུ་དགའ་ཞིང་ཡིད་སེམས་བདེ་བ་བསྐྱེད། །ཐུགས་རྗེས་འཛིན་བྱེད་ལྕགས་ཀྱུའི་དམིགས་

(༣༢༩)པའོ། །དེ་ནས་ལྟུང་བ་སློང་བའི་དམིགས་པ་ནི། །གལ་ཏེ་ངན་སོང་གསུམ་དུ་ལྷུང་ཚར་ན། །མདུན་བསྐྱེད་གཙོ་བོའི་ཐུགས་ཀའི་འོད་ཟེར་ནི། །ལྕགས་ཀྱུའི་དབྱིབས་ཅན་རྩེ་གསུམ་འོག་ཏུ་འཕྲོས། །ངན་སོང་གསུམ་ནས་ཚེ་འདས་ཡར་འཐེན་ཏེ། །རང་དབང་མེད་པར་བྱང་ཆུབ་ཐིམ་པར་བསྒོམ། །ལྟུང་བ་སློང་བའི་སྔགས་དང་ཕྱག་རྒྱ་བྱ། །གལ་ཏེ་སྡིག་པས་ཕྱིར་འཐེན་མི་དྲོངས་ན། །མདུན་བསྐྱེད་ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིས། །སྡིག་དང་ཚེ་འདས་སོ་སོར་ཕྱེས་ནས་ཀྱང་། །དྲངས་བསྒོམ་སྡིག་པ་གྲོལ་བའི་སྔགས་རྒྱ་བྱས། །དེ་ཡན་ཚེ་འདས་བཀུག་པའི་རིམ་པའོ། །སྤྱིར་ནི་སྦྱོང་བ་བྱེད་ལུགས་ངོས་བཟུང་བ། །དུས་གསུམ་སངས་རྒྱས་མན་ནས་སྲིན་བུ་ཡན། །སྲོག་གཅོད་གཤེད་མ་ལས་ཀྱི་གཤིན་རྗེར་གསུངས། །འགྲོ་བ་ཀུན་གྱི་དབུགས་ནི་ལེན་པ་པོ། །དཔལ་ལྡན་ལྷ་མོ་ཡིན་པར་རྒྱུད་ལས་གསུངས། །གཞན་ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་རྟོགས་

(༣༣༠)འདོད་འབྱུང་པོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁར་དབུགས་ལེན་ཕུང་པོ་བདག་ཏུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཛེམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་ཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པར་ཡོད་བའི་ཚུལ། །ཚེ་འཕོ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་དང་ཕྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པས་གསོན་བདུད་ཟེར། །གཤིན་པོ་ཡར་འགྲོ་མི་བཅུག་བཅགས་པའི་ཕྱིར། །དེ་ལ་གསོན་བདུད་གཤིན་ལྕགས་ཞེས་བྱའོ། །དེ་ལ་རིགས་ནི་དཔག་ཏུ་མེད་ན་ཡང་། །ཕོ་གདོན་མོ་གདོན་ཀླུ་གདོན་གསུམ་དུ་བཟུང་། །ཀླུ་གདོན་ཞི་བ་ཕོ་གདོན་དྲག་པོ་དང་། །མོ་གདོན་ཞི་དྲག་ཕྱེད་མས་སྦྱང་བར་གསུངས། །ཅོག་རྔོག་ཟླུམ་པོ་ཞི་བའི་གཏོར་མ་གསུམ། །ཨ་ཀཱ་རོ་ཡི་བདུད་རྩིར་བྱིན་གྱིས་བརླབ། །བྷྱོ་བི་ཤྭ་ལན་གསུམ་གཡས་བསྐོར་ཚེ། །དགའ་མགུ་བུ་ལོན་ལན་ཆགས་བྱང་བར་བསམ། །

(༣༣༡)ཆངས་རྗེས་ཟུར་ལྔ་འདོད་ཡོན་ལྔ་པོ་མཚོན། །སོར་མོའི་རྗེས་དྲུག་རིགས་དྲུག་ལན་ཆགས་བྱང་། །འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་ཚིམ། །ཏིང་ལོ་མར་མེའི་གཟུགས་ཡིན་ལམ་སྒྲོན་དང་། །ཆང་བུ་སྦྱིན་པ་ཞི་བར་ལན་ཆགས་སྦྱངས། །སུམ་བྷ་ནི་ནི་ཁྲོ་བོ་གནོད་མཛེས་སྔགས། །ལན་གསུམ་བརྗོད་ཅིང་གཡོན་དུ་བསྐོར་བའི་ཚེ། །ཆང་བུས་ཚིམ་ཞིང་ཁྲོ་བོའི་སྔགས་ཀྱིས་སྐྲག །གླིང་བར་མུན་པའི་ནང་དུ་སོང་བར་བསམ། །དེ་ནི་ཞི་དྲག་ཕྱེད་མར་སྦྱར་བའོ། །དེ་ནས་བདེན་སྟོབས་བརྗོད་པས་དཀར་ཕྱོགས་འགྲོ། །ནག་ཕྱོགས་གདུག་པ་ཅན་རྣམས་མི་འགྲོ་བས། །བདག་གིས་མདུན་བསྐྱེད་གཙོ་བོ་ཡིད་ཀྱིས་བསྐུལ། །གཙོ་བོའི་དགོངས་པ་སྒོ་སྲུང་བརྒྱད་ལ་གཏད། །འཇིགས་པའི་ཧཱུྃ་སྒྲའི་བསྟོད་པ་བརྗོད་ཙམ་གྱིས། །ཁྲོ་བོ་བརྒྱད་ལས་རང་འདྲ་དཔག་མེད་འཕྲོས། །དཔེར་ན་བྱ་སྤུ་རླུང་གིས་གཏོར་བ་བཞིན། །བགེགས་རྣམས་བསྐྲད་ནས་ཁྲོ་བོ་རང་རང་བསྟིམ། །དེ་ནི་དྲག་

(༣༣༢)པོའི་སྒོ་ནས་སྦྱང་བའོ། །དཔེར་ན་བྱིའུ་ཁྲ་ཡིས་བཏང་བ་བཞིན། །གཤེད་དང་བྲལ་ནས་ཚེ་འདས་ལུས་སེམས་བདེ། །བག་ཕེབས་བཤད་པའི་ཆོས་རྣམས་ཉན་པར་བསམ། །དེ་ནས་རྫས་གཅིག་བསྟེན་པའི་སྦྱིན་སྲེག་ནི། །ཚེ་འདས་སྙིང་གར་ཡི་གེ་ཀཾ་ནག་པོ། །དེ་ལ་ལུས་ངག་ཡིད་གསུམ་སྒྲིབ་པ་ཐིམ། །ཀཾ་ཡིག་སྣ་བུག་གཡས་ཐོན་ཏིལ་ལ་ཐིམ། །མེ་ཉིད་ཞི་བའི་ཐབ་ཁུང་མེ་དཔུང་དབུས། །ཁྲོ་བོ་ཧཱུཾ་མཛད་མཐིང་ནག་རྡོར་དྲིལ་འཛིན། །ཞལ་ནི་མེ་ཡི་རང་བཞིན་གདངས་པའི་ནང་། །སྡིག་པ་བསྲེག་ནས་ཁྲོ་བོ་མི་དམིགས་བསམ། །ཧཱུཾ་མཛད་བསྒོམ་པ་བྱ་སྤྱོད་ཀུན་ལ་འཐད། །ཁྲོ་བོ་མ་བསྒོམ་ན་ཡང་མི་འགལ་ཏེ། །ཕྱག་ན་རྡོ་རྗེས་འགྲོ་དྲུག་སྒྲིབ་སྦྱངས་བསྲེག །རོ་རྣམས་རྒྱ་མཚོར་འདོར་བའི་ཚུལ་ཡིན་ཏེ། །མེ་དེ་ཆུ་རུ་འདོར་བས་འཐུས་པར་གསུངས། །ལ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་བསྐྱེད། །དེ་ནི་བླ་མེད་རྒྱུད་ཡིན་མི་འཐད་དོ། །བྱེ་མ་གཙང་མ་མི་ཡི་མ་བརྫིས་པ། །སྡིག་སྒྲིབ་བསྲེག་པར་བྱ་བའི་རྟེན་འབྲེལ་

(༣༣༣)གྱིས། །སླ་ངར་བརྔོས་ལ་གྲང་རྗེས་ཡུངས་ཀར་བསྲེ། །ཀུན་རེག་བསྙེན་དུས་བསྔགས་ནས་འཚགས་ན་མཆོག །མེད་ཀྱང་ཆོ་གའི་བསྙེན་པ་བྱེད་པའི་སྐབས། །ཕུ་འགྲིམ་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། །མ་སྔགས་བྱེ་མ་བཏབ་པས་ཅི་ཞིག་ཕན། །རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །ལྷ་ཚོགས་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་སྔགས་ཕོ་གཡས་མོ་གཡོན་དྲག་ཏུ་འཁོར། །དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། །རང་རང་མཛོད་སྤུའི་སྒོ་ནས་ཕྱིར་ཐོན་ནས། །བྱེ་མ་དང་ནི་འོད་ཟེར་དབྱེར་མེད་པ། །ཚེ་འདས་ལ་ཐིམ་དུག་ལྔའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་པ་ལྟ་བུར་བསྒོམ། །རྒྱས་པར་དཀྱིལ་འཁོར་ཡོངས་རྫོགས་ལྷ་སྔགས་དང་། །བྲབ་སྔག་འདོན་ཅིང་འབྲིང་པོ་རྩ་རིག་དང་། །བྲབ་སྔགས་གཉིས་བཟླས་བསྡུ་ན་རྩ་རིག་ཆོག །ཚན་ཆེར་བསྔགས་པའི་བྱེ་མ་ཡོད་གྱུར་ན། །མི་དང་དུད་འགྲོའི་རོ་དང་རུས་པ་ལ། །ཕྱིར་ལྡོག་མིན་ཀྱང་འདབས་

(༣༣༤)རྒྱུ་བསྐུར་ན་ཕན། །དེ་ནས་ཁྲུས་ཀྱི་གོ་བ་ལེན་པ་ནི། །ཐུབ་རྣམས་སྡིག་སྒྲིབ་ཆ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཏེ། །འོན་ཀྱང་གདམས་ངག་བསྟན་ནས་སེལ་གསུངས་པ། །སྔགས་དང་ཏིང་འཛིན་མེད་པའི་ཆུ་གཙང་གིས། །ཕ་མའི་རུས་པ་བཀྲུས་ན་ཕན་ནོ་ཞེས། །ཕྱི་རོལ་པ་རྣམས་སྨྲ་བ་འགག་ཕྱིར་ཡིན། །སྔགས་ཆེན་ཆུ་ཡི་རང་བཞིན་ཁྲུས་བྱས་ན། །ལུས་ཅན་སྡིག་པ་འདག་ཞེས་རྒྱུད་ལས་གསུངས། །ལྷ་ལ་དྲི་མ་མེད་ཀྱང་ཁྲུས་གསོལ་བས། །རང་གཞན་སྒྲིབ་པ་དག་པའི་རྟེན་འབྲེལ་ཡིན། །མདུན་བསྐྱེད་དཀྱིལ་འཁོར་ཤར་གྱི་ཁྱམས་དེ་ན། །ཁྲུས་ཀྱི་ཁང་པ་རིན་ཆེན་ཀ་བས་བཏེགས། །ལོགས་གསུམ་ཧད་པོར་ཡོད་པ་གསིལ་གཡབ་འདྲ། །དེ་ནང་མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས། །མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། །མེ་ལོང་དེ་དང་དེ་གཉིས་དབྱེར་མེད་ཡིན། །དེ་ལ་ཁྲུས་གསོལ་སྐུ་ཕྱི་ན་བཟའ་གསོལ། །རྣམ་རྒྱལ་བུམ་པ་ལྷ་ཞུའི་བདུད་རྩི་དེས། །ལྷ་

(༣༣༥)ཚོགས་སྐུ་ལུས་བཀྲུས་པའི་བྱིན་རླབས་ཅན། །ཁྲུས་ཆབ་བུམ་པ་གཞན་ནམ་ལས་བུམ་བླུགས། །དེ་ཡིས་བྱང་བུ་ལ་ནི་ཁྲུས་བྱ་སྟེ། །རྣམ་པ་བདུད་རྩི་ངོ་བོ་དཀྱིལ་འཁོར་ལྷའི། །ཕ་རོལ་ཕྱིན་དྲུག་རྫོགས་པའི་རང་བཞིན་ཆུས། །ཁྲུས་བྱས་ཉོན་མོངས་དྲུག་པོ་དག་པར་བསྒོམ། །དེ་ནས་དུག་བཅོམ་བྱེད་པའི་དམིགས་པ་ཡང་། །ཀུ་ཤ་རྨ་བྱའི་སྒྲོ་བཅས་ལག་ཏུ་ཐོགས། །རྨ་བྱ་དུག་རྣམས་མཛེམ་པའི་མཆོག་ཡིན་ཅིང་། །ཁ་དོག་ལྔ་ནི་ཡེ་ཤེས་ལྔ་པོ་མཚོན། །དེ་དབུས་ཟླ་དཀྱིལ་སྟེང་དུ་ཧཱུྃ་དཀར་པོ། །དེ་མཐར་རྩ་རིག་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་ཁ་དོག་རྣམ་ལྔ་འཕྲོས་པ་ཡིས། །ཚེ་འདས་རྒྱུད་ཀྱི་དུག་ལྔའི་དུག་རྣམས་ཀུན། །རྩིག་གསད་དུ་བ་རླུང་གིས་དེད་པ་ལྟར། །ཕྱི་རུ་བྱུང་དམིགས་སྒྲོ་ཡིས་བྱ་བ་ཚུལ་བྱ། །ངག་ཏུ་གཞུང་གི་བདེན་ཚིག་དེ་རྣམས་བརྗོད། །དེ་ནས་གཟུངས་བརྗོད་ཆུ་ཡིས་ཁྲུས་གཅིག་བྱ། །དེ་ནས་ས་ཆུ་མེ་གསུམ་མདུན་དུ་བཞག །ཡོད་ན་རླུང་

(༣༣༦)གཡབ་མེད་ན་མེ་ལོང་བཞག །ཚིགས་བཅད་བརྗོད་ཅིང་བསྐོར་ལ་དོར་བའི་ཚེ། །གང་བའི་ནང་དུ་དུག་སོང་ཟེར་བའི་དོན། །ཚེ་འདས་རྒྱུད་ཀྱི་འབྱུང་བཞི་སོ་སོའི་དུག །འབྱུང་བཞི་སོ་སོའི་རྫས་ལ་ཐིམ་པར་བསྒོམ། །རྒྱས་པར་རྩ་རིག་བསྡུ་ན་ཚིག་བཅད་ཀྱིས། །བྱང་བུ་ལ་ནི་བསྐོར་ཞིང་ཕྱིར་ལ་དོར། །མཇུག་ཏུ་གཟུངས་བཅས་ཁྲུས་གཅིག་བྱེད་པ་ཡིན། །གང་སེར་མ་ནི་ཤིས་བརྗོད་ཡིན་པ་སྟེ། །བདག་དང་དཀྱིལ་འཁོར་ལྷ་ཚོག་ཐམས་ཅད་ཀྱིས། །ཚེ་འདས་ལ་ནི་མེ་ཏོག་ཆར་འབེབས་ཤིང་། །ཚངས་པའི་དབྱངས་ཀྱི་ཤིས་པ་བརྗོད་པར་བསམ། །དེ་ནས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཚེ་འདས་ལུས་ནི་གྲངས་མེད་སྤྲུལ་བྱས་ནས། །རང་གི་རམ་བུ་བཀྱག་ཅིང་ཕྱག་འཚལ་བསམ། །གང་གི་དྲིན་གྱི་བླ་མར་ཕྱག་འཚལ་དང་། །སྨྲ་བསམ་བརྗོད་མེད་ཆོས་སྐུར་ཕྱག་འཚལ་ཏེ། །རྒྱས་པར་ཆོས་དབྱིངས་ཡེ་ཤེས་ཤོ་ལོ་ལྔ། །བསྡུ་ན་ཆོས་སྐུ་ནམ་མཁའ་ཤོ་ལོ་གཅིག །དེ་ནི་ལོངས་སྐུའི་

(༣༣༧)ལྷ་པ་ཕྱག་བཅལ་ཡིན། །དེ་ནས་ཐབས་མཁས་ཐུགས་རྗེས་སྟོན་པ་ལ། །དེ་ནས་གྲགས་ཆེན་ཤེས་རབ་སངས་རྒྱས་སྟོང་། །སྐུ་ཡི་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་ལ། །མཁྱེན་རབ་ཐུགས་རྗེས་མཆོག་གི་སྤྲུལ་སྐུ་ལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ཀུན། །དེ་བཞིན་སྤྲུལ་སྐུ་དང་ནི་སྤྱི་ལའོ། །དེ་ནས་ཚེ་འདས་ལུས་ཀུན་གཅིག་ཏུ་བསྡུས། །དཀྱིལ་འཁོར་ལྷ་ལ་སྐྱབས་ཚོལ་སྨེ་སྔགས་ནི། །རང་གི་ངོ་ཆེན་ཚུལ་དུ་ཞུ་རོགས་དང་། །ཚེ་འདས་ལུས་རྙིང་དོར་དང་ལུས་གསར་ལེན། །ད་ལྟ་བར་དོའི་ཡིད་ལུས་དང་བཅས་པ། །ཅི་མཛད་ཁྱེད་ཤེས་ཚུལ་དུ་འབུལ་བསམ་ཞིང་། །གཙོ་རྒྱལ་མ་ནི་དབྱངས་བཅས་གྱེར་བ་ཡིན། །དེ་ཡན་ལྷོ་སྒོའི་ཆོ་ག་ཞེས་བྱའོ། །དེ་ནས་རང་ཉིད་གཙོ་རྐྱང་ང་རྒྱལ་གྱིས། །ཚེ་འདས་ཁྲིད་ནས་མདུན་བསྐྱེད་དཀྱིལ་འཁོར་ལ། །བསྐོར་བ་ལན་གསུམ་བྱས་ནས་ཤར་སྒོ་ཡི། །གཡས་འགྲམ་རྣམ་རྒྱལ་བུམ་པ་བཞུགས་པ་སྟེ། །གཡོན་འགྲམ་སེང་

(༣༣༨)གེའི་ཁྲི་ལ་རང་ཉིད་བཞུགས། །རང་མདུན་འཁོར་ལོ་དཀར་པོ་རྩིབས་བརྒྱད་སྟེང་། །པདྨ་དཀར་པོ་འདབ་བརྒྱད་ལྟེ་བ་ལ། །ཚེ་འདས་པུས་བཙུག་ཐལ་སྦྱར་མེ་ཏོག་ཐོགས། །རས་དཀར་དྲི་མེད་གྱོན་ནས་ཐལ་སྦྱར་བསམ། །ཚེ་འདས་ཉིད་ཀྱིས་རྗེས་ཟློས་བྱེད་བསྒོམ་ལ། །རྒྱུད་ལས། །མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་གྱིས་ཤིག །གསུངས་ཕྱིར་དབང་བསྐུར་སྤྱི་དང་མཐུན་པར་བྱ། །སློབ་མའི་དབང་བསྐུར་ཁོ་ནས་ཆོག་མེད་ཀྱི། །ཚེ་འདས་དེ་ཉིད་སྐྱེ་བ་གཞན་རྣམས་སུ། །རྡོ་རྗེ་སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དབང་གི་དམིགས་རིམ་ཞལ་ཁྲིད་རྣལ་འབྱོར་རྒྱུད་སྒྲུབ་ངན་སོང་སྒོ་གཅོད་ལ་བལྟ་བར་བྱའོ། །མཆན། །རྡོ་རྗེ་སློབ་དཔོན་དབང་ཡང་རུང་བ་ཡིན། །སྐྱེ་བ་གཞན་དུ་འཁོར་ལོས་བསྒྱུར་རྒྱལ་སོགས། །འབྱོར་པ་ཐོབ་ཕྱིར་རྒྱལ་སྲིད་དབང་བསྐུར་རུང་། །དེ་ནས་འདོད་ཡོན་ཟས་བསྔོའི་དོགས་གཅོད་ལ། །ཕ་མ་སྔར་དུས་ཤི་ལ་ལོ་དུས་བཞིན། །ཟས་བསྔོ་བྱ་ཚུལ་མདོ་ཞིག་མདོ་མང་བཞུགས། །

(༣༣༩)སྔོན་ཚེ་བོད་འདིར་རྒྱལ་རབས་ཉེར་ལྔ་ལ། །དམ་ཆོས་མ་དར་བོན་ལུགས་དར་ཆེ་བས། །རྒྱལ་པོ་རྣམས་ལ་བང་སོའི་མཆོད་པ་ཟེར། །ཕལ་པ་རྣམས་ལ་ལོ་དུས་ཤི་བའི་ཚོད། །གཏད་ཡར་ཞེས་པ་མཆོད་པ་རྒྱ་ཆེར་དར། །བྱང་དུ་ལ་ནི་རྟ་ཡི་སྲབ་མདའ་གཏད། །བྱང་བུ་རྟ་གོང་བསྐྱོན་ལ་བྱ་རུ་ཟེར། །དེ་བཞིན་ཁལ་མའི་སྣ་ཐག་གོ་ཁྲབ་སོགས། །ཟས་དང་ཆས་ཀ་བྱང་བུ་ལ་བསྔོས་ནས། །དེ་རྣམས་སློབ་དཔོན་ཉིད་ཀྱིས་ཁྱེར་སྲོལ་བྱུང་། །བནྡྷེའི་ལུགས་ལ་དེ་རྣམས་མེད་པའི་ཕྱིར། །བོན་རྣམས་མ་མགུ་བན་ལ་མ་དད་པས། །ཨོ་རྒྱན་ལ་སོགས་པཎྜི་ཏ་རྣམས་ཀྱིས། །བོན་ལ་དཔེ་བླངས་ཟས་གཏད་ཆོ་ག་ནི། །དཀར་ཆོག་ཅེས་བྱ་ཙཀླི་གཏད་རྒྱུ་མཛད། །དེ་ཉིད་དེང་སང་ཧོར་སོག་ཕྱི་འབྲོག་ལ། །ཀུན་རིག་ཞི་ཁྲོ་སོགས་ལའང་སྦྱར་རོ་སྐད། །དེ་ཡི་ལུགས་ལ་ཤ་ཡང་གཏད་རྒྱུ་ཡོད། །དེ་མིན་ཀུན་རིག་མི་འཁྲུགས་རང་རྐང་ལ། །ཚེ་འདས་རྒྱུད་སྡེ་འོག་མའི་ལྷར་བསྐྱེད་པས། །འདོད་ཡོན་ཤ་ཆང་བཤམས་པ་མི་འཐད་དོ། །

(༣༤༠)བསྔོས་བ་མ་གཏོགས་བཤམས་པས་མི་འཐོབ་པས། །འདོད་ཡོན་ལྔ་པོ་ཕྱག་ལེན་བཞིན་དུ་བསྔོ། །བར་དོ་ ཡིད་ལུས་དྲི་ཡིས་ཚིམ་པའི་ཕྱིར། །གསུང་ནི་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན། །སྦྱོང་རྒྱུད་འགྲེལ་བར་ཁྱི་སྙིང་ཁྲུ་བ་ལ། །ཆགས་བཞིན་འདོད་ཡོན་མ་བསྔོས་མི་འགྲོ་གསུངས། །དཔེར་ན་གལ་ཆེན་འབྲིམ་པ་ཐག་རིང་དུ། །འགྲོ་ལ་བཟའ་བཏུང་གཟབ་ནས་གཏོང་དང་འདྲ། །བར་དོའི་སྐབས་སུ་བཀྲེས་སྐོམ་ཞི་བ་དང་། །སྐྱེ་བ་གཞན་དུ་འབྱོར་པའི་རྟེན་འབྲེལ་འགྱུར། །འབྲོག་པ་རྣམས་ཀྱིས་ཚེ་འདས་རྣམ་ཤེས་ཀྱིས། །བཙོག་ལྟ་བྱེད་འདུག་བསམ་ནས་སྡུག་དོགས་ཟེར། །འདོད་ཡོན་གསོན་པོ་རྣམས་ཀྱིས་ཟ་སྲོལ་སྣང་། །ཟོས་ཀྱང་མི་རུང་བ་ནི་མེད་ན་ཡང་། །བྱ་ཁྱི་སྤྲང་པོ་སོགས་ལ་བྱིན་ན་ལེགས། །དེ་ནས་བྱང་བུ་བཞུ་པའི་ཕྱག་ལེན་ནི། །དེ་ཡན་རང་ཉིད་དཀྱིལ་འཁོར་ཤར་སྒོའི་དྲུང་། །གཙོ་རྐྱང་ངམ་ནི་རྡོར་སེམས་སྐུར་བཞུགས་པ། །བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀར་ཞུགས། །

(༣༤༡)རང་ཉིད་བདག་བསྐྱེད་གཙོ་བོའི་ང་རྒྱལ་བྱ། །དེ་ནས་བདག་མདུན་རིགས་ལྔ་ཡུམ་བཞི་དང་། །ལྷ་ཚོགས་ཀུན་གྱི་སྐུ་ལས་འོད་ཟེར་ནི། །ཁ་དོག་སྣ་ལྔ་མེ་ཡེ་རང་བཞིན་འཕྲོས། །སློབ་མ་རྡོར་སེམས་སྐུ་རུ་བསྐྱེད་མོད་ཀྱང་། །ད་དུང་བག་ཆགས་ཡིད་ལུས་དབང་ཆེ་བས། །མ་དག་ཆ་ཡི་ཕུང་པོ་ལྔ་པོ་དེ། །རིགས་ལྔའི་སྐུ་ལས་ཡེ་ཤེས་རྣམ་ལྔ་ཡི། །མེ་འཕྲོས་བསྲེགས་པས་རིགས་ལྔའི་ངོ་བོར་བསྒྱུར། །ཡུམ་བཞིའི་སྐུ་ལས་འཕྲོས་པའི་མེ་དཔུང་གིས། །ཤ་ཁྲག་དྲོད་དབུགས་ཁམས་ཀྱི་བག་ཆགས་བསྲེགས། །སེམས་དཔའ་རྣམས་ལ་མ་འཕྲོས་པའི་མེ་དཔུང་གིས། །མིག་སོགས་དབང་པོ་དྲུག་གི་བག་ཆགས་བསྲེགས། །སྒེགས་སོགས་ལྷ་མོ་ལས་འཕྲོས་མེ་དཔུང་གིས། །གཟུགས་སྒྲ་དྲི་སོགས་ཡུལ་ལྔའི་བག་ཆགས་བསྲེགས། །ལྷ་ཚོགས་ཀུན་གྱི་དཔྲལ་མགྲིན་ཐུགས་ཀ་ནས། །འོད་ཟེར་མེ་དཔུང་དཀར་དམར་མཐིང་འཕྲོས་པས། །ལུས་ངག་ཡིད་ཀྱི་སྒྲིབ་གསུམ་བག་ཆགས་བསྲེགས། །ཚེ་འདས་ལུས་ཀྱི་རྣམ་པ་བསྲེགས་

(༣༤༢)ཏེ་སྦྱངས། །སེམས་ནི་ཨ་ཡིག་དཀར་པོ་དྲི་མེད་གྱུར། །རྩ་བརྒྱུད་བླ་མའི་ཐུགས་ཀྱི་རྟོགས་པ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀྱི་ཡེ་ཤེས་དང་། །རྣལ་འབྱོར་རང་གི་ཉམས་ལེན་རྟོགས་པ་དང་། །ཚེ་འདས་སེམས་རྒྱུད་དབྱེར་མེད་གཅིག་ཏུ་བསྲེ། །འབྲེལ་པ་ཐོགས་ཆོག་ཀརྨ་པ་མཁྱེན་སོགས། །ཉམ་ལེན་ལྟ་བའི་ངང་ནས་རྒྱང་འབོད་བྱ། །ཤེར་སྙིང་ནང་གི་གཟུགས་མེད་སྒྲ་མེད་ནི། །ཆོས་མེད་བར་གྱི་ཚིག་སྡུམ་དེ་བརྗོད་ནས། །ཀཾ་ཀ་ནི་དང་རྩ་རིག་བཟླས་ཤིང་བསྲེག །དེ་ནས་དཀོན་མཆོག་རིན་ཆེན་སོགས་བརྗོད་ཚེ། །ཤར་སྒོའི་འགྲམ་གྱི་རྣམ་ཤེས་ཨ་ཡིག་དེ། །ཡར་ཡར་བཀྱག་ནས་བདག་མདུན་གཉིས་ཀྱི་བར། །བར་སྣང་ཁམས་སུ་ཟླ་བའི་གདན་ལ་བཞག །དེ་ནས་ལམ་བསྟན་མཚམས་འདིར་དོགས་གཅོད་ནི། །དཀྱིལ་འཁོར་གཙོ་བོ་རྣམ་སྣང་ཡིན་པའི་ཕྱིར། །རྣམ་སྣང་ཞིང་ཁམས་སྟུག་པོ་བཀོད་པ་རུ། །ལམ་སྟོན་ངོས་ཀྱང་མི་བྱེད་པ་ཡི་དོན། །དེ་རུ་ས་བརྒྱད་མ་ཐོབ་སྐྱེ་མི་སྲིད། །ལས་ལྷ་རྡོ་རྗེ་སེམས་

(༣༤༣)དཔའ་ཡིན་པ་དང་། །ཚེ་འདས་རྡོ་རྗེ་སེམས་དཔར་བསྐྱེད་པའི་ཕྱིར། །མངོན་དགའི་ཞིང་དུ་ལམ་སྟོན་འོས་ན་ཡང་། །ས་ཐོབ་སེམས་དཔའ་མ་གཏོགས་དེར་མི་སྐྱེ། །སྦྱོང་རྒྱུད་གླེང་གཞིར་ལྷ་བུ་དྲི་མེད་དེ། །མནར་མེད་གནས་ནས་ལྷ་ཡུལ་དྲང་པའི་ཕྱིར། །དགའ་ལྡན་གནས་སུ་ལམ་བསྟན་འོས་ན་ཡང་། །དེ་རུ་སྐྱེས་ཀྱང་ཕྱིར་ལ་ལྟུང་བ་སྲིད། །མཚམས་མེད་བྱས་དང་དམ་ཆོས་སྤངས་མ་གཏོགས། །སྨོན་ལམ་བཏབ་ན་སྐྱེ་བར་ནུས་པ་དང་། །དེ་རུ་སྐྱེས་ནས་ཕྱིར་མི་ལྡོག་པ་ནི། །འོད་དཔག་མེད་ཀྱི་སྨོན་ལམ་སྟོབས་ཡིན་པར། །འོད་མདོ་ཞིང་བཀོད་མདོ་སྡེ་གཉིས་ལས་གསུངས། །དཀྱིལ་འཁོར་འདི་དང་ཞིང་དེ་འབྲེལ་བའི་དོན། །བཅོམ་ལྡན་རྣམ་པར་སྣང་མཛད་ཆེན་པོ་འདི། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གསུངས། །དོན་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཡིན། །སྤྱན་རས་གཟིགས་ལ་འབྲེལ་བ་ཆེར་བཞག་རྣམས། །བདེ་བ་ཅན་ན་ཁྲིད་ནས་འོང་ངོ་ཞེས། །འོད་དཔག་མེད་ཀྱི་དྲུང་དུ་དམ་

(༣༤༤)བཅའ་མཛད། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་གྲངས་མེད་ཀྱང་། །དངོས་ཉིད་བདེ་བ་ཅན་དུ་རྟག་ཏུ་བཞུགས། །དེ་དོན་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས། །བསྡུས་དོན་བཀའ་ཆེན་བཀའ་འབུམ་རྣམས་ན་གསལ། །དཀྱིལ་འཁོར་འདི་དང་འབྲེལ་ཕྱིར་དེར་ལམ་སྟོན། །དེ་ཡང་རྔ་སྒྲའི་རྒྱལ་པོའི་གཟུངས་ཀྱི་ཚིག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་ཀྱི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཞེས་པའི་ཚིག་གིས་ལམ་སྟོན་ཏེ། །ནམ་མཁའི་ཟླ་སྟེང་ཨ་ཡིག་དེ། །ཚེ་འདས་རྣམ་པར་ཤེས་པ་དངོས། །དབང་བསྐུར་ཡེ་ཤེས་སེམས་དཔའ་དང་། །དབྱེར་མེད་གཅིག་ཏུ་གྱུར་པར་དམིགས། །རང་ཉིད་ཀུན་རིག་བདག་བསྐྱེད་ནི། །སྐུ་ཚེ་རི་རབ་ཙམ་བསམ་ལ། །ཤངས་ནས་རླུང་ཤིག་བུས་པ་ནི། །ཤུགས་དྲག་བསྐལ་པའི་འཐོར་

(༣༤༥)རླུང་བཞིན། །ཟླ་བ་ཨ་ཡིག་བཅས་པར་ཕོག །སྤྲིན་མེད་དྭངས་པའི་སྐར་མདའ་བཞིན། །བདེ་བ་ཅན་དུ་ཏ་ལེར་སོང་། །འདོ་དཔག་མེད་པའི་མདུན་དྲུང་དུ། །མེ་ཏོག་པདྨའི་སྦུབས་སུ་བསྟིམ། །པདྨ་འདམ་སོགས་དག་གིས་གྱེར། །སྔགས་དེ་རྫོགས་ཚེ་ཡུད་ཙམ་ཞིག །མི་དམིགས་ལྟ་བའི་ངང་ལ་བཞག །དེ་མ་ཐག་ཏུ་བརྫུས་སྐྱེས་སུ། །གསེར་མདོག་མཚན་དཔེས་བརྒྱན་པའི་ལུས། །དགེ་སློང་ཆ་ལུགས་ཅན་དུ་གྱུར། །སྔོན་གནས་རྗེས་དྲན་མངོན་ཤེས་ཀྱིས། །སློབ་དཔོན་བཀའ་དྲིན་རྗེས་སུ་དྲན། །སྐད་ཅིག་གློག་འགྱུ་ཇི་བཞིན་དུ། །མདུན་གྱི་ནམ་མཁར་འོངས་ནས་ཀྱང་། །ཨེ་མ་འོ་སོགས་ཆེད་དུ་བརྗོད། །གཏང་རག་མཆོད་པ་བྱས་ནས་ཀྱང་། །སླར་ཡང་བདེ་ཆེན་ཞིང་གཤེགས་བསམ། །དེ་དག་ཡིད་ལ་བསྒོམ་བཞིན་དུ། །གཞུང་ཚིག་གཙྪནྟུ་བར་བརྗོད། །དེ་ནས་བསྔོ་བས་རྒྱས་འདེབས་བྱ། །བྱང་ཐལ་རྩ་རིག་བརྗོད་བཞིན་དུ། །སཱ་ཙྪ་འདེབས་སམ་གདབ་ཏུ་བཅུག །ཆུས་མི་འཇིགས་པའི་གནས་

(༣༤༦)སུ་བསྐྱལ། །རྗེས་ཆོག་མན་ཆད་གཞུང་ལྟར་རོ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །བསྐུལ་ནས་ཡི་གེ་པ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་གནམ་གང་དང་། །མགོ་ཟླའི་ཚེས་གཅིག་དགོངས་ཐུན་མཚམས། །རཱ་ག་ཨ་སྱས་སྨྲས་པ་ཡིན། །ལུང་འདྲེན་མང་པོ་མ་མཆིས་ཀྱང་། །སློབ་དཔོན་རྣམས་ཀྱི་གསུང་རྒྱུན་དང་། །གཞུང་ཚིག་མཚུངས་ཕྱིར་ཐེ་ཚོམ་མེད། །ཕྱི་རབས་དགེ་བཤེས་གསང་བུ་རྣམས། །འདི་ལ་བརྟེན་ནས་འགྲོ་བའི་དོན། །རྒྱ་ཆེ་རྒྱུན་མི་འཆད་པར་ཤོག །ལེའུ་ཉེར་གཅིག་པའོ་མངྒ་ལཾ།། །ཟ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བར་དོའི་ངོ་སྤྲོད་ཐོས་གྲོལ་བསྡུས་པ་བཞུགས་སོ། །ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། །འགྲོ་བ་འདྲེན་མཛད་སྤྱན་རས་གཟིགས་ལ་འདུད། །ཐུགས་དམ་མ་ཟིན་འཕོ་བ་མ་ཐེབས་སམ། །ཐེབས་ཤིང་ཟིན་ཀྱང་བརླིང་ཆ་ལྟ་བུ་ཡི། །བྱང་བུ་ཕྱིར་ལྡོག་ཞོར་ལ་ངོ་སྤྲོད་ནི། །གང་ཟག་ཐ་མལ་པ་ཡི་དབང་བྱས་ཏེ། །ཀྱེ་མ་ཀྱེ་ཧུར་སྐལ་ལྡན་ཆྒཻ་མོ། །ཁྱོད་ནི་མི་རྟག་ཕ་རོལ་དུས་ལས་འདས། །ཤིའམ་མ་ཤི་ཁྱོད་རང་ཡིད་མི་ཆེས། །

(༣༤༧)གདོས་བཅས་ཤ་ལག་ལུས་མེད་ཡིད་ཀྱི་ལུས། །ལོ་བརྒྱད་ན་ཚོད་གར་སྐྱེ་རིགས་དྲུག་མདོག །ཉི་ཟླ་མེད་ཀྱང་རང་ལུས་འོད་ཀྱིས་གསལ། །ཡིད་ལ་དྲན་ཚེ་རྫུ་འཕྲུལ་སྟོན་པར་ནུས། །གནས་ལ་ངེས་མེད་རི་རྩེ་རྒྱ་མཚོའི་འགྲམ། །གྲོགས་ལ་ངེས་མེད་ཤི་གསོན་སུ་དང་འགྲོགས། །ཟས་ལ་ངེས་མེད་དྲི་དང་གསུར་གྱིས་ཚིམ། །མ་བསྔོས་བར་དུ་ཟས་ཀྱང་ཐོབ་པ་མེད། །རེས་འགའ་ཟག་བཅས་མངོན་ཤེས་གསལ་བ་ན། །སྐྱེ་བ་སྔ་ཕྱི་བར་གསུམ་དྲན་ན་ཡང་། །དེ་མ་ཐག་ཏུ་བརྗེད་དེ་འཁྲུལ་ནས་འགྲོ། །སྟོང་གསུམ་འཇིག་རྟེན་སྐད་ཅིག་ཡུད་ལ་འཁོར། །ཆུ་དང་མེ་ལོང་གཟུགས་མེད་གྲིབ་མ་མེད། །བྱེ་མ་ས་འབོལ་ནང་དུ་རྗེས་མི་དོད། །དེ་ཚེ་ཁྱོད་རང་བར་དོར་འཁྱམས་རྟགས་ཡིན། །རང་ཉིད་ཤི་བར་ཤེས་ཏེ་སེམས་སྡུག་ཚེ། །ཅི་དྲག་གང་དྲག་སྙིང་ནི་གས་ལ་ཐུག །ད་རེས་དམ་ཆོས་མ་འགྲུབ་འགྱོད་པ་ཆེ། །སྡིག་ལྟུང་གང་བྱས་དྲན་པས་ཡིད་མི་བདེ། །གཤིན་རྗེའི་ཕོ་ཉས་སླེབ་དོགས་སྐྲག་པ་ཆེ། །ཉེ་དུ་རྣམས་ལ་ཡུས་ཆེ་རེ་ཁང་ཆེ། །ཚུར་སྨྲས་གོ་ཞིང་ཕར་སྨྲས་

(༣༤༨)མི་གོ་སྡུག །མ་ངུ་ང་ནི་འདི་ན་ཡོད་ཅེས་འབོད། །དྲུང་དུ་འོང་ནས་འཁྱུད་ཅིང་ཁ་གཏུགས་ཀྱང་། །མ་མཐོང་ངུས་པས་རང་ཉིད་ཤི་བར་ཤེས། །རེ་སའི་སྐྱབས་གནས་བླ་མཆོད་དྲུང་དུ་འགྲོ། །དམ་ཚིག་མི་གཙང་ཆོ་ག་མ་དག་དང་། །ཏིང་འཛིན་མི་གསལ་ཉོན་མོངས་གང་སྐྱེས་མཐོང་། །འདི་ཚོས་ང་བསླུས་སྙམ་དུ་ཞེ་སྡང་སྐྱེ། །མྱུར་དུ་ལུས་གཅིག་ཨེ་ཐོབ་ཀུན་ཏུ་ཚོལ། །དེ་འདྲའི་སྣང་བ་ཁྱོད་ལ་འཆར་བ་དེ། །སུ་ཡང་མ་ལེན་ཁྱོད་རང་འཁྲུལ་སྣང་ཡིན། །ཞག་བཞི་ཕན་ཆད་ཁྱོད་ཀྱི་སྣང་བ་ལ། །ཕྱོགས་མཚམས་སྟེང་འོག་འཇའ་འོད་ཐིག་ལེས་གང་། །ཞི་བའི་ལྷ་ཚོགས་མང་པོས་ནམ་མཁའ་གང་། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་དུ་འབར། །དེ་དག་ཐུགས་ལས་ཡེ་ཤེས་ལྔ་ཡི་ལམ། །འོད་ཟེར་བཀྲག་ལ་འཚེར་བ་སྙིང་གར་ཟུགས། །དེ་དང་མཉམ་དུ་རིགས་དྲུག་འཁོར་བའི་ལམ། །བཀྲག་མདངས་མེད་པ་དྲུག་ཀྱང་གཤིབས་ནས་འཆར། །དེ་ཚེ་རིགས་དྲུག་ལམ་དུ་མ་འགྲོ་བར། །ཡེ་ཤེས་ལྔ་ཡི་འོད་ལམ་རྒྱུད་དུ་སོང་། །རིགས་ལྔའི་ལྷ་ལ་གུས་པས་གསོལ་བ་ཐོབ། །

(༣༤༩)དེ་རྗེས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །དུར་ཁྲོད་ཆས་བརྒྱད་གར་གྱི་ཉམས་དགུར་ལྡན། །རོལ་མོའི་སྒྲ་དང་ཧཱུཾ་ཕཊ་འབྲུག་སྟོང་ལྡིར། །འཇིག་རྟེན་ཁམས་ཀུན་ཤིག་ཤིག་ཡོམ་ཡོམ་འགུལ། །ཁྱོད་ཉིད་བར་དོའི་ལམ་ནས་བསུ་ཕྱིར་འབྱོན། །མ་འཇིགས་མ་སྐྲག་ཡི་དམ་ངོས་བཟུང་གིས། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །དེ་རྗེས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས། །ཁྱོད་ཉིད་བར་དོའི་ལམ་ནས་བསུ་ཕྱིར་འབྱོན། །འཇིགས་སུ་རུང་ཞིང་བལྟ་བར་མི་བཟོད་པ། །ཧཱུཾ་ཕཊ་ཐུག་ཚེམ་འབྲུག་སྟོང་དུས་གཅིག་སྒྲ། །གནམ་ས་བར་སྣང་ཐམས་ཅད་ཁྲོ་བོས་གང་། །སོད་སོད་རྒྱོབ་རྒྱོབ་འོད་ཟེར་མཚོན་ཆའི་ཆར། །དཔེར་ན་ཉེས་ཆན་བརྩོན་དུ་བཟུང་བ་བཞིན། །བྲོས་པས་མི་ཐར་གར་སོང་དེ་འདྲས་གང་། །དེ་དག་གཞན་ནས་འོང་བ་མ་ཡིན་ཏེ། །ཁྱེད་རང་ལུས་ལྷ་ཞི་ཁྲོའི་ལྷ་ཚོགས་ཡིན། །དཔེར་ན་དགྲ་འཇིགས་ཆེ་བའི་ས་ཕྱོགས་སུ། །བསུ་མིའི་དམག་དང་དགྲ་བོ་ནོར་བ་བཞིན། །མ་སྐྲག་མ་སྡངས་མ་འབྲོས་དད་གུས་གྱིས། །བདུན་

(༣༥༠)གཉིས་ཕན་ཆད་རེ་ཞིག་འཇིགས་སྐྲག་ཡལ། །བདུན་ཕྲག་རེ་རེའི་བར་ན་འཇིགས་སྐྲག་རེ། །ཁ་ཆར་མུན་ནག་དམག་གིས་དེད་པ་དང་། །ཁྲོ་བོ་གཤིན་རྗེ་གཅན་ཟན་ཚོགས་ཀྱིས་དེད། །མདུན་དུ་གཡང་ས་དཀར་དམར་ནག་པོས་ཆོད། །རི་བོ་སྟོང་ཉིལ་རྒྱ་མཚོ་སྟོང་འཁྲུགས་སྒྲ། །ནགས་ཆེན་མེ་མཆེད་སྒྲ་དང་རླུང་ཆེན་སྒྲ། །འཇིགས་པའི་སྒྲ་བཞི་ཡ་ངའི་འཕྲང་བརྒྱད་འཆར། །དེ་ཚོ་ཁྱོད་རང་སེམས་ཀྱི་འཁྲུལ་སྣང་ཡིན། །ཁྱོད་ལ་འདུས་བྱས་ཤ་ཁྲག་ལུས་མེད་པས། །མཚོན་ཆ་གཡང་ས་མེ་ཆུས་འཆི་རྒྱུ་མེད། །དེ་དོན་ཡིད་ལ་ཟུངས་ལ་འཇིགས་སྐྲག་སྤོངས། །ཀུན་རིག་སྒོ་ནས་འགྲོ་དོན་བྱེད་མཁན་རྣམས། །སངས་རྒྱས་སྤྲུལ་པ་ཡིན་པར་ཐུབ་པས་གསུངས། །བླ་མཆོད་མ་དག་མི་གཙང་བསམ་པ་རྣམས། །ཁྱོད་རང་སྣང་བ་མ་དག་འཁྲུལ་པ་ཡིན། །དད་གུས་བསྐྱེད་དང་མི་བསླུ་ཁྱོད་ལ་ཕན། །ཁྱོད་ཀྱིས་མི་ལུས་ཐོབ་འདོད་ལུས་ཚོལ་བ། །ཁྱོད་རང་འཁོར་བར་འཁྱམས་འདོད་བློ་ནོར་ཡིན། །སྐྱེ་རྒས་ན་འཆི་གྲངས་མེད་མི་འཚེར་རམ། །མི་ལུས་ལྷ་ལུས་ལེན་འདོད་བསམ་

(༣༥༡)པ་སྤོངས། །ཁྱེད་ལ་ཕན་ཕྱིར་སངས་རྒྱས་ཕྲིན་ལས་ཀྱི། །ཤིང་རྟ་འདྲེན་མཛད་ངེད་ཅག་རྣམས་ཡིན་པས། །དད་གུས་སྐྱེང་ལ་མ་ཡེངས་ཚིག་དོན་ཉོན། །གསང་སྔགས་ཟབ་མོའི་ཕྱིར་ལྡོག་དབང་བསྐུར་གྱིས། །སྒྲིབ་པ་སྦྱང་རྗེས་མ་ཆགས་མ་ཞེན་པར། །གཏན་དུ་བདེ་ཞིང་ཕྱིར་མི་ལྡོག་པའི་གནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སོང་། །སངས་རྒྱས་འོད་དཔག་མེད་པའི་ཞལ་བལྟ་ཞིང་། །དམ་ཆོས་ཉན་པའི་བསམ་པ་མ་བརྗེད་ཅིག །ཅེས་བརྗོད་དེ་ནས་ཕྱིར་ལྡོག་དབང་བསྐུར་དང་། །ཆགས་ཞེན་སྤངས་ཕྱིར་ཟས་བསྔོས་ལམ་བསྟན་ནས། །རྣམ་ཤེས་སྤར་ཞིང་བསྔོ་སྨོན་རྒྱ་ཡིས་གདབ། །བླ་མ་བཱིརྻ་སཱ་ག་རས་བསྐུལ་ནས། །རྟ་ལོ་ཐ་སྐར་ཟླ་ཚེས་བཞིའི་ཉིན། །དཀོར་སྒྱེ་རཱ་ག་ཨ་སྱས་སྨྲས་པ་དེ། །དཀོར་འདོད་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྲིས། །ལེའུ་ཉེར་གཉིས་པའོ་མངྒ་ལཾ།། །འ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །དགྲ་ཇག་ཆོམ་རྐུན་བཅིང་བའི་གདམས་པ་མྱ་ངན་མེད་པའི་ཤིང་གི་བསིལ་གྲིབ་ཞེས་བྱ་བ་བཞུགས་སོ།། །།

(༣༥༢)ན་མོ་གུ་རུ་དྷཱ་ཀི་མཱ་རཱི་ཙྱཻ། །གཅིག་པུར་སྒྲུབ་པ་བྱེད་འདོད་ཆེ་བ་ཡི། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བས། །ཉམ་ཆུང་གཅིག་པུར་དམ་ཆོས་སྒྲུབ་པ་ལ། །དགྲ་དང་ཆོམ་ཀུན་གནོད་པ་འབྱུང་དོགས་པས། །དེ་ཉིད་བསྲུང་བཟློག་གདམས་པ་དགོས་ཞེས་ཞུས། །བླ་མ་ཁྱེད་ཉིད་ཡོན་ཏན་སྣ་མང་བས། །གྲྭ་པ་མེད་པའི་གཅིག་འདུག་མི་དགོས་ཏེ། །ཆིབས་རྟ་གྲྭ་གལ་ནོར་ཕྱུགས་བྲང་ད་སོགས། །ཧ་ཅང་མང་ན་དགྲ་བོའི་གཡབ་མོ་ཡིན། །སྙིགས་དུས་ལོག་སྤྱོད་སྡིག་རྒྱལ་སྟོབས་ལྡན་མང་། །ཕྲ་མར་དགའ་བས་ཉེས་མེད་སྲོག་དང་བྲལ། །དེ་དག་བསྲུང་བའི་གདམས་པ་མང་མཆིས་ཀྱང་། །གསར་རྙིང་མདོ་རྒྱུད་གཏེར་ཁ་ཐམས་ཅད་ནས། །འོད་ཟེར་ཅན་ལས་ལྷག་པ་མེད་པར་གསུངས། །དེ་ལ་ཞལ་ཕྱག་མང་པོ་འཁོར་མང་སོགས། །རྡོར་ཕྲེང་སོགས་ནས་དཀྱིལ་འཁོར་ཆེར་བཤད་ཀྱང་། །ཕྱག་གཉིས་མ་དེ་རྟོགས་པའི་རྒྱུད་དང་མཐུན། །སྒྲུབ་ཐབས་རྒྱ་མཚོ་དགོངས་གཏེར་གཉིས་ནས་གསུངས། །ངོ་བོ་དཔལ་ལྡན་ལྷ་མོ་

(༣༥༣)རང་བྱུང་མ། །ཆོམ་རྐུན་ཟློག་བྱེད་བཅུ་བཞི་མཱ་རི་ཙཻྱ། །དེ་ཡི་མན་ངག་ཟབ་མོ་འདི་ལྟ་སྟེ། །དབང་ལུང་ཐོབ་དགོས་ཉམས་སུ་ལེན་བྱ་ནི། །སྐད་ཅིག་དྲན་རྫོགས་པདྨ་ཟླ་བའི་སྟེང་། །རང་ཉིད་འོད་ཟེར་ཅན་མ་གསེར་མདོག་མཛེས། །ཞལ་གཅིག་ཞི་འཛུམ་ཐོར་ཚུགས་དབུ་རྒྱན་ཅན། །སྟོད་གཡོགས་སྔོན་པོ་ཨང་རག་ཤམས་ཐབས་དཀར། །བཅུ་དྲུག་ན་ཚོད་དར་དང་རིན་ཆེན་བརྒྱན། །ཕྱག་གཉིས་གཡས་གཡོན་ཁབ་དང་སྐུད་པ་འཛིན། །ཕྱེད་སྐྱིལ་ཕག་རྒོད་སེར་པོའི་སྟེང་ན་བཞུགས། །རང་གི་གཡས་གཡོན་བསྲུང་བྱ་ཐམས་ཅད་གསལ། །དེ་རྒྱབ་ཉི་ཟླའི་གའུ་རིམ་པ་གསུམ། །ནང་མ་ཉི་མ་འོད་དང་ཟླ་བ་སྟེང་། །བར་མ་ཉི་མ་གཡོན་དང་ཟླ་བ་གཡས། །ཕྱི་མ་ཉི་མ་སྟེང་དང་ཟླ་བ་འོག །ཉི་ཟླའི་འོད་ཟེར་ཤིན་ཏུ་བཀྲག་ཆེ་བས། །སུས་ཀྱང་བལྟ་བར་མི་བཟོད་མིག་ཚིག་གོ། །དེ་རྒྱབ་ཕག་རྒོད་སེར་པོའི་ར་བ་ནི། །སུམ་རིམ་ཤིན་ཏུ་ཆེ་ཞིང་འཇིགས་སུ་རུང་། །ཀུན་ཀྱང་ཕྱི་རུ་ཁ་གྱུ་

(༣༥༤)ངུར་སྒྲ་སྒྲོགས། །རང་གི་ཐུགས་ཀར་ཟླ་སྟེང་མཾ་ཡིག་མཐར། །སྔགས་ཕྲེང་གཡོན་དུ་འཁོར་ལས་འོད་འཕྲོས་པས། །རྒྱ་གར་མྱ་ངན་མེད་པའི་ཤིང་ཟུང་ནས། །རང་འདྲ་དཔག་མེད་སྤྱན་དྲངས་དབྱེར་མེད་ཐིམ། །ཡེ་ཤེས་དབང་ཐོབ་རྣམ་སྣང་དབུ་བརྒྱན་གྱུར། །དམིགས་པ་བསྒོམ་ཞིང་ཅི་ནུས་བསྙེན་པ་བྱ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། །སྔ་དྲོ་ལ་སོགས་སྲུང་བའི་སྔགས་ནི་འདི། །ཨོཾ་མཱ་རཱི་ཙྱཻ་འོད་ཟེར་ཅན་བདག་ཅག་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། །ཕྱི་དྲོ་དགྲ་ཆིངས་རྐུན་ཆིངས་སྔགས་དམིགས་འདི། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་དང་། །རང་བཞིན་གནས་ནས་བྱོན་པའི་ལྷ་མོ་ནི། །རང་འདྲ་ཕག་སེར་ཞེན་པས་འཇིག་རྟེན་ཁྱབ། །གློག་ལྟར་འཁྱུག་ཅིང་རླུང་ལྟར་ཕྱོགས་བཅུར་རྒྱུག །རང་ལ་གནོད་པའི་དགྲ་ཇག་ཆོམ་རྐུན་དང་། །ངན་སྨྲས་ཕྲ་མ་བྱེད་པ་ཐམས་ཅད་ཀྱི། །ཁ་དང་མིག་རྣམས་ལྷ་མོས་དྲུག་པར་བསྒོམ། །ཨོཾ་མཱ་རཱི་ཙྱཻ་བ་དྲཱ་ཏ་ལི་བ་དཱ་ལི་བ་རཱ་ལི་བ་ར་ཧ་མུ་ཁི་སརྦ་དུཥྚ་

(༣༥༥)པྲ་དུཥྚ་ནཾ་གནོད་བྱེད་དག་ཇག་ཆོམ་རྐུན་ཐམས་ཅད་ཙཀྵུརྨུ་ཁཾ་བནྡྷ་བནྡྷ་སྭཱ་ཧཱ། །དེ་དག་མང་ཉུང་གལ་དང་བསྟུན་ཏེ་བཟླས། །དེ་ནི་རྒྱུན་ཁྱེར་བསྲུང་བ་ཡིན་པ་སྟེ། །མཚམས་བསྡམས་གོང་གི་དམིགས་པ་འབྲུ་དྲུག་པོ། །དྲུག་འབུམ་བཟླ་བ་བསྙེན་པའི་ཚད་དུ་བཤད། །འདི་རང་གུད་དུ་བསྙེན་པ་མ་གྲུབ་ཀྱང་། །སྒྲོལ་དཀར་ཀུ་རུ་ཀུལླེ་ལོ་མ་ཅན། །རང་བྱུང་རྒྱལ་མོ་རྣམས་ནི་རྒྱུད་གཅིག་གསུངས། །གཞན་གྱི་བསྙེན་པ་ཐོན་ན་དོན་གྱིས་གཅིག །གལ་ཏེ་གོང་དུ་བསྙེན་སྒྲུབ་མ་ཐོན་ཡང་། །རྒྱུན་དུ་བསྙེན་པ་ཐུན་རེ་བྱ་བའམ། །ཡང་ན་གལ་ཆེན་དུས་སུ་མཚན་ཆེར་བཟླ། །དགྲ་ཇག་ཆོམ་ཀུན་རྒྱལ་པོའི་འཇིགས་པ་ལ། །འདི་ལས་ཟབ་པའི་གདམས་ངག་ཡོད་མ་ཡིན། །རྟ་དྲེལ་ལ་སོགས་གལ་ཆེན་སྲུང་བ་ལ། །བུ་མོ་གཙང་མས་བཀལ་ན་རབ་ཡིན་གྱི། །བལ་གཙང་སྲུང་སྐུད་ཕྲ་སྦོམ་གང་ཡང་རུང་། །རིང་ཐུང་མདའ་ཚད་འམ་ནི་འདོམ་ཆེད་ཙམ། །དང་པོ་ལྷ་བསྒོམ་བསྙེན་པ་ཉུང་ཙམ་བྱ། །དེ་ནས་མིག་

(༣༥༦)བཙུམ་ཁ་བསྡམས་དབུགས་མ་བཏང་། །སྲུང་སྐུད་རེ་ལ་མདུད་པ་ཉེར་གཅིག་རེ། །ཡིད་བཟླས་སྔགས་ཚར་རེ་དང་མདུད་པ་སྤྲད། །སྲུང་སྐུད་གཅིག་ཚར་མཚམས་སུ་དབུགས་གཏོང་རུང་། །མདུད་པ་རེ་རེ་ལྷ་མོ་རེ་རེར་བསྒོམ། །སྔགས་རིང་བརྒྱ་སྟོང་ཅི་འགྲུབ་བཟླས་ལ་བསྔགས། །ཡེ་ཤེས་ལྷ་མོ་གྲངས་མེད་བཀུག་ལ་བསྟིམ། །ལྷ་མོ་འོད་ཞུ་མདུད་པར་ཐིམ་པར་བསྒོམ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱས་པ་དེ། །མི་དང་རྟ་དྲེལ་ནོར་ཕྱུག་གང་བཏགས་དེ། །དགྲ་ཇག་ཆོམ་རྐུན་གཅན་གཟན་སྲུང་བའི་མཆོག །ལས་ཚོགས་དེ་ནི་རྒྱུད་དང་གདམས་ངག་མཐུན། །རང་གི་ཡི་དམ་གཙོ་བོ་སྲུང་སྐུད་དཀར་པོ་ཡིན་གསུངས། །གཅིག་ཡིན་ཏེ། །སྒྲུབ་པ་མང་སོང་བཀའ་རྒྱ་དམ་ན་ཡང་། །སྙིང་གི་སློབ་བུ་བརྩོན་འགྲུས་ཁྱེད་ལ་གདམས། །གསར་རྙིང་བཀའ་གཏེར་གནམ་ཆོས་ལ་སོགས་ཀྱི། །གདམས་ངག་བྱེ་བ་རིང་བསྲེལ་གཅིག་ཏུ་བསྡུས། །ཚིག་ཉུང་དོན་ཆེ་ཉམས་སུ་མྱོང་བས་གྲུབ། །སྤ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །

(༣༥༧)དགེ་བས་སྙིགས་དུས་དམ་ཆོས་སྤྱོད་པ་ཀུན། །དགྲ་དང་ཆོམ་རྐུན་འཚེ་བ་བྲལ་བར་ཤོག །ཁ་སྨྲས་གླེང་གཞི་གཤེ་སྐུར་མེད་པར་ཤོག །དེ་སྐད་གནམ་ལོ་ཤུགས་འཆང་རཱ་གའི་མདོག །ཆོམ་རྐུན་སྲུང་བྱེད་ཁྱི་ཡི་ཟླ་བ་ཡི། །ཉེར་བརྒྱད་དགྲ་འཇོམས་གཤིན་རྗེ་རྒྱུ་བའི་ཉིན། །ཀུན་གྱི་མིག་འགྲིབས་མུན་པ་སྨག་པའི་དུས། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་དེ། །རུ་བ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །རྟགས་ནི་སྦྲུལ་སྤྲེལ་བྱི་ལ་བོང་བུ་དང་། །རྟ་དང་གླང་ཆེན་མ་ཧེ་དྲེད་དང་ཁྱི། །ཕན་ཚུན་འཐབས་དང་རང་ཉིད་སྐྲག་པ་རྨིས། །སྔགས་ནི་ད་རུང་གཉིས་འགྱུར་ལ་སོགས་བཟླས། །རྒྱ་མཚོ་བསྒལ་དང་རི་བོ་ལ་གནས་དང་། །སངས་རྒྱས་བྱང་སེམས་ལ་སོགས་མཇལ་བ་དང་། །བུད་མེད་གཞོན་ནུ་མཛེས་མ་རྒྱན་ལྡན་དང་། །འོད་ཟེར་ཅན་མ་མཇལ་དང་ལུང་སྟོན་དང་། །དྲི་བཟང་འཐུལ་དང་མར་མེ་འཛིན་པ་སོགས། །འགྲུབ་པའི་རྟགས་ཏེ་མཚན་མའི་

(༣༥༨)བསྙེན་པའོ། །ཟླ་དྲུག་གསུམ་མམ་ཉེར་གཅིག་ལ་སོགས་དུས། །འབུམ་ཕྲག་ཉེར་བཞི་ཡང་ན་བྱེ་ཆུང་གཅིག །ཐ་མ་དྲུག་འབུམ་བཟླས་ཀྱང་འགྲུབ་པ་སྟེ། །འབྲུ་དྲུག་ཁོ་ན་ཡིན་ཡང་གསུམ་ཀ་བརྩི། །ཅེས་པ་འདི་ཡི་བསྙེན་སྒྲུབ་ལས་སྦྱོར་མཆོད་ཕྲེང་རིན་པོ་ཆེས་མཛད་པ་ནས་ཁོལ་དུ་ཕྱུངས་ཏེ། །བློ་དམན་རྣམས་ལ་ཕན་ཕྱིར་སྒྲུབ་ཐབས་འདི་ཡི་མཆན་བུར་བྲིས་པའོ། །ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཙེ་ཡེ་ཞེས་པའི་ཡེ་དེ་མགྱོགས་དགོས་གསུངས་སོ། །ལེའུ་ཉེར་གསུམ་བའོ་མངྒ་ལཾ།། །ཡ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སྤྲོས་མེད་སྤྲོས་བཅས་ཀྱི་གསོན་བྱང་བཞུ་ཐབས་མཐའ་གཅོད་དང་བཅས་པ་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་བྷུདྡྷ་བོ་དྷི་ས་ཏྭ་ཡེ། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་ལྷ་ལམ་ན། །གདམས་ངག་འོད་སྟོང་ལྡན་པ་འདི་ཤར་བས། །འགྲོ་བའི་སྒྲིབ་གཉིས་མུན་པ་མཐར་བྱེད་ཅིང་། །བཤེས་གཉེན་གསར་བུའི་བློ་ཡི་པདྨོ་འབྱེད། །ཀྱེ་མ་ཐོབ་དཀའི་

(༣༥༩)དལ་འབྱོར་ལུས་ཐོབ་ནས། །ཚེ་གང་སྡིག་ལ་སྤྱོད་འབྲས་ཟས་དང་ནོར། །ཆ་ཤས་ཙམ་ཞིག་བཤེས་གཉེན་རྣམས་ལ་ཕུལ། །གསོན་ཤོག་དགོས་ཞེས་ཕྱི་མའི་བདེ་སྐྱིད་རེ། །དེ་བས་སྙིང་རྗེ་བ་ནི་ཅི་ཞིག་ཡོད། །རྒྱལ་བ་རྒྱ་མཚོ་ལ་སོགས་རང་ཉིད་ཀྱི། །ཡི་དམ་གང་ཡིན་སྐད་ཅིག་བྲན་རྫོགས་གསལ། །རླུང་ཞིག་ཚུར་རྔུབ་ཁོ་ཡི་སྡིག་སྒྲིབ་རྣམས། །རང་ལ་བསྟིམས་པས་གཟི་བརྗིད་འོད་དུ་འབར། །རླུང་ཞིག་ཕར་བུས་རང་གི་བསོད་ནམས་ཚོགས། །ཁོ་ལ་བསྟིམ་པས་བདེ་བའི་རྒྱུ་འབྲས་ཐོབ། །ཁོ་ཡི་སྙིང་དབུས་བཾ་ཡིག་ནག་པོ་ལ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཐམས་ཅད་ཐིམ། །རྐང་མཐིལ་གཉིས་ལས་ཡཾ་ལས་རླུང་གཡོས་པས། །ལྟེ་བའི་རཾ་ལས་མེ་འབར་མེ་ལྕེ་དེས། །པཾ་ཡིག་གྱེན་དེད་སྣ་སྒོ་གཡས་པ་ནས། །སྡིག་པ་རྭ་ཅན་གཟུགས་སུ་ཐོན་པ་དེ། །མདུན་དུ་རང་བྱུང་མེ་ཡི་དཀྱིལ་འཁོར་དབུས། །དྲན་རྫོགས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །ཁྲོ་མོའི་ཆས་རྫོགས་རྡོ་རྗེ་དྲིལ་བུ་འཛིན། །མེ་ཡི་

(༣༦༠)རང་བཞིན་ཞལ་ནི་རབ་གདངས་པའི། །ནང་དུ་སྡིག་སྒྲིབ་སོང་བས་དངོས་མེད་བསྲེགས། །ཁྲོ་མོ་མེ་དཀྱིལ་མི་དམིགས་འཇའ་ལྟར་ཡལ། །སྦྱིན་བདག་ལྟེ་འོག་གཏུམ་མོའི་མེ་འབར་བས། །མ་དག་ཕུང་ཁམས་སྐྱེ་མཆེད་སྡིག་སྒྲིབ་བསྲེགས། །དག་པ་ཡེ་ཤེས་ཡི་དམ་ལྷ་སྐུར་བསྒྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ནི། །རྡོར་སེམས་ལ་སོགས་སྐུ་མདོག་དཀར་པོ་ཡི། །རྣམ་པར་སྤྱན་དྲང་ཁོ་ཡི་ལུས་ལ་བསྟིམ། །ལས་དང་ཉོན་མོངས་སྒྲིབ་པ་ནད་གདོན་ཞི། །རིན་འབྱུང་ལ་སོགས་རྒྱས་པའི་སངས་རྒྱས་ཀུན། །ཛམ་སེར་ལ་སོགས་སྐུ་མདོག་སེར་པོ་ཡི། །རྣམ་པར་སྤྱན་དྲངས་ཁོ་ལ་སིབ་སིབ་བསྟིམ། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱས། །ཚེ་དཔག་ལ་སོགས་དབང་གི་ལྷ་ཚོགས་རྣམས། །མཚོ་ལ་ཆར་བབས་བཞིན་དུ་དེ་ལ་བསྟིམ། །རླུང་སེམས་སྣང་བ་དབང་དུ་འདུས་པར་འགྱུར། །བདེ་མཆོག་ཕྱག་རྡོར་ལ་སོགས་

(༣༦༡)དྲག་པོའིལྷ། །བུ་ཡུག་འཚུབས་ལྟར་སྤྱན་དྲངས་དེ་ལ་བསྟིམ། །བདུད་བགེགས་ཐར་པའི་བར་ཆད་ཚང་བཅད་བསམ། །དེ་ཉིད་ཟླ་གདན་སྟེང་དུ་མེ་དཔུང་དབུས། །གནས་གསུམ་འབྲུ་གསུམ་མཚན་པས་སྲུང་བར་བསམ། །དེ་ནི་ཕྱི་ཡི་གསོན་ཤོག་དམིགས་པ་སྟེ། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དོན། །ཆོས་ཀྱི་དབང་ཕྱུག་གསུང་རྒྱུན་ལས་བྱུང་ངོ་། །དེ་ནས་སྦྱིན་བདག་ལུས་དང་རང་གི་ལུས། །གཅིག་ཏུ་བསྲེས་ལ་རྒྱལ་བ་རྒྱ་མཚོ་འམ། །ཕག་མོ་ལ་སོགས་བླ་མེད་ལྷ་རུ་བསྒོམ། །རྩ་གསུམ་འཁོར་ལོ་བཞི་ཡང་གསལ་བཏབ་སྟེ། །ལྟེ་འོག་ཨ་ཐུང་གཏུམ་མོའི་མེ་སྦར་བས། །སྡིག་སྒྲིབ་མ་དག་ཕུང་ཁམས་སྐྱེ་མཆེད་བསྲེགས། །བུམ་ཆེན་བཟུང་ངམ་མ་ལྕོགས་བར་རླུང་བཟུང་། །ཕྱོགས་བཅུའི་ཡི་དམ་དཔའ་བོ་མཁའ་འགྲོ་ཡི། །སྦྱོར་མཚམས་བྱང་སེམས་དཀར་དམར་སྤྱན་དྲངས་ཏེ། །སྤྱི་བོའི་ཧཾ་ལ་ཐིམ་པས་བྱང་སེམས་བབས། །རྩ་འཁོར་བཞི་

(༣༦༢)གང་དགའ་བཞི་རྒྱུད་ལ་སྐྱེས། །བདེ་སྟོང་འདྲེས་བས་བདེ་དྲོད་མེ་དཔུང་འབར། །བདུད་བགེགས་བར་ཆད་དཔག་ཚད་མི་གནས་བསམ། །དེ་ནི་ནང་ལྟར་གསོན་བྱང་བཞུ་ཐབས་སྟེ། །ཕ་རྒྱུད་གསང་བ་འདུས་པའི་རྒྱུད་གཞུང་དང་། །གཏུམ་མོའི་ཁྲིད་རིམ་རྣམས་ཀྱི་ཟུར་ནས་འབྱུང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས། །རང་དང་སྦྱིན་བདག་ལུས་ངག་ཡིད་གསུམ་རྣམས། །དབྱེར་མེད་བསྲེས་ལ་ཉམས་ལེན་ངང་ལ་གཞག །དང་པོ་བསྲེ་བའི་དམིགས་པ་བྱས་མོད་ཀྱི། །དེ་ནས་དབྱེར་མེད་འདྲེས་པའི་ཉམས་རྟོགས་འཆར། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །རྣམ་པ་འགག་མེད་འཆར་བར་ཁྱད་པར་མེད། །སྟོང་ཉིད་མེ་ཡིས་དངོས་འཛིན་སྒྲིབ་གཉིས་བསྲེགས། །དེ་ནི་ཕྱག་རྫོགས་ཁྲིད་རིམ་ཀུན་ནས་གསལ། །གསང་བ་དེ་ཁོ་ན་ཡི་གསོན་ཤོག་ཡིན། །དེ་ལ་བྱང་བུ་བྲི་སོགས་སྤྲོས་བཅས་མེད། །ཡོན་བདག་སྒྲིབ་སྦྱོང་རང་གི་དཀོར་སྦྱོང་ལ། །ནམ་

(༣༦༣)དྲན་ཡང་ཡང་བསྒོམ་པ་མན་ངག་ཡིན། །དེ་ནི་སྤྲོས་མེད་དམིགས་པའི་གསོན་བྱང་ངོ་། །དེ་ནས་སྤྲོས་བཅས་གཟུགས་དང་མིང་བྱང་བྲིས། །ཀུན་རིག་ཞི་ཁྲོ་མི་འཁྲུགས་པ་ལ་སོགས། །ཆོ་ག་ཆ་ཚང་སྐབས་ལ་བབས་པའི་ཚེ། །འདི་རུ་ཁུག་དང་མཆིས་བར་གྱུར་མི་བརྗོད། །སྐད་ཅིག་ཉིད་ལ་འདི་དང་དབྱེར་མེད་གསལ། །སྦྱིན་བདག་དེ་དང་བྱང་བུ་དབྱེར་མེད་བསྒོམ། །གལ་ཏེ་སྦྱིན་བདག་ས་ཐག་རིང་ན་ཡང་། །བདག་བསྐྱེད་རི་རབ་ཙམ་བསྒོམ་དྲུང་དུ་འོང་། །ཚེ་འདས་ཟེར་ས་རྣམས་སུ་ཚེ་ལྡན་འཛུད། །ཟས་བསྔོ་ལམ་བསྟན་གནས་སྔར་གསུམ་པོ་སྒྱུར། །དེ་མིན་གཤིན་པོའི་དུས་དང་འདྲ་བ་ལ། །གཏུམ་མོའི་མེ་སྦར་ལས་བཞིའི་ལྷ་ཚོགས་བསྟིམ། །དམིགས་པ་གོང་དུ་བཤད་པ་དེ་ཉིད་སྦྱར། །བསོད་ནམས་རི་བོ་ལ་སོགས་བཀྲ་ཤིས་བརྗོད། །དེ་ནི་སྤྲོས་བཅས་གསོན་ཤོག་ཕྱག་ལེན་ཡིན། །དེ་ནི་རང་ལུགས་རང་གི་ཉམས་མྱོང་དང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་དང་ལམ་འབྲས་དང་། །དཀྱིལ་ཆོག་ཀུན་གྱི་སློབ་མ་སྟ་

(༣༦༤)གོན་སྐབས། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་བསྐྱེད་བྱས་ནས། །ཏིལ་ནག་ཁོ་ནས་སྦྱིན་སྲེག་གཅིག་པུ་དེས། །གསོན་ཤོག་གོ་ཆོད་མིང་ཡིག་བསྲེག་པའི་ལུགས། །རྒྱལ་ཚབས་གྲགས་པ་མཆོག་དབྱངས་ཀྱིས་མཛད་དང་། །འབྲི་གུང་ཞབས་དྲུང་མཛད་པའི་ཡིག་ཆ་ལ། །བརྟེན་ནས་དེང་སང་བླ་མ་ཀུན་གྱིས་མཛད། །ནད་པ་ཡུན་རིང་ནའམ་ཀག་ཆེ་ན། །ཀག་བསྒྱུར་དཀྱིལ་འཁོར་ཞལ་བསྒྱུར་བྱེད་པའི་ཐབས། །གཏོ་གཅིག་ཡོད་པ་སྒོམ་པ་རྣམས་ཀྱིས་བྱེད། །བླ་མས་བྱེད་རྒྱུའི་དཀྱིལ་འཁོར་ཞལ་བསྒྱུར་ནི། །འགུགས་གཞུག་ཟས་བསྔོ་གནས་སྦར་མ་གཏོགས་པ། །ཕྱིར་ལྡོག་གཞུང་ལྟར་བྱས་ནས་ཚེ་དབང་བསྐུར། །དེ་ཡིས་ཀག་ཆེན་འཆི་བ་བཟློག་པར་བཤད། །དེ་ནི་སློབ་དཔོན་འགའ་ཡི་གསུང་ལས་བྱུང་། །ཁྲུས་དང་དུག་བཅོམ་དབང་བསྐུར་ལ་སོགས་པ། །ནད་གདོན་འཇོམས་པའི་མཆོག་ཏུ་བཤད་པ་ཡིན། །སྦྱོང་རྒྱུད་གྲ་ལྔ་སོགས་ལས་གསལ་ལྟར་ཡིན། །སྙེ་མོ་ལ་སོགས་གཙང་ཕྱོགས་ཡུལ་གྲུ་འགར། །གསོན་དགེ་བྱེད་ཟེར་ཞག་འགའ་ཆོ་ག་

(༣༦༥)བསོགས། །མཇུག་ཏུ་སྦྱིན་བདག་དེ་ལ་ཕྱིར་ལྡོག་ནི། །འགུག་གཞུག་ཟས་བསྔོ་གནས་སྤར་མ་གཏོགས་བྱེད། །ཐེག་དམན་མདོ་སྡེ་བདེན་བཞིའི་ཆོས་འཁོར་ལས། །རང་གིས་བྱས་པའི་ལས་འབྲས་ཆུད་མི་ཟ། །མ་བྱས་པ་ཡི་ལས་དང་འཕྲད་མི་སྲིད། །གཞན་གྱིས་བྱས་པ་རང་ལ་སྨིན་པ་མེད། །གསུངས་ཕྱིར་ཚེ་འདས་རྗེས་ནས་ཆོས་བྱས་ཀྱང་། །དམིགས་མེད་བསྔོ་བས་རྒྱ་ཡིས་མ་ཐེབས་ན། །གཤིན་པོས་མི་འཐོབ་གསོན་པོ་ཉིད་ལ་སྨིན། །དེ་ཕྱིར་རྗེ་བཙུན་མི་ལ་རས་ཆེན་གྱིས། །མདངས་གསུམ་ནོར་བུ་བོར་བ་ལ། །རྐུན་མའི་རྒྱབ་ཏུ་རྡོ་འཕངས་འདྲ། །གསུངས་ཕྱིར་གསོན་ཚེའི་དགེ་བ་ཡོང་དེས་ཟེར། །དེ་ཡང་ལེགས་པར་དཔྱད་ན་མི་འཐད་མེད། །དེ་ཚེ་དཀོན་མཆོག་རིན་ཆེན་དཔལ་ཞིང་སོགས། །ལམ་སྦྱངས་བཏོན་ལ་འགལ་བ་མེད་པ་སྟེ། །སོ་སོའི་སྐྱེ་བོའི་ཚོགས་ལམ་ནས་བཟུང་སྟེ། །སངས་རྒྱས་ས་རུ་འགྲོ་བའི་ལམ་སྟོན་ཡིན། །ད་ལྟ་ཁྲིད་རྣམས་ཞུ་བའང་དེ་ཡིན་མོད། །དེ་བཞིན་པདྨ་འདམ་སོགས་ལམ་སྟོན་ཡང་། །འདོན་དུ་རུང་སྟེ་མྱུར་

(༣༦༦)དུ་མི་འགྲོ་ཡང་། །ལོ་ཟླ་འགའ་ཞིག་སོང་ནས་འགྲོ་དགོས་པའི། །ས་རྒྱུས་མེད་པའི་ལམ་དེ་བསླབ་དང་འདྲ། །དེ་ནས་རྣམ་ཤེས་སྦར་ཆོག་མི་བྱ་བར། །ལོ་བརྒྱ་ཐུབ་སོགས་ཚེ་འཕེལ་བཀྲ་ཤིས་བྱ། །དེ་དག་བཤེས་གཉེན་འགའ་ཡི་གསུང་ལས་བྱུང་། །སྔོན་ཚེ་ཆོས་ཀྱི་དབང་ཕྱུག་ཞལ་བཞུགས་སྐབས། །གསོན་ཤོག་རྒྱུད་སྡེ་རྣམས་ནས་གསུངས་པ་མེད། །རུང་དང་མི་རུང་རྩོད་གཞི་མང་པོ་བྱུང་། །གང་ནས་བཤད་ཅེས་རྗེ་ཡི་དྲུང་དུ་ཞུས། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་ཅེས་གསུངས། །དེ་རུ་དམིགས་རིམ་དོན་གྱིས་གསལ་མོད་ཀྱི། །མིང་དང་གཟུགས་བྲིས་བསྲེག་པ་མི་གསལ་ཡང་། །ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པ་ནི། །མིང་ལ་ཡང་དབང་བསྐུར་པར་གྱིས་ཤིག །ཞེས་གསུངས་པ་ཡི་དོན་ལ་འཐུས་པ་སྟེ། །སྤྱིར་དུ་རྒྱུད་ཚིག་ཤོ་ལོ་ཀ་རེར་ཡང་། །དངོས་བསྟན་དོན་དང་ཤུགས་ལས་བསྟན་པའི་དོན། །འབྲུ་དོན་ཚིག་དོན་རྣམ་པ་བཞི་རེ་འབྱུང་། །ཤི་བྱང་དངོས་སུ་བསྟན་པའི་ཞོར་ཉིད་ལ། །གསོན་བྱང་ཡང་ནི་ཤུགས་ལ་བསྟན་

(༣༦༧)པ་ཡིན། །སྲོང་བཙན་སྒོམ་པོས་རང་ངོ་རང་གིས་སྐྱེལ། །རང་གི་ཕུང་པོ་རང་གིས་བསྲེག་ཐབས་གསུངས། །དེ་ཡང་དོན་གྱིས་གསོན་བྱར་ཉིད་དུ་ངེས། །དེ་བཞིན་གཏུམ་མོའི་ཁྲིད་རིམ་ཐམས་ཅད་དང་། །ཕྱག་རྫོགས་བསྲེ་བ་རོ་སྙོམས་དམིགས་རིམ་ཀུན། །བདག་གཞན་ཀུན་གྱི་སྒྲིབ་གཉིས་སྲེག་ཐབས་ལགས། །དེ་ཕྱིར་གསོན་ཤོག་མ་གསུངས་སྨྲ་མི་རུང་། །སྔོན་དུས་མཆོག་གི་སྤྲུལ་སྐུས་གསོན་ཤོག་མཛད། །རྒྱལ་བའི་དབང་པོས་སྐུ་ཚེ་ལ་གནོད་གསུངས། །དེ་ཕྱིར་མ་མཛད་ཟེར་བ་མི་བདེན་ཏེ། །བདེ་མཆོག་རྗོ་རྗེ་མཁའ་འགྲོའི་རྒྱུད་དེ་ལས། །དེ་ལྟར་བསྒོམ་ན་ཏིང་ངེ་འཛིན། །ཉམས་པར་མི་འགྱུར་འཕེལ་བར་འགྱུར། །གསུངས་ཕྱིར་སྐུ་ཚེར་གནོད་དོན་མ་མཆིས་སོ། །གསོན་ཤོག་མང་པོ་བཞུས་ན་སྦྱིན་བདག་དེ། །ཚེ་ཐུང་ཟེར་བ་མི་བདེན་སེར་སྣའི་གཏམ། །ནུས་ལྡན་མང་པོས་དགུག་གཞུག་གནས་སྤར་རྣམས། །ཡང་ཡང་བྱས་ན་ཚེ་ལ་གནོད་མོད་ཀྱིས། །དེ་དག་བྱེད་སྲོལ་མེད་པས་ག་ལ་གནོད། །རིན་འབྱུང་ཚེ་དཔག་ཛམ་བྷ་ལ་ལ་སོགས། །

(༣༦༨)བསྟིམ་པས་ཚེ་བསོད་སླར་ལ་འཕེལ་བ་ཡིན། །གླུད་གཏོར་ཁྲུམ་དང་དུག་བཅོམ་ལ་སོགས་ཀྱིས། །རྐྱེན་བཟློག་རིམ་གྲོ་ཞོར་ལ་འོང་བ་ཡིན། །ཤི་གསོན་བྱང་བུ་བྱེད་ལུགས་ཕལ་ཆེར་འདྲ། །དུང་ངོ་ཡོད་ཀྱང་དུར་འོས་འོང་བ་ཡིན། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བའི། །བསྐུ་བ་པོ་དེས་ཡི་གེ་བ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཉེར་དགུའི་ནུབ། །དགུ་གཏོར་ཚར་སྐབས་རཱ་ག་ཨ་སྱས་སྨྲས། །ལུང་འདྲེན་ཚིག་རྣམས་ཡིད་ལ་མ་ངེས་པས། །ཐེ་ཚོམ་ཡོད་ན་ལུང་ཁུང་རྒྱུད་རྣམས་གཟིགས། །དོན་རྩ་བསྒོམ་བྱ་ཡིད་ལ་གསལ་བ་རྣམས། །གབ་སྦས་མེད་པར་གཞན་ལ་ཕན་ཕྱིར་བཀོད། །འགྲོ་དོན་འབྲེལ་ཚད་དོན་དང་ལྡན་པར་ཤོག །ལེའུ་ཉེར་བཞི་པའོ་མངྒ་ལཾ།། །ར། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཚེ་འདས་གནས་འདྲེན་གྱི་དམིགས་རིམ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།། །།ན་མོ་བུདྷྷ་བོ་དྷི་ས་ཏྭའི་ལྷ་ལམ་ཁྱོན་ཡངས་པར། །ཐུགས་རྗེ་སྨོན་ལམ་སྟོབས་ཀྱིས་ཆུ་འཛིན་རྔམ་མཐུག་ཏེ། །གདམས་ངག་

(༣༦༩)དབྱར་རྔའི་ཚེམ་འུར་དྲག་པོ་འདིས་བསྐུལ་བས། །འགྲོ་བ་མི་རྣམས་འཁོར་བའི་ཚ་གདུང་སེལ་བའི་བདུད་རྩིའི་རྒྱུན་འབབས་ཤོག །རྡོ་རྗེ་གདན་པ་ཆེན་པོ་ཡིས། །རྒྱུད་སྡེ་བཞི་པོ་བླ་མེད་ལྟར། །སྐད་ཅིག་དྲན་རྫོགས་བསྒོམ་གསུངས་པས། །གདམས་ངག་འདི་ལ་ཐེ་ཚོམ་སྤངས། །ཐོབ་དཀའི་མི་ལུས་རིན་པོ་ཆེ། །མདངས་སུམ་རྨི་ལམ་བཞིན་དུ་བར། །སྡངས་སྐྲག་བར་དོའི་འཕྲང་ལ་འགྲིམ། །ངན་སོང་གསུམ་པོ་གཡང་ས་ཆེ། །ཚེ་འདས་དེ་དག་སྙིང་རེ་རྗེ། །རླུང་ཞིག་ཕར་ལ་བུས་པ་ཡིས། །རང་གི་བདེ་སྐྱིད་དགེ་རྩ་རྣམས། །ཚེ་འདས་རྣམས་ལ་སིབ་སེ་ཐིམ། །ལུས་སེམས་བདེ་བས་ཁྱབ་པར་བསྒོམ། །རླུང་ཞིག་ཚུར་ལ་རྔུབ་པ་ཡིས། །ཚེ་འདས་སྡིག་སྒྲིབ་སྡུག་བསྔལ་ཀུན། །ལྷག་མེད་བསྡུས་ནས་རང་ལ་བསྟིམ། །དེ་ནི་མདོ་ཡི་དགོངས་པ་ཡིན། །དེ་ནས་སྐད་ཅིག་དྲན་རྫོགས་ལ། །རང་ཉིད་བཅོམ་ལྡན་ཀུན་རིག་ནི། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པ། །སེང་གེའི་ཁྲི་ལ་བཞུགས་པར་བསྒོམ། །དྲན་རྫོགས་དམ་ཡེ་དབྱེར་

(༣༧༠)མེད་ལ། །སྤྱན་འདྲེན་དབང་བསྐུར་མི་དགོས་སོ། །ཐུགས་ཀར་ཟླ་སྟེང་ཧཱུཾ་དཀར་གྱི། །མཐའ་ལ་རྩ་རིག་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་ལྔ། །མཛོད་སྤུའི་སྒོ་ནས་ཕྱིར་ཐོན་ཏེ། །ཚེ་འདས་དེ་ཡིས་གཙོ་བྱས་པའི། །ཁམས་གསུམ་སེམས་ཅན་ཀུན་ལ་ཕོག །ངན་སོང་འཁོར་བར་སྐྱེ་བའི་རྒྱུ། །དུག་ལྔའི་སྡིག་སྒྲིབ་ཐམས་ཅད་དག །རྩ་རིག་ཅི་ནུས་བརྗོད་པར་བྱ། །འོད་ཟེར་ཚུར་འདུས་ཐུགས་ཀར་ཐིམ། །རྒྱལ་སྲས་ཐོགས་མེད་པས་མཛད་པའི། །ཀུན་རིག་མངོན་རྟོགས་དོན་མཐུན་ཡིན། །དེ་ནས་སྐད་ཅིག་གནས་འགྱུར་ཏེ། །རང་ཉིད་རྒྱལ་བ་མི་འཁྲུགས་པ། །ལོངས་སྐུའམ་སྤྲུལ་སྐུ་གང་ཡང་རུང་། །གླང་པོའི་ཁྲི་ལ་བཞུགས་པར་བསྒོམ། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐིང་མཐར། །གཟུངས་ཀྱི་གཡས་སུ་བསྐོར་བ་ལས། །འོད་ཟེར་མཐིང་ག་རབ་འཕྲོས་པས། །ཚེ་འདས་ཐོག་དྲངས་འགྲོ་ཀུན་གྱི། །ལས་ཀྱི་སྒྲིབ་པ་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་ལྟར་བསྒོམ། །ཀཾ་ཀ་ནི་ཡི་གཟུངས་བཟླས་སོ། །སྤྱན་སྔ་ཆོས་གྲགས་ལ་སོགས་པས། །

(༣༧༡)མཛད་པའི་མངོན་རྟོགས་དོན་བསྡུས་ཡིན། །དེ་ནས་སྐད་ཅིག་གནས་འགྱུར་ཏེ། །རང་ཉིད་རྡོ་རྗེ་སེམས་དཔའ་ནི། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པའི། །ཐུགས་ཀར་ཞི་བ་བཞི་བཅུ་གཉིས། །མགྲིན་པར་དག་པ་རིག་འཛིན་ལྷ། །ཀླད་པར་ཁྲག་འཐུང་ལྔ་བཅུ་བརྒྱད། །མེ་ལོང་གཟུགས་བརྙན་བཞིན་དུ་བསྒོམ། །དམ་པའི་རིགས་བརྒྱའི་ས་བོན་ཏེ། །ཡིག་བརྒྱ་ཁོ་ན་བཟླས་པར་བྱ། །ཐུགས་ཀར་ཞི་བའི་ལྷ་ཚོགས་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །དམིགས་ཡུལ་ཚེ་འདས་རྣམས་ལ་ཕོག །སྡིག་སྒྲིབ་ཐམས་ཅད་སངས་སེ་དང་། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་དེ་ཉིད་གཏུམས་བྱས་ཏེ། །སྐར་མདའ་འཆད་པ་བཞིན་དུ་ནི། །བདེ་བ་ཅན་དུ་འཕངས་བར་བསྒོམ། །ཨོཾ་བཛྲ་ས་ཏྭ་ཧཱུཾ། ཏདྱ་ཐ། ཧ་ནེ་ཧ་ནེ་ཨ་ནོ་ལི་མི་ཏ་ཡེ། གུ་རུ་ཡེ། བཛྲ་ས་ཏྭ་ཧཱུཾ་སྭཱ་ཧཱ། དེ་ནི་གནམ་ཆོས་གདམས་པའོ། །དེ་ནས་རང་གི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །ཤར་ལྷོའི་དུར་ཁྲོད་བསིལ་བའི་ཚལ། །ཙནྡན་ཤིང་གི་སྡོང་པོའི་རྩེར། །ཕྱག་དྲུག་མགོན་པོ་བཞུགས་པ་སྟེ། །སྤྱན་

(༣༧༢)དྲང་མདུན་དུ་བཞུགས་པར་བསྒོམ། །མགོན་པོའི་སྤྱི་བོར་མི་བསྐྱོད་པ། །དབང་རྟགས་རང་ཆས་བཞུགས་པ་དེའི། །སྐུ་ལས་འོད་ཟེར་སྔོན་པོ་འཕྲོས། །ཚེ་འདས་སྡིག་སྒྲིབ་སྦྱོང་བར་བསྒོམ། །བླ་མ་མགོན་པོ་དབྱེར་མེད་ལ། །ཚེ་འདས་གུས་པས་སྐྱབས་སུ་མཆི། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་ཀྱི། །རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །བདེ་བ་ཅན་དུ་ལམ་སྣ་དྲོངས། །དེ་ལྟར་ངག་གམ་ཡིད་ཀྱིས་ནི། །གསོལ་བ་བཏབ་པས་མགོན་པོ་ཡིས། །ཕྱག་དྲུག་རིགས་དྲུག་སྐྱེ་སྒོ་བཅད། །རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས། །ཧཱུཾ་ཕཊ་ཌཱ་རུའི་སྒྲ་བསྒྲགས་པས། །ཐར་པ་འཐོབ་ཏུ་མི་འཇུག་པའི། །གཤེད་དང་ལན་ཆགས་ཟ་འདྲེ་རྣམས། །གླིང་པར་མུན་པའི་ནང་དུ་བྲོས། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་ནི། །ཕྱག་གཡོན་ཞགས་པས་སྐེ་ནས་བཏགས། །རང་དབང་མེད་པར་ཁྲིད་ནས་ཀྱང་། །མགོན་པོའི་ཚོགས་རྣམས་ཐམས་ཅད་ཀྱིས། །འབྲེལ་ཐོགས་ཚེ་འདས་ཐམས་ཅད་ཁྱེར། །བྱ་ཁྱུང་འགྲོགས་ནས་འཕུར་བ་ལྟར། །བདེ་བ་ཅན་དུ་གཤེགས་པར་བསྒོམ། །ཨོཾ་

(༣༧༣)བཛྲ་མ་ཧཱ་ཀཱ་ལ་ཀྵེ༚་ཀྵེ་ཊ་བི་གྷྲཱན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊཿ འབྲེལ་ཐོགས་ཚེ་འདས་ཐམས་ཅད། ཨོཾ་པད་མེད་པད་མེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱ། །མགོན་པོའི་ལས་ཚོགས་ལས་བྱུང་བ། །ཅུང་ཞིག་གསལ་བར་བྱས་པ་ཡིན། །དེ་རྣམས་གསང་སྔགས་ཕྱི་པའི་ལུགས། །རྒྱལ་བ་རྒྱ་མཚོ་གསང་འདུས་དང་། །བདེ་མཆོག་རྟ་མགྲིན་གུར་དྲག་སོགས། །བླ་མེད་ལུགས་རྣམས་མཚུངས་པ་སྟེ། །རྒྱལ་བ་རྒྱ་མཚོ་དང་སྦྱར་ན། །རང་ཉིད་ལྷ་དགུའི་ཏིང་འཛིན་གསལ། །ཐུགས་ལས་ལྷ་མོ་ལྕགས་ཀྱུ་མ། །གྲངས་མེད་འཕྲོས་པས་ཚེ་འདས་ཀྱི། །ལྕགས་ཀྱུའི་ས་བོན་ནྲྀ་ནས་བཟུང་། །ལྷ་མོ་བྱམས་པའི་ངོ་བོ་ཡིན། །སྙིང་རྗེའི་ལྷ་མོ་ཞགས་པ་མ། །དཔག་མེད་སྤྲོས་པས་མགུལ་ནས་བཅིངས། །རང་དབང་མེད་པར་མདུན་དུ་བཀུག །དགའ་བའི་ལྷ་མོ་ལྕགས་སྒྲོག་མས། །ལྕགས་བཅུག་འབྲོས་མི་ཤེས་པར་བྱས། །བཏང་སྙོམས་ལྷ་མོས་དྲིལ་བུའི་སྒྲས། །ཤིན་ཏུ་དགའ་ཞིང་མགུ་བར་བྱས། །རང་གི་སྣ་གཡས་རླུང་བུས་པས། །འོད་ཟེར་དཀར་པོ་ཁོ་ལ་ཕོག །ཚེ་

(༣༧༤)འདས་འོད་དུ་ལྟེམ་གྱིས་ཞུ། །རླུང་ཞིག་ནང་དུ་རྔུབ་པ་ཡིས། །ཚེ་འདས་སྣ་བུག་གཡོན་ནས་དྲངས། །རང་ཉིད་རྒྱལ་བ་རྒྱ་མཚོ་ཡི། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །སྐུ་ཡི་སྤྱན་རས་གཟིགས་དང་མཇལ། །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། །དེ་ནས་དབུ་མའི་རྒྱུད་ནས་བབས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །གསུང་གི་སྤྱན་རས་གཟིགས་དང་མཇལ། །མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །ཐུགས་ཀྱི་སྤྱན་རས་གཟིགས་དང་མཇལ། །དགའ་བྲལ་ཡེ་ཤེས་རྒྱུད་ལ་སྐྱེས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །ཡོན་ཏན་སྤྱན་རས་གཟིགས་དང་མཇལ། །ལྷན་སྐྱེས་དགའ་བ་རྒྱུད་ལ་སྐྱེས། །གསང་གནས་བདེ་སྤྱོད་འཁོར་ལོ་ན། །འཕྲིན་ལས་སྤྱན་རས་གཟིགས་དང་མཇལ། །བདེ་སྟོང་རྟོགས་པ་རྒྱུད་ལ་སྐྱེས། །རྣམ་ཤེས་བྱང་སེམས་ངོ་བོ་སྟེ། །ཕག་མོ་ཡུམ་གྱི་བྷ་གར་བབས། །ཧྲཱིཿཡིག་དམར་པོ་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུས། །ཚུར་འདུས་

(༣༧༥)ཧྲཱིཿལ་ཐིམ་པ་ཡིས། །པདྨ་ཧྲཱིཿཡིས་མཚན་པར་གྱུར། །དེ་ཉིད་ཀྱང་ནི་འོད་དུ་ཞུ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སྐུ་ཆུང་ཡན་ལག་དོད་པར་གྱུར། །སླར་ཡང་ཡབ་ཡུམ་སྙོམས་འཇུག་སྒྲ། །ཧ་ཧ་སི་སི་ཀུན་ཏུ་རུ། །བཛྲ་དྷྲིག་ཅེས་སྒྲ་བསྒྲགས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །རང་དབང་མེད་པར་སྤྱན་དྲངས་ཏེ། །རང་ཉིད་ཡབ་ཀྱི་ཞལ་དུ་ཞུགས། །བྱང་སེམས་ཐིག་ལེའི་ངོ་བོར་ཞུ། །ཡབ་ཀྱི་རྡོ་རྗེའི་སྦུབས་ནས་བབས། །བྷ་གའི་སྲས་ལ་དབང་བསྐུར་ཏེ། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་དག །སྐུ་གང་དབང་བཞི་ཡོངས་རྫོགས་ཐོབ། །དབང་རྟགས་རིགས་བདག་མཚན་པར་གྱུར། །ཡུམ་གྱི་རྩིབས་བར་གཡོན་པ་ནས། །ཐོན་ཏེ་མདུན་གྱི་ནམ་མཁའ་རུ། །ཟླ་བའི་གདན་ལ་འཁོད་པ་ལ། །རང་གི་ཤང་བུག་གཡས་པ་ནས། །ཤིན་ཏུ་ཤུགས་དྲག་རླུང་ཞིག་འཕྲོས། །ཟླ་བའི་དཀྱིལ་འཁོར་ལ་ཕོག་པས། །རྩལ་པོ་ཆེ་ཡིས་མདའ་འཕངས་ལྟར། །བདེ་བ་ཅན་གྱི་ཞིང་དུ་སོང་། །འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། །འོད་

(༣༧༦)དཔག་མེད་ཀྱི་སྐུ་གསུང་ཐུགས། །བདག་དང་ཚེ་འདས་ལུས་ངག་ཡིད། །དབྱེར་མེད་སྤྲོས་བྲལ་ཕྱག་རྒྱ་ཆེའི། །ལྟ་བའི་ངང་ལ་ཡུན་རིང་གཞག །འདི་ནི་བླ་མེད་རྒྱུད་སྡེ་དང་། །རྟ་མགྲིན་ཡང་གསང་ཁྲོས་པ་ཡི། །གཞུང་ནས་ཨོ་རྒྱན་ཆེན་པོས་གསུངས། །དེ་དོན་གོ་བདེར་བཀོད་པའོ། །བླ་མེད་ལུགས་འདི་བསྒོམ་པ་ལ། །བསྐྱེད་རྫོགས་ངེས་ཤེས་ཐོབ་པ་དགོས། །ཕལ་གྱིས་བསྒོམ་པར་མི་རུང་ངོ་། །འཕྲལ་དུ་ཚེ་འདས་མིང་གཟུགས་ཅན། །མེད་ཀྱང་འབྲེལ་ཐོགས་ཚེ་འདས་མང་། །འབྲེལ་ཐོགས་ཀུན་ལ་ཕན་པའི་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོ་འམ། །གསང་འདུས་སྐུ་རུ་གསལ་བ་ཡི། །ཐུགས་ཀའི་ཧྲཱི་ལས་འོད་འཕྲོས་པས། །འབྲེལ་ཐོགས་གཤིན་པོ་གསོན་པོ་ཡིས། །གཙོར་བྱས་སེམས་ཅན་ཐམས་ཅད་ཀྱིས། །སྤྱི་བོར་སྤྱན་རས་གཟིགས་དམར་པོ། །རྒྱན་མེད་བཞེངས་ནས་བཞུགས་པར་བསྒོམ། །ཕྱག་གཡས་བགྲང་ཕྲེང་གཡོན་བུམ་པ། །བུམ་ནང་བདུད་རྩིའི་རྒྱུན་བབས་པས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བཀྲུས། །ཐུགས་ཀའི་ཧྲཱིཿ

(༣༧༧)ལས་ཧྲཱིཿཞིག་འཕྲོས། །སྤྱི་བོ་ནས་ཞུགས་ཐུགས་ཀར་སོང་། །དེ་ཡི་འོད་ཀྱིས་སེམས་ཅན་ཀུན། །སྤྱན་རས་གཟིགས་ཀྱི་སྐུར་གྱུར་ཏེ། །ཀུན་གྱིས་རང་གི་རམ་བུ་བཀྱག །ཡིག་བདུན་སྒྲ་ཡིས་འཇིག་རྟེན་གང་། །ཡིག་བདུན་མཇུག་ཏུ་སྔགས་འདི་སྦྱར། །ཨ་ར་པ་ཙ་མི་ཏ་ཧྲཱིཿདཱ་ཡ་སྭཱ་ཧཱ། །འདི་ནི་འགྲོ་དོན་ཆར་རྒྱུན་མ། །སངས་གླིང་གཏེར་བར་ཨོ་རྒྱན་གསུངས། །འཁོར་བ་དོང་སྤྲུགས་དམིགས་རིམ་ནི། །རང་ཉིད་སྐད་ཅིག་དྲན་རྫོགས་ལ། །ཕྱག་སྟོང་སྤྱན་སྟོང་རི་རབ་ཙམ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །རང་འདྲ་བྱེ་བ་ཕྲག་བརྒྱ་སྟེ། །ཐམས་ཅད་རང་ཉིད་ཡིན་པར་བསྒོམ། །བཅུ་གཅིག་ཞལ་གྱི་གཟུང་རིང་ངམ། །ཡི་གེ་དྲུག་པ་གང་འདོད་བཟླས། །རང་གི་སྔགས་སྒྲ་བསྒྲགས་པ་ཡིས། །སེམས་ཅན་ཀུན་གྱིས་རམ་བུ་བཀྱག །ནམ་མཁའི་མཐར་ཐུག་ཞིང་ཁམས་ཀུན། །སྔགས་སྒྲས་འུར་ཆོམ་འཇིག་རྟེན་གཡོས། །འབྲེལ་ཐོགས་ཤི་གསོན་གཙོར་བྱས་པའི། །སེམས་ཅན་ཀུན་གྱི་སྒྲིབ་པ་དག །

(༣༧༨)ཀུན་ཀྱང་འཕགས་པ་སྤྱན་རས་གཟིགས། །འགྲོ་འདུལ་སྐུ་ནི་ཁོ་ནར་གྱུར། །བསྐྱེད་རིམ་དེ་ནི་མི་བསྡུ་སྟེ། །ཉམས་ལེན་སྟོང་ཉིད་ངང་ལ་བཞག །དེ་ལྟར་བསྐྱེད་རིམ་གསལ་བ་ཡིས། །ཡིག་དྲུག་བརྒྱ་རྩ་བརྒྱད་བཟླས་ཀྱང་། །ཐུགས་རྗེ་ཆེན་པོ་འགྲུབ་པར་འགྱུར། །སྲོང་བཙན་སྒམ་པོའི་ཐུགས་དམ་སྟེ། །གཏེར་ཁ་གསར་རྙིང་འགའ་ནས་འབྱུང་། །འཁོར་བ་དོང་སྤྲུགས་ཏིང་འཛིན་ཡིན། །སེམས་ཅན་ཀུན་གྱི་དོན་དམིགས་ནས། །ཨུཥྞི་ཥ་ནི་ལན་གསུམ་བརྗོད། །དེ་ཡི་དགེ་བས་འབྲེལ་ཐོགས་ཀུན། །བདེ་ཆེན་ཞིང་སྐྱེའི་བསྔོ་སྨོན་བྱ། །གསར་རྙིང་མདོ་རྒྱུད་ཀུན་གྱི་དོན། །དགེ་སློང་རཱ་ག་ཨ་སྱ་ཡི། །ཡིད་ལ་སྔར་ནས་གསལ་བ་ལ། །མི་ཕམ་དྲག་ལུ་ཚེ་འདས་པའི། །རྐྱེན་བྱས་རྒྱུན་ཁྱེར་ཉམས་ལེན་སྐབས། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །བསྐུལ་ནས་ཡི་གེ་པ་བྱས་ཏེ། །ཤིང་སྦྲུལ་སྨིན་དྲུག་ཟླ་བ་ཡི། །དམར་པོའི་ཚེས་གཅིག་དགོངས་ཐུན་མཚམས། །བྲིས་ལ་འགལ་འཁྲུལ་མཆིས་ན་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེར་ཤོག །ལེའུ་ཉེར་ལྔ་པའོ་

(༣༧༩)མངྒ་ལཾ།། །ལ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་གསང་བསྔགས་གསར་རྙིང་ཡི་དམ་མཁའ་འགྲོ་སྤྱི་ཡི་ཕྱི་བསྒྲུབ་སྔགས་ཀྱི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དཱེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུཾ། །གསར་རྙིང་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི། །སྒྲུབ་པའི་གནད་དང་དམིགས་རིམ་ཤེས་གལ་ཆེ། །དབང་ཐོབ་སྒྲུབ་ཐབས་ཤེས་པའི་རི་ཁྲོད་པས། །ཐོག་མ་ཉིད་དུ་ཕྱི་སྒྲུབ་ཉམས་སུ་ལེན། །ཕུག་གཏོར་ནང་མཆོད་མཆོད་པ་རྣམ་ལྔ་དང་། །ཌ*ཌཱ་དྲི*་སྔོན་འགྲོ་གཏོར་མ་ཙམ་ཞིག་ལས། །དཀྱིལ་འཁོར་ལ་སོགས་སྒྲུབ་རྫས་གཞན་མི་དགོས། །ཉིན་རེ་སྔོན་འགྲོ་གཏོར་མ་རེ་རེས་ཆོག །ཐུན་ཞེས་བྱ་བ་ཆོ་གའི་མགོ་བརྩམས་ནས། །བསྙེན་པ་བྱས་ཏེ་བདག་བསྐྱེད་མ་བསྡུས་པར། །དེ་བར་ངག་ནི་བཏང་བར་མི་བྱ་ཞིང་། །ཐུན་འཚམས་ངག་བཏང་གསར་མ་པ་ཡི་ལུགས། །སྒྲུབ་པ་མ་རྫོགས་བར་དུ་ངག་གཅོད་པ། །དེ་ནི་རྙིང་མ་པ་ཡི་ལུགས་ཡིན་ནོ། །ཐུན་གྱི་འཚམས་འདིར་གཏོར་བསྔོས་བྱེད་པ་ཡིན། །གཏོར་

(༣༨༠)མགྲོན་རྣམས་ཀྱང་རྟེན་གསུམ་རྣམས་ལ་བསྟིམ། །མེད་ན་རང་ལ་བསྟིམ་པའི་ལུགས་ཀྱང་ཡོད། །དེ་ནས་སྣོད་བཅུད་འོད་ཞུ་གཞལ་ཡས་ཁང་། །གཞལ་ཡས་འོད་ཞུ་འཁོར་ལྷ་རྣམས་ལ་ཐིམ། །འཁོར་ལྷ་མེད་ཅིང་ལྷ་གཙོ་རྐྱང་ཡིན་ན་སྣོད་བཅུད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ་ཞེས་གསུངས། །འོད་ཞུ་རང་ལ་ཐིམ་པར་བསམ་མོ། །མཆན། །འཁོར་ལྷ་འོད་ཞུ་བདག་ལ་ཐིམ་པར་བསྒོམ། །བདག་ཀྱང་འོད་ཞུ་ཐུགས་ཀའི་ས་བོན་ལ། །ས་བོན་གྱེན་དུ་ཡལ་ནས་ནཱ་ད་ནི། །སྐྲ་ཡི་རྩེ་མོ་བརྒྱར་གཤགས་ཆ་ཤས་ཙམ། །དེ་ལ་ཡུན་རིང་བར་དུ་སེམས་བཟུང་བ། །ཞི་གནས་སྒོམ་ལུགས་མཆོག་ཏུ་ཟབ་པ་ཡིན། །དེ་ནས་དེ་ཡང་ཡལ་ནས་སྟོང་པ་ཉིད། །སྟོང་པ་ཡིན་སྙམ་འཛིན་པས་མ་བཅིངས་པ། །སེམས་ལ་བཟོ་བཅོས་མེད་པར་ཀློད་དེ་གཞག །དེ་ནི་ལྷག་མཐོང་སྒོམ་ཐབས་མཆོག་ཏུ་ཟབ། །གང་ཟག་ལས་ནི་དང་པོ་པ་རྣམས་ཀྱི། །བསྐྱེད་རྫོགས་ཟུང་དུ་འཇུག་ཏུ་མི་ཐུབ་པས། །གོང་དུ་བསྐྱེད་རིམ་ཇི་ཙམ་བསྒོམས་པའི་ཡུན། །མཇུག་ཏུ་ཞི་ལྷག་དེ་གཉིས་བསྒོམ་དགོས་ཞེས། །ནཱ་རོ་

(༣༨༡)པཎྜི་ཏ་ཡི་བཞེད་པ་ཡིན། །དེ་ནས་མཁའ་ལ་འཇའ་ཚོན་ཤར་བའམ། །དྭངས་པའི་ཆུ་ལ་ཉ་ནི་ལྡང་བ་ལྟར། །རང་ཉིད་གཙོ་རྐྱང་རྒྱན་མེད་ཞིག་བསྒོམས་ཏེ། །ཐུན་འཚམས་བྱ་བ་གང་དགོས་བྱེད་པ་ཡིན། །སླར་ཡང་ཐུན་ནི་བཟུང་ལུགས་སྔར་ལྟར་ཏེ། །གསར་བུ་རྣམས་ཀྱིས་བསྐྱེད་རིམ་མི་གསལ་ཕྱིར། །ཐུན་གྲངས་མང་བས་བསྐྱེད་རིམ་གསལ་འདེབས་ཡིན། །ཞོགས་པ་སྔ་དྲོ་ཉིན་གུང་དགོངས་ཀ་བཞི། །སྲོད་དང་ཐོ་རངས་ཐུན་དྲུག་བྱ་བ་སྟེ། །དེ་ནི་བདེ་དགྱེས་ལ་སོགས་འགྲེལ་ཆེན་གསལ། །དེ་ལ་གོམས་ནས་ཐུན་ནི་ལྔ་བྱས་ཏེ། །ཉིན་ཐུན་བཞི་སྟེ་མཚན་ཐུན་གཅིག་ཡིན་ནོ། །དེ་ལ་གོམས་ནས་ཉིན་གསུམ་མཚན་དང་བཞི། །དེ་ལ་གོམས་པས་ཉིན་གཉིས་མཚན་དང་གསུམ། །ཤིན་ཏུ་གོམས་ན་ཉིན་ཐུན་མཚན་ཐུན་གཉིས། །སྒྲུབ་པའི་ཐུན་ལ་དེ་ལས་ཉུང་ཐབས་མེད། །སྤྱིར་ནི་ཡི་དམ་སྒྲུབ་པ་གང་དང་གང་། །གསར་མའི་ལུགས་ལ་བསྙེན་སྒྲུབ་ཡན་ལག་བཞི། །བསྙེན་དང་ཉེ་བསྙེན་སྒྲུབ་དང་སྒྲུབ་ཆེན་པོ། །རྙིང་མའི་ལུགས་ལ་

(༣༨༢)བསྙེན་སྒྲུབ་ལས་གསུམ་པོ། །དོན་ལ་འདྲ་སྟེ་ཀུན་ལ་ཚང་དགོས་སོ། །རང་གི་ཐུགས་ཀར་ཞི་ཁྲོའི་ཁྱད་པར་གྱི། །པད་སྟེང་ཉི་ཟླ་གང་རུང་དཀྱིལ་འཁོར་སྟེང་། །རྟ་མགྲིན་གུར་དྲག་ཕག་ཁྲོས་སེང་གསུམ་སོགས་ལྷ་ཁྲོ་བོ་ཁྲོ་མོ་བསྒྲུབ་པ་ཡིན་ན་ཐུགས་ཀར་པདྨ་དང་དེའི་སྟེང་དུ་ཉི་མ་དེའི་སྟེང་དུ་རང་རང་གི་ས་བོན་གཡོ་འགུལ་མེད་པ་སྟན་ལ་ཁར་བཙུགས་པ་ལྟར་སྒོམ་པ་ཞལ་ཤེས་འདིའང་མཆན། ས་བོན་གང་ཡིན་འགྲེང་ཐབས་གནས་པ་སྟེ། །ཚེ་དཔག་མེད་དམ་སྤྱན་རས་གཟིགས་པད་འབྱུང་ལྟ་བུ་ལྷ་ཞི་བའི་རིགས་ཡིན་ན་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་སོ་སོའི་ས་བོན་བསྒོམ་མཆན། ཡིག་འགོ་བལྟ་ས་མདུན་ཡིན་མདུན་དུ་ལྟ། །དེ་ནི་རྙིང་མའི་ལུགས་ཡིན་ཆུག་པ་མེད། །གསར་མ་ལ་ནི་མིག་གིས་མཐོང་ས་འདི། །ཡི་གེའི་མདུན་ཡིན་ཟེར་ཀྱང་དག་པ་མིན། །མཚན་ཉིད་རིག་པ་སྨྲ་བའི་དགེ་བཤེས་རྣམས། །ཡི་གེའི་གཟུགས་འདི་ཡི་གེ་མ་ཡིན་ཏེ། །ཡི་གེ་སྒྲ་ཡིན་རྣ་བའི་སྤྱོད་ཡུལ་ཡིན། །ཡི་གེ་མིག་གིས་མཐོང་བ་མི་སྲིད་ཟེར། །དེ་སོགས་ཐ་བསྙད་རིག་པ་འདིར་མི་འཐད། །གསང་སྔགས་

(༣༨༣)རྣམ་པ་ལམ་དུ་བྱེད་པ་སྟེ། །དཔེར་ན་སྟོང་ཉིད་ཆོས་སྐུ་ཡུམ་ཆེན་མོ། །ཕག་མོའི་གཟུགས་སུ་སྣང་བ་ལྟ་བུའོ། །ས་བོན་མཐའ་དེར་ལྷ་ནི་ཕོ་རིགས་ལ། །མདུན་ནས་བརྩམ་ཏེ་ཡིག་ངོ་ཕྱིར་བསྟན་པ། །གཡོན་ནས་བཀོད་དེ་མདུན་གགས་མཇུག་རྫོགས་པ། །དཔེར་ན་ཨ་ལོང་འཕྲལ་བ་ལྟ་བུའོ། །མོ་རིགས་ལྷ་ལ་མདུན་ནས་གཡས་བསྐོར་དུ། །སྔགས་དོན་ནང་དུ་བསྟན་ནས་བཀོད་པ་སྟེ། །བཀོད་ཅེས་བྱ་དང་བསྐོར་ཞེས་བྱ་བ་གཉིས། །གནད་ཆེན་ཡོད་ཀྱང་བྲིས་པས་ཡི་གེ་ནོར། །སྒྲུབ་ཐབས་ཕལ་ཆེར་ལོག་པར་སོང་བ་མང་། །རང་གི་ཐུགས་ཀར་ས་བོན་སྔགས་ཕྲེང་བཀོད། །མ་ཡེངས་དེ་ལ་རིག་པ་རྩེ་གཅིག་གཏད། །སྔགས་ཕྲེང་ཡིག་འབྲུ་ཡིད་ལ་གསལ་བཞིན་དུ། །དེ་ཉིད་ཅུང་ཟད་ཀློག་པའི་ཚུལ་དུ་བཟླས། །ཡིག་འབྲུ་རྣམས་ལས་རང་སྒྲ་གྲགས་པར་བསམ། །དེ་ནི་བསྙེན་པའི་དམིགས་པ་ཞེས་བྱའོ། །དེ་ནས་སྔགས་ཕྲེང་དེ་ནི་མི་འཁོར་བར། །སྔགས་ལས་བྱུང་བའི་འོད་ཟེར་ཁ་དོག་ལྔ། །ཕྲེང་བ་མི་འཁོར་ཕྲེང་ལུང་འཁོར་བ་བཞིན། །ཕོ་གཡས་མོ་གཡོན་དྲག་

(༣༨༤)ཏུ་འཁོར་བར་བསམ། །ཞལ་སྦྱོར་གྱི་ལྷ་ཡིན་ནའང་ཡབ་ཀྱི་ཐུགས་ཀར་སྔགས་གཡས་སུ་འཁོར་བ་ཡུམ་གྱི་ཐུགས་ཀར་ཡུམ་གྱི་སྔགས་གཡོན་དུ་འཁོར་བར་བསྒོམ། །མཆན། །དེ་ནས་སྔགས་ཕྲེང་དང་པོར་དལ་བུས་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་གཉིས་བག་ཆགས་སྦྱངས། །རྒྱལ་བའི་བྱིན་རླབས་འགྲོ་པའི་ཚེ་བསོད་ཀུན། །འོད་ཟེར་དེས་བསྡུས་རང་ལ་ཐིམ་པར་བསྒོམ། །དེ་ནི་ཉེ་བར་བསྙེན་པའི་དམིགས་པ་སྟེ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །ཟླ་སྐར་ཕྲེང་བ་ལྟ་བུའི་ཇེབ་དགོངས་ཟེར། །དེ་ནི་སྤྱི་ཡི་ལུགས་ཡིན་ཁྱད་པར་དུ། །གྲུབ་ཆེན་པཀྴིའི་ཁྱད་ཆོས་མན་ངག་ནི། །འོད་ཟེར་ཕར་འཕྲོས་གྲུབ་ཆེན་བརྒྱད་ཅུ་སོགས། །རྒྱ་བོད་རིག་འཛིན་ཐམས་ཅད་འོད་དེས་མཆོད། །ཐུགས་དགྱེས་ཐམས་ཅད་ཡི་དམ་སྐུ་རུ་གྱུར། །ཡི་དམ་ཟེར་བའི་རང་གི་ལྷ་གང་ཡིན་པ་དེའི་སྐུར་གྱུར་པར་བསྒོམ་པའོ། །མཆན། །ཆར་བཞིན་བབས་པས་

(༣༨༥)རང་ལ་ཐིམ་བར་བསམ། །དེ་བཞིན་འོད་ཟེར་ཕར་ལ་འཕྲོས་པ་ཡིས། །གསར་རྙིང་རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་མཆོད། །ཐམས་ཅད་རང་གི་ཡི་དམ་ལྷ་དེར་གྱུར། །ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསམ། །དེ་བཞིན་འོད་ཟེར་ཕར་ལ་འཕྲོས་པ་ཡིས། །ཕག་ཁྲོས་སེང་སོགས་ཡེ་ཤེས་མཁའ་འགྲོའི་ཚོགས། །མ་མགོན་ལ་སོགས་ཡེ་ཤེས་ཆོས་སྐྱོང་མཆོད། །ཐམས་ཅད་རང་གི་ཡི་དམ་སྐུར་གྱུར་སྟེ། །ཡབ་ཡུམ་ཞལ་སྦྱོར་ཡོད་པའི་ལྷ་ཡིན་ན་ལྷ་དེ་ཡི་སྐུ་གྲངས་མེད་པ་ཆར་བབས་ལྟར་བྱོན་ནས་བདག་བསྐྱེད་ཡབ་ཡུམ་ལ་ཐིམ་པར་བསྒོམ། །རྨོངས་པ་ལ་ཕན་པའི་ཞལ་ཁྲིད་མཆན། །ཆར་བཞིན་བབས་ནས་རང་ལ་ཐིམ་པར་བསྒོམ། །འདི་དུས་སྔགས་ནི་ཡིད་བཟླས་བྱད་པ་དང་། །སྤྲོ་བསྡུ་རླུང་དང་བསྲེས་ན་ཤིན་ཏུ་ལེགས། །མ་ལྕོགས་སྔགས་དང་དམིགས་པས་ཆོག་པ་ཡིན། །འདི་དོན་རྒྱས་པར་སྤྲོ་ན་མཐའ་ཡས་ཏེ། །བསྲེ་བ་གསུམ་གྱི་རྩ་བ་མདོར་བསྡུས་ཡིན། །ལྷ་དང་དཀྱིལ་འཁོར་ལ་སོགས་གང་འདོད་ལ། །ཤེས་རབ་ལྡན་པས་རིགས་འགྲེས་ཤེས་པར་

(༣༨༦)གྱིས། །ལྷ་གཅིག་བསྒྲུབ་པས་ཐམས་ཅད་འགྲུབ་པའི་ཐབས། །ཀརྨ་པཀྴིའི་ཐུགས་ཀྱི་ཉིད་ཁུ་འོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །སྣོད་ཀྱི་འཇིག་རྟེན་རང་གི་ཡི་དམ་དེའི། །ཞིང་ཁམས་གཞལ་ཡས་ཁང་དང་བཅས་པར་གྱུར། །བཅུད་ཀྱི་སེམས་ཅན་གཟུགས་ཅན་གཟུགས་མེད་ཀུན། །ཐམས་ཅད་ཡི་དམ་ལྷ་ཡི་སྐུར་གྱུར་ཏེ། །ཀུན་གྱིས་རང་གི་རམ་བུ་བཀྱག་བྱས་ཏེ། །འུར་འུར་དིར་དིར་སྔགས་སྒྲ་སྒྲོགས་པར་བསྒོམ། །དེ་ནི་སྒྲུབ་པའི་དམིགས་པ་ཡིན་པ་སྟེ། །རྒྱལ་པོ་སྲོང་བཙན་སྒམ་པོས་གསུངས་ལྟར་ན། །སྣང་བ་སྐུ་ཡི་ཁྱེར་སོ་ཞེས་བྱ་དང་། །གྲགས་པ་གསུང་གི་ཁྱེར་སོ་ཞེས་བྱ་ཡིན། །དམིགས་པ་གསལ་ན་སྐད་ཅིག་རེ་རེར་ཡང་། །དུང་ཕྱུར་མང་པོ་འགྲོ་ཞེས་བཀའ་བརྒྱུད་གསུངས། །དེ་དོན་བོད་ཀྱི་གྲུབ་ཐོབ་ཚོམ་བུ་པས། །སྔགས་རེ་བཟླས་ཤིང་ཕྲེང་རྡོག་རེ་རེ་སྐྱུར། །དེ་འདྲས་འགྲུབ་པའི་དུས་ནི་མི་འོང་བས། །གོང་ལྟར་བསྒོམས་ལ་ཕྲེང་བ་ཧབ་ཆོད་བྱ། །གསུངས་ཕྱིར་ལྷག་ཆད་ཁ་སྐོང་ངེས་པར་འོང་། །གསང་སྔགས་རྙིང་མ་པ་

(༣༨༧)ཡི་ལུགས་ལ་ནི། །བུང་བ་ཚང་ཞིག་ལྟ་བུའི་ཛབ་དགོངས་ཟེར། །སྒྲུབ་པའི་དམིགས་པ་དངོས་གཞི་ཡིན་པའོ། །རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་མཐིང་ག་དམྱལ་བའི་ཡུལ་དུ་འཕྲོས། །ཞེ་སྡང་སྡིག་སྒྲིབ་ཚ་གྲང་སྡུག་བསྔལ་སྦྱངས། །དམྱལ་ཁམས་མངོན་པར་དགའ་བའི་ཞིང་དུ་བསྒྱུར། །དམྱལ་བའི་སེམས་ཅན་རྡོ་རྗེ་སེམས་དཔའ་སོགས། །རྡོ་རྗེ་རིགས་ཀྱི་ཡི་དམ་ལྷ་རུ་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་འུར་སྒྲོགས་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་ཀློག་འོད་ལྟ་བུ་འཕྲོས། །ཡི་དྭགས་འདོད་ཆགས་བཀྲེས་སྐོམ་ཐམས་ཅད་སྦྱངས། །ཡི་དྭགས་འཇིག་རྟེན་བདེ་ཆེན་ཞིང་དུ་བསྒྱུར། །འགྲོ་བ་དེ་དག་སྣང་བ་མཐའ་ཡས་སམ། །པད་མ་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་དིར་སྒྲོགས་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་དུད་འགྲོའི་གནས་སུ་འཕྲོས། །གཏི་མུག་སྒྲིབ་པ་གླེན་ལྐུག་སྡུག་བསྔལ་སྦྱངས། །དུད་འགྲོའི་འཇིག་

(༣༨༨)རྟེན་ཐུག་པོ་བཀོད་པར་བསྒྱུར། །དུད་འགྲོ་ཐམས་ཅད་རྣམ་པར་སྣང་མཛད་སོགས། །བུདྡྷ་རིགས་ཀྱི་ཡི་དམ་སྐུ་རུ་བསྒྱུར། །ཀུན་ཀྱང་སྔགས་སྒྲ་དིར་དིར་སྒྲོགས་པར་བསམ། །ཡང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་སེར་པོ་ལྷ་དང་མི་ལ་འཕྲོས། །ང་རྒྱལ་དང་ནི་སེར་སྣའི་སྒྲིབ་པ་དག །ཕམ་ལྟུང་སྐྱེ་རྒས་ན་འཆིའི་སྡུག་བསྔལ་སྦྱངས། །ལྷ་མའི་འཇིག་རྟེན་དཔལ་ལྡན་ཞིང་དུ་བསྒྱུར། །ལྷ་མི་ཐམས་ཅད་རིན་ཆེན་འབྱུང་ལྡན་ནམ། །རིན་ཆེན་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་ཀྱི་སྒྲ་དབྱངས་སྒྲོགས་པར་བསམ། །རང་ནི་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ལྗང་གུ་ལྷ་མིན་གནས་སུ་འཕྲོས། །ཕྲག་དོག་སྡིག་སྒྲིབ་འཐབ་རྩོད་སྡུག་བསྔལ་སྦྱངས། །ལྷ་མིན་འཇིག་རྟེན་ལས་རབ་ཞིང་དུ་བསྒྱུར། །ལྷ་མིན་ཐམས་ཅད་དོན་ཡོད་གྲུབ་པའམ། །ཀརྨ་རིགས་ཀྱི་ཡི་དམ་ལྷ་སྐུར་བསྒྱུར། །ཀུན་ཀྱང་སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསམ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པ་སྟེ། །རིགས་དྲུག་འཁོར་བ་དོང་སྤྲུགས་ཏིང་འཛིན་

(༣༨༩)ནོ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛབ་དགོངས་ཟེར། །དེ་ལྟར་བསྙེན་དང་ཉེ་བར་བསྙེན་པ་དང་། །སྒྲུབ་དང་སྒྲུབ་པ་ཆེན་པོའི་དམིགས་རིམ་བཞི། །ཤེས་རབ་ཆེ་ན་ཐུན་རེར་ཚང་བར་བྱ། །འབྲིང་ནི་ཉིན་རེ་རེ་རེ་ཚང་བ་སྟེ། །བློ་རྨོངས་དམིགས་པ་ཤིན་ཏུ་ཟིན་དཀའ་ན། །རེ་རེ་ལ་ཡང་ཞག་པོ་གསུམ་ལྔ་བདུན། །སྒྲུབ་པ་ཚར་ལ་ཁད་ཚུན་རྫོགས་པས་ཆོག །དེ་དག་རྣམས་ནི་བསྙེན་དང་སྒྲུབ་པ་སྟེ། །དེ་ནས་ལས་ལ་སྦྱར་བའི་དམིགས་པ་ནི། །ཐོ་རངས་ནས་བཟུང་ཉི་མ་དྲོས་ཆེན་པར། །ཤར་དུ་ཁ་གྱུས་རྡོ་རྗེའི་སྐྱིལ་ཀྲུང་བཅས། །རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ནི། །མུ་ཏིག་ཕྲེང་བ་ལྟ་བུ་འཁོར་བ་ལས། །འོད་ཟེར་དཀར་པོ་ཟླ་བའི་འོད་ལྟར་འཕྲོས། །བདག་དང་བསྲུང་བྱ་ཀུན་གྱི་ནད་གདོན་དང་། །འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་བཅས། །བ་མོ་ལ་ནི་ཉི་ཟེར་ཕོག་པའམ། །མུན་པར་ཟླ་བ་ཤར་བཞིན་དག་པར་བསམ། །ཉི་དྲོས་ནས་ནི་ཉི་མ་ཕྱེད་ཀྱི་བར། །ལྷོ་རུ་ཁ་བལྟས་རྒྱལ་པོ་རོལ་སྟབས་འདུག །རང་གི་ཐུགས་ཀའི་

(༣༩༠)སྔག་ཕྲེང་སེར་པོ་ནི། །གསེར་གྱི་ཕྲེང་བ་ལྟ་བུར་འཁོར་བ་ལས། །འོད་ཟེར་གསེར་མདོག་ཉི་མའི་འོད་བཞིན་འཕྲོས། །བདག་དང་བསྲུང་བྱའི་ཚེ་བསོད་མངའ་ཐང་དང་། །འགྲོ་བ་ཀུན་གྱི་ཡོན་ཏན་ཡེ་ཤེས་ནི། །འོད་དེས་རེག་པ་ཙམ་གྱིས་འཕེལ་རྒྱས་བསམ། །ཉིན་ཕྱེད་ཡོལ་ནས་ཉི་མ་ནུབ་ཀའི་བར། །ནུབ་ཏུ་ཁ་བལྟས་དཀྱིལ་ཀྲུང་ཕྱེད་པས་འདུག །རང་གི་ཐུགས་ཀའི་སྔགས་ཕྲེང་དམར་པོ་ནི། །བྱེ་རུའི་ཕྲེང་བ་ལྟ་བུ་འཁོར་བ་ལས། །འོད་ཟེར་དམར་པོ་གློག་ཞགས་ལྟ་བུ་འཕྲོས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་བྱིན་རླབས་དང་། །འགྲོ་བའི་ཚེ་བསོད་འབྱུང་བའི་བཅུད་རྣམས་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་བྱེ་བསྡུས་པ་ལྟར། །དབང་དུ་བསྡུས་ནས་རང་ལ་ཐིམ་པར་བསམ། །ཉི་མ་ནུབ་ནས་སྲོད་ནི་མ་ཡོལ་བར། །བྱང་དུ་ཁ་བལྟས་མགར་བའི་འདུག་སྟངས་བྱ། །རང་གི་ཐུགས་ཀར་སྔགས་ཕྲེང་མཐིང་ནག་ནི། །བཻ་ཌཱུརྱ་ཡི་ཕྲེང་བ་ལྟ་བུ་ལས། །འོད་ཟེར་མཐིང་ནག་ཚ་ལ་རྩུབ་པ་འཕྲོས། །རང་དང་བསྲུང་བྱ་ལ་གནོད་དགྲ་དང་བགེགས། །འགྲོ་བ་ཀུན་

(༣༩༡)གྱི་བདུད་བཞི་ཉོན་མོངས་ཚོགས། །ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་བཞིན་བསམ། །དེ་དག་བསྒོམ་ཚེ་སྔགས་ཀྱི་ཤམ་བུ་ནི། །རང་གི་ཡི་དམ་ལྷ་ཡི་སྔགས་འཇུག་ཏུ། །སྔ་དྲོ། སརྦ་པཱ་པཾ་ཤཱནྟི༚་ཀུ་རུ་ཡེ་སྭཱ་ཧཱ། །ཉིན་ཕྱེད། །ཨཱ་ཡུཿཔུནྱཻ་པུཥྚི༚་ཀུ་རུ་ཨོཾ། དགོངས་མོ། སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧོཿ ཉི་ནུབ། གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། དེ་སྐད་སྦྱར་ཞིང་བཟླས་པ་མན་ངག་སྟེ། །དེ་དོན་རྒྱུད་དང་རྒྱ་གཞུང་དུ་མར་འབྱུང་། །མང་ཉུང་ཚད་ནི་གོང་དུ་བསྙེན་སྒྲུབ་ནི། །ཇི་ཙམ་སོང་བའི་དུས་སམ་གྲངས་ཉིད་ཀྱིས། །དུམ་བུ་བཅུ་རུ་བྱས་པའི་ཆ་གཅིག་ཙམ། །དཔེར་ན་བསྙེན་པ་འབུམ་ཕྲག་གཅིག་གོང་དུ་སོང་ན་ལས་སྦྱོང་ཤམ་བུ་ཁྲི་ཚོ་གཅིག་ཡིན་ཏེ་དེས་རིགས་འགྲེས་ཞེས་གསུངས་མཆན། །དེ་བས་མང་ན་བསྙེན་སྒྲུབ་ཉམས་འགྱུར་ཞིང་། །དེ་བས་ཉུང་ན་ཕྲིན་ལས་མི་འགྲུབ་པོ། །དེ་ནི་ལས་སྦྱོར་དམིགས་པ་ཞེས་བྱ་སྟེ། །རྙིང་མའི་ལུགས་ཀྱི་བསྙེན་སྒྲུབ་ལས་གསུམ་ཚང་། །དེ་ཙམ་ཕྱི་བསྒྲུབས་ཇི་ཙམ་བྱ་བའི་ཡུན། །ཟླ་དྲུག་ཟླ་གསུམ་ཟླ་གཅིག་ཞག་ཉེར་གཅིག །ཞག་བདུན་ཡན་ཆད་རང་གི་གང་ལྕོགས་བྱ། །

(༣༩༢)གྲངས་ནི་བྱེ་བ་ས་ཡ་བདུན་འབུམ་དང་། །སུམ་འབུམ་བཞི་འབུམ་ཆིག་འབུམ་ཡན་ཆད་དོ། །གྲངས་ལ་མ་ངེས་རྟགས་ལ་གཙོ་ཆེའི་ཕྱིར། །རྟགས་ཡིག་བཞིན་དུ་རྟགས་ཐོན་བྱ་བ་གཅེས། །བསོད་ནམས་ལྡན་པས་སྔགས་གྲངས་ཁྲི་ཕྲག་གིས། །འགྲུབ་པར་སངས་རྒྱས་ཐོད་པའི་རྒྱུད་ནས་གསུངས། །དེང་སངས་དུང་ཕྱུར་བཟླས་ཀྱང་མི་འགྲུབ་པ། །ཏིང་འཛིན་མི་གསལ་སེམས་གཞན་གཡེང་པའི་སྐྱོན། །སེམས་གཞན་ཡེངས་པས་བཟླས་བརྗོད་ལ་སོགས་པ། །བསྐལ་པར་བྱས་ཀྱང་འབྲས་བུ་མེད་པ་ནི། །འཛམ་གླིང་རྒྱན་གྱུར་སློབ་དཔོན་དབྱིག་གཉེན་གསུངས། །གཞུང་ནས་བསྙེན་ཚད་གསུངས་པ་ཐམས་ཅད་ཀྱང་། །མ་ཡེངས་རྩེ་གཅིག་བསྒོམ་པའི་དབང་དུ་ཡིན། །མ་ཡེངས་བསྒོམ་ན་ཡུན་རིང་མི་དགོས་ཏེ། །ཞག་གཅིག་བསྒྲུབས་པས་རྟགས་རྣམས་རྫོགས་ན་ཡང་། །བསྙེན་པ་རྫོགས་ཤིང་ལས་སྦྱོར་རུང་བ་ནི། །གསང་སྔགས་སྟོན་པ་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་གཞུང་ལས་གསུངས་པ་ཡིན། །དེ་ལྟར་བསྙེན་སྒྲུབ་རྫོགས་ནས་དེ་

(༣༩༣)ཡི་རྗེས། །སྦྱིན་སྲེག་གྲུབ་ན་ཆད་ལྷག་ཁ་བསྐང་དང་། །བསྒྲུབ་པ་མི་ཉམས་མཐའ་ནི་བཙན་པ་དང་། །དངོས་གྲུབ་མྱུར་དུ་སྨིན་པའི་གནད་ཡོད་ཅེས། །གསར་རྙིང་རྒྱུད་སྡེ་ཀུན་ནས་མགྲིན་གཅིག་གསུངས། །དེ་ཕྱིར་སྦྱིན་སྲེག་ཁྲི་ཕྲག་དགོས་གསུངས་པ། །སྦྱིན་སྲེག་གཅིག་ལ་སྔགས་གྲངས་ཁྲི་ཡིས་ཆོག །དེ་ནི་རབ་ཡིན་འབྲིང་དུ་ལས་བཞི་བླུགས། །ཐ་མ་ཕུན་སུམ་ཚོགས་པའི་སྦྱིན་སྲེགས་བྱ། །ཡང་ན་རྫས་གཅིག་བསྟན་པའི་སྦྱིན་སྲེག་བླུགས། །གལ་ཏེ་སྦྱིན་སྲེག་རང་གིས་མ་ཤེས་ན། །ཏིལ་ཉིད་བསྲེགས་པའི་སྦྱིན་སྲེག་ཁོ་ནས་རུང་། །སྦྱིན་སྲེག་མཁས་ཀྱང་ཡོ་སྤྱད་མ་འཛོམ་ན། །རྫས་དང་ཐབས་ཁ་དགང་བླུགས་མི་དགོས་བ། །ངག་གིས་སྦྱིན་སྲེག་འདོན་ཅིང་ཡིད་ཀྱིས་བསྒོམ། །དེ་ཡིས་ཆོག་པར་རྒྱ་གཞུང་རྣམས་ནས་འབྱུང་། །དེ་ལྟར་བསྒྲུབས་པའི་དགེ་བ་བསྔོ་བ་དང་། །སྨོན་ལམ་བཀྲ་ཤིས་ལ་སོགས་རྒྱས་པར་བྱ། །བླ་མེད་ལུགས་ཀྱི་གསར་རྙིང་ཐམས་ཅད་ཀྱི། །ཡི་དམ་སྤྱི་ཡི་ཕྱི་སྒྲུབ་བྱ་ཚུལ་འདི། །རྟ་ལོ་རྒྱལ་ཟླའི་བཅུ་བཞིའི་དགོངས་

(༣༩༤)ཐུན་ལ། །སྨྲ་བར་བརྩམས་ཤིང་ཅུང་ཟད་སྨྲས་པའི་ཚེ། །གསང་སྔགས་བླ་མེད་གཉན་པའི་རྟེན་འབྲེལ་གྱིས། །སྒྱུ་ལུས་བྲོ་འཚལ་ཞག་འགའ་ལུས་པ་ལ། །བཅུ་དགུའི་ནུབ་མོར་སྨྲས་ན་ལེགས་པ་ཡི། །རྨིས་ལྟས་མཐོང་ཕྱིར་ཉི་ཤུའི་དགོངས་ཐུན་ནུབ། །རཱ་ག་ཨ་སྱས་ཅི་ལྟར་སྨྲས་པ་རྣམས། །བཱིརྱ་སཱ་ག་ར་ཡིས་ཡི་གེར་བྲིས། །འཁྲུལ་པའི་རྨི་ལམ་གཏད་ར་མེད་ན་ཡང་། །དཔེ་འདི་ཕལ་ཆེར་འགའ་ཡིས་ཚད་མར་འཛིན། །མ་འོངས་རིམ་བཞིན་ཕན་ནས་འགྲོ་དོན་ནི། །རྒྱ་ཆེན་འབྱུང་ངམ་སྙམས་པ་ཁོ་བོས་སེམས། །ལེའུ་ཉེར་དྲུག་པའོ་མངྒ་ལཾ།། །ཤ །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་གསར་རྙིང་ཡི་དམ་ཌཱ་ཀི་སྤྱིའི་ནང་སྒྲུབ་དཔའ་བོ་དཔལ་ཆེན་འབར་བའི་རྔམ་སྐད་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡེ། །གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ །ཁྲག་འཐུང་དྷརྨ་ཤཱ་རས་བདག་ལ་སྲུངས། གསོན་དང་གུ་རུ་བཱི་རྱ་སཱ་ག་ར། །རི་ཁྲོད་འགྲིམ་པའི་སྐལ་ལྡན་སྐྱེས་བུ་ཡིས། །ཡི་དམ་ལྷ་ཡི་ནང་སྒྲུབ་བྱེད་འདོད་ན། །རྒྱས་པར་ས་དང་

(༣༩༥)ཐིག་ཆོག་གཞུང་ལྟར་ལས། །ས་སྟེགས་སྟེང་དུ་རྡུལ་ཚོན་དཀྱིལ་འཁོར་བྲི། །འབྲིང་དུ་སྒོ་ཁྲི་ལ་སོགས་སྟེགས་ཀྱི་ཁར། །རས་བྲིས་དཀྱིལ་འཁོར་བཏིང་བར་བྱ་བ་ཡིན། །ཐ་མ་གནས་དང་འཚམས་པའི་སྟེགས་ཀྱི་ཁར། །འབྲུ་ཡི་ཚེམ་བུ་ལྷ་གྲངས་བཀོད་པས་འཐུས། །དེ་ལྟར་རྒྱས་བསྡུས་དཀྱིལ་འཁོར་གང་ལྕོག་དབུས། །མཉྫུ་འམ་ནི་སྣོད་གཙང་འབྲུས་བཀང་སྟེང་། །བུམ་པ་མགུལ་ཆིངས་ཁ་བརྒྱན་གཟུངས་ཐག་བཅས། །དེ་ནང་རབ་ནི་དངོས་གྲུབ་རིལ་བུས་བཀང་། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །དཀར་གསུམ་མངའ་གསུམ་མེ་ཏོག་སྣ་ཚོགས་ལ། །གཞི་བླངས་བྱིན་རླབས་རྟེན་ནི་རྙེད་ཚད་དང་། །བདུད་རྩི་རིལ་བུ་དམ་རྫས་ཕབ་བཏབ་སྟེ། །སྲན་མ་དཀར་ནག་གང་རུང་ཚད་ཙམ་ལ། །སྣུམ་ཤས་ཆུང་ན་ལེགས་པར་བསྐམས་བྱ་ཞིང་། །སྣུམ་གྱིས་སྤྲུས་ན་སྐམ་ཡང་མི་དགོས་ཏེ། །དམར་པོས་མདོག་བསྒྱུར་བུམ་པ་བཀང་བར་བྱ། །མ་འཛོམ་འོ་མ་ཆུ་གཙང་བུམ་རྫས་བཏབ། །སྒྲུབ་ཡུན་ཐུང་ན་

(༣༩༦)ཆང་གིས་རུང་བ་ཡིན། །དེ་སྟེང་རྐང་གསུམ་མམ་ནི་ཁྲིའུའི་ཁར། །ཐོད་པ་མཚན་བཟང་རིལ་བུ་དེ་འདྲས་བཀང་། །མེད་ན་ཆང་ལ་བདུད་རྩི་བཏབ་པས་འཐུས། །དེ་སྟེང་ཐུར་མ་རྒྱ་གྲམ་བཅིངས་ལ་བཞག །དེ་སྟེང་དར་རས་དམར་པོས་ཁ་བཀབ་པོ། །མེ་ལོང་ཆང་བྱུག་དེ་སྟེང་སིནྡྷུུས་བྱུགས། །པདྨ་འདབ་བཞི་ཆོས་འབྱུང་བཅས་པ་བྲི། །དབུས་སུ་ཡི་དམ་གང་ཡིན་ས་བོན་དང་། །འདབ་བཞིའི་ཤར་དུ་ཧ་རིའི་ཡིག་འབྲུ་གཉིས། །ལྷོ་རུ་རི་ཙ་ནུབ་ཏུ་ནི་ཧྲཱིཿདང་། །བྱང་དུ་ས་ལ་དེ་རྒྱབ་མུ་ཁྱུད་ལ། །ཡི་དམ་གང་ཡིན་བསྙེན་སྔགས་ཚང་བར་བྲི། །དེ་རྣམས་ཡིག་མགོ་ཕྱི་ལ་བསྟན་པའོ། །དེ་ནི་དར་དམར་དག་པའི་སྟེང་དེར་བཞག །དེ་སྟེང་ཤེལ་ལམ་རྡོ་རྗེ་རྩེ་ལྔ་བཞག །དེ་སྟེང་ཁྲིའུ་ལམ་ནི་རྐང་རིང་སྟེང་། །སྒྲུབ་གཏོར་རིན་ཆེན་འབར་བ་རྒྱན་བཟང་བ། །ཡི་དམ་ཙཀླི་དར་གདུགས་བཅས་པ་བཤམས། །གལ་ཏེ་དེ་ལྟར་བརྩེགས་པར་མི་ཤོང་ན། །བུམ་པའི་མདུན་དེར་བཤམས་ཀྱང་འགལ་བ་མེད། །རྙིང་མ་ཡིན་ན་

(༣༩༧)བུམ་པའི་གཡས་གཡོན་གཉིས། །མཉྫིལ་གཉིས་སྟེང་བྷནྡྷ་གཉིས་ཀྱི་ནང་། །གཡས་སུ་བདུད་རྩི་གཡོན་དུ་རཀྟ་བཤམས། །གསར་མ་ཡིན་ན་དེ་གཉིས་མི་དགོས་སོ། །གསར་རྙིང་གང་ལའང་རྒྱས་པ་ལྷ་གྲངས་ཀྱི། །གཏོར་མ་ཕྱག་ལེན་བཞིན་དུ་བཅའ་བ་སྟེ། །འཁོར་རྣམས་ཕྱོགས་མཚམས་སོ་སོའི་གནས་ཀྱི་ཐད། །གཙོ་བོ་བུམ་པའི་གཡས་གཡོན་གང་བདེར་བཤམས། །བསྡུ་ན་ཀ་ཊོར་འམ་སྡེར་ཆེན་ནང་། །ལྷ་གྲངས་གཏོར་ཚོམ་བཤམས་པ་འབྲིང་ཡིན་ལ། །བསྡུ་ན་རིན་ཆེན་འབར་བ་ལ་སོགས་པའི། །དབང་གཏོར་འདྲ་བ་རྒྱན་གཟབ་ཆེ་བ་གཅིག །དེ་ནི་གཏོར་བསྔོས་རྒྱུན་དུ་གསོ་རྒྱུ་ཡིན། །སྔོན་མ་སྒྲུབ་གཏོར་ལྷ་བསྐྱེད་ཡིན་པའི་ཕྱིར། །དང་པོ་བྲན་ནས་རྒྱུན་དུ་གསོ་མི་དགོས། །ལྷ་དྲེའི་བཀའ་སྲུང་གེལ་པ་ཡོད་ན་ནི། །དེ་ཡི་གཏོར་མ་དཀྱིལ་འཁོར་ཟུར་དུ་བཞག །དཀྱིལ་འཁོར་ཕྱོགས་བཞིར་ལས་བཞིའི་གཏོར་མ་ནི། །ཤར་དུ་ཟླུམ་པོ་མར་རྒྱན་ཟླུམ་པོ་ཅན། །ལྷོ་རུ་སྟོད་ཟུར་བཞི་པ་གྲུ་བཞིའི་

(༣༩༨)དབྱིབས། །མར་རྒྱན་ཀྱང་ནི་གྲུ་བཞིའི་དབྱིབས་ཀྱིས་བརྒྱན། །ནུབ་ཏུ་ཟུར་གཉིས་ཟླ་གམ་དབྱིབས་ཅན་ཏེ། །མར་རྒྱན་ཚེས་བརྒྱད་ཟླ་བ་ཡུ་བ་ཅན། །བྱང་དུ་དྲག་པོའི་གཏོར་མ་ཟུར་གསུམ་ནི། །མར་རྒྱན་ཀྱང་ནི་ཟུར་གསུམ་དབྱིབས་ཅན་ཏེ། །ཟླུམ་པོ་མར་ཁུ་བྱུགས་པས་དཀར་པོ་སྟེ། །སེར་པོ་ཡུང་བ་མར་བསྲེས་བྱུགས་པས་སེར། །ཟུར་གཉིས་འབྲི་མོག་ཟུར་གསུམ་དྲག་སྣུམ་བྱུག །དཀྱིལ་འཁོར་ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་བཀོད། །ཕྲིན་ལས་རྣམས་བཞི་འགྲུབ་པའི་གཏོར་མ་སྟེ། །གསར་མ་ལ་ནི་མ་བཤད་མེད་ཀྱང་ཆོག །དེ་རྒྱབ་དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་པོ་རུ། །ཤར་དུ་མཆོད་ཡོན་ཤར་ལྷོར་ཞབས་བསིལ་དང་། །ལྷོ་རུ་མེ་ཏོག་ལྷོ་ནུབ་བདུག་སྤོས་དང་། །ནུབ་ཏུ་མར་མེ་ནུབ་བྱང་དྲི་ཆབ་དང་། །བྱང་དུ་ལྷ་བཤོས་བྱང་ཤར་རོལ་མོའི་སར། །ཏིང་ཤགས་ལ་སོགས་རོལ་ཆ་གང་ཐང་བཞག །མེད་ན་ནས་བཞག་མཚམས་འཛིན་མེ་ཏོག་ཟེར། །དེ་དག་རྣམས་ནི་ངེས་པར་དགོས་པ་སྟེ། །དེ་རྒྱབ་དཀྱིལ་

(༣༩༩)འཁོར་ཟུར་བཞིར་རྒྱལ་མཚན་བཞི། །མདའ་བཞི་གྲི་བཞི་ཚེན་སྐུད་དྲ་བ་དང་། །མེ་ལོང་བཞི་དང་དར་གྱི་ཕན་བཞི་དང་། །སྟག་གི་སྒ་བསྐོར་ཕུར་ཆུང་བཅུ་གཉིས་དང་། །ཤེལ་སོགས་རིན་ཆེན་དྲྭ་བ་དྲ་ཕྱེད་དང་། །སྟེང་དུ་དར་གྱི་བླ་བྲེ་ལ་སོགས་པ། །རྙིང་མའི་སྒྲུབ་ཆེན་ཆས་ནི་ཡིན་མོད་ཀྱི། །སྨན་བླ་རྔོག་དཀྱིལ་བདུན་སོགས་གསར་མ་ལའང་། །དེ་ལྟར་བྱ་བ་གཞུང་ནས་བཤད་འདུག་གོ། །ནང་སྒྲུབ་འདི་ནི་མ་ཧཱ་ཡོ་གའི་ལུགས། །སྤྲོས་པ་ཅི་ལྟར་རྒྱས་བཞིན་བསོད་ནམས་ཆེ། །དེ་ཕྱིར་དེས་ཚེག་མི་བྱ་འབད་པས་སྒྲུབ། །མ་རྙེད་པ་ལ་སྒྲུབ་པ་བཤོལ་མི་དགོས། །གང་འཛོམ་བརྡའ་ཙམ་བསགས་ལ་སྒྲུབ་ཀྱང་རུང་། །གཞན་ཡང་སྦྱིན་སྲེག་ཚོགས་འཁོར་མཆོད་གཏོར་གྱིས། །ཡོ་བྱད་འཛོམ་ཞིང་སྒྲུབ་གཡོག་འཛོམ་ན་ལེགས། །སྟ་གོན་འདི་ནི་ནང་སྒྲུབ་གསང་སྒྲུབ་གཉིས། །ཁྱད་པར་མེད་ཅིང་གསར་རྙིང་སྤྱི་འགྲོ་ཡིན། །མཆོད་རྫས་ཞི་དྲག་ཁྱད་པར་རིག་པས་དཔྱད། །འུ་ཐུག་དག་ཁྲིད་ཏུག་གུ་ཕྲེང་འདྲ་འདི། །མཁས་

(༤༠༠)པས་གཟིགས་ན་བཞད་གད་གནས་ཡིན་ཀྱང་། །རྨོངས་པ་རྣམས་ལ་སློབ་དཔོན་དཔེ་ཆས་ཆོག །དེ་ཕྱིར་རཱ་ག་ཨ་སྱས་གང་སྨྲས་པ། །བཱིརྱ་སྭ་ག་ར་ཡིས་ཡི་གེར་བཀོད། །རྨོངས་ཕྱིར་མ་ཡིན་གཞན་ལ་ཕན་ཕྱིར་བྲིས།། །༈། །།ན་མོ་གུ་རུ་སརྦ་དེ་ཝ་ཡེ། །དེ་ནས་ཡི་དམ་ནང་སྒྲུབ་ཉམས་ལེན་ཚུལ། །ཐུན་བཞིར་བདག་མདུན་གཉིས་ཀ་ཚར་རེ་འདོན། །ཐུན་མཚམས་རང་གཞུང་གཏོར་བསྔོས་ཚར་རེ་བྱ། །ཉི་མའི་གུང་ལ་སྦྱིན་སྲེག་རེ་རེ་སྟེ། །ཞི་རྒྱས་དབང་གསུམ་རེས་མོས་གང་འདོད་བྱ། །མ་འབྱོར་རྫས་གཅིག་སྦྱིན་སྲེག་བྱས་ཀྱང་ཆོག །ནུབ་མོ་ཚོགས་འཁོར་རྒྱས་པ་རེ་རེ་འམ། །ཅི་འབྱོར་བློ་སྟོབས་བསྐྱེད་པའི་ཚོགས་རེ་བྱ། །དེ་ལྟར་ཟླ་གཅིག་ཉེར་གཅིག་བཅུ་བཞི་འམ། །ཐ་ན་ཞག་བདུན་བསྒྲུབ་ཀྱང་ཆོག་པ་ཡིན། །ཆོ་ག་བཞིན་དུ་བདག་མདུན་གསལ་བ་ཡི། །ཐུགས་ཀར་ས་བོན་སྔགས་འཁོར་འཁོར་བཞིན་པ། །དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་པོ། །ལྷ་ཡི་ཁ་དོག་གང་ཡིན་ཤས་ཆེ་བ། །རང་གི་ཞལ་ནས་ཐོན་ཅིང་མཆོད་པའི་ཚུལ། །མདུན་

(༤༠༡)བསྐྱེད་ཞལ་དུ་ཞུགས་ཤིང་ཐུགས་ཀར་ཐིམ། །སྔགས་འཁོར་དྲག་འཁོར་ཐུགས་བསྐྱེད་སྨོན་ལམ་བསྐུལ། །སླར་ཡང་འོད་ཟེར་གསང་བའི་སྦུབས་ནས་ཐོན། །ཞལ་སྦྱོར་ཡོད་ན་ཡབ་ཡུམ་སྦྱོར་མཚམས་ནས། །ཡུམ་གྱི་འོག་ནས་ཚུར་བྱུང་རང་ཉིད་ཀྱི། །སྦྱོར་མཚམས་གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །དེ་ལྟར་བར་མཚམས་མེད་པར་འཁོར་དམིགས་བཟླས། །དེ་ནི་མདུན་བསྐྱེད་བསྙེན་པའི་དམིགས་རིམ་ཡིན། །དེ་ནས་འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །དང་པོ་དལ་བུ་དེ་ནས་ཇེ་འགྱོགས་སུ། །དེ་ནས་དྲག་ཏུ་འཁོར་བ་ཉེ་བསྙེན་ཡིན། །བར་དུ་འཁོར་ཚེ་སྔགས་ཕྲེང་དེ་དག་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུ་ཁྱབ་པར་འཕྲོས། །རབ་འབྱམས་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཡི་དམ་ཌཱ་ཀིའི་ཚོགས། །ཀུན་ལ་མཆོད་སྤྲིན་རྒྱ་མཚོས་མཉེས་པར་བྱས། །དེ་དག་ཀུན་གྱི་སྐུ་གསུང་ཐུགས་རྣམས་ལས། །རང་གི་ཡི་དམ་སྐུ་དང་སྔགས་ཕྲེང་དང་། །ཕྱག་མཚན་ས་བོན་ཡིག་འབྲུས་

(༤༠༢)མཚན་པ་རྣམས། །ཆར་བཞིན་བབས་ནས་བདག་མདུན་གཉིས་ཀར་ཐིམ། །སྔགས་ཀྱི་འོད་ཟེར་སེམས་ཅན་ཀུན་ལ་ཁྱབ། །སྒྲིབ་གཉིས་སྦྱངས་ནས་སངས་རྒྱས་སར་བཞག་སྟེ། །ཚེ་བསོད་དཔལ་འབྱོར་འོད་ཟེར་རྣམ་པར་བསྡུས། །བདག་མདུན་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་བསམ། །དེ་ནི་སྒྲུབ་པའི་དམིགས་པ་དངོས་ཡིན་ཏེ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །འགལ་མེ་ཀླད་ལ་བསྐོར་འདྲའི་ཛབ་དགོངས་ཟེར། །དེ་ཡན་མཚམས་ལ་ཇི་ཙམ་འདུག་པ་ཡི། །རུ་གཉིས་ཙམ་ལ་བྱ་བ་བསྙེན་སྒྲུབ་ཡིན། །དེ་ནས་བདག་མདུན་བར་གྱི་སྔགས་ཕྲེང་དེ། །མུ་ཏིག་ཕྲེང་བ་ལྟ་བུར་དཀར་པོར་བསྒོམ། །རང་གི་ཞལ་ནས་ཕར་ལ་འཕྲོ་བའི་དུས། །ཞི་བའི་མཆོད་པ་ཕུལ་བའི་མོས་པ་བྱ། །མདུན་གྱི་ཞལ་ཞུགས་སྐུ་ལུས་བརྒྱུད་པའི་ཚེ། །ཞི་བའི་ལས་ལ་དགོངས་པ་གཏད་པར་བསམ། །སྔགས་ཕྲེང་ཚུར་ལ་འཕྲོས་ནས་བྱུང་བའི་དུས། །ཞི་བའི་དངོས་གྲུབ་བདག་ལ་སྩོལ་བར་བསམ། །རང་གི་ལུས་བརྒྱུད་ཐུགས་ཀར་ཐིམ་པའི་ཚེ། །ནད་གདོན་

(༤༠༣)སྡིག་སྒྲིབ་ཉོན་མོངས་ཞི་བར་བསམ། །དེ་བཞིན་ཉིན་གུང་སྔགས་ཕྲེང་སེར་པོ་ལ། །འོད་ཟེར་ཁ་དོག་སྣ་ལྔས་བརྒྱན་པ་ཅན། །དཔེར་ན་རྨ་བྱའི་སྒྲོ་ཡི་ཆུན་པོའི་དབྱིབས། །མཆོད་པ་ཕུལ་དང་ཐུགས་དགོངས་གཏད་པ་དང་། །དངོས་གྲུབ་གནང་སོགས་ཚེ་བསོད་རྒྱས་པར་དམིགས། །དེ་བཞིན་དགོངས་མོ་ནས་བཟུང་སྔགས་ཕྲེང་དམར། །འཁྱོག་ཅིང་འགུག་པ་ལྕགས་སྒྲོག་དབྱིབས་ཅན་དེ། །མཆོད་དང་དགོངས་གཏད་དངོས་གྲུབ་གནང་བ་དང་། །རང་གི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པས། །རླུང་སེམས་སྣང་སྲིད་དབང་དུ་འདུས་པར་བསམ། །དེ་ནས་སྲོད་ནས་བཟུང་སྟེ་སྔགས་ཕྲེང་མཐིང་། །ཐགས་འཁྱུག་རྣམ་པར་འཁོར་བར་གྱུར་བ་ནི། །དྲག་པོའི་མཆོད་པ་དགོངས་གཏད་དངོས་གྲུབ་གནང་། །ཐུགས་ཀར་ཐིམ་པས་བདུད་བཞི་ཚར་གཅོད་བསམ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པ་སྟེ། །རྙིང་མའི་ལུགས་ལ་ལས་སྦྱོར་ཞེས་བྱའོ། །ཕྱི་སྒྲུབ་བཞིན་དུ་སྔགས་ཤམ་སོ་སོར་སྦྱོར། །དེ་ནས་རབ་ཏུ་ལས་བཞིའི་སྦྱིན་

(༤༠༤)སྲེག་བྱ། །འབྲིང་དུ་ཕུན་སུམ་ཚོགས་པའི་སྦྱིན་སྲེག་གཅིག །ཐ་ན་རྫས་གཅིག་སྦྱིན་སྲེག་མན་ངག་ལྟར། །སྒྲུབ་པ་ཐོན་ནས་དངོས་གྲུབ་ལེན་ཆོག་ནི། །གསར་མ་ཡིན་ན་བདག་འཇུག་ཚར་གཅིག་བླངས། །རྙིང་མ་ཡིན་ན་དངོས་གྲུབ་ལེན་ཆོག་བྱ། །དེ་ཡང་གང་ཡིན་གསལ་ཁ་མི་ཤེས་ན། །མདུན་བསྐྱེད་དཔྲལ་མགྲིན། །ཐུགས་ཀ་ལྟེ་བ་ནས། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་ཧྲཱིཿལྗང་ཁུ། །འོད་དང་ལྡན་པ་རིམ་བཞིན་འཕྲོས་ནས་ཀྱང་། །རང་གི་དཔྲལ་མགྲིན་ཐུགས་ཀ་ལྟེ་བར་ཐིམས། །རྩ་བའི་སྔགས་ལ་ཤམ་བུ་འདི་བཏགས་ཏེ། །ཀ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱིཿ སྒྲིབ་བཞི་དག་ཅིང་དབང་ཞི་ཐོབ་པ་དང་། །སྐུ་བཞི་མངོན་དུ་བྱེད་པའི་སྐལ་ལྡན་བསམ། །རྡོར་དྲིལ་དང་བཅས་ལག་གཡས་སྒྲུབ་བུམ་དང་། །གཡོན་པས་སྒྲུབ་གཏོར་བཟུང་སྟེ་ལག་གཉིས་བསྣོལ། །མོས་གུས་བསྐྱེད་ཅིང་རང་གི་གནས་བཞིར་གཏུགས། །དངོས་གྲུབ་ཐམས་ཅད་ཐོབ་པར་ངེས་ཤེས་བསྐྱེད། །བུམ་ཆུ་བཏུང་དང་ཁྲུས་བྱ་རིལ་བུ་བཟའ། །དེ་ནས་

(༤༠༥)རྗེས་ཆོག་ཆོ་གའི་གཞུང་ལྟར་ཏེ། །མདུན་བསྐྱེད་གཤེགས་སམ་ཡང་ན་རྟེན་ལ་བསྟིམ། །བདག་བསྐྱེད་སྟོང་པར་བསྡུ་བ་མ་གཏོགས་པ། །བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ། །ཕྱག་རྒྱ་སྒོ་བཅད་སྒྲུབ་པ་ཞེས་བྱའོ། །རིལ་བུ་དམ་རྫས་རྟེན་དུ་བཅངས་པ་སྟེ། །གཏོར་མ་ཕྱི་རྒྱབ་མི་འཁྱར་དངོས་གྲུབ་རོལ། །དེ་ནི་ཡི་དམ་ཌཱ་ཀི་སྤྱི་ཁྱབ་པོ། །རང་བཟོ་མ་ཡིན་གསར་རྙིང་སྒྲུབ་གཞུང་ནི། །རྒྱ་མཚོ་ཀུན་ལ་ཤིན་ཏུ་འདྲིས་པའི་མཐུས། །ལག་ཏུ་བླངས་བདེ་སྙིང་དམར་ལག་ཏུ་བཞག །ཀྱེ་མ་དུས་ངན་སྙིགས་མའི་འགྲོ་བ་རྣམས། །ཞིམ་པོ་མི་ལ་བྱིན་ན་སྐྱུགས་པའི་དཔེ། །སྐལ་མེད་རྣམས་ཀྱིས་ཅིར་ཡང་མི་བརྩི་སྟེ། །སྐལ་ལྡན་ལས་ཅན་སྒྲུབ་ལ་བརྩོན་པ་རྣམས། །འདི་མཐོང་ལག་པའི་མཐིལ་ནས་གཏེར་རྙེད་ལྟར། །དགའ་སྤྲོ་འཕེལ་ཞིང་དངོས་གྲུབ་གཉིས་ཀྱིས་ཕྱུག །དེ་ཕྱིར་སྔགས་རྒན་རཱ་ག་ཨ་སྱ་ངས། །ཚིགས་སུ་བཅད་དེ་སྨྲ་རྣམས་ཡིད་ལ་ཟུངས། །དེ་སྐད་སྨྲས་ཚེ་བཱིརྱ་སཱ་ག་རས། །ཤིན་ཏུ་མགྱོགས་

(༤༠༦)པ་རྫུ་འཕྲུལ་ལྟ་བུ་ཡིས། །རབ་ཏུ་གསལ་བ་ཞུན་མར་དོགས་ལ་བྲིས། །སྦ་འོས་གསལ་བཀོད་ཉེས་པ་མཆིས་པ་རྣམས། །ཆོས་དག་ཌཱ་ཀི་སྲུང་མའི་ཚོགས་ལ་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །དེ་སྐད་རྟ་ལོ་རྒྱལ་ཟླའི་ཉེར་གཅིག་ནུབ། །རང་གི་གསང་སྔགས་ཉམས་སུ་བླངས་ཚུལ་དང་། །བསྟུན་ནས་སྒྲུབ་ཐབས་ཉམས་མགུར་ཚུལ་དུ་སྨྲས། །ལེའུ་ཉེར་བདུན་པའོ་མངྒ་ལཾ།། །ས། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་གསང་སྔགས་གསར་རྙིང་ཡི་དམ་ཌཱ་ཀི་སྤྱི་ཡི་གསང་སྒྲུབ་ཡེ་ཤེས་མཁའ་འགྲོའི་གདུང་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཌཱ་ཀི་ནཱི་སིདྡྷི་ཧཱུཾ། །གསང་སྔགས་ཀུན་གྱི་བདག་མོ་རྣལ་འབྱོར་མ། །ལྷན་སྐྱེས་ཌཱ་ཀིས་བདག་ལ་བྱིན་གྱིས་རློབས། །གསོན་དང་བླ་མའི་བཱིརྱ་སཱ་ག་ར། །གསར་རྙིང་ཡི་དམ་མཁའ་འགྲོ་གང་ཡང་རུང་། །གསང་སྔགས་སྙིང་པོ་གསང་བའི་སྒྲུབ་པ་ནི། །ནང་སྒྲུབ་ཚར་རྗེས་ཉིད་དུ་བྱེད་ན་ནི། །མཆོད་གཏོར་

(༤༠༧)མི་བསྡུ་ཁ་གསོ་ཙམ་གྱིས་ཆོག །དུས་གཞན་ཡིན་ན་ནང་སྒྲུབ་བཞིན་དུ་བཅའ། །ཐུན་བཞི་བྱེད་ལུགས་ནང་སྒྲུབ་ཁྱད་མེད་ཀྱང་། །ཉིན་གུང་སྦྱི་སྲེག་འདི་ལ་མི་དགོས་སོ། །བདག་མདུན་ཚད་མ་དུས་བཞིར་བཏང་བྱ་ཞིང་། །བདག་མདུན་གཙོ་བོ་གཉིས་ཀྱི་སྐུ་ལུས་ནང་། །སྟོང་ཞིང་གསལ་བ་ཕྲུ་མ་ཕུས་བཏབ་བཞིན། །རྩ་གསུམ་འཁོར་ལོ་ལྔ་པོ་མོས་ཙམ་བསྒོམ། །ཧ་ཅང་གསལ་པོ་མ་ཟིན་ན་ཡང་རུང་། །བདག་མདུན་གཉིས་ཀྱི་དཔྲལ་བ་མགྲིན་པ་དང་། །ཐུགས་ཀ་ལྟེ་བ་གསང་གནས་ལྔ་ཡི་དབུས། །རང་གི་ཡི་དམ་གང་ཡིན་དེ་ཉིད་ནི། །དཀར་པོ་དམར་པོ་མཐིང་ག་སེར་པོ་དང་། །ལྗང་གུ་ལྔ་པོ་མངོན་རྟོགས་བཞིན་དུ་བསྒོམ། །ཞལ་སྦྱོར་ལ་སོགས་ཡོད་མེད་མངོན་རྟོགས་བསྟུན། །འཁོར་དུ་རྩ་འདབ་དང་མཉམ་མཁའ་འགྲོ་མ། །སྤྱི་བོར་དཀར་མོ་སུམ་ཅུ་རྩ་གཉིས་སྟེ། །མགྲིན་པར་དམར་མོ་བཅུ་དྲུག་བསྒོམ་པར་བྱ། །སྙིང་གར་སྔོན་མོ་བརྒྱད་དང་ལྟེ་བར་ནི། །སེར་མོ་དྲུག་ཅུ་རྩ་བཞི་བསྒོམ་པར་བྱ། །གསང་བར་ལྗང་

(༤༠༨)མོ་ཉི་ཤུ་རྩ་བརྒྱད་སྟེ། །རང་རྟགས་ཀྱིས་མཚན་གྲི་ཐོད་ཁ་ཊཱཾ་བསྣམས། །གཙོ་བོ་རྣམས་ལ་པདྨ་ཉི་ཟླའི་གདན། །འཁོར་རྣམས་ཟླ་བའམ་རོ་ཡི་གདན་ཅན་ནོ། །གཙོ་བོ་ལྔ་ཡི་ཐུགས་ཀར་པད་ཟླའི་གདན། །རང་མདོག་ས་བོན་རང་མདོག་སྔགས་ཕྲེང་འཁོར། །ཕོ་ལ་གཡས་དང་མོ་ལ་གཡོན་དུ་འཁོར། །རང་གི་ཐུགས་ཀའི་སྔགས་འཕྲེང་འཁོར་བཞིན་ལས། །འོད་ཟེར་སྣ་ལྔ་སྟོང་སྐུད་སྒྲིམ་འདྲ་ཞིག །ཐུགས་ཀའི་ཡི་དམ་མཐེང་ཀའི་ཞལ་ནས་ཐོན། །མགྲིན་པའི་ཡི་དམ་དམར་པོའི་གསང་གནས་ཞུགས། །ཐུགས་ཀར་ཕོག་བས་སྔགས་ཕྲེང་དྲག་ཏུ་འཁོར། །འོད་ཟེར་ཞལ་ནས་ཐོན་ཏེ་གྱེན་དུ་སང་། །སྤྱི་བོའི་ཡི་དམ་དཀར་པོའི་གསང་བར་ཞུགས། །ཐུགས་ཀར་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར། །འོད་ཟེར་ཞལ་ནས་ཐོན་ཏེ་ཐུར་དུ་སོང་། །རང་ཉིད་བདག་བསྐྱེད་ཞལ་ནས་ཕར་སོང་སྟེ། །མཆོད་པའི་ཚུལ་དུ་མདུན་བསྐྱེད་ཞལ་དུ་ཞུགས། །གྱེན་དུ་སོང་ནས་སྤྱི་བོའི་ལྷ་དཀར་པོའི། །ཞལ་དུ་ཞུགས་ཤིང་ཐུགས་ཀར་ཕོག་པ་ཡི། །སྔགས་

(༤༠༩)ཕྲེང་དྲག་འཁོར་འོད་ཟེར་གསང་གནས་ཐེན། །ཐུར་དུ་བྱོན་ནས་མགྲིན་པའི་ལྷ་ཞལ་ཞུགས། །ཐུགས་ཀར་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། །གསང་བ་ནས་ཐོན་ཐུགས་ཀའི་ལྷ་ཞལ་ཞུགས། །སྔགས་ཕྲེང་དྲག་འཁོར་འོད་ཟེར་གསང་བར་ཐེན། །ལྟེ་བའི་ལྷ་ཞལ་དུ་ཞུགས་སྔགས་ཕྲེང་མྱུར། །གསང་སྦུབས་ནས་ཐོན་གསང་བའི་ལྷ་ཞལ་ཞུགས། །སྔགས་ཕྲེང་དྲག་འཁོར་གསང་བའི་སྦུབས་ནས་ཐོན། །མདུན་བསྐྱེད་གསང་སྦུབས་སམ་ནི་སྦྱོར་མཚམས་ཐོན། །བདག་བསྐྱེད་གསང་སྦུབས་སམ་ནི་སྦྱོར་མཚམས་ཞུགས། །གྱེན་བརྒྱུད་ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །སྔག་ཕྲེང་དྲག་ཏུ་འཁོར་བས་ཐུགས་དམ་བསྐུལ། །དེ་ལྟར་འོད་ཟེར་རྒྱུན་དུ་འཁོར་བར་བསྡོམ། །དེ་ནི་གསང་སྒྲུབ་བསྙན་པའི་དམིགས་པའོ། །གསང་སྔགས་རྙིང་མ་པ་ཡི་ལུགས་ལ་ནི། །བདག་ཁྲིད་པ་ལྟ་བུའི་ཛ་པྲ་དགོངས་ཟེར། །དེ་ནས་འོད་ཟེར་དེ་ཉིད་སྔགས་

(༤༡༠)ཕྲེང་བསྒྱུར། །འཁོར་ལུགས་ཐམས་ཅད་གོང་ལྟར་འཁོར་བར་བསྒོམ། །དེ་ནི་གསང་སྒྲུབ་ཉེ་བར་བསྙེན་པའོ། །དེ་ནས་སྔགས་ཕྲེང་དེ་ལྟར་འཁོར་བཞིན་ལས། །འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་སྤྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་སྲུང་མའི་ཚོགས། །ཀུན་ལ་ཟག་མེད་བདེ་བའི་མཆོད་སྤྲིན་ཕུལ། །དེ་དག་རྣམས་ཀྱི་དཔྲལ་མགྲིན་ཐུགས་ཀ་ནས། །རང་གི་ཡི་དམ་དེ་ཡི་སྐུ་གཟུགས་ནི། །དཀར་སེར་དམར་ལྗང་ཆེ་བ་རི་རབ་ཙམ། །ཆུང་བ་ཡུང་འབྲུ་ཙམ་ལ་གྲངས་མེད་པ། །གསུང་ནི་དབྱངས་དང་གསལ་བྱེད་རྟེན་འབྲེལ་སྙིང་། །ཡི་དམ་སྔགས་ཕྲེང་དཀར་སེར་དམར་ལྗང་ཚོགས། །ཐུགས་ནི་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་འཁོར་ལོ་ཡི་དམ་ས་བོན་མཚན། །བུ་ཡུག་བཞིན་དུ་ཕྱོགས་རྣམས་ཀུན་ནས་བྱོན། །བདག་མདུན་གནས་ལྔའི་ལྷ་ཚོགས་སོ་སོར་ཐིམ། །རིགས་ལྔའི་རིགས་ཀྱི་དངོས་གྲུབ་ཀུན་ཐོབ་བསམ། །འོད་ཟེར་འགྲོ་དྲུག་སེམས་

(༤༡༡)ཅན་ཀུན་ལ་ཕོག །རིགས་ལྔའི་ཡི་དམ་གོ་འཕང་ལ་བཞག་ནས། །ཀུན་གྱི་ཚེ་བསོད་དཔལ་འབྱོར་འོད་ལྔ་ཡི། །རྣམ་པར་བསྡུས་ནས་བདག་མདུན་ལ་ཐིམ་བསམ། །དེ་ནི་གསང་སྒྲུབ་སྒྲུབ་པའི་དམིགས་པའོ། །དེ་ཡན་གསང་སྒྲུབ་ཅི་ཙམ་བྱེད་པ་ཡི། །རུ་གཉིས་ཙམ་ལ་བསྙེན་དང་སྒྲུབ་པ་བྱ། །དེ་ནས་ལས་སྦྱོར་སྒྲུབ་པ་ཆེན་པོ་ནི། །སྔ་དྲོའི་དུས་སུ་སྔགས་ཕྲེང་དཀར་པོར་བསྒྱུར། །འོད་ཟེར་དཀར་པོས་བདག་དང་འགྲོ་ཀུན་གྱི། །ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། །ཉིན་གུང་དུས་སུ་སྔགས་ཕྲེང་སེར་པོར་བསྒྱུར། །འོད་ཟེར་སེར་པོས་བདག་དང་འགྲོ་ཀུན་གྱི། །ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་རྒྱས། །དགོངས་མོའི་དུས་སུ་སྔགས་ཕྲེང་དམར་པོར་བསྒྱུར། །འོད་ཟེར་དམར་པོས་བདག་དང་འགྲོ་ཀུན་གྱི། །རླུང་སེམས་སྣང་བ་དབང་འདུས་རང་དབང་ཐོབ། །སྲོད་ཀྱི་དུས་སུ་སྔགས་ཕྲེང་མཐིང་ཀར་བསྒྱུར། །འོད་ཟེར་མཐིང་ག་ཚ་ཞིང་བསྲེག་པ་ཡིས། །བདུད་བཞི་ལོག་འདྲེན་

(༤༡༢)ཐམས་ཅད་བསྲེག་པར་བྱས། །མཇུག་ཏུ་ལས་བཞིའི་སྦྱིན་སྲེག་འགྲུབ་ན་ལེགས། །གསར་མ་ཡིན་ན་བདག་འཇུག་བླང་བའམ། །རྙིང་མ་ཡིན་ན་དངོས་གྲུབ་ལེན་ཆོག་དང་། །རྗེས་ཆོག་བྱ་ཚུལ་ནང་སྒྲུབ་དག་དང་མཚུངས། །སྒྲུབ་ཡུན་ཞག་བདུན་བཅུ་བཞི་ཉེར་གཅིག་གམ། །ཟླ་གཅིག་ལ་སོགས་རང་གི་ཁམས་དང་བསྟུན། །ཡི་དམ་མཁའ་འགྲོ་སྤྱི་ཡི་གསང་སྒྲུབ་འདི། །རྟ་ལོ་རྒྱལ་ཟླའི་ཉེར་གསུམ་དགོངས་ཐུན་ལ། །རཱ་ག་ཨ་སྱས་རང་གི་མྱོང་བ་དང་། །བསྟུན་ནས་གསར་རྙིང་ཀུན་གྱི་བཅུད་བསྡུས་ཏེ། །གུ་རུ་བཱིརྱ་སཱ་ག་ར་ལ་གདམས། །དེས་ཀྱང་རྗེད་པར་ཕོངས་ཏེ་ཡི་གེར་བཀོད། །སྦ་འོས་གསལ་བཀོད་ཉེས་པ་གང་མཆིས་རྣམས། །ཆོས་བདག་ཌཱ་ཀི་སྲུང་མའི་ཚོགས་ལ་བཤགས། །དེ་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །འདིར་འབད་དགེ་བས་འདི་ལ་འབྲེལ་ཐོགས་རྣམས། །མཆོག་ཐུན་དངོས་གྲུབ་དཔལ་ལ་ལོངས་སྤྱོད་ཤོག །ལེའུ་ཉེར་བརྒྱད་པའོ་མངྒ་ལཾ།། །ཧ། །།རི་ཆོས་མཚམས་ཀྱི་ཞལ་

(༤༡༣)གདམས་ལས། །སྤྲོས་མེད་ལས་བཞིའི་སྦྱིན་སྲེག་རི་ཁྲོད་པ་ལ་ཕན་པ་ནོར་བུ་སྣ་ཚོགས་མདོག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲ་ཝ་ཀ་ར་ཡ། །ལས་བཞིའི་སྦྱིན་སྲེག་མན་ངག་ཅུང་ཟད་བྲི། །ཨོ་རྒྱན་ཆེན་པོས་བཀའ་གནང་བྱིན་གྱིས་རློབས། །ལས་བཞི་རྒྱས་པ་གཞན་དུ་གསལ་བ་ལྟར། །བསྡུས་པ་ལ་ཡང་སྤྲོས་བཅས་སྤྲོས་མེད་གཉིས། །སྤྲོས་བཅས་མདུན་མེ་འབུད་སར་ཐབས་བརྩེགས་སམ། །ཡང་ན་རྡུལ་ཚོན་སྟེང་དུ་ས་ཡིས་གཡོགས། །བུད་ཤིང་ལས་བཞི་སོ་སོའི་དབྱིབས་ལྟར་བརྩེགས། །ཁ་ཁྱེར་ཀུ་ཤ་བཀོད་པ་ཀུན་ལ་དགོས། །ཡམ་ཤིང་མར་ཁུ་ཀུན་ལ་དགོས་པ་ཡིན། །བདུན་ནམ་ཉེར་ཅིག་ཙམ་རེ་འབུལ་བས་ཆོག། དངོས་གཞི་རྫས་གཅིག་བསྟེན་པའི་སྦྱིན་སྲེག་ཞེས། །ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་པོ་དེ། །སྦྲེལ་བ་བརྒྱ་རྩ་ཚང་བས་གྲངས་ཚང་སྟེ། །ལྷ་སྔགས་ཨོཾ་དང་རྫས་སྔགས་ཨོཾ་གཉིས་གཅིག །དེ་བཞིན་སྭཱ་ཧཱ་ཡོད་ན་གཅིག་ཏུ་བསྡུ་

(༤༡༤)སྡིག་པ་ཞི་འདོད་ཏིལ་ནག་ཁོ་ན་སྟེ། །བགེགས་ཞི་ཡུངས་ཀར་ནད་ཞི་ཁྲོ་ཉིད་འབུལ། །ཞི་བའི་སྦྱིན་སྲེག་དེ་གསུམ་གཙོ་བོ་ཡིན། །ཚེ་རྒྱས་དུརྦ་བསོད་ནམས་རྒྱས་པ་འབྲས། །སྟོབས་རྒྱས་སྲན་མ་ནོར་འབྲུ་རྒྱས་སོ་བ། །བདེ་སྐྱིད་དངོས་གྲུབ་དབང་སྡུད་ཟས་མཆོག་སྟེ། །ཡང་ན་མེ་ཏོག་དམར་པོ་སྲེག་རྫས་གཙོ། །མེ་ཏོག་མེད་ན་འབྲུ་ལ་ཚོན་གྱིས་བསྒྱུར། །དྲག་པོར་ཤ་ཁྲག་ལིངྒ་ཁོ་ནས་ཆོག །འཇིག་རྟེན་མེ་ལྷ་དེ་ནང་ཡེ་ཤེས་པ། །གཉིས་ཀ་ལས་བཞི་སོ་སོའི་མདོག་ལྟར་བསྒོམ། །མངོན་རྟོགས་བསྒྱུར་རམ་མ་ལྕོགས་ཡིད་ཀྱིས་བསྒྱུར། །མེ་ལྷའི་ཐུགས་ཀར་ཡི་དམ་དཀྱིལ་འཁོར་བསྒོམ། །དེ་ཡི་བསྲེག་རྫས་མཆོད་བསྟོད་རྫོགས་པའི་རྗེས། །དཀྱིལ་འཁོར་ཕྱི་ཁྱམས་རྡོ་རའི་ནང་དེ་རུ། །གཏོར་མགྲོན་བཞིན་དུ་ལྷ་ཚོགས་གང་འདོད་ཀུན། །མངོན་རྟོགས་བསྒོམ་མམ་སྐད་ཅིག་སྤྱན་དྲངས་ལ། །སྲེག་རྫས་མཆོད་བསྟོད་ཆ་རེ་གང་འགྲུབ་འབུལ། །དེ་བཞིན་དཀྱིལ་འཁོར་མེད་པའི་གཙོ་རྐྱང་ལའང་། །མེ་ལྷའི་ཐུགས་ཀར་

(༤༡༥)གཙོ་བོའི་མཐའ་སྐོར་དུ། །རིམ་བཞིན་སྤྱན་དྲངས་མཆོད་བསྟོད་གོང་བཞིན་བྱ། །སྦྱིན་སྲེག་གཅིག་ནང་སྦྱིན་སྲེག་མང་པོ་ཤོང་། །སྲེག་རྫས་འབུལ་བས་ལྷ་ཚོགས་རབ་ཏུ་མཉེས། །ཞི་བའི་དུས་སུ་འོད་ཟེར་མུ་ཏིག་མདོག །བདེ་བའི་རེག་བྱ་ལྡན་པ་དཔག་མེད་འཕྲོས། །འགྲོ་བ་ཀུན་དང་བདག་དང་བསྲུང་བྱ་ཡི། །ཚངས་བུག་ནས་ཞུགས་ལུས་གང་ནད་གདོན་སྡིག །བ་མོར་ཉི་ཟེར་ཕོག་ལྟར་དག་གྱུར་སྟེ། །བདེ་སྟོང་ཉམས་སྐྱེས་དྲི་མེད་ཤེལ་ལྟར་བསྒོམ། །རྒྱས་པའི་དུས་སུ་འོད་ཟེར་གསེར་གྱི་མདོག །བདག་དང་བསྲུང་བྱ་ལ་ཕོག་ཚེ་བསོད་འཕེལ། །ཟེར་གྱི་གསེབ་ནས་རིན་ཆེན་ཆར་འབེབས་བསམ། །དབང་གི་དུས་སུ་འོད་ཟེར་རཱ་གའི་མདོག །ལྕགས་ཀྱུའི་དབྱིབས་འཕྲོས་འཇིག་རྟེན་སྤྱི་དང་ནི། །བྱེ་བྲག་གང་དམིགས་མེ་ལྷའི་མདུན་དུ་བཀུག །གུས་འདུད་ལྡན་པས་ཆགས་པའི་མེ་ཡིས་ཞུ། །འོད་དམར་ཞུ་ནས་བདག་ལ་ཐིམ་པར་བསམ། །དྲག་པོའི་དུས་སུ་ལྷ་དེ་ཞལ་གདངས་པའི། །ནང་དུ་ཤ་

(༤༡༦)ཁྲག་ལིངྒ་ཕུལ་བ་དེ། །དགྲ་བགེགས་དངོས་ཉིད་རྐང་རྟིང་སྐྱ་ལྷག་ལྷག །མགོ་མཇུག་ལོག་སྟེ་ཞལ་དུ་སོང་བར་བསམ། །དེ་ནས་མེ་ཞགས་ལ་སོགས་བརྒྱབས་པ་ན། །མེ་དཔུང་ཐོགས་པའི་ཁྲོ་བོ་དཔག་མེད་ཀྱིས། །མེ་རླུང་ཞུན་མས་རྟ་ལ་ཞོན་ནས་རྒྱུག །གནོད་བྱེད་དགྲ་བགེགས་ཐམས་ཅད་བསྲེགས་པར་བསྒོམ། །དེ་ལྟར་རྫས་གཅིག་སྦྱིན་སྲེགས་འདོན་འགྲིགས་ནི། །རང་ཉིད་ཡི་དམ་བདག་བསྐྱེད་སྔོན་སོང་ནས། །སྲེག་རྫས་བྱིན་རླབས་ཐབ་བསྐྱེད་ཀུ་ཤ་བཀྲམ། །མེ་ལྷ་བསྐྱེད་བསྟིམ་ཨརྒྷཾ་སོགས་ཀྱིས་མཆོད། །ཡམ་ཤིང་མར་ཁུ་གསུམ་བདུན་གང་འགྲུབ་འབུལ། །མེ་ལྷར་བསྟོད་ཅིང་དེ་ཡི་ལྟོ་བའི་ནང་། །རྒྱས་པར་ཡི་དམ་མངོན་རྟོགས་བཞིན་དུ་བསྐྱེད། །བསྡུ་ན་སྐད་ཅིག་སྤྱན་དྲངས་བཞུགས་ཀྱང་ཆོག །དེ་ལ་རྣམ་ལྔའི་མཆོད་པ་བསྡུས་ཙམ་འབུལ། །དངོས་བཤམས་མེད་ནའང་སྔགས་དང་ཚིག་གིས་ཆོག །གང་ཡིན་སྲེག་རྫས་གཅིག་པོ་བརྒྱ་རྩ་འབུལ། །གཏོར་མ་བསྔོས་ཕུལ་འདོད་དོན་གསོལ་བ་

(༤༡༧)གདབ། །བསྟོད་པས་བསྟོད་ནས་རྗེས་ཆོག་སྔགས་མཆོད་བསྟོད། །རྗེས་ཆོག་ལྷ་ཕྲན་སོ་སོར་མི་དགོས་པས། །གང་ཡིན་གཙོ་བོའི་རྗེས་ཆོག་དེ་གས་ཆོག །ཡེ་ཤེས་གཤེགས་ཤིང་དམ་ཚིག་བདག་ལ་བསྟིམ། །འཇིག་རྟེན་མེ་ལྷར་དྲིན་ལན་གཏོར་མ་འབུལ། །འདོད་དོན་གསོལ་ཞིང་ཨརྒྷཾ་སོགས་ཀྱིས་མཆོད། །བསྟོད་པས་བསྟོད་ཅིང་ཡེ་ཤེས་དྲང་སྲོང་དེ། །ཤར་ལྷོའི་ཕྱོགས་གཤེགས་དམ་ཚིག་མི་དམིགས་བསམ། །འདི་ནི་རྫས་གཅིག་བརྟེན་པའི་སྦྱིན་སྲེག་ཞེས། །སྤྲོས་མེད་ལུགས་ཀྱི་སྦྱིན་སྲེག་བསྡུས་པ་ཡིན། །སྦྱིན་སྲེག་བརྒྱ་རྩ་སོགས་ལ་འདི་བྱ་སྟེ། །ཆོ་ག་བསྡུས་པའི་གསུང་རིམ་ཁྱོག་པ་ཡི། །བཙུན་པ་དུ་ཡོད་གྲངས་སུ་བརྩི་བ་ཡིན། །སྦྱིན་སྲེག་རེ་རེར་སྔགས་གྲངས་བརྒྱ་རྩ་རེ། །དེ་ཉིད་འགྲུབ་པར་དཀའ་བར་གྱུར་པ་ན། །ཆོ་ག་ཚང་མའི་རིམ་བུ་མི་ཁྱོག་ཀྱང་། །སྔགས་དེའི་རྗེས་ཟློས་རམ་བུ་ཁྱོག་ཚད་བརྩི། །འདི་ནི་རང་གཞན་ཀུན་ལ་ཕན་སྟོབས་ཆེ། །ཨི་ཐི། །ཤིན་ཏུ་སྤྲོས་མེད་ལས་

(༤༡༨)བཞིའི་སྦྱིན་སྲེག་ནི། །རི་ཁྲོད་ཡིན་ན་ཐབ་ཀྱི་མེ་ལ་རུང་། །བླ་མ་སློབ་དཔོན་ཡིན་ན་མདུན་མེ་བུས། །འདི་ནི་ཤིན་ཏུ་སྤྲོས་མེད་ཡིན་པའི་ཕྱིར། །འཇིག་རྟེན་མེ་ལྷ་འདི་ལ་བསྐྱེད་མི་དགོས། །མངོན་རྟོགས་དྲན་རྫོགས་ཡིད་ཀྱིས་བསྒོམ་པ་སྟེ། །དམ་ཡེ་དབྱེར་མེད་སྤྱན་འདྲེན་བྱ་མི་དགོས། །བདག་དང་ཚེ་འདས་ལ་སོགས་འགྲོ་ཀུན་གྱིས། །སྡིག་སྒྲིབ་སྣ་བུག་ནས་ཐོན་ཏིལ་ལ་བསྟིམ། །ཏིལ་མེད་ལྡུམ་ཏིལ་ཡུངས་ནག་ཡུངས་གཞི་སོགས། །བཙིར་བས་སྣུམ་འབྱུང་ཏིལ་ནག་ཚབས་སུ་འོང་། །མེ་དཔུས་ཞི་བའི་ཐབ་ཁུང་ཡོངས་རྫོགས་དབུས། །ཡི་དམ་གཙོ་རྐྱང་མདོག་དཀར་ཞལ་གདངས་བསམ། །དེ་ནང་ཕུལ་དམིགས་སྔགས་རེ་ཏིལ་འབྲུ་རེ། །ཡི་དམ་རྩ་སྔགས་གང་ཡིན་ཤམ་བུ་རུ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤནྟི༚ི༚་ཀུ་རུ་སྭཱ་ཧཱ། །དགུ་ལས་མི་ཉུང་བརྒྱ་ལས་མི་མང་བ། །ཕྲེང་བ་མི་བགྲངས་གྲངས་སུ་མི་བཞག་པར། །ཚོད་ཀྱི་གང་འགྲུབ་ཙམ་ཞིག་ཕུལ་

(༤༡༩)བའི་རྗེས། །ཨརྒྷཾ་སོགས་མཆོད་བསྟོད་པ་ཤོ་ལོས་བསྟོད། །ལྷ་དེ་རྟེན་ལ་ཐིམ་མམ་རང་ཐིམ་དམིགས། །འདི་ནི་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་འགྲུབ། །འབྲུ་སྣ་རིན་ཆེན་སྣ་ཚོགས་ཕྱེ་མ་དང་། །ཟས་སྣ་དར་རས་དུམ་བུ་གང་འཛོམ་རྣམས། །ཟངས་སམ་གང་འབྱོར་སྣོད་དུ་མང་བར་བསགས། །བྲན་ཞིང་ཨ་ཀཱ་རོ་ཡིས་བདུད་རྩིར་བསམ། །མདུན་གྱི་མེ་དཀྱིལ་རྒྱས་པའི་ཐབས་ཁུང་དབུས། །ཡི་དམ་འམ་ནི་ནོར་ལྷ་གང་འདོད་བསྒོམ། །སྲེག་རྫས་ཕུལ་བས་ལོངས་སྤྱོད་ཆར་འབེབས་བསམ། །རྩ་སྔགས་ཤམ་བུར་སྔགས་འདི་སྦྱར་ལ་འབུལ། །ཛྲ་ལ་རཾ་རཾ་རཏྣ་སིདྡྷི་ཧཱུཾ། བརྒྱ་རྩ་ཕུལ་ཞིང་ཨརྒྷཾ་སོགས་ཀྱིས་མཆོད། །བསྟོད་པ་ཉུང་ངུས་བསྟོད་ཅིང་རང་ལ་བསྟིམ། །དེ་ཡི་དཔལ་འབྱོར་རྒྱས་པའི་ཕྲིན་ལས་འགྲུབ། །སྲེག་རྫས་མེ་ཏོག་དམར་པོ་རྙེད་ན་རབ། །མེད་ན་འབྲུ་ལ་ཚོན་གྱིས་ཁ་དོག་བསྒྱུར། །ཆང་གི་གླུ་མ་དང་འབྲི་མོག་སིདྡྷི་ར། །རྒྱ་སྐྱེགས་ཤིང་ཐོག་དམར་པོ་ལ་སོགས་པ། །ཕྱོགས་གཅིག་བསྡུས་ལ་བྲན་ཏེ་

(༤༢༠)བྱིན་གྱིས་བརླབ། །མེ་དཀྱིལ་དབང་གི་ཐབས་ཁུང་གསལ་བའི་དབུས། །ཡི་དམ་གཙོ་རྐྱང་སྐུ་མདོག་དམར་པོ་འམ། །འཛམ་དམར་ཀུ་རུ་ཀུལླེ་གང་རུང་བསྐྱེད། །རྩ་སྔགས་མཇུག་ཏུ་འདི་སྦྱར་བརྒྱ་རྩ་འབུལ། །ལོ་ཀ་སརྦ་པ་ཤཾ་ཀུ་རུ་ཧྲཱིཿ འོད་ཟེར་དམར་པོས་སྣང་སྲིད་དབང་བསྡུས་བསམ། །ཨརྒྷཾ་སོགས་མཆོད་བསྟོད་ནས་རང་ལ་བསྟིམ། །དེ་ཡིས་སྣང་སྲིད་དབང་སྡུད་ཕྲིན་ལས་འགྲུབ། །ཐོད་ཏིང་ངམ་ནི་ཟངས་ལྕགས་ཐེབ་རྩེའི་ནང་། །ཡུངས་ཀར་བླུགས་ལ་དགུག་གཞུག་ཅི་མང་བྱ། །མེ་ནང་དྲག་པོའི་ཐབ་ཁུང་ཡོངས་རྫོགས་དབུས། །རྟ་མགྲིན་ཕྱག་རྡོར་གུར་དྲག་སེང་གདོང་མ། །གཤིན་རྗེའི་གཤེད་དང་མ་མགོན་ལ་སོགས་པ། །གཙོ་རྐྱང་འཇིགས་རུང་ཞལ་ནི་གནམ་དུ་གདངས། །ཞལ་དང་སྐུ་ལུས་མེ་ཡི་རང་བཞིན་ཅན། །ཡུངས་འབྲུ་རེ་རེ་དགྲ་བགེགས་དངོས་བསམ་སྟེ། །རྐང་མཐིལ་སྐྱ་དང་ལྷག་ལྷག་ཞལ་དུ་སོང་། །ལུས་ངག་ཡིད་གསུམ་བྱ་སྒྲོ་མེས་བསྲེགས་བཞིན། །སེམས་ནི་དངོས་

(༤༢༡)མེད་ཆོས་སྐུར་ཐིམ་པར་བསམ། །འབྲུ་རེ་སྔགས་རེ་སྤྲད་ལ་བརྒྱ་རྩ་འབུལ། །རྩ་སྔགས་ཤམ་དུ་འདི་ཉིད་སྦྱར་བར་བྱ། །གནོད་བྱེད་དགྲ་བགེགས་མ་ར་ཡ་ཕཊ། །ཨརྒྷཾ་སོགས་མཆོད་བསྟོད་པ་ཤྭ་ལོས་བསྟོད། །ལྷ་དེ་འོད་ཞུ་ཐུགས་ཀའི་ས་བོན་བསྟིམ། །ས་བོན་རང་ཐིམ་ཉམས་ལེན་ངང་ལ་གཞག །འདི་ནི་ཤིན་ཏུ་ཟབ་པའི་གདམས་པ་སྟེ། །སེང་གདོང་མ་ཡི་གདམས་ངག་སྙན་བརྒྱུད་ཡིན། །དེ་ལྟར་སྤྲོས་མེད་ལས་བཞིའི་སྦྱིན་སྲེག་འདི། །གསར་རྙིང་རྒྱུད་གཞུང་མན་ངག་དུ་མའི་བཅུད། །གཞན་ལ་སྤེལ་ཕངས་བརྩོན་འགྲུས་ཁྱོད་ལ་གདམས། །དེ་སྐད་རཱ་ག་ཨ་སྱས་སྨྲས་པ་དེ། །ཡི་གེ་པ་ཡང་བཱིརྱ་སཱ་ག་ར། །དགེ་བས་ལས་བཞིའི་ཕྲིན་ལས་འགྲུབ་པར་ཤོག །ལེའུ་ཉེར་དགུ་པའོ་མངྒ་ལཾ།། །ཨ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་གསར་རྙིང་ཡི་དམ་ཌཱ་ཀི་སྤྱིའི་ཡང་གསང་བླ་ན་མེད་པའི་སྒྲུབ་པ་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཡེ། །གསར་རྙིང་

(༤༢༢)བླ་མེད་ཡི་དམ་གང་རུང་ལ། །སྦྱར་དུ་རུང་བའི་ཡང་གསང་སྒྲུབ་པ་ནི། །གྲུབ་ཆེན་པཀྴིའི་དགོངས་པ་བཞིན་བཤད་ན། །བདེ་དགྱེས་གསང་གསུམ་ཕག་མོ་སེང་གདོང་མ། །རྒྱལ་བ་རྒྱ་མཚོ་ལ་སོགས་གང་ཡང་རུང་། །སྒྲུབ་རྫས་གཏོར་བསྔོས་རྟེན་གྱི་མཆོད་གཏོར་ཙམ། །ཡོད་ན་ལེགས་ཤིང་མེད་ན་འདིར་མི་དགོས། །ཡང་གསང་རྩ་རླུང་ཐིག་ལེའི་སྒྲུབ་པ་ཡིན། །མཚམས་བསྡམས་བདེ་བའི་གདན་ལ་ལུས་གནད་བསྲང་། །རང་ལུས་ཡི་དམ་གཙོ་རྐྱང་གསལ་བར་བསྒོམ། གང་ཡིན་པ་མཆན། །སྐུ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །གསང་གནས་ནས་བཟུང་ཚངས་པའི་བུ་གའི་བར། །ཨ་ཝ་དྷུ་ཏཱི་ཁང་སྟོང་ཀ་བ་བཞིན། །མདའ་སྨྱུག་ཙམ་པ་ཁ་དོག་སྔོན་པོ་སྟེ། །གཡས་པ་རོ་མ་དམར་པོ་དེ་ལས་ཕྲ། །གཡོན་བརྐྱང་མ་དཀར་པོ་དེ་ཙམ་སྟེ། །ཡར་སྣེ་སྤྱི་བོ་ནས་ནི་ཐུར་དུ་གུག །སྣེ་མོ་སྣ་བུག་གཉིས་སུ་ཡོད་པར་བསམ། །དབུ་མའི་ཡར་སྣེ་ཚངས་བུག་སྟེང་ཉིད་དུ། །སྣ་ཚོགས་རྡོ་རྗེས་མཚན་ཞིང་བཀག་པར་བསྒོམ། །ལྟེ་འོག་མན་ཆད་

(༤༢༣)རྩ་གསུམ་གཅིག་ཏུ་གྱུར། །མར་སྣེ་གསང་བའི་གནས་སུ་ཟུག་པ་ཡང་། །གསང་རྡོར་ཉིད་དང་ཅུང་ཟད་མ་འབྲལ་བསྒོམ། །དེ་ནི་ཚུལ་ཁྲིམས་མ་འཆལ་གནད་ཟབ་ཡིན། །འབྲེལ་ན་ཆགས་པ་ཆེ་ཞིང་འཆལ་དོགས་གསུངས། །རྩ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོ་མཚེན། །རྩ་འདབ་བསྒོམ་ལུགས་བཞེད་པ་མང་ན་ཡང་། །ཐང་ཤིང་ཡལ་གའམ་ནི་གདུགས་རྩིབས་བཞིན། །སྤྱི་བའི་རྩ་འདབས་སུམ་ཅུ་སོ་གཉིས་དཀར། །ཅུང་ཟད་ཐུར་དུ་གུག་ཚུལ་ཝཾ་ཡིག་མཚོན། །མགྲིན་པའི་རྩ་འདབ་བཅུ་དྲུག་ཁ་དོག་དམར། །རྩེ་མོ་ཡར་ལ་གུག་པ་ཨེ་ཡིག་མཚོན། །སྙིང་གའི་རྩ་འདབ་བརྒྱད་པོ་ཁ་དོག་མཐིང་། །ཅུང་ཟད་ཐུར་དུ་སྦུབས་ཚུལ་ཝཾ་ཡིག་མཚོན། །ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ནི། །མདོག་སེར་གྱེན་དུ་ཁ་ཕྱོགས་ཨེ་ཡིག་མཚོན། །གསང་གནས་རྩ་འདབ་ཉི་ཤུ་རྩ་བརྒྱད་ནི། །ལྗང་གུ་ཕྲེང་དུ་ཐད་ཀར་ཡོད་པའོ། །རྩ་འཁོར་ལྔ་པོ་རིགས་ལྔའི་ཕོ་བྲང་དངོས། །ཕྱི་རོལ་ཞིང་ཁམས་ལྔ་དང་

(༤༢༤)ངོ་བོ་གཅིག །འདི་དག་ཡོན་ཏན་བསྐྱེད་པ་རྩ་ཡི་མཆོག །དེ་མིན་རྩ་འདབ་གྲངས་ལས་འདས་པ་རྣམས། །སྐྱོན་དང་ཡོན་ཏན་རྣམས་གྲངས་མང་པོ་བསྐྱེད། །དེ་ཕྱིར་ཡིད་ལ་མི་དམིགས་པ་ཉིད་ལེགས། །དེ་ནས་རླུང་ནི་དགུ་ཕྲུགས་བུས་བྱས་ཏེ། །འཇམ་རླུང་ཅུང་ཟད་དལ་བུས་བཟུང་བྱས་ཏེ། །འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ་བ་ནི། །དེ་ནི་རིགས་ལྡན་གྱི་ནི་གཞི་བཟུང་བ། །དཔག་བསམ་གྱི་ནི་ཤིང་འཛུགས་ཅེས་བྱ་སྟེ། །ལུས་དང་རྩ་ཡི་སྟོང་ར་བསྒོམ་པ་ཡིན། །དེ་ནས་རླུང་གི་རྣལ་འབྱོར་བསྒོམ་པ་ནི། །སྣ་བུག་གཡོན་དང་མཉམ་དུ་རྒྱུ་དུས་བཟུང་། །གཡས་ནས་རྒྱུ་དུས་བཟུང་ན་གེགས་སྐྱོན་འཕེལ། །སྣ་རྩེ་སོར་ནི་བཅུ་དྲུག་ཚད་ཙམ་ནས། །རླུང་ནི་ཁ་དོག་ལྔ་ལྡན་སྟོང་སྐུད་བཞིན། །སྣ་སྒོ་ནས་ཞུགས་རོ་རྐྱང་ནས་རྒྱུད་དེ། །ནང་དུ་ཞུགས་པ་དམིགས་ཤིང་དལ་བུས་རྔུབ། །འོག་སྒོ་བསྡམས་ཤིང་གསུས་པ་ཐེར་གྱིས་དགང་། །འོག་སྒོའི་ཞབས་སུ་གོས་སྣེ་ཧྲིལ་པོ་བཞག །དེ་ཡིས་འོག་རླུང་ཤུགས་ཀྱིས་ཟིན་པའི་གནད། །

(༤༢༥)སྟེང་རླུང་མགྲིན་པ་མན་ཆད་བཀང་བ་ནི། །བུམ་ཅན་ཡིན་ཏེ་སྟོད་འཚང་ལ་སོགས་དོགས། །སྙིང་ག་མན་ཆད་བཀང་བ་ལེགས་པ་ཡིན། །དྲག་ཏུ་རྔུབ་ཅིང་དགང་ན་ནག་ཐོམ་འགྲོ། །དལ་བུས་འཇམ་ལ་རིང་བར་རྔུབ་བྱས་ཏེ། །གསུས་པ་ཐེར་གྱིས་དགང་ལ་ཅི་ནུས་བཟུང་། །དམིགས་པ་རོ་རྐྱང་ནས་ཞུགས་རླུང་དེ་ནི། །དབུ་མའི་ནང་ནས་སྙིང་གར་ཐིམ་པར་བསྒོམ། །མ་ཐུབ་གྲུ་མོ་གཡས་གཡོན་མཆན་བརྡབ་བྱ། །དམིགས་པ་ལུས་ཀྱི་བ་སྤུའི་བུ་ག་ནས། །རླུང་ནི་སྔོ་དྭང་སིབ་སིབ་ཕྱིར་ཐོན་བསམ། །དེ་ཡིས་རླུང་ཁུག་ཅུང་ཟད་རིང་བར་ནུས། །དེ་ནས་བཟུང་བར་མ་ནུས་གཏོང་དགོས་ཚེ། །སྣ་བུག་གཉིས་ནས་ལྷག་མ་མེད་པར་བུས། །གེགས་སྐྱོན་སྡིག་སྒྲིབ་དང་བཅས་ཕྱིར་ཐོན་ནས། །རྩ་དང་ལུས་ནང་སྟོང་པ་སང་ངེ་བསྒོམ། །ཟིན་རྟགས་སྔར་ལས་རླུང་ཁུག་རིང་འགྱུར་ཞིང་། །ཡུན་རིང་བཟུང་ཡང་མི་བདེ་མེད་པ་འབྱུང་། །རང་ཉིད་ལུས་གནད་བཅས་ཤིང་རླུང་བཟུང་ཚེ། །མདུན་དུ་མཆེད་གྲོགས་གྲྭ་པ་ཞིག་བཞག་

(༤༢༦)སྟེ། །སྐྱིལ་ཀྲུང་བཅས་ཏེ་ལག་གཡོན་ཕྲེང་བ་བཟུང་། །མགྱེགས་པར་ལག་གཡས་པུས་མོ་གཡས་དང་གཡོན། །དཔྲལ་བར་རེག་ཅིང་སེ་གོལ་གཅིག་བརྡབ་སྟེ། །དེ་ནས་ཕྲེང་བ་གཅིག་ནི་བཅད་བྱ་བ། །དེ་འདྲ་བརྒྱ་དང་བརྒྱད་ཀྱི་ཡུན་གྱི་བར། །རླུང་ནི་གཏོང་མི་དགོས་པར་བཟུང་ཐུབ་ན། །རླུང་ནི་འབྱངས་པའི་ཚད་དུ་བཞག་པ་ཡིན། །དེ་འབྱངས་འཕོ་བ་བསྒོམ་ཡང་ནུས་པ་ཐོན། །གཏུམ་མོ་བསྒོམ་ཡང་དྲོད་སོགས་སྐྱེ་བ་ཡིན། །དེ་ལ་བུམ་ཅན་མིང་དུ་བཏགས་པའང་ཡོད། །དེ་ཉིད་བུམ་ཅན་མིན་གསུངས་བཀག་པའང་མཛད། །འོན་ཀྱང་སྡོམ་འབྱུང་རྒྱུད་ལས་དེ་གསལ་ཕྱིར། །རླུང་གི་རྟགས་ཐོན་ཚད་དེ་ངེས་པ་ཡིན། །དེ་ནས་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ནི། །ཐུན་མོང་མ་ཡིན་པཀྴིའི་ཟབ་གནད་ནི། །རྩ་འཁོར་ལྔ་ཡི་དབུས་མ་དབུ་མའི་ནང་། །སྤྱི་བོར་གཏི་མུག་ངོ་བོ་ཨོཾ་དཀར་པོ། །མགྲིན་པར་འདོད་ཆགས་ངོ་བོ་ཨཱ༔དམར་པོ། །སྙིང་གར་ཞེ་སྡང་ངོ་བོ་ཧཱུཾ་མཐིང་ནག །ལྟེ་བ་རང་རྒྱལ་ངོ་བོ་ཏྲཾ་སེར་པོ། །

(༤༢༧)གསང་བར་ཕྲག་དོག་ངོ་བོ་ཨ་ལྗང་ཁུ། །དུག་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་རྣམས། །རྒྱུ་དང་འབྲས་བུའི་ཚུལ་དུ་གཅིག་ཕྱིར་བསྒོམ། །དབུ་མའི་མར་སྣེ་གསང་གནས་འཁོར་ལོའི་འོག །ཐིག་ལེ་དམར་པོ་རཾ་གྱིས་མཚན་པ་ཞིག །ཨ་ཐུང་གཏུམ་མོའི་ངོ་བོར་བསྒོམ་པར་བྱ། །དེ་ནི་པཀྴིའི་གདམས་ངག་ལུགས་ཡིན་གྱི། །གཏུམ་མོའི་རང་གནས་ལྟེ་འོག་སོར་བཞིའི་ཐད། །དེ་རུ་བསྒོམ་ན་རྒྱུད་དང་མཐུན་པ་ཡིན། །ཨ་ཐུང་ཐིག་ལེ་རཾ་ཡིག་གང་ཡང་རུང་། །ཨ་ཡིག་རིང་ཆ་མེད་པ་ལྕགས་སྲེག་མདོག །ཐིག་ལེ་བསྒོམ་པའི་རྩེ་མོར་མེ་ལྕེ་ནི། །སུམ་ཁྱོགས་དམར་པོ་གཅན་གཟན་སྤུ་ཙམ་པ། །སུམ་འཁྱོགས་དམར་པོ་ཨ་ཡིག་འབྲེད་བསྟན་དབྱིབས། །རཾ་ཡིག་བསྒོམ་པའི་རྩེ་མོ་དེ་དང་འདྲ། །ཨ་ཐུང་ཕག་མོའི་ངོ་བོ་ཞེས་བྱ་བ། །མ་ལས་ཐོབ་པའི་ཐིག་ལེ་དམར་པོ་ནི། །ཕག་མོ་དངོས་ཡིན་དེ་ཉིད་བསྒོམ་པའི་རྟེན། །ལུས་ཀྱི་དྲོད་རྣམས་ཐམས་ཅད་དེས་བསྐྱེད་ཕྱིར། །ཐ་མལ་པ་ཡིས་ཕོ་བའི་མེ་དྲོད་ཟེར། །

(༤༢༨)རླུང་བཟུང་རོ་རྐྱང་ནས་ཞུགས་དེ་ལ་ཕོག །སོལ་བའི་མེ་ལ་སྦུད་པ་བརྒྱབ་བཞིན་འབར། །གསང་གནས་འོག་ཏུ་བསྒོམ་ན་ཡར་འབར་ཏེ། །ལྟེ་འོག་བསྒོམ་ན་རེ་ཞིག་ཕྱིར་ལ་འབར། །དམར་དང་ཁྱུག་ཁྱུག་ཅུང་ཟད་འབར་བར་བསམ། །སྐད་ཅིག་མི་སྡོད་འཁྱུག་འཁྱུག་གཡོ་བར་བསམ། །དབུ་མའི་ཡར་སྣེ་ཚངས་པའི་བུ་ག་རུ། །ཐིག་ལེ་དཀར་པོ་དངུལ་ཆུའི་རྡོག་པོ་བཞིན། །ཧཾ་ཡིག་དཀར་པོ་འགོ་བོ་ཐུར་བསྟན་མཚན། །ཕ་ལས་ཐོབ་པའི་བྱང་སེམས་ཀུན་གྱི་བཅུད། །བཀྲག་མདངས་ལུས་སྟོབས་ཐམས་ཅད་སྐྱེད་པའི་གཞི། །བདེ་མཆོག་ལ་སོགས་ཧེ་རུ་ཀ་དངོས་ཉིད། །དེ་ལྟར་ཐིག་ལེ་དཀར་དམར་གསལ་བཏབ་ནས། །རླུང་གཅིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། །ལམ་རྒྱུད་ལྔ་རུ་སྐྱེ་བའི་སྡིག་སྒྲིབ་ཀུན། །འོད་ཟེར་ལྔ་ཡི་ཚུལ་དུ་ཚུར་བསྡུས་ཏེ། །གནས་ལྔའི་ཡིག་འབྲུ་ལྔ་ལ་ཐིམ་པར་བསྒོམ། །དེ་ནས་རླུང་བཟུང་ངན་སོང་གསུམ་དང་ལྷ་དང་ལྷ་མིན་གཅིག་ཏུ་རྩིབ་ཡིན་ཀྱང་

(༤༢༩)འདིར་ལྷ་མི་གཉིས་གཅིག་ལ་རྩི་མཆན། །གཏུམ་མོ་འབར་བ་ཡིས། །ཕྲག་དོག་སྒྲིབ་པ་ལྷ་མིན་སྐྱེ་བའི་རྒྱུ། །ཨ་ཡིག་ལྗང་གུ་ཡེ་ཤེས་མེ་ཡིས་བསྲེགས། །དེ་ཉིད་ཡི་དམ་གང་ཡིན་ལྗང་གུར་གྱུར། །རྩ་འདབ་རེ་ལ་ཌཱ་ཀི་ལྗང་མོ་རེ། །སྣ་ཚོགས་རྡོ་རྗེས་མཚན་པའི་གྲི་ཐོད་དང་། །ཁ་ཊཱཾ་མཆན་བཅུག་གར་སྟབས་བཞུགས་པར་དམིགས། །དེ་ནས་གཏུམ་མོ་ཡར་ལ་སྦར་བ་ཡིས། །ང་རྒྱལ་སྒྲིབ་པ་ལྷ་རུ་སྐྱེ་བའི་རྒྱུ། །ཏྲཱཾ་ཡིག་སྲེགས་ནས་ཡི་དམ་སེར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཌཱ་ཀི་སེར་མོ་རྣམས། །རིན་ཆེན་མཚན་པའི་གྲི་ཐོད་ཁ་ཊཱཾ་ག །དེ་ནས་གཏུམ་མོ་ཡར་འབར་སྙིང་ག་གང་། །ཞེ་སྡང་སྡིག་སྒྲིབ་དམྱལ་བར་སྐྱེ་བའི་རྒྱུ། །ཧཱུཾ་བསྲེགས་ཡི་དམ་མཐིང་ཀའི་སྐུ་རུ་གྱུར། །རྩ་འདབ་ཌཱ་ཀི་རྡོ་རྗེ་གྲི་ཐོད་ཅན། །གཏུམ་མོ་ཡར་འབར་མགྲིན་པའི་རྩ་འདབ་གང་། །འདོད་ཆགས་སྒྲིབ་པ་ཡི་དྭགས་སྐྱེ་བའི་རྒྱུ། །ཨཱཿཡིག་བསྲེགས་ནས་ཡི་དམ་དམར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཌཱ་ཀི་དམར་མོ་ནི། །པདྨས་མཚན་པའི་གྲི་ཐོད་ཁ་

(༤༣༠)ཊཱཾ་ག །དེ་ནས་ཡར་འབར་སྤྱི་བོའི་རྩ་འདབ་གང་། །གཏི་མུག་སྒྲིབ་པ་དུད་འགྲོར་སྐྱེ་བའི་རྒྱུ། །ཨོཾ་ཡིག་བསྲེགས་ནས་ཡི་དམ་དཀར་པོར་བསྒྱུར། །རྩ་འདབ་གྲངས་ཀྱི་ཌཱ་ཀི་དཀར་མོ་ནི། །འཁོར་ལོས་མཚན་པའི་གྲི་ཐོད་ཁ།་ཊཾ་ག །འཁོར་རྣམས་ཐམས་ཅད་གཙོ་བོར་ཞལ་གཟིགས་བསྒོམ། །དེ་ལྟར་རྩ་གནས་ལྷ་ཚོགས་གསལ་ཐེབས་ནས། །རྩ་འདབ་ལྷ་ཡི་གཙོ་བོའི་ཐུགས་ཀ་རུ། །ཞི་བར་ཟླ་བ་ཁྲོ་བོར་ཉི་མའི་གདན། །དེ་དབུས་ས་བོན་རང་རང་སྔགས་ཀྱིས་བསྐོར། །ཕོ་རིགས་གཡས་འཁོར་མོ་རིགས་གཡོན་དུ་འཁོར། །ས་བོན་སྔགས་ཀྱི་ཁ་དོག་སྐུ་མདོག་གཅིག །འཁོར་རྣམས་ཐུགས་ཀར་ཡིག་འབྲུ་རེ་རེ་སྟེ། །དཀར་མོའི་ཐུགས་ཀར་ཧྲཱིཿཡིག་དཀར་པོ་དང་། །ཨོཾ་བཾ་གསུམ་པོ་གང་རུང་བསྒོམ་ཡང་རུང་། །སྔོན་མོའི་ཐུགས་ཀར་ཧ་ཡིག་སྔོན་པོ་དང་། །སེར་མོའི་ཐུགས་ཀར་རཾ་ཡིག་སེར་པོ་དང་། །དམར་པོའི་ཐུགས་ཀར་ནི་ཡིག་དམར་པོ་རེ། །ལྗང་མོའི་ཐུགས་ཀར་ས་ཡིག་ལྗང་གུའོ། །དེ་ལྟར་གསལ་བཏབ་སྔགས་ནི་

(༤༣༡)ཡིད་བཟླས་བྱ། །རླུང་ཞིག་ཕར་ལ་བུས་པ་དང་བསྟུན་ནས། །རང་མདོག་འོད་ཟེར་ཁ་དོག་རྣམ་པ་ལྔ། །ནམ་མཁའ་ཁྱབ་པར་འཕྲོས་པས་སངས་རྒྱས་དང་། །བྱང་སེམས་ཡི་དམ་ཌཱ་ཀི་ཐམས་ཅད་མཆོད། །ཐམས་ཅད་བསྒོམས་འདྲའི་རིགས་ལྔའི་ལྷར་གྱུར་ནས། །རླུང་ཞིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །གནས་ལྔའི་ལྷ་ལ་རང་རང་སོ་སོར་ཐིམ། །ཡེ་ཤེས་གཞུགས་དང་དབང་བསྐུར་བྱིན་རླབས་ཐོབ། །དབང་རྟགས་རིགས་ལྔ་སོ་སོའི་དབུ་རྒྱན་པ། །དཔྲལ་བའི་གཙོ་བོ་རྣམ་སྣང་དབུ་རྒྱན་དང་། །འཁོར་རྣམས་ཕྱག་མཚན་འཁོར་ལོ་དཀར་པོས་བརྒྱན། །དེ་བཞིན་མགྲིན་པར་སྣང་མཐའ་པདྨ་དང་། །སྙིང་གར་རྡོར་སེམས་རྡོ་རྗེ་རྩེ་ལྔ་པ། །ལྟེ་བར་རིན་འབྱུང་རིན་ཆེན་ཟུར་བརྒྱད་པ། །གསང་བར་དོན་གྲུབ་སྣ་ཚོགས་རྡོ་རྗེས་བརྒྱན། །དེ་ལྟར་གནས་ལྔར་སྒྲིབ་པ་སྦྱོང་ཚུལ་དང་། །ལྷ་བསྒོམ་ཡེ་ཤེས་བསྟིམ་དང་དབང་བསྐུར་བ། །ཁྲིད་ལྟར་བྱེད་ན་རྩ་གནས་རེ་རེ་ལ། །ཞག་བདུན་ལྔ་འམ་གསུམ་

(༤༣༢)སོགས་བརྩེ་གཅིག་སྤྱོད། །ཐོན་ཆེས་སྔོན་ལྟར་དུས་གཅིག་བསྒོམ་པ་སྟེ། །ཡང་གསང་སྒྲུབ་པའི་དུས་སམ་རྒྱུན་ཁྱེར་དུས། །འདི་ལྟར་དུས་གཅིག་བསྒོམ་པ་ཕྱག་ལེན་ལགས། །འདི་སྐབས་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་ཏེ། །གསང་གནས་དམིགས་ཚེ་རྐང་ལག་བརྐྱང་བསྐུམ་ཡིན། །ལྟེ་བའི་སྐབས་སུ་སྐེད་པ་བསྐོར་བ་དང་། །སྙིང་གའི་དུས་སུ་རོ་སྟོད་གཡས་གཡོན་གཅུ། །མགྲིན་པའི་དུས་སུ་མགྲིན་པ་གཡས་གཡོན་བསྐོར། །སྤྱི་བོའི་སྐབས་སུ་མགོ་བོ་དགྱེ་རྒུའོ། །འདི་སྐབས་བསྙེན་པ་གཙོ་ནི་མི་ཆེ་སྟེ། །རླུང་དང་སྔགས་དང་ངག་གསུམ་དོན་གཅིག་ཕྱིར། །རླུང་དང་འཁྲུལ་འཁོར་ཁོ་ན་གལ་ཆེན་ཡིན། །གལ་ཏེ་རྒས་སམ་ནད་བུ་ཅན་ལ་སོགས། །རླུང་དང་འཁྲུལ་འཁོར་མི་ལྕོགས་མི་ཆུན་ན། །སྔགས་བཟླ་དམིགས་པ་ཁོ་ནས་ཆོག་པ་ཡིན། །དེ་ཡིས་དྲོད་དང་བདེ་བ་མི་སྐྱེ་ཡང་། །ཡང་གསང་སྒྲུབ་པ་ཐེམ་ཞིང་བྱིན་རླབས་འབྱུང་། །དེ་ནས་རླུང་བཟུང་གཏུམ་མོ་དྲག་ཏུ་སྦར་

(༤༣༣)གསང་གནས་ནས་བཟུང་རྩ་འཁོར་ལྔ་པོ་ཡི། །ལྷ་ཚོགས་ཐམས་ཅད་གཏུམ་མོའི་མེ་ཡིས་ཞུ། །སྐུ་མདོག་རང་མཚུངས་ཐིག་ལེ་རེ་རེར་གྱུར། །སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་པོ་ཡི། །ཐིག་པ་ཆར་ཟིམ་ལྟ་བུར་བབས་པ་ཡིས། །རྩ་གནས་ཐིག་ལེ་རྣམས་ལ་དེས་བྲན་པས། །ལྷ་རྣམས་སྔར་དང་མཐུན་པར་སྐད་ཅིག་གསལ། །བཀྲག་མདངས་གཟི་བརྗིད་སྔར་ལས་བདུན་འགྱུར་ཆེ། །སླར་ཡང་རླུང་བཟུང་གཏུམ་མོའི་མེ་སྦར་བས། །སྤྱི་བོའི་ཧཾ་ལས་བྱང་སེམས་རྒྱུན་བབས་པས། །རྩ་གནས་ལྷ་ཚོགས་ཀུན་གྱི་ཞལ་དུ་ཞུགས། །སྐུ་ལུས་བདེ་བ་རྒྱས་ཤིང་བཀྲག་མདངས་འཕེལ། །གཙོ་བོ་ལྔ་པོ་ཡབ་ཡུམ་སྦྱོར་བ་མཛད། །སྦྱོར་མཚམས་བྱང་སེམས་དཀར་དམར་བབ་པའི་རྒྱུན། །རྩ་འདབ་ལྔ་གང་ལྷག་མས་ལུས་ཀུན་གང་། །བདག་ལུས་བདེ་བ་ཚད་མེད་སྐྱེས་པར་བསྒོམ། །འདི་སྐབས་ལུས་སྦྱོང་སོ་བདུན་འཁྲུལ་འཁོར་བྱ། །གལ་ཏེ་ལུས་ལ་བདེ་བ་དངོས་སྐྱེ་

(༤༣༤)ཚེ། །བདེ་བའི་ངོ་བོ་བལྟས་ལ་བདེ་སྟོང་བསྲེ། །འདི་ལ་བསྙེན་སྒྲུབ་ལས་འབྱོར་ཐ་སྙད་མེད། །རྩ་རླུང་ཐིག་ལེ་གསུམ་གྱི་རྣལ་འབྱོར་ཡིན། །ཐིག་ལེ་སྒོམ་པར་ཆུ་ཟླའི་གར་བསྒྱུར་ཟེར། །འདི་ལ་སྒྲུབ་པའི་ཚད་དང་ཞག་གྲངས་མེད། །རྟགས་ཐོན་བྱེད་ན་རྩེ་གཅིག་བསྒོམ་པ་དང་། །རྒྱུན་ཁྱེར་བྱེད་ན་ཐུན་རེ་སྒོམ་ཡང་རུང་། །བདག་ཀྱང་སྔ་སོར་རྩེ་གཅིག་སྒོམ་པ་དང་། །ཕྱིས་ནི་རྒྱུན་ཁྱེར་ཆགས་མེད་ཐུན་རེ་སྟེ། །རླུང་དང་འཁྲུལ་འཁོར་ལྕོགས་དང་མི་ལྕོགས་པ། །རང་གི་དལ་ཁོམས་བསྟུན་ཏེ་གང་འདོད་རུང་། །དམིགས་པ་ཐུན་རེ་འཁྲུལ་འཁོར་མ་ཆག་ན། ཁམས་བདེ་ནད་རིགས་ཀུན་ལ་ཕན་པར་མཐོང་། །རང་གི་ཉམས་མྱོང་དང་བསྟུན་གོ་བདེ་བར། །ཤིན་ཏུ་བསྡུས་པ་ས་བོན་ཙམ་ཡིན་གྱི། །རྒྱས་པ་གྲུབ་ཆེན་ཀརྨ་པཀྴི་ཡི། །གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་དང་། །ཟབ་ཆོས་རྒྱ་མཚོ་མཐའ་ཡས་གཉིས་པོ་ཡི། །གཞུང་དང་ཆ་ལག་ཡིག་ཆག་དཔག་མེད་པ། །བཀའ་འབུམ་ནང་ནས་འབྱུང་

(༤༣༥)བ་གཟིགས་པས་གསལ། །བླ་མེད་རྒྱུད་སྡེ་ཀུན་གྱི་བཅུད་ཡིན་ཏེ། །གྲུབ་ཆེན་པཀྴི་རྒྱ་ནག་ཧོར་གྱི་མཚམས། །གྲུབ་རྟགས་མང་པོ་བསྟན་པ་རྫས་དང་ནི། །གདམས་ངག་ཡིན་སྙམ་ཕྱག་དཔེ་ཐམས་ཅད་དང་། །སྐུ་ཆས་ཐམས་ཅད་བཅོམ་ནས་གཅིག་པུར་བཞག །དེ་ཚེ་ཕྱག་དཔེ་ཅི་ཡང་མེད་པའི་དུས། །རྒྱ་གར་གྲུབ་ཆེན་ཐམས་ཅད་ཞལ་གཟིགས་ཏེ། །ཐམས་བཅད་ཨ་ཙ་ར་ཡི་ཆ་ལུགས་ཀྱི། །མི་རེས་གདམས་ངག་སྣ་རེ་བྲི་བར་གཟིགས། །དེ་དོན་ཐུགས་སུ་ཆུད་པའི་སྙིང་པོ་སྟེ། །རླུང་དང་དམིགས་པའི་འཕྲོ་འདུ་མ་གཏོགས་པ། །རྫས་དང་འཁོར་ལོ་སྔགས་སོགས་མི་དགོས་པར། །མཆོག་ཐུན་ཕྲིན་ལས་རྣམ་བཞི་ཀུན་འགྲུབ་པའི། །སྙན་རྒྱུད་གདམས་ངག་རྩ་བ་འདི་ཡིན་ཏེ། །འདི་ཡི་ཆ་ལག་བྱེ་བྲག་དཔག་ཏུ་མེད། །པཀྴིས་གསུངས་པའི་ཟབ་ཆོས་ཕལ་ཆེར་རྣམས། །རྩ་བ་འདི་ལས་འཕྲོས་པའི་ཡན་ལག་ཡིན། །གསར་རྙིང་བླ་མེད་རྒྱུད་སྡེ་ཀུན་ལ་སྦྱར། །ཁྱད་

(༤༣༦)པར་བླ་མེད་བདེ་དགྱེས་གསང་གསུམ་དང་། །ནག་རྒྱལ་ཕག་གསུམ་རྣམས་ཀྱི་ཁྱད་ཆོས་ཡིན། །འདི་ནི་ཟབ་མོའི་བསྐྱེད་རིམ་ཞེས་ཀྱང་བྱ། །རྩ་རླུང་ཡིན་པས་རྫོགས་རིམ་ཕྱོགས་སུའང་གཏོགས། །ཡང་གསང་བླ་ན་མེད་པའི་སྒྲུབ་ཐབས་ཡིན། །ཞག་རེའི་ནང་དུ་གཏོར་བསྔོས་རེ་བྱས་ཏེ། །གཏོར་མགྲོན་ཡེ་ཤེས་སྐད་ཅིག་སྤྱན་དྲངས་ལ། །གཏོར་མ་བསྔོ་ཞིང་མཆོད་བསྟོད་ཕྲིན་ལས་བཅོལ། །ཡེ་ཤེས་རང་བསྟིམ་འཇིག་རྟེན་གཤེགས་པར་དམིགས། །དེ་མིན་མདུན་བསྐྱེད་ལ་སོགས་འདི་ལ་མེད། །གསང་བ་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ། །བརྟེན་ནས་སྒྲུབ་པ་ཨ་ནུ་ཡོ་གའི་ལུགས། །གསར་མའི་ལུགས་ལ་ལུས་དཀྱིལ་ཞེས་ཀྱང་བྱ། །པཀྴིའི་དགོངས་པ་གསར་རྙིང་ཟུང་འཇུག་དང་། །ཕྱག་རྫོགས་ཕུང་འཇུག་དགོངས་པའི་མཐར་ཐུག་ཡིན། །དེ་སྐད་རྟ་ལོ་ཁྲུམས་ཟླའི་ཉེར་གསུམ་ལ། །སྔ་དྲོའི་ཐུན་སྐབས་རཱ་ག་ཨ་སྱས་སྨྲས། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྲིས། །འགལ་

(༤༣༧)འཁྲུལ་ཉེས་པ་སྲུང་མ་རྣམས་ལ་བཤགས། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ལེའུ་སུམ་ཅུ་ཐཾ་པ་མངྒ་ལཾ།། །ཀཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་ཡི་དམ་སྤྱིའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སྣང་སྲིད་དག་པ་རབ་འབྱམས་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་ཌཱ་ཀེ་ནཱི་ཡེ། །བླ་མ་མཆོག་དང་ཡི་དམ་ཌཱ་ཀི་ལ། །ཕྱག་འཚལ་གུས་བཏུད་བཀའ་ཡི་གནང་བ་ཞུ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས། །དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ། །སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ལྷ། །གསར་མའི་ཆོས་ལུགས་སྐད་ཅིག་དྲན་རྫོགས་ཟེར། །སྭ་བྷཱ་ཝ་སོགས་སྔགས་ཀྱིས་སྦྱོང་མི་དགོས། །སྟོང་ཉིད་ལྟ་བའི་ངང་ལ་གནས་བཞིན་དུ། །ངག་ཏུ་མངོན་རྟོགས་ཆོ་ག་འདོན་མི་དགོས། །དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་བཞིན། །རང་ཉིད་ཡི་དམ་ལྷ་ཡི་སྐུར་བསྒོམས་ཏེ། །སྣོད་ཀྱི་འཇིག་རྟེན་འདི་ནི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་བདག་

(༤༣༨)བསྐྱེད་ལྷ་ཡི་འཁོར། །གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་དེ། །རང་ལུས་གདོད་ནས་དམ་ཚིག་སེམས་དཔའ་ཉིད། །རང་གི་སེམས་ཉིད་ཡེ་ཤེས་སེམས་དཔའ་སྟེ། །ཡིན་ལ་ཡིན་ཤེས་གསལ་གདབ་དབང་བསྐུར་ཉིད། །སྟོང་ཉིད་རྩི་དང་མ་བྲལ་ལྟ་བའི་ངང་། །ཡི་དམ་ལྷ་སྐུ་གསལ་སྟོང་ཟུང་དུ་འཇུག །འདི་ཉིད་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པའི་མཆོག །གསང་སྔགས་བསྟན་པའི་དངོས་གཞི་དེ་ཡིན་ཏེ། །དེ་སྐད་རྡོ་རྗེ་འཆང་གི་བཀའ་སྩལ་པ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གང་གནས་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་སོ། །ལྕེ་རྐན་ཕྲེང་བ་བྲལ་བའི་བཟླས་པ་སྟེ། །རླུང་གི་འབྱུང་འཇུག་གནས་གསུམ་དང་སྤྲད་ནས། །ཡིག་འབྲུའི་གཟུགས་ནི་བསྒོམ་པ་མ་ཡིན་ཏེ། །རླུང་ནི་ནང་དུ་འཇུག་པ་ཡི་གེ་ཨོཾ། །ཁོང་དུ་གནས་པ་ཡི་གེ་ཨཱཿཡིན་ཏེ། །ཕྱི་རུ་འབྱུང་བ་ཡི་གེ་ཧཱུཾ་དུ་ཤེས། །དེ་ལྟར་མ་ཡེངས་ཡིད་ཀྱིས་དབུགས་གྲངས་བརྩི། །

(༤༣༩)དབུགས་ནི་ཤུགས་འབྱུང་བརྩི་བ་མ་གཏོགས་པ། །ནང་དུ་བཟུང་བ་ལ་སོགས་མ་ཡིན་ནོ། །དེ་ལྟར་ནངས་སྔ་བརྒྱའམ་ཉེར་གཅིག་བགྲངས། །དེ་ནས་ཉིན་གུང་དེ་ལྟར་ཡིན་ཤེས་པས། །ཉལ་ཁ་བདུན་ནམ་ཉེར་གཅིག་དེ་ལྟར་བགྲངས། །དེ་ནས་གཉིད་ཚེའང་དེ་ལྟར་ཡིན་པར་བསམ། །དེ་ཡིས་ཞག་གཅིག་འབྱུང་གནས་འབྱུང་དང་གསུམ། །གཅིག་ཏུ་བརྩི་བའི་སྔགས་ཀྱི་གྲངས་ཀ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་བའི་ཕྱིར། །འབད་རྩོལ་མེད་པར་ལྷ་འགྲུབ་བཟླས་པ་ཐིམ། །འདི་ནི་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྟེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །རྒྱུད་སྡེ་ལ་ལར་རྔུབ་པ་ཧཱུྃ་དང་ནི། །གནས་པ་ཨ་སོགས་གོ་རིམ་མི་མཚུངས་ཡང་། །འོན་ཀྱང་གོང་གི་དེ་དག་ཀུན་དང་མཐུན། །ཞི་གནས་སྐྱེ་བའི་མཆོག་ཀྱང་ཇེ་ཡིན་ཏེ། །ཉོན་མོངས་ཐམས་ཅད་ཤུགས་ཀྱིས་འགག་པར་གསུངས། །དེ་ནས་འདི་ཡི་སྒྲུབ་པའི་དམིགས་པ་ནི། །ནང་དུ་འཇུག་པ་ཡི་གེ་ཨོཾ་དུ་བསམ། །ཁོང་དུ་ཅུང་ཟད་རླུང་ནི་བཟུང་

(༤༤༠)པ་དེས། །གང་ཡིན་སྔགས་དེ་དངོས་གཞི་ཡིན་པར་བསམ། །ཕྱི་རུང་བྱུང་ཚེ་ཧཱུྃ་དང་སྭཱ་ཧཱ་སོགས། །སྔགས་འཇུག་ཡི་གེ་གང་ཡིན་དེ་རུ་བསམ། །དཔེར་ན་ནང་དུ་འཇུག་པ་ཡི་གེ་ཨོཾ། །ཁོང་དུ་གནས་པ་མ་ཎི་པདྨེ་སྟེ། །ཕྱི་རུ་འབྱུང་བ་ཧཱུྃ་དུ་ཤེས་པར་བྱ། །དེ་ནི་ཡིད་ཀྱི་བཟླས་པ་ཡིན་པའི་ཕྱིར། །ངག་ཏུ་མི་བརྗོད་ཕྲེང་བ་བགྲངས་མི་བྱ། །སྔགས་གྲངས་འགྲོ་ཚུལ་ཕན་ཡོན་གོང་དང་མཚུངས། །འདི་ཡི་གཏོར་མཆོད་ལ་སོགས་བྱ་ཚུལ་ནི། །ཕོར་པ་ལ་སོགས་ཟས་ཀྱི་སྣོད་དེ་ནི། །རིན་ཆེན་ལས་གྲུབ་བྷཆྡྷ་དུམ་གཅིག་དབྱིབས། །བཟའ་བཏུང་སྲེག་རྫས་ཤ་ལྔ་བདུད་རྩི་ལྔ། །ཡིག་འབྲུ་གསུམ་པོ་བརྗོད་པས་བྱིན་གྱིས་བརླབ། །ལྟེ་འོག་གཏུམ་མོ་ཡེ་ཤེས་མེ་ཡིན་ཏེ། །ཁ་ནི་ཐབས་ཁུང་ལྕེ་ནི་མེ་ལྕེ་ཡིན། །ལག་པ་དགང་གཟར་བླུགས་གཟར་ཤེས་པར་བྱ། །དེ་ཡི་གཟུགས་སུ་བསྒོམ་པ་མ་ཡིན་ནོ། །ཡང་གསང་སྒྲུབ་པའི་ལུས་དཀྱིལ་གསལ་བཏབ་སྟེ། །དེ་དག་རྣམས་ལ་སྲེག་བླུགས་མཆོད་པ་འབུལ། །མདུན་བསྐྱེད་ལོགས་སུ་དགོས་པ་

(༤༤༡)མ་ཡིན་ཏེ། །རྡོ་རྗེ་རིགས་ཀྱི་ཡི་དམ་ཡིན་ན་ནི། །ཤར་དུ་ཁ་བལྟས་མངོན་དགའི་ཞིང་ཁམས་དང་། །མི་འཁྲུགས་རྒྱལ་བ་མདུན་བསྐྱེད་རྟེན་དུ་བསྒོམ། །དེ་བཞིན་ཚེ་དཔག་རྒྱལ་བ་རྒྱ་མཚོ་སོགས། །པདྨ་རིགས་ཀྱི་ཡི་དམ་ཡིན་ན་ནི། །ནུབ་ཏུ་ཁ་བལྟས་བདེ་ཆེན་ཞིང་ཁམས་ཀྱི། །སྣང་བ་མཐའ་ཡས་མདུན་བསྐྱེད་གཙོ་བོ་སྟེ། །ཆ་ལུགས་རང་གི་ཡི་དམ་གང་ཡིན་བསྒོམ། །དེ་ལ་ཕྱག་དང་མཆོད་བསྟོད་གསོལ་བ་འདེབས། །དེ་ཚེ་བདག་བསྐྱེད་སྐྱིལ་ཀྲུང་སྟོང་གསུམ་ཁྱབ། །སྐུ་ཡང་སྲིད་པའི་རྩེ་མོ་ཡར་བརྒལ་བ། །བསྒོམས་པས་ཐག་རིང་ཞིང་ཁམས་ལྷ་དེ་ཡང་། །རང་དང་ཞལ་སྤྲོད་མདུན་བསྐྱེད་ཉེ་བར་ཡོང་། །ཐུགས་ལས་སྤྲོས་པའི་མཆོད་པའི་སྤྲིན་ཕུང་ནི། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །གདོད་ནས་གྲུབ་པ་ལྷ་མིའི་ལོངས་སྤྱོད་ཚོགས། །བློ་ཡིས་བླངས་ཏེ་ཡང་ཡང་མཆོད་པར་བྱ། །མདུན་བསྐྱེད་རྟེན་དང་མཆོད་རྫས་གཞན་མི་དགོས། །རྫོགས་རིམ་བསྡུ་དང་རྗེས་ཆོག་གཤེགས་

(༤༤༢)གསོལ་མེད། །སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་ཡིན། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས། །དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་སྒྲུབ་པའི་མན་ངག་ཟབ་མོ་སྟེ། །འདི་དོན་པད་སྡོང་བརྩེགས་པའི་རྒྱུད་འབྲེལ་དང་། །མཐར་ཐུག་བླ་མེད་རྒྱུད་སྡེ་རྣམས་ནས་གསུངས། །དག་པ་རབ་འབྱམས་འཆར་ཐབས་ངོ་མཚར་ཆེ། །དཔེར་ན་གུ་རུ་ཞི་དྲག་སྒྲུབ་པའི་ཚེ། །རྔ་ཡབ་གླིང་ཕྲན་མདུན་བསྐྱེད་དཀྱིལ་འཁོར་ཡིན། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་གང་བྱེད་ཀྱང་། །ལྷོ་ཕྱོགས་རི་བོ་གྲུ་འཛིན་མདུན་བསྐྱེད་བྱ། །སྒྲོལ་མའི་རིགས་ལའང་དེ་དང་མཚུངས་པ་ཡིན། །བདེ་མཆོག་ཕག་མོ་ལ་སོགས་སྒྲུབ་པའི་ཚེ། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དེ་མདུན་བསྐྱེད་བྱ། །དེ་བཞིན་ཡི་དམ་ཆོས་སྐྱོང་གང་སྒྲུབ་ཀྱང་། །སོ་སོ་གར་བཞུགས་གནས་དེ་མདུན་བསྐྱེད་གཙོ། །སོ་སོ་གར་བཞུགས་ཕྱོགས་དེར་ཁ་གྱུ་ནས། །གནས་དེ་ཚུན་ཆད་བདག་བསྐྱེད་ཀྱིས་ཁྱབ་པའི། །ཆེན་པོ་བསྒོམ་པ་དེ་ནི་གནད་ཡིན་ཏེ། །འདི་དག་མི་

(༤༤༣)འཐད་བློ་བཟོ་ཡིན་དགོངས་ན། །ཏིང་འཛིན་རྒྱལ་པོའི་ཆོས་ཀྱི་རྣམ་གྲངས་སྟེ། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་མདོ་ལ། །ལེགས་པར་བལྟས་ན་ཐེ་ཚོམ་ཆོད་པ་འོང་། །དེ་བཞིན་རྩ་རྒྱུད་པད་སྡོང་བརྩེགས་པ་ཡི། །འགྲེལ་པ་ཨོ་རྒྱན་ཉིད་ཀྱིས་མཛད་པ་ལས། །དབང་པོ་རབ་ཀྱི་བསྐྱེད་རིམ་འདི་ལྟར་གསུངས། །མདུན་དུ་དཀྱིལ་འཁོར་བཞེངས་ཤིང་སྤྱན་འདྲེན་པ། །བློ་ཆུང་དབང་པོ་ཐ་མའི་གང་ཟག་གོ། །དེ་ཁོ་ན་ཉིད་སྒྲུབ་ཐབས་ཟབ་མོ་འདི། །ཐེག་དགུའི་ཡང་རྩེ་ཨ་ཏི་ཡོ་གའི་ལུགས། །བདག་ཀྱང་ད་ནི་ན་སོ་སོང་བ་དང་། སྤྲོས་བཅས་མང་པོ་ལྕོགས་པར་དཀའ་བའི་ཕྱིར། །སྒྲུབ་ཐབས་འདི་ཉིད་ཉམས་སུ་ལེན་པ་ཡིན། །གནམ་ཆོས་དཀྱིལ་འཁོར་མེད་ཅིང་གཏོར་མ་མེད། །མངོན་རྟོགས་ཉུང་བསྡུས་ཙམ་དང་སྙིང་པོ་ལས། །གཞན་མེད་སྡུམ་སྡུམ་འདྲ་བ་འབྱུང་བ་རྣམས། །སྒྲུབ་ཐབས་འདི་ལྟར་ཉམས་སུ་ལེན་ཕྱིར་ལགས། །མཁས་ཤིང་ཆེན་པོར་རློམས་པ་འགའ་ཞིག་གིས། །ཆ་ཚང་མི་

(༤༤༤)འདུག་སྨྲ་པ་ཐོས་མོད་ཀྱི། །ཐེག་དགུ་སོ་སོར་སྒྲུབ་ལུགས་མི་གཅིག་པ། །དེ་དག་མ་ཤེས་པ་ཡི་རང་མཚངས་ལགས། །དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ་བ་ཡི། །དམར་པོའི་ཚེས་བརྒྱད་ཉིན་གུང་ཐུན་མཚམས་ལ། །སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་རྣམས། །བུ་ཆེན་བཱིརྱ་སཱ་ག་ར་ཡིས་བྲིས། །འདི་ལ་སྦ་འོས་གསལ་བཀོད་ཉིས་མཆིས་ན། །ཆོས་བདག་ཌཱ་ཀི་སྲུང་མའི་ཚོགས་ལ་བཤགས། །དགེ་བས་རྟོགས་ལྡན་འགའ་ལ་ཕན་ཐོགས་ཤོག །ལེའུ་སོ་གཅིག་པའོ་མངྒ་ལཾ།། །ཁཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བླ་མེད་གསར་རྙིང་ཡི་དམ་ཌཱ་ཀི་སྤྱི་ཡི་དྲིལ་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སིདྡྷི་ཕ་ལ་ཧཱུཾ། །ཡི་དམ་ཌཱ་ཀི་ཚོགས་ལ་ཕྱག་འཚལ་ནས། །དེ་དག་སྤྱི་དྲོལ་སྒྲུབ་པ་འདིར་འགོད་བྱ། །བཀའ་ཡིས་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དཀྱིལ་འཁོར་མཆོད་གཏོར་ལ་སོགས་སྟ་གོན་རྣམས། །ནང་སྒྲུབ་ཉིད་དང་ཁྱད་པར་མེད་པ་ལ། །གསར་མ་ཡིན་ན་སྔ་དྲོ་

(༤༤༥)བདག་བསྐྱེད་དང་། །ཉིན་ཕྱེད་མདུན་བསྐྱེད་དགོངས་མོ་ཚོགས་གཏོར་བསྔོས། །རྙིང་མ་ཡིན་ཅིང་ལས་བྱང་ཉུང་ན་ནི། །ཉིན་པར་དུས་གསུམ་མཚན་དང་ཐུན་བཞི་འདོན། །ཆོ་ག་མང་ན་ལས་བྱང་རྒྱས་པ་དེ། །སྔ་གྲོ་འདོན་ཅིང་ཕྱི་དྲོ་ཚོགས་གཏོར་འབུལ། །མཚན་ཐུན་མངོན་རྟོགས་ཉུང་བསྡུས་ཙམ་ཞིག་བྱ། །དམིགས་པའི་སྒོམ་ཚུལ་སྔ་དྲོའི་དུས་ཀྱི་ཚེ། །ཕྱི་སྒྲུབ་ནང་ལྟར་བསྙེན་པའི་དམིགས་པ་བྱ། །ཉིན་གུང་ནང་སྒྲུབ་ནང་གི་དམིགས་པ་བྱ། །དགོངས་མོ་གསང་སྒྲུབ་དམིགས་པ་ཅི་ལྕོགས་བྱ། །སྲོད་ལ་ཡང་གསང་སྒྲུབ་པའི་དམིགས་པ་དང་། །འཁྲུལ་འཁོར་ཚར་གཅིག་ཀྱང་ནི་བརྒྱག་པར་བྱ། །ཉལ་ཁ་དེ་བཞིན་ཉིད་ཀྱི་སྒྲུབ་པ་ནི། །དམིགས་པ་གསལ་གདབ་ཉམས་ལེན་ངང་ལ་གཞག །བདུན་དང་བཅུ་བཞི་ཉེར་གཅིག་ཞག་གི་ཚད། །ཚིག་འབུམ་བཞི་འབུམ་བདུན་འབུམ་གྲངས་ཀྱི་ཚད། །རྟགས་ཡིག་བཞིན་དུ་བྱུང་ན་རྟགས་ཀྱི་ཚད། །དེ་ལྟར་ཕྱི་ནང་གསང་བ་ཡང་གསང་དང་། །དེ་བཞིན་

(༤༤༦)ཉིད་ཀྱི་སྒྲུབ་པ་གཅིག་ཏུ་དྲིལ། །དེ་ཕྱིར་དྲིལ་སྒྲུབ་ཞེས་ནི་བྱ་བ་སྟེ། །འདི་ནི་ཡི་དམ་མཆོག་གི་དྲིལ་སྒྲུབ་ཡིན། །ཆོས་སྐྱོང་དྲིལ་སྒྲུབ་ཉིད་དང་དོན་མི་གཅིག །སྒྲུབ་པ་སྣ་མང་སྤྲོས་པ་མི་ལྕོག་ཅིང་། །ཕྱི་ནང་གསང་གསུམ་སྒྲུབ་པར་འབྲེལ་འཇོག་འདོད། །སྒྲུབ་རྫས་མཆོད་གཏོར་ཡང་ཡང་མི་འཛོམ་ན། །འདི་ཉིད་བསྒྲུབས་ལས་སྒྲུབ་པ་ཐམས་ཅད་ཚང་། །ཕྱི་ནང་གསང་བ་ཡང་གསང་དམིགས་རིམ་ཚོགས། །འཕྲོ་འདུ་མང་པོའི་དམིགས་པ་ཟིན་དཀའ་ན། །རྩ་བའི་དམིགས་པ་རེ་རེ་རེས་མོས་ཆོག །ཡི་དམ་ཌཱ་ཀི་ཀུན་གྱི་སྤྱི་སྒྲུབ་འདི། །དངོས་གྲུབ་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། །བླ་མེད་གསར་རྙིང་རྒྱུད་སྡེ་དུ་མ་དང་། །རྒྱ་གཞུང་སྒྲུབ་ཐབས་ཟབ་མོ་དུ་མའི་བཅུད། །མཁས་མཆོག་སློབ་དཔོན་མང་པོའི་ཞལ་ཁྲིད་དང་། །རང་གིས་ཡང་ཡང་ཉམས་བླངས་མྱོང་བས་སྦྱར། ཕྱི་རབས་སྔགས་འཆང་གཞན་ལ་ཕན་པའི་ཕྱིར། །མཁའ་འགྲོའི་སྙིང་ཁྲག་ཡིན་ཀྱང་གསལ་བར་བཀོད། །གཞན་ཕན་བྱང་ཆུབ་སེམས་

(༤༤༧)ཀྱིས་ཀུན་བསླངས་པས། །ཆོས་བདག་ཌཱ་ཀིས་ཀེ་ལོང་མི་མཛད་ཞུ། །དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ་བ་ཡི། །དམར་པོའི་ཆོས་དགུ་ལྷ་མོ་རྒྱུ་བའི་ཉིན། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་སྨྲས། །རྡོ་རྗེ་འཛིན་པ་བརྩོན་འགྲུས་རྒྱ་མཚོ་ཡིས། །མྱུར་མགྱོགས་རྫུ་འཕྲུལ་མིག་འཕྲུལ་འདྲ་བར་བྲིས། །ཕྱི་རབས་སྔགས་འཆང་སྒྲུབ་པ་འདོད་རྣམས་ལ། །བཞག་པ་ཆེན་པོ་ཡིན་ནོ་མངྒ་ལཾ། །ལེའུ་སོ་གཉིས་པའོ།། །གཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །འཁྲུལ་འཁོར་རྩ་ཚིག་སླད་མེད་འཛམ་བུ་ཆུ་གསེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙ་ན་ཌཱ་ཀི་ཡེ། །བླ་མེད་སྤྱི་ཡི་ཡང་གསང་སྒྲུབ་པ་དང་། །གཏུམ་མོའི་ཁྲིད་རིམ་ཀུན་ལ་སྦྱར་རུང་བའི། །གསོལ་འདེབས་ཉུང་ངུ་འཁྲུལ་འཁོར་རྩ་ཚིག་ཚིག་ནི། །རྡོ་རྗེའི་གསུང་ཡིན་བྱིན་རླབས་ཆེ་བའི་ཕྱིར། །བདག་གི་སྐྱབས་གནས་རྒྱལ་བ་འོད་དཔག་མེད། །དྷརྨ་ཤྭ་རའི་གསུང་ཉིད་སླད་མེད་ནི། །རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །

(༤༤༨)ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །ཙནྜི་བདེ་སྟོང་དུ་འབར་བར་བྱིན་གྱིས་རློབས། །སྒྱུ་ལུས་ལྷ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས། །འདའ་ཀ་སྐུ་གསུམ་དུ་འཕོ་བར་བྱིན་གྱིས་རློབས། །བར་དོ་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཉིད་དུ་འབྲེལ་བའི་གསོལ་འདེབས་སུའོ། །རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། །སྐྱིལ་ཀྲུང་རྡོར་སྟབས་དཔུང་སྟེང་སྦུབ། །རླུང་བཟུང་ལག་གཉིས་བརླ་སྟེང་ནས། །ནུ་སྟེང་རྒྱུད་བཤད་མདུན་དུ་བརྐྱང་། །ནུ་སྟེང་གཉིས་སུ་ལན་གསུམ་བརྡག །གཡས་གཡོན་ལག་པ་ལན་གསུམ་བཤད། །ཐལ་མོ་གསུམ་ཕུར་མགོ་བོ་དང་། །རོ་སྟོད་རྒྱབ་མདུན་རོ་སྨད་འཕུར། །མཆན་བརྡབ་བྱས་ལ་རྐང་གཡས་གཡོན། །བརྐྱང་བ་ལན་གསུམ་མཉེ་བར་བྱ། །ཞེས་པའང་བཀའ་སྩལ་ཏོ། །སྐེད་པ་གཡས་བསྐོར་གཡོན་བསྐོར་གྱིས། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །རོ་སྟོད་གཡས་གཡོན་

(༤༤༩)གཅུད་པ་ཡིས། །སྙིང་གའི་རྩ་མདུད་གྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་གྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བ་ཡིན། །ལུས་སྤྲུག་འཕུར་སྲུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བ་ཡིན། ༈ །སོ་བདུན་མ་ནི། །ས་ནོན་བྱས་ལ་ཕོ་བ་ནི། །གཡས་གཡོན་གསུམ་གསུམ་བསྐོར་བས་དྲུག །པུས་མོ་གཡས་པར་འཇུས་ནས་ནི། །དེ་བཞིན་དྲུག་དང་གཡོན་ལའང་དྲུག །མཐེ་བོང་སྲིན་རྩ་མནན་ནས་ཀྱང་། །གཡས་གཡོན་ཁུ་ཚུར་ཞགས་འཕན་དྲུག །གཡས་གཡོན་མདའ་འགེངས་བྱེད་པ་དྲུག །གཡས་གཡོན་ལག་པའི་ནང་བཤད་དྲུག །ལུས་ཀུན་སྤྲུགས་དང་སོ་བདུན་ནོ། །མཁས་པ་ནཱ་རོ་པཎ་ཆེན་གྱིས། །བླ་མེད་སྤྱི་ཡི་རྫོགས་རིམ་དུ། །ནཱ་རོ་ཆོས་དྲུག་མཛད་པ་ཡི། །རྩ་བའི་འཁྲུལ་འཁོར་འདི་ཡིས་ཚང་། །རྗེས་ནས་ཏི་པུ་པ་ལ་སོགས། །སློབ་མ་རྣམས་ཀྱིས་མང་བསྣན་ཀྱང་། །རྩ་བ་འདི་ཡིས་ཆོག་པའི་ཕྱིར། །བདག་གི་འདྲེན་

(༤༥༠)མཆོག་རྒྱལ་བ་ཡིས། །མཛད་པའི་ཆོས་དྲུག་རྒྱས་བསྡུས་ལའང་། །འདི་ལས་གཞན་པའི་འཁྲུལ་འཁོར་མེད། །གསར་རྙིང་བླ་མེད་སྤྱི་དང་ནི། །ཁྱད་པར་ནག་རྒྱལ་ཕག་གསུམ་དང་། །གནམ་ཆོས་ལ་སོགས་གཏུམ་མོ་ལའང་། །འཁྲུལ་འཁོར་འདི་ཀས་ཆོག་པ་ཡིན། །ཁྱད་ཆོས་སྐུ་གསུམ་ངོ་སྤྲོད་དང་། །རླུང་སེམས་གཉིས་མེད་ལ་ཡང་ཆོག །འདི་ཡི་འབུད་པ་དགུ་སྤྲུག་དང་། །ལག་པའི་འཁྱེར་ལུགས་སྟངས་སྟབས་རྣམས། །ཞིབ་པར་མཐོང་བ་བརྒྱུད་པར་ལྟོས། །འབེབས་ནི་ཆེ་ཆུང་གང་རིགས་སྦྱོར། །དེ་ཡང་སྟོད་འཚང་ལ་སོགས་པའི། །རླུང་ནི་ཐུར་དུ་དབབ་ཕྱིར་ཡིན། །དོན་གཞན་མེད་ཕྱིར་གལ་ཡང་ཆུང་། །རབ་ཏུ་འཁྲུལ་འཁོར་ཚན་གསུམ་པོ། །མ་རྫོགས་བར་དུ་རླུང་མི་བཏང་། །འབྲིང་དུ་ཚན་གསུམ་མཚམས་སུ་གཏོང་། །དང་པོ་སྦྱོང་དུས་མི་ཐུབ་པས། །མ་ཐུབ་ས་དེར་བཏང་ཞིང་བཟུང་། །རླུང་དང་འཁྲུལ་འཁོར་དམིགས་པ་གསུམ། །དེར་དྲག་བར་མེད་བརྩོན་བྱས་པས། །ཡུན་རིང་མི་ཐོགས་རས་ཀྱང་ཐུབ། །ཐུན་རེ་

(༤༥༡)ཐུན་གཉིས་ཡུད་རེས་ཀྱང་། །ཕན་ཡོན་ཆེ་སྟེ་དྲོད་མི་སྐྱེ། །རླུང་དང་འཁྲུལ་འཁོར་མ་བརྩོན་ན། །སྒོམ་བཟླས་ཕན་ཡོན་ཡོད་མོད་ཀྱི། །དྲོད་ནི་སྐྱེ་བར་མི་འགྱུར་རོ། །གསར་བུ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་བསྒྲིགས་བཅུག་པ། །བརྩོན་འགྲུས་རྒྱ་མཚོས་ཡི་གེར་བྱས། །འདི་ཉིད་བསྒྲིགས་ལ་ཉེས་འགལ་མེད། །དགེ་བས་ན་གཞོན་ཆོས་འདོད་པའི། །རྟོགས་ལྡན་འགའ་ལ་ཕན་ཐོགས་ཤོག །ལེའུ་སོ་གསུམ་པའོ་མངྒ་ལཾ།། །ངཾ་། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །རྟགས་ཡིག་འཁྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སིདྡྷི་ཧཱུཾ། །རྟེན་འབྲེལ་དངུལ་དཀར་ལས་གྲུབ་མེ་ལོང་དུ། །སོ་སོར་རྟོགས་པའི་ཤེས་རབ་བཞིན་རས་ཀྱིས། །ལེགས་པར་བལྟས་པས་མཆོག་ཐུན་དངོས་གྲུབ་སོགས། །ལེགས་ཉེས་དངོས་སུ་བཀྲ་འདི་ཨེ་མ་ཧོ། །དེང་སང་མཆོག་ཏུ་རློམས་པའི་རྨོངས་པ་འགས། །ཉམས་དང་རྨི་ལམ་རྟགས་དང་མཚན་མ་

(༤༥༢)སོགས། །ཀུན་རྫོབ་འཁྲུལ་པ་ཡིན་པས་འབྲས་མེད་ཅིང་། །དེ་འདྲ་བརྟག་པའང་འཁྲུལ་ཞེས་བཞད་གད་བྱེད། །མཐར་ཐུག་ངེས་པའི་དོན་ལ་ཤཱཀ་ཐུབ་ཀྱིས། །མཛད་པ་བཅུ་གཉིས་བསྟན་པའང་མི་བདེན་སྟེ། །མཐོང་བ་པོ་རྣམས་འཁྲུལ་པའི་དག་སྣང་ཙམ། །རིགས་དྲུག་སོ་སོའི་སྡུག་བསྔལ་མི་བདེན་ཏེ། །སོ་སོའི་ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ། །ད་ལྟ་རང་ལུས་སྐྱེ་རྒས་ན་འཆི་དང་། །སྐྱེད་སྡུག་ཀུན་ཀྱང་མི་བདེན་འཁྲུལ་བ་ཉིད། །འོན་ཀྱང་མཐར་ཐུག་ངེས་དོན་ཆོས་ཀྱི་སྐུ། །མངོན་དུ་མ་གྱུར་བར་དུ་ཐམས་ཅད་བདེན། །རྟགས་དང་རྟེན་འབྲེལ་ཀུན་ཀྱང་ཤིན་ཏུ་བདེན། །རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཀླུ་སྒྲུབ་གསུངས། །དང་པོའི་ས་ནས་བཅུ་པའི་ས་ཡི་བར། །ས་ཐོབ་པ་ཡི་རྟགས་རྣམས་རྨི་ལམ་དུ། །འབྱུང་བར་རྨི་ལམ་བསྟན་པའི་མདོ་ལས་གསུངས། །གསར་རྙིང་སྒྲུབ་གཞུང་ཀུན་ལས་འགྲུབ་པའི་རྟགས། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་གསུངས། །

(༤༥༣)མར་མི་དྭགས་སོགས་སྔར་བྱོན་གྲུབ་ཐོབ་རྣམས། །རྨི་ལམ་ལ་བརྟེན་ལུང་བསྟན་མགུར་སོགས་གསུངས། །དེ་ཕྱིར་མཚམས་སྒྲུབ་བྱེད་པའི་གང་ཟག་ལ། །རབ་ནི་མངོན་སུམ་ལྷ་ཡི་ཞལ་མཐོང་དང་། །དབང་བསྐུར་ཆོས་གསུངས་ལུང་དུ་སྟོན་པ་འབྱུང་། དེ་ནི་སྐལ་ལྡན་སྐྱེས་བུ་ལས་ཅན་ཏེ། །དཔེར་ན་གནམ་ཆོས་ཐུགས་ཀྱི་གཏེར་ཁ་བཞིན། །དེ་ལའང་བསླུ་བ་ཡོད་མེད་བརྟག་དགོས་ཏེ། །ཁྲོ་བོའི་སྐུར་བསྒོམ་དྲག་སྔགས་རྫས་རྒོད་བདུག །དེ་བྱས་ཡལ་ཞིང་མེད་ན་གདོན་གྱི་རྟགས། །མ་ཡལ་ཇེ་གསལ་སོང་ན་ལྷ་ཡི་རྟགས། །གསུངས་ཤིང་ལུང་དུ་བསྟན་པའི་ཚིག་དེ་ཀུན། །མདོ་རྒྱུད་དོན་དང་མི་འགལ་ལྷ་ཡི་རྟགས། །འགལ་ཞིང་ལོག་པར་སོང་ན་བདུད་ཡིན་ནོ། །དེང་སང་དེ་འདྲ་འོང་བ་རེས་འགའ་ཙམ། །དངོས་སུ་བག་དྲོ་བྱིན་འཐིབས་རིག་པ་དངས། །སེམས་དགའ་དད་པ་དག་སྣང་ངེས་ཤེས་འཕེལ། །གསོལ་བ་བཏབ་པས་དབང་མེད་མཆི་མ་འཁྲུགས། །དགུན་སྒང་

(༤༥༤)ཡོན་ཆབ་ལ་ལ་རྡོ་ལྟར་ཁེངས། །ལ་ལ་མི་ཁེང་ཡོན་ཆབ་འཛིན་པ་ཟེར། །གཏོར་མ་ལ་ལ་རྡོ་ལྟར་ཁེངས་པ་ན། །ལ་ལ་ཁེངས་པའི་ཞད་མེད་གཏོར་མ་འཛིན། །སྒྲུབ་པའི་དུས་སམ་དུས་བཟང་གསོལ་འདེབས་དུས། །ཕྱོགས་དེར་མེད་པའི་སྤོས་དྲི་ཆིལ་གྱིས་འབྱུང་། །རྔ་དང་རྔ་ལྕགས་ཕྲེང་བ་ལུས་གོས་ལ། །མེ་འབར་སིར་སྒྲ་དང་བཅས་ཚྭ་ཚ་འཕྲོ། །ནང་མཆོད་ཁོལ་ཞིང་ཕྱུར་དང་རླངས་པ་འབྱུང་། །དམ་རྫས་རིལ་བུ་ཁོལ་དང་འཕེལ་བ་དང་། །སྒྲུབ་ཁང་ཉེ་ལོགས་འཇའ་ཚོན་ཡང་ཡང་ཟུགས། །སྒྲུབ་ཁང་ཐད་དུ་སྤྲིན་འཇའ་འམ་འཇའ་གུར་ཕུབ། །རོལ་མོའི་སྒྲ་དང་སྔགས་སྒྲ་ཡང་ཡང་ཐོས། །སྔར་དུས་ཡོད་པའི་སྲོ་ཤིག་ཐམས་ཅད་མེད། །ལྕེ་རུ་ཟ་མ་མྱོངས་པའི་རོ་མཆོག་མྱོང་། །རྒས་པར་སིའུ་སྐྱེ་དང་སོ་ལ་ནི། །རིང་སྲེལ་འཕེལ་སོགས་དངོས་སུ་འབྱུང་བ་དང་། །གཏོར་མ་ཞུ་དང་བདུད་རྩི་འབབ་པ་དང་། །གཏོར་མ་བདུད་རྩིར་ཞུ་བ་འགྲུབ་པའི་རྟགས། །འོན་ཀྱང་གཏོར་མ་ཞུ་དང་བདུད་རྩི་བབས། །དེ་གཉིས་བར་ཆད་

(༤༥༥)དངོས་གྲུབ་བརྟག་དཀའ་སྣང་། །བྱིན་རླབས་རྟེན་མེད་ཐ་ལམ་སྐྱེ་བོའི་ཁྱིམ། །མར་མེ་ཡང་ཡང་འཛིན་ན་གདོན་ཆེའི་རྟགས། །བསྙེན་སྒྲུབ་མ་བྱས་ཐ་མར་སྐྱེ་བོ་ཡི། །སོ་ལ་རིང་བསྲེལ་བྱུང་ན་ནའམ་འཆི། །དེ་དག་མངོན་སུམ་འབྱུང་བའི་རྟགས་རྣམས་ཡིན། །ཁྱད་པར་བསྐྱེད་རྫོགས་ཉམས་ལེན་བརྩོན་པ་དེའི། །ལུས་ནི་སུས་མཐོང་དད་གུས་སྐྱེ་བ་དང་། །ངག་ནས་ཅི་སྨྲས་ཆོས་སུ་སོང་བ་དང་། །ཡིད་ནི་གར་གཏད་ནད་གདོན་ཞི་ནུས་པ། །དེ་ནི་མཆོག་གི་རྟགས་སུ་གསུངས་ན་ཡང་། །བདུད་ཀྱིས་བྱིན་རླབས་ལ་ཡང་དེ་འབྱུང་བས། །རང་དང་དེ་ལ་ལྟོས་པ་ཐམས་ཅད་ནི། །རིམ་བཞིན་དགེ་ལ་སྦྱོར་ན་ལྷ་ཡི་རྟགས། །ཐབས་ཀྱིས་སྡིག་ལ་སྦྱོར་ན་བདུད་ཡིན་ནོ། །ལྷ་རྟགས་བདུད་རྟགས་གང་བྱུང་ཁྱད་མེད་སྟེ། །རློམ་སེམས་ང་རྒྱལ་ཁེངས་པ་རང་ཆེ་སྐྱེས། །དེ་ནི་ལྷ་རྟགས་ཡིན་ཀྱང་འདུད་དུ་འགྱུར། །དམན་ས་འཛིན་ཅིང་བསྐྱེད་རྫོགས་དགེ་སྦྱོར་བརྩོན། །རྟགས་མཚན་བཟང་ལ་ང་རྒྱལ་རློམ་

(༤༥༦)སེམས་མེད། །དེ་ནི་བདུད་རྟགས་ཡིན་ཀྱང་དངོས་གྲུབ་འཐོབ། །འོ་ན་རྟགས་ནི་དགོས་རྒྱུ་མེད་སྙམ་ན། །ལྷ་རྟགས་ཡིན་ན་དངོས་གྲུབ་ལེན་ཆོག་བྱ། །བླ་མ་ལྷ་དང་གདམས་པར་དད་གུས་བསྐྱེད། །གདོན་རྟགས་ཡིན་ན་གཟིར་མནན་བགེགས་རྣམས་བསྐྲད། །དབང་པོ་འབྲིང་ལ་ཉམས་ལ་རྟགས་འབྱུང་སྟེ། །ཉམས་ལ་མཐོང་ཉམས་ཤེས་ཉམས་རྣམ་པ་གཉིས། །མཐོང་ཉམས་ཞེས་པ་མངོན་སུམ་མ་ཡིན་ཞིང་། །གཉིད་དང་ཆ་འདྲེས་སད་རྒྱུ་ཞིག་ཀྱངཡོད། །གཉིད་པ་མ་ཡིན་མངོན་སུམ་ཡིན་འདྲ་བ། །དེ་འདྲ་སྐབས་སུ་མཐོང་བ་མཐོང་ཉམས་ཟེར། །དེ་ནི་མ་གཅིག་ལབ་སྒྲོན་གྱིས་ཀྱང་བཞེད། །གཉིད་པ་མིན་ཡང་མིག་ནི་བཙུམ་པ་ལ། །ཡིད་ལ་དྲན་པ་འདྲ་ཡང་དྲན་པ་མིན། །མངོན་སུམ་ཉིད་དུ་མཐོང་བ་ལྟ་བུར་གསལ། །དེ་དུས་ལྷ་སོགས་ཞལ་གཟིགས་གང་བྱུང་བ། །ཞལ་གཟིགས་གོ་ཆོད་ཀརྨ་པཀྴིས་བཞེད། །དེ་དང་འདྲ་འམ་སྙམ་ཡང་མི་འདྲ་སྟེ། །སྔར་ཤིའི་མི་དང་ཕྱིན་མྱོང་ཡུལ་གྲུ་སོགས། །མངོན་

(༤༥༧)སུམ་ལྟ་བུར་ཡིད་ལ་དྲན་པ་ནི། །རྟོག་ངེར་ཞེས་བྱ་སྙིང་པོ་མེད་པ་ཡིན། །དེ་སྐད་སློབ་དཔོན་མཚན་ཉིད་པ་རྣམས་གསུངས། །དེ་མིན་མཐོང་ཉམས་དང་ནི་ཤེས་ཉམས་ལ། །ཡི་དམ་ལྷ་ཡི་ཞལ་མཐོང་གསུང་ཐོས་ཚེ། །ཡེངས་བ་ལྟར་སོང་དྲག་སྔགས་བཟླ་བ་དང་། །བསྐྱེད་རིམ་ལ་སོགས་བསྒོམ་རྒྱུ་མི་རྙེད་ཀྱང་། །ལྷ་རྟགས་ཡིན་ནམ་བདུད་ཀྱི་ཆོ་འཕྲུལ་ཡིན། །སྐུ་གཟུགས་བཟང་ངན་སོགས་ཀྱིས་མི་འབྱེད་པས། །གླ་རྩིའི་དྲི་མ་སོགས་ནི་མ་ཡིན་པའི། །དྲི་བཟང་བྲོ་ན་ལྷ་ཡི་རྟགས་སུ་ངེས། །བསེ་དྲི་རུལ་དྲི་སྒོག་སྐྱའི་དྲི་མ་སོགས། །དྲི་ངན་ཞད་ཙམ་སྣང་བ་འདྲེ་ཡི་རྟགས། །ཉམས་དེ་ཡལ་རྗེས་རང་གི་སེམས་ལ་བརྟགས། །སྙིང་དགའ་ལྷག་གེར་འདུག་ན་ལྷ་ཡིན་ངེས། །ཉམས་སྣང་སྐུ་གཟུགས་སོགས་ནི་མ་མཐོང་བར། །ལེགས་ཉེས་སྨྲ་དང་གེགས་སེལ་བོགས་འདོན་ཚིག །ཡི་དམ་མཁའ་འགྲོའི་ལུང་བསྟན་ཡིན་པ་ན། །ཐོག་ཏུ་འགྲོ་ཞིང་རང་ཡང་ཉམས་རྟོགས་སྐྱེ། །ས་བླ་འབྱུང་

(༤༥༨)པོ་ཐེའུ་རང་རྟགས་ཡིན་ན། །འཕྲལ་དུ་ཐིག་ཀྱང་རང་གི་དགེ་སྦྱོར་འགྲིབ། །ཟང་ཟིང་འདུ་ཡང་རིམ་གྱིས་མི་དགེར་སྤྱོད། །འཇིག་རྟེན་མཁའ་འགྲོས་ཉམས་ཚད་བྱེད་པའི་རྟགས། །ལུང་བསྟན་མང་ཞིང་གང་ཟེར་ཐིག་པ་ལ། །ང་རྒྱལ་སྐྱེས་ན་དེ་ནས་མི་ཐིག་སྟེ། །རང་ཡང་ལྷ་དང་མཁའ་འགྲོར་ལོག་ལྟ་སྐྱེ། །དམ་ཚིག་སྲེལ་ཞུགས་ལོག་པའི་ལམ་དུ་འགྲོ། །ལུང་བསྟན་བྱུང་ཞིང་ཐིག་ན་ང་རྒྱལ་སྤང་། །མ་ཐིག་བསླུས་ནའང་ལོག་ལྟ་ཐེ་ཚོམ་སྤང་། །ལྟ་བའི་ཀློང་དུ་རོ་སྙོམས་ནུས་པ་ན། །ལུང་བསྟན་མཁན་དེ་བཟང་ངན་སུ་ཡིན་ཡང་། །གེགས་སུ་མི་འགྲོ་བྱང་ཆུབ་ལམ་དུ་འགྲོ། །དེ་བཞིན་ནམ་མཁར་ཡི་གེ་ཤར་བ་དང་། །བཀའ་ཤོག་འདྲ་བའི་ཡི་གེ་ལག་ཏུ་ཕྱིན། །རང་གཞན་དོན་གཉིས་གསལ་ཞིང་ཐིག་ན་ཡང་། །ང་རྒྱལ་རློམ་སེམས་མི་བྱ་གནད་དུ་ཆེ། །དེ་བཞིན་ཉམས་སྣང་རི་བྲག་མི་སྒྲིབ་པར། །གཟུགས་མཐོང་སྐད་ཐོས་མངོན་ཤེས་འདྲ་ན་ཡང་། །མངོན་ཤེས་ཡིན་སྙམ་ང་རྒྱལ་སྤང་བ་གཅེས། །དེ་བཞིན་ཉམས་སྣང་ཕ་རོལ་མི་

(༤༥༩)གཞན་གྱིས། །ཁོ་རང་གང་བསམས་ཁ་ནས་ཟེར་སྣང་འབྱུང་། །དེ་ལ་བརྟེན་ནས་ཅི་བསམས་ཤེས་འདྲ་ཡང་། །ཉམས་ཀྱི་འཆར་སྒོ་ཡིན་པས་ང་རྒྱལ་སྤང་། །གང་ཟག་ཐ་མར་དངོས་ཉམས་རྟགས་མཚན་དཀོན། །རྟགས་རྣམས་རྨི་ལམ་བརྟགས་དགོས་ལབ་སྒྲོན་གསུངས། །ཁྲུས་བྱེད་གོས་དཀར་གྱོན་དང་གངས་རིར་འཛེགས། །ནམ་ལང་ཤེལ་རྙེད་མཆོད་རྟེན་བསྐོར་བ་བྱེད། །དེ་དག་སྒྲིབ་པ་དག་པའི་རྟགས་སུ་གསུངས། །ཉི་ཟླ་ཤར་དང་རྟ་ཞོན་གྱེན་ལ་རྒྱུག །དར་ཕྱར་དུང་འབུད་ཁྲོམ་འདུ་ཁྲི་ལ་འདུག །དེ་དག་བསོད་ནམས་རྒྱས་པའི་རྟགས་ཡིན་ནོ། །གོ་གྱོན་མཚོན་ཐོགས་བཙན་པའི་གནས་སུ་འདུད། །མཁར་བརྩེགས་རྫོང་འདུག་བསྲུང་བ་འགྲུབ་པའི་རྟགས། །དམག་དང་སེར་བ་བཟློག་དང་ཕུར་པ་བཅག །གཅན་གཟན་ཁ་བཅིངས་བཟློག་པ་འགྲུབ་པའི་རྟགས། །གཡུལ་འགྱེད་བརྩོན་བཟུང་བསད་བཅད་དྲག་པོའི་རྟགས། །མུན་རུག་གོས་ངན་གྱོན་ཞིང་ཐུར་དུ་སོང་། །ལམ་ངན་འགྲིམ་རྨིས་ཚེ་བསོད་ཟད་པའི་རྟགས། །རང་

(༤༦༠)ཉིད་བརྩོན་བཟུང་རྦབ་དང་སེར་བས་དེད། །མདའ་འཚུབ་བྱུང་རྨིས་བྱེད་ཁ་ཟུགས་པའི་རྟགས། །ཚེ་ཚད་སྨྲ་དང་སཱཙྪ་མང་པོ་རྨིས། །བདུད་རྩི་སིལ་ཐོག་སུས་ཟོས་ཚེ་འཕེལ་རྟགས། །སྐྲ་དང་ཁ་སྤུའི་རིང་སྐྱེས་གཏེར་རྙེད་དང་། །རྩ་སྔོ་རིན་ཆེན་རྙེད་པ་ནོར་འཕེལ་རྟགས། །བཟང་ངན་ཕལ་ཆེར་རིག་པས་དཔག་སྟེ་ཤེས། །འོན་ཀྱང་བཟང་བཟང་འདྲ་ལ་ངན་པའི་རྟགས། །བུད་མེད་རྒྱན་ཅན་མང་པོས་གླུ་གར་བཅས། །རང་ལ་བཀུར་སྟི་གུས་ཞབས་ཆེན་པོ་ནི། །མཁའ་འགྲོའི་སུན་མས་རང་ཉིད་ཚེ་འཕོའི་རྟགས། །དེ་ལ་སུན་བཟློག་བྱེད་པ་གནད་དུ་ཆེ། །ལྷ་མོ་སྒྲུབ་དུས་ཡིན་ན་སྐྱོན་ཆེར་མེད། །མེ་ཏོག་དམར་པོའི་ཐང་ལ་ཕྱིན་པ་དང་། །ལུས་ལ་མེ་ཏོག་མང་པོས་བརྒྱན་པ་ན། །དབང་གི་ཕྲིན་ལས་བསྒྲུབ་ན་འགྲུབ་རྟགས་ཏེ། །དུས་མིན་བྱུང་ན་རང་ཉིད་འཆི་བའི་རྟགས། །མཁར་ཁང་བཙན་པོར་འདུག་པ་བཟང་ལགས་ཀྱི། །མཁར་ནི་དམར་པོ་རིང་པོའི་རྩེར་འདུག་ཅིང་། །མཐའ་མར་འོབས་དང་ལྕགས་རི་མང་པོས་བསྐོར། །དེ་ནི་འཆི་བའི་རྟགས་སུ་

(༤༦༡)གསུངས་པ་ཡིན། །ཉ་དང་དུག་སྦྲུལ་ཆེན་པོས་རང་ཉིད་དེད། །རང་ཉིད་ཇུར་མིད་བྱས་ཏེ་མགོ་འམ་མཇུག །ཅུང་ཟད་ཁར་མ་ཤོང་བ་ཕྱིར་ལུས་པ། །རླུང་བཟུང་སྐབས་ཡིན་དབུ་མར་ཚུད་རྟགས་བཟང་། །དུས་མིན་རྨིས་ན་འཆིའམ་གཏད་མནན་རྟགས། །གསེར་ནི་མང་པོ་རྙེད་པ་རྨིས་པ་ན། །ཉམས་ལེན་བརྩོན་སྐབས་ཡིན་ན་རྟོགས་པ་སྐྱེ། །ནོར་སྒྲུབ་བྱེད་སྐབས་ཡིན་ན་དངོས་གྲུབ་འབྱུང་། །བྱ་བ་སྒྲུབ་ཁ་ཡིན་ན་ཕྱི་དལ་ཆེ། །དུས་མིན་རྨིས་ན་འཆི་བའི་རྟགས་ཡིན་ནོ། །དངུལ་ནི་མང་པོ་རྙེད་པ་རྨིས་པ་ན། །རྩ་རླུང་སྒོམ་སྐབས་ཐིག་ལེ་འཕེལ་བའི་རྟགས། །ཞི་བའི་ལས་དང་ནོར་སྒྲུབ་འགྲུབ་པའི་རྟགས། །དུས་མིན་རྨིས་ན་རྒྱལ་པོའི་བར་ཆད་ཡིན། །གཙུག་ལག་ཁང་དང་དགེ་འདུན་སྡེ་ཆེན་པོ། །དྲི་ཞིམ་དྲངས་པ་འགྲོ་རྨིས་སྒྲིབ་དག་རྟགས། །སྒོག་ཧྲལ་དྭངས་བ་མི་འགྲོ་རྒྱལ་འགོང་རྟགས། །དེ་སོགས་བཟང་རྟགས་ངན་པར་སྟོན་པ་རྣམས། །རྨི་ལམ་བཟང་ཡང་སད་ཚེ་སྙིང་མི་དགའ། །དེ་ནས་ངན་རྟགས་བཟང་

(༤༦༢)བར་སྟོན་པ་ནི། །ལུས་ལ་རྣག་ཁྲག་སྐྱུགས་འགྲམ་མི་གཙང་ཐོན། །རང་ལུས་མེས་བསྲེགས་ཐལ་བ་རླུང་ལ་བསྐུར། །དེ་དག་སྒྲིབ་པ་དག་པའི་རྟགས་ཡིན་ནོ། །རང་སྙིང་རང་ཟོས་རང་ཁྲག་རང་གིས་འཐུངས། །རང་ལུས་རང་གིས་གཏོར་ནས་རྗེས་མེད་བྱས། །ལུས་པོ་བསྐྱུར་ནས་གློ་སྙིང་རྒྱབ་ཏུ་གྱོན། །དེ་དག་ཉམས་རྟོགས་བཟང་པོ་སྐྱེ་བའི་རྟགས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་སྒྲུབ་པའི། །སྐུ་དངོས་མཐོང་ངམ་བྲིས་སྐུ་ལྡེར་སྐུ་དང་། །རང་བྱོན་ནམ་ནི་གསེར་སྐུ་ལེགས་པོ་མཇལ། །དེ་དག་སྐུ་ནི་འགྲུབ་པའི་རྟགས་སུ་གསུངས། །ལྷ་དེའི་རྒྱུད་དང་སྒྲུབ་ཐབས་གླེགས་བམ་དང་། །བྲིས་ལེགས་སྤོས་དྲི་ཅན་གྱི་དཔེ་ཆ་རྙེད། །ཤོག་སེར་གཏེར་བཏོན་གསུང་ནི་འགྲུབ་པའི་རྟགས། །ཌ*ཌཱ་དྲི*་བུར་བ་ཁ་ཊཱཾ་ལ་སོགས་པ། །ཕྱག་མཚན་ལེགས་པོ་རྙེད་རྨིས་ཐུགས་འགྲུབ་རྟགས། །དེ་སོགས་ཕལ་ཆེར་རིག་པས་བརྟགས་པས་ཤེས། །སྣུམ་ཞིང་བཀྲག་ཆེ་དྭངས་པ་འགྲོ་ན་ལྷ། །ཐལ་མདོག་སྒྲོག་ཧྲལ་འགོང་པོའི་ལྟས་ཡིན་ནོ། །ནམ་སྲོད་

(༤༦༣)རྨི་ལམ་བག་ཆགས་ངེས་པ་མེད། །ནམ་ཕྱེད་ལྷ་འདྲེའི་ཆོ་འཕྲུ་ངེས་པ་མེད། །ཐོ་རངས་རྨི་ལམ་འབྲས་བུ་ཡོད་པ་སྟེ། །དེ་ཡང་ཙོག་བུའམ་སེང་གེའི་ཉལ་སྟབས་དགོས། །གཞོགས་གཡོན་སར་བསྟན་རྩ་རླུང་འཁྲུགས་པའི་ཕྱིར། །རྩུབ་པོ་རྨིས་ཀྱང་ངེས་པ་ཡོད་པ་མིན། །རྨི་ལམ་མང་ཡང་སད་ཚེ་བརྗེད་གྱུར་ན། །བཟང་ངན་ཅི་ལྟར་རྨིས་ཀྱང་ངེས་པ་མེད། །རྨི་ལམ་སྐྲག་སྡངས་བྱུང་བ་ལ་བརྟེན་ནས། །བསྐྱེད་རིམ་ཟིན་པ་རྩུབ་ཟིན་ཞེས་བྱའོ། །དེ་ཚེ་གདོན་སོགས་དྲག་པོས་བཏུལ་བ་ནི། །ནུས་པ་ཅུང་ཟད་ཐོན་པའི་རྟགས་མིན་ནོ། །འཇམ་ཟིན་ལན་འགར་ཟིན་ན་བར་དོར་ཟིན། །རྨི་ལམ་དང་པོ་ཡི་དམ་ལྷ་བསྒོམས་པས། །དེ་ཉིད་རང་ཉིད་དངོས་སུ་གྱུར་པ་དང་། །ལྷ་དང་མཁའ་འགྲོ་མང་པོས་ཕྱག་འཚལ་དང་། །རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །རང་ཉིད་དབྱེར་མེད་གཅིག་ཏུ་མཐོང་བ་དང་། །དེ་དག་རྣམས་ཀྱིས་ཆེས་གསུངས་དབང་བསྐུར་དང་། །བརྡ་ཡི་ཚུལ་གྱིས་དམ་ཆོས་སྟོན་པ་རང་། །

(༤༦༤)རྒྱ་བོད་རིག་འཛིན་ཡི་དམ་ཆོས་སྐྱོང་ཚོགས། །རང་དང་འབྲེལ་པ་ཡོད་མེད་སྣ་ཚོགས་པ། །ཡང་ཡང་ཞལ་མཇལ་གདམས་པ་བསྟན་པ་སོགས། །རང་གི་ཡི་དམ་གང་སྒྲུབ་དེའི་རྟགས་ཏེ། །རྒྱལ་བ་ཐམས་ཅད་ཡེ་ཤེས་གཅིག་ཕྱིར་རོ། །རང་གི་སྐྱུར་ནས་གཞན་དེ་གདོན་མི་དགོས། །དེ་དག་བསྐྱེད་རིམ་འབྱོངས་པའི་རྟགས་ཡིན་ནོ། །དེ་ནས་ཐབས་ལམ་སྒོམ་པའི་རྣལ་འབྱོར་པ། །ལུས་ནི་དུང་གཏག་བཏང་བཞིན་ཆད་ཅིང་ཧྲལ། །སྐྱུར་སྙིང་འདོད་པ་གཏུམ་མོ་སྡུག་བསྔལ་དུས། །དེ་ཡི་རྟགས་སུ་ཤེས་བྱས་སྙིང་རུས་བསྐྱེད། །ཞུ་སླ་འགྲངས་དཀའ་དྲོད་ནི་ཅུང་ཟད་འབར། །ཕོ་ནད་ལ་སོགས་གཅོང་ནད་ཕལ་ཆེར་བྱང་། །རླུང་དང་གཏུམ་མོ་གནད་དུ་འགྲོ་བའི་རྟགས། །ཕྱི་ཡི་ལུས་པོ་འཁྱགས་པར་གྱུར་ན་ཡང་། །སེམས་ནི་དྲོ་བའི་སྣང་བས་འཁྱགས་མི་ཚོར། །དྲོད་ནི་ཕྱི་ནས་སྐྱེ་དང་ནང་ནས་སྐྱེ། །ཁོལ་བུར་སྐྱེ་སོགས་རྩ་རིགས་ཁྱད་ཡིན་ཏེ། །གོས་ནི་སྤུ་ཅན་གྱོན་པར་མི་བྱ་སྟེ། །གྱོན་ན་དྲོད་ནི་ཨེ་སྐྱེ་

(༤༦༥)མི་ཚོར་གསུངས། །དྲོད་ནི་སྐྱེས་རིམ་གོས་ནི་ཇེ་སྲབ་བྱ། །གོས་ནི་སྲབས་པར་གོམ་འཇུག་གནད་ཡིན་གསུང་། །ལོ་གསུམ་བར་དུ་རས་རྐྱང་བྱས་པ་ན། །རྟོགས་ལྡན་རབ་ཀྱི་གྲལ་དུ་བརྩི་སྲོལ་གདའ། །རླུང་དང་འཁྲུལ་འཁོར་དམིགས་པ་མ་བྱས་ན། །ལུས་པོ་རྡོ་ལྟར་འཁྱགས་ཤིང་བྱས་མ་ཐག །དྲོ་འུར་འཕྲལ་དུ་དྲོད་ནི་འབར་བ་ན། །གཏུམ་མོ་ཉམས་ལེན་སྦྱོང་བའི་སྐབས་རང་ཡིན། །དམིགས་པ་བྱས་ཀྱང་ལྷག་ཏུ་མི་དྲོ་ལ། །ཉམས་ལེན་སེམས་ངོའི་སྟེང་དུ་བཞག་པ་ན། །དགུན་སྒང་རས་རྐྱང་བྱས་ཀྱང་མི་འཁྱགས་པ། །མཐར་ཕྱིན་མཆོག་གི་གཏུམ་མོ་ཡིན་ནམ་སྙམ། །དེ་ནི་གཏུམ་མོ་དྲོད་ཀྱི་དུས་ཡིན་ལ། །དྲོད་ཀྱི་སྟོབས་ཀྱིས་ཐིག་ལེ་འཕེལ་བའི་རྟགས། །བཟའ་བ་ཞན་ཀྱང་ལུས་ཉམས་བཟང་བ་དང་། །ལུས་ཀྱི་བཀྲག་མདངས་རྒྱས་ཤིང་འདོད་ཆགས་འབར། །དེ་དང་རྟོགས་པ་བསྲེས་པས་བདེ་སྟོང་འདྲེས། །རྟོགས་པས་མ་ནོན་སྡོམ་པ་འཆོར་

(༤༦༦)བའི་སྐབས། །རྟོགས་པས་ནོན་ཅིང་ཉམས་ལེན་སྐྱོང་ནུས་ན། །རྩ་ཐིག་རླུང་གསུམ་དབང་དུ་འདུས་པའི་རྟགས། །ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་འདུ། །མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་གསུངས། །རྒྱུན་དུ་རླུང་ནི་ཆགས་མེད་བཟུང་བ་ན། །རང་གཞན་དོན་ཀུན་རླུང་གི་རྟགས་ཀྱིས་ཤེས། །ལགས་ཉེས་དགོངས་པྲ་ཞུ་མི་བྱུང་མ་ཐག །ཡང་ན་རང་གི་བྱ་བ་འགྲུབ་མི་འགྲུབ། །ལེགས་ཉེས་བྱ་བ་བརྟགས་པར་དྲན་མ་ཐག །རླུང་ནི་གཡས་ནས་རྒྱུ་ན་ངན་པ་སྟེ། །གཡོན་ནས་རྒྱུ་ན་ཤིན་ཏུ་བཟང་བ་ཡིན། །མཉམ་དུ་རྒྱུ་ན་འབྲིང་སྟེ་ཐག་མི་ཆོད། །ནང་དུ་རྔུབ་དང་ཐུག་ན་ཤིན་ཏུ་བཟང་། །ཕྱི་རུ་རྒྱུ་དང་ཐུག་ན་ཤིན་ཏུ་ངན། །ཁོང་དུ་གནས་དང་ཐུག་འབྲིང་ཐག་ཆོད་མེད། །གཡས་ནས་རྒྱུ་དང་ཕྱིར་འབུད་ངན་ཐག་ཆོད། །གཡོན་དུ་རྒྱུ་དང་ནང་རྔུབ་བཟང་ཐག་ཆོད། །མཉམ་དུ་རྒྱུ་དང་ནང་གནས་ཐག་མི་ཆོད། །གཡས་རྒྱུ་ནང་རྔུབ་བཟང་ངན་འདྲེས་མ་སྟེ། །གཡོན་རྒྱུ་ཕྱིར་འབུད་དེ་བཞིན་བཟང་ངན་

(༤༦༧)འདྲེས། །བཟང་ངན་འདྲེས་མ་རིམ་གྲོས་བཅོས་པ་ཙམ། །ཐག་མི་ཆོད་པ་རྣམས་ལ་རིམ་གྲོས་བསླུས། །དེ་ལྟར་རྟོགས་ལྡན་བཟང་པོ་རྣམས་ལ་ནི། །རླུང་ལྟས་བརྟགས་པ་ཞུ་བ་དབུས་གཙང་ལུགས། །རྒྱུན་དུ་བཟུང་མཁན་མིན་པས་མི་ཐིག་གསུངས། །རང་ཉིད་ཕྱོགས་སུ་འགྲོ་བ་ལ་སོགས་ཚེ། །གོམ་པ་དང་པོ་བོར་བའི་དུས་དེ་རུ། །རླུང་ལྟས་ངན་ན་མི་འགྲོ་བཤོལ་བ་དང་། །བཟང་ན་མགོ་ཐོན་བར་ཆད་མེད་རྟགས་ཡིན། །དེ་ནས་རྫོགས་རིམ་ཁྲིད་ནི་བསྒོམས་པའི་རྟགས། །མི་རྟག་འཆི་བ་ཏུང་ཏུང་ཡང་ཡང་དྲན། །ཚེ་འདིའི་བྱ་བ་གལ་ཆེན་གང་བས་ཀྱང་། །ཉམས་ལེན་སྒྲུབ་པ་གལ་ཆེན་དོན་གོ་ན། །འཆི་བ་མི་རྟག་བསྒོམས་པའི་རྟགས་ཡིན་ནོ། །ཁས་བླངས་སྡོམ་པ་དམ་ཚིག་ལེགས་པར་བསྲུང་། །ཐོས་བསམ་སྒོམ་ལ་དུས་རྣམས་ཐམས་ཅད་དུ། །བྱ་རྒྱུ་ཆོས་ལས་མེད་པ་ཞིག་བྱུང་ན། །དལ་འབྱོར་རྙེད་དཀའ་བསྒོམས་པའི་རྟགས་ཡིན་ནོ། །བཙན་པོས་མི་བྱེད་ག་མེད་བསྡིག་པའམ།

(༤༦༨)ཕྱུག་པོས་རྔན་པ་ཆེན་པོ་སྟེར་བའམ། །མི་བྱ་ཀ་མེད་རང་ལ་གལ་ཐུག་ཀྱང་། །རྩ་བ་བཞི་པོ་གཏོང་བར་མི་བྱེད་ན། །རྒྱུ་འབྲས་ཁྲིད་རིམ་བསྒོམས་པའི་རྟགས་ཡིན་ནོ། །རང་གིས་ཅི་བྱས་ལམ་དུ་མ་སོང་ཞིང་། །རང་གིས་བློ་སེམས་ཆོས་ལ་གཏང་བཞིན་དུ། །མི་དགེ་མི་རུང་ནད་གདོན་དགྲས་མནར་ཡང་། །དཀོན་མཆོག་ལྷ་ལ་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ཁྱེད་ཤེས་ད་དུང་བློ་གཏད་ན། །སྐྱབས་འགྲོའི་ཁྲིད་རིམ་བསྒོམས་པའི་རྟགས་ཡིན་ནོ། །རང་གིས་ཉེས་པ་རྡུལ་ཙམ་མ་བྱས་པར། །མི་ཁ་རྔན་ཆེན་སྲོག་ལ་བསྔོ་ཤམ་ཡང་། །ནམ་ཞིག་དེ་ཡང་སངས་རྒྱས་སར་བཞག་ལ། །སྐྱེ་བ་ཚེ་རབས་གཏན་ནས་བརླག་བསམས་པའི། །སུ་ལའང་བསམ་ངན་དེ་ལྟར་མི་འཆད་པ། །བྱང་ཆུབ་སེམས་བསྐྱེད་བསྒོམས་པའི་རྟགས་ཡིན་ནོ། །དངོས་སུ་སེམས་དགའ་ཁམས་དྭངས་དབང་པོ་གསལ། །རྨི་ལམ་ཁྲུས་བྱས་ལུས་ལས་མི་གཙང་འོན། །འདུད་རྩི་འོ་མ་

(༤༦༩)འཐུངས་དང་ནམ་མཁར་འཕུར། །རྡོར་སེམས་བསྒོམས་བཟླས་བྱས་པའི་རྟགས་ཡིན་ཏེ། །ཉམས་ལེན་དགེ་སྦྱོར་གང་ཡང་མ་བྱས་པར། །འཕུར་པ་རྨིས་ན་ཆས་ཀ་ཇེ་བསྲབས་འགྲོ། །དངོས་སུ་ཟས་མ་ཟོས་ཀྱང་མི་ལྟོགས་ཤིང་། །ལུས་ཉམས་བཟང་ཞིང་ཡིད་དགའ་བདེ་ཉམས་སྐྱེ། །རྨི་ལམ་ལེ་ལེགས་རིན་ཆེན་གཏེར་ཁ་རྙེད། །གོས་བཟང་གྱོན་རྨིས་མཎྜལ་རྟགས་ཡིན་ནོ། །དངོས་སུ་མོས་གུས་གདུང་ཤུགས་དབང་མེད་འབར། །བླ་མའི་མཚན་ནས་འབོད་ཅིང་རྒྱང་འབོད་འཚེར། །གསོལ་བ་འདེབས་དུས་དབང་མེད་མཆི་མ་འཁྲུགས། །རྨི་ལམ་བླ་མ་མཇལ་ཞིང་དབང་ལང་གནང་། །གེགས་སེལ་བོགས་འདོན་ལེགས་ཉེས་ལུང་སྟོན་མཛད། །རང་ཉིད་བླ་མ་དེ་ཉིད་དངོས་གྱུར་དང་། །ངོ་བོ་དབྱེར་མེད་འདུག་པར་ཤེས་པ་རྨིས། །བླ་མའི་རྣལ་འབྱོར་བསྒོམས་པའི་རྟགས་ཡིན་ནོ། །དབང་པོ་ཚོགས་བརྒྱད་མི་གསལ་གཉིད་པ་བཞིན། །དྲན་པ་མེད་པར་ཡུན་རིང་ཐོམ་མེར་ལུས། །ཞི་གནས་འཐོམ་པོ་

(༤༧༠)སྐྱེ་བའི་རྟགས་ཡིན་ནོ། །འགྱུ་བ་བསྒག་ནས་ཅི་ཡང་མི་དྲན་པར། །ཐོམ་མེར་འདུག་པ་སྒོམ་དུ་རློམ་པ་ནི། །རྒྱ་ནག་ཧ་ཤང་ལྟ་བ་སྐྱེས་རྟགས་སོ། །རང་སེམས་རང་དབང་ཐོབ་པ་ལྟ་བུ་ཡི། །དམིགས་པ་གང་ཡང་མི་འཕྲོ་ཡུན་རིང་གནས། །ཐུན་མོང་ཞི་གནས་སྐྱེས་པའི་རྟགས་ཡིན་ནོ། །རང་སེམས་མ་བཅོས་ལྷུག་པར་གཞག་པའི་ཚེ། །ཧ་ཅང་མི་འཕྲོ་ཡུན་རིང་གནས་པ་ན། །ཚད་ལྡན་ཞི་གནས་སྐྱེས་པའི་རྟགས་ཡིན་ནོ། །གནས་པ་དེ་ལ་ངོ་བོར་བལྟས་བའི་ཚེ། །སྟོང་པར་མཐོང་བའི་ངང་ལ་ཡུན་རིང་གནས། །ཞི་ལྷག་ཟུང་འཇུག་རྟོགས་པའི་རྟགས་ཡིན་ནོ། །སེམས་ཀྱི་བྱུང་གནས་འགྲོ་གསུམ་ཁ་དོག་དབྱིབས། །སོ་སོར་དཔྱད་པས་གཅིག་ཀྱང་མ་རྙེད་པ། །ཐུན་མོངས་ལྷག་མཐོང་ཤར་བའི་རྟགས་ཡིན་ནོ། །རྟོགས་པ་གང་སྐྱེས་ངོ་བོར་གཅེར་གཅེར་བལྟས། །རང་ཞི་ཆུ་དང་ཆུ་རླབས་ལྟར་མཐོང་ན། །འགྱུ་བ་ལྷག་མཐོང་ཤར་བའི་རྟགས་ཡིན་ནོ། །ཁབ་མིག་སྐུད་པ་སྤྲད་ལྟར་མ་ཡེངས་པར། །

(༤༧༡)གནས་དང་འགྱུ་བའི་ངོ་བོ་གང་ཤར་བལྟ། །གནས་འགྱུ་ཀྱང་དེད་ཤེས་པའི་རྟགས་ཡིན་ནོ། །དེ་ནས་དེ་ལྟར་དཀའ་གནད་མི་དགོས་པར། །དྲན་པ་ཙམ་ནས་ཐོག་ཏུ་ཁྲིག་ཁྲིག་སླེབས། །ཉམས་ལེན་སྐྱོང་བདེ་ཡོད་པའི་རྟགས་ཡིན་ནོ། །ལྟོ་གོས་གཏམ་སོགས་འདོད་པ་ཆུང་ངུ་སོང་། །ཆོས་ཕྱོགས་ཡོན་ཏན་སྣ་མང་བསླབ་མི་འདོད། །ཉམས་ལེན་མོས་གུས་གཉིས་པོ་སྙིང་པོར་གོ། །འཇིག་རྟེན་བྱ་བ་ཀུན་ཀྱང་དགོས་མེད་རྟོགས། །སྒོམ་ཆེན་གསར་པས་གསེར་མི་འདོད་པའི་དུས། །བདེ་ཉམས་བྲོད་ཀ་རྙེད་པའི་རྟགས་ཡིན་ནོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཡིན་པར་རྟོགས། །སྟོང་སྐད་མཐོ་ཞིང་ལས་འབྲས་མི་འཛེམ་པ། །སྟོང་ལྟ་ཧད་པོ་སྐྱེས་པའི་རྟགས་ཡིན་ནོ། །རང་གི་ཉམས་ལེན་ངེས་ཤེས་ཐེ་ཚོམ་མེད། །སུ་ལའང་མི་མགུ་ཞེ་ཡིས་ཞབས་ན་གནོན། །གསལ་ཉམས་བརྟན་པོ་སྐྱེས་པའི་རྟགས་ཡིན་ནོ། །ཡུན་རིང་བསྒོམས་ཀྱང་ཤེས་རྒྱུད་སྔར་ལས་རྩུབས། །ཀོ་ལོང་སེར་སྣ་ཕྲག་དོག་སྔར་ལས་ཆེ། །

(༤༧༢)མི་གཞན་སྒོམ་ཆེན་ཟེར་ཞིང་མཚངས་ནས་འབྲུ། །སྒོམ་ཆེན་རྙིང་པས་ལྷམ་ཀྲད་བསྡུ་བའི་དུས། །རྩུབ་ཉམས་ཆེན་པོ་སྐྱེ་བའི་རྟགས་ཡིན་ནོ། །མེ་ཆེན་འབར་བའི་སྔོན་དུ་དུད་བ་བཞིན། །དེ་དབང་མ་ཤོར་ངོ་བོ་སྐྱོང་ནུས་ན། །བོགས་ཆེན་མྱུར་དུ་སྐྱེ་བའི་རྟགས་ཡིན་ནོ། །སྔོན་གྱི་ཉམས་མྱོང་ཐམས་ཅད་ཤུན་པར་བུད། །སེམས་ཀྱི་ཉམས་མྱོང་ངག་གིས་བརྗོད་མི་ཤེས། །ངེས་ཤེས་ང་རྒྱལ་ཐམས་ཅད་འཇའ་ལྟར་ཡལ། །རང་སེམས་ངོ་བོ་རྟོགས་པའི་རྟགས་ཡིན་ནོ། །ཉམས་དང་རྨི་ལམ་དག་སྣང་གཅིག་ཀྱང་མེད། །ངེས་འབྱུང་སྐྱོ་ཤས་མོས་གུས་ཇེ་ཆེར་འབར། །བར་ཆད་མེད་ཅིང་མི་ཚེ་སྒྲུབ་ལ་སྐྱེལ། །རྟགས་མེད་རྟགས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། །བཀའ་བརྒྱུད་རྣམས་ཀྱིས་དེ་ལ་ཐུགས་རྩིས་ཆེ། །རང་སེམས་རྟོགས་པའི་གདིངས་ལ་འཕོ་འགྱུར་མེད། །མ་རྟོགས་འགྲོ་ལ་ཤུགས་འབྱུང་སྙིང་རྗེ་སྐྱེ། །ཟས་ནོར་སྙེན་གྲགས་འདོད་པ་སྤུ་ཙམ་མེད། །ཁྲིད་རིམ་གདམས་ངག་ལོ་ཟླ་སྤྲེལ་ན་ཡང་། །བློ་འཛིན་མ་བྱས་དཔེ་ལ་མ་

(༤༧༣)བལྟས་ཀྱང་། །སེམས་ལ་གང་ཕན་བཤད་རྒྱུ་ཟད་མཐའ་མེད། །གཞན་ཕན་འགྲོ་དོན་རན་པའི་རྟགས་ཡིན་ནོ། །དེ་ལྟར་བསྒྲུབས་པའི་རྟགས་ཡིག་མདོར་བསྡུས་འདི། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །ཤིང་སྦྲུལ་མགོ་ཡི་ཟླ་བའི་ཡར་ཚེས་ལ། །དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས། །དགོངས་མོའི་ཐུན་མཚམས་འགའ་ཞིག་ལ་སྨྲས་པ། །བསྐུལ་བ་པོ་ཡིས་བརྗེད་ཐོ་ཡི་གེར་བཏབ། །བློ་དམན་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་སོ་བཞི་པའོ་མངྒ་ལཾ།། །ཅཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་པས། །གོལ་ས་གཅོད་པ་མ་ནོར་ལམ་སྟོན་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡེ། །ཤེས་རབ་སྟོང་པ་ཉིད་ཀྱི་རལ་གྲི་ལ། །ཐབས་མཆོག་སྙིང་རྗེ་ཆེན་པོའི་ངར་བཏགས་ནས། །གོལ་སའི་མྱུ་གུ་གཅོད་པའི་རལ་གྲི་འདི། །འཇམ་དབྱངས་བླ་མས་གནང་བའི་ཕ་ནོར་ལགས། །དབང་ལུང་གདམས་པ་ཐོབ་ནས་ཀྱང་། །བསྐྱེད་རྫོགས་ཧ་གོ་ཡོད་པ་ཡིས། །མཚམས་

(༤༧༤)དང་སྒྲུབ་པ་བྱེད་ན་ཡང་། །གོལ་ས་ལེགས་པར་མ་ཆོད་ན། །དཀའ་སྤྱད་སྒྲུབ་པ་བྱས་གྱུར་ཀྱང་། །འབྲས་བུ་ཆེན་པོ་མི་ཐོབ་སྟེ། །དཔེར་ན་ཚོང་དཔོན་ཧ་ལོག་བཞིན། །གསང་སྔགས་ལྟུང་བའི་སྒོ་དགུ་སོགས། །གོལ་ས་ཆེ་ཕྲ་མཐའ་ཡས་ཀྱང་། །བསྡུ་ན་ཆགས་སྡང་རྨོངས་གསུམ་ཡིན། །གཅོད་པའི་གདམས་པ་མཐའ་ཡས་ཀྱང་། །བསྡུ་ན་སྟོང་ཉིད་སྙིང་རྗེ་ཡིན། །ཚེ་འདི་ལོངས་སྤྱོད་སྙན་གྲགས་ལ། །ཆགས་པའི་དབང་གིས་འདོད་པ་སྐྱེས། །དབང་དང་རྒྱས་པའི་ལྷ་ཞིག་ལ། །རྩེ་གཅིག་སྒྲུབ་པ་བྱེད་པ་སྟེ། །ཙན་དན་སོལ་བ་བྱས་དང་མཚུངས། །གལ་ཏེ་དེ་འགྲུབ་དངོས་གྲུབ་ཐོབ། །འཆི་བ་རྗེས་སུ་མ་དྲན་པས། །ཟང་ཟིང་འདོད་ཡོན་སྲེད་པས་བཅིངས། །ཉོན་མོངས་འདོད་པ་མེ་ལྟར་འབར། །ད་ནི་བདག་གིས་ལྷ་འདི་འགྲུབ། །ཅི་ལྟར་བྱས་ཀྱང་བདག་གི་དཔལ། །ཉམས་པར་མི་འགྱུར་ཞ་གདིང་བཅས། །ཤ་ཆང་ཟས་ཀྱིས་ཕོ་བ་བརྒྱངས། །རྩ་རླུང་ཉམས་ལེན་བདག་ལ་ཡོད། །བདག་ལ་མི་སྒྲིབ་ཁྱོད་ཀྱང་འདྲེན། །ཟེར་ཞིང་བཙུན་

(༤༧༥)མ་མང་པོ་ཕབ། །ནལ་ཕྲུག་ལྐོག་གསོད་ཕུག་ན་འདུག །སྒྲུབ་པ་ཡེ་ཤེས་ལྷ་བསྒྲུབས་ཀྱང་། །སེམས་བསྐྱེད་དབང་གིས་ལོག་པར་སོང་། །འགྲུབ་པ་ལྷ་བུའི་བདུད་དེ་འགྲུབ། །དེ་འདྲར་དགོངས་ནས་མཁའ་སྤྱོད་པས། །ལོ་བརྒྱར་བསྒྲུབས་པ་བྱས་ཀྱང་དོན་མ་རིག །དེ་འདྲའི་མི་དེ་ཐེའུ་རང་སློབ་བརྒྱུད་ཡིན། །གསུངས་པའང་དེ་འདྲར་དགོངས་པ་ཡིན། །དེ་ཡི་གོལ་ས་གཅོད་པ་ནི། །ཚེ་འདིའི་དཔལ་འབྱོར་ལྟ་ཅི་སྨོས། །ཕྱི་མ་ལྷ་མིའི་བདེ་སྐྱིད་དང་། །ཚངས་དང་བརྒྱ་སྦྱིན་འཁོར་ལོས་བསྒྱུར། །ཐོབ་ཀྱང་དགའ་བ་སྤུ་ཙམ་མེད། །བླ་མེད་བྱང་ཆུབ་ལ་དམིགས་ནས། །དབང་དང་རྒྱས་པའི་ཡེ་ཤེས་ལྷ། །བསྒྲུབས་པས་བསོད་ནམས་ཡེ་ཤེས་རྒྱས། །རླུང་སེམས་སྣང་བ་དབང་དུ་འདུས། །དཔེར་ན་ལོ་ལེགས་སྐྱ་རྒྱལ་ན། །སོག་ཕུབ་ཞོར་ལ་འབྱུང་བ་ལྟར། །ཚེ་འདིའི་དཔལ་འབྱོར་སྙན་གྲགས་ཀྱང་། །མ་དམིགས་ན་ཡང་ཞོར་ལ་འབྱུང་། །སྒྲུབ་ལུགས་ཁྱད་པར་མེད་ན་ཡང་། །སེམས་བསྐྱེད་བསམ་པའི་ཁྱད་པར་ཡིན། །

(༤༧༦)དེ་ལས་ཀྱང་ནི་ཆེར་ངན་པ། །འཇིག་རྟེན་དྲག་རྩལ་ཅན་བསྒྲུབས་ནས། །ཡེ་ཤེས་ལྷ་བས་འདི་ལྷག་སྟེ། །རྣོ་མྱུར་འཕྲལ་དུ་ཆེ་བསམ་ནས། །ཅི་མཛད་ཁྱེད་ཤེས་བློ་རྩེ་གཏད། །དེས་ནི་སྐྱབས་འགྲོའི་སྡོམ་པའང་འཆོར། །དེ་ཕྱིར་བཀའ་གདམས་གླེགས་བམ་ནས། །ལྷ་ངན་ཕལ་ཆེར་འདྲེ་བས་བཙོག །གསུངས་པ་དེ་འདྲར་དགོངས་པ་ཡིན། །དཔེར་ན་སྔོན་འདས་བླ་ཆེན་ཞིག །པེ་ཧར་བསྒྲུབས་ཤིང་ཕྱག་རྟགས་བླངས། །རྒྱ་ནག་ཡུལ་དུ་བྱོན་པ་ལས། །རྒྱ་ནག་རྒྱལ་པོའི་དབུ་བླར་གྱུར། །ཇ་དར་གསེར་དངུལ་དཔག་མེད་རྙེད། །དེ་ནས་བོད་དུ་ཡར་བྱོན་ཏེ། །སྨར་ཤོད་ཕྱོགས་ཀྱི་ས་ཆར་འདས། །རྒྱལ་པོ་གདུག་རྩུབ་ཆེ་བ་དེས། །ཁོ་རང་དེ་ཡི་འཁོར་དུ་སྐྱེས། །ཇ་དར་གསེར་དངུལ་ལོངས་སྤྱོད་པ། །གནས་བཅས་ཆོ་འཕྲུལ་དཔག་མེད་བསྟན། །གྲྭ་འཁོར་རྣམས་ཀྱིས་ཁྱེར་མ་ཕོད། །ཕུག་སྟོང་ཆེན་པོའི་ཕུག་ཏུ་བརྩིགས། །ད་ལྟའང་གང་ཡོད་ཀུན་གྱིས་ཤེས། །བལྟ་བ་ཙམ་ཡང་མི་ཕོད་སྐད། །དེ་

(༤༧༧)ཡང་བསྟེན་ལུགས་མ་ཤེས་སྟབས། །ལྷ་མ་བསྙེན་པར་འདྲེ་མ་སྒྲུབས། །ཨོ་རྒྱན་གསུངས་ཀྱང་དེ་འདྲར་དགོངས། །དང་པོ་ཡི་དམ་ལྷ་བསྙེན་ནས། །བསྐྱེད་རྫོགས་གསལ་སྣང་ཐོན་ཙམ་དང་། །རང་རྒྱུད་བྱིན་གྱིས་རློབས་ངེས་བྱ། །དེ་ནས་རྣོ་མྱུར་འདོད་པ་ན། །འཇིག་རྟེན་དྲེག་པ་གང་ཡིན་སྒྲུབས། །སྐྱབས་སུ་འཛིན་པ་མ་ཡིན་ཏེ། །རབ་ཀྱིས་དྲན་དང་གཡོག་པོའི་ཚུལ། །འབྲིང་གིས་སྤུན་དང་ཤག་རོག་ཚུལ། །ཐ་མས་ཕ་བུ་ཙམ་དུ་དམིགས། །བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་སྒྲུབས། །འགལ་རྐྱེན་སེལ་བའི་སྡོང་གྲོགས་བཅོལ། །གསོལ་མཆོད་དེ་ཡི་རྔན་པ་ཙམ། །བསྐྱེད་རྫོགས་དགོངས་པ་གསལ་བ་ན། །ས་ལམ་བསྒྲོད་ལ་མི་སྒྲིབ་པར། །དངོས་གྲུབ་ཡེ་ཤེས་ལྷ་དང་མཚུངས། །རྟོགས་པ་ཤིན་ཏུ་མཐོ་བ་ན། །བཀའ་སྲུང་འཇིག་རྟེན་དྲེགས་པ་རྣམས། །རང་གི་རིག་པའི་རང་རྩལ་ལས། །གཞན་དུ་གྲུབ་པ་མ་དམིགས་གསུངས། །དེ་གཉིས་ཆགས་པའི་གོལ་ས་ཡིན། །གོལ་ས་ལེགས་པར་མ་ཆོད་ན། །ཕྱི་རོལ་

(༤༧༨)མུ་སྟེགས་པ་རྣམས་ཀྱིས། །དབང་ཕྱུག་བསྒྲུབས་དང་ཁྱད་པར་མེད། །དེ་ནས་སྡང་བའི་གོལ་ས་ནི། །དུས་ངན་སྙིགས་མར་དགྲ་རྐུན་མོད། །ཉམ་ཆུང་མི་ལ་རྔན་ཆེན་མང་། །གཤིན་རྗེ་ལ་སོགས་དྲག་པོའི་ལྷ། །བདག་གིས་བསྒྲུབས་ནས་འགྲུབ་བྱས་ཏེ། །ཀླུ་བདུད་གདུག་པ་ཅན་བཞིན་དུ། །འགྲེས་ཚད་ཐམས་ཅད་རྩད་ནས་བརླག །ཟས་ནོར་ཀ་ཆ་རྟ་ཕྱུགས་རྣམས། །བཙན་དུག་སྡོང་པོ་ཅི་བཞིན་དུ། །སུས་ཟོས་མི་ལ་རྟགས་མྱུར་བ། །དེ་འདྲ་འདོད་ནས་སྒྲུབ་པར་བྱེད། །ཚེ་འདིར་གཞན་ཕུང་ཕྱི་མ་ནི། །རང་ཉིད་ཕུང་བའི་རྩ་བ་ཡིན། །དེ་འདྲའི་སྒྲུབ་པ་ལ་དགོངས་ནས། །མི་བསྐྱོད་ཞབས་ཀྱིས་ཞལ་ནས་ཀྱང་། །སྒོམ་ཆེན་མཐུ་མཁན་དང་། །སྒོམ་ཆེན་འཆལ་བ་ལ་ཡུད་ཙམ་འཕྲད་ཀྱང་མི་རུང་གསུངས་སོ། །དེ་དོན་འཇམ་དཔལ་རྩ་རྒྱུད་ལས། །རྒྱལ་པོའི་བློན་པོ་བྲམ་ཟེ་ཞིག །རྒྱལ་ཁྲིམས་མ་ནོན་ངོ་ལོག་མང་། །བྲམ་ཟེས་གཤིན་རྗེ་གཤེད་པོ་བསྒྲུབས། །ཁྲིམས་དང་སུ་འགལ་ཐམས་ཅད་བསད། །ལོ་ནི་དུ་མར་བློན་པོ་བྱས། །

(༤༧༩)བྲམ་ཟེ་དེ་ཉིད་ཚེ་འཕོས་ནས། །ཡུལ་འདྲེ་གདུག་པ་ཅན་དུ་སྐྱེས། །ཡུན་རིང་འགྲོ་བའི་སྲོག་དབུགས་བསྡུས། །ཚེ་འཕོས་མནར་མེད་དམྱལ་བར་སོང་། །ལོ་གྲངས་བྱེ་བ་འབུམ་ཕྲག་ཏུ། །དམྱལ་བའི་སྡུག་བསྔལ་བརྗོད་མི་ལངས། །སྒྲིབ་པ་ཟད་ནས་མི་ལུས་ཐོབ། །ཡི་དམ་གཤིན་རྗེ་གཤེད་པོ་ཡིས། །རྗེས་བཟུང་རང་རྒྱལ་འབྲས་བུ་ཐོབ། །ལ་ལས་ཡེ་ཤེས་ལྷ་ཡིས་ནི། །ལས་སྦྱོར་སྒོ་ནས་བསྒྲལ་ན་ཡང་། །སྐྱོན་མེད་ལྷ་དེས་འདྲེན་འགྱུར་པས། །རང་གིས་འདྲེན་མ་ཐུབ་ཀྱང་བཟོད། །ཟེར་བ་མི་བདེན་གོང་དུ་གསལ། །དེ་བས་ཀྱང་ནི་ཆེར་ལོང་པ། །འཇིག་རྟེན་དྲེགས་པ་བསྒྲུབས་ནས་བསྒྲལ། །གཏང་དང་སེར་ནག་རླུང་འཁོར་སོགས། །ངན་སྔགས་སྦྱོར་བས་བསད་པ་ནི། །འདུལ་བའི་ལུགས་ལ་སྡོམ་པ་འཆོར། །འདུལ་བའི་ལས་ཆོག་ལས། །མིའམ་མིར་ཆགས་པ་བསད་དམ། །མཚོན་ཐོགས་བས་གཉེར་ཏམ་འཆིར་བཅུག་གམ། འཆི་བའི་སྔགས་པ་བརྗོད་ཀྱང་རུང་སྟེ་དགེ་སློང་དེ་ནི་ཕམ་པར་འགྱུར་བ་ཡིན་ཏེ། གནས་

(༤༨༠)པར་མི་བྱའོ། །ཞེས་གསུངས་སོ། །འོན་ཀྱང་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་ཚར་གཅོད་དང་། །འགྲོ་བ་ཀུན་གྱིས་བདུད་བཞི་ཉོན་མོངས་ཚོགས། །ཚར་གཅོད་བླ་མེད་བྱང་ཆུབ་སར་འགོད་དང་། །བསྟན་པ་སྤྱི་དང་རྩ་བའི་བླ་མ་ཡིས། །སྐུ་ཚེ་དྲིན་ལས་བར་ཆད་བཟློག་པའི་ཕྱིར། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་ཚོགས། །བརྟེན་ཅིང་བསྒྲུབས་པ་མཁས་གྲུབ་ཀུན་གྱི་ལུགས། །བརྟེན་ལུགས་འདྲ་ཡང་སེམས་བསྐྱེད་ཁྱད་པར་ཡིན། །དཔེར་ན་ཆོས་རྗེ་རང་བྱུང་རྡོ་རྗེ་ལ། །སྔགས་པ་དགུ་ཡིས་གཤིན་རྗེ་བསྒྲུབས་ནས་གྲུབ། །དེ་ཚེ་བསྙུང་གཞི་བཟློག་པ་དགོས་འདུག་གསུངས། །གྲགས་པ་སེང་གེས་གཤིན་རྗེ་ཁ་ཐུན་གྱི། །བཟློག་པ་མཛད་པས་སྔགས་པའི་ཕུག་པ་རྡིབ། །སྔགས་པ་དགུ་ཤི་སྔགས་གྲོང་ནད་ངན་འཕྱུར། །ཆོས་རྗེ་སྐུ་ཁམས་གསེང་ཞིང་བསྟན་འགྲོར་ཕན། །དེ་འདྲའི་ནུས་པ་རང་རེར་མེད་ན་ཡང་། །སེམས་བསྐྱེད་བཟང་ན་བྱང་ཆུབ་ལམ་དུ་འགྲོ། །དེ་རྣམས་སྡང་བའི་གོལ་ས་བཀག་པ་ཡིན། །

(༤༨༡)ཡི་དམ་ཁྲོ་བོ་ཨ་འཐས་ཐེར་ཟུགས་སུ། །སྡེར་སྐུ་བཞིན་དུ་དངོས་པོར་བསྒོམས་པ་ན། །གཤིན་རྗེ་དང་ནི་སྲིན་པོར་གོལ་བ་ཡིན། །རྟ་ཕག་ཡབ་ཡུམ་ལ་སོགས་མགོ་བརྙན་ཅན། །དུད་འགྲོ་དེ་འདྲའི་མགོ་ཅན་ཡིན་སྙམ་ན། །ཤ་ཟ་ཕྲ་མེན་མགོ་བརྙན་ཅན་དུ་གོལ། །ཞི་བའི་ལྷ་རྣམས་ཐེར་ཟུག་ལྡེར་སྐུ་བཞིན། །བསྒོམས་ན་གཟུགས་ཁམས་ལྷ་རུ་གོལ་བ་ཡིན། །དེ་འདྲའི་ཐེར་ཟུག་བསྐྱེད་རིམ་བརྟན་པོ་ནི། །ཤི་དུས་ཐུགས་དམ་བརྟན་ཞིང་བར་དོ་ན། །སྐུ་གཟུགས་ལྷ་དེ་འདྲ་བའི་འབྱུང་པོའི་རིགས། །རིག་འཛིན་ཞེས་བྱ་རླུང་ལྷའི་འཁོར་དུ་སྐྱེ། །དེ་བཞིན་ཐུགས་ཀའི་ས་བོན་ཧཱུཾ་ཡིག་ཡང་། །དངོས་པོར་བསྒོམས་པས་སྦྲུལ་དུ་སྐྱེ་བར་གསུངས། །དེ་བཞིན་དམ་པ་རིགས་བརྒྱའི་ལྷ་གྲངས་བརྒྱ། །ཐེར་ཟུག་བསྒོམས་པས་གོལ་ས་བརྒྱ་རུ་བཤད། །གོལ་ས་དེ་དག་གཅོད་པའི་གདམས་པ་ནི། །གོ་བས་གཅོད་དང་སྒོམ་པས་གཅོད་པ་དང་། །ལྟ་བས་གཅོད་དང་རྣམ་པ་གསུམ་དུ་འདུས། །དང་པོ་སངས་རྒྱས་རྣམ་

(༤༨༢)ནི་ཆོས་སྐུར་གཅིག །སྐུ་མདོག་ཕྱག་མཚན་ངེས་པ་ཡོད་པ་མིན། །དཔེར་ན་ཤེལ་གོང་ཤིན་ཏུ་དངས་པ་དེ། །གདན་ནི་གང་བཞག་དེ་ཡི་མདོག་ཏུ་འགྱུར། །དེ་བཞིན་ཡི་དམ་ལྷ་ཡི་ཆ་ལུགས་ཀྱང་། །ཞི་དང་ཁྲོ་དང་ཞི་མ་ཁྲོ་ལ་སོགས། །དབུ་ཕྱག་མང་ཉུང་སྣ་ཚོགས་ཅིར་ཡང་འཆར། །དེ་ལྟར་འཆར་བའི་རྒྱུ་མཚན་གང་ཞེ་ན། །ལོངས་སྐུ་དག་པའི་ཞིང་ཁམས་ཐམས་ཅད་ན། །གཙོ་བོའི་ཞལ་ནས་ཆོས་གསུང་མི་དགོས་ཏེ། །གཙོ་བོའི་སྐུ་མདོག་ཕྱག་མཚན་བརྡ་མཐོང་བས། །འཁོར་རྣམས་ཀུན་གྱིས་དེ་དོན་ཆོས་ཀུན་རྟོགས། །ཞལ་གསུམ་སྐུ་གསུམ་ཕྱག་དྲུག་ཕར་ཕྱིན་དྲུག །གཤོག་པ་གཉིས་ནི་ཐབས་དང་ཤེས་རབ་སྟེ། །ཞབས་བཞི་ཚད་མེད་བཞི་ཡི་བརྡའ་དོན་ཡིན། །དེ་བཞིན་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱི། །ཆ་ལུགས་བརྡ་ཡི་སྒོ་ནས་ཆོས་སྟོན་ཡིན། །རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་བ༔ ཨོ་རྒྱན་ཆེན་པོས་

(༤༨༣)གསུངས་པ་དེ་ཡི་དོན། །རྟ་ནི་མགྱོགས་ཤིང་ས་ཆོད་ཆེ་བ་ལྟར། །སངས་རྒྱས་ས་ལམ་མྱུར་དུ་བགྲོད་པའི་རྟགས། །རྟ་མགྲིན་དབུ་ལ་རྟ་ཞལ་བྱུང་བ་ཡིན། །ཕག་ལ་གཙང་བཙེག་རྣམ་རྟོག་མེད་པ་ལྟར། །ཕག་ཞལ་རྟོག་མེད་ཆོས་སྐུ་མཚོན་པ་ཡིན། །མི་ལ་ཤ་ཚུགས་ལེགས་ཉེས་ཡོད་པ་ལྟར། །ལྷ་ཡི་ཆ་ལུགས་དེ་བཞིན་ངེས་པ་མེད། །དེ་ནི་གོ་བས་གོལ་ས་གཅོད་པ་ཡིན། །དེ་ནས་སྒོམ་པས་གོལ་ས་གཅོད་པ་ནི། །བསྐྱེད་རིམ་རྣམ་པ་གསལ་དང་རྣམ་དག་དྲན། །རྣམ་པ་གསལ་བ་མེ་ལོང་གཟུགས་བརྙན་བཞིན། །རྣམ་དག་དྲན་པ་བར་སྣང་འཇའ་ཚོན་བཞིན། །ང་རྒྱལ་རང་ཉིད་ལྷ་ཡི་ང་རྒྱལ་ཏེ། །ལྟ་བའི་སྒོ་ནས་གོལ་ས་གཅོད་པ་ནི། །ལྟ་བ་སྟོང་ཉིད་རྩི་དང་མ་བྲལ་བ། །ནམ་མཁའི་འཇའ་བཞིན་ཟུང་འཇུག་ཐུབ་ན་རབ། །མ་ཐུབ་བསྐྱེད་རྫོགས་རེས་མོས་བྱ་བར་གསུངས། །དེ་ནས་གོལ་ས་ཕྲན་ཚེ་འགའ་ཞིག་ནི། །འབྱོར་བ་ཡོད་ཀྱང་སེར་སྣས་འབྱོར་ཚོགས་ཆུང་། །མཆོད་པ་མུག་ཚུལ་རྒྱུན་ནི་མ་ཆད་ཙམ། །དེ་ནི་

(༤༨༤)ཡི་དྭགས་གནས་སུ་གོལ་བར་གསུངས། །མེད་ན་མ་གཏོགས་མཆོད་པ་བློ་སྟོབས་བསྐྱེད། །བྱ་སྤྱོད་རྒྱུད་ལ་མཆོད་རོ་བཟའ་མི་རུང་། །རྣལ་འབྱོར་རྒྱུད་ལ་མཆོད་རོ་འགོང་མི་རུང་། །བླ་མེད་རྒྱུད་འདིར་མཆོད་རོ་དངོས་གྲུབ་རོལ། །དེ་བཞིན་ཤ་ཐུད་མར་སོགས་ཚོགས་ལ་བསྔོ། །རྒྱུ་ནི་མི་རྒོད་བསོད་ནམས་ཚོགས་ཆེན་རྫོགས། །ཤ་ཆང་ལ་སོགས་ཚོགས་ཀྱི་དམ་རྫས་རྣམས། །ཐ་མལ་ཟས་ཀྱི་སྲེད་པས་མང་ཟོས་ན། །ཡི་དྭགས་མཆུ་བཅིངས་གནས་སུ་གོལ་བར་གསུངས། །ཚོགས་རྫས་ཐ་མལ་ཟས་ཀྱི་འདུ་ཤེས་ཀྱིས། །འདུལ་ཁྲིམས་བསྲུང་ཕྱིར་དེ་ལ་འཛེམ་བྱས་ན། །དམྱལ་བ་ཆུ་བུར་ཅན་དུ་གོལ་བར་གསུངས། །གོལ་བ་ཞེས་བྱའི་དོན་དེ་གང་ཞེ་ན། །ལམ་ནོར་ཅུང་ཟད་བྱུང་ན་འགོར་བ་ལྟར། །རེ་ཞིག་དེ་རུ་སྐྱེ་བ་ལེན་པའི་དོན། །དེ་རྣམས་བསྐྱེད་རིམ་གོལ་ས་གཅོད་པ་ཡིན། །དེ་ནས་ཐབས་ལམ་རྩ་རླུང་སྒོམ་པའི་དུས། །དྲོད་སྐྱེས་རས་གོས་ཐུབ་ན་མི་སྔོན་མཛེས། །རྩ་རླུང་ནུས་རྟགས་ཐོན་ནས་བག་མེད་དུ། །མི་གཙང་སྤྱོད་ཀྱང་

(༤༨༥)གཞན་གྱིས་འཕྱ་རྒྱུ་མེད། །དེ་ལྟར་མིན་ཡང་བདག་ལུས་བདེ་ཉམས་ཀྱིས། །འདོད་ཆགས་ཚོར་བདེ་དེ་ཉིད་དོན་གཉེར་ནས། །རྩ་རླུང་འཁྲུལ་འཁོར་དག་ལ་སྦྱོང་བ་ནི། །འདོད་ཆགས་ཆོས་སུ་སྨྲ་བའི་མུ་སྟེགས་པས། །རྩ་རླུང་སྦྱོང་པ་དེ་དང་འདྲ་བ་ཡིན། །དེ་ལ་དགོངས་ནས་མཁས་པ་འགའ་ཞིག་གིས། །པརྐ་མ་ཆགས་ཅན་གྱི་རྩ་རླུང་ཉོན་མོངས་རྒྱུ། །གསུངས་པ་དེ་ཡང་དེ་ལ་དགོངས་པ་ཡིན། །ཚོར་བདེའི་ཆགས་པ་དོན་དུ་གཉེར་བ་མིན། །འགྲོ་བའི་དོན་དུ་རྡོ་རྗེ་འཆང་དབང་ཉིད། །རབ་ཀྱིས་ཟླ་གསུམ་འབྲིང་གི་ཟླ་བ་དྲུག །ཐ་མས་ཀྱང་ནི་ལོ་གསུམ་ཕྱོགས་གསུམ་ན། །རྡོ་རྗེ་འཆང་དབང་འགྲུབ་པར་བྱ་ཕྱིར་དུ། །རྩ་རླུང་ཉམས་སུ་ལེན་པའི་སེམས་བསྐྱེད་དེས། །གོལ་ས་དེ་ཉིད་ཆོད་པར་འགྱུར་བ་ཡིན། །དེ་ནས་རྫོགས་རིམས་སེམས་ངོའི་གོལ་ས་ནི། །བདེ་ཉམས་ལུས་བདེ་སེམས་བདེ་ཞུ་ལ་ཁད། །དེ་ལ་ཆགས་ན་འདོད་ཁམས་ལྷ་རུ་གོལ། །གསལ་ཉམས་སྟོང་རྗེན་ནམ་མཁའ་

(༤༨༦)དྭངས་པ་བཞིན། །གཞན་གྱིས་སེམས་རྒྱུད་ཀྱང་ནི་ཤེས་སྙམ་བྱེད། །དེ་ལ་ཆགས་ན་གཟུགས་ཁམས་ལྷ་རུ་གོལ། །སྟོང་ཉམས་ཐམས་ཅད་སྟོང་པ་ཧད་དེ་བ། །རང་གི་ལུས་ཀྱང་མེད་དམ་སྙམ་པ་འབྱུང་། །དེ་ལ་ཆགས་ན་གཟུགས་མེད་ཁམས་སུ་གོལ། །ཆགས་པ་ཞེས་བྱ་དེ་ལ་མཆོག་ཏུ་འཛིན། །ངེས་ཤེས་སྐྱེས་ཤིང་སེམས་ལ་འཆང་བ་ཡིན། །གང་ཤར་དེ་ཡི་ངང་ལ་ཅེ་རེ་བལྟ། །ཆགས་ཞེན་མེད་ན་བྱང་ཆུབ་ལམ་དུ་འགྲོ། །དགེ་སློང་དགེ་ཚུལ་རི་ཁྲོད་འགྲིམ་པའི་དུས། །ཆོས་གོས་སྣམ་སྦྱར་ཤམ་ཐབས་ལ་སོགས་པ། །ཚད་ལྡན་མེད་ཀྱང་སྐྱོན་དུ་མི་འགྱུར་སྟེ། །ཤམ་ཐབས་ཁྲུ་གང་ཡོད་ཀྱང་ཆོག་པ་དང་། །སྐྲ་དང་ཁ་སྤུ་རིང་ཡང་སྐྱོན་མེད་པ། །འདུལ་བའི་གླེང་གཞི་རྣམས་ན་གསལ་བར་ཡོད། །ཟས་ཀྱང་ནང་གི་སྦྱིན་སྲེག་ཚོགས་འཁོར་སོགས། །བྱེད་ན་དགོངས་ལའང་ཉེས་པ་མེད་མོད་ཀྱི། །ཆང་ནི་དམ་རྫས་ཙམ་ལས་བཏུང་མི་བྱ། །ལར་ནི་གདན་གཅིག་དགོངས་བཅད་བྱས་ན་བཟང་། །དེ་ཡི་སྤྱོད་པ་ལོག་པར་གོལ་མི་

(༤༨༧)འགྱུར། །དཔེར་ན་གསེར་འགྱུར་རྫས་ནི་ཁྱད་པར་ཅན། །ལྕགས་རིགས་གང་ལ་བྱུགས་ཀྱང་གསེར་དུ་འགྱུར། །དེ་བཞིན་བྱང་ཆུབ་སེམས་བསྐྱེད་བརྟན་པ་ན། །མི་དགེ་ཕལ་ཆེར་དགེ་བར་འགྱུར་བ་དང་། །དགེ་བ་ཐམས་ཅད་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་གོལ་ས་ཐམས་ཅད་གཅོད་པའི་མཆོག །བྱང་ཆུབ་སེམས་བསྐྱེད་ཡིན་པས་སྙིང་ལ་ཆོངས། །དཔེར་ན་རལ་གྲི་བསམ་གཅོད་འབར་བ་དེས། །གང་ལ་ཚད་པ་ཐམས་ཅད་དུམ་བུར་གཅོད། །དེ་བཞིན་ཤེས་རབ་སྟོང་ཉིད་རལ་གྲི་དེས། །དངོས་འཛིན་མཚན་མའི་གོལ་ས་ཐམས་ཅད་གཅོད། །དེ་བཞིན་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ན། །གོལ་ས་མང་ཡང་གོལ་བའི་དོགས་པ་མེད། །དེ་སྐད་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ། །རྒྱུ་སྐར་མགོ་ཡི་ཟླ་བའི་ཡར་ཚེས་དྲུག །ཕྱིར་ནུབ་དང་བཅས་དགོངས་མོའི་ཐུན་སྐབས་གཉིས། །རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས། །དེ་ཚེ་བླ་མ་བརྩོན་འགྲུས་རྒྱ་མཚོ་ཡིས། །སོར་མོ་རླུང་གི་རྟ་ལ་ཞོན་ནས་བྲིས། །དགེ་བས་བློ་དམན་རི་

(༤༨༨)ཁྲོད་འཛིན་རྣམས་ལ། །འགྲོ་དོན་རྒྱ་མཚོ་ལྟ་བུ་འབྱུང་བར་ཤོག །ལེའུ་སོ་ལྔ་པའོ་མངྒ་ལཾ།། །ཆཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །གེགས་སེལ་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། །སྟོང་ཉིད་གཞོམ་གཞིག་བྲལ་བའི་རྡོ་རྗེ་ཕྱར། །ཚད་མེད་སྙིང་རྗེའི་སྡིགས་མཛུབ་འགྲོ་ལ་གཏད། །སྡོམ་གསུམ་རྣམ་པར་དག་པའི་གོས་སྔོན་ཅན། །བླ་མ་གསང་བའི་བདག་པོས་བདག་ལ་སྲུངས། །ཉམས་ལེན་སྒྲུབ་པ་རྩེ་གཅིག་བརྩོན་པའི་མིས། །གེགས་སེལ་གདམས་པ་ཟབ་མོ་མ་ཤེས་ན། །བསྒྲུབ་པའི་ལོ་འབྲས་སད་ཀྱིས་འཁྱེར་ཉན་གདའ། །གེགས་སེལ་རྣམ་པ་དཔག་ཏུ་མེད་ན་ཡང་། །སྔོན་འགྲོ་དངོས་གཞི་རྗེས་ཀྱི་གེགས་སེལ་གསུམ། །སྔོན་འགྲོའི་གེགས་སེལ་མཚམས་ནི་མ་བསྡམས་གོང་། །ཉམས་སུ་ལེན་རྒྱུའི་དབང་ལུང་གདམས་ངག་དེ། །བརྒྱུད་པ་རིང་དྲག་ཐག་རུལ་བྲེང་ཧྲུལ་མཐུད། །སངས་རྒྱས་བརྒྱུད་པ་བར་མ་ཆད་པ་དཀོན། །བླ་རབ་གོང་འོག་ཐུགས་

(༤༨༩)ནང་མཐུན་མ་མཐུན། །གང་ཟག་ཚིག་གི་བརྒྱུད་པ་མ་ཆད་ཀྱང་། །སྒྲུབས་པ་ཉམས་ལེན་བརྒྱུད་པ་ཆད་མ་ཆད། །རྟོགས་པ་དོན་གྱི་བརྒྱུད་པ་ཆད་མ་ཆད། །རྟོགས་པར་ལྡན་ཡང་ཕྱག་ལེན་འཆུག་མ་འཆུག །དེ་འདྲའི་གནད་ཀྱིས་བྱིན་རླབས་རྒྱང་རིང་སྟེ། །ཚུལ་བཞིན་བསྒྲུབས་ཀྱང་རྟགས་མཚན་དུས་ལ་མེད། །རང་གིས་དབང་ལུང་ཐོབ་ནས་སྒྲུབ་ཁའི་བར། །བླ་མའི་ཐུགས་ལ་མ་ཕྲོད་ཅུང་ཟད་ལོག །རང་གིས་ལོག་ལྟ་གཤེ་བསྐུར་ཟར་ཟུར་ཤོར། །དམ་སེལ་དེ་དག་རྐྱེན་གྱིས་བར་ཆད་མང་། །བསྒྲུབས་ཀྱང་འགྲུབ་པར་དཀའ་བའི་གེགས་ཡིན་པས། །ཚེས་བཅུ་ལ་སོགས་དུས་ཚོད་བཟང་པོའི་དུས། །དབང་ཆས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམ། །བདག་མདུན་དབང་སྒྲུབ་ཆོ་ག་གཞུང་ལྟར་བྱ། །གསར་མ་ཡིན་ན་བདག་འཇུག་གཞུང་ལྟར་བླངས། །དེ་ཡང་མདུན་བསྐྱེད་བླ་མ་དབྱེར་མེད་དམིགས། །རྙིང་མ་བདག་འཇུག་ཡོད་པའི་རིགས་ལ་ནི། །བདག་འཇུག་བླངས་ཤིང་མེད་ན་ཏིང་འཛིན་གྱི། །དབང་བཞི་

(༤༩༠)དམིགས་པ་ཤིན་ཏུ་གསལ་བས་བླངས། །དེ་ནས་ཚོགས་བྱས་ཚོགས་ཕུད་ཕུལ་བ་དང་། །བསྐང་བ་བྱས་ལ་བསྐང་ཐུང་བརྒྱ་རྩ་འདོན། །བླ་མ་ཡི་དམ་དབྱེར་མེད་གཅིག་པ་ཡི། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་བསྒོམ། །དེ་མཐར་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཁོར། །དེ་ལས་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་འབྲུ་གསུམ་མཐའ་རུ་འཁོར། །དེ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བབས། །བདག་ལུས་གང་བས་ལུས་ངག་ཡིད་གསུམ་གྱི། །དམ་ཚིག་ཆགས་ཉམས་ཐམས་ཅད་སངས་ཀྱིས་དག །རང་ལུས་ཤེལ་སྒོང་ལྟ་བུར་གྱུར་བསམ་ཞིང་། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུཾ་ས་མ་ཡ། གུ་རུ་ཆྒི་གྷན་ཙ་ཀྲས་ཏ་ས་མ་ཡ། །ཞེས་སོགས་ཡི་གེ་བརྒྱ་བ་བཟླ་བྱ་ཏེ། །བདུན་ཡན་བརྒྱ་མན་མང་ཉུང་སྐབས་དང་སྦྱར། །དེ་ནས་བཟུང་སྟེ་བླ་མ་དེ་ཉིད་དང་། །ཡི་དམ་དེ་ཉིད་དབྱེར་མེད་ངེས་ཤེས་བྱ། །རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེ་ཡིས། །སོ་སྐྱེའི་བླ་མས་དབང་བསྐུར་ཁྲིད་སྟོན་ཚེ། །

(༤༩༡)ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །སློབ་མ་དད་ལྡན་རྗེས་སུ་བཟུང་བའི་ཕྱིར། །བླ་མ་དེ་ཡི་རྒྱུད་ལ་ཞུགས་ནས་ཀྱང་། །སློབ་མ་རྣམས་ལ་དབང་བསྐུར་བྱིན་གྱིས་རློབས། །དབང་བསྐུར་ཁྲིད་སྟོན་ཚར་ནས་མི་གནས་སྟེ། །རྩི་དམར་པ་ཡི་སྐུ་ཁོག་འདྲའི་གསུངས། །དེ་ལྟར་བླ་མ་ཡི་དམ་དབྱེར་མེད་ཀྱི། །རང་གི་ངེས་ཤེས་བརྟན་པོ་ཐོབ་པ་ན། །བརྒྱུད་པ་ཉེ་རིང་དག་ལ་མི་ལྟོས་ཏེ། །གྲུབ་ཐོབ་གླིང་རྗེ་རས་པའི་ཞལ་སྔ་ནས། །བླ་མ་སངས་རྒྱས་སུ་འདུག་པ་མི་རུ་མཐོང་། །བརྒྱུད་པ་ཉེ་རིང་དུ་བགྲངས་པ་མཐོལ་ལོ་བཤགས། །གསུངས་པ་དེ་ཡང་དེ་ལྟར་དགོངས་པ་ཡིན། །དེ་ནས་ཚོགས་འཁོར་ལ་སོགས་ཚར་བའི་རྗེས། །མདུན་བསྐྱེད་བླ་མ་དཀྱིལ་འཁོར་རང་ལ་བསྟིམ། །བླ་མ་རང་སེམས་དབྱེར་མེད་འདྲེས་པར་བསྒོམ། །དོན་ལ་བླ་མ་ཡི་དམ་རང་སེམས་གསུམ། །ངོ་བོ་ཐ་དད་མེད་པར་གཅིག་པ་སྟེ། །ངོ་བོ་སྟོང་པ་ཉིད་དུ་ཁྱད་པར་མེད། །རང་བཞིན་གསལ་སྟོང་རྗེན་པར་ཁྱད་པར་མེད། །

(༤༩༢)ཐུགས་རྗེ་ཅིར་ཡང་འཆར་བས་ཁྱད་པར་མེད། །དེ་དག་ཅི་བཞིན་ངེས་པར་རྟོགས་པ་ན། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དེ་ལ་ཟེར། །བླ་མ་ཆོས་སྐུའི་མོས་གུས་དེ་རང་ཡིན། །སྐབས་འདིར་དེ་ལྟར་རྟོགས་པར་མ་གྱུར་ནའང་། །བསྲེ་བའི་དམིགས་པ་བྱས་ལ་གོ་བ་བླངས། །དམ་ཚིག་སེལ་གྱིས་ཆོད་པའི་གེགས་སེལ་ཟབ། །དེ་ནས་བསྙེན་སྒྲུབ་བྱེད་རྒྱུ་ཡིན་ན་ནི། །སྔོན་ལ་སྒབ་འདྲེ་མེད་པའི་ལྷ་ཞིག་སྒྲུབ། །སྤྱན་རས་གཟིགས་དང་རྟ་མགྲིན་སྒྲོལ་མའི་རིགས། །པད་འབྱུང་ཞི་བའི་རིགས་ལ་སྒབ་འདྲེ་མེད། །སྒབ་འདྲེ་མེད་ཀྱང་སྒྲུབ་ཆེན་ཡིན་ན་ནི། །སྤྱི་ཡི་དམ་སྲི་སྒྲུབ་ཆེན་གཞུང་ལྟར་མནན། །གཤིན་རྗེའི་རིགས་དང་ལྷ་མོ་རྣམ་སྲས་རིགས། །ཞིང་སྐྱོང་དམ་ཅན་རྣམས་ནི་སྒབ་འདྲེ་རྩུབ། །ཕྱག་བཞི་བ་དང་མ་ནིང་ཛམ་དམར་སོགས། །སྒབ་འདྲེ་ཡོད་ཀྱང་ཧ་ཅང་རྩུབ་པ་མིན། །སྔོན་དུ་རྟ་མགྲིན་ལ་སོགས་ཡི་དམ་གཞན། །བསྙེན་སྒྲུབ་ཐེམ་པས་སྒབ་འདྲེ་གཞུང་བཞིན་མནན། །དེ་ནི་སྒབ་འདྲེའི་བར་ཆད་གེགས་སེལ་ལོ། །སྒྲུབ་ཆེན་

(༤༩༣)ཡིན་ན་སྒྲུབ་ལ་ཞུགས་པ་ནས། །ཉུལ་ལེ་བསྐྲད་ཚུལ་སྒྲུབ་ཆེན་གཞུང་བཞིན་བྱ། །སྒྲུབ་ཆེན་མིན་ཡང་ཉམས་རྨིས་རྩུབ་པའི་དུས། །ཀུན་ཐུབ་རྒྱལ་མོ་སྐབས་སུ་བསྐུལ་ན་ལེགས། །དེ་ནི་རྙིང་མའི་ལུགས་ཀྱི་གེགས་སེལ་ཡིན། །གསར་མ་ལ་ཡང་དེ་དང་ཆ་འདྲ་བའི། །མིང་མི་གཅིག་ཀྱང་དོན་ལ་གཅིག་པ་ཡི། །སྒྲུབ་པ་བྱེད་ཚད་ཀུན་ལ་འཚེ་བའི་བགེགས། །མང་པོ་རིག་པ་མཆོག་གི་རྒྱུད་ལས་གསུངས། །དེ་དག་སོ་སོར་འདུལ་ཐབས་མང་བཤད་ཀྱང་། །མདོར་བསྡུས་ལག་ཏུ་བླང་བདེར་བཤད་པ་ནི། །སྒྲུབ་ལ་ཞུགས་ནས་ཉི་མ་རྩེ་ཤར་དུས། །ཉི་མར་ཁ་བལྟས་ཐལ་མོ་སྦྱར་བྱས་ནས། །བདག་གི་རིག་སྔགས་ཆྒཻ་ཞིག་སྒྲུབ་ཀྱི། །བགེགས་ཁྱེད་རྣམས་ཡིད་དགའ་བར་གྱིས་ཤིག །དེ་སྐད་བརྗོད་པས་བགེགས་རྣམས་དེར་འདུའོ། །དེ་ནས་བདུད་རྩི་ཁྱིལ་བ་དྲན་བྱས་ཏེ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། །བདུན་ཙམ་བརྗོད་ནས་ཁྲོས་པའི་ཚུལ་བསྟན་ཏེ། །རྡོག་སྡེབ་བྱེད་ཅིང་འདི་ཉིད་བརྗོད་པར་བྱ། །ཁྱེད་རྣམས་འདུག་ན་

(༤༩༤)འདུག་ཅིག་མ་འགུལ་ཅིག །ཅེས་བརྗོད་ཆུ་གཙང་ཁྱོར་གང་ལན་བདུན་བསྔགས། །ཤར་དུ་གཏོར་ཞིང་དེ་འདྲ་སྐབས་རེར་བྱ། །བསྒྲུབས་པ་མ་གྲོལ་བར་དུ་བགེགས་བཅིངས་འགྱུར། །སྒྲུབ་པ་གྲོལ་ནས་ཡིད་ཀྱིས་བཀྲོལ་དགོས་གསུངས། །མེ་ཏོག་བདུག་སྤོས་མར་མེ་གསུམ་པོ་ལ། །བགེགས་རེ་ཡོད་པས་ཕུལ་ཡང་ལྷ་མི་མཉེས། །མེ་ཏོག་ཕུལ་དུས་སྔགས་དེ་བརྗོད་ཅིང་ཕུལ། །སྤོས་ཆགས་ལ་སོགས་སྲོས་ནི་གང་ཡོད་པ། །རྫ་ཕོར་འམ་ནི་མ་རྙེད་གྱོ་ཚལ་དུ། །མེ་བླུགས་ལག་པ་གཡོན་པར་མར་བསྔགས་ནས། །གསུར་བྱས་ཁ་ལ་སྤོས་དེ་ཕྱུར་བས་ཐུབ། །མར་མེ་ཀོང་ཆུང་གཅིག་དང་གཉིས་བྱས་ལ། །གཅིག་བལྟམས་སྟེང་དུ་ཆུང་བ་འགོ་ཐུར་བལྟམས། །ལག་གཡས་ཉུང་ཀར་བསྔགས་ནས་དེ་ལ་བྲབ། །མར་མེ་ཆུང་བ་འགོ་ཐུར་བསྟན་ལ་འཕངས། །དེ་ཡིས་མར་མེའི་གེགས་ནི་སེལ་བ་ཡིན། །དེ་དག་རྒྱུན་དུ་དགོས་པ་མ་ཡིན་ཏེ། །སྒྲུབ་པའི་དབུ་ལ་ལན་རེ་བྱས་པས་ཆོག །རྒྱུན་དུ་ཕུད་མཆོད་བཞག་ཞོར་ཕུད་གཅིག །

(༤༩༥)ཁྲོ་བོ་བདུད་རྩི་འཁྱིལ་བར་བསྔོ་བར་བྱ། །སེང་ལྡེང་རབ་ཡིན་མ་རྙེད་དྲག་པོའི་ཤིང་། །ཕུར་པ་སོར་བཞིའི་མགུལ་དུ་ཉུང་ཀར་བཏགས། །སའམ་བྱེ་མར་ཉུངས་ཀར་ཅུང་ཟད་བསྲེ། །ཕུར་པ་བྱེ་མ་མཉམ་དུ་སྔགས་ལ་བཞག །ནུབ་མོ་ལ་སོགས་དངོས་ཉམས་རྨི་ལམ་དུ། །མི་སྡུག་གཟུགས་སྟོན་དྲི་ངན་མི་སྙན་སྒྲ། །གར་བྱུང་སོགས་སུ་ཕུར་པས་གཟིར་བ་དང་། །བྱེ་མ་བསྔགས་པ་གཏོར་བས་བགེགས་དེ་སེལ། །མལ་སར་བསྡད་ནས་ཐུན་བཟུང་སྔགས་བཟླས་སྟེ། །དེ་ནས་ལངས་ཏེ་གོམ་པ་སྤོ་བའི་ཚེ། །ལོག་འདྲེན་ས་ཡི་གཙུག་ཕུད་ཞེས་བྱ་བ། །ས་ལས་ལངས་ཏེ་ལུས་ལ་རེག་པར་བྱེད། །བསྐལ་པར་བསགས་པའི་བསོད་ནམས་དགེ་ཚོགས་དང་། །རིག་སྔགས་བཟླས་ཚད་ནུས་པ་མེད་པར་བྱེད། །སྤྲ་ཚིལ་སྙིགས་དང་སྤོས་དཀར་མར་དཀར་གསུམ། །བསྔགས་ལ་སྒབས་སུ་གོས་དང་ལུས་ལ་འདུག །དེ་ཡིས་ལོག་འདྲེན་དེ་ཡིས་གེགས་སེལ་ལོ། །དེ་དག་ཀུན་གྱི་སྔགས་ནི་གོང་ལྟར་རོ། །བདུད་རྩི་འཁྱིལ་བ་ཡིན་གསུངས། མཆན།

(༤༩༦)དེ་རྣམས་བསྐྱེད་རིམ་བསྙེན་སྒྲུབ་གེགས་སེལ་ལོ། །དེ་ནས་མཚམས་སྒྲུབ་སྤྱི་ཡི་གེགས་སེལ་ནི། །ཕྱི་རྒྱབ་མི་ཡིས་ངོ་ནི་ཕར་མཐོང་ངམ། །ཚུར་ལ་ལུས་ནི་གཞན་གྱིས་མཐོང་གྱུར་ན། །སྨྲེ་བརྩེགས་བཟླས་པས་གཟུངས་ཆུས་ངོ་བཀྲུ་སྟེ། །དེ་ཡིས་གདོང་གྲིབ་ཕོག་པའི་གེགས་ཕྲན་སེལ། །མཚམས་ཁུང་བྱིན་རླབས་བཀའ་བསྒོ་དགོས་བྱུང་ན། །གུ་གུལ་སྤོས་སོགས་སྨྲེ་བརྩེགས་གྱིས་བསྔགས་པས། །རང་སྔགས་ཕྲེང་བ་ལ་སོགས་སྤོས་ཁར་འདོན། །དེ་ཡིས་རེག་གྲིབ་གེགས་རྣམས་སེལ་བར་བྱེད། །ཟས་ཀྱི་གྲིབ་དང་སྡིག་ཅན་འབུལ་བ་སོགས། །གྲིབ་ལ་བརྟེན་ཏེ་བྱིང་རྨུག་འཐིབས་པ་ན། །བུམ་པར་རྡོར་སེམས་བསྐྱེད་བཟླས་བུམ་ཆུ་ཡིས། །ཡན་ལག་ལྔ་ཁྲུས་བྱས་ཤིང་ཁོང་དུ་བཏུང་། །དེ་ནས་ཐབས་ལམ་སྒོམ་པའི་གེགས་སེལ་ནི། །འཚོ་བ་ཞན་ཅིང་འཕྲུལ་འཁོར་བརྩོན་དྲག་པས། །ལུས་པོ་དུབ་ཚད་ལུས་ཉམས་ཞན་དྲག་ན། །ལག་པ་གཡོན་པས་རང་གི་སྤྱི་བོར་བཀབ། །དེ་ཉིད་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །

(༤༩༧)དེ་དབུས་བཾ་ཡིག་དཀར་པོ་འགོ་ཐུར་བསྟན། །དེ་ལས་བདུད་རྩི་འོ་མ་ལྟ་བུ་བབས། །ཚངས་བུག་ནས་བཞུགས་ལུས་ནང་ལྟེམ་ལྟེམ་གང་། །དམིགས་པ་གསལ་བས་བུམ་ཆེན་ཅུང་ཟད་བཟུང་། །དེ་འདྲ་སྐབས་སྐབས་བྱས་པས་ལུས་སྟོབས་རྒྱས། །ནད་སེལ་ཚེ་སྒྲུབ་ཀུན་གྱི་མཆོག་ཏུ་འགྱུར། །དེ་ནི་ལུས་སྟོབས་ཞན་པའི་གེགས་སེལ་ལོ། །ལུས་ཉམས་བཟང་ཞིང་ཐིག་ལེ་རྒྱས་དྲག་ན། །རང་དབང་མེད་པར་ཐིག་ལེ་ཟག་འགྱུར་བས། །གསང་གནས་རྩེ་ནས་ཐིག་ལེ་ཐམས་ཅད་ནི། །སྐར་མདའ་བཞིན་དུ་སྤྱི་བོའི་ཧཾ་ལ་བསྟིམས། །ཧཱུཾ་རིང་དང་བཅས་རླུང་ནི་གྱེན་དུ་དྲངས། །ལྟོ་བ་སྒལ་སྦྱར་ལྕེ་ནི་ཡ་རྐན་སྦྱར། །མིག་གཉིས་ནམ་མཁར་གཏད་ལ་ཧྲཱིཿརིང་བགྲང་། །གསང་སྦུབས་ཧཱུཾ་དམར་བདུན་གྱིས་བཀག་པར་བསམ། །དྲོད་སྐྱེས་བདེ་བ་རྒྱས་པས་འདོད་ཆགས་འབར། །འདོད་ཆགས་ངོ་བོ་བལྟས་པས་བདེ་སྟོང་འདྲེས། །དེས་ནི་ཐིག་ལེའི་གེགས་ནི་སེལ་བའོ། །རླུང་ནི་སྟོད་དུ་འཚང་པས་སྙིང་མི་དགའ། །གཤུལ་

(༤༩༨)ན་ཧུ་ཤུ་འདོན་ཅིང་སྲོག་རླུང་འདྲ། །ནམ་མཁའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་སྟེང་། །ཡི་གེ་དབུ་ཅན་ཧ་ཡིག་ལྗང་གུ་བསྒོམ། །རང་གི་ཁོགས་ནས་ཧ་ཡིག་ལྗང་གུ་རྣམས། །རིམ་པར་ཐོན་ནས་ནམ་ཁའི་ཧ་ལ་བསྟིམ། །ཧ་ཞེས་ཉེར་གཅིག་བརྒྱ་སོགས་ཅི་ནུས་པ། །དྲག་པོར་བརྗོད་པས་སྟོད་ཀྱི་གེགས་དེ་སེལ། །སྟན་མི་ནོན་པར་འགྲོ་འདོད་ཛབ་ཛབ་ན། །སྙིང་དཀྱིལ་ཐིག་ལེ་ནག་པོ་རིལ་མ་ཙམ། །བ་དག་ལྟ་བུས་ཐག་པས་འབྲེལ་བ་ཞིག །འོག་སྒོ་ནས་ཐོན་ས་འོག་རིམ་དགུར་སོང་། །ཤིན་ཏུ་ལྗིད་པའི་རྣམ་པར་རིག་པ་གཏད། །འབེབས་ཆེན་འབེབས་ཆུང་ཡ་ཟུང་ཅི་ནུས་བརྒྱག །སྨད་ནད་སྨད་དུ་སེལ་བའི་གེགས་སེལ་ཡིན། །ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས། །ནམ་མཁའ་སལ་གྱིས་ལངས་པ་ནས་བཟུང་སྟེ། །ཉི་མ་ཤར་ངོས་བར་དུ་ཡིན་ན་ཡང་། །ཉིན་མཚན་རིང་ཐུང་ལ་ཡང་དཔྱད་བྱ་ཞིང་། །ཚེས་གཅིག་ཚེས་གཉིས་ཚེས་གསུམ་གཡོན་ནས་རྒྱུ། །ཚེས་བཞི་ཚེས་ལྔ་ཚེས་དྲུག་གཡས་ནས་རྒྱུ། །དེ་བཞིན་རྟག་ཏུ་

(༤༩༩)གསུམ་རེ་རེས་མོས་སྟེ། །རྒྱུན་དུ་མ་འཆུགས་རྒྱུ་བ་བར་ཆད་མེད། །ཞག་འགའ་གོ་ལྡོག་རྒྱུ་ན་ཁ་སྨྲས་འོང་། །ཞག་པོ་བརྒྱད་དགུ་གོ་ལོག་ཉི་དུ་འཆི། །ཞག་བཅུ་ཕན་ཆད་གོ་ལོག་རང་འཆི་རྟགས། །དེ་ཡི་གེགས་སེལ་གང་ནས་རྒྱུ་ཕྱོགས་ཀྱི། །མཆན་ཁུང་རྩེ་ནས་ལག་མཐིལ་དམ་དུ་མནན། །ལག་པའི་སྲིན་ལག་སྣ་བུག་དེ་ཉིད་བཀག །མཐེ་བོང་གིས་ནི་རྐེ་རྩིས་དམ་དུ་མནན། །རྒྱུ་སའི་ཕྱོགས་དེ་འོག་ཏུ་བསྟན་ནས་ནི། །ལྗིད་ཕབ་སྔས་མེད་ཧྲིང་ཉལ་རྒྱང་ཙམ་བྱ། །དེ་མ་ཐག་ཏུ་རླུང་ནི་འདོད་བཞིན་རྒྱུ། །རང་ལུས་རླུང་གིས་གེགས་དེ་བསལ་ཚར་ནས། །ཕྱི་ཡི་གེགས་རྣམས་སེལ་སྟེ་འབྱུང་མི་འགྱུར། །སྔ་དྲོའི་ཐུན་གྱི་བརྟག་པ་ཁོ་ན་ལས། །རྒྱུན་དུ་དེ་ཉིད་བརྟག་རྒྱུ་མེད་ན་ཡང་། །གཡས་རྒྱུ་མང་ན་བར་ཆད་རྒོད་པ་ཡིན། །གཡོན་རྒྱུ་མང་ན་བདེ་སྐྱིད་འབྱུང་བ་ཡིན། །མཉམ་དུ་རྒྱུ་མང་རྟོགས་པ་སྐྱེ་བ་ཡིན། །གཡས་ནས་རྒྱུ་དང་སེམས་ལ་དུག་ལྔ་སྐྱེས། །དེ་དུས་རླུང་བཟུང་མི་རུང་ཕྱིར་ལ་འབད། །

(༥༠༠)གཡོན་དུ་རྒྱུ་དང་མཉམ་ནས་རྒྱུ་པ་དང་། །དང་བ་དག་སྣང་དགེ་ཕྱོགས་དྲན་པའི་དུས། །ཕྱི་རུ་མི་འབུད་ནང་དུ་བཟུང་བ་གཅེས། །དེས་ནི་བར་ཆད་གེགས་སེལ་དངོས་གྲུབ་ཐོབ། །རྔུབ་དུས་དལ་བུས་རྔུབ་པ་མན་ངག་སྟེ། །དྲག་ཏུ་རྔུབ་ནས་བཟུང་ན་ནག་ཐོམ་འགྲོ། །དེ་ལ་སྙིང་རུས་བསྐྱེད་ཅིང་བཟུང་བ་ན། །རྩ་ལོག་རླུང་ལོག་འགྲོ་སྟེ་འཆི་རྐྱེན་བྱེད། །ཕར་ལ་འབུད་དུས་ཤེད་སྐྱེད་ལྷག་མེད་འབུད། །ལྷག་མ་ལུས་ན་ནད་དུ་འགྱུར་བ་ཡིན། །གསང་གནས་ཡན་ནས་མགྲིན་པ་མན་བཀང་བ། །བུམ་ཅན་ཟེར་ཡང་སྲོག་རླུང་འོང་ཉན་ཆེ། །གསང་གནས་ཡན་དང་བྱ་མོ་ལྷན་འདབས་མན། །བཀང་བ་བུམ་ཆུང་ཡིན་ཏེ་གེགས་སྐྱོན་མེད། །ཅུང་ཟད་རྔུབ་ནས་བཀང་བ་མ་ཡིན་པ། །གསུས་པ་ཐེར་ཐེར་བྱེད་པ་བར་རླུང་ཡིན། །དེ་ལ་གེགས་སྐྱོན་ཅི་ཡང་མེད་པ་ཡིན། །དགྲ་ཇག་ཁ་སྨྲས་བར་ཆད་འབྱུང་དོགས་ཆེ། །མྱ་ངན་རྩ་ནི་མཐེ་བོང་ནང་ཡོད་བཙིར། །སོར་མོ་གཡས་གཡོན་མཁའ་འགྲོ་སྡེ་བཞི་དང་། །དཔའ་བོ་སྡེ་བཞིར་སྒོམ་ལ་མཐེ་བོང་ནི། །གནོད་བྱེད་དེར་

(༥༠༡)བསྒོམ་དཔའ་བོ་མཁའ་འགྲོ་ཡིས། །གནོད་བྱེད་བཅིངས་བསམ་སོར་མོས་མཐེ་བོང་བཅིངས། །རླུང་ནི་རྒྱང་ཙམ་བཟུང་བས་ཁ་སྨྲས་སེལ། །ཐིག་ལེ་རྒྱས་སམ་ཡང་ན་གྲང་གཞིའི་ནད། །ཅིས་ཀྱང་མ་ཕན་ཐིག་ལེ་འཛག་པ་ན། །ལྡུམ་བུ་བ་ཁ་གཡུ་ལོ་སྟོན་གྱི་དུས། །རྩ་བ་ལོ་མར་བཅས་ཕ་གྲིབ་སྐམ་བྱ། །ཞིབ་བཏགས་པ་མི་འོ་མར་བཏབ་བཀོལ་ནས། །ཡང་ཡང་བཏུང་ན་དེ་ལས་ཟབ་པ་མེད། །ཐིག་ལེ་འབབ་དཀའ་ཕབ་ཀྱང་མི་ཕེབས་ན། །རྡོར་སེམས་བསྒོམ་བཟླས་ཚོགས་འཁོར་ཅི་མང་བྱ། །དམ་ཚིག་ཉམས་པའི་གྲིབ་ཕོག་གེགས་དེ་སེལ། །ཐིག་ལེ་བབ་ནས་བཟུང་བཟློག་མི་ཐུབ་པར། །དབང་མེད་འཆོར་ན་དེ་ཡི་གེགས་སེལ་ནི། །སྲེ་མོང་རྒྱུས་བས་སྲིན་ལག་གཉིས་པོ་བཅིངས། །ཡང་ན་ཆུ་སྲིན་གྲེ་འགགས་འཁྲུལ་འཁོར་བྱ། །འོག་རླུང་བཟུང་བ་འོག་སྒོ་བསྡམས་པ་ཡིན། །སྲིན་ཞལ་ཞེས་པའང་འོག་སྒོའི་མིང་ཡིན་ནོ། །རླུང་བཟུང་དུས་སུ་དེ་ཉིད་ཡར་བསྡམས་ལ། །སྟེང་ནས་རྔུབ་པས་ཕོ་བ་ཐེར་གྱིས་

(༥༠༢)དགང་། །ཕལ་ལ་མི་བཏང་དགང་ནས་འདུག་པའི་ཡུན། །རང་ངམ་མདུན་དུ་ནད་མེད་གཞན་ཞིག་གིས། །སྐྱིལ་ཀྲུང་བཅས་ཏེ་ལག་པ་ཅི་མགྱོགས་ཀྱིས། །པུས་མོ་གཡས་རེག་གཡོན་རེག་དཔྲལ་བར་རེག །སེ་གོལ་གཅིག་བརྡབ་དེ་རྣམས་གཅིག་ཏུ་བརྩི། །ལག་པ་གཡོན་པས་འཕྲེང་བ་བགྲངས་ལ་བཞག །བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟུང་ཐུབ་ན། །བུམ་ཆེན་ཚད་དུ་འཁྱོལ་བ་ཡིན་ནོ་ཞེས། །བདེ་མཆོག་སྡོམ་འབྱུང་རྒྱུད་ལས་ཤིན་ཏུ་གསལ། །དང་པོ་ཉེར་གཅིག་ཙམ་ལས་མི་ཐུབ་སྟེ། །དེ་ནས་བྱང་ནས་རིམ་གྱིས་རིང་དུ་ཐུག །བུམ་ཆེན་བཟུང་བས་རིམས་དང་ཚད་པ་དང་། །དུག་ནད་སེལ་བའི་མཆོག་ཡིན་རྒྱུད་ལས་གསུངས། །དེ་དག་ཐབས་ལམ་གེགས་སེལ་ཐོ་ཙམ་ཡིན། །དེ་ནས་ནད་ཀྱི་གེགས་རྣམས་སེལ་བ་ནི། །མཚམས་སྒྲུབ་དུས་སམ་དུས་ནི་ནམ་ཡང་རུང་། །རང་གཞན་སུ་ལ་བསྒོམ་ཡང་ཕན་པ་སྟེ། །མགོ་བོ་ན་དང་མགོ་འཁོར་འཐོམ་པ་སོགས། །མགོ་བོ་ཇེ་སྲབ་ཇེ་སྲབ་ལེབ་མོར་སོར། །འཇའ་ལྟར་ཡལ་ནས་རྐེ་ཡན་མེད་པར་བསྒོམ། །མིག་

(༥༠༣)མ་གསལ་དང་མིག་ཚ་མིག་ནད་རིགས། །མིག་གཉིས་མེད་ཅང་ལྟག་ཁུང་ཧར་བ་བུབ། །བུག་པ་ཧ་རེར་ཡོད་ལ་དམིགས་པ་གཏད། །སོ་ན་སོ་ནང་གཟབ་ཀྱི་བཾ་ཡིག་ནི། །དཀར་པོ་གཉིས་བརྩེགས་གཅིག་ལ་དམིགས་པ་གཏད། །ཡང་ན་སོ་དཀྱིལ་བླ་མ་སྨན་གྱི་བླ། །གསལ་བར་བསྒོམ་ལ་དམིགས་པ་གཏད་པས་སེལ། །ལྕེ་ན་རང་གི་ཕོར་བར་ཆུ་གཙང་བླུགས། །ལྕེ་ནད་ཐམས་ཅད་ནག་དང་ཉི་ལི་ལི། །ཆུ་ནང་སོང་དམིགས་ལྕེ་ནི་ཆུ་ནང་སྤང་། །བཤུལ་ན་བཤུལ་དུ་བུག་པ་ནོར་བུའི་དབྱིབས། །དེ་ནང་ནད་ཀུན་དུད་པ་ལྟར་ཐོན་བསམ། །ཚིགས་སོགས་ལུས་ཀྱི་ཁོལ་བུ་གར་ན་སར། །བུག་པ་ལྕགས་དྲྭ་བཞིན་དུ་ཡོད་པ་ནས། །ནད་རྣམས་བླངས་པའི་ཚུལ་དུ་ཐོན་པར་བསམ། །རྨ་ནི་གསར་པ་བྱུང་ན་རྨ་ཡི་ནང་། །ཐིག་ལེ་དཀར་དམར་འཐབ་ལ་དམིགས་པ་གཏད། །བཤལ་བ་མི་ཆོད་རང་དབང་མེད་པ་ན། །གཤང་ལམ་ནང་དུ་གསེར་གྱི་རྡོ་རྗེས་བཀག །གཤང་ལམ་ཕྱི་ནས་རྒྱུས་པ་འདྲ་བ་ཡི། །རྒྱུ་མའི་ཐག་པས་

(༥༠༤)དམ་དུ་དཀྲིས་པར་བསམ། །ཚད་པའི་ནད་ལ་སྙིང་དཀྱིལ་བཾ་དཀར་པོ། །ཆབ་བྲམ་འདྲ་བ་དེ་ལས་ག་བུར་གྱིས། །རང་བཞིན་ཆུ་ནི་ཤིན་ཏུ་གྲང་མོ་ཡིས། །ཁོག་པའི་ནང་ཀུན་བཤལ་ཞིང་འགྲིམ་པར་བསམ། །ཚད་པའི་ནད་ནི་ཐམས་ཅད་དག་པར་སྒོམ། །གྲང་བའི་ནད་དང་སྐྲངས་གཞི་དམུ་ཆུ་ལ། །ལྟེ་འོག་སུམ་མདོར་རཾ་ཡིག་དམར་པོ་ལས། །མེ་འབར་ལུས་ཀྱི་ནང་ཀུན་གང་བར་བསྒོམ། །རླུང་གི་ནད་ལ་མདུན་དུ་བྷན་དྷ་ནི། །ཆེན་པོ་འབྲི་མར་མར་ཁུས་སེར་ལྟེམ་གང་། །རྐང་པའི་མཐེ་བོང་གཉིས་པོ་སྦུ་གུ་ལྟར། །མར་ཁུ་ཡར་དྲངས་ལུས་ཀུན་ལྟེམ་གྱིས་གང་། །བ་སྤུའི་བུག་ནས་ཕྲུམ་ཕྲུམ་ཐོན་པར་བསམ། །སྨུག་པོ་ལ་སོགས་བད་ཀན་སྤྱི་ཁྱབ་ལ། །ཨ་ཡིག་དཀར་པོས་ལུས་ཀུན་གང་བར་བསྒོམ། །རླུང་སོགས་མི་དགོས་དམིགས་པ་ཁོ་ནས་ཆོག །དེ་ཀུན་ཞི་བྱེད་རྙིང་མའི་ཐུགས་སྒྲུབ་སོགས། །ཀུན་ལས་གསུངས་ཤིང་མྱོང་བས་ཅུང་ཟད་འགྲུབ། །སྙིང་མི་དགའ་དང་སྙིང་གཟེར་སྲོག་རླུང་ལ། །སྙིང་དཀྱིལ་བཾ་ཡིག་དཀར་པོར་བདུད་

(༥༠༥)རྩི་བབས། །བདུད་རྩི་དཀར་པོས་སྙིང་ནི་གང་བར་བསྒོམ། །དུག་དང་ཚད་པ་ལ་སོགས་མ་ཡིན་པར། །ཟས་མ་ཞུ་ཞིང་ཕོ་བ་གཟེར་བ་ན། །ལག་ཐིལ་གཉིས་སུ་ཨ་ཡིག་དཀར་པོ་བསམ། །གན་རྐྱལ་ཉལ་ལ་ཕོ་བ་མཉེ་བར་བྱ། །དུས་འཁོར་རྒྱུད་དང་རྙིང་མ་ནས་ཀྱང་གསུངས། །རྨི་ལམ་བུད་མེད་རྨིས་པ་ལ་བརྟེན་ནས། །ཐིག་ལེ་ཤོར་ན་ཉལ་ཁར་གསང་རྡོར་ནི། །ལྕགས་བསྲེགས་ཕུར་བ་ཚ་ཚ་འཕྲོ་བར་བསྒོམ། །བསེན་མོས་ཚེ་ལ་རྐུ་བའི་གེགས་དེ་སེལ། །ཐབས་ལམ་བསྒོམ་དུས་འཆི་རྟགས་སོགས་བྱུང་ན། །ནམ་ལངས་ལུས་ཀྱི་བ་སྤུ་མཐོང་ཙམ་དུས། །ནམ་མཁའ་རྒྱ་ཆེར་མཐོང་སར་ལུས་གནད་བཅས། ཁ་ནི་ཅུང་ཟད་ཙམ་ཞིག་གདངས་བྱས་ནས། །ནམ་མཁའ་ཐམས་ཅད་བདུད་རྩིའི་རང་བཞིན་ཞུ། །དཀར་པོ་འམ་ནི་སྔོན་པོའི་རྣམ་པ་རུ། །ཁ་རུ་སིལ་སིལ་བྱུང་ནས་ལུས་གང་བསམ། །རླུང་རྔུབ་ལུས་དགའ་ཅི་ཐུབ་དྲག་ཏུ་མནན། །དེ་འདྲ་ལན་གྲངས་འགའ་རེར་བྱས་པ་ཡིས། །སྒྲིབ་པ་བྱུང་ན་ཞག་

(༥༠༦)གཅིག་འཆི་བ་བཟློག །དེ་རྗེས་མཐེབ་འཛུབ་རྐེ་རྩིས་ལན་གསུམ་མནན། །རྒྱུན་དུ་བྱས་ན་ཚེ་སྒྲུབ་མཆོག་ཏུ་འགྱུར། །ཐུགས་རྗེ་གསང་འདུས་གསར་མའི་ལམ་འབྲས་སོགས། །རྒྱུད་གཞུང་ཁམས་ཆེ་ཀུན་ནས་གསུང་པ་ཡིན། །རང་ལ་གྲང་བའི་ནད་གཞི་བྱུང་བ་ན། །རླུང་དང་གཏུམ་མོ་ཁོ་ན་མཆོག་ཡིན་ཏེ། །ཕོ་སྐོར་བྱས་པས་མ་ཞུ་འཕྲལ་དུ་སེལ། །རིམ་དང་ཚད་པའི་ནད་ནི་བྱུང་བ་ན། །གངས་སེང་ཤིན་ཏུ་འཁྱགས་པར་ཡོད་པར་བསྒོམ། །སོ་བསྒྲིགས་བར་ནས་སིར་སྒྲ་དང་བཅས་པའི། །རླུང་ནི་དྲག་ཏུ་རྔུབ་ནས་བཟུང་བ་ནི། །ཆུ་རླུང་བཟུང་བ་ཞེས་བྱ་ཚད་སྨན་མཆོག །ནད་རིག་ཀུན་དང་འདུས་པའི་ནད་རྣམས་ལ། །རང་གཞན་སྤྱི་བོར་བླ་མ་སྨན་གྱི་བླ། །ཕྱག་གཡོན་ལྷུང་བཟེད་བདུད་རྩི་ཁ་དོག་ལྔ། །ཚངས་བུགས་ནས་ཞུགས་ལུས་གང་ནད་དག་བསམ། །དེ་ནས་གདོན་གྱི་གེགས་སེལ་བྱ་བ་ནི། །སྔ་དྲོའི་ཆ་ལ་རང་ཉིད་སྤྱན་རས་གཟིགས། །འགྲོ་འདུལ་ཕྱག་བཞི་ལུང་པ་གང་བར་བསྒོམ། །དང་པོའི་ཕྱག་གཉིས་ཐལ་

(༥༠༧)མོ་སྦྱར་བའི་བར། །གནོད་བྱེད་གདོན་བགེགས་ཐམས་ཅད་ཡོད་པར་བསྒོམས། །དེ་དག་ཀུན་ལ་མ་གཅིག་བུ་བཞིན་དུ། །བྱམས་དང་སྙིང་རྗེ་ཅི་ལྟར་སྐྱེ་སྐྱེ་བྱ། །སྐུ་ཡི་ནང་དུ་བསྲུང་བྱ་ཐམས་ཅད་ཚུད། །རླུང་ཞིག་ཕར་བཏང་རང་གི་བདེ་སྐྱིད་རྣམས། །འགྲོ་བ་སྤྱི་དང་གནོད་བྱེད་རྣམས་ལ་ཐིམ། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་བསམ། །རླུང་ཞིག་ཚུར་རྔུབ་ཁོང་རྣམས་སྡུག་བསྔལ་སྡིག །རང་ལ་ཐིམ་པས་བཀྲག་མདངས་འོད་འབར་བསམ། །ཐུགས་སྒྲུབ་ལ་སོགས་གསར་རྙིང་དུ་མའི་བཅུད། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་སྟེ། །བསྲུང་འཁོར་རྨད་བྱུང་བྱང་ཆུབ་གོ་ཆ་ཞེས། །དམ་ཆོས་དགོངས་གཅིག་ནས་གསུངས་སྙིང་པོ་ཡིན། །མུན་རུག་སྐད་ཅིག་དྲན་རྫོགས་བདག་ཉིད་ནི། །རྟ་མགྲིན་དམར་པོ་དབྱུག་ཏོ་སྡིགས་མཛུབ་ཅན། །སྐུ་ཆེ་ཁྲོ་ཆས་ཡོངས་རྫོགས་འཇིག་རུང་བསྒོམ། །རྟ་སྐད་གཅིག་བསྒྲགས་གནོད་བྱེད་ཐམས་ཅད་ཀུན། །སྦུར་མ་རླུང་གིས་བསྡུས་བཞིན་དབང་དུ་བསྡུས། །གཉིས་བསྒྲགས་

(༥༠༨)དམ་ལ་བཏགས་ནས་སྲོག་སྙིང་ཕུལ། །གསུམ་བསྒྲགས་བྱ་སྤུ་རླུང་གིས་གཏོར་བ་ལྟར། །དབང་མེད་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམ། །སྐུ་ལས་མེ་དཔུང་མཚོན་ཆའི་བུ་ཡུག་འཕྲོས། །རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང་། །ཕུར་པ་མེ་རིའི་གུར་ཁང་རིམ་པ་དྲུག །བར་མཚམས་ཁྲོ་བོ་སྣ་ཚོགས་རླུང་ལྟར་འཚུབས། །བསྲུང་འཁོར་དྲུག་པོ་སྲུབ་མེད་སྒོང་ང་བཞིན། །དེ་ནང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ། །དེ་ནི་དྲག་པོའི་སྒོ་ནས་བསྲུང་བའོ། །སྐྱབས་འགྲོ་བསྲུང་འཁོར་བཟློག་པ་ལ་སོགས་པ། །ཇི་ལྟར་འབད་བཞིན་སླར་ཡང་ཇེ་རྩུབ་ཅིང་། །ཇི་ལྟར་བྱས་ཀྱང་བླན་ཀ་བརྐོ་བ་ན། །དེ་ནས་སྨྱོན་པའི་བརྟུལ་ཞུགས་བྱ་གསུངས་དོན། །ནུབ་མོ་དགེ་སྦྱོར་ཚར་ནས་ཉལ་ཁའི་དུས། །ཀུ་ས་ལི་ཡི་ཚོགས་གསོགས་བྱ་བ་སྟེ། །དེ་ཡང་ཆོས་སྐྱོང་ལ་སོགས་མ་ནོན་ནམ། །ཕ་རོལ་སྟོབས་ཆེན་བྱད་ཀ་ཆེས་དྲག་ན། །ནམ་མཁའི་དབྱིངས་སུ་བླ་མའི་ལྷ་ཚོགས་དང་། །དེ་འོག་ཡི་དམ་དེ་འོག་མཁའ་འགྲོ་དང་། །དེ་འོག་ཆོས་སྐྱོང་བཀའ་སྲུང་དམ་ཅན་ཚོགས། །ནམ་

(༥༠༩)མཁའ་ཁྱབ་པར་སྤྲིན་བཞིན་གསལ་བར་དམིགས། །རང་གི་སྙིང་གར་རང་གི་རླུང་སེམས་དང་། །བླ་ཚེ་སྲོག་དང་བྱིན་རླབས་ནུས་པ་དང་། །ཕུང་ཁམས་སྐྱེ་མཆེད་ལྷ་རུ་བསྒོམས་པ་རྣམས། །གཅིག་བསྡུས་ཐིག་ལེ་དཀར་པོ་འོད་འབར་བ། །དབུ་མའི་ལམ་ནས་སྤྱི་བོར་རྒྱངས་སེ་སྤར། །དེ་ཉིད་གནས་འགྱུར་ཕག་མོའི་སྐུ་རུ་བསྒོམ། །དེ་ལྟར་ཐིག་ལེར་ལུས་ལྷ་བལྟིམ་པ་འདི། །གནད་ཟབ་ཡིན་གྱི་འདི་ཉིད་མ་ཤེས་ན། །བདག་བསྐྱེད་བསྒོམས་དང་གཅོད་དམིགས་རྒྱབ་འགལ་འོང་། །ལུས་ལྷ་སྤར་བའི་ཐ་མལ་བེམ་པོ་དེ། །ཆེ་འཚོ་བཀྲག་བཟང་འཛམ་གླིང་གང་བར་བསྒོམ། །རང་ཉིད་ཕག་མོས་གྲི་གུག་ཚད་ཙམ་གྱིས། །ཐོད་པ་ཡར་ནས་བྷན་དྷ་མཚན་ལྡན་པ། །སྟོང་གསུམ་འཇིག་རྟེན་ཙམ་གྱི་རྒྱ་ཁྱོན་བསྒོམ། །གྲི་གུག་རྩེ་ཡིས་བེམ་པོ་དེ་ནང་འཕངས། །གྲི་གུག་ཚད་ཙམ་ཤ་ཁྲག་དམར་ལྟེམ་གང་། །ཨོཾ་ཨཱཿཧཱུཾ་བརྗོད་ཡེ་ཤེས་བདུད་རྩི་ནི། །དཀར་དམར་མདངས་ལྡན་རོ་བཅུད་ཕུན་ཚོགས་གྱུར། །རང་གི་ཐུགས་ལས་

(༥༡༠)སྤྲུལ་པའི་མཁའ་འགྲོ་མ། །རང་འདྲ་བྱེ་བ་དུང་ཕྱུར་གྲངས་མེད་སྤྲོས། །ཕྱག་གཡས་རིན་ཆེན་ལས་གྲུབ་བྷན་དྷའི་སྐྱོགས། །ཐོགས་པས་བདུད་རྩིའི་རྒྱ་མཚོ་དེ་ལས་བཅུས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་ལ་མཆོད་པས་ཐམས་ཅད་མཉེས་ཤིང་ཚིམས། །ཁྱད་པར་རང་ལ་ཁུ་ལྡོག་བྱེད་པ་ཡི། །བཀའ་སྲུང་ཆོས་སྐྱོང་འཁོར་བཅས་ཡང་ཡང་མཆོད། །ཤིན་ཏུ་མཉེས་ཤིང་ཚིམ་པ་བསྒོམ་པར་བྱ། །དེ་བཞིན་འཇིག་རྟེན་སྐྱོང་དང་གདོན་བགེགས་ཚོགས། །ལྷ་འདྲེ་གཞི་བདག་འགྲོ་བ་རིགས་དྲུག་རྣམས། །སོ་སོ་རང་རང་གནས་སུ་མཁའ་འགྲོས་མཆོད། །སོ་སོའི་ཅི་འདོད་ལོངས་སྤྱོད་ཐོབ་པར་བསམ། །རང་ཉིད་ན་ནས་ཐུགས་དམ་མི་ནུས་ཚེ། །གྲེ་ཁུང་ཕཊ་བརྗོད་འདི་ཉིད་བརྒྱ་རྩ་བསྒོམ། །དེ་ཡིས་ནད་གདོན་འཕྲལ་དུ་སེལ་བ་ནི། །མྱོང་བས་ཡང་ཡང་གྲུབ་ལས་ངེས་ཤེས་ཡོད། །ནད་གདོན་གེགས་སེལ་རྣམས་ཀྱི་མཆོག་ཡིན་ནོ། །གཞན་ལ་ཡང་ནི་དེ་ལྟར་བསྒོམ་བྱ་སྟེ། །བདག་གཞན་ལུས་ངག་ཡིད་གསུམ་གཅིག་བསྲེས་ནས། །དེ་ལྟར་

(༥༡༡)བྱས་ན་ཕ་རོལ་ཕན་ཆེ་ཡང་། །རང་ལ་ནད་གདོན་གྲིབ་ཀྱིས་གོས་པར་སྣང་། །རྟོགས་པའི་གདེང་ཆེན་མེད་ན་དེ་མི་བྱ། །སོ་སོའི་རྣམ་ཤེས་སོ་སོར་སྤར་བྱས་ནས། །རྣམ་ཤེས་གཅིག་བསྲེས་བེམ་པོ་སོ་སོར་མཆོད། །དེ་ནི་རྟོགས་པ་འབྲིང་གིས་བྱ་བ་ཡིན། །སོ་སོར་སྦར་ཞིང་སོ་སོར་མཆོད་སྦྱིན་བྱ། །རང་ལ་མི་གནོད་རྟོགས་པ་དམན་ན་བྱ། །དེ་ནས་དེ་དང་འབྲེལ་བའི་དམིགས་པ་ནི། །རང་གཞན་ལུས་པོ་གང་དུ་ན་བའི་སར། །འགྲོ་བ་ཀུན་གྱི་ནད་གདོན་སྡིག་སྒྲིབ་བསྟིམ། །རུལ་པ་ལྟར་གྱུར་ཁྲག་གི་རྒྱུན་ཆེན་བབས། །གནོད་བྱེད་གདོན་བགེགས་ཀུན་གྱིས་དེ་འཐུངས་ཏེ། །དགའ་མགུ་ཡི་རང་ལྷག་མ་མེད་པར་བསམ། །རྐང་ལག་བཞི་པོ་གང་རུང་ན་བ་ཡི། །མཐིལ་དུ་རཾ་ཡིག་དམར་པོ་མེ་འབར་བས། །རྐང་ལག་གང་ཡིན་སྤོས་ཐུར་བཞིན་དུ་བསྲེགས། །རྩ་བའི་བར་ཚིགས་དེ་ནས་མི་དམིགས་བསམ། །དམ་པའི་ནད་གཙད་དམིགས་པ་གཏར་བསྲེག་ཡིན། །མ་ཞུའི་ནད་ཀྱིས་ཕོ་བ་ན་བ་ལ། །ཕོ་བར་ཁུང་བུག་

(༥༡༢)བེ་སྣབ་ནད་རྣམས་ནི། །ཝ་ཆུ་བཞིན་དུ་བབས་པ་ནད་བདག་འཐུང་། །ཕོ་ནད་ཟས་མི་ལེན་པའི་རིགས་རྣམས་ལ། །ཕོ་བ་ལྕགས་ཀྱི་ཤ་སྦྲང་གིས་གང་བས། །ཕོ་བ་ཐམས་ཅད་ཕུག་ཅིང་ཟོས་པར་བསམ། །མིད་ཆུས་བྱུང་ན་མི་ནག་སྦྲུལ་མགོ་ཡིས། །ལྕགས་སྲེགས་ཐོ་ལུམ་ཁ་ནས་མིད་པར་བཅུག །མིད་པ་མིད་ཐག་ཕོ་བ་ཐམས་ཅད་ཚིག །སྟོབ་པར་གྱུར་ནས་ལྕགས་སྲེག་འོག་སྒོར་ཐོན། །མགོ་བོ་ན་ཞིང་ཀླད་པ་གཟེར་བ་ལ། །མགོ་བོ་མེ་ཏོག་པདྨ་སྟོང་ལྡན་གས། །ཀླད་པ་ཕྱུར་ནས་ས་ཕྱོགས་ཐམས་ཅད་གང་། །བྱ་ཁྱུང་མང་པོས་ལྷག་མ་མེད་པར་ཟོས། །མིག་ནི་ནའམ་ཚ་ན་མི་ནག་གིས། །ལྕགས་ཁེམ་མིག་བྲུས་ཕར་ལ་འཕངས་མ་ཐག །ཡོས་གཏོར་བཞིན་དུ་ས་ཕྱོགས་མིག་གིས་གང་། །བྱ་ནག་མང་པོས་བཏུས་ཏེ་ལྷག་མེད་ཟོས། །སོ་ན་མི་ནག་གཟུགས་ཐུང་སྐམ་པ་ཐོགས། །སོ་ཕུད་ཆུ་རྡོའི་བར་བརྡུང་རླུང་ལ་བསྐུར། །སྐབས་སུ་མི་ནག་སེང་ཞོན་མགོ་མང་གིས། །སོ་ཀུན་ཕུད་ནས་སོ་ཕྲེང་དོ་ཤལ་བྱས། །

(༥༡༣)གླིང་བཞི་རི་རབ་བསྐོར་བ་བྱེད་ཅིང་རྒྱུག །ལྕེ་ན་མི་ནག་མགོ་བཅུ་སྟག་མགོ་ཅན། །ལྕེ་ལ་ཤར་མོ་བཅུ་དྲས་མགོ་བཅུས་འཇིག །རྐང་ལག་བཞི་པོ་གང་དུ་ན་ཡང་འདྲ། །སྦྲུལ་ནག་འདོམ་དགུ་ཟེ་བ་ཅན་གཉིས་ཀྱིས། །ཡར་དཀྲིས་མར་དཀྲིས་ཕུར་བ་ལྟར་དཀྲིས་པ། །མི་ནག་དགྲ་སྟ་ཁ་ཆེ་ཐོགས་པ་ཞིག །གཡོས་ཚིལ་གཏུབས་བཞིན་དུམ་བུར་བཅད་ཅིང་འཕངས། །ལྷ་འདྲེ་ཀུན་གྱིས་ཧབ་ཐོབ་ཟོས་པར་བསམ། །གློ་བ་ན་ན་མི་དམར་མདུང་ཙམ་གྱིས། །ཟངས་ལྕགས་སྦུ་གུས་གློ་བའི་རྣག་ཁྲག་འཇིག །མཁྲིས་པ་ན་ན་ཁྱི་ནག་འབུམ་ཕྲག་གིས། །བེམ་པོའི་ཁ་ཕྱེས་མཁྲིས་ཁུ་ལྷག་མེད་བཏུང་། །རྒྱུ་མ་ན་ན་རྩི་ཤིང་ནགས་ཚལ་ལ། །རྒྱུ་མ་ཐམས་ཅད་རྒྱ་ལྟར་བྲེས་པར་བསམ། །སྤྱིར་ནི་ཕྱི་ཤ་ནང་ཁྲོལ་གང་ན་བ། །དེ་ཉིད་གཏོར་བའི་ཐང་མས་ས་གཞིར་བརྡལ། །ལྷ་འདྲེ་རྣམས་ཀྱིས་ཡོས་ལྟར་འགམ་པར་བསམ། །དེ་དག་ནད་གཅོད་ན་སར་གཅོད་པའོ། །དེ་རྣམས་ཀུན་ལ་སྔོན་དུ་སྙིང་རྗེ་བསྒོམ། །རྗེས་ནི་སྟོང་ཉིད་

(༥༡༤)ངང་ལ་མཉམ་པར་གཞག །དེ་ནས་ཏིང་འཛིན་སེམས་ཀྱི་གེགས་སེལ་ནི། །མང་ཡང་བྱིང་རྒོད་གཉིས་སུ་འདུས་པ་སྟེ། །བྱིང་རྨུག་འཐིབ་ཅིང་རིག་པ་མི་གསལ་ན། །སྣང་ཡེར་མཐོ་ཞིང་བསེར་བུ་ཡོད་ས་རུ། །ཆོས་བདུན་ལུས་གནད་ཀྲིམ་གྱིས་བསྒྲིམས་ལ་བཅའ། །མིག་གཉིས་ཕ་རིའི་རི་རྩེར་ནམ་མཁར་གཏད། །རང་གི་སེམས་ལ་རྗེན་ནེ་ཧྲིག་གེར་ལྟ། །རྣམ་རྟོག་འཕྲོ་རྒོད་རླུང་ལྟར་འཚུབས་པ་ན། །ལུས་གནད་བག་ལྷོད་སོག་ཕོན་ཞིག་ལྟར་བཞག །མིག་གཉིས་སྐྱིལ་ཀྲུང་གདན་གྱི་མཚམས་སུ་ལྟ། །འགྱུ་བ་གར་འགྲོར་བཏང་བས་རྒྱང་སྲུང་བྱ། །སྟོང་ཉིད་སྐྱེས་ན་ཐམས་ཅད་སྟོང་པར་མཐོང་། །རྒྱུ་འབྲས་དགེ་སྡིག་ཕན་གནོད་མེད་སྙམ་ཚེ། །ལུས་ལ་ཚེར་མ་བཙུགས་བསམ་མེ་སྟག་བླན། །སྟོང་པར་གོ་བས་ཕན་པ་ཨེ་འདུག་ལྟ། །རྟེན་འབྲེལ་བསླུ་བ་མེད་ལ་ངེས་ཤེས་སྐྱེད། །དེ་ཡིས་གེགས་སེལ་རིམ་པ་ཐོ་ཙམ་སོང་། །ཞེས་པ་ཤིང་སྦྲུལ་བདུད་རྩི་ཁྱིལ་བའི་ལོ། །སྟོབས་ཆེན་གླང་གི་ཟླ་བའི་ཚེས། །

(༥༡༥)བརྒྱད་ནས། །ཚེས་བཅུའི་བར་གྱི་དགོངས་མོའི་འཚམས་རེ་རེང་། །རཱ་ག་ཨ་སྱས་ཉམས་མྱོང་དང་བསྟུན་ནས། །ལྷུག་པར་གདམས་པ་བརྩོན་འགྲུས་རྒྱ་མཚོ་ཡིས། །རང་གི་བརྗེད་ཐོར་འཕྲལ་དུ་ཡི་གེར་བཏབ། །རྒྱུད་གཞུང་ལུང་འདྲེན་མང་པོ་མ་མཆིས་པས། །བློ་གྲོས་ལྡན་རྣམས་མཉེས་པར་མི་འགྱུར་ཞིང་། །དཔྱོད་ལྡན་རྣམས་ནི་ཡིད་གཉིས་སྐྱེ་ན་ཡང་། །བླུན་པོའི་རང་དྲན་རང་བཟོ་ཡིན་ནམ་མིན། །གསར་སྙིང་རྒྱུད་གཞུང་རྒྱ་མཚོར་གཟིགས་ན་གསལ། །ཡིག་ཆ་མཐོང་བས་བྲིས་བ་ཡིན་ནམ་མིན། །སློབ་དཔོན་གསུང་རྒྱུན་རང་གི་ཉམས་མྱོང་རྣམས། །བསྟུན་པའི་གདམས་པ་ཟབ་མོ་ཡིན་ནམ་མིན། །གུས་པས་ཡིད་ཀྱིས་ཉམས་སུ་བླངས་ན་གསལ། །བློ་དམན་རང་འདྲ་སྒྲུབ་པའི་གང་ཟག་ཚོགས། །མང་པོ་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་སོ་དྲུག་པའོ་མངྒ་ལཾ།། །ཇཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བོགས་གདོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།། །།

(༥༡༦)ཆོས་དབྱིངས་ཆུ་གཏེར་ཆེ་ལས་ལེགས་བྱུང་ཞིང་། །སེམས་ཉིད་རིན་ཆེན་བཻ་ཌཱུར་མཐོན་ཀ་ཆེ། །སྨིན་བྱེད་གདམས་པ་བྱིན་རླབས་རྒྱུན་གྱིས་བརླན། །སྔོན་འགྲོའི་གདམས་པས་སྒྲིབ་གསུམ་ལེགས་ཕྱིས་ནས། །ཉམས་རྟོགས་དུ་མ་བརྩེགས་པའི་རྒྱལ་མཚན་རྩེར། །འཕྱར་འདི་དངོས་གྲུབ་རྣམ་གཉིས་ཆར་འབེབས་ཡིན། །ཉམས་ལེན་སྒྲུབ་པ་བྱེད་པའི་གང་ཟག་ལ། །བོགས་འདོན་གདམས་པ་ལེགས་པར་མ་ཤེས་ན། །ཉམས་རྟོགས་བོགས་བསྐྱེད་ཐོན་པར་མི་འགྱུར་ཏེ། །དཔེར་ན་ཆུ་ལུད་མེད་པའི་ལོ་ཏོག་བཞིན། །བོགས་འདོན་ཀུན་གྱི་རྩ་བ་བརྩོན་འགྲུས་ཏེ། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་འདི། །ཉིན་རེ་ལན་གསུམ་རྙིང་ནས་དྲན་པ་གཅེས། །དེ་ཡིས་དགེ་སྦྱོར་ཀུན་གྱི་བོགས་སྐྱེད་འབྱུང་། །དེ་ནས་བསྐྱེད་རིམ་བོགས་སུ་འདོན་པ་ནི། །ཡི་དམ་ཐང་སྐུ་ཐིག་ཚད་བྲིས་ལེགས་པ། །ཉི་མ་ཤར་དུས་རང་གི་མདུན་དུ་བཤམས། །དབུ་ནས་གདན་གྱི་བར་དུ་ཡང་ཡང་བལྟ། །གདན་ནས་དབུ་ཡི་བར་དུ་ཡང་ཡང་

(༥༡༧)བལྟ། །དེ་ནས་སྐུ་ལུས་སྤྱི་ལ་ཡུན་རིང་བལྟ། །དེ་འདྲ་ཞག་པོ་འགའ་ཟུང་བྱས་པའི་རྗེས། །མུན་ནག་ནང་དུ་མིག་བཙུམ་ཞལ་ཐོང་དེ། །ཡིད་ལ་བཀོད་པས་མངོན་སུམ་ལྟ་བུར་འཆར། །དེ་ནས་བདག་མདུན་དེ་ཉིད་བཞིན་དུ་བསྒོམ། །དེ་ནི་བསྐྱེད་རིམ་གསལ་བའི་བོགས་འདོན་སྟེ། །རྒྱུད་སྡེ་རྣམས་ལས། །སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་དག་གིས་འགྲུབ་པར་འགྱུར། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ཁྱད་པར་བྲིས་སྐུ་ཕྱག་གི་གཡས་གཡོན་སོགས། །ཕྱག་མཚན་འགྱིང་ཐབས་གོ་ལོག་ཡོད་པར་བྲི། །དེ་ཉིད་ཉི་མ་ཤར་དུས་བཤམས་བྱས་ལ། །མེ་ལོང་མཐོ་སྐོར་དྭངས་པ་གཅིག་བསྟན་པས། །མེ་ལོང་ནང་དུ་སྐུ་གཟུགས་གསལ་བོར་འཆར། །དེ་ལ་སྔར་བཞིན་ཡང་ཡང་བལྟ་བྱས་ནས། །དེ་ལྟར་གསལ་ལ་ངོས་བཟུང་མེད་པར་བསྒོམ། །བར་སྣང་འཇའ་ཚོན་གསལ་པོ་ཤར་བའི་ཚེ། །གསལ་སྟོང་ཟུང་འཇུག་དཔེ་ཡང་དེ་ལ་བྱ། །སྒྲུབ་

(༥༡༨)པ་བསྙེན་སྒྲུབ་ཀུན་གྱི་བོགས་འདོན་ནི། །དུས་བཟང་སྐབས་སུ་ཚོགས་དང་གཏོར་མ་དང་། །བསྐང་བ་སྦྱིན་སྲེག་བསྟོད་བསྐུལ་བྱ་བ་གཅེས། །རྫོགས་རིམས་ཐབས་ལམ་བསྒོམ་པའི་བོགས་འདོན་ནི། །ཚོགས་ཀྱི་དམ་རྫས་ཤ་ཆང་སྤྱོད་པ་དང་། །ཐིག་ལེ་འཕེལ་བའི་ཟས་ཀྱིས་བཅུད་ལེན་གསུངས། །རང་ལུས་གསེར་གྱི་བུམ་པ་ཞིག་ཏུ་བསྒོམ། །དེ་ནང་རང་སེམས་རྡོ་རྗེ་རྣམ་འཇོམས་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་གཟུངས་ཀྱིས་བསྐོར། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཡིད་ཀྱིས་བསྟིམ། །སྐུ་ལས་བདུད་རྩིའི་རྒྱུན་བབས་ལུས་གང་བསམ། །གཟུངས་ནི་གསུམ་མམ་བདུན་སོགས་ཅི་སྒྲུབ་བཟླས། །དྲི་ཆུའི་ཐོག་མ་ཅུང་ཟད་འདོར་བྱ་ཞིང་། །སྙིགས་མའང་དོར་ཞིང་བར་མ་སྣོད་དུ་བསགས། །དྲི་ཆུ་མི་བསྐྱོད་པ་ཡི་ངོ་བོ་སྟེ། །ནད་གདོན་གྲིབ་སོགས་དག་བྱེད་མཆོག་ཡིན་ཕྱིར། །ཡེ་ཤེས་བདུད་རྩི་ཡིན་པའི་ངེས་ཤེས་ཀྱིས། །ཕུད་ནི་སོར་རྩེས་བླ་མ་ཡི་དམ་མཆོད། །དེ་ནས་ཧུབ་གསུམ་བདུད་རྩིར་བསམ་ལ་མིག །

(༥༡༩)དེ་རྗེས་ལུས་ཀུན་ཤིན་ཏུ་དག་པར་བཀྲུས། །རྩ་རྣམས་ཆད་དང་ཞ་དང་འཁུམ་པ་སོས། །དེ་སྟེང་ཤུ་ངག་ནག་པོ་ཞིབ་བཏུལ་བ། །མར་རྙིང་སྦྱར་བ་བྱུགས་པས་དྲོད་སྐྱེ་སླ། །རྫོགས་རིམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་མཆོག །སངས་རྒྱས་ཀུན་དང་བླ་མ་དབྱེར་མེད་པ། །རྡོ་རྗེ་འཆང་གི་སྐུ་རུ་སྤྱི་བོར་བསྒོམ། །མོས་གུས་གདུང་ཤུགས་རང་དབང་མེད་པ་ཡི། །རྒྱང་འབོད་ལན་འགའ་བྱས་ནས་རང་ལ་བསྟིམ། །དེ་ཡིས་རྟོགས་པའི་བོགས་ནི་ཐོན་པ་ཡིན། །གསར་བུ་ཅིས་ཀྱང་གནས་ཉམས་མ་སྐྱེས་ན། །མལ་མི་བསོ་བར་བརྒྱ་ཕྱག་གཅིག་ཙམ་འཚལ། །དེ་མ་ཐག་ཏུ་རྣམ་སྣང་ཆོས་བདུན་བཅའ། །རླུང་ནི་དབུ་མར་ཚུད་པས་གནས་ཉམས་སྐྱེ། །ཇི་ལྟར་བྱས་ཀྱང་རྨུག་འཐིབས་མི་གསལ་ན། །སྔ་དྲོ་དགོངས་མོ་ནམ་མཁའ་གཡའ་དག་དུས། །ཉི་མར་རྒྱབ་སྟོན་ལུས་གནད་ལེགས་པར་བཅའ། །མིག་གཉིས་ནམ་མཁའ་སྔོ་སངས་དཀྱིལ་དུ་གཏད། །སེམས་ཀྱང་དེར་གཏད་ཡུན་རིང་བར་དུ་བལྟ། །དེ་ཡིས་གསལ་སྟོང་རྗེན་པའི་བོགས་

(༥༢༠)འབྱུང་ངོ་། །རྒྱུན་དུ་བོགས་མེད་གནས་འགྱུ་རྐྱང་དེད་ན། །ཉིན་རེ་ཙམ་ལ་ཕྱག་དང་བསྐོར་བ་སོགས། །ལུས་པོ་མི་དལ་བྲེལ་བའི་ངོ་བོ་སྐྱོང་། །ངག་ཀྱང་མི་དལ་གསོལ་འདེབས་ཆོས་སྤྱོད་སོགས། །ཤིན་ཏུ་བྲེལ་བའི་ངང་ནས་ཨི་འདྲེས་ཚད། །ཉིན་རེ་ཙམ་ལ་ཤིན་ཏུ་དལ་བ་སྟེ། །ལྔར་བཟོ་བཞིན་དུ་གཡོ་འགུལ་མེད་བ་རུ། །སྔགས་ཀྱང་མི་བཟླ་ལུས་གནད་ཀྲིག་གེར་བཅའ། །རེས་འགའ་གཉིད་པ་ལྟར་དུ་རོ་ཉལ་བྱད། །རེས་འགའ་གསེར་སྐུ་བཞག་འདྲར་ལུས་གནད་བསྲང་། །དེ་ལྟར་རེས་མོས་བྱས་པས་བོགས་ཤིག་འབྱུང་། །དེ་ནས་ནད་ལ་བརྟེན་ནས་བོགས་འདོན་པ། །ནད་ཀྱི་རྒྱུ་ནི་སྔོན་གྱི་སྡིག་སྒྲིབ་སྟེ། །སྡིག་སྒྲིབ་སྦྱོང་ཐབས་སྟོང་ཉིད་བསྒོམ་བ་ཟབ། །དཔེར་ན་མུན་པར་སྒྲོན་མེ་བལྟམས་པ་བཞིན། །ནད་ཀྱི་རྐྱེན་ནི་གདོན་བགེགས་འབྱུང་པོ་སྟེ། །དམིགས་པའི་ཏིང་འཛིན་མང་པོ་ལྷ་འདྲེ་ཤེས། །དམིགས་མེད་སྟོང་ཉིད་ལྷ་འདྲེས་བསྒོམ་མི་ཤེས། །དེ་ཕྱིར་གདོན་འདུལ་མཆོག་ཀྱང་སྟོང་ཉིད་དེ། །

(༥༢༡)སྟོང་པ་ཉིད་ལ་སུས་ཀྱང་གླག་མི་རྙེད། །ནད་ཀྱི་འབྲས་བུ་ན་སྙམ་རྣམ་རྟོག་སྟེ། །རྣམ་རྟོག་དེ་ལ་གཅེར་གྱིས་བལྟས་པ་ན། །ན་དང་མི་ནའི་རྣམ་རྟོག་ཁྱད་པར་མེད། །ང་ན་བསམ་མཁན་རྣམ་རྟོག་དེ་ཉིད་ལ། །བཅས་བཅོས་མེད་པ་མཉམ་པར་གཞག་པའི་ཚེ། །གཟེར་དེ་འཕྲལ་དུ་ཞི་བར་མ་གྱུར་ཀྱང་། །ན་བའི་སྡུག་བསྔལ་ཕྱག་རྒྱ་ཆེན་པོར་འཆར། །དེ་ལ་ཅུང་ཞིག་རྒྱུན་བསྲིང་བསྒོམ་པ་ན། །གཟེར་ཆེན་རྐང་ཆག་ལུས་པོ་སྦྲིད་ཆིལ་འགྲོ། །དེ་ལ་ཡུན་རིང་བསྲིང་ནས་བསྒོམ་ནུས་ན། །སྒྲིབ་པ་དག་པས་ནད་གདོན་རང་སར་ཞི། །དེ་ནི་རྒྱལ་བ་རྒོད་ཚང་པས་མཛད་པའི། །རོ་སྙོམས་དགོངས་དྲིལ་དོན་གྱི་རྩ་ཐོ་ཡིན། །དེ་བཞིན་གཉེན་འདུན་ཤི་སོགས་སྡུག་བསྔལ་དང་། །གདོན་རྒོད་ལྷ་འདྲེའི་ཆོ་འཕྲུལ་འཇིགས་སྐྲག་དང་། །མ་ཉེས་ཁ་ཡོག་སྐུར་འདེབས་ཚིག་ངན་སོགས། །སྙིང་ལ་མི་བཟོད་རྣམ་རྟོག་གང་སྐྱེས་ལ། །ངོ་བོར་བལྟས་ལ་གཞི་མེད་ཡལ་བཅུག་ན། །དེ་ཀུན་བོགས་འདོན་མཆོག་ཏུ་འགྱུར་བ་སྟེ། །བདེ་དལ་བསྒོམ་སྒྲུབ་བརྒྱ་

(༥༢༢)ལས་ལྷག་པ་ཡིན། །རེ་ཞིག་ཞི་ཡང་ཕྱི་ནས་དུག་རུ་ལྟར། །ལྡང་བར་གྱུར་ན་སྔར་བཞིན་ངོ་བོ་བལྟ། །བདག་དང་བདག་གི་རྗེས་འཇུག་འབྲེལ་ཐོགས་དང་། །མ་འོངས་བདག་འཚང་རྒྱ་བའི་ཞིང་དེར་ཡང་། །དེ་འདྲའི་ངན་རྟོག་ཞི་ཞིང་མེད་པར་ཤོག །ཅེས་སོགས་རྗེས་ནས་བསྔོ་སྨོན་རྒྱ་ཡིས་གདབ། །དེ་ནས་བདེ་བའི་སྒོ་ནས་བོགས་འདོན་པ། །བདེ་སྟོང་ཟུང་འཇུག་རྟོགས་པ་མ་སྐྱེས་ན། །སྟོང་པ་ཉིད་ཀྱི་ཏིང་འཛིན་བརྟན་ན་ཡང་། །བླ་མེད་རྒྱུད་ཀྱི་ཕྱག་ཆེན་མིན་གསུངས་པས། །གཏུམ་མོའི་དམིགས་པ་རྩ་རླུང་འཁྲུལ་འཁོར་སྦྱངས། །དྲོད་སྐྱེས་དྲོད་ལ་བརྟེན་ནས་བདེ་བ་སྐྱེ། །བདེ་བའི་ངོ་བོ་བལྟས་པས་བདེ་སྟོང་འདྲེས། །བདེ་སྟོང་ཟུང་འཇུག་བོགས་ཆེན་དེ་ནས་འབྱུང་། །དེ་ནས་གསལ་བའི་ངང་ནས་བོགས་འདོན་པ། །རྫོགས་ཆེན་ཐོད་རྒལ་ཉམས་ལེན་སྐྱོང་བ་ན། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལྷ་སྐུ་འཆར། །དེ་དང་སེམས་ཉིད་བསྲེས་ལ་ངོ་བོ་ལྟ། །གསལ་སྟོང་ཟུང་འཇུག་བོགས་ཆེན་དེ་ནས་འབྱུང་། །དེ་ནས་མི་རྟོག་ངང་ནས་

(༥༢༣)བོགས་འདོན་པ། །སེང་གེའི་ཉལ་སྟབས་བྱས་ལ་ཉལ་བའི་ཚེ། །བདག་བསྐྱེད་བསྡུ་རིམ་དམིགས་པ་བྱས་པའི་རྗེས། །གཉིད་ལ་མ་སོང་བར་དུ་ངོ་བོ་སྐྱོང་། །ཤི་བའི་དུས་དང་གཉིད་དུས་ཆ་མཐུན་པས། །ཐིམ་རིམ་དཀར་ལམ་དམར་ལམ་ནག་ལམ་སོགས། །གསལ་པོ་མིན་པར་ཞད་ཙམ་འོང་བར་བཤད། །གཉིད་དུ་ཐིབས་སེ་སོང་ཚེ་ཚོགས་བརྒྱད་ཀྱི། །རྣམ་ཤེས་མི་གསལ་སྙིང་ག་དབུ་མའི་ནང་། །གཞི་ཡི་འོད་གསལ་ཅུང་ཙམ་འཆར་བར་བཤད། །དེ་དག་སོ་སོར་ངོས་ཟིན་དཀའ་ན་ཡང་། །བསྒོམ་མཐའ་གཉིད་ཀྱིས་བསུ་བར་བྱས་པ་ཡིས། །གཉིད་མ་ཐག་ཏུ་རྨི་ལམ་མི་རྨིས་པར། །སེམས་ངོ་ངོས་ཟིན་ལྷང་ངེར་གནས་པ་ན། །དེ་ནི་གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །དེ་འདྲ་ལན་བདུན་ཟིན་པར་གྱུར་པ་ན། །འཆི་དུས་ཐུགས་དམ་བསྐུལ་མ་མེད་ན་ཡང་། །རང་གི་ཐུགས་དམ་ཟིན་པར་ཨོ་རྒྱན་གསུངས། །མ་གཉིད་བར་དུ་སེམས་ངོ་མ་ཡེངས་ཤིང་། །གཉིད་ནི་མ་སད་བར་དུ་གཉིད་འཐུག་པས། །ཟིན་དང་མ་

(༥༢༤)ཟིན་རང་གིས་མི་ཤེས་ཤིང་། །རྨི་ལམ་ཟ་ཟི་ཙམ་ཡང་མི་རྨིས་པར། །སད་མ་ཐག་ཏུ་སེམས་ངོའི་སྟེང་ཉིད་དུ། །ལྷང་ངེར་འཇུག་ཅིང་ཁམས་དངས་དབང་པོ་གསལ། །དེ་ནི་འཐུག་བོའི་འོད་གསལ་ཟིན་པ་ཡིན། །དེ་སྐད་མཉམ་མེད་དག་པོ་ལྷ་རྗེས་གསུངས། །གཉིད་མ་ཐག་ཏུ་སེམས་ངོ་ཟིན་པ་ལ། །སེམས་ངོའི་ངང་ནས་འགྱུ་བ་ཅུང་ཟད་འབྱུང་། །གཉིད་པའང་ཤེས་ཤིང་ཁྱིམ་གྱི་ནང་ཀུན་མཐོང་། །སེམས་ངོ་མ་ཡེངས་ངང་ནས་ཞལ་གཟིགས་སོགས། །མཐོང་སྣང་ཐོས་སྣང་རྣམ་པ་སྣ་ཚོགས་པ། །དེ་ནི་སྲབ་མོའི་འོད་གསལ་ཟིན་པའོ། །གཉིད་མ་ཐག་ཏུ་སེམས་ངོ་མ་ཟིན་ཀྱང་། །མིག་ནས་འོད་ཟེར་རག་དུང་འདྲ་བ་འབྱུང་། །ཡང་ན་ཟླ་ཐིག་ཉི་ཟེར་འདྲ་བ་མཐོང་། །དེ་ཡི་རྐྱེན་གྱིས་སེམས་དེ་གསལ་པོར་ཟིན། །དེ་ཡི་ངང་ན་འོད་དེས་རྐྱེན་བྱས་ནས། །ཁང་ཁྱིམ་རི་བྲག་རྣམས་ཀྱིས་མ་སྒྲིབ་པར། །ཐག་རིང་ཡུལ་དང་མི་ཡི་ཅི་བྱེད་མཐོང་། །ཅི་ཟེར་ཐོས་སོགས་རེས་འགའ་འབྱུང་བ་ན། །དེ་ནི་ཉམས་ཀྱི་འོད་གསལ་

(༥༢༥)བྱ་བ་ཡིན། །དེ་ལྟར་གཉིད་ལ་བརྟེན་ནས་ཉམས་ལེན་པ། །དེ་ནི་མི་རྟོག་པ་ཡི་བོགས་འདོན་ཆེ། །དེ་ལྟར་འོད་གསལ་ཟིན་པར་མ་གྱུར་ན། །སྙིང་གར་ཀུན་གཞིའི་རྣམ་ཤེས་འཐུམ་པ་དེ། །ལས་ཀྱི་རླུང་གིས་ཁྲིད་ནས་རྩ་རྒྱུད་འགྲིམ། །དེ་ལ་བརྟེན་ནས་རྨི་ལམ་སྣ་ཚོགས་འབྱུང་། །རྨི་ལམ་ཨི་ཡིན་མ་ཤེས་ངང་ཉིད་ལ། །ཉིན་གྱི་བག་ཆགས་བསྐྱེད་རྫོགས་ཟིན་པ་ན། །དེ་ནི་རྨི་ལམ་འོད་གསལ་ཞེས་བྱའོ། །དང་པོ་རྨི་ལམ་ཡིན་པར་ངོས་ཟིན་ནས། །དེ་ནས་བསྐྱེད་རྫོགས་བསྒོམ་པས་ཉིན་ལས་གསལ། །ཡང་ན་བྱ་སོགས་ལུས་ཀྱི་སྤྲུལ་བསྒྱུར་གྱིས། །ཞིང་ཁམས་བགྲོད་དང་ཞལ་འཇལ་ཆོས་ཞུ་སོགས། །དེ་ལྟར་གཉིད་ལ་བརྟེན་ནས་བོགས་འདོན་ཏེ། །ཀྱཻ་རྡོ་རྗེ་ལས། །གཉིད་ནི་སྤང་བར་མི་བྱ་ཞིང་། །དབང་པོ་རྣམས་ཀྱང་མི་དགག་གོ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་ཡང་གསར་བུས་ཉམས་ལེན་སྐྱོང་བའི་ཚེ། །ཉིན་མོ་མི་སྙན་ཝ་དང་ཁ་ཏའི་སྐད། །

(༥༢༦)ལུག་ཁྱུ་མ་བུ་འདྲེས་དང་ཀུ་ཅོའི་སྒྲ། །མཚན་མོ་ཁྱི་སྐད་ཆུ་སྒྲ་ཆེ་བ་རྣམས། །ཏིང་ངེ་འཛིན་ལ་ཤིན་ཏུ་གནོད་པའི་ཆེ། །གནོད་པའི་སྒྲ་གཅིག་ལ་ནི་སེམས་གཏད་དེ། །སྒྲ་དང་སེམས་ངོ་བསྲེས་ལ་ངོ་བོ་ལྟ། །སྒྲ་དེ་རྣ་བར་ཐོས་ཀྱང་ངོ་བོ་སྟོང་། །དེ་འདྲ་ལན་འགའ་བྱས་ལ་ནན་གྱིས་བསྒོམ། །དེ་ནས་ཐོས་ཚད་སྒོམ་གྱི་ངོ་བོར་འཆར། །སེམས་ངོ་མ་ཡེང་ཧྲིག་གེར་སྐྱོང་བའི་ཚེ། །གཟུགས་ཀྱི་རྣམ་པ་སྣ་ཚོགས་གང་ཡང་རུང་། །གསལ་བར་མཐོང་ཡང་འདི་ཡིན་འདི་མིན་གྱི། །འཛིན་པ་མི་འཇུག་སེམས་ངོའི་ངང་དུ་གནས། །དཔེར་ན་བུ་ཆུང་ལྷ་ཁང་མཇལ་བ་བཞིན། །སེམས་ཉིད་སྤྲོས་བྲལ་སྟོང་པའི་ངང་ལ་གནས། །དེ་ནི་སྤྲོས་བྲལ་ངོ་བོ་སྐྱོང་ལུགས་ཏེ། །འཛིན་པའི་སེམས་དེ་སྟོང་པར་རྟོགས་ན་ཡང་། །གཟུང་བའི་ངོ་བོ་སྟོང་པར་མ་རྟོགས་པས། །རྡོར་དྲིལ་ལ་སོགས་གཟུགས་ཤིག་མདུན་དུ་བཞག །དེ་དང་སེམས་ངོ་སྲེས་ནས་སྒོམ་པ་ཡིས། །གཟུགས་དེ་མེད་ནི་སོང་བ་མ་ཡིན་པར། །

(༥༢༧)གཟུགས་དང་སེམས་འདྲེས་ངོ་བོ་སྟོང་པར་རྟོགས། །དེ་བཞིན་མདུན་གྱི་བྲག་སོགས་ལ་ཡང་བྱ། །དེ་ནས་མཐོང་ཚད་གཟུགས་ཀུན་དུས་གཅིག་བསྲེ། །དེ་ནས་གླིང་བཞི་རི་རབ་སྟོང་གསུམ་ཁམས། །ཡིད་ལ་བཀོད་ནས་བསྲེས་བས་དབྱེར་མེད་འདྲེས། །དེ་ནས་བསྲེ་བ་ལ་སོགས་མི་དགོས་བར། །ཕྱི་ནང་སྣོད་བཅུད་གཟུགས་རྣམས་ཐམས་ཅད་ཀུན། །རྒྱ་མཚོར་ཤར་པའི་གཟའ་སྐར་ཅི་བཞིན་དུ། །རྣམ་པ་གསལ་ཡང་ངོ་བོ་སྟོང་ཉིད་དུ། །སྒོམ་ཡང་མི་དགོས་རང་བཞིན་ཤུགས་ཀྱིས་འཆར། །དེ་བཞིན་ནམ་མཁའ་ཉིད་དང་སེམས་བསྲེས་ལ། །ངོ་བོ་སྐྱོང་བས་སེམས་དང་ནམ་མཁའ་འདྲེས། །དེ་བཞིན་ནམ་མཁས་གར་ཁྱབ་ཡིད་བཀོད་ལ། །སེམས་དང་བསྲེས་པས་དབྱེར་མེད་གཅིག་འདྲེས་ནས། །འདི་ཕན་ནམ་མཁའ་འདི་ཚུན་སེམས་ཡིན་ཞེས། །ཕྱི་རྒྱུ་མེད་པར་ཉམས་ལེན་གཅིག་གི་ངང་། །དང་པོ་ཡི་དམ་ལ་སོགས་སངས་རྒྱས་གཅིག །ཐུགས་ཡིད་དབྱེར་

(༥༢༨)མེད་བསྲེས་ལ་ངོ་བོ་བལྟ། །དེ་ནས་དེ་བཞིན་སངས་རྒྱས་ཀུན་དང་བསྲེ། །དེ་བཞིན་སེམས་ཅན་གཅིག་དང་ཀུན་ལ་བསྲེ། །རྒྱལ་བ་ཀུན་གྱི་ཐུགས་དང་འགྲོ་ཀུན་སེམས། །རང་སེམས་དབྱེར་མེད་རྟོགས་པའི་བོགས་ཆེན་འབྱུང་། །དམིགས་པས་སྒོམས་དང་གོ་བ་མ་ཡིན་པར། །ངེས་པར་གཏིང་ནས་རྟོགས་ན་ལྟ་བ་ཡིན། །ད་རུང་ཡེང་སྐབས་བརྗེད་སྐབས་མང་དུ་འབྱུང་། །དེ་བཞིན་འཆི་བ་མི་རྟག་བརྗེད་གྱུར་བས། །བརྩོན་འགྲུས་ཐང་ལྷོད་ཤོར་བའི་རྐྱེན་བྱེད་པས། །རང་གི་སྒྲུབ་ཁང་ནང་གི་ཕྱོགས་བཞི་རུ། །ས་དཀར་སྣག་ཚ་བཙག་གསུམ་གང་བདེ་ཡི། །འཆི་བ་ཟེར་བའི་ཡིག་འབྲུ་ཆེན་པོ་དང་། །མ་ཡེངས་ཟེར་བའི་ཡིག་འབྲུ་ཆེན་པོ་བྲི། །ཕྱོགས་བཞི་གང་དུ་བལྟས་ཀྱང་དེ་མཐོང་བྱ། །དབུས་གཙང་དེ་འདྲའི་ཕྱག་སྲོལ་མིག་གིས་མཐོང་། །དེ་བཞིན་འཆི་བ་མི་རྟག་དྲན་པ་དང་། །འཆི་བ་དྲན་ནས་སེམས་ངོ་ལྟ་དྲན་བྱ། །བདེ་ཉམས་འཐུག་པོ་སྐྱྐྱེས་བའི་དུས་ཉིད་དུ། །ཡེངས་མེད་འཁོར་ཡུག་

(༥༢༩)འདྲ་བ་འབྱུང་ན་ཡང་། །རིང་ཡང་ལོ་ཟླ་ཙམ་ལས་རྟག་མི་ཐུབ། །རྟོགས་པ་དངོས་གཞི་ཡེངས་སྐབས་ཤིན་ཏུ་མང་། །དྲན་ཚེ་ཡེངས་སོང་སྙམ་དུ་འགྱོད་པ་ཤོར། །ནམ་ཙམ་ཡེངས་སོང་སྙམ་ནས་རྗེས་ར་དེད། །དེ་ནས་བློ་སེམས་མི་བདེ་སྐྱོང་མི་འདོད། །དེ་ཡི་བོགས་འདོན་དྲན་པའི་སྐབས་དེ་ནས། །དེ་སྔ་ཡེངས་ཚད་རྣམ་རྟོག་དུ་སོང་ཀུན། །ཡིད་ལ་བཀོད་ལ་ཕྱི་བལྟས་བྱེད་པ་ལྟར། །ངོ་བོ་བལྟས་པས་སྟོང་པར་སངས་ཀྱིས་འགྲོ། །དེ་ཡིས་བློ་ཁ་ཚིམ་ཤིང་གོ་ཆོད་གསུངས། །དེ་དོན་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས། །ངོ་བོ་རྟོགས་ན་ཅུང་ཟད་ཡེངས་སྐབས་ཀྱི། །རྣམ་རྟོག་དེ་ཡིས་སྒྲིབ་པར་མི་ནུས་གསུངས། །གཏན་ནས་ཡེངས་སྐབས་མེད་པ་དེ་འདྲ་ནི། །སྒོམ་མེད་མ་རྟོགས་བར་དུ་མི་འོང་བར། །མར་པའི་རླུང་སེམས་གཉིས་མེད་ཁྲིད་ཡིག་གསལ། །དེང་སང་ཡེངས་མེད་ཡོད་ཟེར་ཕལ་ཆེར་ནི། །བདེ་ཉམས་སྐབས་ཀྱི་ཡེངས་མོད་ཡིན་པར་སྣང་། །དེ་ལྟར་ཡེངས་མེད་དངོས་དེ་

(༥༣༠)མི་འབྱུང་དོན། །ཐུགས་ནི་མཉམ་པར་མ་བཞག་མི་མདའ་བར། །སངས་རྒྱས་མ་འདྲེས་ཆོས་སུ་གསུངས་ཕྱིར་རོ། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་དང་། །གཉིད་དང་མ་གཉིད་དོན་ལ་ཁྱད་མེད་དེ། །ངོ་བོ་སྟོང་ཉིད་ཆོས་སྐུ་རྗེན་པ་ཉིད། །མ་དྲན་ཡེངས་པས་ངན་དུ་མི་འགྲོ་ལ། །དྲན་ཞིང་སྒོམ་ཡང་བཟང་དུ་མི་འགྲོ་བར། །འགྱུར་མེད་ས་ལེ་སྦྲམ་གྱི་གསེར་བཞིན་དུ། །རྟོགས་པ་འདི་ནི་ངོ་བོ་རྟོགས་པ་སྟེ། །དེ་ཡི་གོ་བ་ཙམ་ལ་གདེང་བཅས་ནས། །དགེ་སྦྱོར་སྤངས་ན་བདུད་ཀྱི་ལས་སུ་འགྱུར། །ཡེངས་དང་མ་ཡེངས་ཁྱད་མེད་གདེང་རྙེད་ཀྱང་། །ཡང་ཡང་དྲན་པས་གསལ་འདེབས་ཟབ་པར་གསུངས། །འདི་དོན་དྭགས་པོས་མི་ལ་མ་མཇལ་བར། །མ་དགོངས་སྒོམ་ལ་འོ་རྒྱལ་བྱུང་ཞེས་གསུངས། །འདི་དོན་ཕག་གྲུས་ཞུས་ལན་སྐབས་སུ་གསལ། །ཁྲིད་ཡིག་རྣམས་དང་བླ་མ་རྣམས་ཀྱིས་གསུངས། །རང་གི་ཉམས་མྱོང་བསྟུན་པས་བློ་བདེ་རྙེད། །མཉམ་རྗེས་འདྲེས་པའི་བོགས་ཆེན་དེ་དུས་བྱུང་། །

(༥༣༡)འགའ་ཞིག་བདེ་ཉམས་ལུས་སེམ་བདེ་བས་རྒྱས། །སེམས་ལ་ངེས་ཤེས་དགའ་བ་ཆེན་པོ་ཡོད། །དེ་བཞིན་སེམས་ནི་གསལ་སྟོང་རྗེན་པར་བུད། །ལྷང་ངེ་རྗེན་ནེ་ངེས་ཤེས་གདེང་དང་ལྡན། །གཉིད་དུས་ཕལ་ཆེར་དེ་ཡི་ངང་དུ་འགྲོ། །རྟོགས་པ་འདི་འདྲ་གཞན་ལ་མེད་ཉམས་ནས། །རང་རྩིས་ཆེ་ཞིང་རྟོགས་ལྡན་མཆོག་ཏུ་རློམ། །དེ་གཉིས་ཉམས་ཡིན་བཤིགས་ནས་མ་བསྒོམ་ན། །གསེར་དུ་རློམ་ནས་ར་གན་འཆང་དང་མཚུངས། །དེ་གཉིས་བཤིག་རྒྱུ་བཤིག་ལུགས་གང་ཡིན་ན། །ངེས་ཤེས་བརྟན་པོ་དེ་ཉིད་བཤིག་དགོས་སོ། །ངེས་ཤེས་དེ་ནི་རྣམ་པར་རྟོག་པ་ཡིན། །རྣམ་པར་རྟོག་པ་མ་རིག་འཁོར་བའི་རྒྱུ། །ཕྱག་རྒྱ་ཆེན་པོ་མི་རྟོག་ཡེ་ཤེས་ཡིན། །དེ་ཕྱིར་བཀའ་བརྒྱུད་གོང་མའི་གསུང་རྣམས་ལ། །སྒོམ་འདེབས་ཤེས་པ་མངས་ཏེ་བཤིག་ཤེས་དཀོན། །ཞེས་གསུངས་དོན་ཡང་དེ་ཡི་དགོངས་པ་ཡིན། །འོ་ན་སྒོམ་དེ་ཇི་ལྟར་ཡིན་ཞེ་ན། །ཚེ་རབས་སྔོན་གྱི་ལས་

(༥༣༢)འཕྲོ་སད་པའམ། །ཚོགས་བསགས་སྒྲིབ་སྦྱངས་བྱས་པའི་འབྲས་བུ་འམ། །མོས་གུས་སྟོབས་ཀྱིས་བྱིན་རླབས་ཞུགས་པའམ། །ཡི་དམ་བརྙེན་སྒྲུབ་ཐིམས་པའི་དངོས་གྲུབ་ལས། །ཅི་ཡིན་ཆ་མེད་རང་ཡང་རྒོད་བྲོ་བ། །སྔོན་གྱི་ཉམས་རྟོགས་བཟང་དགུ་ཤུན་པར་བུད། །ངེས་ཤེས་ཡོད་པ་ཐམས་ཅད་གཏིང་ནས་གཏོར། །བསྒོམ་བྱ་སྒོམ་བྱེད་འཛིན་པ་ཅི་ཡང་མེད། །ཐ་མལ་ཆོས་མ་ཐོས་དུས་སེམས་ཉིད་དེ། །ཕྱག་རྒྱ་ཆེན་པོར་ལྷན་གྱིས་རྟོགས་གྱུར་པས། །ཨ་ཨ་འདི་ཉིད་ཡིན་པར་འདུག་པ་ལ། །བླ་མས་མ་གསུངས་ང་ལ་མགོ་བསྐོར་བཏང་། །རང་གིས་མ་རྟོགས་ཧ་རེ་ལོང་དུ་སོང་། །ད་ནི་བསྒོམ་རྒྱུ་ཅི་ཡང་མི་འདུག་པས། །ཁ་རོག་བསྡད་པ་འདི་ཀས་ཆོག་པར་འདུག །སྙམ་ནས་སེམས་ཉིད་ངལ་སོས་ལྟ་བུ་འགྱུར། །ཐ་མལ་ཤེས་པ་རྗེན་པ་ཞེས་བྱ་དང་། །ཆེན་པོ་གསུམ་གྱི་བློ་ཡི་མ་རེག་དང་། །སྨྲ་བསམ་བརྗོད་མེད་སྤྲོས་དང་བྲལ་བ་རྣམས། །ཐམས་ཅད་དེ་ཡི་མིང་གི་རྣམ་གྲངས་ཏེ། །མ་ཡེངས་

(༥༣༣)དྲན་རྫིའི་ཡང་ཡང་གསལ་འདེབས་ལས། །བྱ་རྒྱུ་ཅི་ཡང་མེད་པ་ཉམས་ལེན་ཡིན། །ཐོས་པ་ཆུང་ན་དེ་ཡིས་ཡིད་མི་ཚིམ། །གསལ་སྟོང་རྗེན་པ་བདེ་ཉམས་ཡོད་པ་འདོད། །སྔོན་བཞིན་ཨེ་འོང་ཚད་ཀྱང་མི་བྱུང་བས། །ཉམས་ལེན་གཞན་དུ་སོང་སྙམས་སེམས་མི་དགའ། །དེ་ནི་རྟོགས་པ་ཉམས་ལ་ཤོར་བ་ཡིན། །དེ་ཡི་བོགས་འདོན་དེ་ཉིད་སྐྱོང་བ་ལས། །ཉམས་རྟོགས་བཟང་པོའི་འདོད་པ་སྤང་བར་བྱ། །དེ་ནས་གོལ་ས་ཤོར་ས་ཡོལ་བ་ཡིན། །གསལ་དངས་ཐོན་དང་མ་ཐོན་ཙམ་ཞིག་ལས། །ངོ་བོ་དེ་ལ་འགྱུར་བ་མེད་པ་ཡིན། །ཞེས་པ་ཤིང་སྦྲུལ་མགོ་ཡི་ཟླ་བ་ཡི། །བཅུ་གཅིག་དང་ནི་བཅུ་གཉིས་དགོངས་ཐུན་མཚམས། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་བསམ་བློ་མ་བཏང་བར། །འཕྲལ་དུ་གང་དྲན་སྨྲས་ཕྱིར་གོ་རིམ་འཆོལ། །དེ་ཡི་ནོངས་པ་མཁྱེན་ལྡན་རྣམས་ལ་བཤགས། །འདི་རུ་གོ་རིམ་འཆོལ་བར་གྱུར་ན་ཡང་། །ཁྲིད་ཡིག་རྣམས་སུ་གོ་རིམ་གསལ་མོད་ཀྱི། །

(༥༣༤)དེ་ནི་རིམ་གྱིས་པ་ཡི་དབང་དུ་མཛད། །ཐོད་རྒལ་བ་ལ་གོ་རིམ་མ་ངེས་ཕྱིར། །གོ་རིམ་འཆོལ་ཡང་ཧ་ཅང་འགལ་བ་མེད། །འདི་ཉིད་བཤད་པའི་ཆོས་ནི་མ་ཡིན་ཕྱིར། །ས་བཅད་གོ་རིམ་ལུང་འདྲེན་སྤྲོས་པ་བསྐྱུངས། །འདི་ཉིད་སྙན་དངགས་བསྟན་བཅོས་མ་ཡིན་ཕྱིར། །ཚིག་གི་མཛེས་རྒྱན་སྡེབ་སྦྱོར་སྤྲོས་པ་བསྐྱངས། །འདི་ཉིད་གཞུང་གི་བཤད་པ་མ་ཡིན་ཕྱིར། །རང་ལུགས་གཞན་ལུགས་དགག་བཞག་སྤྲོས་པ་བསྐྱུངས། །འདི་ཉིད་མཁས་འདོད་བསྟན་བཅོས་མ་ཡིན་ཕྱིར། །ཡིག་ཆ་མང་པོ་བསྡུ་བའི་བྲི་བཤུ་བསྐྱུངས། །འདི་ཉིད་གཞན་ཟེར་རྗེས་ཟློས་མ་ཡིན་ཕྱིར། །གྲུབ་ཆེན་གོང་མའི་གསུང་གི་ལུང་འདྲེན་བསྐྱུངས། །བླུན་པོའི་རང་བཟོ་བླུན་ཚིགས་མ་ཡིན་པས། །མདོ་རྒྱུད་གོང་མའི་གསུང་དང་འགལ་བ་མེད། །རང་གི་ཉམས་མྱོང་ལྷུག་པར་སྨྲས་པའི་ཕྱིར། །རང་འདྲའི་དམན་པ་འགའ་ལ་ཕན་ནམ་སྙམ། །དེ་ཕྱིར་བླ་མ་བཱིརྱ་སཱ་ག་རས། །འཁྱགས་བསྒུར་བྱས་ཏེ་སྒྲོན་མའི་ངོགས་ལ་བྲིས། །དགེ་བས་

(༥༣༥)མཐོང་ཚད་ཉམས་རྟོགས་མཐར་ཕྱིན་ཤོག །ལེའུ་སོ་བདུན་པའོ་མང་ག་ལཾ།། །ཉཾ། །རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །རྒྱབ་ཆོས་དུག་ལྔ་སྤང་བ་དང་འདུལ་བ་དང་བསྒྱུར་བ་དང་རང་བཞིན་ཤེས་པ་དང་ལཾ་དུ་ཁྱེར་ཐབས་དུག་འཇོམས་རྨ་བྱ་ཆེན་མོ་བཞུགས་སོ།། །།ན་མོ་ཤཱཀྱ་མུ་ནེ་ཡེ། རྣམ་པ་ཀུན་མཁྱེན་ཡང་དག་རྫོགས་སངས་རྒྱས། །བདེན་པར་གསུངས་པ་དེ་ལ་ཕྱག་འཚལ་ལོ། །བླ་མ་ཀརྨ་བརྩོན་འགྲུས་རྒྱ་མཚོ་བས། །ཀྱེ་མ་ཅི་ལྟར་བྱས་ཀྱང་དུག་ལྔ་འདི། །སྟོང་ཉིད་ངང་དུ་གྲོལ་བར་མ་ནུས་པས། །དུག་ལྔ་འདི་ཡིས་དབང་དུ་མི་འཚེར་བའི། །གདམས་པ་ཟབ་མོ་གནང་བར་ཐུགས་རྗེས་ཟུང་། །དེ་སྐད་ཟེར་བའི་ལེན་དུ་སྨྲ་བ་ན། །དུག་ལྔ་སྤངས་དང་གཉེན་པོས་འདུལ་བ་དང་། །རང་བཞིན་ཤེས་པར་བྱེད་པ་ལམ་ཁྱེར་བཞི། །དང་པོ་བདེན་བཞི་ཆོས་ཀྱི་འཁོར་ལོའི་དོན། །རྒྱུ་འབྲས་བསླུ་མེད་དོན་ལ་ཡིད་ཆེས་པས། །ཉེས་དམིགས་དྲན་ནས་སྤང་བར་བྱེད་པ་ཡིན། །སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། །མི་འདོད་འོང་དོགས་

(༥༣༦)ཆེ་བ་སྡུག་བསྔལ་ཡིན། །སྡུག་བསྔལ་བྱུང་བའི་རྒྱུ་ནི་མི་དགེ་བ། །དུག་ལྔས་བསླང་བའི་ཉེས་པ་གང་བསྒྲུབས་པ། །དེ་དག་མི་དགེ་ཡིན་ཕྱིར་སྤང་བར་བྱ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་ངེས་པས། །སྡུག་བསྔལ་དེ་ནི་བདེན་གྲུབ་ལུས་ཀྱིས་མྱོང་། །དེ་ནི་སྡུག་བསྔལ་བདེན་པ་ཞེས་བྱའོ། །དུག་ལྔ་ལས་ནི་མི་དགེ་ཀུན་འབྱུང་པ། །དེ་ནི་ཀུན་འབྱུང་བདེན་པ་ཞེས་བྱའོ། །དུག་ལྔ་བཀག་ན་ཐར་པའི་ས་ལམ་ཐོབ། །དེ་ནི་འགོག་པའི་བདེན་པ་ཞེས་བྱའོ། །ས་ལམ་བགྲོད་པས་འབྲས་བུ་དགྲ་བཅོམ་ཐོབ། །དེ་ནི་ལམ་གྱི་བདེན་པ་ཞེས་བྱའོ། །ཝཱ་རཱ་ཎ་སིར་ཆོས་འཁོར་བསྐོར་བ་ཡི། །དོན་གྱི་རྩ་བ་དེ་ལ་འདུས་པ་ཡིན། །འདོད་ཆགས་འབྲས་བུས་ཡི་དྭགས་སྐྱེ་བར་གསུངས། །ཞེ་སྡང་དམྱལ་བ་གཏི་མུག་དུད་འགྲོའི་རྒྱུ། །ཕྲག་དོག་ལྷ་མིན་ང་རྒྱལ་ལྷ་དང་མི། །ངན་སོང་གསུམ་ན་སྡུག་བསྔལ་བཟོད་བརླག་མེད། །མཐོ་རིས་གནས་སུ་གནས་སྐབས་བདེ་ན་ཡང་། །མི་རྟག་མྱུར་དུ་སྡུག་བསྔལ་རྒྱུ་རུ་འགྱུར། །སྐྱེ་རྒས་ན་འཆི་གྲངས་མེད་ཐར་དུས་མེད། །དེ་ཡི་རྩ་བ་དུག་ལྔ་

(༥༣༧)ཡིན་ཕྱིར་སྤང་། །ད་ལྟ་དུག་ལྔའི་རྣམ་རྟོག་བསྲན་ཀྱང་ཚུགས། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་བརླག་མེད། །དེ་ཕྱིར་དུག་ལྔ་སྐྱེས་ཀྱང་བསྲན་ཅིང་བསྒུར། །རྒྱལ་པོ་བཙན་པོའི་བཀའ་ཁྲིམས་དམ་པོ་བཞིན། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་གྱིས། །ཁྲིམས་སུ་བཅས་པའི་འདུལ་ཁྲིམས་ལས་འདས་ན། །སྐྱེ་བ་འབུམ་ཕྲག་བརྒྱ་ཡི་བར་དག་དུ། །ངན་སོང་སྡུག་བསྔལ་མྱོང་བའི་ཆད་པ་ཡོད། །འཇིག་རྟེན་འདི་ན་ཤི་བ་ཐུ་མོད་ཀྱི། །དེ་བས་ཚུལ་ཁྲིམས་འཆལ་བ་འབུམ་འགྱུར་སྡུག །ཚུལ་ཁྲིམས་ལྡན་པ་ཤི་ཡང་ཤི་བ་མིན། །དེ་མ་ཐག་ཏུ་ལུས་བཟང་ལེན་པས་ཆོག །གཟུགས་མཛེས་ལ་ཆགས་སྡོམ་པ་གཏོང་བ་ནི། །མར་མེའི་གཟུགས་ལ་ཕྱེ་ལེབ་ཆགས་གྱུར་ན། །ཕྱེ་ལེབ་མཆོངས་བ་དག་དང་མཚུངས་པ་ཡིན། །ཉོན་མོངས་འཁྲིགས་པའི་བདེ་ལ་ཆགས་པ་ནི། །མེ་བདག་ཆེན་པོའི་སྟེང་དུ་རྩ་སྐྱ་བཏིང་། །མལ་ས་བདེ་སྙམ་གཉིད་ཀྱིས་ལོག་དང་མཚུངས། །ཤ་ཆང་དགོངས་སོགས་ཟས་ཀྱི་ཚུལ་ཁྲིམས་འཆལ། །

(༥༣༨)སྤུ་གྲིའི་རྩེ་ཡི་སྦྲང་རྩི་བལྡག་དང་མཚུངས། །འཇིག་རྟེན་དགྲ་བོ་ཇི་ལྟར་བཅོག་ན་ཡང་། །ཚེ་འདིའི་སྲོག་གཅོད་ལོངས་སྤྱོད་འཕྲོག་པ་ལས། །སྐྱེ་བ་མང་པོའི་བདེ་སྐྱིད་ཕྲོག་མི་ཐུབ། །བསྐལ་བ་བརྒྱ་རུ་བསོད་ནམས་གང་བསགས་པའི། །བསོད་ནམས་དགེ་ཚོགས་ཁོང་ཁྲོ་གཅིག་གིས་འཇོམས། །དེ་ཕྱིར་དགྲ་འདི་སྤང་བ་ཤིན་ཏུ་གཅེས། །སྦྲང་མ་སྦྲང་རྩི་ལ་ནི་ཆགས་པ་ཡིས། །སྦྲང་རྩིར་འབྱར་ནས་ཁོ་རང་འཆི་བར་འགྱུར། །དེ་བཞིན་ཚེ་འདིའི་བདེ་སྐྱིད་འདོད་པ་ལ། །ཆགས་པས་འཁོར་བར་འབྱར་ན་ཐར་དུས་མེད། །དེ་ཕྱིར་འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །གཏི་མུག་གཉིད་འདི་དགེ་བའི་ཆོམ་པོ་སྟེ། །ལོ་བརྒྱ་ཐུབ་ཀྱང་ལྔ་བཅུ་རོ་ལྟར་ཉལ། །གཉིད་ལ་ཉེས་པ་ཉི་ཤུ་ཡོད་པར་བཤད། །དེ་ཕྱིར་གཉིད་སྲབ་དགེ་སྦྱོར་བརྩོན་པར་བྱ། །རང་ཉིད་མི་ཤེས་གཏི་མུག་དབང་བཙན་པས། །ཆོས་མ་ཡིན་ལ་ཆོས་སུ་སྨྲ་བ་དང་། །ཆོས་ལ་ཆོས་མ་ཡིན་ཞེས་སྐུར་འདེབས་པ། །ཟ་རྒྱུ་མེད་པར་ཞལ་ལྕེ་གཅོད་པ་ཞེས། །དོན་མེད་སྡིག་པ་ཆེན་པོའི་ལས་འདི་སྤང་། །རྒྱུ་འབྲས་ཕན་

(༥༣༩)ཡོན་ཉེས་དམིགས་ལ་སོགས་པ། །དེ་ལྟར་མི་བདེན་བཤད་ཚོད་ཡིན་སེམས་པ། །ལོག་ལྟ་འདི་ནི་གཏི་མུག་ཆེན་པོ་སྟེ། །བཤགས་ཐབས་མེད་པའི་ལས་ངན་འདི་ཉིད་སྤང་། །རང་ཉིད་མཐོ་འདོད་གཞན་ལ་ཕྲག་དོག་པས། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་གསུངས། །ཕྲག་དོག་ལས་གྱུར་ལས་ངན་འདི་ཉིད་སྤང་། །ང་ནི་སྡོམ་ལྡན་ཚུལ་ཁྲིམས་གཙང་མ་ཅན། །སེར་ཆགས་ཕལ་པ་རྣམས་དང་མི་འདྲ་སྙམ། །དེ་ཡིས་རང་གི་ཚུལ་ཁྲིམས་མི་གཙང་འགྱུར། །དེ་དོན་དབུ་མ་འཇུག་པའི་གཞུང་ལས་གསུངས། །སེར་གོས་གྱོན་ཚད་དགེ་འདུན་དཀོན་མཆོག་སྟེ། །ཕྱི་ཡི་སྤྱོད་ལམ་མི་བཙུན་རྩིང་ན་ཡང་། །ནང་དེར་ཡོན་ཏན་ཅི་ཡོད་རྟོགས་དཀའ་བས། །གཞན་ལ་སྙིང་ནས་དག་སྣང་སྦྱོང་བ་དང་། །རང་ཉིད་ཀུན་ལས་དམན་པར་ལྟ་བ་གཅེས། །དེ་དག་དུག་ལྔ་སྤང་པའི་ལམ་ཞེས་པ། །ཉན་ཐོས་ལུགས་ཀྱི་བསྒོམ་བྱའི་གཙོ་བོ་ཡིན། །སྐྱེས་པ་བུད་མེད་མཛེས་ཤིང་

(༥༤༠)མདོག་ལེགས་པ། །དེ་མཐོང་རང་ཉིད་ཆགས་པ་སྐྱེས་པའི་ཚེ། །དཔེར་ན་གསེར་བུམ་གཅིན་རྟུག་བཀང་བ་བཞིན། །ཕྱི་ནི་ལེགས་ཀྱང་ནང་ནི་མི་གཙང་རྫས། །ཁོག་སྟོང་ཁྲག་རྣག་ཁོག་སྨད་གཅིན་རྟུག་གང་། །སྣབ་དང་ལུད་པ་ཀླད་པ་མཁྲིས་པ་སོགས། །མི་གཙང་རྫས་ནི་སུམ་བཅུ་སོ་གཉིས་ཀྱིས། །གང་པའི་རྐྱལ་པ་དེ་ལ་ཅི་ཞིག་དགའ། །ལུས་ལ་སྲིན་བུ་བརྒྱད་ཁྲི་བཞི་སྟོང་གནས། །བྲོག་མའི་འབུ་དང་སྲིན་བུ་བཤང་གཅི་སོགས། །གྲོག་ཚང་བཞིན་དུ་འབུ་སྲིན་གྱིས་གང་བ། །དེ་ལ་དགའ་བཞིན་འདོད་པ་འཁྲུལ་བར་བསམ། །དེ་ནི་མི་གཙང་བསྒོམ་པའི་ཏིང་འཛིན་ཡིན། །མི་རོ་རྒོད་ཀྱིས་ཟོས་པའི་ཀེང་རུས་ལ། །ཅི་ལྟར་ཡོད་པའི་འཇིགས་རུང་བཙོག་པ་དེ། །རང་གཞན་ཀུན་གྱི་ལུས་པོའི་ནང་དེར་ཡོད། །དེ་དོན་ཤེས་པས་ཆགས་པ་སྐྱེ་མི་འགྱུར། །རང་གི་མདུན་དུ་རོ་རུལ་འབུས་གཡེང་བ། །དེ་བཞིན་བམ་དང་རུལ་དང་དྲི་མ་མནམ། །ཀེང་རུས་ཤ་མེད་མིག་རྗེས་དམར་ཧ་རེ། །དེ་འདྲ་གཅིག་བསྒོམ་དེ་ནས་ས་ཕྱོགས་དེ། །དེ་འདྲ་ཁོ་ནམ་གང་བ་གསལ་

(༥༤༡)བར་བསྒོམ། །ཡང་ནི་རང་དང་རང་གི་ཆགས་པའི་ཡུལ། །བོད་པ་ནས་གས་པགས་པ་ཐམས་ཅད་ཤུས། །ལུས་ཀུན་ཀེང་རུས་སྐམ་ངེར་གྱུར་པར་བསམ། །ཡང་ནི་རང་གི་ལུས་འདི་ཕྱི་ནང་བསྒྱུར། །བློ་སྙིང་ཐམས་ཅད་རྒྱབ་ཏུ་ཕྲ་མེར་བསྒོམ། །དེ་དག་མི་འདུག་བསྒོམ་པའི་ཏིང་འཛིན་ཡིན། །འདོད་ཆགས་འཇོམས་པའི་ཐབས་སུ་གསུངས་པ་ཡིན། །འདུལ་བའི་སྡེ་སྣོད་བསྒོམ་བྱའི་གཙོ་བོ་ཡིན། །སེམས་ཅན་ཐམས་ཅད་སྐྱེ་བ་དཔག་མེད་ཀྱི། །ཕ་དང་མ་རུ་མ་གྱུར་གཅིག་ཀྱང་མེད། །ལན་གཅིག་མ་ཡིན་ལན་གྲངས་དཔག་མེད་བྱས། །ཁོང་ཚོ་ཁྲུལ་བའི་གདོན་གྱིས་ཟིན་ནས་སྨྱོ། །ང་ལ་བུ་རུ་མ་ཤེས་གནོད་འཚེ་བྱས། །ངས་ནི་ཤེས་བཞིན་ཕ་མ་སྨྱོ་བ་ལ། །ཅི་ཕན་མ་གཏོགས་ལན་བྱེད་ག་ལ་རུང་། །སྙམ་དུ་དགྲ་ལ་བྱམས་པ་ཚད་མེད་བསྒོམ། །བདག་གིས་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས་དགོས་པས། །གནོད་བྱེད་མེད་ན་བཟོད་པ་སུ་ལ་བསྒོམ། །དེ་ཕྱིར་དགྲ་འདི་བདག་

(༥༤༢)གི་དགེ་བའི་གྲོགས། །མ་ཉེས་ཁ་ཡོག་སྐུར་བ་འདེབས་པ་ལ། །བཟོད་པ་བསྒོམ་ན་སྡིག་སྒྲིབ་དཔག་མེད་བྱང་། །སྐུར་འདེབས་མཁན་སོགས་ང་ཡི་སྒྲིབ་སྦྱོང་གྲོགས། །དབུལ་ཕོངས་སྡུག་བསྔལ་ཅན་དག་མ་མཐོང་ན། །སྙིང་རྗེ་བསྒོམ་པའི་ཡུལ་དང་སྦྱིན་ཡུལ་མེད། །སྙིང་རྗེ་མེད་ན་བྱང་ཆུབ་ཐོབ་ཐབས་མེད། །དབུལ་ཕོངས་མེད་ན་སྦྱིན་པ་སུ་ལ་གཏོང་། །ངན་པ་འདི་ཚོ་བྱང་ཆུབ་བསྒྲུབ་པའི་གྲོགས། །བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །སངས་རྒྱས་བས་ཀྱང་སེམས་ཅན་དྲིན་ཆེ་སྟེ། །སྦྱིན་དང་ཚུལ་ཁྲིམས་བཟོད་པའི་ཕར་ཕྱིན་གསུམ། །སེམས་ཅན་རྣམས་ཀྱི་དྲིན་ལ་བརྟེན་ནས་འབྱུང་། །དྲིན་ཅན་རྣམས་ལ་ཁོང་ཁྲོ་བྱ་མི་འོས། །ལྷ་སྦྱིན་དྲིན་ལ་བརྟེན་ནས་ཤཱཀ་ཐུབ་ཀྱང་། །བྱམས་པའི་སྔོན་ལ་རྫོགས་སངས་རྒྱས་ཞེས་གསུངས། །དེ་ལྟར་ཤེས་ཀྱང་ཁོང་ཁྲོ་མ་ཞི་ན། །དགྲ་དེ་ཚེ་འདིའི་མ་དེ་ཡིན་པར་བསྒོམ། །བསྒོམས་ལྟར་ཚེ་རབས་དུ་མའི་མ་ཡིན་དེས། །དེ་ལ་གནོད་ཚེ་རུང་ངམ་མི་རུང་བརྟགས། །

(༥༤༣)རང་ཉིད་དགྲར་བསྒོམ་དགྲ་དེ་རང་ཉིད་བསྒོམ། །འདུན་པ་བསྒྱུར་བས་ཞེ་སྡང་ཞི་བར་གསུངས། །བྱམས་པའི་ཏིང་འཛིན་ཞེ་སྡང་འདུལ་ཐབས་སོ། །མདོ་སྡེའི་སྡེ་སྣོད་བསྒོམ་བྱའི་གཙོ་བོ་ཡིན། །ཐུབ་པ་ལྷ་ལས་བབས་དང་ལྷུམས་སུ་ཞུགས། །མཛད་པ་བཅུ་གཉིས་ཡིད་ལ་བརྩི་བགྲངས་བྱ། །འཁོར་བར་འཁྱམས་པའི་རྩ་བ་མ་རིག་པ། །དེ་ལས་འདུ་བྱེད་ལས་བྱུང་སྐྱེ་བའི་བར། །སྐྱེ་དང་རྒ་དང་འཆི་བ་ལ་སོགས་པ། །རྒ་ཤི་ཞེས་བྱ་རྒས་དང་ཤི་བའི་མིང་། །དེ་ལས་མྱ་ངན་སྡུག་བསྔལ་ཡིད་མི་བདེ། །འཁོར་བར་ཁྱམས་ཕྱིར་སྲིད་པའི་འཁོར་ལོ་སྟེ། །ཐམས་ཅད་འཆི་བདག་གཤིན་རྗེའི་ཁར་འགྲོ་བས། །འགྲོ་དྲུག་གཤིན་རྗེ་འཆར་ཁའི་ལྟོ་བར་གནས། །དེ་དོན་དགེ་འདུན་རྣམས་ཀྱིས་གོ་བའི་ཕྱིར། །གཙུག་ལག་ཁང་གི་སྒོ་གཡོན་བྲི་སྲོལ་ཡོད། །མ་རིག་འགག་པས་འདུ་བྱེད་འགག་པ་ནས། །སྐྱེ་བ་འགགས་ནས་རྒ་ཤི་འགགས་པའི་བར། །རྟེན་འབྲེལ་ལུགས་བཟློག་ཐར་བའི་

(༥༤༤)འཁོར་ལོ་སྟེ། །འཕགས་ལམ་ཡན་ལག་བརྒྱད་པོ་མཚོན་པའི་ཕྱིར། །འཁོར་ལོ་དཀར་པོ་རྩིབས་བརྒྱད་ལྡན་པ་ཞིག །གཙུག་ལག་ཁང་གི་སྒོ་གཡས་བྲེ་སྲོལ་ཡོད། །རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་ཡིད་ལ་བགྲངས། །དེ་ཡང་མ་རིག་པ་དེ་གང་ཞེ་ན། །རང་སེམས་རང་གིས་མ་རིག་པ་དེ་ཡིན། །དེ་ལ་བརྟེན་ནས་སྲིད་པའི་འཁོར་བར་འཁྱམས། །རང་སེམས་རང་གིས་རིག་པས་མ་རིག་འགག །དེ་ལ་གོམས་པས་འཕགས་པའི་ལམ་ཐོབ་འགྱུར། །སྲོད་དང་ཐོ་རངས་གཉིད་ནི་བསྲབས་པའི་ཕྱིར། །ཁྱིམས་དུ་འཆགས་པར་བྱ་བ་གསུངས་ན་ཡང་། །ལག་ལེན་བདེ་བར་ཀ་བར་རྟེན་གསུམ་བཅིངས། །དེ་ལ་བསྐོར་བ་བྱ་ཞིང་བཟླས་བརྗོད་འབད། །ཡང་ན་ནུབ་མོ་རང་གི་སྤྱི་བོའི་གཙུག །མར་མེ་གསལ་བ་གཅིག་བསྒོམ་རིག་པ་གཏད། །དེ་ཡིས་གཉིད་བསྲབས་གཏི་མུག་སེལ་བར་གསུངས། །དམ་ཆོས་མངོན་པའི་སྒོམ་བྱའི་རྩ་བ་སྟེ། །གཏི་མུག་གཉེན་པོར་རྟེན་འབྲེལ་བསྒོམ་ཐབས་སོ། །ཀྱེ་མ་གྲངས་

(༥༤༥)མེད་བསྐལ་བའི་སྔོན་རོལ་ནས། །བདག་ནི་མཐའ་མེད་འཁོར་བར་འདི་ཙམ་འཁྱམས། །ད་རུང་སུན་སྣང་མེད་པའི་སྙིང་སྲན་ཅན། །སྔོན་བྱོན་སངས་རྒྱས་བྱེ་བ་གྲངས་མེད་ཀྱི། །བསྟན་པའི་ཡུན་ལ་མ་གྲོལ་ལས་ངན་པོ། །དབང་ལུང་ཁྲིད་དང་མན་ངག་ཅི་ཐེབ་ཀྱང་། །རང་རྒྱུད་གྲོལ་བར་མ་ནུས་ཆོས་སྡུག་པོ། །བསྟན་ལ་ཞུགས་ནས་སྡོམ་པ་གསུམ་ཞུས་ཀྱང་། །ཉེས་ལྟུང་ཆར་པ་བབས་པའི་ཁྲིམས་འཆལ་པོ། །ཡི་དམ་བསྙེན་སྒྲུབ་དཔག་མེད་བྱས་ན་ཡང་། །ལྷ་ཞལ་ཟུར་ཙམ་མ་མཐོང་སྒྲིབ་འཐུག་པོ། །ཆུང་ནས་མ་ཤི་བར་དུ་དཀོར་ཟོས་ཀྱང་། །ད་རུང་ཚིམ་པ་མེད་པའི་དཀོར་དྲེད་པོ། །ནང་དུ་ཉོན་མོངས་དུག་ལྔས་གང་བཞིན་དུ། །ཕྱི་རུ་ཆོས་གོས་གཟབས་པའི་ཟོང་རྫུ་མཁན། །གཞུང་གཅིག་ཙམ་ཡང་འཆད་རྩོད་མི་ཤེས་པར། །ད་རུང་མཁས་འདོད་ཆེ་བའི་ཧམས་པ་ཅན། །དུག་ལྔའི་མགོ་བོ་ཅུང་ཟད་མི་ནོན་པའི། །བཟང་པོ་ཡིན་སྐད་སྨྲ་བའི་མགོ་གཡོགས་མཁན། །རང་ཉིད་

(༥༤༦)གར་འགྲོའི་གཏད་སོ་མེད་བཞིན་དུ། །ཚེ་འདས་མང་པོ་འདྲེན་པའི་སྙིང་ཁམས་ཅན། །རང་ཉིད་ནམ་འཆི་ངེས་པ་མེད་བཞིན་དུ། །གཞན་གྱི་བར་ཆད་སེལ་བའི་བྱིན་རླབས་ཅན། །ལེགས་པར་བསམ་ན་རང་ལ་ཡིད་རེ་མུག །བསམ་ཞིང་རང་གི་བྲང་ལ་ཏུག་ཏུག་བྱ། །དེ་ཡིས་ང་རྒྱལ་ཁེངས་པ་འཇོམས་པར་འགྱུར། །ཀྱེ་མ་བདག་གིས་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་དུས་སངས་རྒྱས་ཀུན་གྱིས་མཁྱེན་ཅིང་དགོངས། །འགྲོ་ཀུན་སངས་རྒྱས་སར་བཀོད་དམ་བཅའ་བྱས། །དགེ་སྦྱོར་བྱས་ཚད་འགྲོ་བའི་དོན་ཡིན་ཅིང་། །འགྲོ་ཀུན་བདེ་དང་བདེ་བའི་རྒྱུར་ལྡན་པའི། །སྨོན་ལམ་འདི་ཡང་རྒྱུན་དུ་བརྗོད་བཞིན་དུ། །མི་གཞན་མཐོ་ཞིང་སྐྱིད་ན་མི་དགའ་བའི། །ཕྲག་དོག་སེམས་འདི་གང་ནས་དྲན་ན་ཨང་། །འགྲོ་ཀུན་བདེ་ཞིང་སྐྱིད་ན་དགའ་བའི་སེམས། །དེ་ཉིད་ཁོ་ནས་ཚངས་པའི་ལུས་ཐོབ་གསུངས། །གཞན་ལ་ཕྲག་དོག་མཐོན་མི་དགེའི་སེམས། །བསྡུས་འཇོམས་དམྱལ་བ་ལྷ་མིན་ས་བོན་ལགས། །

(༥༤༧)དེ་འདྲ་བསམ་པས་ཕྲག་དོག་ཞི་བར་འགྱུར། །དེ་དག་དུག་ལྔ་གཉེན་པོས་འདུལ་བ་སྟེ། །ཐེག་པ་ཆེ་ཆུང་ཐུན་མོང་མདོ་ཡི་ལུགས། །སེམས་ལ་དུག་ལྔའི་རྟོགས་པ་གང་ཤར་ཚེ། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །ཞེ་སྡང་རྡོར་སེམས་ང་རྒྱལ་རིན་ཆེན་འབྱུང་། །འདོད་ཆགས་སྣང་མཐའ་ཕྲག་དོག་དོན་ཡོད་གྲུབ། །གཏི་མུག་རྣམ་སྣང་སྐུ་རུ་གསལ་བར་བསྒོམ། །དེ་ལས་འོད་འཕྲོས་འཕྲོ་བའི་དུག་ལྔ་སྦྱོང་། །ལམ་རྒྱུད་ལྔ་རུ་སྐྱེ་བའི་སྐྱེ་སྒོ་གཅོད། །ཚུར་འདུས་འོད་ཞུ་མི་དམིགས་སྟོང་པར་བསྒོམ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །བདག་ཉིད་མཐོང་ཐོས་དྲན་པའི་འགྲོ་ཀུན་གྱིས། །དུག་ལྔའི་སྒྲིབ་པ་སྦྱངས་ཤིང་དག་ནུས་ཤོག །ནམ་ཞིག་བདག་ཉིད་མངོན་པར་བྱང་ཆུབ་ཚེ། །ཞིང་དེར་དུག་ལྔ་གཏན་ནས་མེད་པར་ཤོག །དེ་སྐད་ཡིད་ཀྱིས་བསྒོམ་མམ་ངག་གིས་བརྗོད། །དོན་ལ་ཕྱི་སྣོད་གདོད་ནས་གཞལ་ཡས་ཁང་། །ནང་བཅུད་སེམས་ཅན་ཐམས་ཅད་ཡི་

(༥༤༨)དམ་ལྷ། །གདོད་ནས་ཡིན་བཞིན་གསལ་བཏབ་གཏི་མུག་ཞི། །ཐ་མལ་འདོད་ཆགས་ཡི་དམ་ལྷར་མི་སྐྱེ། །ཡི་དམ་ལྷ་ལ་ཁྲོ་བའམ་ཚིག་ངན་མེད། །ཐམས་ཅད་ལྷ་མཉམས་སུ་མཐོ་སུ་ཞིག་དམའ། །ཡི་དམ་ལྷ་ལ་མཐོ་དོག་ཕྲག་དོག་གམ། །དེ་ལྟར་ཤེས་པས་དུག་ལྔ་ཤུགས་ཀྱིས་འགག །དེ་ནི་བསྐྱེད་རིམ་པ་ཡི་ཉམས་ལེན་ཏེ། །དུག་ལྔ་བསྒྱུར་བའི་ལམ་ཞེས་བྱ་བ་ཡིན། །གསང་སྔགས་མི་སྤང་བ་ཡི་དམ་ཚིག་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལྔ་པོ་སྤང་བར་མི་བྱ་སྟེ། །དུག་ལྔ་སྤང་བའི་ཡེ་ཤེས་ལོགས་ཤིག་མེད། །དུག་ལྔ་སྤང་ན་ཐེག་དམན་ཉན་ཐོས་ལམ། །དུག་ལྔའི་རྗེས་སུ་འབྲང་ན་ཐ་མལ་པ། །དུག་ལྔ་བྱོལ་ཉོག་སྤྱོད་ན་བདུད་ཀྱི་ལས། །དུག་ལྔ་རང་ངོ་བལྟས་ན་ཡེ་ཤེས་ལྔ། །ཞེ་སྡང་མེ་ལོང་ཡེ་ཤེས་རྡོ་རྗེ་སེམས། །ང་རྒྱལ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་། །འདོད་ཆགས་སོར་རྟོགས་ཡེ་ཤེས་སྣང་མཐའ་ཡས། །ཕྲག་དོག་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་

(༥༤༩)རྣམ་སྣང་མཛད། །དུག་ལྔ་མ་སྤང་རང་རང་ངོ་བོ་ལྟ། །མ་སྤངས་གནས་སུ་དག་ན་ཡེ་ཤེས་ལྔ། །རྒྱལ་བ་རིགས་ལྔའི་དགོངས་པར་ལྷུན་གྱིས་གྲུབ། །དེ་ནི་ཕྱག་རྫོགས་ལུགས་ཀྱི་ཉམས་ལེན་ཡིན། །ནད་བརྒྱ་སྨན་གཅིག་ངོ་ལྟ་གཅིག་པུས་ཆོག །རབ་ལ་སྐྱེས་མ་ཐག་ནས་འབུར་འཇོམས་བྱ། །དཔེར་ན་རྩ་གསེབ་མེ་སྟག་བསད་པ་བཞིན། །འབྲིང་ནི་དངོས་གཞི་སྐྱེ་དུས་གཅེར་གྱིས་ལྟ། །རང་ཞི་རང་གྲོལ་ཆུ་དང་ཆུ་རླབས་བཞིན། །ཐ་མ་དྲན་པ་རྗེས་སླེབས་རྗེས་མི་འབྲང་། །དཔེར་ན་སྨྱོན་པས་དྲན་པ་རྙེད་པ་བཞིན། །ཉམས་ལེན་ཕན་ཆེ་སྟབས་བདེ་འདི་ཀ་ཡིན། །ངང་ཡང་ཅུང་ཟད་ཉམས་ལེན་བྱས་སྙམ་བགྱིད། །བརྩོན་འགྲུས་རྒྱ་མཚོས་ཉམས་ལེན་དེ་ལ་མཛོད། །དེ་ནས་དུག་ལྔ་མི་སྤངས་ལམ་ཁྱེར་ནི། །ཐ་ལམ་སྣོད་མིན་ལོག་ལྟ་ཅན་ལ་གསང་། །ཐུབ་དང་མི་ཐུབ་རང་གི་ཉམས་ཚོད་དཔག །གང་ཟག་ཕལ་གྱིས་ཉམས་སུ་ལེན་བྱ་མིན། །འདི་ལ་ནུས་ལྡན་རྟོགས་པ་ཐོན་པོ་དགོས། །གཏི་མུག་ཉིད་ཀྱིས་

(༥༥༠)གཏི་མུག་འཇོམས་པའི་ཐབས། །གཙང་ཞིང་དབེན་པར་དཀོར་ཟས་གྲིབ་ལ་འཛེམ། །ཁྲུས་བྱས་སྤོས་བདུག་མི་དངོང་མི་གཏུགས། །ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཡིག་བརྒྱ་བཟླས། །ཉིན་ལ་ཡུད་ཙམ་མི་གཉིད་གཉིད་བསྲུང་བྱ། །ཕྱག་དང་བསྐོར་བས་ལུས་པོ་ཐང་ཆད་བཅུག །བདེ་བའི་མལ་དུ་སེང་གེའི་ཉལ་སྟབས་ཉལ། །རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་རུ། །པདྨ་འདབ་བཞིའི་དབུས་སུ་ཨོཾ་དཀར་པོ། །ཤར་དུ་ཨ་སྔོན་ལྷོ་རུ་ནུ་སེར་པོ། །ནུབ་ཏུ་ཏ་དམར་བྱང་དུ་ར་ལྗང་བསྒོམ། །དེ་ནས་གཉིད་ནི་རབ་གཅིག་ཧུར་བ་དང་། །ཡིག་གེ་བཞི་པོར་རིམ་བཞིན་དམིགས་པ་གཏད། །གཉིད་ཀ་དབུས་ཀྱི་ཨོཾ་ལ་སེམས་གཏད་ནས། །མ་ཡེངས་སེམས་ངོའི་རྩི་དང་མ་བྲལ་གཉིད། །གཉིད་ཚེ་ཚོགས་བརྒྱད་མི་གསལ་གཅིག་ཏུ་བསྡུས། །ཡུད་ཙམ་དབུ་མར་ཞུགས་ཚེ་འོད་གསལ་འཆར། །དེ་ཉིད་ངོས་ཟིན་ངང་ལ་མཉམ་པར་གཞག །འོད་གསལ་ཟིན་པ་ཕྱི་ནང་གསལ་བར་དྲན། །དེ་ནི་སྲབ་མོའི་འོད་གསལ་

(༥༥༡)ཟིན་པ་ཡིན། །མ་གཉིད་བར་དུ་ཉམས་ལེན་ངང་དུ་གནས། །གཉིད་ནས་མ་དྲན་རྨི་ལམ་ཅུང་ཟད་མེད། །སད་མ་ཐག་ཏུ་སེམས་ངོའི་ཐོག་ཏུ་གནས། །སེམས་དགའ་ཁམས་བདེ་ལུས་ཀྱི་ཤ་མདོག་དཀར། །འོད་གསལ་ཟིན་ནམ་མ་ཟིན་མ་ཤེས་ཀྱང་། །འཐུག་པོའི་འོད་གསལ་ཡིན་པར་དྭགས་པོས་གསུངས། །དེ་ནི་གཏི་མུག་ལམ་ཁྱེར་གདམས་ངག་ཡིན། །འདོད་ཆགས་ལམ་ཁྱེར་ཕྱག་རྒྱ་རྣམ་བཞི་སྟེ། །ལས་ཀྱི་ཕྱག་རྒྱ་རིག་མ་མཚན་ལྡན་ནི། །ས་ཐོབ་རྫུ་འཕྲུལ་སྟོན་ནུས་མ་ཡིན་པའི། །འདུལ་ཁྲིམས་ཞུས་པས་བརྟེན་ན་ངན་སོང་རྒྱུ། །འདུལ་ཁྲིམས་མ་ཞུས་རྩ་རླུང་ལས་རུང་བས། །ཁྱིམ་པ་རྡོ་རྗེ་འཛིན་པས་བརྟེན་བྱ་སྟེ། །གཏེར་སྟོན་རྣམས་དང་ས་འབྲིའི་གདུང་བརྒྱུད་བཞིན། །དམ་ཚིག་ཕྱག་རྒྱ་གཏུམ་མོ་ཙནྜ་ལི། །བསྒོམས་པས་དྲོད་འབར་བྱང་སེམས་འཕེལ་འགྱུར་བས། །འདོད་ཆགས་སྐྱེ་བ་གཏུམ་མོ་འདོད་ཆགས་དུས། །དེ་དུས་སྟོང་བས་རྒྱས་གདབ་བདེ་སྟོང་བསྲེས། །ཐིག་ལེ་མ་ཉམས་

(༥༥༢)སྲོག་སྟར་བསྲུང་བར་བྱ། །དྭགས་པོ་བཀའ་བརྒྱུད་རྣམས་ཀྱི་ཕྱག་སྲོལ་ལགས། །ཡིད་རིག་ཡེ་ཤེས་ཕྱག་རྒྱ་ཞེས་བྱ་བ། །ཡི་དམ་ཡབ་ཡུམ་ཞལ་སྦྱོར་བསྒོམ་པ་ཡིན། །རང་གི་སེམས་ཉིད་སྟོང་ཉིད་ཕྱག་རྒྱ་ཆེ། །ཉན་ཐོས་རང་རྒྱལ་བྱང་སེམས་རྫོགས་སངས་རྒྱས། །འཕགས་པ་བཞི་ཀ་དེ་ལས་སྐྱེས་པའི་ཕྱིར། །དུས་གསུམ་རྒྱལ་བའི་ཡུམ་ཞེས་བརྗོད་པ་ཡིན། །དེ་ཉིད་ཉམས་ལེན་ཕྱག་རྒྱ་ཆེན་པོའི་ཡུམ། །རྩ་རླུང་མི་ཆུན་རྒན་པོ་རྣམས་ཀྱིས་བརྟེན། །དེ་རྣམས་འདོད་ཆགས་ལམ་ཁྱེར་གདམས་པ་ཡིན། །བསྒྲལ་བའི་ཞིང་བཅུ་ཚང་བ་མ་གཏོགས་པའི། །དགྲ་བོ་བྱུང་ཡང་བཟོད་པ་བསྒོམ་དགོས་སོ། །ཞིང་བཅུ་ཚང་ཞིང་རང་གི་དགྲར་གྱུར་ཀྱང་། །དེ་ལ་དྲག་པོའི་ལས་སྦྱོར་རུང་མི་རུང་། །ཡི་དམ་ལྷ་ལ་གསོལ་བཏབ་རྨི་ལམ་བརྟག །རུང་བའི་གནང་པ་བྱུང་ན་ལས་བྱ་བར། །དཔལ་ལྡན་ལྷ་མོའི་རྒྱུད་གཞུང་རྣམས་ནས་གསུངས། །རང་དགྲ་མིན་ཡང་།ཐུབ་བསྟན་སྤྱི་བཤིག་པ། །རང་གིས་བསྒྲལ་བའི་ནུས་པ་

(༥༥༣)ལྡན་བཞིན་དུ། །བཏང་སྙོམས་བཞག་ན་དེ་ཉིད་ཉེས་པ་ཆེ། །དེ་ཉིད་མི་མིན་སྤྲུལ་པ་ཡིན་ཤེས་དང་། །རང་ལས་ལྷག་པའི་བསྟན་འཛིན་གཞན་ཡོད་དམ། །རང་ལ་ནུས་པ་མེད་ན་ཉེས་པ་མེད། །ཞེ་སྡང་མ་ཡིན་ཁོ་ལ་སྙིང་རྗེ་ཡིས། །སྡིག་འཕྲོག་ཅོང་ཅིང་བདེ་བར་འདྲེན་པ་དང་། །སངས་རྒྱས་བསྟན་པའི་མི་ནུབ་རྒྱས་པའི་ཕྱིར། །དྲག་སྔགས་ནུས་པས་དེ་ཉིད་ཚར་བཅད་དེ། །ཤ་ཁྲག་ཕུང་པོས་ལྷ་དང་སྲུང་མ་མཆོད། །རྣམ་ཤེས་དག་པའི་ཞིང་ངམ་མཐོ་རིས་སུ། །སྤར་ནས་ཐུགས་རྗེས་ནམ་ཡང་མི་གཏང་བར། །རང་གིས་རིམ་གྱིས་སངས་རྒྱས་སར་འགོད་པའི། །སེམས་བསྐྱེད་སྨོན་ལམ་དང་བཅས་བསྒྲལ་བ་སྟེ། །དཔེར་ན་མུ་སྟེགས་སྤྲང་པོ་ཉི་མ་དེས། །ལོ་གྲངས་བཅུ་གཉིས་མིག་བཙུམ་ཉི་མ་བསྒྲུབས། །རྡོ་རྗེ་གདན་དུ་འོང་ནས་མིག་བལྟས་པས། །མིག་ནས་མེ་འབར་རྡོ་རྗེ་གདན་གྱི་ནི། །གཙུག་ལག་ཁང་དང་དམ་ཆོས་ཐམས་ཅད་བསྲེགས། །སངས་རྒྱས་བསྟན་པའི་རུ་ཏྲར་གྱུར་པའི་ཚེ། །

(༥༥༤)བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། །ཆོས་སྐྱོང་མང་ངོ་རྦད་ཀྱང་རྟགས་མ་བྱུང་། །དེ་ནས་རྣམ་སྲས་རྟ་སྔོན་ཅན་རྦད་པས། །ཁོ་ཡི་ཙིཏྟ་དངོས་སུ་ཁྱེར་ནས་བྱུང་། །ཆོས་སྐྱོང་ཡོངས་ཀྱི་གཙོ་བོར་མངའ་གསོལ་མཛད། །སྡིག་ཅན་མུ་སྟེགས་སྤྲང་པོ་ཉི་མ་དེ། །ཀླུ་སྒྲུབ་ཀྱིས་བསྒྲལ་ཐུགས་རྗེས་མ་བཏང་ཕྱིར། །བོད་དུ་མཁོན་རིགས་ཀླུ་ཡི་དབང་པོར་སྐྱེས། །མཁས་གྲུབ་ཆེན་པོ་བསྟན་པའི་བདག་པོར་གྱུར། །དེ་ལྟར་བསྒྲལ་ནས་ཐུགས་རྗེས་འཛིན་པ་དེ། །ཞེ་སྡང་ལམ་ཁྱེར་གདམས་ངག་ཡིན་མོད་ཀྱི། །དེ་ལྟར་ཁོ་ཉིད་འདྲེན་པར་མ་ནུས་ན། །འདུལ་བའི་ལུང་ནས་གསོད་དམ་འཆིར་བཅུག་ཅེས། །སྲོག་བཅད་ས་པ་འབྱུང་བ་མཚུངས་འདྲ་བས། །མཐུ་དགའ་མེ་ཆེ་མཐུ་སྡིག་མི་བྱེད་པར། །དམ་ཚིག་གཙང་ཞིང་བསྙེན་སྒྲུབ་ཐེམ་པ་དང་། །གཏོར་བསྔོས་དགུ་གཏོར་བསྐང་གསོལ་བརྩོན་བྱས་ན། །ཆེད་དུ་ལས་སྦྱོར་དམིགས་ངན་མ་བྱས་ཀྱང་། །དགྲ་ལ་རྟགས་དང་ཆོ་འཕྲུལ་མང་དུ་འབྱུང་། །མ་བསྐུལ་བར་ཡང་གནོད་

(༥༥༥)པའི་དགྲ་བསྒྲལ་ཞེས། །དམ་ཚིག་གཙང་ཞིང་ལྷ་སྲུང་འཁོར་རྟགས་ཡིན། །དེ་འདྲ་བྱུང་ཡང་རང་ལ་སྒྲིབ་པ་མེད། །འདི་ཡང་མྱོང་བས་ལན་མང་གྲུབ་པ་ཡིན། །འདི་ཡི་གནད་ལ་ཁོ་བོས་འདི་འདྲ་མཐོང་། །དངོས་སུ་དྲག་སྔགས་ལས་སྦྱོར་མ་བྱས་ཀྱང་། །སེམས་ལ་ཞེ་སྡང་ཁོང་ཁྲོ་ཡོད་ན་ནི། །དེ་ལ་བཀའ་ཆད་དག་ནི་འབྱུང་མི་འགྱུར། །ཕ་རོལ་པོ་དེས་མི་འོས་གནོད་བྱས་ཀྱང་། །སེམས་ལ་ཁོང་འཁྲོ་ཞེ་སྡང་མ་སྐྱེས་ན། །གནོད་པ་ཆེ་ཆུང་གང་བྱས་ཚོད་དེ་དང་། །འཚམས་པའི་བཀའ་ཆད་མི་དགེ་སྣ་ཚོགས་པས། །ལོ་ཟླ་མི་རྒྱང་མྱུར་དུ་འོང་བ་ནི། །ལན་གཅིག་མ་ཡིན་ལན་མང་མྱོང་བས་གྲུབ། །གུ་རུ་ཆོས་དབང་ལ་ཡང་དེ་འདྲ་བྱུང་། །མཐུ་བཞིས་གཏོར་གསུམ་བྱས་ཀྱང་རྟགས་མེད་པ། །བྱམས་དང་སྙིང་རྗེ་བསྒོམས་པས་གཏན་ནས་བརླག །དེ་དོན་ཅི་ལགས་ཨོ་རྒྱན་ལ་ཞུས་པས། །དགྲ་ལ་ཞེ་སྡང་གཉེན་ལ་གདུང་སེམས་ནི། །རང་སེམས་སྣང་བའི་དབང་དུ་ཕར་ཤོར་བས། །བསམས་བཞིན་མི་

(༥༥༦)འགྲུབ་ལོག་པར་འགྲོ་བ་ཡིན། །དགྲ་ལ་མི་སྡང་བྱམས་དང་སྙིང་རྗེ་སྐྱེས། །སྣང་བ་རང་སེམས་དབང་དུ་ཚུར་འདུས་པས། །རང་གི་ཅི་བསམས་འགྲུབ་པ་ཡིན་ནོ་གསུངས། །བཀའ་བརྒྱུད་བཞེད་པའང་དེ་དང་མདུན་བར་སྣང་། །མངོན་ཤེས་མེད་པས་མངོན་སྤྱོད་མི་རུང་སྟེ། །ཚེ་སྟོད་བསྟན་ལ་གནོད་པའི་དགྲ་བོ་ཡང་། །ཚེ་སྨད་བསྟན་ལ་ཕན་པ་ཆེ་སྲིད་གསུངས། །མདོ་ལུགས་དཀོན་མཆོག་གསུམ་ལ་གནོད་མི་མངའ། །དཀོན་མཆོག་གསུམ་པོ་ཡིད་ལ་དྲན་བས་ཀྱང་། །གནོད་པ་ཐམས་ཅད་སྐྱོབ་པར་གསུངས་པ་ཡིན། །སངས་རྒྱས་བསྟན་ལ་གནོད་པར་བྱེད་པའི་དགྲ། །ཐེག་དམན་ལུགས་ལ་བདུད་དང་བསྟན་དགྲ་སྟེ། །ཐེག་ཆེན་ལུགས་ལ་ཆེ་བ་འདོན་པའི་ཕྱིར། །སངས་རྒྱས་ཉིད་ཀྱི་སྤྲུལ་པ་ཡིན་པ་སྟེ། །དཔེར་ན་བདུད་རྒྱལ་ལྷས་བྱིན་ལྟ་བུའོ། །བཀའ་གདམས་ལུགས་ལ་བདུད་རྒྱལ་གླང་དར་ཡང་། །སངས་རྒྱས་བསྟན་ལ་བཀའ་དྲིན་ཆེན་པོ་སྟེ། །སྔགས་པ་ཁ་ཡར་ཆོས་ལོག་དར་བ་རྣམས། །ཁོ་ཡིས་ཚར་བཅད་ས་ཕྱོགས་

(༥༥༧)གཙང་བར་བྱས། །དེ་ནས་སངས་རྒྱས་གཉིས་པ་ཨ་ཏི་ཤ །བྱོན་པས་དམ་ཆོས་སླད་མེད་འདི་དར་ཞེས། །རྔོག་ལོ་ཆེན་པོ་སོགས་ཀྱིས་གསུངས་པ་ཡོད། །དེ་ཕྱིན་བསྟན་དགྲ་ཡིན་ཡིན་འདྲ་ན་ཡང་། །ལས་སྦྱོར་བྱེད་ཐག་ཆོད་པ་མ་ཡིན་ནོ། །དེ་དག་ཞེ་སྡང་ལམ་ཁྱེར་གཞན་དགག་ཡིན། །མདོ་ལུགས་རང་སེམས་མི་གཙང་ཤ་ཁྲག་ལུས། །བྱང་ཆུབ་སེམས་བསྐྱེད་ཕར་ཕྱིན་དྲུག་སྤྱོད་ཀྱང་། །བསྐལ་བ་གྲངས་མེད་གསུམ་པར་འཚང་མི་རྒྱ། །སྔགས་ལུགས་ཚེ་གཅིག་ལུས་གཅིག་སངས་རྒྱ་བ། །རང་ལུས་ལྷ་རུ་ཤེས་པའི་ཟབ་ཁྱད་ཡིན། །ཕུང་པོ་ལྔ་ནི་རྒྱལ་བ་རིགས་ལྔ་སྟེ། །ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད། །ཡིན་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱིས། །རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་བསྐྱེད། །སྲིད་གསུམ་འདི་ན་འགྲན་ཟླ་མེད་པར་བསྒོམ། །ང་རྒྱལ་ངེས་ཤེས་བརྟན་ན་བྱིན་རླབས་འབྱུང་། །དེ་ནི་ང་རྒྱལ་ལམ་དུ་ཁྱེར་བ་ཡིན། །རང་ལུས་ལྷ་ཡི་ཐུགས་ཀའི་འོད་ཟེར་གྱིས། །སྲིད་པ་

(༥༥༨)གསུམ་གྱི་ཚེ་བསོད་དཔལ་འབྱོར་རྣམས། །ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་བསྒོམ། །བསྲུང་བཟློག་བྱེད་པའི་དམིགས་རིམ་སྐབས་རྣམས་སུ། །གནོད་ཅིང་འཚེ་བའི་བགེགས་དང་དགྲ་ཡི་ཚོགས། །གཏུབ་ཅིང་བསྒྲལ་ཏེ་ཤ་ཁྲག་སྲུང་མས་ཟོས། །གཏོར་གཞོང་གླིང་བཞི་རི་རབ་འབར་བའི་འོག །མནན་པར་བསྒོམ་སོགས་ཕྲག་དོག་ལམ་ཁྱེར་ཡིན། །དེ་ལྟར་དུག་ལྔ་སྤངས་དང་འདུལ་བ་དང་། །བསྒྱུར་དང་རང་བཞིན་ཤེས་དང་ལམ་ཁྱེར་བའི། །གདམས་ངག་ཚན་ལྔ་འཕྲལ་དུ་གང་དྲན་རྣམས། །རྟ་ལོ་ཐར་སྐར་ཟླ་བའི་ཚེས་གཉིས་ཉིན། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་སྨྲས། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །རྒྱུད་གཞུང་རྣམས་དང་འགལ་བའི་ཆ་མཆིས་ན། །མང་ཐོས་སྡེ་སྣོད་འཛིན་པ་རྣམས་ལ་བཤགས། །དགེ་བས་རབ་བྱུང་གསར་བུ་མང་པོ་ལ། །སེམས་རྒྱུད་ཆོས་དང་མཐུན་པ་འོང་བར་ཤོག །ལེའུ་སོ་བརྒྱད་པའོ་མངྒ་ལམ།། །ཏཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །

(༥༥༩)སྤྱོད་པ་རྒྱལ་སྲས་ལག་ལེན་བཞུགས་སོ། །ན་མོ་བཛྲ་དྷ་ར་ཡེ། །བོགས་བདོན་རྩ་བ་སྤྱོད་པ་སྟེ། །སོ་སོའི་སྐྱེ་བོ་གང་ཟག་གིས། །རྣལ་འབྱོར་སྤྱོད་པ་མི་བྱའོ། །རྣལ་འབྱོར་པ་ཡི་གང་ཟག་གིས། །གྲུབ་ཐོབ་སྤྱོད་པ་མི་བྱའོ། །གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་སྤྱོད་པ་མི་རུང་གསུངས། །འོག་མས་གོང་མའི་སྤྱོད་པ་བྱས། །སེངྒ་གེའི་རྗེས་སུ་ཝ་མཆོངས་དཔེ། །གོང་མས་འོག་མའི་སྤྱོད་པ་བྱས། །མི་རྒན་རྩེད་མོ་རྩེས་དང་འདྲ། །རིག་པ་བརྟུལ་ཞུགས་སྤྱོད་པ་དང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད༴ ཁྱི་ཕག་ལྟ་བུའི་སྤྱོད༴ སྨྱོན་པ་ལྟ་བུའི༴ སེང་གེ་ལྟ་བུའི་སྤྱོད་པ་རྣམས། །གྲུབ་ཐོབ་རྣམས་ཀྱི་སྤྱོད་པ་སྟེ། །རང་ལ་མྱོང་བ་མེད་ཕྱིར་དང་། །མཁོ་དགོས་མེད་ཀྱིས་སྤྲོས་པ་སྐྱུངས། །ཤ་བཙོན་ལྟ་བུའི་སྤྱོད་པ་ནི། །ཉེས་ཆེན་ཤ་རྩས་བཙོན་བཟུང་ན། །མ་ཐར་ན་ནི་མཐའ་རྒྱུག་ཅིག །ཨེ་ཐར་ཐབས་ལ་འབད་པ་ལྟར། །དང་པོ་ཆོས་སྒོར་ཞུགས་པའི་དུས། །ཁྱིམ་པའི་གྲ་ནས་ཅི་

(༥༦༠)ཐར་བྱ། །དེ་ནས་སེར་གཟུགས་ཆོས་མེད་ཀྱི། །གྲ་ནས་རང་ཉིད་ཅི་ཐར་བྱ། །དེ་ནས་རིགས་དྲུག་འཁོར་བ་ཡི། །གནས་ནས་ཐར་ཏེ་བདེ་ཆེན་ཞིང་། །ཕྱིར་མི་ལྡོག་པར་འགྲོ་ཆིས་བྱ། །བུང་བ་ལྟ་བུའི་སྤྱོད་པ་ནི། །དབང་ལུང་གདམས་ངག་ཞུ་བའི་དུས། །དཔེར་ན་བུང་བས་མེ་ཏོག་ཀུན། །བཅུད་འཇིབ་མི་ཆགས་མི་སྡང་བར། །སྦྲང་རྩི་འཇིབ་ནས་འགྲོ་བ་ལྟར། །དམ་སེལ་ངན་པས་མ་ཆོད་པའི། །དགེ་བའི་བཤེས་གཉེན་ཐམས་ཅད་ལ། །དབང་ལུང་གདམས་པ་ཅི་ཐོབ་བྱ། །དེ་ལ་ཆགས་ནས་མི་འདུག་ཅིང་། །དམ་ཚིག་ཆགས་པར་མི་བྱའོ། །དམ་ཚིག་མི་གཙང་དམ་སེལ་ཅན། །དེ་འདྲར་དབང་ལུང་ཐོབ་གྱུར་ཀྱང་། །ལུང་ཡིག་གྲ་རུ་མི་འདྲི་ཞིང་། །ཉམས་ལེན་མི་བྱ་སྤེལ་མི་བྱ། །དེ་སྐད་བདུད་འདུལ་རྡོ་རྗེས་གསུངས། །གཏེར་སྟོན་ཡིན། མཆན། །བྱ་རྒྱུད་དོན་ཡོད་ཞགས་པ་སོགས། །དབང་བསྐུར་ཐོབ་པར་མ་གྱུར་ཀྱང་། །གསོ་སྦྱོང་ལེན་ཞིང་དཀར་ཕྱོགས་བསྲུངས། །གཟུང་བཟླ་རུང་ཞེས་ས་པཎ་གསུངས། །དེ་མིན་

(༥༦༡)གསང་སྔགས་སྒྲུབ་ཐབས་ཀུན། །དབང་མ་ཐོབ་ན་མི་རུང་སྟེ། །དབང་ཆུ་འམ་དབང་གི་ཆུ་བོ་ཞེས། །དབང་རྒྱུན་མ་ཆད་པ་ཞིག་དགོས། །དབང་རྒྱུན་ཆད་ན་བདག་འཇུག་སོགས། །བླངས་ཀྱང་མི་ཕན་གནོད་པ་ཆེ། །དབང་རྫོགས་ལུང་རྫོགས་རབ་ཡིན་ཏེ། །དབང་རྫོགས་འདོན་ཆའི་ལུང་ཙམ་འབྲིང་། །ཐ་མ་ལུང་ནི་མ་ཐོབ་ཀྱང་། །མངོན་རྟོགས་དང་ནི་སྔགས་གཉིས་པོ། །དབང་གི་ཞོར་ལ་ཐོབ་པས་འཐུས། །དེ་ཡི་རྒྱུད་དང་རྒྱ་གཞུང་དང་། །སྒྲུབ་ཐབས་ལས་ཚོགས་དཔག་མེད་དང་། །མདོ་སྔགས་ཁྲིད་རིམ་གདམས་པའི་ཚོགས། །རང་ཉིད་ཤིན་ཏུ་དེ་ལ་མོས། །ལུང་རྒྱུན་ཐོབ་པའི་ཁུངས་མེད་པ། །དཔེ་ཆ་བལྟས་ཙམ་དེ་དོན་ཤེས། །དོན་མེད་ལག་ཏུ་འཁྱར་བྱུང་ཚེ། །མཎྜལ་འབུལ་ཞིང་སྤྱི་བོར་བཞག །ཆོས་བདག་མཁའ་འགྲོས་གཏད་པར་མོས། །ཨོ་རྒྱན་ལ་སོགས་སྨོན་ལམ་ལས། །ལས་ཅན་གཅིག་དང་འཕྲད་པར་ཤོག །གསུངས་ཕྱིར་ལས་ཅན་སྐྱེས་བུ་ལ། །མཁའ་འགྲོས་ཆོས་དེ་

(༥༦༢)གཏད་པ་ཡི། །དངོས་བསྟན་གཏེར་སྟོན་རྣམས་ཡིན་ཀྱང་། །ཤུགས་བསྟན་དེ་དང་ཆ་འདྲ་ཙམ། །རང་གི་ཡི་དམ་སྒྲུབ་སྐོར་སོགས། །མེད་ཐབས་མེད་པ་རྙེད་མེད་ནི། །ལག་ཏུ་ཕྱིན་ཞིང་ཕན་ཐོགས་པ། །མཁའ་འགྲོ་གཏད་བརྒྱའི་བརྒྱུད་པ་རུ། །བརྩི་བར་དྲི་མེད་ཀུན་དགས་གསུངས། །འོན་ཀྱང་གཞན་ལ་སྤེལ་ཐབས་མེད། །བཀའ་བརྒྱུད་ཆོས་འཁོར་ཡིན་ན་ནི། །ཡབ་སྲས་ལ་སོགས་ཞབས་རྗེས་བཀྲམ། །ཡང་ན་ཐུབ་པའི་ཞབས་རྗེས་ནི། །པར་མ་རྙེད་ན་མཆོག་ཡིན་ཏེ། །ཕྱག་ཞབས་རྗེས་བཀྲམ་མཆོད་པ་བཤམས། །ཆོས་དེའི་མངའ་བདག་བླ་མ་དེ། །ཞབས་རྗེས་དེ་ཉིད་ཡིན་པར་བསྒོམ། །སྤྱན་འདྲེན་མཆོད་བསྟོད་མཎྜལ་འབུལ། །མངོན་སུམ་བཞུགས་པའི་ངེས་ཤེས་བསྐྱེད། །ལུང་དེ་གནང་བར་གསོལ་བ་གདབ། །དེ་ནས་ལུང་དེ་གནང་བར་བསྒོམ། །བདག་གིས་ཉན་བའི་མོས་པ་ཡིས། །རང་གིས་ཚར་གཅིག་འདོན་པར་བྱ། །བླ་མའི་ཞལ་ནས་ཡིག་འབྲུ་རྣམས། །བྱོན་ནས་རང་ལ་ཐིམ་པར་

(༥༦༣)བསྒོམ། །གླེགས་བམ་རང་གི་སྤྱི་བོར་བཞག །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་དང་། །རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། །ཞབས་རྗེས་གསང་སྤྱོད་མ་ཞེས་པ། །མཉམ་མེད་དྭགས་པོས་མཛད་པ་དང་། །མི་བསྐྱེད་ཞབས་ཀྱིས་མཛད་པའི་དོན། །རང་གི་ཉམས་ལེན་རྒྱུན་ལ་ནི། །དེ་ཡིས་ཆོག་པར་གཉིས་ཀས་གསུངས། །དྭགས་པོས་གཞན་ལ་སྤེལ་ཆོག་གསུངས། །མི་བསྐྱོད་ཞབས་ཀྱིས་ཞབས་རྗེས་དེ། །བླ་མར་དངོས་སུ་བྱོན་ན་ཆོག །དེ་མིན་སྤེལ་དུ་མི་བཏུབ་གསུངས། །ཡེ་ཤེས་མགོན་པོ་ཕྱག་བཞི་པའི། །བྱ་རོག་ཆེན་པོའི་རྒྱུད་ལས་ནི། །བླ་མར་ཐོབ་དང་ཁྱད་མེད་གསུངས། །ཨོ་རྒྱན་ཆེན་པོས་མཛད་པ་ཡི། །དགོངས་

(༥༦༤)འདུས་པོ་ཏིའི་ལུང་དབང་ནི། །རང་གིས་བླང་བའི་ཆོ་གའི་དོན། །གསར་རྙིང་མདོ་རྒྱུད་གང་འདོད་ཀྱི། །གླེགས་བམ་ཁྲི་སྟེང་གཡས་སུ་བཞག །གཡོན་དུ་འབྲུ་ཡི་འདབ་བརྒྱད་སྟེང་། །འཛོམ་ན་ཐུབ་དབང་གསེར་སྐུ་བཤམས། །དགེ་འདུན་བཞི་སྡེ་འཛོམ་ན་རབ། །མེད་ན་ཡིད་ཀྱིས་བསྒོམ་གསུངས་པས། །དོན་ལ་གནས་ཆོག་རྒྱས་པའམ། །ས་གཞི་བྱིན་རླབས་རྒྱས་པར་འདོན། །ཐུབ་པར་ལུང་གནང་གསོལ་བ་གདབ། །ཚངས་པའི་དབྱངས་ནི་སྙན་པ་ཡིས། །ལུང་དེ་ཡོངས་རྫོགས་གནང་བར་བསམ། །ཚར་གཅིག་འདོན་སོགས་མི་དགོས་སོ། །གླེགས་བམ་སྤྱི་བོའི་གཙུག་ཏུ་བཟུང་། །རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། །དེ་ཚེ་ཐུབ་པའི་ཞལ་ནས་ནི། །གླེགས་བམ་དེ་ཡི་ཡིག་འབྲུ་རྣམས། །དཀར་པོ་སིལ་སིལ་ཆར་ལྟར་བབས། །ཚངས་བུག་ནས་ཞུགས་རང་ཐིམ་བསྒོམས། །མཎྜལ་བསྔོ་སྨོན་བཀྲ་ཤིས་བརྗོད། །དེ་ནས་དམིགས་མེད་ངང་ལ་བཞག །རྗེས་ནི་བསྔོ་བ་སྨོན་ལམ་དང་། །སྤྲང་པོར་སྦྱིན་གཏོང་

(༥༦༥)ལ་སོགས་པ། །ཅི་འབྱོར་བསོད་ནམས་ཚོགས་གསོགས་བྱ། །དེ་ཡིས་མདོ་རྒྱུད་སྒྲུབ་ཐབས་སོགས། །ཐུབ་པ་ཉིད་ལ་ཐོབ་དང་མཉཾ། །རང་ལ་ཉམས་མྱོང་ལེགས་སྐྱེས་ནས། །གཞན་ལའང་ལུང་རྒྱུན་སྤེལ་མཆོག་གསུངས། །རྩོམ་པ་ལ་སོགས་བྱེད་དུས་སུ། །བན་བོན་མདོ་རྒྱུད་གསར་རྙིང་སོགས། །ཀུན་གྱི་ལུང་འདྲེན་འདྲི་དགོས་པས། །བརྩམས་དེའི་ལུང་རྒྱུན་སྤེལ་དུས་སུ། །སྔོན་ལ་འདི་ལྟར་བྱ་བ་གཅེས། །བརྒྱུད་པ་མི་གཙང་དམ་སེལ་ཅན། །ཕལ་གྱི་ལུང་རྒྱུན་དོ་ཟླ་མིན། །ཐུབ་པའི་བཀའ་དང་ཨོ་རྒྱན་གསུངས། །དེ་ལ་ཐེ་ཚོམ་ག་ལ་ཡོད། །བུང་བ་ལྟ་བུའི་སྤྱོད་པ་འདི། །རྔོག་ལོ་བློ་ལྡན་ཤེས་རབ་དང་། །མཁས་པ་མང་པོའི་རྣམ་ཐར་ཡིན། །ཇོ་བོ་དཔལ་ལྡན་ཨ་ཏི་ཤས། །ཉིད་ཀྱི་ཡོན་ཏན་བརྒྱ་སྟོང་གི། །ཆ་ཤས་ཙམ་ཡང་མེད་པ་ཡི། །བླ་མ་མང་པོ་བསྟེན་ཞེས་གསུངས། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིས། །ཡུགས་ས་ཡ་ཕོ་ཡན་ཆད་ཀྱི། །བླ་མ་ལྔ་བརྒྱ་བཅོ་ལྔ་བསྟེན། །དེ་བཞིན་རང་

(༥༦༦)གི་ཆོས་འབྲེལ་གྱི། །བླ་མ་ཆེ་ཕྲ་ཐམས་ཅད་ལ། །སྐྱོན་ལ་མི་ལྟ་ཡོན་ཏན་ལེན། །བུང་བས་སྦྲང་རྩི་འཇིབ་པ་ལྟར། །རང་ཉིད་དབང་ལུང་གདམས་པས་ཕྱུག །བུང་བས་སྦྲང་རྩི་བསགས་པ་འདྲ། །བརྒྱུད་པའི་གང་ཟག་གཞན་ན་ཡང་། །ཆོས་ལ་སྒྲིབ་པར་མི་འགྱུར་ཏེ། །ཆུ་ནི་ཞིང་ལ་ཐེབས་པ་ན། །ཡུར་བ་གཙང་བཙོག་བཟང་ངན་མེད། །དེ་ནི་བོད་ཀྱི་པཎྜི་ཏ། །བློ་ལྡན་ཤེས་རབ་བཞེད་པ་ཡིན། །འབྲོམ་དང་རྒྱ་རས་མི་བསྐྱོད་ཞབས། །དེ་དག་ལ་སོགས་བཞེད་པ་ལ། །འཇིག་རྟེན་ཀ་ཆ་ཉོ་ན་ཡང་། །བརྟག་གཞིག་ལེགས་པར་བྱེད་དགོས་ན། །སྐྱེ་བ་གཏན་གྱི་འདུན་མ་སྟེ། །ཆོས་རྒྱུད་བླ་མའི་བཟང་ངན་སོགས། །ལེགས་པར་མ་རྟགས་ཞུ་མི་རུང་། །ཀུན་ལ་ཆོས་འབྲེལ་ཞུ་བ་དེ། །དམ་ཚིག་ཉམས་པ་རིན་གྱིས་ཉོས། །བརྒྱུད་པ་ཐག་རུལ་འབྲེང་རུལ་མཐུད། །གདམས་ངག་སྤྲང་པོའི་ཙམ་པ་འདྲ། །ཕ་མང་བུ་ལྟ་རིགས་འཆོལ་བའི། །བརྒྱུད་པ་གང་གིའང་རྐང་མི་ཟིན། །བླ་མ་འཆུག་མེད་གཅིག་བཙལ་ནས། །དེ་ཡི་གདམས་

(༥༦༧)པ་ཉམས་བླངས་པས། །བཀའ་བརྒྱུད་རྒྱལ་ས་ཟིན་ནས་ཀྱང་། །བསྟན་ལ་ཕན་པ་ཡིན་ནོ་གསུངས། །དེ་དག་གཉིས་ཀའི་དོན་བསྡུས་པ། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་གིས། །རྒྱ་གར་ལུགས་དང་རྒྱ་ནག་ལུགས། །པཎ་ཆེན་ལུགས་དང་གྲུབ་ཐོབ་ལུགས། །མང་པོ་ཤེས་ནི་དགོས་རྒྱུར་འདུག །ཉམས་སུ་ལེན་བྱ་དེ་ཚོ་ལ། །བྱ་བྱེད་མང་པོ་བྱས་པ་ན། །ཆོས་དང་བླ་མ་གཞན་གྱིས་བསྒྱུར། །སྒར་དང་ཆོས་སྡེ་ངེས་མེད་དུ། །རླུང་འཚུབས་མང་པོའི་དཔལ་འབྱོར་ཅན། །འབྱུང་བར་དོགས་པ་ཁོ་བོས་སེམས། །གསུངས་ཕྱིར་མང་པོ་ཐོབ་ན་ཡང་། །ཉམས་སུ་ལེན་བྱའི་སྙིང་པོ་དེ། །བརྒྱུད་པ་གཙང་བའི་ཆོས་ཤིག་དགོས། །བླ་མ་སློབ་དཔོན་མང་བསྟེན་ཡང་། །གསོལ་བ་འདེབས་ཡུལ་བླ་མ་དེ། །མོས་བློས་ཡར་གཞལ་མི་དགོས་པའི། །སངས་རྒྱས་དངོས་སུ་ཐག་ཆོད་པ། །རྒྱལ་བ་ཡབ་སྲས་ལྟ་བུར་བྱ། །མ་མཇལ་ཆོས་འབྲེལ་མ་ཐོབ་ཀྱང་། །རྩ་བའི་བླ་མར་བཟུང་བྱས་ནས། །རྩེ་གཅིག་གསོལ་བ་བཏབ་པ་ན། །བྱིན་རླབས་ཉམས་

(༥༦༨)རྟོགས་སྐྱེ་པ་ཡི། །ཞལ་བཞེས་དྭགས་པོ་ལྷ་རྗེ་དང་། །དུས་མཁྱེན་རྒོད་ཚང་པ་རྣམས་ཀྱིས། །ཞལ་ཆེམ་བཞག་པ་ཡིན་པར་བཞེད། །གནད་དེ་གོ་བ་གལ་ཆེའོ། །ཁྱིམ་པ་ལྟ་བུའི་སྤྱོད་པ་ནི། །བསམ་བློ་འཕྲོད་ནས་མ་ཤིའི་བར། །ཟས་ནོར་བསགས་ཕྱིར་འབད་པ་ཡིན། །དེ་བཞིན་ཆོས་སྒོར་ཞུགས་ཕྱིན་ནས། །མ་ཤི་བར་གྱི་བྱ་བ་རྣམས། །ཚོགས་གཉིས་བསགས་ཕྱིར་འབད་པ་ཡིན། །དེ་བཞིན་འཇིག་རྟེན་ཁྱིམ་པ་ཡིས། །དཾ་བཏང་རྒྱ་འགྲོ་དབུས་སྐོར་སོགས། །ཁེ་ནི་གང་ཆེ་བྱེད་པ་ཡིན། །དེ་བཞིན་ཆོས་སྒོར་ཞུགས་པ་རྣམས། །དག་པ་འགྱུར་ནི་གང་ཆེ་བྱེད། །གང་ཟག་འགྱུར་དང་གནས་ཀྱི་འགྱུར། །དུས་ཀྱི་འགྱུར་དང་རྣམ་གསུཾ་ལས། །དུས་འགྱུར་བདེ་ཕྱིར་ཀུན་གྱིས་བྱེད། །མདོ་སྡེ་འཇིག་རྟེན་བསྟན་བཞག་ལས། །ཡར་ངོའི་ཚེས་བརྒྱད་མར་ངོའི་བརྒྱད། །ཉེར་གསུམ། །རྒྱལ་ཆེན་སྡེ་བཞིའི་གཡོག་རྣམས་ཀྱིས། །འཛམ་གླིང་ཐམས་ཅད་ཁྱབ་པར་ཉུལ། །དགེ་སྡིག་གང་བྱས་ཡི་གེར་བྲིས། །བརྒྱ་བྱིན་ལྷ་ཡི་དབང་པོར་གཏད། །དགེ་བ་མང་ན་ལྷ་རྣམས་དགའ། །སྡིག་བྱེད་མང་ན་ལྷ་རྣམས་སྡུག །ཡི་གེ་གཤིན་རྗེའི་ཡུལ་དུ་བསྐུར། །གཤིན་རྗེའི་ཡིག་ཆུང་དེ་ཡིན་གསུངས། །དེ་བཞིན་ཡར་མར་བཅུ་བཞི་ལ། །རྒྱལ་ཆེན་སྡེ་བཞིས་ལྷ་རྣམས་ཉུལ། །

(༥༦༩)དེ་བཞིན་ཡར་མར་བཅོ་ལྔ་ལ། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །ལྷ་དབང་བརྒྱ་བྱིན་བཅས་པས་ཉུལ། །དུས་ཚོད་དེ་དག་རྣམས་ལ་ནི། །དགེ་སྡིག་གང་བྱས་འབུམ་འགྱུར་ཡིན། །དེ་བཞིན་ཚེས་བརྒྱད་སྨན་བླ་འབྱོན། །སྒྲོལ་དཀར་དང་ནི་ཚེ་རིང་མ། །ཀུ་རུ་ཀུལླི་ཞིང་སྐྱོང་དུས། །ཡར་ངོ་མར་ངོའི་ཚེས་བཅུ་ལ། །པད་འབྱུང་ཕག་ཁྲོས་བདེ་མཆོག་དང་། །མ་ནིང་དཔའ་བོ་མཁའ་འགྲོ་ཀུན། །ཁྱད་པར་ཉི་ཤར་ཨོ་རྒྱན་འབྱོན། །བཅོ་ལྔ་འོད་དཔག་མེད་པའི་དུས། །དགུ་གསུམ་ལྷ་འདྲེ་ཐམས་ཅད་རྒྱུ། །བཅུ་དགུར་མཁའ་སྤྱོད་དབང་པོ་གཤེགས། །ཡར་མར་དགུ་དང་བཅུ་གཅིག་དུས། །ཡར་གྱི་ཚེས་དགུ་དང་བཅུ་གཅིག་མར་གྱི་ཉེར་དྲུག་དང་ཉེར་བཞིའོ། །དཔལ་ལྡན་ལྷ་མོ་དཔོན་གཡོག་རྒྱུ། །ཉི་ཤུ་བརྒྱད་ལ་མི་བསྐྱོད་ཞབས། །དབང་ཕྱུག་རྡོ་རྗེ་ཆོས་དབང་ཕྱུག །གཤེགས་ཕྱིར་ཉི་ཤུ་བརྒྱད་མཆོད་ཟེར། །དེ་ཉིན་གཤིན་རྗེའི་རིགས་ཀུན་རྒྱུ། །བླ་མའི་དུས་མཆོད་བཟུང་བ་ནི། །བསོད་ནམས་བསམ་གྱིས་མི་ཁྱབ་པར། །མགོན་པོའི་རྒྱུད་

(༥༧༠)སོགས་མང་པོར་བཤད། །གནམ་གང་བཅོམ་ལྡན་ཤཱཀྱ་ཐུབ། །བསྐལ་བཟང་སངས་རྒྱས་སྟོང་བཅས་འབྱོན། །དེ་ལྟར་ཉ་མཚམས་བརྒྱད་གསུམ་ལ། །སྟོན་པ་རྣམ་གསུམ་འབྱོན་པའི་ཚེ། །དགེ་བ་འབུམ་འགྱུར་ཡོད་པའི་ཚུལ། །ཇོ་བོ་རྗེ་དང་སྲོང་བཙན་གསུངས། །ཉི་ཤུ་དགུ་དང་གནམ་གང་ལ། །མགོན་པོའི་རིགས་ཀུན་རྒྱུ་བ་སྟེ། །ལོ་གཅིག་སྒྲུབ་པ་བྱས་པ་བས། །རྒྱུ་དུས་མཆོད་པ་གཅིག་དགའ་བར། །གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་དང་། །ཨོ་རྒྱན་ལ་སོགས་གསུངས་པ་ཡིན། །དེ་ནི་ཟླ་བའི་དུས་ཡིན་ལ། །མཆུ་ཡི་ཟླ་བའི་ཚེས་གཅིག་ནས། །བཅོ་ལྔའི་བར་དུ་ཤཱཀ་ཐུབ་ཀྱིས། །མུ་སྟེགས་བཏུལ་ཞིང་ཆོ་འཕྲུལ་བསྟན། །ས་ག་ཟླ་བའི་བཅོ་ལྔ་ལ། །ལྷུམས་ཞུགས་རབ་བྱུང་མངོན་སངས་རྒྱས། །རྣམ་གསུམ་འཛོམ་པའི་དུས་ཞེས་བྱ། །ཆུ་བསྟོད་ཟླ་བའི་ཚེས་བཞི་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། །ཐ་སྐར་ཟླ་བའི་བཅོ་ལྔ་ལ། །ལྷ་བབས་ཞལ་གྱིས་བཞེས་པའི་དུས། །ཉེར་གཉིས་ལྷ་བབས་དངོས་ཀྱི་དུས། །དེ་གཉིས་གཅིག་ཏུ་བརྩི་བ་ཡིན། །

(༥༧༡)སྟོན་པའི་དུས་ཆེན་བཞི་ཞེས་བྲགས། །དགེ་བ་བྱེ་བ་བརྒྱ་འགྱུར་དུ། །མདོ་སྡེ་མང་པོ་ཞལ་མཐུན་ནོ། །འདི་དག་ཟླ་བ་ངོས་འཛིན་ལ། །རྒྱ་བོད་ཀུན་ཏུ་མི་མཐུན་ཡང་། །ཨོ་རྒྱན་དགོངས་འདུས་སྐར་མཛོད་ལས། །ཞལ་ནི་གང་འཆམ་བསྟུན་གསུངས་ལྟར། །ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲིས། །མདོ་རྒྱུད་མང་པོ་གུང་བསྟུན་ནས། །ཟླ་བ་ངོས་འཛིན་བསྟན་བཅོས་མཛད། །དེ་ཕྱིན་རྒྱ་བོད་ཐམས་ཅད་ཀྱི། །ཟླ་པ་འདི་བཞི་ཐག་ཆོད་ཡིན། །གཏོར་མ་མཚར་གཅིག་བཏང་ན་ཡང་། །གཏོར་མ་བྱེ་བ་བརྒྱ་རུ་ངེས། །དེ་འདྲ་ཅི་ཡི་ཕྱིར་ཞེ་ན། །སྟོན་པས་བྱིན་གྱིས་བརླབས་པ་ཡིན། །ཁྱད་པར་སྔགས་ཀྱི་བཟླས་བརྗོད་ལ། །ཉི་ཟླ་གཟའ་ཡིས་བཟུང་ནས་ཀྱང་། །སོས་ཡག་མ་རེད་བར་དེ་ལ། །ཟླ་བ་བྱེ་བ་བརྒྱ་འགྱུར་ཏེ། །ཉི་མ་བྱེ་བ་འབུམ་འགྱུར་ཡིན། །དེ་ནི་མདོ་རྒྱུད་མང་པོ་མཐུན། །དེ་ཕྱིར་དབང་ནི་ཐོབ་ཚད་ཀྱི། །ལྷ་ནི་སྐད་ཅིག་དྲན་རྫོགས་བསྒོམ། །སྔགས་ནི་ཕྲེང་སྐོར་རེ་བཟླས་པས། །དེ་དག་ཀུན་གྱིས་བསྙེན་པ་ཐེམ། །དབང་བསྐུར་རབ་གནས་སྦྱིན་

(༥༧༢)སྲེག་སོགས། །སོ་སོའི་ལས་ཚོགས་བྱ་རུང་བ། །མཁས་པ་ཐམས་ཅད་ཞལ་མཐུན་ཕྱིར། །དགེ་བཤེས་གསང་བ་ཀུན་གྱིས་མཛད། །དེ་དག་བསོད་ནམས་ཞིང་ས་བཟང་། །དགེ་བའི་ས་བོན་ཐོབ་ཅིག་ཅེས། །བཀའ་གདམས་པ་ཀུན་ཞལ་གདམས་ཡིན། །དེ་ནས་ཞག་གི་དུས་ཚོད་ལ། །ཐོ་རངས་མངོན་པར་སངས་རྒྱས་དུས། །རླུང་གཟུང་ཚེ་སྒྲུབ་བྱ་བར་བཟང་། །ནམ་ལངས་ནས་ནི་ཉི་དྲོས་བར། །ཞི་བའི་བཟླས་པ་གང་བྱས་འགྲུབ། །ཉི་དྲོས་ནས་ནི་ཉིན་ཕྱེད་བར། །རྒྱས་བའི་བཟླས་པ་གང་བྱས་འགྲུབ། །ཕྱེད་ཡོལ་ནས་ནི་ཉི་ནུབ་བར། །དབང་གི་བཟླས་པ་གང་བྱས་འགྲུབ། །ཉི་མ་མདུང་གང་ཙམ་ནས་བཟུང་། །ཉི་མ་ནུབ་ཡག་མ་རེད་པར། །གཟའ་དང་བཟློག་པ་ཐམས་ཅད་འགྲུབ། །མུན་རུག་ནས་ནི་ནམ་ཕྱེད་བར། །དཔའ་བོ་མཁའ་འགྲོ་ཀུན་འདུ་བས། །གཏོར་བསྔོས་ཚོགས་འཁོར་ལ་སོགས་བཟང་། །དྲག་པོའི་སྔགས་ཀྱང་གང་བཟླས་འགྲུབ། །ཁྱད་པར་སྲོད་ཀྱི་དུས་དེ་ཉིད། །ཐུབ་པས་བདུད་བཏུལ་དུས་ཡིན་པས། །བདུད་ཀྱི་བར་ཆད་བརྩམ་དུས་ཡིན། །ཡི་དམ་ཁྲོ་བོའི་

(༥༧༣)བཟླས་པ་བྱ། །ནམ་ཕྱེད་ནས་བཟུང་ཐོ་རངས་ཕྱེད། །གཉིད་ཀྱི་འོད་གསལ་བཟུང་དུས་ཡིན། །དུས་ཚོད་དེ་དང་དེ་རྣམས་སུ། །སོ་སོའི་བཟླས་པ་བྱེད་པ་མཆོག །རི་དྭགས་སྨས་མའི་སྤྱོད་པ་ནི། །རི་དྭགས་གྲྭ་རུ་མི་སྡོད་པར། །དབེན་པར་གབ་ནས་འདུག་པ་ལྟར། །མཚམས་དང་སྒྲུབ་པ་བྱེད་པའི་དུས། །རང་ཉིད་གཅིག་པུར་འདུག་པའམ། །མཚམས་གཡོག་ལ་སོགས་ཡོད་གྱུར་ཀྱང་། །མིག་ཏུགས་ལུས་ནི་སྦས་ཏེ་འདུག །སྨྱོན་པ་ལྟ་བུའི་སྤྱོད་པ་ཡང་། །ཆ་མཐུན་ཞོར་ལ་འབྱུང་བ་སྟེ། །ཉེ་དུ་ལ་སོགས་ངོ་ཆེན་གྱིས། །འབོད་མི་ལ་སོགས་བྱུང་ན་ཡང་། །ངོ་མི་བསྲུང་བར་སྨྱོན་པ་བཞིན། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡང་། །ཆ་མཐུན་ཙམ་ཞིག་ཞོར་ལ་འབྱུང་། །དྲི་ཆུ་ཐིག་ལེ་ལ་སོགས་པ། །བཙོག་པའི་འདུ་ཤེས་མི་བྱེད་པར། །ཁྲུས་དང་བཏུང་སོགས་དགོས་དུས་བྱ། །ཐི་བྱ་ཚང་ཞུགས་སྤྱོད་པ་ཡང་། །དེ་ཡི་ཞོར་ལ་འབྱུང་བ་སྟེ། །དབང་ལུང་གདམས་ངག་ཁྲིད་རིམ་སོགས། །སྔར་ནས་ལེགས་བར་རྩད་བཅད་པས། །

(༥༧༤)དེ་དུས་ཐེ་ཚོམ་སོམ་ཉི་མེད། །ཉམས་ལེན་ཉིད་ལ་འཇུག་པ་ཡིན། །སྤྱིར་ནི་སྤྱོད་པ་འདི་དག་ལ། །མིང་གཅིག་དོན་ནི་མི་གཅིག་པའི། །བཤད་ཚུལ་རྣམ་གྲངས་མང་ན་ཡང་། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་། །ཚངས་སྤྱོད་ཅེས་བྱ་དོན་གཅིག་སྟེ། །དྭགས་པོ་བཀའ་བརྒྱུད་ཕལ་ཆེར་གྱིས། །སྤྱོད་པ་དེ་ཉིད་ཁོ་ན་ཡིས། །ས་ལམ་ཐམས་ཅད་བགྲོད་བར་བྱེད། །དེ་ཡི་སྤྱོད་པ་གང་ཞེ་ན། །ལུས་ཀྱི་ཆ་ལུགས་སྤྱོད་པ་རྣམས། །འདུལ་ཁྲིམས་བཞིན་དུ་དངོས་ཚུགས་བཟུང་། །དེ་ཡང་དམ་ལྷོད་རན་བྱས་ཏེ། །ཆོས་ཀྱི་དབང་ཕྱུག་ཞལ་སྔ་ནས། །དཔེར་ན་སྟག་མོས་བུ་ཁུར་བ། །དམ་ན་མཆེ་བས་བུ་འཆི་ལ། །ལྷོད་ན་བུ་ནི་ས་ལ་འབྲུལ། །དམ་ལྷོད་རན་པར་ཁུར་བ་ལྟར། །གུང་ཚིགས་ཅུང་ཙམ་ཕྱི་པ་དང་། །ཆབ་ལེན་རུང་ཆུ་བརྗོད་སོགས་ལ། །སྲོག་ཆད་ཙམ་དུ་སྐྲག་པ་ནི། །དམ་དྲག་རྣམ་པར་རྟོགས་པས་བཅིངས། །དགོངས་ཟ་ཆང་ནི་བག་མེད་བཏུང་། །ཆབ་རིལ་ཆུ་དང་ལོ་མང་བྲལ། །ཡོད་ཀྱང་ཆོས་གོས་ལྷུང་བཟེད་བསྐྱུར། །དགེ་བསྙེན་དང་ནི་དགེ་སློང་

(༥༧༥)གཉིས། །དགེ་ཚུལ་སོགས་མཆན། །རྒྱུས་ཡོད་མིན་པར་འབྱེད་དཀའ་བས། །དེ་འདྲ་ཧ་ཅང་ལྷོད་པའི་སྐྱོན། །རྒྱུན་དུ་གདན་གཅིག་བྱུང་ན་རབ། །ནའམ་ཡང་ན་ཚོགས་འཁོར་ཉིད། །མིན་པར་དགོངས་ནི་བཟང་མི་བྱ། །ཚོགས་ཤ་མིན་པའི་ཤ་མི་བཟའ། །བསྔོས་ཤ་གཏན་ནས་སྤང་བར་བྱ། །ཆང་ནི་དུག་ལྟར་སྤང་བར་བྱ། །ཚོགས་ཆང་དམ་ཚིག་མི་འགལ་ཕྱིར། །ཐུར་འགྱེད་འམ་ནི་སོར་རྩེས་བླངས། །མང་ཡང་བྷན་དྷ་འབྲིང་ཚད་གང་། །དེ་བས་མང་བ་མི་རུང་བ། །བདེ་མཆོག་སྡོམ་ཆུང་རྒྱུད་ན་གསལ། །རྩ་རླུང་འཁྲུལ་འཁོར་སྦྱོང་དུས་སོགས་ལ་ལུས་བསོ་བའི་ཕྱིར། །མཆན། །ཚོགས་ཤ་བཟའ་བར་རུང་བ་སྟེ། །ཁམས་དང་ཐིག་ལེ་རྒྱས་ཕྱིར་རོ། །དེ་ཡང་བསྔོས་ཤ་ཡིན་ན་སྤང་། །བསྔོས་ཤ་ཡིན་ཀྱང་ཚོགས་ཤ་ལ། །བསྔོས་ན་དུད་འགྲོ་དེར་པན་པ། །འཇའ་ཚོན་སྙིང་པོའི་གསུང་ལས་གསལ། །འདུལ་ཁྲིམས་ཕྲ་ཞིབ་ཐམས་ཅད་ཀྱང་། །ཅི་ལྟར་ནུས་པ་སྲུང་བྱ་སྟེ། །མ་ཐུབ་འམ་ནི་མ་ཤེས་པས། །ལྟུང་བ་ཉེས་བྱས་མང་སོགས་པ། །ཟླ་བ་ཕྱེད་ཕྱེད་

(༥༧༦)གསོ་སྦྱོང་དུས། །དགེ་འདུན་སྡེ་ནི་མེད་པའི་ཕྱིར། །གསོ་སྦྱོང་དངོས་ནི་མི་འོང་ཀྱང་། །གསོ་སྦྱོང་བྱིན་གྱིས་བརླབས་པའམ། །ཡང་ན་ཞི་གནས་གསོ་སྦྱོང་བྱ། །མེད་ན་མ་གཏོགས་གུང་ཚིགས་ཀྱང་། །ལྷུང་བཟེད་ནང་དུ་བཟའ་བྱ་སྟེ། །ཕུད་མཆོད་ཆང་བུ་ལ་སོགས་ཀྱང་། །གཞུང་ལྟར་རྒྱུན་དུ་མ་བརྗེད་བྱ། །བག་ཡོད་དྲན་ཤེས་སྐྱེ་བའི་ཕྱིར། །ཆོས་གོས་རྣམ་གསུམ་ཆུ་ཚགས་བཅངས། །དུས་བཟང་སྐབས་སུ་བྱང་སྡོམ་ལེན། །ལས་དང་བྱ་བ་གང་བྱེད་ཀྱང་། །སེམས་བསྐྱེད་བཟང་པོའི་ཀུན་སློང་གཟབ། །འགྲོ་བ་སེམས་ཅན་ཀུན་དོན་དུ། །བླ་མེད་བྱང་ཆུབ་བསྒྲུབ་པ་ལས། །དོན་གྱི་གཙོ་བོ་གཞན་མེད་བྱ། །ཉམས་ལེན་བསྐྱེད་རྫོགས་ཟུང་འཇུག་སྟེ། །གཙོ་བོར་ངོ་བོ་སྐྱོང་བར་བྱ། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་གིས། །ཕྱི་ལྟར་སོ་ཐར་དགེ་སློང་། །ནང་ལྟར་བྱང་ཆུབ་སེམས་དཔའ། །གསང་བ་སྔགས་ཀྱི་རྣལ་འབྱོར། །སུམ་ལྡན་རྡོ་རྗེ་འཛིན་པ། །བསམས་ཞིང་དགའ་བོ་སྐྱིད་དོ། །གསུངས་པའང་དེ་ཡི་དོན་ལ་དགོངས། །

(༥༧༧)སྤྱོད་པ་དེ་ནི་མཚམས་སྒྲུབས་དང་། །གྲོང་དང་དགོན་པ་གར་འདུག་ཀྱང་། །ཐང་ལྷོད་མེད་པར་མཐར་ཕྱིན་བྱ། །དེ་ནི་ཧ་ཅང་དཀའ་བའང་མིན། །དཀའ་ཞིང་མཐར་མི་ཐོན་པ་ཡི། །དམ་བཅའ་བརྩམས་པའང་ཉམས་པའི་རྒྱུ། །དེ་ཀ་ཙམ་ཡང་མི་ཐུབ་སྙམ། །སྒྱིད་ལུགས་པའང་ཉམས་པའི་རྒྱུ། །དེ་ལས་གཞན་པའི་སྤྱོད་པ་རྣམས། །སྐབས་སུ་བབས་ན་བོགས་ཆེ་སྟེ། །ཁྲིགས་སུ་མ་འཕྲོད་གེགས་སུ་ཆེ། །སྤྱོད་པ་གཞན་རྣམས་མ་བྱས་ཀྱང་། །ཀུན་བཟང་སྤྱོད་པ་གཅིག་པུ་དེས། །ས་ལམ་ཐམས་ཅད་བགྲོད་པར་གསུངས། །དྭགས་བརྒྱད་རྣམས་ཀྱི་གཤེགས་ཤུལ་ལམ། །སངས་རྒྱས་བསྟན་ལ་ཕན་པ་དང་། །རང་ཉིད་ཆོས་སྒེ་མཐར་ཐོན་ཅིང་། །རང་ལ་ཡོན་ཏན་གང་ཡོད་ཀྱི། །འགྲོ་དོན་རྒྱ་ཆེན་འབྱུང་བ་དང་། །སྦྱིན་བདག་རྣམས་ཀྱང་དང་བ་འདྲེན། །རྒྱུན་དུ་སྤྱོད་པ་དེ་རང་བྱ། །ཉ་ ཚེས་བཅོ་ལྔ་ མཚམས་ གནམ་གང་ བརྒྱད་གསུམ་ ཚེས་བརྒྱད། །ཉི་ཤུ་གསུམ། །འདི་མར་ངོའི་ཚེས་བརྒྱད་ཡིན་གསུངས། །ཚེས་བཅུ་ དང་བཅུ་ ཉེར་དགུ་

(༥༧༨)དགུ་གཉིས་ཉི་ཤུ་བརྒྱད། །དེ་དག་རྣམས་སུ་དུས་མཆོད་གཟབ། །གཏོར་མ་ཆགས་མེད་གཏོང་ཐོན་རབ། །མ་ཐུབ་ཉ་ ཚེས་བཅོ་ལྔ། མཚམས་ གནམ་གང་། བརྒྱད་གསུམ་གཏོང་། ཚེས་བརྒྱད། །དེ་ནི་ཛམ་ལྷའི་དམ་ཚིག་ཡིན། །སུ་རཱུ་པ་ཡི་གཏོར་མ་དང་། །བརྒྱ་རྩ་ཤིན་ཏུ་བསྡུས་པ་གཉིས། །ནང་སྔ་རྩ་སྟོང་ཆགས་མེད་བྱ། །ནུབ་མོ་གསུར་གྱི་མཆོད་པ་དང་། །ལུས་སྦྱིན་རྒྱས་པའམ་མ་ལྕོག་ན། །ཀུ་སུ་ལི་ཡི་ཚོགས་གསོགས་བྱ། །རྩ་བའི་ཡི་དམ་བདག་བསྐྱེད་དང་། །བསྙེན་པ་གཏོར་བསྔོས་མ་ཆག་པས། །གསར་མའི་བསྐྱེད་རིམ་ཉམས་ལེན་དང་། །རྙིང་མའི་མ་ཧཱ་ཡོ་ག་ཡི། །ཉམས་ལེན་དོན་རྩ་འདུས་པ་ཡིན། །འགྲུབ་སྦྱོར་ལ་སོགས་བཟང་པོའི་དུས། །ཆོས་སྐྱོང་བསྐང་གསོལ་རྒྱས་པ་དང་། །ཞི་རྒྱས་དབང་གི་སྦྱིན་སྲེག་བྱ། །དེས་ནི་བསྐྱེད་རིམ་བོགས་འདོན་འོང་། །རྒྱུན་དུ་ཡི་དམ་ལུས་དཀྱིལ་བསྒོམ། །བཟའ་བཏུང་ནང་གི་སྦྱིན་སྲེག་བྱ། །དབུགས་ཀྱི་འབྱུང་འཇུག་གནས་དང་གསུམ། །འབྲུ་གསུམ་རྡོ་རྗེའི་བཟླས་པར་དམིགས། །ཁོམ་ན་རླུང་

(༥༧༩)བཟུང་འཁྲུལ་འཁོར་བྱ། །མ་ཁོམ་ལུས་ཀྱི་འགུལ་སྤྱོད་ཀུན། །འཁྲུལ་འཁོར་གར་དང་ཕྱག་རྒྱར་དམིགས། །དེ་ཡི་གསར་མའི་ལུས་དཀྱིལ་དང་། །རྙིང་མའི་ཨ་ནུ་ཡོ་ག་ཚང་། །རབ་ཀྱིས་བསྐྱེད་རྫོགས་ཟུང་འཇུག་གམ། །མེད་ཀྱང་ངོ་བོ་སྐྱོང་བར་བརྩོན། །དྲན་རྫིས་ཡང་ཡང་གསལ་འདེབས་བྱ། །ཕྱག་ཆེན་ཁྲེགས་ཆོད་ཉམས་ལེན་ཚང་། །ཟེར་གཉིས་ཐོད་རྒལ་བལྟས་པ་ཡིས། །ཨ་ཏི་ཐེག་དགུའི་ཡང་རྩེ་ཚང་། །དེ་ཉེན་དགེ་སྦྱོར་གང་བྱས་རྣམས། །དོ་དགོངས་བསྔོ་སྨོན་རྒྱ་ཡིས་གདབ། །དེ་ཡིས་དགེ་བ་མི་ཉམས་འཕེལ། །དེ་ལྟར་སྤྱོད་པའི་རྣམ་དབྱེ་འདི། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །གཞུང་གི་བཤད་པ་མ་བྱས་པར། །རང་གི་ཉམས་སུ་བླངས་ཚོད་ཙམ། །རང་འདྲ་དམན་པ་གཞན་ལ་ཡང་། །ཕན་པར་འགྱུར་རམ་བསམས་པ་དེས། །ཤིང་སྦྲུལ་མགོ་ཟླའི་བཅོ་བརྒྱད་དང་། །བཅུ་དགུའི་དགོངས་མོའི་ཐུན་སྐབས་གཉིས། །རཱ་ག་ཨ་སྱས་སྨྲས་པ་རྣམས། །གུ་རུ་བཱི་རྱས་

(༥༨༠)ཡི་གེར་བྲིས། །ལྟ་སྤྱོད་མཐོན་པོའི་གང་ཟག་གིས། །གཟིགས་ན་སྙིང་རྗེའི་གནས་སུ་མཛོད། །ཐ་སྙད་མཁས་པའི་གང་ཟག་གིས། །གཟིགས་ན་བཞད་གད་གནས་སུ་མཛོད། །བདག་འདྲ་བློ་དམན་གང་ཟག་གིས། །གཟིགས་ན་ཉམས་སུ་བླང་བར་མཛོད། །ཤིན་ཏུ་དམན་པའི་གང་ཟག་ནི། །མང་པོ་འགའ་ལ་ཕན་པར་ཤོག །ལེའུ་སོ་དགུ་པའོ་མངྒ་ལམ།། །ཐཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །འགྲོ་དོན་ཕྲིན་ལས་རྒྱ་མཚོ་བཞུགས་སོ། །ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། །གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །འགྲོ་དོན་འདི་ལ་ལུགས་གཉིས་ཡོད། །ཤཱཀ་ཐུབ་བསྟན་པ་ལུང་རྟོགས་གཉིས། །ལུང་གི་བསྟན་པ་བཤད་པས་འཛིན། །ཤེས་རབ་བརྩོན་འགྲུས་ལྡན་པའི་མིས། །དགེ་བཤེས་མཁས་པ་མང་པོ་བསྟེན། །རིག་གནས་ཀུན་ལ་མ་རྨོངས་ཤིང་། །སྒྲ་དང་ཚད་མ་མངོན་པ་དང་། །དབུ་ཕར་འདུལ་བའི་གཞུང་རྣམས་ལ། །བསྒྲོ་གྲེང་རྩོད་པའི་རིག་པ་བྱང་། །འབྲུ་སྦྱོར་འཕྲོས་ལེན་བཤད་པ་མཁས། །ཉམས་

(༥༨༡)དང་རྟོགས་པ་མེད་ན་ཡང་། །དང་པོ་ཆོས་སྒོར་ཞུགས་པ་ནས། །མངོན་པར་རྫོགས་པར་སངས་རྒྱས་པར། །ས་ལམ་བཤད་པ་ཞིབ་རྒྱས་ཤེས། །བཀའ་བཅུ་རབ་འབྱམས་མཁས་མིང་ཐོགས། །སློབ་མ་ལ་ཡང་དེ་ལྟར་བསླབ། །སློབ་མ་དགེ་བཤེས་མང་པོ་ཐོན། །གྲྭ་ས་ཆེན་པོའི་ཆོས་ལུགས་ཡིན། །དེ་དོན་མི་ལ་རས་ཆེན་གྱིས། །དབུས་གཙང་རུ་བཞིའི་རྒྱལ་ཁམས་ན། །ཆོས་སྒོམ་པ་མི་འགྲིམ་བཤད་པ་འགྲིམ། །གསུངས་ལྟར་དེ་འདྲར་རྩིས་ཆེའོ། །ཚེ་འདིར་ཉམས་རྟོགས་འདོད་པ་མེད། །ཚུལ་ཁྲིམས་གཙང་མ་བསྲུང་བའི་འབྲས། །སྐྱེ་བ་ཀུན་ཏུ་མི་ལུས་ཐོབ། །བག་ཆགས་བཟང་བས་མཁས་པ་འབྱུང་། །དེ་འདྲ་སྐྱེ་བ་གྲངས་མེད་གསུམ། །དེ་ནས་སྟོང་ཉིད་རྟོགས་པར་འདོད། །དེ་དང་ཆ་མཐུན་དབང་ལུང་རྣམས། །རྒྱ་ཆེན་ཐོབ་ཅིང་དེ་དོན་ཤེས། །ཉམས་དང་རྟོགས་པ་མ་སྐྱེས་ཀྱང་། །དབང་རྒྱུན་ལུང་རྒྱུན་གཞན་ལ་སྤེལ། །དཔེར་ན་འོན་པས་དུང་བུས་བཞིན། །དེ་དོན་རང་གིས་མ་རྟོགས་ཀྱང་། །

(༥༨༢)ལས་འཕྲོ་ཅན་ལ་ཕན་པ་སྲིད། །དེ་ཚེ་ལུང་གི་བསྟན་པ་སྟེ། །དེང་སངས་ཤཱཀ་ཐུབ་བསྟན་པ་ཡང་། །རྟོགས་པའི་བསྟན་པ་ཡོལ་ནས་ནི། །ལུང་གི་བསྟན་པའི་དུས་ལ་བབས། །དེ་ཕྱིར་བཤད་རྒྱུན་ལུང་རྒྱུན་ཙམ། །སྤེལ་ཐུབ་ལུང་གི་བསྟན་འཛིན་ཡིན། །སློབ་མར་ཉམས་རྟོགས་མི་སྐྱེ་ཡང་། །ཤེས་རབ་ལྡན་ན་ལུང་རྒྱུན་འཕེལ། །རྨོངས་པས་ཐོས་པའི་བསོད་ནམས་ཐོབ། །དུས་ལ་དཔགས་པའི་འགྲོ་དོན་ཡིན། །རྟོགས་པའི་བསྟན་པ་སྒྲུབ་པས་འཛིན། །དྭགས་བརྒྱུད་པ་དང་རྙིང་མ་གཉིས། །གཙོ་ཆེར་སྒྲུབ་བརྒྱུད་བསྟན་པ་ཡིན། །སྒྲུབ་བརྒྱུད་འགྲོ་དོན་ལུགས་ལ་ནི། །རྩེ་གཅིག་མཐོ་དམན་རྟོགས་པ་དེས། །གཞན་ལ་ཁྲིད་སོགས་འཆད་པ་ན། །གཞན་ལ་མི་ཕན་རང་ལ་གནོད། །དེ་ཕྱིར་སྒྲུབ་ལ་འབད་དུས་ཡིན། །སྤྲོས་བྲལ་མཐོ་དམན་ཉམས་རྟོགས་ཀྱིས། །ཞིབ་རྒྱས་ནན་གྱིས་བཤད་ན་ཕན། །འོན་ཀྱང་རང་ལ་ཅུང་ཞིག་གནོད། །རོ་གཅིག་རྟོགས་པའི་རྣལ་འབྱོར་དེས། །འགྲོ་དོན་དུས་ལ་བབས་པའི་ཕྱིར། །མ་འབད་

(༥༨༣)ལོངས་སྤྱོད་ཆར་ལྟར་འབེབས། །ཅི་སྨྲས་གཞན་གྱིས་གུས་ཤིང་ཉན། །གཞན་རྒྱུད་བྱིན་གྱིས་བརླབ་ནུས་ཕྱིར། །ཉམས་དང་རྟོགས་པ་བསྐྱེད་པར་ནུས། །རང་གིས་དེ་ལྟར་མ་རྟོགས་ན། །སྐོལ་ཕོར་རི་མོ་སྭཱཙྪའི་དཔེ། །ཁྲིད་ཀྱང་ལུང་རྒྱུན་ཙམ་དུ་འགྱུར། །སྒོམ་མེད་རྟོགས་པའི་གང་ཟག་གིས། །ཧ་ཅང་བཤད་ཀྱང་མི་དགོས་ཏེ། །ཞལ་མཇལ་ཕྱག་དབང་ཐོབ་ཙམ་མམ། །མ་མཇལ་དད་པས་གསོལ་བཏབ་ཀྱང་། །ཉམས་དང་རྟོགས་པ་བསྐྱེད་ནུས་པར། །བཀའ་བརྒྱུད་རྣམས་ཀྱི་བཞེད་ཡིན། །དེ་དག་གཉིས་ཀར་གལ་ཆེ་བས། །བྱང་ཆུབ་བསྒྲུབ་པའི་ཐབས་དེ་ནི། །རྒྱས་པའམ་ནི་བསྡུས་པའང་རུང་། །མ་ནོར་བ་ཞིག་བཤད་ཤེས་དགོས། །མི་ཤེས་བཞིན་དུ་བཤད་པ་ནི། །ཁམས་གསུམ་སེམས་ཅན་བསད་པ་བས། །གཏི་མུག་ཅན་ཀྱི་ཆོས་བཤད་པ། །ཉེས་པ་ཆེ་བར་ཐུབ་པས་གསུངས། །ཤེས་ཤིང་ཟང་ཟིང་འདོན་ཕྱིར་མིན། །གཞན་ལ་སྙིང་རྗེས་ཆོས་སྦྱིན་པ། །སྟོང་གསུམ་རིན་ཆེན་སྣ་བདུན་གྱིས། །

(༥༨༤)བཀང་ནས་སངས་རྒྱས་མཆོད་པ་བས། །དམ་ཆོས་ཚིག་བཅད་གཅིག་བཤད་པ། །བསོད་ནམས་ཆེ་བར་།ཐུབ་པས་གསུངས། །ཟང་ཟིང་འདོད་པ་མེད་བཞིན་དུ། །སློབ་མས་དད་པས་ཕུལ་བ་ནི། །ཚིག་གཅིག་བཤད་པའི་ཡོན་ལ་ནི། །གསེར་ནི་རང་ལུས་ཙམ་ཕུལ་ཡང་། །དེ་ཡིས་དྲིན་ལན་མི་འཁོར་ཕྱིར། །རང་ལ་དཀོར་སྒྲིབ་འབྱུང་དོགས་མེད། །སློབ་མའང་བསོད་ནམས་ཚོགས་རྫོགས་ཏེ། །ཕྱོགས་བཅུ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །སྐྱེ་བ་དེར་ཡང་ལོངས་སྤྱོད་ལྡན། །མཐར་ནི་སངས་རྒྱས་རྒྱུ་རུ་འགྱུར། །ཟས་ནོར་ལོངས་སྤྱོད་དོན་གཉེར་ནས། །དབང་ལུང་གདམས་ངག་སྤེལ་བ་ནི། །དམ་ཆོས་བཙོངས་ནས་ཟོས་པའི་ཕྱིར། །བཤས་ཁེ་ཚྭ་ཁ་བྱས་ལས་ལོད། །དེ་གཉིས་བྱེད་ལུགས་འདྲ་ན་ཡང་། །བསམ་པའི་ཁྱད་ཀྱིས་དབྱེ་བ་ཡིན། །བསྡུ་བའི་དངོས་པོ་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །འགྲོ་དོན་བྱེད་པའི་སྒོ་བཞི་ཡིན། །དེ་དོན་རྒྱལ་བ་འབྲོམ་སྟོན་གྱིས། །ཇོ་བོ་རྗེ་ལ་བསྟོད་པ་

(༥༨༥)ལས། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུར་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་དོན་དེ་ཞིབ་བཤད་ན། །སྒྲུབ་པ་བྱེད་པའི་དུས་སུ་ཡང་། །ཆོས་དང་འཇིག་རྟེན་རྒྱབ་འགལ་ཡང་། །འགྲོ་དོན་བྱེད་པའི་དུས་སུ་ནི། །བསམ་པའི་ཁྱད་པར་མ་གཏོགས་པ། །ཆོས་དང་འཇིག་རྟེན་ཟུང་འཇུག་ཡིན། །ཡོན་བདག་གྲྭ་རིགས་སུ་ལ་ཡང་། །ཟས་ནོར་ཆུང་དུ་བྱིན་བྱས་ནས། །དེ་ལེན་ཆེན་པོ་འདོད་པ་ནི། །ལོག་པའི་འཚོ་བ་ངན་འགྲོའི་རྒྱུ། །འགྲིམ་འགྲུལ་བཀྲེས་ཤིང་སྐོམ་པ་ལ། །འཕྲལ་དུ་གང་འབྱོར་ཟས་སྐོམ་སྦྱིན། །ཐག་རིང་ནས་འོང་འགྲིམ་འགྲུལ་ལ། །ལམ་ཆས་འཁྱོལ་བར་བསྐུར་བ་དང་། །གནང་སྦྱིན་འོས་པའི་ཡོན་བདག་ལ། །གནང་སྦྱིན་ཕྱག་མདུད་ལ་སོགས་པ། །ཆོས་དང་གདམས་ངག་འདོད་དྲག་པར། །སྣག་སྨྱུག་ཤོག་གུ་སྦྱིན་པ་དང་། །

(༥༨༦)ཆོས་བརྒྱགས་ཆད་ནས་ཆོས་ཤོལ་ཕྱིར། །བརྒྱགས་མཐུད་ཆོས་དེ་ཚང་ཐབས་དང་། །སློབ་མ་གཞན་དོན་ནུས་པ་ལ། །གང་འོས་དཔེ་དང་མཆོད་ཆ་སྦྱིན། །དེ་ལ་བཟང་ལེན་བཀུར་སྟི་སོགས། །ཆེན་པོ་ཨེ་འོང་རེ་བ་སྤངས། །དེ་ནི་མཁོ་བ་སྦྱིན་པ་སྟེ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །བྱེད་ལུགས་གོང་དང་ཁྱད་མེད་ཀྱང་། །བསམ་པའི་ཁྱད་ཀྱིས་དགེ་སྡིག་གཉིས། །ཕྱོགས་ནས་འོད་ལ་ཕྱགས་ཕེབས་དང་། །འགྲོ་ཁ་ཐུགས་དམ་གོང་འཕེལ་སོགས། །མྱ་ངན་ཅན་ལ་སེམས་གསོ་དང་། །གྲུབ་མཐའ་ལོག་ཆོས་སྤྱོད་པ་ལའང་། །གཤེ་སྐུར་མི་བྱ་ཡོན་ཏན་བརྗོད། །མི་ཉན་དོགས་པའི་ཁ་ད་ལ། །ཚིག་ངན་མི་བརྗོད་དལ་བུས་སྨྲས། །ཐབས་ཀྱིས་ལེགས་པའི་ཕྱོགས་སུ་ཁྲིད། །དེ་ནི་བྱང་ཆུབ་སེམས་དཔའ་ཡིས། །སྙན་པར་སྨྲ་བའི་འགྲོ་དོན་སྒོ། །ཁ་སྡུག་ཁོག་སྐྱིད་ཟེར་བའི་དཔེ། །ལོག་པར་སྤྱོད་ལ་སྟོད་ར་དང་། །ཁས་བསྟོད་ཞེ་ཡིས་ཁྲེལ་བ་དང་། །ཁ་འཇམ་ཁོག་རྩུབ་སོ་དཀར་སྟོན། །

(༥༨༧)བློ་ངན་དེ་འདྲ་ངན་འགྲོའི་རྒྱུ། །དེ་གཉིས་བྱེད་ལུགས་མཚུངས་ན་ཡང་། །དོན་ལ་མི་མཚུངས་བསམ་པའི་ཁྱད། །རང་ལ་རྩི་ཞིང་ཁར་ཉན་ན། །འཐབས་རྩོད་འཁྲུགས་པ་བཟླུམས་པ་དང་། །ཡོན་བདག་རྣམས་ཀྱི་རྐྱེན་སེལ་ཐབས། །རེ་བ་གང་བཅས་བསྐང་བ་དང་། །ཆོས་ཀྱི་ཕྱོགས་སུ་ཁྲིད་ཐུབ་ན། །རུས་དཔོན་སྣག་དཔོན་སོགས་ཀྱང་བསྐོར། །ཉེ་དུ་ཡོན་བདག་ལ་སོགས་ཀྱང་། །སེམས་ལ་ཆགས་ཞེན་མེད་ན་ཡང་། །འཇིག་རྟེན་པ་དང་མཐུན་པར་སྐྱོང་། །དེ་ནི་འཇིག་རྟེན་དོན་མཐུན་ཞེས། །བྱང་ཆུབ་སེམས་དཔའ་འགྲོ་དོན་སྒོ། །རུས་དབོན་སྣག་དབོན་ཉེ་དུ་སོགས། །ཆོས་ལ་སྦྱོར་བ་མི་ནུས་ཀྱང་། །ཆགས་ཞེན་དབང་གི་དཀོར་གྱིས་གསོ། །ཕྱི་མ་རྔ་མོང་ལུས་ལེན་པར། །སྲོང་བཙན་སྒམ་པོས་གསུངས་པ་ཡིན། །གཉེན་དང་གྲྭ་རིས་སྐྱོངས་བ་དང་། །ཆགས་ཞེན་ཕོ་རུས་བསམས་པ་ཡིས། །བསྐྱངས་ན་ངན་འགྲོའི་རྒྱུ་རུ་ངེས། །རིམ་གྱིས་ཆོས་ཕྱོགས་དཀྲི་བའི་ཕྱིར། །ཡིན་ན་དེའང་འགྲོ་དོན་

(༥༨༨)ཉིད། །ཡོན་དང་ལྷ་རྟེན་འདོད་པའི་ཕྱིར། །བཟློག་པ་སྦྱིན་སྲེག་དབང་བསྐུར་དང་། །ཆོ་ག་ཕྱིར་ལྡོག་བྱང་བུ་དང་། །དབང་ལུང་ཁྲིད་སོགས་གང་བྱས་པ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ། །བྱང་ཆུབ་ཐོབ་པའི་གེགས་སུ་ཆེ། །འགྲོ་ཀུན་ཕ་མར་ཤེས་བྱས་ཏེ། །ལྷག་པར་རང་ལ་རེ་བཅས་པ། །ཡོན་བདག་ཚེ་འདིའི་རྐྱེན་སེལ་དང་། །ཡོན་ཏན་མཁན་ལ་ཡོན་ཏན་སློབ། །དེ་ནི་ཚེ་འདིར་ཕན་པ་སྟེ། །ཡོན་བདག་དབང་བསྐུར་བྱང་བུ་དང་། །ཡོན་ཏན་མཁས་ལ་བསྙེན་སྒྲུབ་སློབ། །ཉམས་དང་རྟོགས་པའི་ངོ་སྤྲོད་སོགས། །དེ་ནི་ཕྱི་མར་བདེ་ཐོབ་ཐབས། །འགྲོ་བ་ཕན་བདེ་ལ་འགོད་པ། །སངས་རྒྱས་བསྟན་པའི་དོན་རྩ་ཡིན། །དེ་གཉིས་བྱེད་ཚུལ་ཁྱད་མེད་ཀྱང་། །བསམ་པའི་ཁྱད་ཀྱིས་ཐ་དད་པ། །བྱང་ཆུབ་སེམས་དཔའི་འགྲོ་དོན་སྒོ། །གདུལ་བྱའི་དོན་སྤྱོད་ཅེས་བྱ་དང་། །ལྟོ་ཕྱིར་གནམ་སྡིབ་གྲོང་ཆོག་གཉིས། །འདྲ་འདྲ་འདྲ་སྟེ་ནོར་དོགས་ཆེ། །མ་ནོར་རང་གི་སེམས་ཀྱིས་ཤེས། །གྲྭ་པ་གཟུགས་མཛེས་གོས་

(༥༨༩)བཟང་བ། །འདོན་པ་འགྲིགས་པ་མང་པོ་ཞིག །འཛོམ་ན་བླ་ཆེན་ཤུགས་ཀྱིས་འོང་། །གང་དུ་ཕྱིན་ཡང་གདུལ་བྱ་འདུ། །བསམས་ནས་མི་གཞོན་མང་པོ་བསྐོར། །འདོན་པའི་ཁ་ཕྲལ་ཆོས་ཡིན་བསམ། །སེམས་རྒྱུད་དུལ་ཞིང་ཉམས་རྟོགས་ཅན། །ཉིན་མོའི་སྐར་མ་བཞིན་དུ་དཀོན། །བསྒོམ་བྱའི་གཙོ་བོ་ཁེ་དང་ཚོང་། །ཆགས་སྡང་འདོད་ཆགས་མེ་ལྟར་འབར། །གསོན་པོའི་རིམ་འགྲོ་གཤིན་པོའི་ཆོས། །ཁར་མ་དེ་ཡིས་ཆོག་པར་སེམས། །དཀོར་ལ་རྔམ་ཆེ་ཆོག་ཤེས་མེད། །སྡོམ་པ་དམ་ཚིག་ཐམས་ཅད་ནི། །བླ་མ་ཆོས་ཁྲིམས་པ་སོགས་ཀྱིས། །མ་ཐོས་ན་ནི་དེས་ཆོག་སེམས། །ཕོ་ཁྲོམ་ཁྲོམ་འདུས་འཚོགས་པ་ཡིན། །འཚོགས་པ་བཟང་ངན་འབྲིང་གསུམ་ཡང་། །དགེ་འདུན་དངོས་ཀྱི་དག་སྣང་བགྱི། །ངུར་མིག་ཆོས་གོས་ཤམ་ཐབས་སོགས། །སྐྱེ་བ་སྟོང་ཕྲག་མང་པོ་ལ། །ལན་རེ་ཙམ་ཡང་གྱོན་པར་དཀའ། །བསྟན་པ་འཇིགས་པའི་ཚེ་ན་ཡང་། །ངུར་སྨིག་གོས་རྣམས་ཐམས་ཅད་ཀུན། །

(༥༩༠)ལྷ་ཡིས་ཁྱེར་ནས་ལྷ་ཡུལ་དུ། །མཆོད་རྟེན་བྱས་ནས་མཆོད་པར་གསུངས། །ཐམས་ཅད་དགྲ་མཉམ་དཀའ་ན་ཡང་། །གྲྭ་མང་ནང་ནས་འགའ་ཟུང་ཙམ། །བསྟན་ལ་ཕན་པའི་དགེ་བཤེས་དང་། །ཉམས་རྟོགས་ཡོད་པའི་རྟོགས་ལྡན་དང་། །བསྙེན་སྒྲུབ་ཐེམ་པའི་སྔགས་འཆང་དང་། །སྡོམ་པ་མཐར་ཕྱིན་དགེ་སློང་ནི། །རེ་རེ་བྱུང་ཡང་རིན་ཐང་ཆེ། །སྔོན་གྱི་འདུལ་བ་འཛིན་པ་རྣམས། །དཀོར་རྫས་དངོས་པོ་གང་བྱུང་བ། །གྲྭ་མང་ཞལ་དུ་ཐོང་མཛོད་དང་། །དགེ་འདུན་སྡེ་འཕེལ་བསྟན་ལ་ཕན། །ཞེས་པ་འདས་ཁར་ཞལ་ཆེམས་བཞག །དཀོར་ཕུད་བྱེད་ལུགས་མང་ན་ཡང་། །ཆོས་མཐུན་གྲྭ་རིགས་བསྐོར་བ་ན། །བསྟན་དང་སེམས་ཅན་གཉིས་ཀར་ཕན། །འབྲུག་པ་ངག་དབང་བཟང་པོ་དང་། །ཀརྨ་བསྟན་འཕེལ་རྒྱ་ར་བ། །དེ་སོགས་བླ་མ་མང་པོ་འགས། །ལྷ་བྲི་རྟེན་བཞེངས་ལ་སོགས་པའི། །དཀོར་ཕུད་ཅི་ཡང་མ་མཛད་ཀྱང་། །དཀོར་གྱིས་གྲྭ་རིས་སྐྱོང་བ་དེས། །བསྟན་པས་མདོ་ཁམས་ཤར་ཕྱོགས་ཁྱབ། །དྭགས་པོ་ཕག་

(༥༩༡)གྲུ་ལ་སོགས་པའི། །བཀའ་བརྒྱུད་ཕ་རྒན་དེ་རྣམས་ཀྱང་། །དེ་ལྟར་མཛད་པས་བསྟན་པ་འཕེལ། །དེ་དོན་མདོ་སྡེ་པད་དཀར་ལས། །དགེ་སློང་འཚོ་མཛད་ལུང་བསྟན་སྐབས། །དག་པའི་སློབ་མ་ལྔ་བརྒྱ་དང་། །མ་དག་སློབ་མ་ལྔ་བརྒྱ་སོགས། །འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །དགེ་འདུན་དངོས་ཀྱི་འདུ་ཤེས་ཀྱིས། །བསྙེན་བཀུར་ཞབས་ཏོག་ཕུན་ཚོགས་ཤིང་། །བླ་མེད་བྱང་ཆུབ་ཕྱིར་བསྔོས་པས། །སྐུ་དེ་མྱ་ངན་འདས་མ་ཐག །བདེ་བ་ཅན་དུ་སྐྱེ་འགྱུར་ཞིང་། །བླ་མེད་བྱང་ཆུབ་ལུང་ཡང་བསྟན། །རྗེས་འཇུག་རྣམས་ཀྱི་ཕྱག་ལེན་ཡང་། །འདི་ལ་གོ་རྒྱུ་ཆེན་པོ་ཡོད། །ཞེ་འདོད་ཆོས་བརྒྱད་འཁོར་སྡུད་དང་། །བསྟན་དོན་དགེ་འདུན་སྡེ་བཙུགས་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །མ་ནོར་བསམ་པའི་ཁྱེར་སོ་གཟོབས། །དེ་བཞིན་རྟ་དྲེལ་ནོར་ཕྱུགས་སོགས། །ཆགས་ཞེན་དབང་གི་བྲང་ང་ཡང་། །དགྲ་འདྲེའི་གཡབ་མོ་ངན་སོང་རྒྱུ། །འབྲོག་པ་རྣམས་དང་ཁྱད་པར་མེད། །སྒྲུབ་མཆོད་

(༥༩༢)དུས་མཆོད་དགུ་གཏོར་དང་། །ཉམས་ལེན་སྒྲུབ་པའི་མཚམས་བརྒྱགས་དང་། །གྲྭ་ཚོགས་དགེ་འདུན་སྡེ་སྐྱོང་ཕྱིར། །ཅི་ལྟར་མང་ཡང་སྐྱོན་མེད་དེ། །གྲུབ་ཆེན་ཀརྨ་པཀྴི་དེ། །རྒྱ་ནག་ཡུལ་དུ་འབྱོན་ཁ་དུས། །མཚུར་ཕུའི་བྲ་ང་ཐམས་ཅད་ནི། །གཅིག་ཀྱང་མེད་པར་གཏོར་དགོངས་ཚེ། །རང་བྱུང་རྒྱལ་མོ་དངོས་སུ་བྱོན། །ད་རུང་ཁྱོད་ཀྱིས་ཚེ་འདི་ལ། །བྱ་བ་མང་པོ་བྱེད་དགོས་ཡོད། །བྲ་ཁང་གཅིག་ཀྱང་མ་གཏོར་གསུངས། །ནོར་ཀུན་ཤེ་གཏོང་བཞག་ཅེས་བཤད། །ཕྱིས་དུས་མཚུར་ཕུའི་ལྷ་ཆེན་དང་། །རིགས་ལྔ་སྤྱན་རས་གཟིགས་སོགས་བཞེངས། །དེ་བཞིན་དཀོན་མཆོག་མཆོད་པ་དང་། །དགེ་འདུན་སྐྱོང་ཕྱིར་བྲང་ང་དང་། །སེར་སྣས་སྡུག་བཙིར་བྱེད་པ་གཉིས། །བྱེད་ལུགས་འདྲ་ཡང་བསམ་པའི་ཁྱད། །དེ་དོན་འདུལ་བའི་གཞུང་ལས་ཀྱང་། །དགེ་ཚུལ་དང་ནི་དགེ་སློང་གི། །གསེར་དངུལ་ལེན་པ་མི་རུང་སྟེ། །གཙུག་ལག་ཁང་དང་དགེ་འདུན་དོན། །གསེར་དངུལ་སྲང་ཆེན་བརྒྱ་སྟོང་ཡང་། །ཉ་ར་རུང་བར་གསུངས་

(༥༩༣)པའོ། །དེ་བཞིན་འཕུལ་བ་གདུལ་བྱ་སོགས། །དཔག་ཏུ་མེད་པ་བྱུང་ན་ཡང་། །རང་གི་ཕུག་སྲིས་མནོག་དོན་དུ། །བསམས་ནས་བླངས་ན་དཀོར་སྒྲིབ་ཆེ། །དཀོན་མཆོག་མཆོད་དང་དགེ་འདུན་སྐྱོང་། །སྤྱི་ཡི་དོན་དུ་དམིགས་བྱ་ཡི། །རང་གིས་སྒེར་ནོར་བཅངས་བཟུང་དུ། །ལུས་གང་གོས་དང་ཕོར་པ་ཙམ། །དེ་ལས་ཅི་ཡང་མེད་པར་གཅེས། །དེ་ནི་འདུལ་བའི་དོན་དང་མཐུན། །དཀོར་སྒྲིབ་ཤིན་ཏུ་ཆུང་བ་ཡིན། །བྱང་ཆུབ་སེམས་བསྐྱེད་ལྡན་རྣམས་ཀྱི། །བསྡུ་དངོས་བཞི་ཡི་འགྲོ་དོན་ནི། །ཉམས་མྱོང་ལག་ཏུ་ལོན་ཚོད་ཙམ། །གླུ་ཡི་སརྒ་དང་པོའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །རང་གཞན་དོན་གཉིས་སྒྲུབ་པའི་ཐབས། །རང་ཉིད་སྒྲུབ་པ་བྱེད་པའི་སྐབས། །བསྐྱེད་རྫོགས་ངེས་པ་ཅུང་ཟད་རྙེད། །སྙིང་ནས་དམ་ཆོས་འདོད་པའི་མིས། །རང་ལ་སྙིང་ནས་རེ་བཅས་པ། །དེ་ཡི་རེ་བ་མ་བསྐང་ན། །སེམས་ཅན་བློས་སྤངས་ལྟུང་བར་འགྱུར། །ཧ་ཅང་ལངས་ན་སྒྲུབ་པ་རལ། །རང་

(༥༩༤)གི་སྒྲུབ་པའི་བར་ཆད་འོང་། །ང་རྒྱལ་རང་མཐོང་དད་གུས་མེད། །གདམས་ངག་རྐུ་ཐབས་བརྒྱུད་པ་གསང་། །ཞུས་པར་ཐོས་ན་ངོ་མཚར་སེམས། །རིག་པ་རྣོ་ཡང་དད་འདུན་མེད། །ཡོན་ཏན་མི་མཐོང་སྐྱོན་ལ་བལྟ། །རྗེས་ནས་གཤེ་སྐུར་ཀུན་ཏུ་སྒྲོགས། །ལ་ལ་ཆོས་འདོད་དད་ལྡན་ཡང་། །བཤད་ཀྱང་མི་གོ་བོང་བུ་འདྲ། །ལ་ལ་ཅལ་སྒྲོགས་རྗེས་སུ་རྒྱུག །འདི་བསམ་མེད་པར་ཆོས་ཞུར་འོང་། །ཚང་པར་མི་ཉན་ཕྱིར་ལ་རྒྱུགས། །དེ་འདྲ་བརྒྱ་སྟོང་འཚོགས་པ་ལས། །དད་ཅན་ཤེས་རབ་བརྩོན་འགྲུས་ལྡན། །རང་ལ་གུས་ཤིང་གང་ཟེར་ཉན། །རང་ཉིད་བླ་མར་འཛིན་པ་ཡི། །སློབ་མ་འགའ་ཟུང་བསྟན་ན་ཡང་། །འགྲོ་དོན་འབྲས་བུ་དེ་ཆེའི་ཕྱིར། །བཀའ་བརྒྱུད་གོང་མའི་གསུང་ལ་ནི། །ར་ཁྲིད་ལུག་ཁྲིད་ཅེས་ཀྱང་བྱ། །ཁྲོམ་ཆེན་བསྡུ་བ་མ་ཡིན་ཕྱིར། །ཕུག་སྒོར་ཆོས་བཤད་ཅེས་ཀྱང་བྱ། །ཀཿཐོག་རྙིང་མའི་ལུགས་ལ་ནི། །གཅིག་ཁྲིད་ཅེས་བྱ་ཟབ་པར་བརྩི། །དེ་ལ་བྱེད་ལུགས་རིགས་མང་སྟེ། །

(༥༩༥)ཤེས་རབ་ཕུན་སུམ་ཚོགས་པ་ལ། །འཕྲལ་དུ་སྒྲུབ་པ་བྱེད་རྒྱུ་ཡི། །དབང་ལུང་ཉི་མ་གཉིས་ཙམ་བྱ། །དབང་ཞོར་ངོ་སྤྲོད་བཙན་ཐབས་གདབས། །སྒྲུབ་རྒྱགས་ཁང་པ་སོགས་འཛོམ་ན། །ཉེ་ལོག་དེ་རུ་མཚམས་བསྡམས་ནས། །ལོ་གསུམ་ཕྱོགས་གསུམ་དམ་བཅའ་བླངས། །ཞག་པོ་དྲུག་བདུན་ཙམ་གྱི་སོར། །དམིགས་ཐུན་བསྒོམ་བྱ་རྡུལ་བྱང་བསྐུར། །ལོ་གསུམ་ཕྱོགས་གསུམ་མཐར་ཐོན་ཚེ། །བསྙེན་སྒྲུབ་ཐེམ་དང་ཉམས་རྟོགས་སྐྱེས། །བླ་མ་འོང་བ་དུས་མཉམ་འབྱུང་། །ཉེ་ལོགས་མཚམས་བསྡམས་མ་འགྲིགས་ན། །ཉམས་ལེན་དབང་ལུང་ཉེར་མཁོ་སྦྱིན། །ངོ་སྤྲོད་གདམས་ངག་ནན་གྱིས་བཏབ། །ཉམས་སུ་ལེན་ཚུལ་ཟིན་བྲིས་བསྐུར། །རྒྱུན་དུ་གེགས་སེལ་དམིགས་པ་དང་། །བྱིན་འབེབས་དམིགས་པས་བྱིན་གྱིས་རླབ། །དེས་ཀྱང་སྒྲུབ་ཐེམ་ཉམས་རྟོགས་སྐྱེ། །མ་མཇལ་ས་ཐག་རིང་པོ་ནས། །དད་ལྡན་འབུལ་བ་བསྐུར་སོགས་ལ། །གསོལ་འདེབས་ངོ་སྤྲོད་ཡི་གེ་

(༥༩༦)བསྐུར། །འགྲོ་མགོན་སངས་རྒྱས་དབོན་པོ་ཡིས། །ཡི་གེ་བསྐུར་བས་གྲོལ་བ་ཡི། །སློབ་མ་བརྒྱ་རྩ་ཡོད་དོ་སྐད། །དེ་ཙམ་རང་རེ་འོང་དཀའ་ཡང་། །བློ་སེམས་ཆོས་ལ་འགྱུར་བ་དང་། །སེམས་ངོ་འཕྲོད་དང་བོགས་ཐོན་སོགས། །འབྱུང་བ་མྱོང་བས་གྲུབ་པ་ཡིན། །དེ་བཞིན་བཀའ་བསྒོ་དམིགས་ཐུན་དང་། །ཕྱིར་ལྡོག་བྱང་བུ་བསྔོ་སྨོན་སོགས། །མཚམས་ཀྱི་ཁོང་ནས་བྱེད་པ་རྣམས། །རང་གཞན་གཉིས་དོན་སྒྲུབ་པ་ཡིན། །རང་གི་སྒྲུབ་ལ་མི་གནོད་པར། །གཞན་ཕན་ཅི་ནུས་མ་སྒྲུབ་ན། །ཐེག་པ་དམན་པར་གོལ་བ་ཡིན། །སེམས་བསྐྱེད་བསམ་པ་བཟང་བ་ན། །དེ་ཀ་ཙམ་གྱི་འགྲོ་དོན་ཡང་། །ཆུང་རྒྱུ་མེད་པས་ཆེན་པོར་ངེས། །ཐུབ་དབང་བྱ་ནི་ཤིང་རྟ་རུ། །བསམ་ཞིང་སྐྱེ་བ་ཞེས་པའི་དུས། །སེང་གེའི་གྲེ་ཕུག་རུས་སོ་ཟུགས། །ཟུག་གཟེར་ཆེན་པོ་ལྡན་པ་དེ། །སྙིང་རྗེའི་དབང་གིས་འདོན་རོག་མཛོད། །དེ་ལས་འགྲོ་དོན་གཞན་མེད་ཀྱང་། །ངོ་མཚར་སྐྱེས་རབས་གྲར་བརྩིས་ན། །འགའ་ཟུང་ནད་གདོན་ཞི་བ་དང་། །

(༥༩༧)འགའ་ཟུང་བསྙེན་སྒྲུབ་ཐོན་པ་དང་། །འགའ་ཟུང་ཉམས་རྟོགས་སྐྱེ་ཐུབ་ན། །འགྲོ་དོན་ལེགས་པ་མ་ལགས་སམ། །རང་གཞན་གཉིས་དོན་བསྒྲུབ་པ་ཡིས། །གླུ་ཡི་སརྒ་གཉིས་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །གཞན་དོན་གཙོ་བོར་བྱེད་པ་ལ། །ཕྱི་ནང་གསང་གསུམ་རྟེན་འབྲེལ་བརྟག །ཕྱི་ལྟར་ལོ་ལེགས་ཡུལ་འཁྲུགས་མེད། །ནང་ལྟར་སྒར་ཆས་སྒྲུབ་རྫས་འཛོམ། །གསང་བ་བསྐྱེད་རྫོགས་དོན་དང་ལྡན། །ཀུན་སློང་བྱང་ཆུབ་སེམས་བསྐྱེད་ནས། །ཕྱོགས་རྣམས་ཀུན་ཏུ་འགྲོ་བའི་ཚེ། །རང་ཉིད་རྒྱལ་བ་རྒྱ་མཚོ་སྒོམ། །སྤྱི་བོར་བྱ་ཆུང་རྒྱལ་པོ་ལྡིང་། །ས་བདག་ཀླུ་གཉན་ཟིལ་གྱིས་མནན། །ཆིབས་པའི་གོང་དུ་འདུག་པའི་ཚེ། །ཆིབས་པ་པད་ཟླའི་གདན་དུ་སྒོམས། །རྐང་ལག་མཁའ་འགྲོ་སྡེ་བཞིས་བཏེགས། །འགྲོ་བའི་དོན་དུ་བྱོན་པའི་ཚེ། །སྟེང་དུ་བཀའ་བརྒྱུད་བླ་མ་རྣམས། །སྤྲིན་ཕུང་བཞིན་བཞུགས་བྱིན་གྱིས་རླབས། །རྒྱབ་ཏུ་ཡི་དམ་ལྷ་ཚོགས་རྣམས།

(༥༩༨)རྒྱབ་རྟེན་ཚུལ་དུ་རྗེས་རྗེས་བྱོན། །གཡས་ནས་སེང་ཆེན་གཡུ་རལ་བསིག །གཡོན་ནས་སྟག་མོ་འཛུམ་དྲུག་རྒྱས། །མདུན་གྱི་སྒར་སྣར་གླང་པོ་ཆེ། །སྨྱོན་པའི་བརྟུལ་ཞུགས་ལྡན་པ་ཡི། །སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར། །སྒར་གྱི་སྣ་ནས་མིག་མཐོང་སོར། །རྡོ་རྗེ་ལེགས་པ་སེང་གེ་ཆིབས། །སྟེང་དུ་ཁྲ་དང་བྱ་ནག་ལྡིང་། །སྟག་སྤྱང་འཕར་བ་རོལ་དུ་ཁྲིད། །བཙན་དམག་སྟོང་གི་འཁོར་ཚོགས་བཅས། །ཀུན་ཀྱང་དར་མདུང་དམར་པོ་ཕྱར། །བསོྭ་སྒྲ་ཆ་སྒྲ་སྒྲོག་ཅིང་སོང་། །ལམ་སྒྲའི་བར་ཆད་སེལ་བ་དང་། །མཐུན་རྐྱེན་དགོས་འདོད་སྒྲུབ་པར་བསམ། །རང་ཉིད་སྤྱན་རས་གཟིགས་དབང་གི། །སྤྱན་གྱིས་གཟིགས་པའི་སྲོག་ཆགས་ཀུན། །སྡིག་སྒྲིབ་མ་ལུས་བྱང་བར་བསྒོམ། །དེ་ནས་སྒར་ནི་བརྒྱབ་པའི་ཚེ། །ས་གཞི་སྣ་ཚོགས་རྡོ་རྗེ་ནི། །སྲ་ཞིང་བརྟན་པའི་ལྟེ་བ་ལ། །པདྨའི་སྡོང་པོ་ཆེན་པོ་སྐྱེས། །འདབ་མས་ས་ཕྱོགས་དེ་ཀུན་ཁྱབ། །དེ་སྟེང་པདྨ་ཟླ་བའི་སྟེང་། །རང་ཉིད་ཐུགས་

(༥༩༩)རྗེ་ཆེན་པོ་ཡིས། །རྡོ་རྗེ་སྐྱིལ་ཀྲུང་བཅས་མ་ཐག །ས་ཡང་རྣམས་པ་དྲུག་ཏུ་གཡོས། །འཇའ་གུར་མེ་ཏོག་ཆར་པ་འབབ། །ཕྱོགས་དེའི་མི་དང་ལྷ་འདྲེ་ཀུན། །འདུས་ནས་ཕྱག་འཚལ་བསྐོར་བ་བྱེད། །གཏོང་ལེན་དམིགས་པ་ཐུན་གཅིག་བསྒོམ། །བདག་གི་འོད་ཟེར་ཕོག་པ་ལས། །ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། །ཡིག་དྲུག་དིར་དིར་འདོན་པར་བསྒོམ། །ཕྱག་དབང་ཞུ་མི་བྱུང་བའི་ཚེ། །སོར་མོ་རྒྱལ་བ་རིགས་ལྔ་ལས། །ཡེ་ཤེས་ལྔ་ཡི་རང་བཞིན་གྱིས། །འོད་ཟེར་ཁ་དོག་ལྔ་འཕྲོས་བས། །དུག་ལྔའི་སྒྲིབ་པ་དག་པར་བསྒོམ། །བཟའ་བཏུང་རུང་བའི་འབུལ་བ་ཀུན། །ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་པས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་དམིགས། །མགྲོན་རིགས་བཞི་པོ་ཐམས་ཅད་ནི། །སྤྱན་རས་གཟིགས་དང་ཛམ་ལྷ་དཀར། །ལོ་མ་གྱོན་མའི་སྐུར་གྱུར་ནས། །བདུད་རྩི་གསོལ་བས་མཉེས་པར་བསྒོམ། །སོ་སོའི་སྔགས་ལ་ཁཱ་ཧི་བཏགས། །དཀོན་མཆོག་མཆོད་པས་མཉེས་གྱུར་

(༦༠༠)ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་བས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་དམིགས་མེད་ངང་ལ་བཞག །དེ་བཞིན་འབྲུ་དང་རིན་ཆེན་སོགས། །སྐམ་ཆས་མཎྜལ་དམིགས་ལ་འབུལ། །རྟ་ཕྱུག་གོ་མཚོན་ལ་སོགས་པ། །གཏོར་བསྔོས་ཞོར་གྱི་བསྐང་ཐུང་ཞོར། །བསྐང་བའི་རྫས་སུ་དམིགས་ཏེ་འབུལ། །བར་ཆད་སེལ་ཞིང་ལོང་སྤྱོད་འདུ། །དཀོར་སྒྲིབ་ཆུང་བའི་གདམས་ངག་ཡིན། །དེ་བཞིན་ཤི་ཤོག་གསོན་ཤོག་ཀྱང་། །བསྔོ་བའི་སྐབས་སུ་དམིགས་པས་བཞུ། །རྗེས་ནས་རྒྱས་པ་ཆོ་གས་བཞུ། ཤི་གསོན་འགྲེལ་བ་ཐོགས་ཚད་ཅེས། །རྒྱུན་དུའང་བསྔོ་སྨོན་མ་བརྗེད་བྱ། །ལྷ་དང་བླ་མས་བཀའ་རྒྱ་ཡིས། །རབ་ཏུ་བསྡམས་པའི་དབང་ལུང་

(༦༠༡)དང་། །དྲག་སྔགས་རིགས་དང་ངན་སྔགས་རིགས། །རྐུན་ནོར་བཞིན་དུ་སྦ་བར་བྱ། །འདོད་ཅིང་དྲི་བ་བྱུང་བ་ན། །མི་ཤེས་མ་ཐོབ་དཔེ་ཆ་མེད། །ཟེར་བའི་ལན་དེ་ཁོ་ན་གདབ། །འདི་ཕྱིར་ཕན་པའི་དབང་ལུང་དང་། །ཁྲིད་དང་གདམས་ངག་ཟབ་མོའི་རིགས། །སྦ་སྲི་མེད་བ་སྟོན་མོར་འགྱེད། །སྣོད་དང་ལྡན་ནམ་མི་ལྡན་པ། །བརྟག་དགོས་མི་དགོས་རྟོགས་པས་ཤེས། །འཁོར་འདས་དབྱེར་མེད་དོན་རྟོགས་ན། །སྣོད་མིན་དབང་བསྐུར་ཆོས་བཤད་ཀྱང་། །དེ་ལ་ཉེས་པ་མེད་པར་གསུངས། །རྟོགས་པ་དེ་ཙམ་མེད་ན་ནི། །སྣོད་མ་ཡིན་དང་དམ་ཉམས་ལ། །དབང་དང་གདམས་པ་ཟབ་སྤེལ་ན། །གསང་བ་ཐུགས་ཀྱི་དམ་ཚིག་ཉམས། ཚེ་འདིར་མཁའ་འགྲོས་བཀའ་ཆད་ཀྱི། །སྨྱོ་འབོགས་ལ་སོགས་མི་དགེ་འབྱུང་། །ཕྱི་མ་དམྱལ་བར་ལྟུང་བར་བཤད། །དེ་ཕྱིར་སྡིག་ཆེན་དམ་ཉམས་སོགས། །ཕྱག་རྟེན་བཟང་པོའི་དོ་བྱས་ནས། །ཤིནྟུ་ཟབ་གཉན་དབང་བཞི་དང་། །གསང་སྔགས་ཟབ་གནད་

(༦༠༢)བསྟན་མི་བྱ། །ཀུན་ལ་ཕན་ཞིང་སྤེལ་རུང་བ། །སྐྱངས་སྡོམ་བསྙེན་གནས་སྡོམ་པ་དང་། །སྙུང་གནས་ངག་བཅད་སྡོམ་པ་དང་། །ཟབ་མོ་ལྟ་བའི་བརྒྱུད་པའི་ལུགས། །བྱང་ཆུབ་སེམས་བསྐྱེད་སྡོམ་པ་དང་། །སྨན་བླ་ཀུན་རིག་མི་འཁྲུགས་པ། །ཚེ་དཔག་ལྷ་དགུ་འབྱུང་འདུལ་དང་། །ཞི་ཁྲོ་ཐུགས་རྗེ་ཆེན་པོ་སོགས། །བཀའ་རྒྱ་ཡངས་ཤིང་འགྲོ་དོན་ལ། །གཞུང་ནས་བསྔགས་པའི་དབང་རྣམས་བསྐུར། །ཅུང་ཞིག་བཀའ་རྒྱ་དོགས་པ་རྣམས། །སུ་ཡིན་མི་བཙུད་ཉུང་དབང་བྱ། །དབང་བསྐུར་ཀུན་གྱི་ཐོག་མར་ནི། །ཁྲོམ་རྣམས་འདུ་བའི་རྟེན་འབྲེལ་དུ། །འགྲོ་བ་དགེ་ལ་བསྐུར་བའི་ལྷ། །བསྐུར་བྱེད་མ་ཡིས་དབང་བསྐུར་བྱ། །ཁྲོམ་ཚོགས་ཆོས་ཁྲིར་འདུག་མ་ཐག །བདུད་ཀྱི་དཔུང་རྣམས་འཇོམས་པའི་གཟུང་། །ཐར་རྒྱན་ནང་ནས་འབྱུང་བ་ལྟར། །སྐད་གསང་མཐོན་པོས་ཚར་གཅིག་བརྗོད། །ཁྲོམས་ལ་རིམས་ནད་མི་འབྱུང་ཕྱིར། །དེ་ནས་ལོ་མ་གྱོན་མ་བསྐུར། །ཉིན་བཞིན་སྔགས་ཐུང་འུར་འདོན་བཅུག །ཁྲོམ་པར་ནད་ཡམས་མི་འབྱུང་བའི། །གདམས་

(༦༠༣)ངག་མཆོག་ཏུ་གྱུར་པ་ཡིན། །དེ་ནས་སྒྲུབ་ཆེན་ཚུགས་ན་རབ། །ཁྲོམ་པ་འཚོགས་དང་འཚོག་རྒྱུ་དང་། །རྒྱལ་ཐོ་སྲུང་འཁོར་ནང་ཚུད་དམིགས། །ཡིག་བདུན་བོ་དྷི་ཙིཏྟ་སོགས། །ཁྲོམ་གྱིས་འུར་འདོན་ཐུན་རེར་བྱས། །དེ་ཡིས་ཐུན་པའི་གོ་ཆོད་ཡིན། །གཞུང་བསྲང་ཚར་རེ་བྱེད་དུ་བཅུག །རང་གི་དམིགས་པས་གསལ་ཡང་བཏབ། །ཕྱག་ལེན་མཐོང་བ་བརྒྱུད་པས་ཤེས། །གལ་ཏེ་སྒྲུབ་ཆེན་མ་ཚུགས་ན། །ཁྲོམ་དབང་ཞོར་ལ་སྤྱི་ཆོས་བཤད། །ཁྲིད་ཞུ་རྣམས་ལ་ཉུང་ཆོས་བཤད། །གྲོལ་ཁ་ཚེ་དབང་བསྐུར་བ་དང་། །བསྔོ་བ་བཀྲ་ཤིས་རྒྱས་པར་བྱ། །དེ་དག་རྣམས་ཀྱི་བར་སྐབས་སུ། །འདོད་ཆོས་དབང་ལུང་གདམས་ངག་སྤེལ། །ཚོང་དཔོན་ལྟ་བུའི་འགྲོ་དོན་ཡིན། །དཔེར་ན་ཚོང་དཔོན་ཆེན་པོ་ཡིས། །མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་ཁྱེར། །གང་ལ་གང་དགོས་ཡོ་བྱད་ཚང་། །རང་ལ་ཅི་འདོད་ལོངས་སྤྱོད་འབྱུང་། །དེ་བཞིན་དབང་ལུང་ཕུན་ཚོགས་པས། །གང་ལ་གང་དགོས་དབང་ལུང་སྤེལ། །

(༦༠༤)རང་ལ་ཆོས་དང་ལོངས་སྤྱོད་ཀྱི། །དངོས་གྲུབ་སྣ་ཚོགས་འབྱུང་བ་ནི། །ཚོང་དཔོན་ལྟ་བུའི་འགྲོ་དོན་ཞེས། །དགོངས་འདུས་གཞུང་ལས་གསུངས་ཡིན། །ཚོང་དཔོན་ལྟ་བུའི་འགྲོ་དོན་གྱི། །གླུ་ཡི་སརྒ་གསུམ་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །མཉན་པ་ལྟ་བུའི་འགྲོ་དོན་ནི། །ས་འགག་ཆུ་བོ་ཆེན་པོའི་འགྲམ། །གནས་བཅས་གྲུ་དང་སྐྱ་བ་འཚགས། །འགྲིམ་འགྲུལ་ཕར་ཀ་འགྲོ་འདོད་ཀུན། །གྲུ་ཡིས་སྒྲོལ་ནས་གཏོང་བ་ལྟར། །རྒས་བསམ་ལུས་པོ་མི་སྲའམ། །སྒར་བཅས་གྲྭ་སློབ་ཁལ་རྟ་མེད། །གྲུ་དང་སྐྱ་བ་འདྲ་བ་ཡི། །དབང་ལུང་གདམས་ངག་ཟབ་དགུ་ཡོད། །དགོན་པའམ་ནི་རི་ཁྲོད་ཀྱི། །གནས་མལ་ཞིག་ཏུ་རྟག་ཏུ་འདུག །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་འདོད་དད་གུས་བརྩོན་འགྲུས་ཅན། །དབང་ཞུ་ཆོས་ཞུ་སུ་བྱུང་ལ། །སོ་སོའི་འདོད་པ་བསྐང་ཏེ་གཏོང་། །མཉན་པ་ལྟ་བུའི་འགྲོ་དོན་ནི། །ཨོ་རྒྱན་ཆེན་པོས་གསུངས་པ་ཡིན། །རྒྱལ་པོ་ལྟ་བུའི་འགྲོ་དོན་ནི། །འབྲི་སྟག་ས་ཀར་ལ་སོགས་

(༦༠༥)ཀྱི། །ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ། །རང་རེ་རྣམས་ཀྱིས་ག་ལ་འོང་། །འོན་ཀྱང་དེ་ཡི་ཆ་མཐུན་ཙམ། །རང་ལ་ཆོས་དང་འཇིག་རྟེན་གྱི། །ཁ་ཐབས་ཅི་ཙམ་ཡོད་པའི་ཚོད། །རང་ལ་རེ་ཞིང་ལྟོས་པ་ཡི། །སྐྱ་སེར་སྐྱེས་པ་བུད་མེད་སོགས། །ཚེ་འདིར་ནད་གདོན་ཞི་ཐབས་དང་། །ཕྱི་མ་ངན་སོང་སྤོང་བའི་ཐབས། །རང་གི་ཇི་ལྟར་ནུས་པ་ལྟར། །གཡོ་རྒྱུ་མེད་པར་བྱས་པས་འཐུས། །རང་གི་འབྱོར་པ་དང་དཔགས་ནས། །བླ་མ་དགོན་པ་ལ་སོགས་ལ། །དཀོར་ཕུད་འབུལ་བ་མང་ཇ་དང་། །ཀློག་འདོན་སཱཙྪ་ཆུ་གཏོར་དང་། །ལོ་དུས་བསྐང་གསོ་མདོས་སོགས་བཅའ། །དབུལ་ཕོངས་རྣམས་ལ་ཅི་འབྱོར་སྦྱིན། །ཁྱད་པར་ཆོ་འཕྲུལ་ཡར་ངོ་ལ། །བྱ་བྱེའུ་རྣམས་ལ་ཡོས་སྦྱིན་བཏང་། །ཆུ་སྟོད་ཟླ་བའི་ཚེས་བཞི་ལ། །རྒྱ་གྲོག་ཕུང་པོ་མང་པོ་གསོ། །སངས་རྒྱས་སྟོང་སྐུ་ལ་སོགས་དང་། །ཡི་དམ་ཆོས་སྐྱོང་སྐུ་རྣམས་བཞེངས། །རང་གི་ཡི་དམ་ཆོས་སྐྱོང་གི། །རྒྱུད་གཞུང་གཞུང་སྤོང་ཅི་ནུས་བཞེངས། །གྲྭ་པ་རབ་འབྲིང་ཐ་མ་

(༦༠༦)རྣམས། །ཀ་ཚར་ཡན་ནས་དབང་བསྐུར་མན། །བློ་ཚོད་དཔག་པའི་ཡོན་ཏན་བསླབ། །ཇ་མར་ཤ་ཐུད་གང་བྱུང་རྣམས། །བུམ་སྒྲུབ་ལ་སོགས་བསྙེན་སྒྲུབ་འབད། །ཞག་བདུན་ལ་སོགས་སྔགས་རྒྱུན་བྱ། །ཆུ་འཁོར་རླུང་འཁོར་ཇོ་དར་དང་། །དུ་འཁོར་ལ་སོགས་དགེ་བའི་ཚོགས། །ཀུན་ལ་འབྲེལ་པ་འཇོག་པ་ཡིན། །རྒྱལ་པོ་ལྟ་བུའི་འགྲོ་དོན་འདི། །གུ་རུའི་ཐུགས་སྒྲུབ་གཞུང་ནས་གསུངས། །དེ་རྣམས་རླབས་ཆེན་འགྲོ་དོན་ཏེ། །སརྒ་དེ་ནི་བཞི་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །རླབས་ཆེན་འགྲོ་དོན་མ་བྱུང་ཡང་། །བསྐྱེད་རྫོགས་ཉམས་ལེན་ཡོད་པའི་མིས། །གྲོང་ཆོག་བྱས་ཀྱང་འགྲོ་དོན་དང་། །རྟོགས་པའི་བོགས་དོན་གཉིས་ཀ་འོང་། །རྒྱུད་སྡེ་རྣམས་ནས་གསུངས་པ་ཡིས། །སྤྱོད་པའི་རྣམ་གྲངས་མང་པོ་ཡང་། །ཞོར་ལ་ཤུགས་ཀྱིས་འགྲུབ་པ་ཡིན། །བོགས་འདོན་གཅོད་ཀྱི་ཁྲིད་ཞེས་པ། །རི་གཉན་མཚོ་གཉན་ལ་སོགས་པའི། །གཉན་ཆེན་ཞོར་ལ་གཅོད་པས་ཆོག །སྙིགས་དུས་རྒྱུན་དུ་ཆར་ཆུ་དཀོན། །ལྗང་བུ་སྐམ་ཞིང་མི་རྣམས་སྐྲག །

(༦༠༧)བླ་མ་ཀུན་ཀྱང་ཆར་འབོད་འཚེར། །ནམ་མཁའ་བཻཌཱུརྱ་ལྟར་དངས། །ཐན་པ་དུས་མཐའི་མེ་བཞིན་འབར། །མི་ཀུན་སྡུག་ཅིང་གནམ་ལ་བལྟ། །གནས་ཆེན་པ་ཀུན་ཁོག་རྒོད་འཆོར། །དབུལ་པོ་རྣམས་ནི་སྙིང་རྩ་འདར། །སྤྲང་པོ་རྣམས་ཀྱང་ཡི་མུག་སྐྱེ། །འཆི་ནད་མུ་གེ་ཡིན་ནོ་བསམ། །འབུ་སྲིན་རྣམས་ཀྱི་ཚ་དམྱལ་མྱོང་། །བསམ་ཡོད་ཀུན་གྱིས་སྨྲེ་ངག་འདོན། །དེ་དུས་གདམས་ངག་ཟབ་པ་ཡི། །གཞན་དང་མི་འདྲ་ཁྱད་ཆོས་གཅིག །རྟགས་ཐོན་བསམ་པ་དྲན་མི་རུང་། །འགྲོ་བ་འདི་དག་སྙིང་རྗེ་བས། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །འགྲོ་བ་སྤྱི་ལ་བྱམས་པའི་སྦྱིན། །དབུལ་ཕོངས་རྣམས་ལ་ཟང་ཟིང་སྦྱིན། །ཀླུ་དང་ལྷ་འདྲེར་ཆོས་ཀྱི་སྦྱིན། །ཆར་པ་ལེགས་པོ་གཅིག་ཁུག་ན། །སྦྱིན་པ་རྣམ་བཞི་དུས་གཅིག་ཚང་། །ཀླུ་ཡི་དུག་ལྔ་ལྷ་འདྲེའི་ཟེར། །རང་ཉིད་ཤི་ཡང་ཆོས་ཕྱིར་ཡིན། །ནམ་ཡང་ལུས་འདི་སྐྱུར་དགོས་ན། །ཆོས་ཕྱིར་ཤི་ན་དོན་དང་ལྡན། །དེ་ལྟར་བློ་ཐག་བཅད་ལ་འགྲོ། །ཡི་དྭགས་ལྷ་འདྲེ་ཕྲན་བུ་དང་། །ཆུ་མིག་ཙག་

(༦༠༨)རྩིག་ནུས་པ་མེད། །ནུས་མེད་ལྷ་འདྲེ་བརྡུང་ན་བྲོས། །ཆུ་མིག་ཕལ་ཆེར་ཐན་པས་སྐམ། །རི་གཉན་ཆུ་མིག་མང་བའམ། །མཚོ་གཉན་ཀླུ་བདུད་གནས་སར་འགྲོ། །སྔགས་ལུགས་ཆར་འབོད་བྱེད་ན་ཡང་། །ཐུན་མཚམས་གཅོད་དམིགས་ལུས་སྦྱིན་གཏོང་། །སྤྲིན་ཚོགས་ཡོད་པ་འཇའ་བཞིན་ཡལ། །ཉི་མ་སྔར་ལས་ཚ་བ་འདྲ། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་ཆེ། །འོང་དྲན་བསམ་པའི་འགྱོད་པ་འཆོར། །དེ་ཚེ་དེ་ཡིས་ངོ་བོར་ལྟ། །བོགས་འདོན་འགོ་བོ་དེ་ནས་བཙུགས། །ཤིང་གཉན་གཅད་དང་བྲག་གཉན་བཤིག །མཚོ་དཀྲུག་ཆུ་མིག་རློག་ལ་སོགས། །རྦབ་གཏོང་ལ་སོགས་རྩིངས་སྤྱོད་དང་། །དམིགས་པས་དྲག་ཏུ་གཟིར་བའི་ཚེ། །སྤྲིན་ནག་གཡག་ཁྱུ་འགྲོགས་པ་འདྲ། །ས་འབྲུག་ལྡིར་ཞིང་ས་གཞི་ཁོལ། །རྐང་པ་འཕོངས་རྣམས་སྦྲིང་ཆིལ་ཆིལ། །འབྲུག་སྒྲས་ཀླད་པ་འགེམས་པ་འདྲ། །གློག་ཞགས་སིལ་སྒྲ་རྭ་གཞོབ་འཚུབས། །སྐྲག་ཅིང་སྙིང་འདར་བ་སྤུ་གཟིངས། །འབྲོས་ས་མེད་དེ་གནམ་གྱི་ཞབས། །སྟེང་ནས་ཐོག་མདའ་འོང་ལ་ཁད། །འོག་

(༦༠༩)ནས་འཁྱུག་ཀྱང་འོང་ལ་ཉེ། །ཆར་པ་མི་ཁུག་ཕ་རོལ་ནས། །ཡུལ་ཁམས་སེར་བས་འཇོམས་ལ་ཁད། །དེ་དུས་མ་སྐྲག་མ་འབྲོས་ལ། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་སྐྱོང་། །དེ་དུས་ཟིན་ན་བར་དོར་ཟིན། །བར་དོ་ཆུང་ཆུང་དེ་ན་ཡོད། །བོགས་གཅིག་ཐོན་ན་དེ་དུས་ཐོན། །ཉམས་ལེན་སྟེང་དུ་འདུག་ནུས་ན། །དངོས་ཉམས་རྨི་ལམ་ཡང་ཡུང་སྐབས། །ལྷ་འདྲེས་ཕྱག་འཚལ་དངོས་གྲུབ་སྟེར། །ཐོག་དང་སེར་བ་འཇའ་ལྟར་ཡལ། །ཆར་པས་འགྲོ་བ་ཐམས་ཅད་ཚིམས། །ཚར་སློང་གཉིས་ཀ་དུས་གཅིག་རྫོགས། །མི་རྣམས་དགའ་ཞིང་ལེགས་སོ་བརྗོད། །དཀར་གསུམ་ཁྱེར་བའི་བཀུར་སྟི་མང་། །རང་ཡང་ཡིད་དགའ་ང་རྒྱལ་སྐྱེ། །བྱིན་རླབས་ནུས་པ་ང་ཆེ་སྙམ། །ཆར་འབོད་གཞན་ཚོས་མ་ཁུག་པས། །རང་གིས་ཁུག་པའི་ཟུར་ཟ་སྨྲ། །དགའ་བྲོད་བདུད་པོ་དེ་རུ་སླེབས། །དེ་དུས་དགའ་བའི་ངོ་བོ་ལྟ། །རང་གིས་ཡིན་སྙམ་ང་རྒྱལ་སྤངས། །ང་ཡི་བྱིན་རླབས་མ་ཡིན་ཏེ། །དགེ་འདུན་མང་དྲིན་ཡིན་ཞེས་བརྗོད། །བསྔོ་

(༦༡༠)བ་སྨོན་ལམ་རྒྱ་ཡིས་གདབ། །གཞི་བདག་ལྷ་འདྲེ་ཐམས་ཅད་ལ། །མཁོན་སེམས་དོགས་པ་མི་བཟུང་བར། །ཡོན་བདག་འགྲིས་ཆེན་ལྟ་བུར་བསམ། །གལ་ཏེ་འགྲོ་བའི་བསོད་ནམས་སམ། །བསྐལ་བའི་ཁུ་གཟུར་ལོ་ཉོས་འདོད། །གནས་དེའི་ས་བདག་ཀླུ་གཉན་ལ། །ནད་ཀྱིས་ཟིན་ནམ་ཆར་པ་མེད། །རང་གིས་ཆར་པ་མ་ཁུག་ཅིང་། །ཆར་གཡོག་གྲྭ་ཁལ་ལ་སོགས་ལ། །ནད་ཀྱིས་ཐེབ་བམ་གོད་ཚགས་འབྱུང་། །དངོས་ཉམས་རྨི་ལམ་ལྟས་ངན་མང་། །ཡིད་ཕམ་སྐྲག་འཇིགས་སྐྱེས་པ་དང་། །ངོ་ཚ་སྙམ་པའི་ངོ་གནོང་ཆེ། །ལྷ་ལ་ཕམ་ལྟུང་བྱུང་བ་འདྲ། །སེམས་སྡུག་ངོ་ཚའི་ངོ་བོར་ལྟ། །ལྷ་དང་གདམས་ངག་ལོག་ལྟ་སྤང་། །སི་ཏུ་ཆོས་ཀྱི་རྒྱལ་མཚན་སོགས། །སྐྱེས་ཆེན་དམ་པ་མང་པོས་ཀྱང་། །ས་ཚིགས་ཆེན་པོ་བྱུང་བའི་དུས། །ཆར་མ་ཁུག་པའི་ལོ་རྒྱུས་བསམ། །གནས་གཅིག་ཡུན་རིང་མི་སྡོད་པར། །རི་གཉན་མཚོ་གཉན་ཆུ་མིག་སོགས། །མང་པོ་འགྲིམ་ཞིང་ལུས་སྦྱིན་དང་། །བྱམས་དང་སྙིང་རྗེ་སྟོང་ཉིད་བསྒོམ། །སྔགས་ལུགས་ཆར་འབོད་བད་

(༦༡༡)བདེ་རྣམས། །སྐབས་སུ་གང་བབས་བྱ་བ་དང་། །དོན་ལ་བབས་རུང་མ་བབས་རུང་། །བོགས་འདོན་གཉན་ཁྲོད་འགྲིམ་པ་ཡིན། །ཆར་པ་བབས་ལ་དགའ་བ་དང་། །མ་བབས་སྡུག་པའི་རོ་སྙོམས་བྱ། །གཉན་ཐོག་རི་འགྲོམ་དེ་གས་འཐུས། །རི་འགྲིམ་སརྒ་ལྔ་པའོ། ༈ ཡང་གཅིག་གསོན་དང་བརྩོན་འགྲུས་བ། །བོགས་འདོན་ནཱ་རོ་གསང་སྤྱོད་ལུགས། །དུར་ཁྲོད་གྲོང་མཐའ་ལ་སོགས་པ། །མཚན་མོ་འགྲོ་བ་སྐུར་འདེབས་རྒྱུ། །དེ་འདྲ་བྱུང་བ་མཐོང་ཐོས་མང་། །དུར་ཁྲོད་ཞོར་ལ་གཅོད་པས་ཆོག །གཙན་ཐབས་ཤི་དང་གྲི་ཁར་ཤི། །གཉའ་བ་བཅིངས་སོགས་གཞོན་ཤིའི་རོ། །ཟ་འདྲེ་རྒོད་པས་འཇིགས་སྐྲག་ཆེ། །མི་གཞོན་རྣམས་ཀྱང་སྒྱིད་རྩ་འདར། །བུད་མེད་རྣམས་དང་བྱིས་པ་ཚོ། །མུན་འགོ་རུབ་ནས་ཆབ་གསིལ་དཀའ། །གྲོང་ཆོག་བླ་མ་དེ་འདྲར་ཕྱིན། །སྤྲ་དང་ཁྱིམ་ནི་ཤིན་ཏུ་དོགས། །རོ་དང་བླ་མ་མཉམ་དུ་བསྒྲིགས། །ཉེ་དྲག་ཤི་ཤིག་རྣམས་ཀྱང་འགོས། །མཛེ་ནད་བྱུང་ལྟར་སོར་མོ་འཛད། །དབྱར་ཁ་ཡིན་ན་རུལ་དྲི་འཚུབས། །

(༦༡༢)རླུང་ཁ་གྱུ་དུས་སྐྱུགས་ལ་ཁད། །རོ་ལ་གྲིབ་གཞི་བསྣན་པའམ། །སྦྱོང་མ་འགྲིམ་པའི་སྨན་ནད་ཀྱིས། །རོ་འཕག་སྐྲངས་ཏེ་གཡག་རོ་ཙམ། །ཁ་ནས་གྲེ་སོགས་བཅའ་འདྲ་བའི། །སྒྲ་སྐད་དང་བཅས་ཁྲག་རྒྱུན་འབབ། །ནུབ་མོ་ཉལ་ཁའི་དུས་ཙམ་ན། །མི་ཀུན་ཐབས་ཀྱིས་ཕྱིར་ལ་བྱེར། །རོ་དང་བླ་མ་གཉམ་དུ་ལུས། །མར་མེ་ལ་ཡང་གྲིབ་ཕོག་ནས། །ཚག་ཚག་ཟེར་ཞིང་ཇེ་ཇེ་ནག །བསྐལ་པར་ཡར་དར་མ་གཏོགས་པ། །རོ་ལངས་དངོས་ནི་མི་འབྱུང་ཀྱང་། །མིག་གི་ལྟ་དང་བཤུད་པ་བྱེད། །གཞོག་རྗེ་ཚིག་ངན་བརྗོད་པ་སོགས། །དུས་ཕྱིས་དེ་འདྲ་མཐོང་ཐོས་མང་། །རོ་ཡི་དེ་ལྟར་མ་བྱས་ཀྱང་། །སྐྲག་དྲག་རྣམ་རྟོག་དགྲ་ལངས་པ། །ལྟ་སྣང་འགུལ་ཡོ་བྱེད་སྣང་དང་། །སྦྱོང་མ་འགྲིམ་པའི་སྨན་གྱི་མཐུས། །ཁ་ནས་ཧར་རྩི་བྱེད་འདྲ་འབྱུང་། །འབྲོས་ན་ངོ་ཚ་བྲོས་ཐབས་མེད། །བསྡད་ན་གཉིད་མེད་ནམ་མི་ཆོད། །ས་སྟོང་དུར་རྙིང་མང་པོ་བས། །འཇིགས་པའི་དུར་ཁྲོད་དེ་ན་ཡོད། །དེ་དུས་སྐྲག་སྣང་བཙོག་སྣང་སྐྱུར། །བདག་གི་ལུས་

(༦༡༣)ཀྱང་འདི་དང་འདྲ། །སྙམ་དུ་མི་རྟག་འཆི་བ་བསྒོམ། །འདི་ལ་སྐྲག་དང་བཙོག་པ་ན། །རང་གི་ལུས་ལའང་སྐྲག་ཅིང་བཙོག །མི་རོ་རང་རོ་གཅིག་ཏུ་བསྲེ། །ཚེ་འདས་དེ་ཡི་རྣམ་ཤེས་ཀྱང་། །རང་གི་སེམས་དང་དབྱེར་མེད་བསྲེས། །ཉམས་ལེན་ཕྱག་རྒྱ་ཆེན་པོ་ལ། །ས་ལེ་སིང་ངེ་གཉམ་པར་གཞག །ད་རུང་སྐྲག་སྣང་བཙོག་སྣང་སྐྱེ། །དེ་ཡི་ངོ་བོར་གཅེར་གྱི་བལྟས། །ཕྱག་རྒྱ་ཆེན་པོ་ཝལ་གྱིས་འཆར། །འཇིགས་སྐྲག་བཙོག་སྣང་འཇའ་ལྟར་ཡལ། །བག་ཕེབས་གྲོ་ལྷུབ་གཉིད་དུ་འགྲོ། །གསང་སྤྱོད་དུར་འགྲིམ་དེ་སྐད་འཐུས། །གསང་སྤྱོད་དུར་གཅོད་བོགས་འདོན་གྱི། །གླུ་ཡི་སརྒ་དྲུག་པའོ།། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །རྟོགས་པའི་བོགས་འདོན་བྱེད་པའི་ཚེ། །སྟན་ཐོག་ལོ་གཅིག་བསྒོམས་པ་ལས། །ལྷ་འདྲེ་དྲག་པོ་གནས་པ་ཡི། །གཉན་སར་ཞག་གཅིག་བོགས་ཆེ་གསུངས། །གཉན་ས་ཆེད་དུ་ཚོལ་མི་དགོས། །བསོད་ནམས་ཆུང་ངམ་ཕོག་ཐུག་ཤོར། །བན་བོན་ནུས་ཅན་འགྲས་པ་འམ། །

(༦༡༤)རི་དྭགས་བསད་དམ་ཤིང་གཉན་གཅད། །དེ་འདྲའི་ཕོག་ཐུག་ཤོར་བ་འམ། །ཚེ་སྔོན་བསོད་ནམས་མ་བསགས་པའི། །རྒྱལ་འགོངས་དམ་སྲི་གཟའ་ཀླུ་སོགས། །སྡེ་བརྒྱད་དྲེགས་པ་དགྲ་རུ་ལངས། །ཤི་འཕྲོ་མི་ཆད་ཤི་ཆད་མང་། །ན་འཕྲོ་མི་ཆད་ནད་པ་མང་། །ལྟས་ངན་ཆོ་འཕྲུལ་རྒྱུན་མི་ཆད། །བསོད་ཆུང་འགྲིམ་པ་ཕྱིན་ན་ཡང་། །དེ་ལ་ནད་ཀག་རྐྱེན་ཁ་ལངས། །ཁྱིམ་དེར་འདྲེ་ཡི་ཚང་བཅས་ནས། །འགྲིམ་པ་ཕྱིན་ཀྱང་གཉིད་མི་ཟིན། །ནད་བུ་ཅན་ཕྱིན་དབང་པོ་འཆོར། །ཆང་གཟི་ཕྱིན་ན་སྨྱོ་རྒོད་འབྱུང་། །དེ་འདྲའི་གདོན་ཅན་ཁྱིམ་དེ་རུ། །གྲོང་ཆོག་བླ་མ་གདན་འདྲེན་འབྱུང་། །མངོས་བཟློག་བསྐང་གསོལ་གཅོད་ཚོགས་སོགས། །བར་ཆད་རྐྱེན་སེལ་བླ་མར་རེ། །གདོན་བྱིང་ཆེ་ཞིང་ཚ་ངད་ལྡན། །གཟི་བརྗིད་ཆོ་འཕྲུལ་འཇིགས་སྐྲག་སྐྱེ། །བ་སྤུ་གྱེན་ལང་ཚ་འུབ་བེ། །དགྱེ་དགྱེ་མི་ཕོད་རྒུ་སྙིང་འདོད། །ལྟག་པའི་བདུང་སྒོའི་ཕྱོགས་ནས་སྐྲབ། །སྡིག་ཅན་མི་ངན་འདི་ཚང་ན། །མི་འོང་ཀ་མེད་ནན་གྱིས་བོས། །མི་ངན་གར་

(༦༡༥)འདུག་དུ་བའི་ལམ། །ང་ཡང་བསོད་ཆུང་འདི་ན་ཕྱིན། །ཕན་ཐོགས་མ་བྱུང་ངོ་ཡང་ཚ། །དྲག་ལས་དམིགས་པས་གཟིར་དྲགས་ན། །རང་གི་སྲོག་ལ་ཡ་ང་ཟ། །གཉན་ས་ཆུང་ཆུང་དེ་ན་ཡོད། །དེ་དུས་འགྱོད་པ་མི་སྐྱེད་ལ། །རྟོགས་པའི་བོགས་འདོན་དྲན་པར་བྱ། །གདོན་དང་ཡོན་བདག་གཉིས་ཀ་ལ། །བྱམས་དང་སྙིང་རྗེས་གཏོང་ལེན་བསྒོམ། །འཇིགས་སྐྲག་རྣམ་རྟོག་གང་སྐྱེས་ཀྱང་། །ངོ་བོ་བལྟས་ལ་མཉམ་པར་བཞག །འདྲེར་འཛིན་རྣམ་རྟོག་དེ་ཆོད་ན། །བོགས་འདོན་མཆོག་ཏུ་དེ་འགྱུར་རོ། །གདོན་གཞི་ནད་ཕན་ལྷ་ངོ་འབྱུང་། །དེ་ཚེ་གདོན་དེས་ཡོན་བདག་གི། །སེམས་བསྒུལ་རང་ལ་ལེ་ལན་གྱིས། །ལེགས་སོ་བཀུར་སྟི་མི་བྱེད་པར། །ཅུང་ཟད་མི་དགེ་ཚུལ་ཞིག་སྟོན། ཁྱོད་ཀྱི་བཀའ་དྲིན་མ་ཡིན་ཏེ། ག་ཤད་གཞན་ན་སུ་ཞིག་གིས། །ཅི་ཞིག་བྱས་པས་ཕན་སྐད་སྨྲ། །དེ་ཚེ་སེམས་ལ་ཞེ་སྡང་སྐྱེས། །འདྲེ་ཡི་ཁ་ནས་དངོས་སུ་བླངས། །ཡོན་དང་འབུལ་བ་མི་གཟབ་སྟེང་། །ཁ་བཟང་ཙམ་ཡང་མི་བྱེད་པར། །ད་

(༦༡༦)ཕྱིན་ཁོ་ལ་དགོས་བྱུང་ན། །ཕན་ཐོགས་བྱེད་རེའི་རྟོག་པ་འཆར། །བྱང་ཆུབ་སེམས་བསྐྱེད་དེ་རུ་ཤོར། །དེ་ཚེ་སློངས་སུ་ངོས་བཟུང་སྟེ། །ཀྱེ་མ་ཁོ་ལ་རང་དབང་མེད། །དམ་སྲི་རྒྱལ་འགོང་སེམས་ངན་པས། །ཡོན་བདག་སེམས་རྒྱུད་བསྒུལ་ནས་ཀྱང་། །བདག་ལ་ཞེ་ལེན་ལན་པ་ཡིན། །གདོན་དང་ཡོན་བདག་གཉིས་ཀ་ནི། །ཚེ་རབས་མང་པོའི་ཕ་མ་ཡིན། །བཟང་ལེན་འདོད་པའི་ཕན་བཏགས་ནི། །ཐ་མལ་སྐྱེ་བོའི་བྱ་བ་ཡིན། །ལན་དང་རེ་བ་མི་འདོད་པའི། །ཕན་གདགས་བྱང་ཆུབ་སེམས་དཔའི་སྲོལ། །གདོན་དང་ཡོན་བདག་ཐོག་དྲངས་པའི། །ཁམས་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ས་ལ་སྐྱེལ་བར་ཤོག །བསམ་པར་བྱས་ལ་གཏོང་ལེན་བསྒོམ། །དེ་ཡི་གདོན་འདིའི་བསམ་ངན་ཞི། །ཡོན་བདག་དེ་ཡང་ཇེ་གུས་འགྱུར། །གཉན་ཐོག་ཞོར་ལ་གཅོད་པ་ཡི། །གླུ་ཡི་སརྒ་བདུན་པའོ།། ༈ །།གསོན་དང་ཀརྨ་བརྩོན་འགྲུས་པ། །ནཱ་རོ་པཎ་ཆེན་ཐུགས་ཀྱི་བཅུད། །སྤྱོད་པ་རོ་སྙོམས་སྐོར་དྲུག་དེ། །

(༦༡༧)རྟོགས་པས་རོ་ནི་སྙོམས་ནུས་ན། །རེ་སྙོམས་ཞོར་ལ་འོང་ཞིང་གདའ། །དམའ་ན་མི་དགའ་མཐོ་ན་དགའ། །འཇིག་རྟེན་ཆོས་བརྒྱད་རྣམ་གཉིས་ཏེ། །གདན་དང་ཁྲི་ལ་མི་དུམ་རྩོད། །རྒྱལ་བ་རིགས་ལྔར་ཁྲི་རྐང་ལྔ། །དུག་ལྔ་རྣམ་པར་དག་རྟགས་ལགས། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །རྒྱལ་བུ་དོན་གྲུབ་སངས་རྒྱས་ཚེ། །སངས་རྒྱས་སྟོང་དང་རྩ་གཉིས་ཀྱི། །གདན་ཁྲི་ས་ལ་རང་བྱུང་སྐྱེས། །འཁོར་འཇིག་སེར་ཐུབ་འོད་སྲུང་གི། །ཁྲི་ལ་ཕྱག་དང་བསྐོར་བ་མཛད། །ཤཀ་ཐུབ་ཁྲི་ལ་བཞུགས་མ་ཐག །ཁྲི་གཞན་ནུབ་སྟེ་མི་སྣང་གྱུར། །བསྐལ་པ་གྲངས་མེད་གསུམ་གྱི་བར། །ཚོགས་བསགས་སྒྲིབ་སྦྱངས་མཛད་པ་ཡི། །བསོད་ནམས་ལས་གྲུབ་གདན་ཁྲི་ལགས། །ཤཀ་ཐུབ་མྱ་ངན་འདས་རྗེས་སུ། །དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་བརྩེགས། །དེ་སྟེང་ཉན་ཐོས་འོད་སྲུང་དང་། །ཉེ་བར་འཁོར་དང་ཀུན་དགའ་བོ། །རིམ་བཞིན་བཞུགས་ནས་སྡེ་སྣོད་གསུམ། །ཐུགས་ནས་ཚར་རེ་གསུངས་ཚར་ནས། །

(༦༡༨)ཁྲི་ལ་མ་བཞུགས་ས་ལ་བབས། །མི་བརྗེད་གཟུངས་ཐོབ་གདན་ཁྲི་ལགས། །དེ་ཚེ་ཕྱག་འཚལ་མཆོད་པའི་ཞིང་། །དེ་མིན་ལུང་དང་ལས་ཀ་དང་། །གདན་སའི་འཐོབ་དང་ཁྲི་ལ་སོགས། །འཇིག་རྟེན་ཆོས་བརྒྱད་ཕྱོགས་དང་མཐུན། །ཅི་ཕྱིར་ལས་ཀ་ཁྲི་ལ་སོགས། །ཕུག་ནི་རྒྱ་ནག་རྒྱལ་པོ་ཡིན། །འཛམ་གླིང་ཕྱོགས་ལ་དབང་བསྒྱུར་ནས། །སྟོབས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ནི། །རྒྱ་ནག་རྒྱལ་པོ་ཡིན་པར་འདོད། །ཁོང་གིས་བླ་མར་བསྐོས་པ་ན། །ཀུན་གྱིས་བླ་མར་བསྐུར་དགོས་པའི། །རྟགས་ལ་ཐིལ་དམར་གདན་དམར་དང་། །ཁྲི་དང་རྒྱ་ཀླིང་རྐྱ་ངར་སོགས། །རྒྱ་འཇང་རྒྱལ་པོའི་ལག་རྟགས་ཡིན། །འཇིག་རྟེན་ངོས་ནས་ཁུར་དགོས་ཀྱི། །ཆོས་ནས་བརྩིས་ན་ལྷག་རྒྱུ་མེད། །མར་མི་དྭགས་པོ་དུས་མཁྱེན་དང་། །སྐྱོབ་པ་ཐང་པ་སོགས་ལའང་། །ངོ་བོ་སངས་རྒྱས་ཡིན་མོད་ཀྱི། །ལས་ཀ་ཐེའུ་དམར་གདན་ཁྲི་མེད། །འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡི། །ལས་ཀའི་འཐོབ་ཆ་གདན་ཡིག་ལ། །ཀརྨ་པཀྴིར་

(༦༡༩)ཀར་རྩག་དང་། །ཀོམ་སྟན་ཞིག་ལས་མེད་དོ་སྐད། །འོན་ཀྱང་རྫུ་འཕྲུལ་མངོན་ཤེས་རྣམས། །ཀརྨ་པཀྴི་མ་དོ་བས། །རྒྱ་ནག་རྒྱལ་པོའི་ཞལ་ནས་ཀྱང་། །བླ་མ་བླ་མ་སྟེ། །བླ་མ་མཆན་རྒྱ་འབིར་བ་དེ། །གསུངས་པའི་ཁ་དཔེ་ཀུན་ལ་འཇག །འགྲོ་མགོན་ཕག་མོ་གྲུ་པ་ཡི། །སློབ་མ་དབུ་ལ་གདུགས་བསྐོར་བ། །ལྔ་སྟོང་བརྒྱད་བརྒྱ་འཚོགས་པ་ལའང་། །དབང་ལུང་གདམས་ངག་གནང་བའི་ཚེ། །ཀོམ་སྟན་གཅིག་ལས་གདན་མེད་སྐད། །དེ་ཕྱིར་ངང་ལ་ཉམས་རྟོགས་དང་། །ཡོན་ཏན་ལེགས་པོ་ཡོད་པ་ན། །གདན་ཁྲི་དམའ་ཡང་སྐྱོན་མེད་དོ། །འཚུར་བུ་འཇམ་དབྱངས་ཆེན་པོ་དེ། །གདུང་རུས་ཆེ་ཞེས་ཡོན་ཏན་མཁས། །དེ་ཕྱིར་རྒྱ་ནག་རྒྱལ་པོ་ཡིས། །གསེར་ཁྲི་རྒྱབ་ཡོལ་བཅས་པ་བསྐུར། །མཁས་ཤིང་ང་རྒྱལ་ཆེན་པོ་ཡིས། །ཞྭ་དམར་པ་ལ་ཟུར་ཟ་ཆེ། །མཚུར་ཕུའི་དགེ་འདུན་སྟོང་ཕྲག་གི། །ཁང་ཚན་མགོ་ཡང་མ་ནོན་པ། །གཟའ་སྒྲུབ་གཏད་མནན་མཚུར་ཕུ་ཉམས། །ཁོང་རང་ཆོས་ཀྱི་བརྒྱུད་པ་

(༦༢༠)ཆད། །བཀྲ་ཤིས་དཔལ་འབྱོར་ཞེས་བྱ་བ། །ཞྭ་དམར་བཞི་པའི་ཆིབས་ལ་ཁྲིད། །དཀོར་ལ་འཛེམ་ནས་ཕོག་མ་གསོལ། །ཇ་ལོ་གསོལ་པས་སྔོན་པོར་སོང་། །མིང་ཡང་མཉན་པ་སྔོ་འཁྱོག་ཟེར། །གདན་ཁྲི་མེད་པའི་བྱ་བྲལ་དེ། །མི་བསྐྱོད་རྡོ་རྗེའི་རིགས་བདག་གྱུར། །ཀཾ་ཚང་བསྟན་པ་གནས་ཀྱི་བར། །ཁོང་གི་བརྒྱུད་པ་མ་ཆད་དོ། །དེ་དག་རྣམས་ལ་དཔྱད་པ་ན། །གདན་ཁྲི་རྩོད་པ་འཁྲུལ་པ་རང་། །གྲལ་གྱི་མཐོ་དམན་དེ་དང་འདྲ། །རས་ཆུང་རྡོ་རྗེ་གྲགས་པ་ཡང་། །ཞལ་སྐྱེམས་མང་ཇ་ཨེ་རག་གི། །བཀའ་གདམ་པ་ཡིས་གྲལ་འཇུག་བསྡད། །ན་བཟའ་ངུར་སྨིག་མེད་པ་དེས། །ར་དཀར་ལུག་གི་གྲལ་མི་ཚུད། །ཟེར་ནས་ཕྱག་ནས་བཟུང་སྟེ་ཕུད། །འབྱོན་ལོང་མ་བྱུང་སྒོ་འདན་བས། །ཞབས་ཡ་སྒོ་ཡི་བར་དུ་བཙིར། །ཟུག་གཟེར་ཆེ་བས་འགུར་དབྱངས་འཐེན། །ཆོས་རྗེ་བྱ་ཡུལ་པ་ཡིས་གསན། །དད་པའི་དབང་གིས་སྤྱན་ཆབ་ཤོར། །ལྐོག་ཏུ་རྩ་བའི་བླ་མར་བསྟེན། །དེས་ན་དོན་ལ་ཁྲི་དང་ནི། །གྲལ་གྱི་མཐོ་དམན་ཁྱད་པར་མེད། །སྔར་

(༦༢༡)དུས་རྒྱལ་བ་ཡབ་སྲས་རྣམས། །ཇོ་བོ་མཇལ་དུ་བརྫུས་ཏེ་ཕེབས། །དྲུང་འཁོར་རྣམས་ཀྱི་གྲལ་མཇུག་ཏུ། །ཡབ་སྲས་བཞུགས་ཀྱང་སུས་མ་ཤེས། །བུད་མེད་ཌཱ་ཀིའི་རིགས་ཅན་གྱིས། །ཤེས་ནས་སྔོན་ཏུ་ཇ་དྲང་སྐད། །ཡབ་སྲས་འཇུག་ཏུ་བཞུགས་པ་དེས། །ཆུང་དུ་སོང་སྐད་མི་འདུག་གོ། །འདུལ་བའི་ལུགས་ལ་བསླབ་གྲལ་ཏེ། །སྡོམ་པ་ཞུས་རིམ་སྔ་རིམ་མཐོ། །འོན་ཀྱང་ངེས་པ་མེད་པ་སྟེ། །བསླབ་པ་རྒན་དང་ཡེ་ཤེས་རྒན། །བསླབ་པ་ཞུ་ནི་གང་སྦ་སྟེ། །རྟོགས་པ་ཡོན་ཏན་མེད་པ་ན། །ལོ་བརྒྱ་ལོན་ཡང་བྱིས་པ་ཉིད། །ཡོན་ཏན་ཆེ་འམ་རྟོགས་པ་མཐོ། །དེ་ནི་ཡེ་ཤེས་རྒན་པ་སྟེ། །སྡོམ་པ་ཞུ་ནི་ཕྱི་ན་ཡང་། །དེ་ཉིད་གོང་དུ་བཞག་པར་གསུངས། །འོན་ཀྱང་གྲལ་རིམ་མ་བསྒྲིགས་པར། །མགྱོགས་གྲལ་བྱས་པས་དགེ་འདུན་སྡེ། །ཚོགས་པ་ཆེ་བའི་རྟེན་འབྲེལ་ཡོད། །དེ་ཕྱིར་ངམ་རིང་ལ་སོགས་པའི། །དགོན་ཆེན་ཕལ་ཆེར་མགྱོགས་གྲལ་ཡིན། །གཙང་གི་ས་སྐྱའི་དགོན་ཆེན་ན། །གྲལ་ལ་རྩོད་པ་ཆེ་བའི་ཕྱིར། །མཁས་པ་

(༦༢༢)གཙང་ནག་རས་པ་དེ། །གྲལ་གྱི་འཇུག་ལས་མ་ཚུད་པས། །གཙང་ནག་རས་པ་ནངས་སྔ་དུས། །ནམས་ལངས་མ་ལངས་ཚོགས་འཚོགས་སྐབས། །བོང་བུ་ཞིག་ལ་ཤམ་ཐབས་དང་། །ཆོས་གོས་རྣམ་པ་གསུམ་བཀལ་ནས། །གྲལ་གྱི་སྟོད་ལ་ཁྲིད་དོ་སྐད། །ནམ་ལངས་ཅི་ཡིན་སྨྲས་པ་ན། །འདི་ནི་སྐད་བཟང་ན་བཟའ་བཟང་། །གྲལ་མགོ་འདི་ན་འཇོག་འོས་གསུངས། །འཇམ་དབྱངས་སྤྲུལ་པ་གཙང་ནག་པའི། །གསུངས་དེ་གོ་རྒྱུ་ཆེན་པོ་གདའ། །གོ་རྒྱུ་དེ་ཉིད་ཅི་ཡིན་ན། །ཡོན་ཏན་ལྡན་ནམ་རྟོགས་པ་མཐོ། །གྲལ་འཇུག་བསྡད་ཀྱང་གྲལ་འགོ་ཡིན། །ལུང་དང་རྟོགས་པའི་ཡོན་ཏན་མེད། །ཚུལ་ཁྲིམས་རྣམ་པར་མ་དག་ན། །གྲལ་འགོར་བསྡད་ཀྱང་གྲལ་འཇུག་ཏུ། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བཞི་བདག་སོགས། །མངོན་ཤེས་ལྡན་པ་ཀུན་གྱིས་མཐོང་། །ལུང་རྟོགས་ཡོན་ཏན་ལྡན་པ་དང་། །ཚུལ་ཁྲིམས་རྣམ་པར་དག་པ་ཡི། །གོང་དུ་འདུག་པ་ཉེས་པ་ཆེ། །མཁས་པའི་གོང་ལྕི་ཅེས་གསུངས་སོ། །ཕྱག་ཀྱང་དེ་དང་

(༦༢༣)"འདྲ་བ་སྟེ། །ལུང་རྟོགས་ཡོན་ཏན་ལྡན་པའི་ཕྱག །རང་ལས་ཐེག་པ་མཐོ་གྱུར་ན། །རང་གི་བསོད་ནམས་ཟད་འགྱུར་ཞིང་། །སྲུང་སྐྱོབས་འཇིག་རྟེན་ལྷ་ཀུན་འབྲོས། །ལྷ་དབྱེ་འབྱུང་སྟེ་མཐུ་བས་ཐུ། །ཁྲི་དང་གྲལ་གྱི་མཐོ་དམན་གྱི། །གླུ་ཡི་སརྒ་བརྒྱད་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་བ། །འདྲ་འདྲའི་བླ་མ་མང་ཚོགས་ཚེ། །འཇིག་རྟེན་ཆོས་བརྒྱད་མཐོ་དམན་གཉིས། །རེ་སྙོམས་ཉམས་ལེན་དེ་ན་ཡོད། །མཐོ་བར་འདོད་པའི་བླ་མ་ཀུན། །གུས་ཞབས་བཅས་ཏེ་ཡར་ལ་བཞག །རང་ཉིད་དམའ་བའི་སྡུག་སྣང་གིས། །རྣམ་རྟོག་དེ་ལ་ཧྲིག་གེར་ལྟ། །གཞི་མེད་ཉམས་ལེན་ཀློང་དུ་བསྐྱུར། །མཐོ་འདོད་ཁོང་རྣམས་དགའ་བ་དང་། །དགེ་འདུན་བཀུར་བའི་བསོད་ནམས་ཐོབ། །དེ་ཚེ་དོན་ལ་ང་བཟང་སྟེ། །རྒྱལ་ཁ་ཁོང་ལ་འབུལ་ལོ་བསམ། །ཞེ་ནས་བརྙས་པའི་རྣམ་རྟོག་འབྱུང་། །དེ་ཕྱིར་རོ་སྙོམས་ལམ་མི་འགྲོ། །ཁོང་རྣམས་ལུང་དང་རྟོགས་པ་ཡི། །ཡོན་ཏན་དངོས་སུ་མི་སྣང་བ། །ང་རང་བསམ་པ་མ་དག་ཅིང་། །མངོན་ཤེས་སྤྱན་དང་མི་ལྡན་

(༦༢༤)བས། །གང་ཟག་ཚོད་འཛིན་ག་ལ་ནུས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིས། །ཁྲ་འབྲུག་མཆོད་རྟེན་རྩ་བ་རུ། །དགེ་སློང་ཆོས་གོས་རུལ་བ་ཅན། །ཤིག་མང་ཤིག་རྣམས་སྤར་བས་འཆུ། །མེ་ཡི་ནང་དུ་འདེབས་པ་གཟིགས། །ཁྱེད་ཉིད་དགེ་སློང་ཆོས་གོས་ཅན། །ཤིག་རྣམས་བསྲེག་པ་མི་ལེགས་གསུངས། །དགེ་སློང་སྡིག་འཛུབ་རྩེ་མོ་རུ། །ཁྲ་འབྲུག་མཆོད་རྟེན་བཞག་ནས་བསྐོར། །རྒྱལ་པོ་ཞལ་སྐྱེངས་ལ་ཐོད་ཕུད། །འོད་དཔག་མེད་ཀྱི་དབུ་བསྟན་པས། །དགེ་སློང་གྲི་གུ་བཏོན་ནས་ཀྱང་། །དགེ་སློང་ཉིད་ཀྱི་བྲང་གཤག་ནས། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བསྟན། །རྒྱལ་པོས་རྟག་ཏུ་བླ་མཆོད་བྱས། །དེ་བཞིན་བླ་མ་འདི་རྣམས་ཀྱང་། །ཕལ་ཆེར་སོ་སྐྱེ་ཡིན་ངེས་མེད། །བྱང་ཆུབ་སེམས་དཔའ་རྐུན་མ་གཉིས། །གར་ཡོད་མི་ཤེས་ཟེར་བའི་དཔེ། །ཕལ་ཆེར་བྱང་ཆུབ་སེམས་དཔའ་ཉིད། །སྔོན་དུས་བསྐལ་པ་བཟང་བའི་དུས། །དགྲ་བཅོམ་ནམ་མཁའ་འཕུར་བ་བས། །དེང་སང་ཆོས་གོས་གྱོན་ཙམ་ཡང་། །ཕན་ཡོན་ཆེ་བར་གསུངས་པ་དང་། །སྔོན་དུས་གྲུབ་རྟགས་

(༦༢༥)ཐོགས་མེད་ལས། །དེང་སང་སེམས་ངོ་སྐྱོང་ཤེས་ཙམ། །ཕན་ཡོན་ཆེ་བར་གསུངས་པ་རྣམས། །ཡིད་ལ་བསམ་ཞིང་དག་སྣང་སྦྱངས། །བདག་ཉིད་ཀུན་ལས་དམན་པར་ལྟ། །དེ་དོན་གླང་རི་ཐང་པ་ཡིས། །གང་དུ་སུ་དང་འགྲོགས་བའི་བའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ནས། །མཆོག་ཏུ་གུས་པར་འཛིན་པར་ཤོག །གསུངས་པའི་ཉམས་ལེན་དེ་ལགས་སོ། །མཐོ་དང་དམའ་བའི་རྣམ་རྟོག་གཉིས། །རོ་སྙོམས་ལམ་དུ་ཁྱེར་བ་ཡི། །གླུ་ཡི་སརྒ་དགུ་པའོ།། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །རྟོགས་པར་ལྡན་པའི་རྟོགས་ལྡན་གྱིས། །སྒེ་བ་ཀཔླ་རྐང་དུང་ཁྱེར། །འགྲངས་ལྟོགས་གྲོ་འཁྱགས་རོ་སྙོམས་ཕྱིར། །རྒྱལ་ཁམས་ཕྱོགས་མེད་བསྐོར་བ་ནི། །ན་མེད་རླུང་ཁྱེར་ཆོས་པར་བརྩི། །འདུལ་ཁྲིམས་ཞུས་པའི་བཙུན་པ་ཡང་། །དབུས་གཙང་དྭགས་ཀོང་འཁྱམས་པ་ན། །བཏུང་བ་ཆང་ལས་གཞན་མ་མཆིས། །ཆང་ཚུག་མང་བས་ཆང་གིས་བཟི། །སྡེ་དགོན་གྲོང་ནག་སྲང་མདོར་ཉལ། །

(༦༢༦)སྡེ་ཡི་ཆོས་ལང་དམིགས་ལྟོས་ངན། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །བོད་ཀྱི་སྡོམ་གཅིག་འཆོར་ཉན་གདའ། །དེ་འདྲ་བྱུང་བ་མཐོང་ཐོས་མང་། །ཉམས་ལེན་རྟོགས་པ་ཡོད་པ་ན། །རྙེད་ན་དགའ་དང་མ་རྙེད་སྡུག །འཇིག་རྟེན་ཆོས་བརྒྱད་རྣམ་གཉིས་ཡིན། །མཚམས་དང་སྒྲུབ་པའི་མཐུན་རྐྱེན་བརྒྱགས། །དབྱར་སྟོན་ལྡོམ་བུ་བྱེད་པའི་ཚེ། །རྙེད་དང་མ་རྙེད་རོ་སྙོམས་ན། །སྤྱོད་པ་མཆོག་ཏུ་གྱུར་པ་ཡིན། །མིང་ཡང་རོ་སྙོམས་ལྡོམ་བུ་ཟེར། །ཆེད་དུ་ཁྱི་འགྲམ་གཅོག་མ་དགོས། །འགྲིས་ཆེ་ལྷ་འདྲེའི་མོད་པ་ཡི། །ཡོན་བདག་ཞིག་ལ་གཏད་ནས་འགྲོ། །གདུལ་བྱ་ལོངས་སྤྱོད་འོང་སྙམ་ཙ། །བུ་ཆུང་ཐལ་མདོག་སྒོ་ནས་བྱུང་། །དེ་རིང་ཨ་ཕ་ག་ཤེད་སོང་། །ཨ་མས་ཇ་མེད་ཅི་བྱེད་ཟེར། །གྲོང་བ་རྣམས་ཀྱང་མུ་གེ་ཆེ། །གཙང་ལངས་དགོས་ས་མ་དགོས་ཙམ། །གྲྭ་པ་རྣམས་ཀྱང་ངོ་འཛུམ་ནག །ཡོན་བདག་དེ་ལ་གནོད་ཚིག་བརྗོད། །བླ་མ་གུང་ཚིག་མ་ཐེབས་ན། །དཔོན་སློབ་ཐམས་ཅད་ལྟོགས་ཡུས་ལུགས། །དཔོན་སློབ་ཀུན་གྱི་ངོ་དང་སེམས། །ཆ་ལུགས་མཐུན་པར་ནག་ཐུག་

(༦༢༧)གེ། །དེ་དུས་བོགས་འདོན་དུས་གཅིག་ཡིན། །མ་རྙེད་སྙམ་པའི་ཡི་མུག་དེ། །འཇིག་རྟེན་ཆོས་བརྒྱད་སྣ་གཅིག་ཡིན། །དེ་ཡི་ངོ་ལ་ཧྲིག་གེར་བལྟ། །ལྟ་བའི་ངང་ལ་ཕྱམ་མེར་བཞག །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བསྐོར་གྱི་ཉེས་པ་གསུངས་པའི་ཚེ། །དགེ་སློང་མང་པོས་སྡོམ་པ་ཕུལ། །དེ་ལ་སྟོན་པས་ཡི་རངས་མཛད། །དེ་ཕྱིར་གདུལ་བྱ་མ་རྙེད་པས། །དཀོར་སྒྲིབ་ཆུང་བའི་དགའ་བ་བསྒོམ། །ཡོན་བདག་དེ་དང་རུ་བ་དེར། །མི་དགའི་བསམ་པ་རྩད་ནས་སྤང་། །བྱམས་དང་སྙིང་རྗེས་གཏོང་ལེན་བསྒོམ། །དེ་ནས་ཡང་ཅིག་བྱེན་པ་དང་། །རྒྱུས་མེད་ངོ་ཤེས་མེད་པ་ཡི། །གྲོང་ངམ་རུ་པར་འགྲོ་བསམ་པས། །གྲྭ་པ་དམུས་ནས་མི་འགྲོ་ཟེར། །མི་ལ་རས་པའི་གསུང་བཞིན་དུ། །ཆེ་བའི་སྦྲ་ལ་མ་རྔམ་པར། །ཆུང་བའི་སྤྲེའུ་མི་སྐྱུར་དཔེ། །ལམ་ཞོར་རེད་པས་འགྲོ་གསུངས་འབྱོན། །རྒྱུས་མེད་མི་ཚང་བྲེལ་ཚུབ་བེ། །གདན་གཏིང་དུ་བ་ནག་ཕྱུ་རེ། །བྱིན་རླབས་ཞུ་དང་བཀའ་བསྒོ་ཞུ། །དབང་བསྐུར་ཞུ་དང་ཞལ་

(༦༢༨)བུ་ཞུ། །བྱང་བུ་ཞུ་དང་བསྔོ་བ་ཞུ། །རུ་བའི་སྡོམ་བུ་ཆིལ་ལེར་འདུས། །བཟའ་བཏུང་འཚོ་བས་མདུན་རྣམས་བཀང་། །རྒྱུས་མེད་འགྲིས་མེད་འོས་མེད་པར། །འདི་ཚང་བཀུར་སྟི་འདི་ཙམ་གཟབ། །ཅི་ཡིན་བསམ་ཞིང་དཔོན་སློབ་ཀུན། །ཐུགས་དགོངས་དགྱེས་ཤིང་ཞལ་རས་འཛུམ། །ཇ་སྙིགས་ཕོས་པ་ཐམས་ཅད་ཀྱང་། །མིག་ལ་བྱུགས་དང་རྐེ་ལ་བྱུགས། །དད་པ་ཆེ་འོས་མེད་པར་ཆེ། །དེ་ཚེ་རྙེད་པ་རྙེད་པ་ཡི། །དགའ་ཚོར་སེམས་དབང་མཐོ་བ་དེ། །འཇིག་རྟེན་ཆོས་བརྒྱད་སྣ་གཅིག་ལགས། །དགར་བའི་བསམ་པ་གཞི་མེད་དུ། །ལྟ་བའི་ཀློང་དུ་ཡལ་བཅུག་སྟེ། །རྙེད་དང་མ་རྙེད་བསམ་པ་གཉིས། །ཁྱད་མེད་ངེས་པར་རོ་སྙོམས་ན། །རོ་སྙོམས་ཆུང་ཆུང་དེ་ན་ཡོད། །བོགས་གཅིག་ཐོན་ན་དེ་དུས་ཐོན། །རྙེད་དང་མ་རྙེད་རོ་སྙོམས་ཀྱི། །གླུ་ཡི་སརྒ་བཅུ་པའོ།། ༈ །།གསོན་དང་བརྩོན་འགྲུས་རྒྱ་མཚོ་པ། །དཀར་ལྡོམ་ཐག་རིང་བགྲོད་པའི་ཚེ། །ལ་མཐུར་ཆེ་བས་བླ་སྒང་ལོག །ཚུགས་ཐག་རིང་བས་ལྟོ་བ་བཀྲེས། །ཆར་དྲག་སེར་བས་ནག་ནུ་རེ། །ཇག་

(༦༢༩)རྐུན་ཁྱི་སྨྱོན་སྤྱང་ཀིར་སྐྲག །མི་རྙེད་སྡུག་དང་མི་ཁྱག་སྡུག །མགོ་ཐོན་དཀའ་བའི་སྡུག་དང་གསུམ། །སྡུག་བསྔལ་འཇིག་རྟེན་ཁྱིམ་ཐབས་སྤངས། །ང་ལ་སྡུག་བསྔལ་འོང་དོན་མེད། །ངེད་རང་དཔོན་སློབ་འདི་རྣམས་ཀྱིས། །ཁ་རྒྱབ་ཙམ་ཞིག་མ་གཏོགས་པ། །མི་སོས་རྒྱུ་ཡང་གཞན་མེད་པར། །འདི་འདྲའི་སྡུག་བསྔལ་ཅི་ཡིན་ཨང་། །ཚེ་སྦྲང་དུས་འཁྱམས་ངོ་ཡང་ཚ། །ཡོན་བདག་རྣམས་ཀྱང་ཨེ་མི་སུན། །ཆོས་སྒོར་ཞུགས་པ་བཟང་ལགས་ཏེ། །མི་ཚེར་སྤྲང་དགོས་སྡུག་པོར་གདའ། །སྤྲང་མི་དགོས་པའི་ལོངས་སྤྱོད་གཅིག །ཡོད་ན་ཅི་མ་རུང་སྙམ་ནས། །ཕྱུག་པོའི་མི་ལ་ཡིད་སྨོན་འཆོར། །དབུལ་པོས་བཙལ་བས་མི་རྙེད་སྡུག །ཕྱུག་པོས་འཚོ་སྐྱོང་མི་ཐུབ་སྡུག །དེ་གཉིས་མི་རྣམས་ཀུན་ལ་ཡོད། །ཆོས་སྒོར་ཞུགས་པས་ལན་པ་མིན། །མི་ལུས་བླང་བས་ལན་པ་ཡིན། །རྣམ་རྟོག་དེ་ཡི་ངོ་བོར་བལྟ། །དཀའ་ལས་ཆེ་བའི་སྡུག་བསྔལ་དང་། །ངོ་བོ་བསྲེས་པས་བོགས་གཅིག་འབྱུང་། །རྟོགས་ལྡན་རྒྱལ་ཁམས་བསྐོར་

(༦༣༠)བ་རྣམས། །དཀའ་ལས་དེ་ཉིད་འཚོལ་ཕྱིར་བྱོན། །དཀའ་ལས་ཚོལ་དུ་མ་སོང་ཡང་། །ཤུགས་ཀྱིས་འབྱུང་ལ་བསྲེ་ཐུབ་བྱ། །ཆགས་ཞེན་མེད་པའི་སྡོམ་བུ་ནི། །ཐུབ་པས་གནང་བའི་ཕ་འབབ་ལགས། །དེ་ལ་དཀོར་སྒྲིབ་ཡོད་པ་མིན། །ཡང་གཅིག་བྱོན་པའི་ལམ་ཀ་ན། །འབྱོར་ལྡན་རུ་ཆེན་མང་པོའི་གསེབ། །ཤ་ཐུད་མར་སོགས་ཁུར་ཞིང་དཔུང་། །རི་དང་ས་ཕྱོགས་ཐམས་ཅད་ཀུན། །རྟ་ལུག་ནོར་གྱིས་ཁྲ་ལྟེམ་མེ། །ཉི་མ་དྲོ་ཞིང་འཇའ་སྤྲིན་འཁྲིགས། །སྤང་ལྗོངས་གཡུ་ཡི་ཁ་དོག་ལ། །མེ་ཏོག་སྣ་ཚོགས་ཚལ་ཆེན་རྒྱས། །བུང་བ་ཁུ་བྱུག་གསུང་སྙན་སྒྲོག །འབབ་ཆུ་ཏུང་ཏུང་སྙན་པའི་སྒྲ། །སེམས་ཀྱང་དགས་སྤྲོ་སྣང་བ་སྐྱིད། །སྤང་ལྗོངས་དེ་རུ་འདུག་སྙིང་སྤྲོ། །གསོལ་འདེབས་མགུར་དབྱངས་བྱེད་སྙིང་འདོད། །དེ་ཚེ་མེ་ཏོག་ཐམས་ཅད་ནི། །ཡིད་ཀྱིས་ཡི་དམ་ལྷ་ལ་འབུལ། །དེ་མིན་མེ་ཏོག་སྔོན་པོ་ལ། །འགོང་ན་གསང་བདག་དམ་ཚིག་ཉམས། །མེ་ཏོག་ཚལ་གྱི་དཀྱིལ་དེ་རུ། །གདིང་བ་གཏིང་ཞིང་ལུས་གནད་བསྲང་། །སྣང་བ་

(༦༣༡)དགའ་དྭངས་ཡལ་ལེ་བའི། །རྣམ་རྟོག་དེ་ལ་ཧྲིག་གེར་བལྟ། །དགའ་དང་ཡི་མུག་བསམ་པ་གཉིས། །ལྟ་བའི་ངང་དུ་རོ་སྙོམས་ན། །རོ་སྙོམས་ཆུང་ངུ་དེ་ན་ཡོད། །བོགས་འདོན་ཆུང་ཆུང་དེ་ཡིས་འོང་། །དེ་བཞིན་ལུས་བདེ་སེམས་སྡུག་མེད། །ཉི་མ་དྲོ་ཞིང་བཟའ་བཏུང་འཛོམ། །ཆོས་ཀྱི་གནད་འགག་ང་རང་ཤེས། །སུ་ལ་ཞུ་དགོས་འདྲི་དགོས་མེད། །ཤི་ཡང་ངན་སོང་འགྲོ་དོགས་མེད། །མི་ཚེ་ཆོས་ལ་བསྐྱལ་བ་ཡིན། །བསམ་པས་ཡིད་དགའ་བློ་བདེ་དང་། །ན་ཚ་སྡུག་བསྔལ་དུ་མས་མནར། །ང་ལ་འདི་འདྲ་ཅི་ལ་འོང་། །བློ་ཕུག་དཀོན་མཆོག་གསུམ་ལ་གཏད། །སྐུ་རིམ་རྐྱེན་བཟློག་གསོལ་མཆོད་གཟབ། །བདུད་དང་དམ་སྲིའི་བར་ཆད་དམ། །ཕ་རོལ་གཏད་མནན་ངན་སྔགས་སམ། །སྔོན་གྱི་ལས་ངན་སྨིན་པའམ། །སྣང་སྲིད་ལྷ་འདྲེའི་གཡོས་ཆེན་འདི། །ཅིས་དྲག་ཅིས་ཕན་བློ་སྣ་མང་། །དེ་ལྟར་སྐྱིད་སྡུག་བསམ་པ་གཉིས། །ལྟ་བའི་ངང་དུ་རོ་གཉམ་ན། །པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས། །སྐྱིད་སྡུག་

(༦༣༢)ལམ་ཁྱེར་གདམས་པ་ཡིན། །སྐྱིད་སྡུག་ལམ་དུ་ཁྱེར་བ་ཡི། །གླུ་ཡི་སརྒ་བཅུ་གཅིག་གོ། ༈ །།ཡང་གཅིག་གསོན་དང་བརྩོན་འགྲུས་པ། །སྙན་གྲགས་དགའ་དང་མི་སྙན་སྡུག །འཇིག་རྟེན་ཆོས་བརྒྱད་སྣ་གཉིས་ཡིན། །རང་ལ་ལུང་དང་རྟོགས་པ་ཡིས། །བསྟོད་འོས་ཡོན་ཏན་མི་ཆེ་ཡང་། །ཡོན་བདག་ལ་སོགས་བླུན་དད་ཅན། །མང་པོས་དུས་གསུམ་སངས་རྒྱས་ཟེར། །ལ་ལས་གྲུབ་ཐོབ་ཡིན་ནོ་ཟེར། །རང་ཉིད་ནམ་འཆི་མི་ཤེས་ཀྱང་། །གཞན་གྱིས་མངོན་ཤེས་ཡོད་ཟེར་བསྟོད། །གོས་དུམ་སྐྲ་སེན་ཆབ་གསིལ་ཡང་། །དད་ཅན་མང་པོས་འཁྱེར་དང་བཏུང་། །སྡེ་དཔོན་ཤོག་དཔོན་ཡུལ་དཔོན་དང་། །སྐུ་སྐྱེ་དགེ་བཤེས་དཔོན་རིགས་སོགས། །འཐོབ་ཐང་ཆེ་ཞིང་ང་རྒྱལ་ཅན། །མང་པོས་ཕྱག་འཚལ་དབང་ཆོས་ཞུ། །རྒྱུས་མེད་ཕྱོགས་ཕྱོགས་སྡེ་རྣམས་ཀྱང་། །གཞན་ཟེར་ཅལ་སྒྲོགས་རྗེས་རྒྱུག་གིས། །དེ་བ་བཟང་པོ་རེད་ཅེས་གླེང་། །དེ་ཚེ་རང་མཐོང་ང་རྒྱལ་སྐྱེ། །ཀུན་གྱིས་བཀུར་སྟི་ཆེ་བ་དེས། །རང་ཡང་

(༦༣༣)བཟང་པོ་ཡིན་སྙམ་བྱེད། །སྙན་གྲགས་ལྷ་ཡི་བུ་ཡི་བདུད། །ང་རྒྱལ་སྐྱེས་ན་ཐར་ལམ་བཀག །སྙན་གྲགས་བྲག་ཆ་འདྲ་བ་དེ། །གྲགས་སྟོང་ལྟ་བའི་ཀློང་དུ་བསྒྱུར། །མཐོན་པོའི་ཁྲི་ལ་འདུག་པ་དང་། །མི་ཆེན་བླ་ཆེན་ཕྱག་འཚལ་ཚེ། །ཆོས་དང་དབང་གི་ཆེ་བ་ཡིན། །བདག་ནི་མཐོན་པོའི་ཁྲིར་འདུག་དང་། །གཞན་གྱིས་ཕྱག་འཚལ་ག་ལ་འོས། །དབང་ལུང་ལ་སོགས་བྱེད་པ་ཡང་། །ཆོས་ནི་མཎྜལ་ཚུལ་དུ་འབུལ། །བླ་འདོད་བླ་མ་ཡིན་སྙམ་སྤང་། །སྙན་གྲགས་ལམ་དུ་ཁྱེར་བ་ཡིན། །དེ་བཞིན་རང་ལ་ཉེས་མེད་པར། །དོན་མེད་གཤེ་སྐུར་འདེབས་པ་དང་། །རྫུན་མ་ཟོག་པོ་ཡིན་ཟེར་དང་། །སུ་ཞིག་བུ་དང་མ་དེའི་བུ། །ཟེར་ཞིང་རུས་ཀྱི་མཚང་ནས་བརྗོད། །ཕོ་མགོ་བསྐོར་ཞིང་མོ་མགོ་གཡོག །སོ་ཞོ་མིག་ཚིལ་ཡན་ཆད་ཀྱི། །སྡེ་ཡི་བཅུད་ཚེ་འདིས་བསྡུས་ཟེར། །རང་ནོར་ཕྲོག་པ་ཙམ་དུ་འབར། །དབང་ལུང་གདམས་ངག་སྤེལ་བ་ན། །ཁོ་ལ་ཕུག་མེད་རྫུན་ཡིན་ཟེར། །གདམས་ངག་ཟིན་བྲིས་ཟབ་བསྟང་

(༦༣༤)ན། །རང་བཟོ་རྫུན་གྱིས་མགོ་བསྐོར་ཟེར། །ནད་ཞི་གདོན་ཞི་ཕན་ཐོགས་ན། །འདྲེ་ཡི་ཟ་ཁ་ཕྱེས་སོ་ཟེར། །ལེགས་ཉེས་གང་སྨྲས་ཐོགས་བབས་ན། །ཐེའུ་རང་ལྟག་རྫོས་ཡིན་ནོ་ཟེར། །ཆོས་ར་འགྲོ་དོན་ཆེ་བ་ན། །དབང་སྡུད་ངན་སྔགས་ཡོད་དོ་ཟེར། །དེ་སོགས་མི་སྙན་སྒྲ་ཐོས་ཚེ། །ཉེས་མེད་པ་ལ་ཅི་ཕྱིར་འབར། །རྫུན་ནི་ང་ཡིས་སྨྲ་མ་མྱོང་། །གནོད་པའི་བྱ་བ་ངས་མ་བྱས། །དད་ལྡན་གདུལ་བྱ་བྱུང་བ་ལ། །ཁོང་རྣམས་སེར་སྣ་ཆེ་དོན་ཅི། །ལྷམ་དུ་སེམས་རྩུབ་མི་དགའ་ཚེ། །ངོ་བོ་བལྟས་ལ་ཀོད་ཉལ་བཏང་། །བྱམས་དང་སྙིང་རྗེ་གཏོང་ལེན་བསྒོམ། །རང་གིས་ཉེས་པ་བྱས་པ་ན། །རང་གི་མ་ཕེར་སྡུག་པ་ཡིན། །རང་གི་ཉེས་པ་མ་བྱས་པར། །འབར་ཤ་གཏམ་ངན་མང་པོ་དེ། །སྡིག་སྒྲིབ་ཕྱགས་མས་འདེབས་པ་ཡིན། །ང་ཡི་སྡིག་སྒྲིབ་སྦྱོང་རོག་དེ། །དོན་མེད་ཁོང་ཚོས་བྱེད་པ་ལ། །མི་དགའ་ཅི་ཡོད་འོང་ཆེ་བསྒོམ། །དེ་ལྟར་སྙན་དང་མི་སྙན་གཉིས། །རྟོགས་པའི་ངང་དུ་རོ་སྙོམས་ན། །རོ་སྙོམས་ཆེན་པོ་དེ་ན་ཡོད། །བོགས་འདོན་

(༦༣༥)དེ་ཡིས་ཆེན་པོ་འོང་། །སྙན་དང་མི་སྙན་འཇིག་རྟེན་ཆོས། །རོ་སྙོམས་གླུ་ཡི་སརྒ་སྟེ། །ལེའུ་བཅུ་གཉིས་པ་ཡིན་ནོ།། ༈ །།གསོན་དང་ཀརྨ་བརྩོན་འགྲུས་པ། །རང་འདོད་ཁོག་ཏུ་བཅུག་པ་ཡིས། །དོན་མཐུན་འགྲོ་དོན་འོང་བ་མེད། །སྙིང་ནས་རང་འདོད་མེད་པ་ཡིས། །འགྲོ་རྣམས་སངས་རྒྱས་སར་འགོད་པའི། །སེམས་བསྐྱང་བཟང་པོའི་རྩིས་ཟིན་ན། །གསེར་འགྱུར་རྩི་ཡིས་ཟིན་པ་ཡི། །ལྕགས་རྣམས་གསེར་དུ་འགྱུར་བ་བཞིན། །ཅི་བྱས་བྱང་ཆུབ་ལམ་དུ་འགྲོ། །མི་དགེ་ཕལ་ཆེར་དགེ་བར་འགྱུར། །ལོ་ཏོག་ཤིན་ཏུ་ལེགས་པ་ན། །སོག་ཕུབ་ཞོར་ལ་འབྱུང་བ་ལྟར། །རང་དོན་མ་བསམ་ལྷུན་གྲུབ་ཡིན། །ཐུབ་པས་རྟག་ཏུ་གཞན་དོན་མཛད། །རང་དོན་མངོན་པར་སངས་རྒྱས་ཐོབ། །ཐ་མལ་སྐྱེ་བོས་རང་དོན་བསྒྲུབས། །རང་དོན་མ་གྲུབ་ངན་སོང་ལྟུང་། །འདི་ཉིད་ཁྱད་པར་ལྟོས་ཤིག་ཅེས། །རྒྱལ་སྲས་ཞི་བ་ལྷ་ཡིས་གསུངས། །འདི་འདྲའི་སེམས་བསྐྱེད་མ་ཤེས་ན། །གསང་སྔགས་བླ་མེད་ཉམས་བླངས་ཀྱང་། །

(༦༣༦)བྱང་ཆུབ་ལམ་དུ་འགྲོ་བར་དཀའ། །འདི་དོན་དྭགས་པོ་ལྷ་རྗེ་ཡིས། །ཆོས་ནི་ཆས་སུ་འགྲོ་བའི་ཐབས། །གདམས་ངག་ཟབ་པར་གསུངས་པ་ཡིན། །འགྲོ་དོན་རྩ་བ་སེམས་བསྐྱེད་ཀྱི། །བླུ་ཡི་སརྒ་བཅུ་གསུམ་པ། །གླུ་ཆུང་སརྒ་བཅུ་གསུམ་འདི། །བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །ཤིང་སྦྲུལ་མགོ་ཟླའི་དམར་པོའི་ཕྱོགས། །དྲུག་བདུན་བརྒྱད་ཀྱི་དགོངས་ཐུན་མཚམས། །རང་གི་མྱོང་བ་དང་བསྟུན་ནས། །རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བཱིརྱ་སཱ་ག་རས། །སོར་མོ་གློག་གི་རྟ་ལ་ཞོན། །མགོ་རྒྱལ་ཟླ་བའི་ཚ་ངར་ལ། །བཟོད་པ་ཆེན་པོའི་གོ་ཆ་བགོས། །ཕྱི་རབས་གཞན་ལ་ཕན་པའི་ཕྱིར། །མྱུར་མགྱོགས་བརྩོན་པའི་ཅང་ཤེས་བཅིབས། །དུང་མདོག་ཤོག་བུའི་ངོས་ཉིད་ལ། །བཻ་ཌཱུར་མདོག་འདྲ་སྣག་ཚས་བྲིས། །བདག་འདྲའི་བྱ་བྲལ་ཉམ་ཆུང་འགའ། །སྤྱོད་པ་ལམ་དུ་བསླངས་ནས་ཀྱང་། །དངོས་མཚན་ཆེན་པོ་མེད་པའི་ངོས། །ས་ལམ་རིམ་པ་མང་བགྲོད་ནས། །རྫོགས་སངས་ས་ལ་འགོད་པར་ཤོག །ལེའུ་བཞི་བཅུ་པའོ་མངྒ་ལཾ།། །དཾ། །།

(༦༣༧)རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཆོས་བྱེད་པའི་གང་ཟག་རྣམས་འཆི་ལུགས་རབ་འབྲིང་ཐ་མ་ཡང་མཐའ་རྣམས་གསལ་བ་དཔག་བསམ་ཤིང་གི་འབྲས་བུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། །གསར་རྙིང་མདོ་རྒྱུད་མན་ངག་དུ་མ་ནས། །འབྲས་བུ་འཐོབ་པའི་ཚུལ་དང་ཤི་བའི་ཚུལ། །རྒྱ་ཆེར་བཤད་ཀྱང་གོ་བདེར་འདིར་བརྗོད་པ། །ཉམས་མྱོང་མེད་ཀྱང་གསར་རྙིང་རྒྱུད་སྡེའི་དོན། །ཐོས་པའི་ཤེས་རབ་ལ་བརྟེན་འདིར་བརྗོད་བྱ། །འཆི་བ་མེད་དང་འདའ་ཚུལ་འཆི་བ་གསུམ། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ། །གུ་རུ་པདྨ་འབྱུང་གནས་ལྟ་བུ་ལ། །ནམ་མཁའ་ཇི་སྲིད་འཆི་བ་མེད་པར་གསུངས། །ཕྱག་རྫོགས་ཟུང་འཇུག་བར་བསྐལ་རེ་རེ་ཙམ། །འཆི་བ་མེད་དེ་འཇའ་ལུས་འགྲུབ་པ་ནི། །འཕོ་བ་ཆེན་པོའི་སྐུ་ནི་འགྲུབ་པ་ཞེས། །པཎ་ཆེན་བི་མ་མི་ཏྲ་ལྟ་བུ་སྟེ། །དེ་ཡང་མཐར་ནི་མི་སྣང་འོད་དུ་ཡལ། །ཡི་དམ་ལྷ་ཡི་བྱིན་གྱིས་བརླབས་གྱུར་པས། །ལོ་ནི་སྟོང་ཕྲག་དུ་མར་འཆི་མེད་པ། །དཔེར་ན་

(༦༣༨)གྲུབ་ཆེན་མི་ཏྲ་ཛྭ་ཀི་བཞིན། །དེ་ནི་ཚེ་ལ་དབང་བའི་རིག་འཛིན་ཡིན། །མཐར་ནི་ཕུང་པོ་མི་བཞག་མྱ་ངན་འདའ། །ཟག་བཅས་ལུས་འདི་ཟག་མེད་ལུས་སུ་གྱུར། །ལོ་ནི་སྟོང་ཕྲག་ཁྲི་ཕྲག་ཙམ་གྱི་བར། །དཔའ་བོ་མཁའ་འགྲོའི་ཚོགས་དཔོན་མཛད་ན་ཡང་། །གང་ཟག་ཕལ་གྱིས་དེ་ཡི་སྐུ་མི་མཐོང་། །དཔེར་ན་ས་ར་ཧ་དང་ཏཻ་ལོ་བཞིན། །དེ་ནི་མཁའ་སྤྱོད་གཤེགས་ཞེས་མིང་འདོགས་ཏེ། །མཁའ་སྤྱོད་ཆུང་ངུ་མཁའ་འགྲོའི་ཚོགས་གྲལ་ཡིན། །འགའ་ཞིག་ཡི་དམ་དངོས་སུ་འགྲུབ་འགྱུར་ཏེ། །ངོ་བོ་ཡི་དམ་ལྷ་དང་དབྱེར་མེད་ཅིང་། །རྣམ་པ་གྲུབ་ཆེན་སྐུ་ཡི་ཆ་ལུགས་འཛིན། །འགྲོ་ལ་ཕན་ཕྱིར་མྱ་ངན་མི་འདའ་བཞུགས། །གསོལ་བ་བཏབ་ན་དངོས་གྲུབ་སྦྱིན་མཛད་ཀྱང་། །སྐུ་དེ་ཐ་མལ་པ་ཡིས་མི་མཐོང་སྟེ། །ནམ་མཁའི་དབྱིངས་སུ་རིན་ཆེན་

(༦༣༩)གཞལ་ཡས་སུ། །མཁའ་འགྲོ་རྣམས་ཀྱི་ཚོགས་དཔོན་མཛད་ནས་བཞུགས། །དཔེར་ན་གྲུབ་ཆེན་ཀླུ་ཡི་བྱང་ཆུབ་བཞིན། །དེ་དོན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་། །ས་སྐྱ་པཎ་ཆེན་རྣམ་ཐར་ནང་ནས་གསལ། །ཡེ་ཤེས་ལྷ་ཡི་རིག་སྔགས་ནུས་པ་ཡིས། །ཚེ་ལོ་དཔག་མེད་ཐུབ་པར་གསུངས་པ་ལྟར། །རྨ་བྱ་ཆེན་པོའི་རིགས་སྔགས་འགྲུབ་པའི་མཐུས། །སློབ་དཔོན་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱར་བཞུགས། །དེ་བཞིན་ཨཱརྱ་དེ་ཝས་བཞི་བརྒྱ་དང་། །སློབ་དཔོན་ཐོགས་མེད་ཉིས་བརྒྱ་བཞུགས་ཞེས་གྲགས། །དེ་བཞིན་ཚེ་སྒྲུབ་བྱས་པའི་ནུས་པ་ཡིས། །ཇོ་མོ་མཚོ་རྒྱལ་ཉིས་བརྒྱ་བཞུགས་པ་དང་། །དམ་པ་རྒྱ་གར་ལྔ་བརྒྱ་བཅོ་ལྔ་བཞུགས། །སངས་རྒྱས་ཡེ་ཤེས་བརྒྱ་དང་ལྔ་བཅུ་བཞུགས། །དེ་དག་མཆོག་གི་ཚེ་ཡི་རིག་འཛིན་ལགས། །ཕྱི་རོལ་མུ་སྟེགས་པ་ཡི་དྲང་སྲོང་ཞིག །དབང་ཕྱུག་བསྒྲུབས་པས་ཚེ་ལོ་སྟོང་ཐུབ་རྒྱུ། །དངོས་གྲུབ་འཁོར་བས་ལྔ་བརྒྱ་འགྲིབ་ཅེས་གྲགས། །བྱ་རི་ཀ་པས་དངུལ་ཆུའི་བཅུད་མིན་གྱིས། །

(༦༤༠)བྱམས་པ་མ་བྱོན་བར་དུ་མི་འཆི་སྐད། །པཎྜི་ཏ་པ་བཻ་རོ་ཙ་ན་ཡིས། །དངུལ་ཆུའི་བཅུད་ལེན་ནུས་པས་སུམ་བརྒྱ་ཙམ། །ཐུབ་སྟེང་བོད་ཀྱི་ཡུལ་དུ་འདས་པར་སྣང་། །དེ་དག་ཐུན་མོང་ཚེ་ཡི་རིག་འཛིན་ལགས། །དེ་དག་འཆི་བ་མེད་པའི་ཁོང་དུ་གཏོགས། །ཚེ་འདི་ཉིད་ལ་སངས་རྒྱས་ས་ཐོབ་ནས། །སྐུ་གདུང་མ་བཞག་ནམ་མཁར་འཇའ་ལྟར་ཡལ། །དགོངས་པ་སངས་རྒྱས་ཀུན་མཉམ་དབྱེར་མེད་པ། །རྒྱ་གར་ཡུལ་དུ་དགའ་རབ་ཤྲཱི་སིང་དང་། །བོད་དུ་ཨ་རོ་ཅོག་རོ་བསྒོམ་ཆུང་བཞིན། །དེ་ལ་ལྷག་མེད་མངོན་པར་སངས་རྒྱས་ཟེར། །དེ་དོན་རྫོགས་ཆེན་ལོ་རྒྱུས་རྣམས་སུ་གསལ། །མ་དག་འབྱུང་ལྔའི་ཁམས་ལྔ་འོད་དུ་ཞུ། །དག་པ་ཡེ་ཤེས་འོད་ལྔའི་རང་བཞིན་གྱུར། །དེ་ཀུན་ལྟེ་བའི་ཐད་དུ་ཐིམ་པ་དང་། །ལྟེ་བའི་རྩ་འདབ་ཕག་མོའི་དཀྱིལ་འཁོར་གྱུར། །དེ་ཉིད་དབུས་ཀྱི་ཧྲཱིཿའམ། །ཡོན་ཏན་འབྱུང་གནས། པཾ་ལ་ཐིམ། །དེ་ནས་དངོས་མེད་སྟོང་པ་ཉིད་དུ་གྱུར། །ཞིང་ཁམས་གཞན་དུའང་གཤེགས་པ་མ་ཡིན་ཏེ། །ནམ་མཁའ་བཞིན་དུ་གར་བཞུགས་ངེས་པ་མེད། །

(༦༤༡)ལས་ཅན་རྣམས་ལ་ནམ་མཁའ་འཇའ་ཤར་བཞིན། །སྐུ་དངོས་སྟོན་ཅིང་དམ་ཆོས་སྟོན་པར་བྱེད། །མ་རྒྱུད་ལུགས་ཀྱི་འཇའ་ལུས་མཁའ་སྤྱོད་ཡིན། །དེ་དོན་མ་གཅིག་ལབ་སྒྲོན་གསུང་ལས་གསལ། །ཡི་དམ་ལྷ་བསྒྲུབས་ཕྱག་རྫོགས་བསྒོམས་པའི་མཐུས། །ཟག་བཅས་ཤ་ཁྲག་རུས་པའི་ཕུང་པོ་འདི། །ཟག་མེད་འཇའ་ལུས་སྒྲིབ་པ་མེད་པར་གྱུར། །ལུས་ཀྱི་རྫུ་འཕྲུལ་ཅི་ཡང་སྟོན་ནུས་ཏེ། །མ་འདས་སྔར་དུས་སྐུ་ལུས་འདྲ་བར་ཡོད། །བདེ་བ་ཅན་སོགས་ཞིང་ཁམས་བྱོན་ནས་བཞུགས། །རས་ཆུང་པ་དང་རྗེ་བཙུན་རྩེ་མོ་དང་། །དོམ་པ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་བཞིན། །ཕ་རྒྱུད་ལུགས་ཀྱི་འཇའ་ལུས་མཁའ་སྤྱོད་ལགས། །རྩ་རླུང་སྒྱུ་ལུས་རྟོགས་པ་མཐར་ཕྱིན་ནས། །བརྟུལ་ཞུགས་སྤྱོད་པས་དུར་ཁྲོད་གནས་ཆེན་འགྲིམ། །དེ་ཚེ་དག་སྣང་མཁའ་འགྲོའི་ཚོགས་གྲལ་ཕྱིན། །ཚོགས་རྫས་བདུད་རྩི་དེ་ཉིད་ཟོས་མ་ཐག །གདོས་བཅས་ཤ་ཁྲག་ལུས་དེ་གནས་འགྱུར་ནས། །དངོས་མེད་འཇའ་ལུས་འཆི་བ་མེད་པར་

(༦༤༢)འགྱུར། །དངོས་སུ་བྱོན་ཀྱང་ཐ་མལ་པས་མི་མཐོང་། །དཔེར་ན་རྒྱ་གར་གྲུབ་ཆེན་ཕལ་ཆེར་དང་། །བོད་དུ་ཐང་སྟོང་རྒྱལ་པོ་ལྟ་བུ་ཡིན། །དེ་དག་འཇའ་ལུས་མཁའ་སྤྱོད་གྲངས་སུ་འགྲོ། །སྤྱོད་པར་གཤེགས་ཞེས་བྱ་བའང་དེ་ལགས་སོ། །དེ་དག་འཆི་བ་མེད་པའི་སྡེ་ཚན་ནོ། །འཆི་བ་མེད་ཀྱང་འཆི་ཚུལ་སྟོན་པ་ནི། །སེམས་ནི་རྫོགས་པའི་སངས་རྒྱས་ཐོབ་ཚར་བས། །རང་གི་སྣང་ངོར་འཆི་བ་མེད་ན་ཡང་། །མ་དག་པ་ཡི་འདས་ཤིང་གདུང་བཞུས་མཐོང་། །དེ་ཚེ་ཉིད་ནའང་ལས་འཕྲོ་དག་པ་རྣམས། །དངོས་སུ་བྱོན་ནས་ཆོས་བཤད་དབང་བསྐུར་མཐོང་། །ལ་ལས་སེང་གེ་རྟ་མཆོག་སོགས་ཆིབས་ནས། །མཁའ་འགྲོས་གདན་དྲངས་ཞིང་ཁམས་གཤེགས་པར་མཐོང་། །དོན་ལ་འཆི་བ་མེད་ཀྱང་འཆི་ཚུལ་བསྟན། །དག་དང་མ་དག་མཐོང་ཚུལ་སོ་སོར་སྣང་། །དེ་དོན་ནཱ་རོ་མི་ལའི་རྣམ་ཐར་དང་། །གྲུབ་ཆེན་པཀྵིའི་གསུང་སོགས་རྣམ་ཐར་གསལ། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་ཚར་ཏེ། །ཐུགས་ནི་སངས་རྒྱས་ཀུན་དང་དགོང་པ་མཉམ། །

(༦༤༣)སྒོམ་མེད་ཆེན་པོའི་རྟོགས་པ་མངོན་གྱུར་པ། །དེ་འདྲ་ཐུགས་དམ་ཞུགས་པ་མ་ཡིན་ཏེ། །ཐུགས་དམ་བཟུང་རྒྱུ་སྒྲིབ་པ་སྦྱང་རྒྱུ་དང་། །བསྒོམ་བྱ་སྒོམ་བྱེད་བསྒོམ་པ་ཅི་ཡང་མེད། །དཔེར་ན་ཡབ་སྲས་ཐུགས་མི་བཞུགས་བཞི་ན། །འགྲོ་བའི་དོན་ཕྱིར་སྐུ་གདུང་རིང་བསྲེལ་བཞག །ཕུང་པོ་ལྷག་བཅས་རྫོགས་སངས་རྒྱས་པ་ཟེར། །ཚེ་འདིར་སྒོམ་མེད་ཆེན་པོ་མ་རྟོགས་ཤིང་། །སྒོམ་མེད་འབྲིང་མན་རོ་གཅིག་ཆེན་པོ་ཡན། །རྟོགས་པ་ཉིན་མཚན་འཁོར་ལུག་ཡོད་པ་དེ། །བཅོ་ལྔ་ནུབ་མོར་མུན་པ་མེད་པ་བཞིན། །དབུགས་ནི་མ་སོང་བར་དུ་ཉམས་ལེན་དང་། །དབུགས་ཆད་ནག་ལམ་ཡལ་ནས་འོད་གསལ་དང་། །ཞག་གསུམ་ཡན་ཆད་ཐུགས་དམ་བཞུགས་པ་དེས། །རྟོགས་པའི་ན་འཕར་སྒོམ་མེད་ཆེན་པོར་ཕྱིན། །འཆི་བ་ཆོས་སྐུར་རྫོགས་སངས་རྒྱས་ཞེས་བྱ། །དེ་ལ་བར་དོ་འཆར་བར་མི་འགྱུར་ཏེ། །སངས་རྒྱས་ཀུན་དང་དབྱེར་མེད་རོ་གཅིག་འགྱུར། །རྫོགས་ཆེན་སྒོམས་པས་རིག་པ་ཚད་

(༦༤༤)ཕེབས་ནས། །ཉིན་མཚན་མེད་པར་རྟག་ཏུ་འཇའ་འོད་དང་། །ཐིག་ལེ་ལྷ་སྐུ་ཁྲ་ཆེམ་མཐོང་བའི་མི། །ཕྱི་དབུགས་ཆད་པར་གྱུར་པ་དེ་ཡི་ཚེ། །འོག་མིན་གནས་ནས་རྡོར་སེམས་ཐུགས་ཀ་ནས། །འོད་ཀྱི་བུ་གུ་མིག་གི་དཀྱིལ་དུ་ཟུག །དེ་ཡི་རྒྱུད་ལ་རྣམ་ཤེས་ཡར་དྲངས་ནས། །རྡོར་སེམས་ཐུགས་ཀར་ཐིམ་པས་དབྱེར་མེད་འདྲེས། །དེ་ལ་བར་དོ་ཡོད་པ་མ་ཡིན་ཏེ། །རྟགས་མཚན་འཇའ་འོད་དཔག་མེད་འབྱུང་བར་བཤད། །གལ་ཏེ་རྣལ་འབྱོར་རྟོགས་པར་ལྡན་པ་ཡིས། །འཆི་རྟགས་ཚང་ནས་འཕོ་བ་དྲག་ཏུ་སྦྱངས། །བུམ་ཆེན་རླུང་ལ་ནུས་པ་ཐོན་པ་དེས། །ཤི་ནད་མ་ཕོག་གོང་དུ་འཕོ་བྱས་ན། །བདེ་བ་ཅན་སོགས་དག་པའི་ཞིང་དུ་སྐྱེ། །དེ་ལ་བར་དོ་ཡོད་པ་མ་ཡིན་ནོ། །རྟགས་ནི་འཇའ་འོད་སྐུ་གཟུགས་འབྱུང་བར་བཤད། །རོ་གཅིག་འབྲིང་དང་ཆུང་ངུའི་གང་ཟག་རྣམས། །བདུན་གཅིག་བདུན་གཉིས་ཐུགས་དམ་བཞུགས་པ་ལ། །རྟོགས་པ་ན་འཕར་སྒོམ་མེད་ཆུང་འབྲིང་འགྱུར། །བར་དོ་འཆར་སྟེ་ལྷ་སྐུ་མི་འཆར་

(༦༤༥)ཞིང་། །རང་ཉིད་གང་འདོད་སྐྱེ་བ་ལེན་པས་ཆོག །སྤྲོས་བྲལ་འབྲིང་དང་ཆུང་ངུའི་གང་ཟག་རྣམས། །ཐུགས་དམ་འདུག་དང་མི་འདུག་རང་དབང་ཆེ། །འོན་ཀྱང་རིག་པ་གསལ་རིག་དྭངས་དྲག་པས། །ཐུགས་དམ་འགྲོགས་པར་ཡང་ན་སླ་བ་ཡིན། །དེ་ཡན་ཐུགས་དམ་བསྐུལ་མ་མི་དགོས་ཏེ། །གོམས་ཆ་ཆེ་བས་ཤུགས་ཀྱིས་ཟིན་པར་འགྱུར། །བདུན་གསུམ་ཡན་ཆད་དགུང་བཞག་མ་ཚང་བར། །བཞུགས་ན་རྟོགས་པ་རོ་གཅིག་ཆུང་འབྲིང་འཕར། །འདི་དག་བདག་གི་འདྲེན་མཆོག་བླ་མ་རྗེ། །ཚེར་ལུང་ཀུན་དགའ་རྣམ་རྒྱལ་དེ་ཡིས་བཞེད། །སྤྲོས་བྲལ་ཆུང་འབྲིང་ཆེན་པོའི་རྣལ་འབྱོར་པ། །མཚམས་སྦྱོར་མ་ཞན་གནད་གཅོད་ཆུང་པ་ན། །ཅི་བྱེད་རང་དབང་ཆེ་བ་འདྲ་ཞིག་འབྱུང་། །ཤི་ནས་གཞི་ཡི་འོད་གསལ་ཤར་བའི་ཚེ། །བདུན་ཕྲག་གཅིག་ཏུ་དེ་ཡི་ངང་ལ་གནས། །དེ་ནི་འཆི་བ་ཆོས་སྐུར་སྦྱོང་བ་ཡིན། །དེ་ཚེ་ཚངས་པའི་ལམ་ནས་འཕོ་བྱ་བས། །དེ་ནས་ལུས་སེམས་བྲལ་བར་གྱུར་མ་ཐག །བར་དོ་ངོ་ཤེས་ཡི་

(༦༤༦)དམ་བསྐྱེད་རིམ་བསྒོམ། །འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད་པ་དང་། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱོང་བ་སོགས། །ད་ལྟ་སྒྲུབ་དུས་དམིགས་པ་ཐམས་ཅད་བསྒོམ། །བར་དོའི་ཡིད་ལུས་དེ་ཉིད་གནས་འབྱུར་ནས། །ཡི་དམ་ལྷ་ཡི་སྐུ་རུ་དངོས་སུ་འགྱུར། །དེ་ནི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྟེ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པ་ཡིན། །ཐུགས་རྗེ་བྱིན་རླབས་ཡིད་དམ་དངོས་དང་མཉམ། །ཞག་བདུན་བར་དུ་དེ་ལྟར་བསྒོམ་པ་ནི། །བར་དོ་ལོངས་སྐུར་སྦྱངས་པ་ཞེས་བྱའོ། །དེ་ནས་རང་ཉིད་ཡི་དམ་ལྷར་གསལ་བའི། །ཡབ་ཡུམ་ཞལ་སྦྱོར་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་བསྡུས་ནས་ཡབ་ཡུམ་ཞལ་དུ་ཞུགས། །བྱང་སེམས་ངོ་བོར་ཞུ་ནས་རྡོ་རྗེའི་ལམ། །ཡུམ་གྱི་པདྨར་ཕབ་པ་ཞེས་པ་དེ། །ཨོཾ་ཡིག་དཀར་པོའི་རྣམ་པར་གྱུར་པ་ལ། །སངས་རྒྱས་བྱང་སེམས་སྐུ་ཡི་ནུས་པ་བསྟིམ། །དེ་དུས་རང་ལ་མངོན་ཤེས་སྤྱན་ལྡན་པས། །སྐུ་ཡིས་གདུལ་བའི་གདུལ་བྱ་གང་ཡོད་

(༦༤༧)པར། །རིགས་ལྡན་ཞིག་གི་མངལ་དུ་ཨོཾ་ཡིག་འཕང་། །དེ་ལ་སྐུ་ཡི་སྤྲུལ་པའི་སྤྲུལ་སྐུ་བྱོན། །སྐུ་ལུས་མཛེས་ཤིང་ཡིད་འོང་དང་བ་འདྲེན། །དེ་ཉིད་མཐོང་ཐོས་རེག་ཚད་འདྲེན་པར་ནུས། །དེ་བཞིན་གསུང་གི་བྱིན་རླབས་བསྡུས་པ་ཡི། །ཨཱཿསྤྲོས་འཕངས་པས་གསུང་གི་སྤྲུལ་པ་འབྱོན། །གསུང་བཟང་དབྱངས་སྙན་སྡེ་སྣོད་བཤད་ལ་མཁས། །དེ་ཡིས་ཐོས་བསམ་བཤད་གྲྭའི་བསྟན་ལ་ཕན། །དེ་བཞིན་ཧཱུྃ་ཡིག་སྤྲོས་འཕངས་ཐུགས་སྤྲུལ་འབྱུང་། །ཐུགས་གཏུམ་ཉམས་དང་རྟོགས་པ་ཤིན་ཏུ་མཐོ། །ཉམས་ལེན་སྒྲུབ་པའི་བསྟན་ལ་ཕན་པར་འགྱུར། །དེ་བཞིན་ཡོན་ཏན་ཀུན་བསྡུས་སྭཱ་ཡིག་སྤྲོས། །ཡོན་ཏན་སྤྲུལ་སྐུ་རིག་གནས་ཀུན་ལ་མཁས། །གདུལ་བྱ་ལོངས་སྤྱོད་ཀྱང་ནི་རྒྱས་པར་འགྱུར། །ཕྲིན་ལས་བྱིན་རླབས་བསྡུས་ལ་ཧཱ་ལྗང་སྤྲོས། །ཕྲིན་ལས་སྤྲུལ་སྐུ་མཐུ་རྩལ་ནུས་པ་ཆེ། །འགྲོ་དོན་ཕྲིན་ལས་རླབས་ཆེན་འགྲུབ་པར་འགྱུར། །སྤྲུལ་གཞི་དངོས་ནི་ཡི་དམ་ལྷར་ཐིམ་ནས། །གུད་དུ་མེད་དེ་

(༦༤༨)དབྱེར་མེད་རོ་གཅིག་གམ། །རིགས་འདུས་སྤྲུལ་སྐུ་དག་པའི་ཞིང་དུ་འབྱོན། །དེ་ལྟར་ཞག་བདུན་བསྒོམས་ཤིང་སྤྲུལ་སྐུ་སྤྲོ། །ཤིན་ཏུ་རྒྱས་པ་སྤྲུལ་སྐུ་ལྔ་པོ་ལས། །ཡང་སྤྲུལ་ལྔ་རེ་གསུམ་སྤྲུལ་དཔག་མེད་འགྱེད། །དེ་ནི་ས་ཐོབ་སེམས་དཔའི་སྤྱོད་ཡུལ་ལགས། །ས་ཐོབ་མིན་ན་སྤྲུལ་པ་འགྱེད་མི་ནུས། །དེ་ནས་ཡི་དམ་བསྐྱེད་རིམ་བསྡུས་བྱས་ལ། །རེ་ཞིག་སྟོང་པ་ཉིད་དུ་ཡུད་ཙམ་གནས། །དེ་ནས་ས་བོན་འམ་ནི་ཕྱག་མཚན་ནམ། །ཡི་དམ་གཙོ་རྐྱང་སྐུ་རུ་སྤྲུལ་བྱས་ཏེ། །དག་པའི་ཞིང་དུ་སྐར་མདའ་འཕངས་བཞིན་འགྲོ། །ཞིང་དེར་པདྨའི་སྦུབས་ལས་བརྫུས་ཏེ་སྐྱེས། །ས་ཐོབ་སླར་ཡང་སྤྲུལ་པས་འགྲོ་དོན་བྱེད། །ཞིང་ཁམས་མི་བགྲོད་སྐྱེ་བ་ལེན་པ་ནི། །གང་ཡིན་མི་སྐྱེ་མངལ་ནི་འདམ་བྱ་སྟེ། །རིགས་བརྒྱུད་གདུང་བརྒྱུད་བཟང་པོར་བསམས་བཞིན་འཁྲུངས། །ལས་ཅན་སྐྱེ་བུ་དེ་འདྲ་མ་གཏོགས་པ། །བླ་མ་གོང་མའི་ཐུགས་བསྐྱེད་སྨོན་ལམ་དང་། །བཀའ་སྲུང་ཆོས་སྐྱོང་རྣམས་ལ་གཉེར་གཏད་པས། །ཕལ་པ་གདུང་བརྒྱུད་

(༦༤༩)བཟང་པོར་ཉེ་མི་ནུས། །གལ་ཏེ་སྐྱེས་ཀྱང་བཀའ་སྲུང་དེ་ཡིས་བསྒྲལ། །གདུང་བརྒྱུད་ངོ་མཚར་ཆེ་དོན་དེ་ལྟར་ལགས། །སྙིང་རྗེ་ཆེ་ཞིང་སེམས་དཔའ་མཐུ་ཆེན་རྣམས། །ཕ་མ་སྡིག་ཅན་འམ་ནི་དབུལ་ཕོངས་ལ། །སྙིང་རྗེའི་དབང་གིས་སྐྱོབ་ཕྱིར་སྐྱེ་བ་ལེན། །རྒྱལ་བ་མཆོག་སོགས་སྤྲང་པོ་སྐྱེ་དོན་དེ། །ཕ་མ་མ་རུངས་ལས་ངན་བདུད་འདྲེའི་རིགས། །དེ་འདྲེའི་ཁ་ནོན་ཕྱིར་དུ་འཁྲུངས་པའང་ཡོད། །ཕ་མ་སྦས་ཚུལ་དཔའ་བོ་མཁའ་འགྲོའི་རིགས། །རིགས་མཐུན་ཕྱིར་ན་དེ་འདྲར་སྐྱེ་བའང་ཡོད། །ཕ་མ་སྔགས་འཆང་རྩ་རླུང་དབང་ཐོབ་པས། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་ཕྱིར་སྐྱེ། །བསམས་བཞིན་སྐྱེ་བ་བཞེས་པ་དེ་ལགས་སོ། །བར་དོའི་སྐབས་སུ་ཕ་མ་དེ་མཐོང་ཚེ། །འགྲོ་དོན་རྒྱ་ཆེན་བསྐྱེད་པའི་སེམས་བསྐྱེད་ཀྱིས། །ཕ་མ་གཉིས་པོ་ཡི་དམ་ཡབ་ཡུམ་བསྒོམ། །མ་ཡི་མངལ་དེ་རིན་ཆེན་གཞལ་ཡས་དབུས། །བྱང་སེམས་དཀར་དམར་ཉི་མ་ཟླ་བའི་གདན། །གསང་དབང་ཞུ་བའི་འདུན་པས་མངལ་

(༦༥༠)དུ་ཞུགས། །རང་གི་རྣམ་ཤེས་ཡི་དམ་ས་བོན་བསྒོམ། །དེ་ལས་འོད་འཕྲོས་རྒྱལ་ཀུན་བྱིན་རླབས་བསྡུས། །ཚུར་འདུས་བདག་ཐིམ་རྡོ་རྗེ་རྩེ་ལྔར་གྱུར། །དེ་ལས་རང་ཉིད་ལྷ་ཡི་སྐུར་བསྒོམ་སྟེ། །བསྟན་པའི་བདག་པོ་འདོད་ན་ཤཱཀྱ་ཐུབ། །དགེ་བཤེས་མཁས་པ་འདོད་ན་འཇམ་པའི་དབྱངས། །འགྲོ་དོན་རྒྱ་ཆེན་འདོད་ན་སྤྱན་རས་གཟིགས། །མཐུ་དང་སྟོབས་ཤུགས་ཆེ་འདོད་གསང་བའི་བདག །མངོན་ཤེས་རྫུལ་འཕྲུལ་ཆེ་འདོད་པདྨ་འབྱུང་། །དེ་ལྟར་བསྒོམས་པའི་གནས་གསུམ་ཡིག་འབྲུ་གསུམ། །བྱིན་རླབས་ལུས་ངག་ཡིད་གསུམ་སྲུང་བར་བསམ། །གཞལ་ཡས་སྒོ་བཅད་རྟ་མགྲིན་གཅིག་གིས་སྲུང་། །དང་པོ་དེ་ལྟར་བསྒོམ་པར་བྱས་མོད་ཀྱི། །དེ་ནས་ཉམས་ལེན་ངང་ལ་བཞག་བྱས་པས། །ལུས་ནི་མ་རྫོགས་བར་དུ་མི་དྲན་ནོ། །ལུས་རྫོགས་སེམས་དཔའ་ཆེན་པོ་འགའ་རེས་དྲན། །གསུང་བསྒྲགས་ཡིག་དྲུག་ལ་སོགས་འདོན་པ་ལགས། །འཁྲུངས་ཚེ་ཉིད་ནས་དྲན་པར་མ་གསུངས་ཏེ། །འཁྲུངས་ནས་ལངས་གོགས་བསྲེ་དུས་བར་དུ་དྲན། །དེ་ནས་

(༦༥༡)བརྡབ་ལོག་རེ་ཕོག་བརྗེད་ཅེས་གྲགས། །སྟོབས་ཆེན་ཡིན་ན་མི་བརྗེད་སྨྲ་བ་ཡིན། །དེ་ཡང་ས་ལམ་མཐོ་བས་དྲན་པ་དང་། །སྨོན་ལམ་སྟོབས་ཀྱིས་དྲན་པ་གཉིས་སུ་ཡོད། །ཕལ་ཆེར་ཆུང་ཚེ་དྲན་ཅིང་སྨྲ་བ་ལ། །ཆེ་ནས་མི་དྲན་གྲིབ་ཀྱིས་ཕོག་པའོ། །ཆུང་ཚེ་རྟགས་མེད་ཅི་ཡང་མི་དྲན་པ། །ཕྱིས་ནས་མཚམས་སྒྲུབ་བྱས་པས་མང་དུ་དྲན། །དེ་ནི་མངལ་གྱི་དྲི་མ་སངས་པ་ཡིན། །ཚེ་སྔོན་མཁས་གྲུབ་བཟང་པོ་ཡིན་ན་ཡང་། །ཕ་མའི་ཁུ་ཁྲག་མི་གཙང་རྫས་དེས་སྒྲིབས། །རེ་ཞིག་ཉམས་རྟོགས་ཡོན་ཏན་ཀུན་མེད་ཀྱང་། །ཕྱིས་ནས་བརྡའ་སྟོན་ཙམ་གྱིས་ཆོག་པ་ལགས། །དེང་སང་སྐུ་སྐྱེ་ཞེས་བྱར་ཡོངས་སུ་གྲགས། །རྩེ་གཅིག་འབྲིང་དང་ཆེན་པོའི་རྣལ་འབྱོར་པ། །འཆི་རྐྱེན་བཟང་ཞིང་གནད་གཅོད་ཆུང་བ་དང་། །ཐུགས་དམ་བསྐུལ་མི་ཡོད་ན་ཟིན་མོད་ཀྱི། །དེ་ལ་གོལ་ས་མང་པོ་ཡོད་པའི་ཚུལ། །སྦྱོར་དྲུག་ལུགས་ཀྱི་ངོ་སྤྲོད་འགའ་ནས་གསལ། །རྩེ་གཅིག་ཉམས་ཡིན་རྟོགས་པ་མ་ཐོབ་ཕྱིར། །བདེ་གསལ་ཉམས་

(༦༥༢)ལ་ཆགས་ཞེན་ཆེ་ན་ནི། །ཐུགས་དམ་གསལ་ཞིང་ཤིན་ཏུ་བརྟན་ན་ཡང་། །འདོད་ཁམས་གཟུགས་ཁམས་གནས་སུ་སྐྱེ་བར་ངེས། །སྟོང་ཉམས་འཛིན་པ་ཞུགས་པའི་ཐུགས་དམ་དེས། །གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་འགྱུར་ཏེ། །མི་ཁོམས་གནས་ཏེ་ཚེ་རིང་ལྷ་ཡིན་ནོ། །དེ་ལ་ཐོས་གྲོལ་དབུ་ནས་བཤད་པ་ལྟར། །རྣ་བར་ཁ་གཏད་ངོ་སྤྲོད་ཡང་ཡང་བྱ། །དེ་ཡིས་ཉམས་ཀྱི་ཞེན་པ་དེ་དག་ནས། །སྤྲོས་བྲལ་རྟོགས་པའི་ངོ་བོ་མཐོང་བར་འགྱུར། །རྩེ་གཅིག་ཆུང་ངུས་ཐུགས་དམ་མི་ཟིན་གསུངས། །འོན་ཀྱང་བསྐྱེད་རིམ་ལྷ་ཡི་ང་རྒྱལ་ནི། །བརྟན་པོ་ཡོད་ན་ཟིན་ཅིང་ཡུན་རིང་བརྟན། །གསལ་སྟོང་མིན་པའི་ཐེར་ཟུག་བསྐྱེད་རིམ་ལ། །གོལ་ས་བརྒྱ་ཕྲག་ཡོད་པར་རྒྱུད་ལས་གསུངས། །ཞི་བ་བསྒོམས་པས་འདོད་ཁམས་གཟུགས་ཁམས་ལྷ། །ཁྲོ་བོ་བསྒོམས་པས་བདུད་དང་སྲིན་པོར་སྐྱེ། །མགོ་བརྙན་བསྒོམས་པས་ཤ་ཟ་ཕྲ་མེན་མ། །ཧཱུཾ་ཡིག་དངོས་པོར་གྲུབ་ལ་སེམས་གཏད་པས། །དེ་ནི་སྦྲུལ་གྱི་ལུས་སུ་སྐྱེ་བར་གསུངས། །དམ་ཚིག་

(༦༥༣)ཉམས་ཞིང་ཁྲོ་བོའི་སྐུར་གསལ་བས། །ལྷ་དེའི་གཟུགས་ཅན་འདྲེ་ཡི་ལུས་སུ་སྐྱེ། །དེ་འདྲ་བྱུང་ཚུལ་ལོ་རྒྱུས་དཔག་ཏུ་མེད། །དེ་འདྲ་ཐུགས་དམ་བརྟན་པའི་རིགས་བྱུང་ན། །ཁོ་རང་ཡི་དམ་གང་ཡིན་མངོན་རྟོགས་བཀླག །དེ་ཡང་གདོས་བཅས་ཐར་ཟུགས་མ་སྒོམས་ཤིག །སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟར་སྒོམས་ཞེས། །ཡང་ཡང་གསལ་གདབས་གེགས་དེ་སེལ་བ་ཡིན། །ཞི་གནས་འཐོམ་བ་འཐུག་པོ་སྐྱེས་པ་ཡང་། །ཐུགས་དམ་གྲངས་སུ་འགྲོ་བ་མ་ཡིན་ཏེ། །ཞག་བདུན་ཕུང་པོར་གནས་པ་ཡོད་པར་གསུངས། །དེ་ལ་གནས་པའི་ངོ་བོ་ལྟོས་ཤིག་དང་། །སྟོང་གསལ་ཅི་ཡང་མེད་པ་ཡིན་ནོ་ཞེས། །ངོ་སྤྲོད་གང་ཕན་ཅུང་ཞིག་ཕན་ནམ་སྙམ། །དེ་དག་ཆོས་སྒོར་ཞུགས་པ་རྣམས་ཡིན་ཏེ། །ཐ་མལ་པ་ལ་ངོ་སྤྲོད་གདབ་རྒྱུ་མེད། །སངས་རྒྱས་མཚན་བསྒྲགས་འཕོ་བའི་དམིགས་པ་གཟབ། །སྔས་འགོར་འཕོ་འདེབས་ལན་གཅིག་ཡིན་མོད་ཀྱང་། །རྐེ་རྩིས་ཆད་ནས་ཞག་བདུན་ཞག་གསུམ་བར། །ཐུན་བཞིར་དམིགས་པས་ལན་གྲངས་བརྒྱ་

(༦༥༤)ཙམ་སྤར། །ཚེ་འདས་སྐྱིད་སྡུག་དེ་ལ་རེ་བའི་ཕྱིར། །སྔས་མགོའི་གྱེར་དབྱངས་ཙམ་གྱིས་ཆོག་མི་འཛིན། །ཞག་སྐོར་འཕོ་བའི་སྒྲུབ་པ་འདྲ་བ་བྱ། །ཆོ་ག་ཆོས་སྤྱོད་གཞན་ལས་དེ་གལ་ཆེ། །དམིགས་པ་མ་གཏོགས་གསོལ་འདེབས་མི་དགོས་སོ། །དེ་ནས་ལུས་སེམས་བྲལ་བར་གྱུར་པ་ནས། །ཕྱིར་ལྡོག་ལ་སོགས་སྒྲིབ་སྦྱོང་གང་འགྲུབ་དང་། །དགུང་ཞག་བར་དུ་ཐོས་གྲོལ་ངོས་སྤྲོད་བྱ། །ཁྱད་པར་བདུན་ཕྲག་གསུམ་པ་བཞི་པའི་སྐབས། །ཕལ་ཆེར་སྐྱེ་བ་ལེན་པའི་དུས་ཡིན་པས། །དག་པའི་ཞིང་དུ་ལམ་སྟོན་ཡང་ཡང་བྱ། །ཆགས་ཞེན་སྤང་ཕྱིར་འཁོར་བའི་ཉེས་དམིགས་བཤད། །ཏིང་འཛིན་གསལ་བས་རྣམ་ཤེས་ཞིང་དེར་འཕང་། །འཕེན་ཚུལ་དམིགས་པ་གུད་དུ་གསལ་བ་ལྟར། །དེ་སྐོར་ཞག་པར་ཐུན་བཞིར་རྩེ་གཅིག་སྒོམ། །འདོད་པའི་དབང་གིས་བསྒོམས་ཀྱང་མི་ཕན་པས། །བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་གསལ་བའི་ངང་། །བྱམས་དང་སྙིང་རྗེ་དྲག་པོའི་ངང་ནས་བསྒོམ། །ཧ་ཅང་སྡིག་སྟོབས་ཆེན་པོ་མ་ཡིན་ན། །དེ་ཡིས་ཚེ་འདས་ངེས་པར་དྲངས་

(༦༥༥)བར་འགྱུར། །ཚེ་འདིར་མཚམས་མེད་བྱས་པའི་སྡིག་ཅན་ནི། །ཕྱི་དབུགས་ཆད་སྐབས་འཕོ་བ་ཐེབ་ན་དྲོངས། །དེ་ཡང་དག་པའི་ཞིང་དུ་མི་སྐྱེ་སྟེ། །ལྷ་ལུས་མི་ལུས་གཙང་མ་ཞིག་ཏུ་སྐྱེ། །གལ་ཏེ་འཕོ་བས་ཐེབ་པར་མ་གྱུར་ན། །གཤང་བའི་ལམ་ནས་རྣམ་ཤེས་ཐོན་མ་ཐག །ཆུ་ནང་རྡོ་འཕངས་བཞིན་དུ་དམྱལ་བར་འགྲོ། །དེ་ལ་བར་དོ་ཡོད་པ་མ་ཡིན་ཏེ། །དེ་ནི་མར་གྱི་ཟང་ཐལ་ཞེས་སུ་གྲགས། །དེ་དག་མ་གཏོགས་ཐམས་ཅད་བར་དོར་བགྲོད། །ངོ་སྤྲོད་སོ་སོར་བྱས་པས་གྲོལ་བ་མང་། །གྲོལ་ན་གཤིན་རྗེའི་ཁྲིམས་ར་འགྲིམས་མི་དགོས། །མ་གྲོལ་གཤིན་རྗེས་དགེ་སྡིག་གཤགས་རལ་བྱས། །གར་སྐྱེ་ལུང་སྟོན་དེ་ཡི་ཚེ་ཚད་ཀྱང་། །གཤིན་རྗེའི་ཁྲོམ་ཡིག་བྲི་ནས་གཏོང་བ་ཡིན། །དགེ་སྡིག་ཅི་ཡང་མ་བྱས་བཏང་སྙོམས་པ། །གར་ཡང་མི་སྐྱེ་ལུས་ནི་མི་ལེན་པར། །རྣམ་ཤེས་འཁྱམས་པོ་གྲངས་མེད་བསམ་ལས་འདས། །གཟུགས་མེད་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས། །དེ་དང་འདྲ་ལ་ཁད་ཀྱང་མི་འདྲ་སྟེ། །

(༦༥༦)དྲན་པ་མེད་པར་རྣམ་ཤེས་རྒྱུན་ཙམ་ཞིག །བསྐལ་བ་བརྒྱད་ཁྲིའི་བར་དུ་ལུས་མི་ལེན། །དེ་ནས་ལུས་བླངས་སླར་ཡང་འཁོར་བར་ཁྱམས། །དེ་དག་ཐམས་ཅད་འཁོར་བའི་སེམས་ཅན་ཡིན། །ཐར་པ་མྱ་ངན་འདས་པ་ཞེས་བྱ་བ། །ཉན་ཐོས་དགྲ་བཅོམ་རང་རྒྱལ་དགྲ་བཅོམ་གཉིས། །ཚེ་འདིར་ཉོན་མོངས་ཐམས་ཅད་རྩད་ནས་བཅོམ། །གཏན་ནས་སྐྱེ་རྒྱུ་མེད་པས་དགྲ་བཅོམ་ཟེར། །དེ་ཉིད་སྐུ་ཚེའི་འདུ་བྱེད་གཏོང་བའི་ཚེ། །ནམ་མཁའི་དབྱིངས་སུ་འཕགས་ནས་སྐུ་ལུས་ལས། །མེ་དང་ཆུ་ཡི་རྒྱུན་བབས་རྫུ་འཕྲུལ་སྟོན། །ཐུགས་ལས་མེ་འབར་སྐུ་ལུས་ཕུང་པོ་བསྲེགས། །རིང་བསྲེལ་ཆར་བབས་ལྷུང་བཟེད་ཆོས་གོས་ལྟུང་། །སེམས་ནི་སྟོང་ཉིད་ངང་ལ་བཞུགས་པ་ལས། །བསྐལ་པ་བརྒྱད་ཁྲིའི་བར་དུ་ལུས་མི་ལེན། །དེ་ནས་སངས་རྒྱས་འོད་ཟེར་ཕོག་པ་ཡིས། །དྲན་པ་རྙེད་ནས་བྱང་ཆུབ་སེམས་བསྐྱེད་ནས། །རིམ་གྱིས་བླ་མེད་བྱང་ཆུབ་སྒྲུབ་པར་གསུངས། །ཐར་པ་ཞེས་བྱ་དགྲ་བཅོམ་ཞེས་བྱ་ཡིན། །སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་པ་སྟེ། །

(༦༥༧)གཟུགས་དང་ཁ་དོག་དངོས་པོ་མེད་ན་ཡང་། །འགྲོ་བའི་ཚོགས་བསགས་དོན་དུ་གཟུགས་སྤྲུལ་པ། །ཀུན་བཟང་རྡོ་རྗེ་འཆང་དང་ཡུམ་ཆེན་མོ། །སངས་རྒྱས་ཐམས་ཅད་ལོངས་སྐུ་ལྔ་ཡིན་ཏེ། །ཕུང་ལྔ་རྣམ་དག་རྒྱལ་བ་རིགས་ལྔའོ། །རང་རེ་སེམས་ཅན་རྒྱུད་ཀྱི་ཡེ་ཤེས་ནི། །བུམ་པའི་ནང་གི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ཆུང་ངུ་གཅིག་ལས་ཡོད་པ་མིན། །བུམ་པ་ཆག་ཚེ་ཕྱི་ཡི་ནམ་མཁའ་དང་། །དབྱེར་མེད་འདྲེས་ནས་སོ་སོར་ཕྱེ་རྒྱུ་མེད། །དེ་བཞིན་སེམས་ཅན་སངས་རྒྱས་ཐོབ་པའི་དུས། །སངས་རྒྱས་ཀུན་དང་ཆོས་སྐུ་གཅིག་ཏུ་གྱུར། །དུས་སྐབས་སོ་སོར་འཇའ་ཚོན་ཤར་ན་ཡང་། །ཁ་དོག་ལྔ་ཡི་ངོ་བོ་གཅིག་པ་ལྟར། །ལོངས་སྐུ་ཐམས་ཅད་རིགས་ལྔའི་ངོ་བོར་གཅིག །དཔེར་ན་མཚན་མོ་ལྷ་ཁང་ཆེན་པོའི་ནང་། །མར་མེ་བརྒྱ་སྟོང་དུས་གཅིག་སྦར་བ་ན། །མར་མེ་སོ་སོར་ཡོད་པ་སྤྲུལ་སྐུའི་དཔེ། །འོད་རྣམས་གཅིག་ཏུ་འདྲེས་པ་ལོངས་སྐུའི་དཔེ། །དེ་རྣམས་ལྷ་ཁང་ནང་གི་ནམ་མཁའ་ནི། །གཅིག་གི་ཁོང་དུ་ཚུད་པ་

(༦༥༨)ཆོས་སྐུའི་དཔེ། །དེ་ནི་སེམས་ཅན་མང་པོ་གསར་དུ་ནི། །ཡར་ལ་སངས་རྒྱས་ཐོབ་དུས་དབྱེར་མེད་དམ། །ཡབ་སྲས་ལ་སོགས་སྔར་ནས་སངས་རྒྱས་པ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱོན་པའི་དཔེ། །མཚན་མོ་སྤྲིན་མེད་ནམ་མཁའ་ཆོས་སྐུའི་དཔེ། །དེ་ལ་ཉ་རྒྱས་ཟླ་ཤར་ལོངས་སྐུའི་དཔེ། །ས་གཞིར་མཚོ་ཆུང་དྭངས་པ་དུ་ཡོད་པ། །དེ་ནི་གདུལ་བྱ་འགྲོ་བ་རྣམས་ཀྱི་དཔེ། །དེ་ནང་ཟླ་བའི་གཟུགས་བརྙན་ཤར་བ་དེ། །སྤྲུལ་སྐུ་བྱེ་བ་ཕྲག་བརྒྱའི་དཔེ་ཡིན་ཏེ། །ཆུ་རྙོག་ཕྱིར་ན་ཟླ་གཟུགས་མི་སྣང་བ། །སྤྲུལ་སྐུ་མྱ་ངན་འདས་པའི་དཔེ་ཡིན་ཏེ། །འདས་དང་བལྟམས་དང་བཞུགས་པ་ལ་སོགས་པ། །དོན་ལ་མ་གྲུབ་གདུལ་བྱའི་མཐོང་ཚུལ་ལགས། །བསྟན་ལ་འཕེལ་འགྲིབ་ཀྱང་ནི་དེ་དང་འདྲ། །སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཆེ་ཆུང་ཁྱད། །དེ་དག་མྱོང་བས་གྲུབ་པ་མ་མཆིས་ཀྱང་། །མདོ་རྒྱུད་བཀའ་གཏེར་གསར་རྙིང་དུ་མ་ནས། །དགོངས་པ་མཐུན་དང་འདྲ་མིན་དུ་མའི་ཚོགས། །རྒྱ་ཆེར་བཤད་པ་ཐོས་པའི་ཤེས་རབ་ཀྱིས། །

(༦༥༩)དེ་དོན་ཅུང་ཟད་ཡིད་ལ་ཡོད་པ་རྣམས། །གོ་རིམ་མེད་པར་གང་དྲན་སྨྲས་པ་ཡིན། །ལུང་འདྲེན་བྲིས་ན་ཡི་གེས་འཇིགས་པས་བཞག །བཤད་ཕྱོགས་རེ་རེ་ཙམ་རེ་མ་མཐུན་ཡང་། །འགལ་བར་མི་སེམས་བཤད་ལུགས་མང་པོའི་དོན། །མདོ་རྒྱུད་གསར་རྙིང་ཀུན་ལ་གཟིགས་པས་གསལ། །དེ་དོན་ཉམས་སུ་ལོན་པར་དཀའ་ན་ཡང་། །སོ་སོའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར། །རྟ་ལོ་ཁྲུམས་ཟླའི་དམར་པོའི་ཚེས་བཅུ་གཅིག །བཅུ་གཉིས་སྔ་དྲོའི་ཐུན་མཚམས་གཉིས་ཀྱི་ཚེ། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་རྣམས། །དགེ་བའི་བཤེས་གཉེན་བརྩོན་འགྲུས་རྒྱ་མཚོ་ཡིས། །བློ་དམན་གསར་བུ་རྣམས་ལ་ཕན་པའི་ཕྱིར། །ཚིགས་ལ་མ་བརྩིས་མང་ཡང་ཡི་གེར་བཀོད། །འདི་ནི་ཧ་ཅང་ཟབ་ཅིང་རྒྱ་ཆེ་བའི། །སྐྱེས་ཆེན་ཆོས་ཀྱི་སྤྱན་ལྡན་མ་གཏོགས་པ། །མཁས་པ་རྣམས་ཀྱིས་ཅི་བཞིན་རྟོགས་དཀའ་བས། །དཔེར་ན་ཡང་དགོན་པ་ཡི་རི་ཆོས་ལས། །རྡོ་རྗེ་ལུས་ཀྱི་སྦས་བཤད་གསུངས་པ་ཡང་། །ཉིད་

(༦༦༠)ཀྱི་རྩ་རླུང་ཐིག་ལེའི་གནས་ཚུལ་རྣམས། །མངོན་སུམ་གཟིགས་ནས་གསུངས་པ་ཡིན་མོད་ཀྱང་། །དེ་ནི་ཕྱོགས་རེ་ཙམ་ལས་མ་རྟོགས་ཞེས། །རང་བྱུང་རྒྱལ་བས་ནང་དོན་ནཱི་ཀར་བཀག །དེ་བཞིན་འདིར་ཡང་མ་རྟོགས་ལོག་རྟོགས་དང་། །ཕྱོགས་རྟོགས་འཁྲུལ་པའི་ཚན་གང་མཆིས་བ། །མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས། །འདི་ནི་བསྟན་བཅོས་བརྩམས་པའང་མ་ཡིན་པས། །དཔེ་ལ་མ་བལྟས་བསམ་བློ་མ་བཏང་བར། །བྱུང་རྒྱལ་ཉམས་མགུར་ཚུལ་དུ་སྨྲ་པ་ལ། །གོ་རིམ་མང་པོ་འཚེལ་བར་གྱུར་བ་རྣམས། །དགེ་བཤེས་མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །བཀྲ་ཤིས་དགལ་འབར་འཛམ་གླིང་དར་རྒྱས་ཤོག །ལེའུ་ཞེ་གཅིག་པའོ་མངྒ་ལམ།། །ནཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཞིང་ཁམས་གདམས་པ་དེད་དཔོན་ནོར་ལེན་ཞེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། །བུ་རིག་པ་ཅན་གྱི་བརྩོན་འགྲུས་པས། །ཚེ་ཅི་ལྟར་གལ་ཏེ་རིང་ན་ཡང་། །ལོ་བརྒྱ་ལས་མི་ཐུབ་འཆི་དུས་ཀྱི། །

(༦༦༡)དེ་ན་གནད་འགག་ཆེན་པོའི་དྲི་བ་བྱས། །འདི་ཆོས་པ་ཀུན་ལ་དོ་གལ་ཆེ། །ཚེ་འདི་ལ་ཚོགས་བསགས་སྒྲིབ་སྦྱོང་བ། །རྟ་བཟང་པོ་སྒ་སྲབ་བྱས་པ་འདྲ། །དེ་བསྔོ་སྨོན་སྲབ་ཀྱིས་ཁ་བསྐྱུར་ནས། །རང་གར་འདོད་ཞིང་ཁམས་བགྲོད་པས་ཆོག །སྤྱིར་སངས་རྒྱས་ཀུན་གྱི་གཟིགས་སྣང་དང་། །མ་འགྲོ་དྲུག་ཀུན་གྱི་འཁྲུལ་སྣང་ལས། །ཞིང་དག་དང་མ་དག་གྲངས་མེད་ཡོད། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་དེ། །སྤྱིར་ནམ་མཁས་ཁྱབ་ཚད་ཞིང་ཁམས་ཡིན། །ལས་དག་པ་རྣམས་ཀྱི་སྣང་ངོ་ལ། །ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །ནང་བཅུད་ཀྱི་སེམས་ཅན་ཡི་དམ་ལྷ། །དེར་འཁོར་བའི་སྡུག་བསྔལ་མིང་ཡང་མེད། །སྤྱིར་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །དེ་རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་ཁྱབ། །དེ་སྐུ་གསུང་ཐུགས་ཀྱི་གསང་བ་ཡིན། །དེ་གསང་བ་བསྟན་པའི་མདོ་ལས་བཤད། །རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་གྲངས། །དེར་དག་པའི་ཞིང་ཁམས་བརྗོད་མི་ལངས། །དེར་རྒྱལ་བ་སྲས་

(༦༦༢)བཅས་ཆོས་འཁོར་བསྐོར། །དེ་གཅིག་གིས་གཅིག་ལ་མི་གནོད་དེ། །དཔེ་སྟོང་གསུམ་ཡུངས་ཀར་ནང་དུ་ཚུད། །དེ་སྟོང་གསུམ་ཆུང་དུ་མ་སོང་ཞིང་། །ཕྱི་ཡུངས་ཀར་ཆེ་རུ་མ་སོང་བ། །དེ་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཏེ། །ཞིང་ནམ་མཁས་གར་ཁྱབ་ཐམས་ཅད་ཀུན། །དཔེ་ཏིལ་གྱི་གོང་བུ་ཁ་ཕྱེས་ལྟར། །དེར་རྒྱལ་བ་སྲས་བཅས་རྟག་ཏུ་བཞུགས། །དེ་སངས་རྒྱས་རྣམས་ཀྱི་གཟིགས་ཚུལ་ལགས། །མར་སེམས་ཅན་རྣམས་ཀྱི་སྣང་ངོ་ལ། །གནས་རིགས་དྲུག་སྡུག་བསྔལ་སོ་སོར་སྣང་། །དཔེ་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས། །དེ་རྨི་ལམ་ལྟ་བུ་མ་ཡིན་ཏེ། །དུས་ད་ལྟ་རང་རེ་མི་རྣམས་བཞིན། །རང་སོ་སོའི་སྣང་ངོར་གདོས་བཅས་གྲུབ། །དུས་ད་ལྟའི་སྟོང་གསུམ་འཇིག་རྟེན་འདི། །མི་རྣམས་ལ་བསྐལ་པ་མར་འགྲིབ་སྣང་། །ཁོང་སེམས་ཅན་ལ་ལའི་སྣང་བ་ལ། །འདི་བསྐལ་པ་ཞག་ནས་སྟོང་པར་མཐོང་། །ཁོང་ལ་ལས་བསྐལ་པ་ཆགས་པར་མཐོང་། །ས་ནམ་མཁའ་མཐོང་བའི་སེམས་ཅན་མང་། །ཁོང་ལ་

(༦༦༣)ལས་ནམ་མཁའ་ས་རུ་མཐོང་། །ཁོང་ལ་ལས་འོག་ཕྱོགས་སྟེང་དུ་མཐོང་། །ཁོང་ལ་ལས་སྟེང་ཕྱོགས་འོག་ཏུ་མཐོང་། །དེ་ལ་སོགས་སྣང་བ་བསམ་མི་ཁྱབ། །རང་སོ་སོའི་ངོ་བོར་བདེན་པར་གྲུབ། །དེ་རྒྱས་པར་དཀོན་བརྩེགས་མདོ་ལས་གསལ། །དེ་སེམས་ཅན་སྣང་བ་ཐ་དད་ཡིན། །དེ་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། །མི་ཐམས་ཅད་ལས་མཐུན་མཐོང་ཚུལ་མཐུན། །དེ་འཁོར་འདས་གཉིས་ཀྱི་ཞིང་ཁམས་སོ། །ཨེ་མ་ཧོ། །གནས་འདི་ནས་ཤར་གྱི་ཕྱོགས་རོལ་ན། །ཤར་མངོན་པར་དགའ་བའི་ཞིང་ཁམས་ཡོད། །གནས་དེ་ན་མི་འཁྲུགས་རྒྱལ་བ་བཞུགས། །ལྷ་རྡོར་སེམས་མི་འཁྲུགས་མི་བསྐྱེད་གཅིག །ཤར་བཻཌཱུརྱ་སྣང་ཞིང་ཁམས་ན། །ལྷ་བཅོམ་ལྡན་སྨན་པའི་རྒྱལ་པོ་བཞུགས། །དེ་བཞིན་དུ་སྨན་བླ་མཆེད་བདུན་ནི། །ཞིང་སོ་སོར་བདེ་གཤེགས་སོ་སོར་བཞུགས། །གནས་འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔལ་ལོངས་སྤྱོད་

(༦༦༤)ལྡན་པའི་ཞིང་ཁམས་ཡོད། །ཤིང་དེ་ན་རིན་ཆེན་འབྱུང་ལྡན་བཞུགས། །མཚན་རིན་ཆེན་ཏོག་ཅེས་གྲགས་པ་ཡི། །ས་འདི་ནས་བྱང་གི་ཕྱོགས་རོལ་ན། །དཔལ་ལས་རབ་རྫོགས་པའི་ཞིང་ཁམས་ཡོད། །ཞིང་དེ་ན་དོན་ཡོད་གྲུབ་པ་བཞུགས། །མཚན་མེ་ཏོག་ཆེར་རྒྱས་ཞེས་སུ་གྲགས། །ཞིང་དེ་དག་དག་པའི་ཞིང་ཁམས་ཏེ། །དེ་ལོངས་སྐུ་ཆུང་ངུའི་ཞིང་དུ་འདོད། །དོན་སྤྲུལ་སྐུའི་ཞིང་ཁམས་ཆེན་པོར་རྩི། །ས་དང་པོ་ཡན་ཆད་མ་ཐོབ་པའི། །ཞིང་དེ་དག་རྣམས་སུ་སྐྱེ་མི་སྲིད། །དེ་མ་གཅིག་ལབ་ཀྱི་སྒྲོན་མས་གསུངས། །དོན་མི་འཁྲུགས་བཀོད་པའི་མདོ་དང་མཐུན། །གནས་འོག་མིན་འཐུག་པོ་བཀོད་པ་དེ། །རྒྱ་ཆེ་ཆུང་བསམ་ལས་འདས་པ་ཡིན། །རྒྱན་བཀོད་པ་ལོངས་སྤྱོད་འཐུག་དྲག་པས། །དེར་འཐུག་པོ་བཀོད་ཅེས་མིང་དུ་གྲགས། །ཞིང་དེ་དབུས་རིན་ཆེན་གཞལ་ཡས་ཁང་། །ཚད་བསམ་ལས་འདས་པ་གཅིག་གི་དབུས། །གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྤྱིར་སངས་རྒྱས་ཀུན་གྱི་སྐུ་འདུས་ཤིང་། །

(༦༦༥)ལྷ་སྤྱན་རས་གཟིགས་དབང་ལོངས་སྐུའི་ཆ། །དེ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །གནས་ངེས་པ་འོག་མིན་འཐུག་པོ་བཀོད། །སྐུ་ངེས་པ་མཚན་དང་དཔེ་བྱས་ལྡན། །དུས་ངེས་པ་འཁོར་བ་ཇི་སྲིད་བཞུགས། །འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས། །ཆོས་ངེས་པ་ཐེག་ཆེན་བླ་མེད་དེ། །དེ་ཞལ་ནས་མི་གསུངས་བརྡའ་ཡིས་སྟོན། །ལྷ་དེ་ཡི་བ་སྤུ་རེ་རེའི་ནང་། །དེར་སྤྲུལ་སྐུའི་ཞིང་ཁམས་དཔག་མེད་ཆགས། །དེར་གང་འདུལ་སྤྲུལ་པས་འགྲོ་དོན་མཛད། །དེ་ལོངས་སྐུའི་ཞིང་ཁམས་ཆེན་པོ་ཡིན། །དེ་སྣམ་སྣང་མངོན་བྱང་རྒྱུད་ལས་གསུངས། །ལྷ་དེ་ཡི་ཕྱག་མཐིལ་ལྷུང་བཟེད་ནག །དེར་མོ་ཏོག་པད་སྡོང་དཔག་མེད་སྐྱེས། །དེ་རེ་རེའི་སྟེང་དུ་ཞིང་ཁམས་མང་། །དེའི་དབུས་མར་མེ་ཏོག་པད་སྡོང་གཅིག །དེ་མེ་ཏོག་ཉེར་ལྔ་བརྩེགས་མར་སྐྱེས། །དེ་རེ་རེའི་སྟེང་དུ་ཞིང་ཁམས་མང་། །དེར་མེ་ཏོག་བཅུ་གསུམ་པ་ཡི་སྟེང་། །དེ་ཟེའུ་འབྲུ་ཕྲུམ་ཕྲུམ་རེ་རེའི་ནང་། །དེར་འཇིག་རྟེན་ཁམས་ནི་དཔག་

(༦༦༦)མེད་ཡོད། །དེའི་ཟེའུ་འབྲུ་དབུས་མ་གཅིག་གི་ནང་། །ཞིང་འདི་ཡི་སྟོང་གསུམ་འཇིག་རྟེན་ཆགས། །འདིར་རི་རབ་བྱེ་བ་ཕྲག་བརྒྱ་དང་། །གླིང་བཞི་པོ་བྱེ་བ་ཕྲག་བརྒྱ་ཡོད། །དེ་སྤྲུལ་སྐུ་གཅིག་གི་གདུལ་ཞིང་སྟེ། །ལྷ་ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱ་དང་། །རྗེ་པད་འབྱུང་བྱེ་བ་ཕྲག་བརྒྱ་ཡིས། །ཆོས་མདོ་དང་སྔགས་ཀྱི་འཁོར་ལོ་བསྐོར། །ཞིང་འདི་རུ་མཆོག་དམན་སུ་ཡང་སྐྱེ། །དོན་དེ་ཚོ་སྡོང་པོ་བཀོད་པའི་མདོ། །རྗེ་སྲོང་བཙན་ཨོ་རྒྱན་སོགས་ཀྱིས་གསུངས། །གནས་འཐུག་པོ་བཀོད་པའི་ཞིང་ཁམས་དེར། །ས་བརྒྱད་པ་མན་ཆད་སྐྱེ་མི་སྲིད། །དེ་ཡེ་ཤེས་ཌཱཀྐི་ལབ་སྒྲོན་གསུངས། །དོན་ས་ལམ་བཤད་པ་ཀུན་དང་མཐུན། །བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས། །གནས་དུར་ཁྲོད་མེ་རི་འབར་བ་ཟེར། །རྒྱུད་མགོན་པོ་ཁྲག་མཚོ་ཁོལ་ཆེན་ནས། །དཔལ་རྣམ་པར་སྣང་མཛད་དུར་ཁྲོད་ཟེར། །ལྷ་རྣམ་པར་སྣང་མཛད་ཆེན་པོ་དེའི། །མདུན་བར་སྣང་ཁམས་སུ་ཞིང་ཁམས་ཡོད། །ས་ཐམས་ཅད་དུག་ཚེར་གདུག་པ་

(༦༦༧)སྐྱེས། །ཉིན་རླུང་འཚུབ་མཚན་མོ་མེ་རུ་འབར། །རི་ཐམས་ཅད་ཀེང་རུས་རུས་པའི་རི། །དེ་རྩི་ཤིང་ནགས་ཚལ་མཚོན་ཆར་སྐྱེས། །ཆུ་ཐམས་ཅད་ཁྲག་རྣག་རྦ་ཀློང་འཁྲུགས། །དེར་གཅན་གཟན་གདུག་པ་ལང་ལང་འཁྲུགས། །ཞིང་དེ་དབུས་ཐོད་པའི་གཞལ་ཡས་ཁང་། །དེ་ཁྲོ་བོའི་དཀྱིལ་འཁོར་མངོན་རྟོགས་བཞིན། །ལྷ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས། །དོན་ཆེ་མཆོག་ཁྲག་འཐུང་རིགས་དྲུག་ལས། །ལྷ་ཡི་དམ་ཁྲོ་བོ་ཌཱཀྐིའི་ཚོགས། །དེར་བླ་མེད་གསང་སྔགས་ཆོས་འཁོར་བསྐོར། །ཞིང་དེ་ཡང་འགྱུར་མེད་རྟག་ཏུ་གནས། །དེ་རིག་འཛིན་ས་ཐོབ་མ་གཏོགས་པ། །ཞིང་དེ་དུ་སྐྱེ་བར་མི་སྲིད་ཅིང་། །གཞན་སེམས་ཅན་ཕལ་བ་ལྟ་ཅི་སྨོས། །སྔགས་འཆང་པའི་རྣལ་འབྱོར་ཕྱིན་ན་ཡང་། །དེར་སྐྲག་ཅིང་བསྡངས་ནས་བརྒྱལ་ནས་འབྲོས། །དུས་དེང་སང་རིག་འཛིན་ས་ཐོབ་ཅིང་། །ལས་དྲག་པོའི་ཕྲིན་ལས་ཁོ་ན་ཡིས། །མ་སེམས་ཅན་འདྲེན་པར་བྱེད་པ་རྣམས། །ཞིང་དེ་རུ་སྐྱེས་ནས་གསང་སྔགས་སྤྱོད། །དེ་རིག་འཛིན་ཆེན་པོའི་ཞིང་

(༦༦༨)ཁམས་ལགས། །དེར་ཡེ་ཤེས་དང་ནི་ལས་གྲུབ་པའི། །ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་བཞུགས། །ཞིང་དེ་ཡི་འོད་ཟེར་ཕོག་པ་ཙམ། །གནས་བསིལ་བའི་ཚལ་དང་དུར་ཁྲོད་བརྒྱད། །རྒྱན་བཀོད་པ་བརྡའ་ཙམ་ཡོད་པར་གསུངས། །དེར་སྤྲུལ་པའི་ཆོས་སྐྱོང་ཐམས་ཅད་བཞུགས། །དུས་དེང་སང་གསང་སྔགས་ཚུལ་བཞིན་སྤྱོད། །ད་འོན་ཀྱང་དམ་ཚིག་ཆེར་ཆགས་ན། །གནས་དུར་ཁྲོད་བརྒྱད་དང་བསིལ་ཚལ་གྱི། །ལྷ་མ་མགོན་ཆོས་སྐྱོང་འཁོར་དུ་སྐྱེ། །དུས་དེང་སང་ཆོས་སྐྱོང་ཕྲིན་ལས་ཀྱིས། །མི་སྡིག་ཅན་བསྒྲལ་བ་ཐམས་ཅད་ཀྱང་། །དེས་དག་པའི་ཞིང་ཁམས་མི་འཐོབ་ཀྱང་། །མར་ངན་སོང་གནས་སུ་མི་གཏོང་བར། །ལྷ་ཆོས་སྐྱོང་སོ་སོའི་འཁོར་དུ་སྐྱེ། །དེ་ལུང་བསྟན་བཀའ་རྒྱ་མ་སོགས་གསལ། །ད་སྟོང་གསུམ་འདི་ཡི་དབང་བྱས་ན། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྗེ་རྒྱལ་ཚབས་བྱམས་པ་མགོན་པོ་བཞུགས། །དུས་དེང་སང་སྡོམ་པའི་ཚུལ་ཁྲིམས་གཙང་། །ཆོས་ཐོས་བསམ་ཁོ་ནར་འབད་

(༦༦༩)པའི་མི། །ཞིང་དེ་རུ་སྨོན་ལམ་བཏབ་པ་ན། །དུས་ནམ་ཞིག་ཕྱི་དབུགས་ཆད་མ་ཐག །ལྷ་བྱམས་པའི་དཔྲལ་བའི་མཛོད་སྤུ་ནས། །འོད་དཀར་པོ་ཕུ་དུད་འདྲ་བ་བརྐྱང་། །མི་དེ་ཡི་སྤྱི་བོར་འཇའ་ལྟར་ཟུག །སེམས་རིག་པ་འོད་དེས་གཏུམས་ནས་དྲངས། །གནས་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །གདན་མེ་ཏོག་པད་མའི་སྟེང་དུ་སྐྱེ། །འཁོར་ལྷ་མོ་བདུན་རེས་རྟག་ཏུ་མཆོད། །རྗེ་བྱམས་པ་མགོན་པོའི་ཆོས་གསུངས་ཀྱང་། །དེར་སྐྱིད་དགའ་གླུ་གར་རྩེད་མོར་འབྱམས། །དུས་མ་འོང་བྱམས་པ་འདིར་བྱོན་ཚེ། །དེ་ཐམས་ཅད་ཚེ་འཕོས་མིར་སྐྱེས་ནས། །སླར་རབ་ཏུ་བྱུང་ཞིང་དམ་ཆོས་ཉན། །རྗེ་བྱམས་པའི་བསྟན་པ་མ་རྫོགས་པར། །དེ་མི་ནས་མིར་སྐྱེ་བསྟན་པ་འཛིན། །དེ་བཞིན་དུ་བསྐལ་བཟང་སངས་རྒྱས་སྟོང་། །དེ་ཐམས་ཅད་མཇལ་ཞིང་དམ་ཆོས་ཉན། །དེས་སངས་རྒྱས་སྟོང་གི་བསྟན་པའི་ཡུན། །དུས་རྟག་ཏུ་མིར་སྐྱེ་བསྟན་པ་འཛིན། །ད་བསྐལ་བཟང་སངས་རྒྱས་སྟོང་རྫོགས་ནས། །དུས་མ་འོངས་སྐར་མ་

(༦༧༠)བཀྲམ་པ་ཡི། །མིང་ཡོད་པའི་བསྐལ་པ་ཡོངས་སུ་ཆགས། །ཞིང་དེ་རུ་སངས་རྒྱས་བརྒྱད་ཁྲི་འབྱོན། །དེ་ཐམས་ཅད་ཞལ་མཐོང་ཆོས་ཐོས་ཤིང་། །དེ་ཀུན་གྱི་བསྟན་པ་འཛིན་བྱས་ནས། །དུས་དེ་ནས་རིམ་གྱིས་སངས་རྒྱས་ཐོབ། །དེ་བྱམས་པ་ལུང་བསྟན་མདོ་ནས་བཤད། །དུས་དེང་སང་དགའ་ལྡན་སྐྱེ་བ་ཡི། །གནད་བསྔོ་བ་སྨོན་ལམ་མཛད་མཁན་མང་། །དོན་འགྲོ་དོན་དཔག་མེད་འགྲུབ་ཕ་དང་། །རྗེ་རྒྱལ་བའི་བསྟན་པ་འཛིན་སྐྱོང་ཕྱིར། །ལུས་སྐྱེ་འཆི་དུང་ཕྱུར་མི་འཚེར་ན། །གནས་དགའ་ལྡན་གནས་སུ་སྨོན་ལམ་ཐོབ། །ཆོས་བྱམས་སྨོན་ཐུགས་དམ་ཆགས་མེད་མཛོད། །མི་བདག་ཀྱང་ལོ་བདུན་དེ་ལྟར་བྱས། །ངས་འཁོར་བའི་སྡུག་བསྔལ་འདི་མཐོང་བས། །ང་སྐྱེ་འཆིའི་སྡུག་བསྔལ་རབ་ཏུ་འཚེར། །ཆོས་བྱམས་སྨོན་བཞག་ནས་བདེ་སྨོན་བཏོན། །གནས་དགའ་ལྡན་ལྷ་ཡི་ཕོ་བྲང་ནི། །དེ་སྤྲུལ་སྐུའི་ཞིང་ཁམས་ཆུང་ངུ་ཡིན། །གནས་འདི་ནས་ཉི་མ་ལྷོ་ནུབ་མཚམས། །ལྷོ་འཛམ་བུའི་གླིང་ཕྲན་སྲིན་པོའི་ཡུལ། །གནས་ཟངས་

(༦༧༡)མདོག་དཔལ་གྱི་རི་བོའི་རྩེ། །དཔལ་པདྨ་འོད་ཀྱི་གཞལ་ཡས་ན། །རྗེ་ཨོ་རྒྱན་པདྨ་འབྱུང་གནས་བཞུགས། །འཁོར་རིག་འཛིན་ཌཱ་ཀི་འབུམ་གྱིས་བསྐོར། །ཆོས་རྙིང་མ་བྱས་པའི་གང་ཟག་ཀུན། །ཞིང་དེ་རུ་སྨོན་ལམ་འདེབས་མཁན་མང་། །དཔལ་ཨུ་རྒྱན་རྗེ་ལ་མོས་དྲགས་པས། །མི་བདག་གི་སློབ་དཔོན་གནས་དེར་བཞུགས། །མི་བདག་ཀྱང་གཞོན་ཚེ་དེ་རུ་སྨོན། །སྐྱེ་སླ་བས་མི་སྐྱེས་དོགས་པ་མེད། །ད་འོན་ཀྱང་ལེགས་པར་བསམས་བྱས་པས། །ཞིང་དེ་དུ་སྐྱེ་ལུགས་བཟང་ངན་གཉིས། །རབ་རིག་འཛིན་དཔའ་བོ་ཌཱ་ཀིའི་རིག སྐེ་རུས་པའི་རྒྱན་དྲུག་དུར་ཁྲོད་ཆས། །ལུས་འདོད་དགུར་བསྒྱུར་བའི་རྫུལ་འཕྲུལ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་འཁོར་དང་གཡོག །མི་ཕལ་གྱིས་མི་མཐོང་གདོས་བཅས་མིན། །དེར་སྐྱེས་ན་གསང་སྔགས་ཉམས་སུ་ལེན། །འཕྲལ་སྐྱིད་ཅི་འཕུག་ཏུ་མངོན་སངས་རྒྱས། །དོན་དེ་འདྲར་གྱུར་ན་ལེགས་མོད་དེ། །ལུས་མི་སྡུག་ཤ་ཟ་སྲིན་པོའི་བུ། །དེ་སྲིན་པོ་ཡིན་ཕྱིར་དུག་ལྔ་ཆེ། །

(༦༧༢)རྗེ་ཨུ་རྒྱན་ཞལ་མཐོང་གསུང་ཐོས་ཀྱང་། །དེ་རྒྱལ་པོ་ཡིན་སྙམ་དད་གུས་ཆུང་། །དེ་གསུངས་བཞིན་མི་བསྒྲུབ་ལོག་སྤྱོད་ན། །ཁྲིམས་གཅོད་པས་དད་པ་ལོག་ཀྱང་སྲིད། །ལར་སྐྱིད་སྡུག་ཚེ་ཡི་རིང་ཐུང་སོགས། །དེ་གླིང་གཡོག་ཡིན་ཕྱིར་འདི་དང་འདྲ། །ལས་སྐལ་པ་ཅུང་ཞིག་ལྡན་སྲིད་ན། །རྗེ་ཨོ་རྒྱན་བྱིན་རླབས་དབང་བསྐུར་ནས། །ཁྱོད་འདི་རུ་མ་འདུག་བོད་དུ་སོང་། །ཆོས་སྤྱོད་ཅིང་འགྲོ་དོན་འབྱུང་ངོ་ཞེས། །འདུག་འདོད་ཀྱང་འདུག་དབང་མེད་པ་སྲིད། །མི་ང་ནི་སྐྱེ་འཆི་འདི་ལ་འཚེར། །ཁྱེད་སྐྱེ་འཆིའི་སྡུག་བསྔལ་མི་འཚེར་ཞིང་། །དཔལ་པད་འབྱུང་རྗེ་ལ་དད་དྲགས་པས། །དོན་ཅི་གསུངས་བཀའ་བཞིན་བསྒྲུབ་ནུས་ན། །གནས་རྔ་ཡབ་གླིང་དེར་སྨོན་ལམ་ཐོབ། །དེ་སྤྲུལ་སྐུའི་ཞིང་ཁམས་ཆུང་ངུ་ཡིན། །དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀུན། །དུས་བསྐལ་པ་བཟང་པོའི་ཡུན་ཙམ་ལ། །གནས་མ་ངེས་གར་ཡང་སྐྱེ་སྲིད་དེ། །མཐར་བདེ་བ་ཅན་དུ་སྐྱེ་རྒྱུ་ཡིན། །དོན་དེ་ཚོ་གསང་བའི་རྣམ་ཐར་དང་། །རྗེ་ལང་གྲོ་ལོ་ཙཱའི་ཞུས་ལན་

(༦༧༣)གསལ། །དུས་དེང་སང་ཡིག་དྲུག་འདོན་མཁན་ཀུན། །གནས་པོ་ཊ་ལ་རུ་སྨོན་ལམ་འདེབས། །ལྷ་སྒྲུབ་ཐབས་འགའ་ནས་དེ་ལྟར་བཤད། །རྒྱ་དཀར་པོའི་སྐད་དུ་པོ་ཊ་ལ། །བོད་སྐད་དུ་རི་བོ་བྲུ་འཛིན་ཡིན། །དེ་ཞིང་ཁམས་མ་ཡིན་གནས་རི་ཡིན། །ལས་དག་པ་རྣམས་ཀྱི་སྣང་ངོ་ལ། །རི་རྩེ་མོར་རིན་ཆེན་གཞལ་ཡས་ཁང་། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །ལྷ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །འཁོར་རིག་འཛིན་ཌཱ་ཀི་ལྷ་ཀླུའི་བསྐོར། །རི་སྐེད་པར་རིན་ཆེན་གཞལ་ཡས་སུ། །ལྷ་ཁྲོ་གཉེར་ཅན་དང་རྟ་མགྲིན་སོགས། །རི་རྩ་བར་རིན་ཆེན་གཞལ་ཡས་སུ། །ལྷ་སྒྲོལ་མ་དཀར་སྔོན་ལ་སོགས་བཞུགས། །དེ་མ་དག་འཁྲུལ་པའི་སྣང་ངོ་ལ། །རི་བྱེ་རི་ཆེན་པོའི་ཙན་དན་ནགས། །རྩེར་རང་བྱུང་རྡོ་ཡི་ལྷ་ཁང་ནང་། །ལྷ་ཁ་སར་པ་ཎི་རང་བྱོན་གྱི། །སྐུ་ལོ་བརྒྱད་བུ་ཆུང་ན་ཚོད་ཅན། །རྒྱབ་བཻ་ཌཱུརྻ་ཡི་བྲག་རི་ལ། །དངུལ་ཞུན་མའི་རང་བྱོན་ཡིག་དྲུག་ཡོད། །དེ་དངོས་སུ་ཕྱིན་ཡང་མཇལ་བས་ཆོག །

(༦༧༤)དེ་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན། །རྗེ་རིན་ཆེན་གླིང་པའི་རྣམ་ཐར་གསལ། །ལྷ་བདེ་མཆོག་ཕག་མོ་ཡི་དམ་མཁན། །ནུབ་ཨོ་རྒྱན་ཡུལ་དུ་སྐྱེ་བར་སྨོན། །དེ་ཞིང་ཁམས་མ་ཡིན་གནས་རི་སྟེ། །ལས་དག་པས་དུར་ཁྲོད་གཞལ་ཡས་དབུས། །ལྷ་བདེ་མཆོག་ཡབ་ཡུམ་དངོས་སུ་བཞུགས། །འཁོར་དཔའ་བོ་ཌཱ་ཀི་བྱེ་བ་འབུམ། །ལས་མ་དག་འཁྲུལ་བའི་སྣང་ངོ་ལ། །གནས་རང་བྱུང་རྡོ་ཡི་ལྷ་ཁང་ནང་། །བཀའ་རྒྱུད་སྡེ་ཐམས་ཅད་གཏེར་དུ་བཞུགས། །མི་གཅིག་ཀྱང་མེད་པའི་བུད་མེད་གླིང་། །དེ་ཐམས་ཅད་མཁའ་འགྲོའི་རིགས་ཡིན་སྐད། །དེར་སྐྱེ་ལུགས་རྔ་ཡབ་གླིང་དང་འདྲ། །ཤར་རྒྱ་ནག་རི་བོ་རྩེ་ལྔ་དང་། །ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཏྲ། །ནུབ་གངས་དཀར་གྱི་རྒྱལ་པོ་ཏི་སེ་རྣམས། །ལས་དག་པའི་སྣང་ངོར་གཞལ་ཡས་ཁང་། །ལྷ་དཔའ་བོ་མཁའ་འགྲོ་དཔག་མེད་བཞུགས། །རང་དཔའ་བོ་མཁའ་འགྲོའི་ལུས་བླངས་ནས། །ཡུན་རིང་ན་བསྐལ་པ་རྫོགས་པའི་བར། །ཡུན་ཐུང་ན་སངས་རྒྱས་རེ་རེའི་རིང་། །

(༦༧༥)རང་འཇའ་ལུས་དཔའ་བོ་མཁའ་འགྲོར་སྐྱེ། །དེ་མཁའ་སྤྱོད་ཆུང་ངུའི་ཞིང་ཁམས་ཡིན། །ལམ་གསང་སྔགས་ཉམས་སུ་ལེན་པ་ཡི། །ཁོང་གྲུབ་ཐོབ་ཕལ་ཆེར་དེ་ལྟར་བཞུགས། །ལས་མ་དག་སེམས་ཅན་དེར་ཕྱིན་ཡང་། །ལྷ་མི་མཐོང་ནགས་ཚལ་གངས་ཀྱི་རི། །རང་ཕྱིན་ཡང་ཕལ་ཆེར་མི་མཐོ་དོགས། །དོན་དེ་ཕྱིར་བདག་ཀྱང་འདོད་པ་མེད། །ཁྱོད་བརྩོན་འགྲུས་རྒྱ་མཚོས་ཅི་འདྲར་དགོངས། །བྱང་ཤམ་བྷ་ལ་ཞེས་བྱ་བ་དེ། །དོན་རྒྱ་གར་དང་འདྲ་མི་ཡི་ཡུལ། །དེར་སྤྲུལ་པའི་རྒྱལ་པོ་རྒྱུན་མི་ཆད། །ཆོས་དུས་ཀྱི་འཁོར་ལོ་དར་མོད་ཀྱང་། །ཚེ་རིང་ཐུང་སྐྱིད་སྡུག་འདི་དང་འདྲ། །བོན་རྣམས་ཀྱིས་སྨོན་ལམ་འདེབས་ཚུལ་ནི། །གནས་ཞང་ཞུང་ཡུལ་དུ་སྐྱེ་བར་སྨོན། །དེ་ཏི་སེའི་རྒྱབ་ཕྱོགས་བོད་ཡུལ་ཡིན། །བོན་དར་ཀྱང་སྐྱིད་འདུག་འདི་དང་འདྲ། །དོན་དེ་ཕྱིར་ཞིང་ཁམས་གདམ་མ་ནོར། །ས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་གང་གཱའི་ཀླུང་གི་བྱེ་མ་སྙེད། །དེ་འདས་པའི་འཇིག་རྟེན་ཕ་མཐའ་ན། །

(༦༧༦)ཞིང་འདི་ནས་སྟེང་དུ་འཕགས་པའི་སར། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཡོད། །དེར་བདེ་སྐྱིད་ངོ་མཚར་ཕུན་སུམ་ཚོགས། །ལས་མི་དགེ་སྡུག་བསྔལ་མིང་ཡང་མེད། །སྔོན་འོད་དཔག་མེད་ཀྱི་སྨོན་ལམ་མཐུས། །ཞིང་དེ་རུ་སྨོན་ལམ་བཏབ་པ་ན། །སྡིག་མཚམས་མེད་ལྔ་དང་ཆོས་སྤངས་པ། །དེ་མ་གཏོགས་སུ་ཡང་སྐྱེ་བར་གསུངས། །རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ལམ་དགེ་བཅུ་བསོད་ནམས་རྒྱ་ཆེན་བསགས། །དེ་ཐམས་ཅད་ཞིང་དེར་སྐྱེ་ཕྱིར་བསྔོ། །སེམས་མ་ཡེངས་རྩེ་གཅིག་དད་གུས་གྱིས། །ཞིང་དེ་རུ་སྐྱེ་བའི་བསྔོ་སྨོན་ནི། །ལན་བཅུ་ཙམ་བྱས་པས་སྐྱེ་བར་གསུངས། །དེ་མི་བདེན་སྙམ་དུ་ཐེ་ཚོམ་ན། །ཞིང་དེ་རུ་སྐྱེ་བར་གྱུར་ཀྱང་ནི། །ལོ་ལྔ་བརྒྱར་མེ་ཏོག་ཁ་མི་བྱེ། །དེར་བདེ་སྐྱིད་ལོངས་སྤྱོད་ལྡན་པ་དང་། །རྗེ་འོད་དཔག་མེད་ཀྱི་གསུང་ཐོས་ཀྱང་། །ལོ་ལྔ་བརྒྱར་ཞལ་མཐོང་ཕྱིས་སྐྱོན་འགྱུར། །དོན་དེ་ཕྱིར་ཐེ་ཚོམ་སྤང་མཛོད་ལ། །ཁྱེད་ཞིང་ཁམས་དེ་རུ་སྨོན་ལམ་ཐོབ། །ཁྱོད་

(༦༧༧)འཆི་དུས་རིག་པ་དེ་རུ་གཏོད། །ཁྱེད་དེ་ལ་ཐེ་ཚོམ་སྐྱེས་པ་ན། །ཆོས་དཀོན་མཆོག་བརྩེགས་པའི་ལེའུ་སྟེ། །ཆོས་འོད་མདོ་བདེ་ཆེན་ཞིང་བཀོད་མདོ། །ཆོས་པདྨ་དཀར་པོའི་མདོ་སྡེ་དང་། །ཆོས་ད་ལྟའི་སངས་རྒྱས་བཞུགས་མདོ་དང་། །དཔལ་འཆི་མེད་རྔ་སྒྲའི་གཟུངས་ལ་སོགས། །དཔེ་དེ་རྣམས་གླེགས་བམ་ལེགས་པར་གཟིགས། །དུས་ད་ལྟ་རང་དབང་ཆེ་སྐབས་འདིར། །དུས་ད་ལྟ་ཞིང་ཁམས་ལེགས་པར་གདམས། །དེར་འགྲོ་བའི་བརྒྱགས་ཕྱེ་གྲབས་སུ་ཚུད། །དེར་འགྲོ་ལ་ཐོགས་པ་མེད་པར་མཛོད། །ཨེ་མ་ཧོ། ཧེ་ཧེ། །བུ་དགེ་སློང་བརྩོན་འགྲུས་རྒྱ་མཚོ་བས། །ཞིང་དེ་ཡི་ཡོན་ཏན་གང་ཡིན་ཟེར། །དཔལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ནི། །ཕྲག་བརྒྱད་ཅུ་རྩ་གཅིག་ཞིང་ཁམས་ཀྱི། །རྒྱན་བཀོད་པ་ཡོན་ཏན་གཅིག་ཏུ་བསྡོམས། །མ་མགྲོ་དྲུག་སེམས་ཅན་མ་ལུས་པ། །དེ་ཐམས་ཅད་རྫོགས་སངས་རྒྱས་གྱུར་ནས། །ཡུན་བསྐལ་པ་ལས་ཀྱང་ལྷག་གི་བར། །ཞིང་དེ་ཡི་ཡོན་ཏན་

(༦༧༨)གསུངས་གྱུར་ཀྱང་། །དེ་ཡོངས་རྫོགས་བརྗོད་པ་མི་ནུས་གསུངས། །དེ་བདག་གིས་བརྗོད་པར་ག་ལ་ནུས། །ནུབ་བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ཆགས་པ་ཡོད་དེ་འཇིག་པ་མེད། །སྔོན་འདས་པའི་སངས་རྒྱས་གྲངས་མེད་བྱོན། །དུས་ད་ལྟ་འོད་དཔག་མེད་པ་བཞུགས། །དུས་ནམ་ཡང་འཕོ་འགྱུར་དར་གུད་མེད། །རྒྱ་བསམ་གྱིས་མི་ཁྱབ་རྩིས་ལས་འདས། །དེར་མི་ཁོམས་གནས་བརྒྱད་ཐོས་མ་མྱོང་། །དེར་སྡུག་བསྔལ་ཞེས་བྱ་མི་སྲིད་ཅིང་། །དུས་རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །དོན་དེ་ཕྱིར་བདེ་བ་ཅན་ཞེས་བྱ། །གདན་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །ཡུན་སྐད་ཅིག་ཙམ་གྱིས་ལུས་གྲུབ་སྟེ། །དེ་བྱིས་པ་མ་ཡིན་དར་མའི་ལུས། །དབུ་གཙུག་གཏོར་ཞབས་ལ་འཁོར་ལོ་སོགས། །མཚན་སོ་གཉིས་དཔེ་བྱད་བརྒྱད་ཅུར་ལྡན། །དེར་སྐྱེས་ཚད་ཐམས་ཅད་མཚུངས་པ་སྟེ། །སྐུ་གསེར་མདོག་དགེ་སློང་ཆ་ལུགས་ཚུལ། །སེམས་མངོན་པར་ཤེས་པ་ལྔ་དང་ལྡན། །སེམས་ཉོན་མོངས་དུག་

(༦༧༩)ལྔ་གཅིག་ཀྱང་མེད། །དེར་རྒས་དང་ན་བའི་སྡུག་བསྔལ་མེད། །ཚེ་གྲངས་མེད་བསྐལ་པ་མཐའ་ཡས་ཏེ། །དེར་དུས་མིན་འཆི་བ་སྲིད་པ་མིན། །དུས་ནམ་ཞིག་དེ་ནས་ཚེ་འཕོས་ནས། །དེར་སྐྱེ་བ་གཞན་གྱིས་བར་མི་ཆོད། །དེར་རྫོགས་སངས་མི་རྒྱ་སྲིད་མ་ཡིན། །དེ་ད་ལྟ་སྨོན་ལམ་ལས་འབྲས་ཀྱིས། །རང་བསམས་ཞིང་འགྲོ་བའི་དོན་གྱི་ཕྱིར། །དེ་བྱོན་ན་མ་གཏོགས་འཁོར་བ་རུ། །ཕྱིར་མི་ལྟུང་སྐྱེ་བ་ལེན་མི་སྲིད། །གནས་གཞལ་ཡས་ཁང་དང་བཟའ་བཏུང་སོགས། །དེ་ཡིད་ལ་བསམ་ཙམ་ལྷུན་གྱིས་གྲུབ། །དེར་རྩོལ་སྒྲུབ་སོ་ནམ་དགོས་པ་ཡིན། །དེ་ཟོས་པས་ཚིམ་ཞིང་བཀྲག་མདྭངས་རྒྱས། །སྙིགས་མི་གཙང་གཤང་ལྕི་ཡོད་པ་མིན། །དེར་ཐ་མལ་བུད་མེད་མེད་ན་ཡང་། །རང་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །དུས་རྟག་ཏུ་རང་ལ་བསྙེན་བཀུར་བྱེད། །དུས་རྟག་ཏུ་སངས་རྒྱས་མི་འབྲལ་ཞིང་། །དེས་བསྙེན་བཀུར་མཆོད་སྤྲིན་དཔག་མེད་པ། །རང་ལག་པའི་མཐིལ་ནས་གང་

(༦༨༠)འདོད་འབྱུང་། །ཞིང་དེ་ཡི་གཙོ་བོ་འོད་དཔག་མེད། །དེས་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །གནས་རྔ་ཡབ་བྱེ་བ་ཕྲག་བརྒྱ་ན། །རྗེ་ཨོ་རྒྱན་བྱེ་བ་ཕྱག་བརྒྱ་དང་། །བོད་འོད་མཚན་ཅོད་པན་ཉི་ཤུ་གཅིག །དེ་བྱེ་བ་ཕྲག་བརྒྱ་འབྱོན་པ་རྣམས། །དེ་འོད་དཔག་སྤྲུལ་པའི་ཆ་ཤས་རེ། །དོན་ཨོ་རྒྱན་དངོས་ནི་འོད་དཔག་མེད། །གནས་པོ་ཊ་ལ་ན་སྤྱན་རས་གཟིགས། །བོད་སྲོང་བཙན་སྒམ་དང་ཀརྨ་པ། །དོན་དེ་བཞིན་བསྐལ་བཟང་སངས་རྒྱས་སྟོང་། །དེ་ཐམས་ཅད་སྤྱན་རས་གཟིགས་ཀྱིས་སྤྲུལ། །དེ་སྤྲུལ་གཞི་སྤྱན་རས་གཟིགས་དབང་དངོས། །དེ་འོད་དཔག་མེད་ཀྱི་ཉེ་གནས་ཚུལ། །དུས་རྟག་ཏུ་སྐུ་གཞོགས་གཡས་སུ་བཞུགས། །གནས་ལྕང་ལོ་ཅན་དུ་གསང་བའི་བདག །དེས་ཡང་སྤྲུལ་གྲགས་པའི་མཚན་ཅན་སོགས། །དེ་བྱེ་བ་ཕྲག་བརྒྱ་སྤྲུལ་ན་ཡང་། །དེ་སྤྲུལ་གཞི་སེམས་དཔའ་མཐུ་ཆེན་ཐོབ། །དེ་སྐུ་གཞོགས་གཡོན་དུ་རྟག་ཏུ་བཞུགས། །གནས་འཛམ་གླིང་འདི་ནས་དེར་བྱོན་པའི། །དཔལ་འཕགས་

(༦༨༡)པ་ཀླུ་སྒྲུབ་དྭགས་པོ་རྗེ། །རྗེ་ཁྱུང་པོ་རྣལ་འབྱོར་བསོད་ནམས་རྩེ། །གདོང་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་དང་། །རྗེ་ངོར་བ་རྡོ་རྗེ་འཆང་ལ་སོགས། །སྤྱིར་བྱང་ཆུབ་སེམས་དཔའ་བྱེ་བ་ནི། །ཕྲག་ཁྲག་ཁྲིག་བདུན་བཅུ་རྩ་གཉིས་ནི། །ཞིང་འདི་ནས་དེར་སྐྱེ་ཐུབ་པས་གསུངས། །རྗེ་མཐོང་བ་དོན་ལྡན་སྐུ་རྒྱབ་མའི། །སྐུ་བཀོད་པ་གཅིག་ཀྱང་དེར་བཞུགས་གསུངས། །འཁོར་དགེ་སློང་འབུམ་ཕྲག་ཡོད་པར་བཤད། །བུ་བརྩོན་འགྲུས་ནམ་ཞིག་ཚེ་འཕོས་ཚེ། །ཞིང་དེ་རུ་འབྱོན་པའི་ཐུགས་ཐག་ཆོད། །ད་བསམ་བློ་ལེགས་པར་ཐོང་མཛོད་དང་། །མར་ངན་སོང་སྡུག་བསྔལ་བསམ་མི་ཚུགས། །ཡར་ལྷ་མིའི་བདེ་སྐྱིད་རྨི་ལམ་ཙམ། །དུས་སྙིགས་མ་བསྟན་པ་མར་འགྲིབ་སྐབས། །རང་མི་ནས་མི་རུ་སྐྱེ་ཆོག་ཀྱང་། །རྐྱེན་དུས་མིན་འཆི་སོགས་བར་ཆད་མང་། །ཆུང་ལོ་བཅུ་ཕན་ཆད་བསམ་པ་མེད། །དུས་རྟག་ཏུ་ལྟོ་གོས་གཡེངས་བས་ཁྱེར། །ཚེ་ཕྱེད་ཀྱི་མཚན་མོ་གཉིད་ཀྱིས་གཅོད། །ད་ཚེ་ཚད་བཞི་

(༦༨༢)བཅུ་ཁ་རལ་སྐབས། །ཆོས་བྱེད་ལོང་མེད་པ་མ་མཐོང་ངམ། །མི་ཐམས་ཅད་ཉོན་མོངས་དུག་ལྔ་ཧྲག །ཕན་བཏགས་པའི་ལན་ལ་གནོད་པ་སྐྱེལ། །རྗེ་མཁས་གྲུབ་ཀུན་ལ་སྐུར་བ་འདེབས། །ལས་མི་དགེ་བཅུ་ལ་ཧབ་ཐོབ་བྱེད། །རྗེ་སངས་རྒྱས་དངོས་སུ་བྱོན་རྣམས་ཀྱང་། །དུས་དེང་སང་འགྲོ་དོན་དཀའ་འདུག་ན། །རང་འགྲོ་དོན་མི་འགྲུབ་སྡུག་བསྔལ་རྒྱུ། །གཉེན་ཉེ་དུ་གྲྭ་སློབ་མཐུན་གྲོགས་ཀུན། །རང་ཤི་བའི་རྒྱབ་ནས་ཡུན་མི་རིང་། །རང་སྐྱེས་ཀྱང་མི་འཕྲད་ཡིད་ལ་ཞོག །རྗེ་འོད་དཔག་མེད་ཀྱི་སྐུ་ཚེའི་ཚད། །དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ། །དེ་སུས་ཀྱང་གྲངས་ལ་མི་ཐེབས་སྟེ། །དུས་ནམ་ཞིག་མྱ་ངན་འདས་ཚུལ་སྟོན། །དེའི་བསྟན་པ་བསྐལ་པ་གང་གཱའི་ཀླུང་། །གྲངས་བྱེ་མ་སྙེད་ནི་གཉིས་པར་གནས། །དུས་དེ་ཚེ་སྤྱན་རས་གཟིགས་དབང་ནི། །དེས་རྒྱལ་ཚབས་མཛད་ཅིང་བསྟན་པ་སྐྱོང་། །ཡུན་དེ་ཚེ་རང་ཡང་དམ་ཆོས་སྤྱོད། །དེར་སྐྱེས་ཚད་རྫུ་འཕྲུལ་ཐོགས་མེད་པས། །ཤར་མངོན་པར་དགའ་དང་སྨན་བླའི་

(༦༨༣)ཞིང་། །ལྷོ་དཔལ་ལྡན་བྱང་ཕྱོགས་པས་རབ་རྫོགས། །ལྷོ་པོ་ཊ་ལ་དང་རྔ་ཡབ་གླིང་། །ནུབ་ཨོ་རྒྱན་ཡུལ་སོགས་ཞིང་ཀུན་དུ། །རང་རྫུ་འཕྲུལ་སྟོབས་ཀྱིས་ཐོགས་མེད་བགྲོད། །དེར་མཆོད་འབུལ་དབང་དང་གདམས་ངག་ཞུ། །ཡུན་མི་འགོར་མྱུར་དུ་བདེ་ཆེན་སླེབ། །དོན་དེ་ཕྱིར་ཞིང་དེར་སྐྱེས་པ་ན། །ཞིང་ཀུན་ཏུ་སྐྱེས་དང་ཁྱད་པར་མེད། །འདིར་ལྟད་མོ་ལྟ་འདོད་འོང་ཀྱང་ཆོག །ཞིང་འདི་རུ་བྱམས་པ་སེང་གེ་སོགས། །རྗེ་སངས་རྒྱས་སྟོང་རྣམས་ནམ་བྱོན་ཚེ། །རང་འོང་ཞིང་མཆོད་དེ་དམ་ཆོས་ཞུ། །ཞག་མི་འགོར་བདེ་བ་ཅན་དུ་སླེབས། །དུས་བསྐལ་བ་བྱེ་སྙེད་གཉིས་འདས་སྐབས། །རྗེ་འོད་དཔག་དམ་ཆོས་སྲོད་ལ་ནུབ། །དུས་ཐོ་རངས་སྤྱན་རས་གཟིགས་དབང་དེ། །ཁོང་མངོན་པར་རྫོགས་པར་སངས་རྒྱས་ནས། །མཚན་འོད་ཟེར་དཔལ་བརྩེགས་རྒྱལ་པོར་གྱུར། །དེ་སྐུ་ཚེ་བསྐལ་པ་བྱེ་བ་ནི། །ཕྲག་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་དྲུག །ཡུན་དེ་ཚེ་དེ་ཡི་ཞབས་འབྲིང་བྱེད། །དེ་འདས་ནས་དེ་ཡི་དམ་པའི་ཆོས། །

(༦༨༤)ཡུན་བསྐལ་པ་དུང་ཕྱུར་ཕྲག་དྲུག་དང་། །བྲག་བྱེ་བ་འབུམ་ཕྲག་གསུམ་དུ་གནས། །དུས་དེ་སྲིད་སེམས་དཔའ་མཐུ་ཆེན་ཐོབ། །རྗེ་རྒྱལ་བའི་རྒྱལ་ཚབས་བསྟན་པ་འཛིན། །དུས་དེ་ཚེ་དང་ཡར་ཏིང་འཛིན་བསྒོམ། །ལས་སྒྲིབ་གཉིས་བག་ཆགས་དེ་ནས་བྱང་། །ནམ་དེ་ཡི་བསྟན་པ་རྫོགས་མ་ཐག །རྗེ་མཐུ་ཆེན་ཐོབ་པ་སངས་རྒྱས་ཏེ། །མཚན་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ། །དེས་སྐུ་ཚེའི་ཚད་དང་བསྟན་པའི་ཚད། །རྗེ་སྤྱན་རས་གཟིགས་དང་མཉམ་པར་གསུངས། དུས་དེ་སྲིད་རང་ཡང་དམ་ཆོས་སྤྱོད། །རང་ཚོགས་གཉིས་བྲེ་ཁ་དེ་ནས་གང་། །ཞིང་དེ་འམ་ཞིང་ཁམས་གང་འདོད་དུ། །ཚེ་འཕོས་མ་ཐག་ཏུ་རྫོགས་སངས་རྒྱས། །དོན་དེ་ཕྱིར་ཞིང་དུ་སྐྱེས་ཚད་རྣམས། །ལུས་སྐྱེ་བ་གཅིག་དེས་ཆོག་པ་ཡི། །དེ་སེམས་དཔའ་ཤ་སྟག་ཡིན་ནོ་གསུངས། །བུ་ཕན་ཡོན་དེ་རྣམས་ཡིད་ལ་ཟུངས། །ཆོས་བདེ་སྨོན་ཁོ་ན་ཐུགས་དམ་མཛོད། །ལྷ་འོད་དཔག་མེད་དང་སྤྱན་རས་གཟིགས། །དེ་ཁོ་ན་སྒྲུབ་པ་དང་དུ་ལོངས། །དོན་དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ། །

(༦༨༥)དུས་དམར་པོའི་ཚེས་བརྒྱད་ཚེས་དགུ་ཡི། །དུས་དགོངས་ཐུན་སྔ་དྲོའི་ཐུན་སྐབས་ལ། །བདག་དགེ་སློང་རཱ་ག་ཨ་སྱས་སྨྲས། །དེ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ལེའུ་ཞེ་གཉིས་པའོ་མངྒ་ལཾ།། །བཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བསྐྱེད་རྫོགས་ཤེས་ཤིང་ཉམས་ལེན་ཅུང་ཟད་ཡོད་ཀྱང་བརྟན་པ་མ་ཐོབ་པར་འཆི་བ་བློ་བུར་དུ་བྱུང་ན་ཞིང་ཁམས་འགྲོད་པའི་གདམས་ངག་རྟ་མཆོག་བྷ་ལ་ཧའི་བཞོན་བ་ཞེས་བྱ་བ་བཞུགས་སོ། །ན་མོ་ཨ་མི་ཏ་བྷཱ་ཡ། །བདག་བན་རྒན་རཱ་ག་ཨ་སྱ་ལ། །བུ་བརྩོན་འགྲུས་རྒྱ་མཚོས་འདི་སྐད་ཟེར། །ལོ་བརྒྱ་ལས་མི་ཐུབ་འཆི་དུས་ཀྱི། །སྐབས་དེ་དུས་བསྐྱེད་རྫོགས་ཅི་ལྟར་བྱེད། །དོན་འཕོ་བའི་གདམས་བ་ཅི་ལྟར་བྱེད། །སེམས་རིག་པ་ཞིང་ཁམས་གང་ལ་གཏད། །ལུས་བེམ་རིག་བྲལ་བའི་སྡུག་བསྔལ་དུས། །སྐབས་དེ་དུས་སྡུག་བསྔལ་ཅི་ལྟར་བཟློག །དོན་འདི་ལ་གདམས་པ་ཐུགས་རྗེས་བཟུངས། །བུ་སོ་ན་དང་བཱིརྱ་ས་ག་ར། །དུས་དེང་སང་བཞི་

(༦༨༦)བཅུ་ཁ་རལ་དུས། །ལོ་བརྒྱ་ཙམ་ཐུབ་པ་ཨེ་སྲིད་ན། །དུས་ད་ལྟ་ཡོད་པའི་མི་ཕལ་ཆེར། །སྡང་ཚོད་ས་ཡི་སྟེང་ན་མེད། །ལར་སྐྱེས་པའི་ཐ་མ་འཆི་བ་སྟེ། །དེ་མི་མྱོང་ཐབས་ཤིག་ངས་མི་ཤེས། །དེ་འཆི་ཁ་གནད་གཅོད་སྡུག་བསྔལ་ཡིན། །དོན་འཆི་བ་སྐད་ཅིག་བཏང་སྙོམས་པ། །འཆི་ཚར་ཛ་བར་དོའི་འཇིགས་སྐྲག་ཡོད། །དེ་མི་མྱོང་ཐབས་དགའ་གསུངས་མོད་ཀྱང་། །མི་ཕལ་ཆེར་ཆོས་སྒོར་ཞུགས་པ་རྣམས། །ན་གཞོན་ཚེ་སློབ་གཉེར་བྱེད་ལ་ཡེངས། །དེ་ནི་དབང་ལུང་གདམས་ངག་མང་ཐོབ་ཀྱང་། །དེ་གོ་ཡུལ་དཔེ་ཆའི་སྟེང་དུ་ལུས། །སེམས་བསྐྱེད་རྫོགས་གདམས་ངག་ཤེས་ན་ཡང་། །དེ་བརྟན་པ་མ་ཐོབ་རྐྱེན་མི་ཁྱག །དུས་ནམ་ཞིག་འཆི་ནད་དྲག་པོས་ཐེབ། །བསྲུང་བཟློག་པ་རིམ་གྲོས་ཕྱིར་ལ་ཐུ། །ཕན་རེ་བའི་སྨན་པས་ཝ་བྲོས་བྱེད། །སེམས་བརྩེ་བའི་གྲྭ་སློབ་མཆི་མ་འདོན། །རང་དཔོན་སློབ་དཀོར་ཟས་མང་པོ་ཟོས། །ཁྱེད་ཅིས་ཀྱང་ཐུགས་དམ་བཞུགས་དགོས་ཟེར། །རང་བསྐྱེད་རྫོགས་བརྟན་པ་མ་

(༦༨༧)ཐོབ་པས། །རང་ཐུགས་དམ་ཨེ་ཟིན་ཆ་མེད་ཕྱིར། །ད་རོ་རུལ་ཆགས་ནས་ཅི་ཞིག་བྱེད། །ང་མི་འདུག་འཕོ་བ་བྱེད་དོ་ཞེས། །དུས་འཆི་ཁ་རང་ལའང་ཇོ་བརྫུ་བྱེད། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་ལས། །ནད་མ་ཕོག་གོང་དུ་འཕོ་དགོས་ཀྱི། །ནད་ཕོག་ནས་རང་ཉིད་འཕོ་མ་ནུས། །དེ་གསུངས་ཕྱིར་འཕོ་བསམ་འཁྲུལ་བར་སེམས། །དོན་དེ་དུས་ཕན་པའི་གདམས་ངག་འདི། །རྗེ་དྭགས་པོ་ལྷ་རྗེས་གསུངས་པ་ཡིན། །ང་ཚེ་འདིར་དེ་སྔོན་འཆི་མ་མྱོང་། །དོན་དེ་ཕྱིར་མྱོང་བ་མེད་ན་ཡང་། །བདག་རང་དང་འདྲ་བའི་མཆེད་གྲོགས་འགའ། །ཁོང་འདས་ཚེ་གདམས་ངག་འདི་བསླབས་པས། །དེས་ཕན་ཐོགས་ཆེ་བའི་ལག་བླངས་ཡོད། །དོན་དེ་ཕྱིར་འདི་ཉིད་སྙིང་ལ་འཆང་། །གོ་བདེ་ཕྱིར་ལུང་འདྲེན་མང་པོ་བཞག །ཚིག་བཤད་པའི་ན་ཡམ་ཕར་ལ་སྐྱུར། །དོན་ཧྲིལ་གྱིས་དྲིལ་ན་འདི་རང་ཡིན། །རང་ངེས་པར་འཆི་བའི་དུས་བྱུང་ཚེ། །ལུས་ཡི་དམ་རྒྱལ་བ་རྒྱ་མཚོའི་སྐུ། །ལུས་ནང་སྟོང་ཕྲུ་མ་ཕུས་བཏབ་བཞིན། །རྩ་

(༦༨༨)དབུ་མ་ཁང་སྟོང་ཀ་བ་ལྟར། །དེ་མར་སྣེ་ལྟེ་འོག་ཕུག་རྡུག་སྟེ། །དཔེ་སྨྱུག་མའི་ཚིགས་པ་འགག་པ་བཞིན། །རྩ་ཕྱི་དཀར་ནང་དམར་སྟོང་སང་ངེ་། །རྩ་ཡར་སྣེ་སྤྱི་བོར་ཧད་པོ་སྟེ། །དཔེ་སྐར་ཁུང་བཞིམ་དུ་གསལ་ཧ་རེ། །གནས་སྤྱི་གཙུག་ཁྲུ་གང་ནམ་མཁའ་ལ། །གདན་པད་མ་སྟོང་ལྡན་ཟླ་བའི་སྟེང་། །རྗེ་ཡབ་སྲས་ལ་སོགས་བླ་མ་དང་། །དོན་དབྱེར་མེད་སྐྱབས་གསུམ་ཀུན་འདུས་པ། །རྗེ་རྒྱལ་བ་མགོན་པོ་འོད་དཔག་མེད། །སྐུ་རཱ་གའི་མདོག་ཅན་མཚན་དཔེ་རྫོགས། །སྐུ་ཆོས་གོས་རྣམ་གསུམ་སྐྱིལ་ཀྲུང་བཞུགས། །ཕྱག་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ནུབ་བདེ་བ་ཅན་དུ་བཞུགས་པ་དང་། །དོན་དབྱེར་མེད་ངོ་བོ་གཅིག་ཏུ་བསྒོམ། །དེ་ངག་གིས་ནུས་བསམ་མ་ནུས་ན། །སེམས་ཡིད་ཀྱིས་སྐྱབས་འགྲོ་ལན་གསུམ་དང་། །མ་འགྲོ་དྲུག་སེམས་ཅན་ཀུན་གྱི་ཕྱིར། །དུས་ད་རེས་འཆི་བ་ཆོས་སྐུར་སྦྱངས། །སངས་བར་དོ་ལོངས་སྤྱོད་རྫོགས་སྐུར་བཞེངས། །དུས་དེ་ནས་སྐྱེ་བ་སྤྲུལ་པའི་སྐུ། །ནུབ་བདེ་བ་ཅན་དུ་

(༦༨༩)བརྫུས་སྐྱེས་ནས། །རྗེ་འོད་དཔག་མེད་པ་མཆོད་བྱེད་ཅིང་། །དུས་ནམ་ཞིག་ས་བཅུ་ཐོབ་པའི་ཚེ། །ངས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། །མ་འགྲོ་དྲུག་སེམས་ཅན་འདྲེན་པ་ལ། །ལྷ་སྤྱན་རས་གཟིགས་དང་དབྱེར་མེད་ཤོག །དེ་སྙིང་ནས་ལན་གསུམ་སེམས་བསྐྱེད་བྱ། །ལུས་ལོངས་སྤྱོད་དགེ་རྩ་ཅི་ཡོད་དང་། །རང་སེམས་ལ་ཆགས་ཞེན་གང་ཡོད་ཀྱི། །ནོར་ལོངས་སྤྱོད་མཆོད་ཆ་དཔེ་ཆ་དང་། །ཡུལ་ཡོན་བདག་གྲྭ་སློབ་ཉེ་འབྲེལ་སོགས། །དེ་ཐམས་ཅད་མཎྜལ་གཅིག་ཏུ་བསྡུས། །རྗེ་འོད་དཔག་མེད་ལ་ཡིད་ཀྱིས་ཕུལ། །ངག་མཎྜལ་ཚིགས་བཅད་ལན་གསུམ་བརྗོད། །དཔེ་འབུལ་བ་ཚར་བའི་ཡོན་བདག་བཞིན། །དེ་ཕྱིན་ཆད་དེ་ཕྱོགས་སེམས་མི་འཕྲེང་། །ད་སུས་ཁྱེར་ཁྱེར་ལ་ཅི་བྱེད་གྱིས། །མི་ངས་ནི་ལྷ་ལ་ཕུལ་ཚར་སྙམ། །སེམས་ཆགས་ཞེན་ཅུང་ཟད་ཀྱིས་ཀྱང་གནོད། །དོན་དེ་ཕྱིར་ཆགས་འཛིན་རྩད་ནས་སྤངས། །རང་ཐུགས་ཀར་ཐུགས་དབུས་དབུ་མའི་ནང་། །ཧྲཱིཿདམར་པོ་ཚེགས་དྲག་

(༦༩༠)བཅས་པ་ལས། །ཧྲཱིཿདེ་འདྲ་རིམ་བཞིན་འཕྲོས་པ་ཡི། །མར་ངན་སོང་འགྲོ་བའི་སྒོ་གསུམ་པོ། །འོག་གཤང་ལམ་ཆུ་ལམ་ཐིག་ལེའི་ལམ། །ཡར་ཁ་ཡི་ལམ་དང་བཞི་པོ་བཀག །བར་མི་དང་ལྷ་མིན་འདོད་ལྷའི་ལམ། །གནས་ལྟེ་བ་སྣ་གཡོན་རྣ་གཡས་བཀག །མི་འཁོར་ལོས་བསྒྱུར་རྒྱལ་གྲུལ་བུམ་དང་། །ཡར་གཟུགས་ཁམས་རྣམས་སུ་སྐྱེ་བའི་ལམ། །མིག་གཡས་གཡོན་རྣ་བ་གཡོན་པ་བཀག །འདིར་འདོད་བཞེད་མང་སྟེ་ཐེ་ཚོམ་སྐྱུར། །གནས་གཟུགས་ཁམས་གཟུགས་མེད་སྐྱེ་བའི་སྒོ། །གནས་སྨིན་མཚམས་ཚངས་སྨེ་བདུད་སྒོ་བཀག །དེ་ཐམས་ཅད་ཧྲཱིཿཡིག་དམར་པོ་རེ། །འོད་སྲ་མཁྲེགས་ལྡན་པས་ཁྲིག་གེར་བཀག །དཔེ་ཐེམ་བུ་ཐེམ་གྱིས་དགགས་པ་བཞིན། །ལུས་ཆགས་འཇིག་གཉིས་ཀ་བྱེད་པའི་གནས། །རང་ལྟེ་འོག་དབུ་མའི་ནང་དེ་རུ། །གདན་པདྨ་དམར་པོ་འདབ་མ་བཞི། །དེའི་སྟེང་དུ་ཟླ་དཀྱིལ་ཆུང་ངུའི་སྟེང་། །རང་རྣམ་ཤེས་རླུང་སེམས་ཀུན་འདུས་པ། །དབྱིབས་ཐིག་ལེ་དཀར་ཟླུམ་སྲན་མ་ཙམ། །

(༦༩༡)མདོག་དཀར་དམར་མདངས་ལྡན་འབར་ལ་ཁད། །དཔེ་སྐར་ཁུང་ནང་ནས་མདའ་འཕངས་བཞིན། །ཡར་དབུ་མར་བརྒྱུད་དེ་རྒྱངས་སེ་ཐོན། །རྗེ་འོད་དཔག་མེད་པའི་ཐུགས་ཀར་བསྟིམས། །དེ་ཡང་ནས་མང་དུ་བསྒོམ་ཞིག་བྱ། །དཔེ་སྐར་མདའ་ཡང་ཡང་ཆད་པ་བཞིན། །ལན་ཧེར་གཅིག་ལས་ནི་མི་ཉུང་བྱ། །དུས་དེ་ནས་རང་ལུས་སྤྱན་རས་གཟིགས། །ལྷ་རྒྱལ་བ་རྒྱ་མཚོའི་ང་རྒྱལ་བསྐྱེད། །རང་གདམས་ངག་ཟབ་མོ་འདི་འདྲ་བསྒོམས། །མི་མི་འཆི་འདུག་ས་གཅིག་མེད་དེ། །མི་ང་ལས་སྐྱིད་པ་མེད་སྙམ་པའི། །སེམས་ཞུམ་པ་སྤང་ལ་ང་རྒྱལ་སྐྱེད། །འདི་ཤིན་ཏུ་གལ་ཆེན་ཡིན་པར་གསུངས། །རང་སྙིང་དབུས་པདྨ་ཟླ་སྟེང་དུ། །ཐུགས་ཧྲཱི༔ཡིག་ཡི་གེ་དྲུག་པས་བསྐོར། །ཧྲཱིཿའོད་ཟེར་ཉི་མ་ཤར་བ་བཞིན། །ལུས་ནང་ཀུན་ཤིན་ཏུ་གསལ་བར་བསྒོམ། །རང་སེམས་ངོ་གཏན་ནས་མ་རྟོགས་ཀྱང་། །འདི་ཁོ་ནས་ཐུགས་དམ་ཤིན་ཏུ་བརྟན། །སེམས་གནས་འགྱུ་ཙམ་ཡང་མི་ཤེས་

(༦༩༢)པའི། །ཁོང་དགེ་བཤེས་མང་པོའི་དགུང་ཞག་ལ། །སྤུར་བཀྲག་མདངས་མ་ཡལ་ཐུགས་དམ་བརྟན། །དེ་།ཐུགས་ཀའི་ཡི་དམ་ས་བོན་ལ། །སེམས་རིག་པ་གཏད་པ་མ་གཏོགས་པ། །གཞན་བསྒོམ་རྒྱུ་མེད་པ་ཐག་གིས་ཆོད། །རང་དེ་ནས་ཅི་ཡང་མི་བསྒོམ་པར། །སེམས་གང་ཤར་ངོ་བོར་ལྟ་བར་བྱ། །ལུས་ཕྱི་ནང་འབྱུང་བའི་ཐིམ་རིམ་དང་། །དུས་དེ་རྗེས་དཀར་ལམ་དམར་ལམ་དང་། །དེ་འཆར་ལུགས་དཔག་མེད་བཤད་ན་ཡང་། །ཡུན་རིང་པོ་མ་ཡིན་སེལ་གོལ་ཙམ། །དེ་སོ་སོར་ངོས་བཟུང་བྱ་མི་དགོས། །སེམས་ཁོ་རང་མ་གཏོགས་འཆར་རྒྱུ་མེད། །གང་ཤར་ཡང་དེ་ཡི་ངོ་བོ་བལྟ། །དེའི་ངང་ལ་ཕྱི་དབུགས་ཆད་མ་ཐག །ཕྱི་ལུས་ལ་ཚོར་བ་ཅི་ཡང་མེད། །ནང་སེམས་ཉིད་དྲན་མེད་ནག་ཐོམ་འགྲོ། །དུས་དེ་ཚེ་གདུང་བཅས་གཟོབ་ཅིག་སྨྲ། །ཡུན་འདི་འདུག་ཚོད་ཟིན་མེད་ན་ཡང་། །ལར་འཆི་ཁའི་སེམས་དེ་སྟོབས་ལྡན་པས། །དེ་གང་བསམ་ཐོག་ཏུ་འགྲོ་བའི་ཕྱིར། །མི་ཆོས་པ་རྣམ་དག་འགའ་ཞིག་ཀྱང་། །

(༦༩༣)འཕྲལ་འཆི་རྐྱེན་མཚམས་སྦྱོར་ངན་པའི་མཐུས། །དབུགས་འགྲོ་ཁར་ཞེ་སྡང་སྨོན་ལམ་གྱིས། །བདུད་ལྷ་སྲིན་དྲག་པོར་སྐྱེས་ལ་ལྟོས། །སྟོན་རྒན་རྒོན་འཆི་ཁ་ལོ་ཏོག་ལ། །སྲུག་མ་རག་བསམ་པའི་སེམས་ཀྱི་མཐུས། །སྟོན་འབྲས་དྲུག་འཛོམས་པ་དེ་ལ་ལྟོས། །སང་མི་འགྲོ་ཀ་མེད་གལ་ཆེན་དུས། །སང་ཐོ་རངས་སྐར་རྗེན་ཤར་ཙམ་ན། །འགྲོ་བསམ་པའི་གཉིད་ཁའི་དམ་བཅའ་དེས། །གཉིད་དེ་དུས་སད་དང་མཚུངས་པར་གསུངས། །རང་བཞག་བདུན་ལ་སོགས་ནམ་འདོད་པར། །རང་ཐུགས་དམ་འདུག་པའི་དམ་བཅའ་བཟུང་། །དེ་ཐོག་ཏུ་འགྲོ་བ་མྱོང་བས་གྲུབ། །ལུས་གདུང་བཅས་གཟབ་པ་ཚར་དུས་ཙམ། །ཁྱེད་ཐུགས་དམ་མ་ཡེངས་བརྗོད་དུ་བཅུག །དུས་དེ་དུས་ཚོགས་བརྒྱད་མི་གསལ་ཀྱང་། །མིང་གཞི་ཡི་འོད་གསལ་ཞེས་སུ་གྲགས། །དོན་ངོ་བོ་རྗེན་པར་ནང་ནས་འཆར། །དོན་དེ་ཡི་ངང་ལ་གནས་པར་བྱ། །ཕྱི་འབྲུག་སྒྲ་འུར་ཆོས་ལ་སོགས་ལ། །དེར་རྣམ་རྟོག་རག་

(༦༩༤)པ་མ་སྐྱེས་ན། །ནང་དེ་རུ་རྣམ་རྟོག་ཕྲའུ་འགའ། །དེ་སྐྱེས་ཀྱང་ཐུགས་དམ་མི་གྲོལ་ཏེ། །དོན་བར་དོ་ཐོས་གྲོལ་ངོ་སྤྲོད་ལས། །ཕྱིར་རྣམ་ཤེས་འཕོ་རྟགས་མ་བྱུང་བར། །མཆུ་རྣ་བར་མ་རེག་ཙམ་བྱས་ནས། །ཚིག་ངོ་སྤྲོད་ཡང་ཡང་བྱ་བར་གསུངས། །དེ་སྦྱོར་དྲུག་སྐོར་ནས་བཤད་དང་མཚུངས། །དོན་འདི་ཡང་ཉམས་ལེན་མྱོང་བས་གྲུབ། །གྲྭ་འཁོར་སླེབ་གདུང་བཅས་གཟབ་མཁས་ན། །དེ་ཐུགས་དམ་གྲོལ་ཡང་མི་ཡོ་ཞིང་། །དེ་མ་མཁས་པ་ཆོས་གཡང་ཡོ། །དོན་འདི་ཡང་མྱོང་བས་ལན་མང་གྲུབ། །དེ་ཐུགས་དམ་གྲོལ་དང་མ་གྲོལ་རྟགས། །འདི་བརྟག་གཞིག་ཤིན་ཏུ་ཞིབ་པ་གཅེས། །ལུས་མ་སྐམ་ཡིག་མ་ཆད་ཅིང་། །དེ་འཆི་ཁ་སྐོམ་རྩི་སྦྱོང་སྨན་མང་། །དེ་ཐུགས་དམ་གྲོལ་བ་མ་ཡིན་ཡང་། །ཁ་སྣ་དང་བུ་གར་རླན་སོགས་འབབ། །ལུས་སྐམ་སྒོག་ཡི་ག་ཡུན་རིང་ཆད། །དེ་ཐུགས་དམ་གྲོལ་བར་གྱུར་ཀྱང་ནི། །དེ་གྲོལ་རྟགས་སྣ་སྒོར་ཆུ་སེར་མེད། །དེ་གཉིས་པོ་མ་ཡིན་སྐྱི་མཚམས་ལ། །

(༦༩༥)དེ་གྲོལ་རྟགས་སྣ་ནས་ཆུ་སེར་འབབ། །ཁོང་ས་ལམ་ཐོན་པོ་ཡིན་ན་ནི། །དེ་ཆུ་སེར་འཐིག་པ་རིང་བསྲེལ་འགྱུར། །རང་འགའ་རེར་སྤྱི་བོར་ཆུ་སེར་འཕྲུམ། །ཡང་འཆི་ཁར་ཆུ་གཅིན་འགགས་བ་འགའ། །དེ་།ཐུགས་དམ་གྲོལ་རྟགས་ཆབ་གསིལ་འབྱུང་། །དོན་འདི་ཡང་མྱོང་བས་ལན་འགའ་འགྲུབ། །བཀའ་གསར་རྙིང་གཏེར་ཁ་གང་ནས་ཀྱང་། །མི་འཆི་དུས་འོད་གསལ་ཟིན་པའི་རྟགས། །ལུས་ཚུགས་ཐུབ་ཙོག་པུར་འདུག་མང་གསུངས། །ཕྱི་རྟགས་མཚན་ནམ་མཁའ་གཡའ་དག་ལ། །དེ་སྟོན་ཀ་ཡིན་ཀྱང་སད་མི་འབྱུང་། །ནང་རྟགས་མཚན་ཤ་བཀྲག་ཡུན་རིང་གནས། །དོན་གསང་བའི་རྟགས་མཚན་ཨ་ཡིག་དང་། །ཧཱུྃ་རིང་བསྲེལ་ལ་སོགས་འབྱུང་བར་གསུངས། །དོན་དེ་ཕྱིར་ལུས་ཚུགས་གདུང་བཅས་ཤེས། །དོན་བལྟ་ས་ཤ་བཀྲག་ཁོ་ན་ཡིན། །སྐུ་བགྲེས་དྲག་ཤ་བཀྲག་མེད་པ་ལ། །དེ་འདས་ཙ་གསར་དུ་གང་ནས་འབྱུང་། །དེ་འོན་ཀྱང་གསོན་དུས་སྐུ་མདོག་ལས། །

(༦༩༦)དེ་བག་ཙམ་དཀར་མདངས་སྣུམ་བག་ཆགས། །ཁོང་གཞོན་དུས་ཡིན་ཀྱང་གསོན་དུས་ལས། །མདོག་བག་ཙམ་དཀར་ཞིང་སྣུམ་འོད་ཆགས། །སྤྱན་ཟིམ་བུ་ཞལ་ཡང་འཛུམ་པ་འདྲ། །ཤང་མ་སྡིབ་རྣ་བ་མ་འབྱར་བར། །བཞིན་དཔྲལ་བའི་རྩ་རྣམས་ཚུར་ལ་ལངས། །ཚུར་སྐྱི་མ་འཐེན་ན་ཕར་ལ་རང་། །དབྱར་ཡིན་ཡང་སྦྲང་བུ་མི་འཁོར་རོ། །དགུན་ཡིན་ཡང་འཁེང་བར་མི་འགྱུར་ཏེ། །མདུན་དེ་རུ་ཉམས་ལེན་ཡོད་པའི་མི། །དེ་ཕྱིན་ཅིང་བསྡད་ན་ཉམས་རྟོགས་གསལ། །དེ་ཐུགས་དམ་ཡིན་པའི་རྟགས་སུ་ངས། །སྤོས་རོལ་མོ་གྱེར་དབྱངས་འཛེམ་སྲོལ་གདའ། །དེ་འཇོམ་སྲོལ་ཞག་མདུན་ཚུན་ལ་ཆེ། །དཔེ་མེ་སྟོག་ཆུང་ངུ་འདའ་སླ་བཞིན། །དེ་ཕན་ཆད་འོད་གསལ་ཆེར་མཆེད་པས། །དེ་འཇོམ་པ་མི་དགོས་གསུངས་སྲོལ་གདའ། །དོན་དེ་ཡང་བདེན་པར་མྱོང་བས་གྲུབ། །ད་འོན་ཀྱང་བླ་མ་ཁོང་ཉིད་དང་། །མཁོན་དམ་ཚིག་ཚབས་ཆེན་ཆགས་པའི་མི། །དེས་མཇལ་ན་ཐུགས་དམ་གྲོལ་རྐྱེན་བྱེད། །དེ་མིན་པའི་སུས་

(༦༩༧)མཇལ་གནོད་པ་མེད། །དོན་དེ་ལ་ནོར་ས་གཅིག་ཡོད་པས། །མི་སྡིག་ཅན་སེམས་ངོ་མི་ཤེས་པ། །དེ་འཆི་དུས་ལུས་ཚུགས་རང་འཚོ་ཐུབ། །ངོ་ནད་མེད་དུས་བཞིན་སྣུམ་རྩིག་གེ། །དེ་ཐུགས་དམ་ཟིན་པ་མ་ཡིན་ཏེ། །གདོན་དྲི་ཟ་ཕུང་པོར་ཞུགས་པ་ཡིན། །ཚབ་ཆེ་ན་རོ་ལངས་བྱེད་ཉན་ཡོང་། །དེ་ཆོས་དྲུག་རྒྱས་པའི་ནང་ནས་གསལ། །དོན་འདི་ཡང་ལན་མང་མྱོང་བས་གྲུབ། །རོས་ཚིག་སྨྲ་བཤུད་པ་བྱེད་ཅེས་ཐོས། །ལུས་སྐམ་པའི་ཐུགས་དམ་གྲོལ་རྟགས་ནི། །ཁྲག་ཆུ་སེར་གཅིན་སོགས་མ་བྱུང་ཀྱང་། །མདོག་ཉམས་ཤིང་སྣ་ཞོམ་མིག་འབྲས་སྡིབ། །དབྱར་ཡིན་ན་སྦྲང་བུ་འཁོར་བ་དང་། །དགུན་ཡིན་ན་ལུས་པོ་ཁེངས་འདུག་ན། །དེ་ཐུགས་དམ་གྲོལ་བའི་རྟགས་སུ་ངེས། །སྤུར་ཞུ་ཁ་ཐུགས་དམ་གཤེགས་གསོལ་ཞེས། །དེས་ལུས་ལྷ་དབང་ལྷ་བསྟིམས་པ་རྣམས། །དེ་མཆོད་བསྟོད་བྱ་ཞིང་གཤེགས་གསོལ་བྱ། །ལྷ་རྣམ་སྣང་དམ་ཚིག་གཙོ་རྐྱང་ཞིག །སླར་བསྐྱེད་ནས་ཡེ་ཤེས་མི་

(༦༩༨)བསྟིམ་པར། །དུས་དེ་ནས་གནས་ཡིག་སོགས་སྦྱར་ཏེ། །དེ་མ་བྱས་ཕུང་པོ་བསྲེག་པ་ན། །དེར་ལུས་ལྷ་དཀྱིལ་འཁོར་ཡོངས་རྫོགས་པ། །དེ་བཤིག་པས་སྡིག་པ་ཆེ་ཞེས་གསུངས། །དེ་བྱས་ན་རྟེན་ཤུགས་ཆུང་བ་འབྱུང་། །དོན་ལྷ་དང་ཁོང་གཉིས་དབྱེར་མེད་དུ། །དེ་བསྒོམ་ནས་སྲེག་བླུགས་ཕུལ་བ་ལ། །སྡིག་མི་འབྱུང་ཡོན་ཏན་རྟེན་ཤུགས་ཆེ། །དེས་བདུང་སྒོ་ཐིལ་སོགས་མི་དགོས་པར། །འཕྲལ་ཉིད་ནས་བྱོན་པའི་རྟེན་ཞལ་རུང་། །ཡང་གལ་ཏེ་གཤེགས་གསོལ་བྱས་ན་ནི། །སླར་གདུང་སྒོ་ཞག་གསུམ་མཐིལ་བྱས་ཏེ། །དེར་ཁོང་གི་ཡི་དམ་དཀྱིལ་འཁོར་བསྐྱེད། །དེར་ཞག་གསུམ་སྤྱན་འདྲེན་མཆོད་གཏོར་འབུལ། །དེ་མི་གཤེགས་རུས་བུ་རྣམས་ལ་བསྟིམ། །རྔ་རོལ་མོ་དང་བཅས་བྱིན་འབེབ་བྱ། །སྔགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། །སླར་བཀྲ་ཤིས་བརྗོད་ནས་རྟེན་ཞལ་བསྟན། །དེར་མེ་ལོང་ངོས་ནས་ཁྲུས་གསོལ་འབུལ། །རྟེན་འབྱོན་ལུགས་བཏགས་གྲོལ་གཞུང་མཐུན་འབྱུང་། །ཚེ་སྔོན་གྱི་ལས་འབྲས་ཁྱད་པར་གྱིས། །ཚེ་འདི་ལ་ཐུགས་

(༦༩༩)དམ་རྩེ་གཅིག་པའི། །ལྷ་སྐུ་དང་སྔགས་སོགས་མི་འབྱུང་ཞིང་། །དོན་མེད་པའི་ལྷ་སྔགས་འབྱོན་སྲིད་ཀྱང་། །ལྷ་ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །དེར་ཐེ་ཚོམ་བསྐྱེད་པར་མི་བྱའོ། །ཚེ་འདི་ལ་ཐུགས་དམ་དཔག་མེད་ཅིང་། །སྔགས་བསྙེན་སྒྲུབ་མང་དུ་ཐེམ་པ་ལ། །གཞུང་རྣམས་ནས་བཤད་ལྟར་རྟེན་འབྱོན་ཏེ། །དོན་སྟོང་ཉིད་ཁོ་ན་བསྒོམས་པ་ལ། །ཕྱི་ནམ་མཁའ་གཡའ་དག་མ་གཏོགས་པར། །རྟེན་ཅི་ཡང་འབྱོན་པར་མ་གསུངས་པས། །རྟེན་ཅི་ཡང་བྱོན་པར་མ་གྱུར་ན། །ཁོང་སྦྱིན་བདག་དད་པ་མི་ལོག་ཕྱིར། །རྟེན་བཟོ་ཐབས་མང་པོ་གསུངས་ན་ཡང་། །དེ་ཇོ་བརྫུ་ཛུན་ཚིག་ཆེ་བའི་ཕྱིར། །རང་འདུལ་ཁྲིམས་སྡོམ་པ་ཉམས་དོགས་མཆིས། །དོན་དེ་ཕྱིར་རྟེན་བཟོ་སྤང་བར་བྱ། །རྟེན་རིང་བསྲེལ་བྱོན་ངེས་ཡིན་ན་ཡང་། །དོན་དེ་ལ་རབ་འབྲིང་ཐ་མ་གསུམ། །རབ་ས་ཐོབ་ཡན་གྱི་འཕགས་པའི་གདུང་། །དེ་སྲ་མཁྲེགས་གཞོམ་ཞིག་བྲལ་བ་སྟེ། །དེ་ཡིན་མིན་ལྕགས་གཏུན་ནང་དུ་བཞག །དེ་

(༧༠༠)གཏུན་མདིལ་ལྕགས་ཀྱིས་དྲག་བསྣུན་ན། །དེ་མི་འཆགས་ལྕགས་ལ་རྗེས་གཏོད་པ། །དེ་རྫོགས་སངས་རྒྱས་དང་རང་རྒྱལ་དང་། །དགྲ་བཅོམ་པའི་རིང་བསྲེལ་ཡིན་པའི་རྟགས། །མདོག་དཀར་སེར་དམར་ལྗང་མཐིང་ག་ལྔ། །མིང་ཤ་རི་རམ་དང་ཆུ་རི་རམ། །གདུང་མེ་རི་རམ་དང་ཉ་རི་རམ། །དེ་པཉྩ་རམ་དང་རྣམ་པ་ལྔ། །དེ་གདུང་ལྔ་མཐོང་རེ་གདོན་དང་ལྡན། །ཡང་རིང་བསྲེལ་ནག་པོ་དམྱལ་བའི་རྒྱུ། །མདོག་དམར་ནག་ཁམ་ནག་དུད་ཁའི་མདོག །དེ་བདུད་དང་སྲིན་པོར་སྐྱེ་གསུངས་ཀྱང་། །དེ་སྤྱིར་བཏང་ཡིན་གྱི་ངེས་ཏིག་མེད། །སྔོན་ཇོ་བོ་རྗེ་ལའང་ནག་པོ་མང་། །དེ་མན་ལ་སྐུ་གདུང་མིང་མི་ཐོབ། །མདོག་རིགས་ལྔ་བྲ་ཞིབ་སྣུམ་ལ་འདྲིལ། །དེ་བརྡུད་ན་འཆག་པས་རྡུང་ནི་བདུབ། །སྣོད་ཐེབ་རྩེ་གཙང་མར་ཉི་མའི་ནང་། །རྟེན་ལི་མ་ཚད་པས་ཐག་གིས་ལེན། །དེ་བྱིན་རླབས་ལྡན་པའི་རི་བསྲེལ་རྟགས། །ཡང་བཟོ་མ་རྡོ་ལི་རིང་བསྲེལ་སོགས། །རྟེན་ལི་མས་ལེན་པ་མ་ཡིན་ནོ། །དོན་ལོག་པའི་སྡིག་པ་རིང་བསྲེལ་ནི། །མི་མཚམས་

(༧༠༡)མེད་སྡིག་སྟོབས་ཅན་ལ་འབྱུང་། །དེ་མིན་པའི་ལས་ངན་བདུད་སྤྲུལ་གྱི། །རོ་བསྲེག་ཚེ་བེ་ཀར་རྒྱལ་པོ་དེས། །ཁོས་བར་ཆད་སྲོ་མ་སྤར་གང་བཏབ། །དེ་མི་འོས་རིང་བསྲེལ་ཆན་ཆེར་འབྱུང་། །དེ་དད་གུས་བྱས་ཚད་ངན་འགྲོར་ལྟུང་། །དེ་བཞིན་དུ་བྱ་ཕག་ཉ་ལ་སོགས། །བར་སྐྱེ་བ་གཞན་གྱིས་མ་ཆོད་པར། །ལུས་སྐྱེས་བདུན་བརྩེགས་མར་བླངས་པ་ཡི། །སྤྱིར་སེམས་ཅན་སུ་ལའང་རིང་བསྲེལ་འབྱུང་། །དེ་མཚན་མ་རྫས་ཀྱི་རིང་བསྲེལ་ཡིན། །ཕག་རིང་བསྲེལ་ཅན་གྱི་ཤ་ཟོས་ན། །དེ་དམྱལ་བར་འགྲོ་ཞེས་ཀུན་ལ་གྲགས། །མི་དལ་འབྱོར་ཆོས་ལྡན་སྐྱེ་བ་བདུན། །དེ་བརྩེགས་མར་བླངས་ལ་རིང་བསྲེལ་འབྱུང་། །ཤ་རུས་པ་སྐྱེ་བདུན་རུ་རྩིའི་རྫས། །ལར་རྟེན་བཟོ་ལ་སོགས་མིན་ངེས་ན། །སྐུ་ཡིག་འབྲུ་བྱོན་ལ་འཁྲུལ་པ་མེད། །དབུ་བུམ་རིལ་དུང་དཀར་གཡས་འཁྱིལ་སོགས། །དེ་བྱོན་ན་མཆོག་སྟེ་ནོར་འཁྲུལ་མེད། །ཐུགས་ལྗགས་དང་སྤྱན་གཉིས་གྲགས་ཆེ་ཡང་། །དེ་བྱོན་པ་དང་ནི་མ་བྱོན་གཉིས། །དོན་

(༧༠༢)བསྲེགས་ཚོད་ཟིན་དང་མ་ཟིན་ཁྱད། །དབྱིབས་གདུང་གཡོག་ལག་པའི་འདུ་བྱེད་ཙམ། །དུས་དེང་སང་ཐུགས་ལྗགས་སྤྱན་འབྲས་ཟེར། །འདི་ནོར་ས་མཚར་པོ་གདའོ་ཨང་། །འདིར་གདུང་གཡོག་རིག་པ་རྣོ་བ་གཅེས། །རྟེན་བྱོན་ལ་ཁྲུས་གསོལ་རབ་གནས་བྱ། །དེ་མ་བྱས་སྐུ་དང་ཡིག་འབྲུ་རྣམས། །དེ་དང་པོ་གསལ་ཡང་མི་གསལ་འགྲོ། །རྟེན་རིང་བསྲེལ་ཕྲ་ཞིབ་མི་སྣང་ཡལ། །མི་དད་ལྡན་དམ་ཚིག་གཙང་བའི་མགུལ། །ཅི་མ་བྱོན་རུས་དུམ་བཏགས་པ་དེར། །སྐུ་ཡིག་འབྲུ་རིང་བསྲེལ་བྱོན་པ་སྣང་། །དེ་བཞིན་དུ་གདུང་ཐལ་ཐུམ་བུའི་ནང་། །སྔར་མེད་པའི་རིང་བསྲེལ་འབྱུང་བའང་སྣང་། །མི་དམ་ཉམས་ལོག་ལྟ་ཆེ་བའི་མགུལ། །སྔར་བྱོན་པ་ཕྱིས་ནས་མེད་པའང་འབྱུང་། །དོན་དེ་ཚོ་ངོ་མཚར་རྨད་དུ་བྱུང་། །དོན་དེ་ཚོ་ཕལ་ཆེར་མྱོང་བས་གྲུབ། །ཨེ་མ་ཧོ། །གལ་ཏེ་ཐུགས་དམ་བརྟན་པོ་མ་ཟིན་ན། །ཞག་གསུམ་ཉི་མའི་དྲོས་བཞི་དུས་འཕོས་ན། །བར་དོའི་ཡིད་ལུས་མ་བླངས་སྐབས་དེ་ལ། །འོད་གསལ་ཕྱག་ཆེན་ངོ་བོ་རྗེན་པར་འཆར། །དེ་ཚེ་དེ་

(༧༠༣)ཉིད་ངོས་བཟུང་དེ་ངང་བཞག །དེ་ཡི་ངང་ལ་ཡུན་རིང་གནས་པ་ན། །འོད་གསལ་གཉིས་པ་ཞེས་བྱ་ཟིན་པ་ཡིན། །དེ་ཉིད་མ་ཟིན་རིན་ཡང་ཡུན་ཐུང་ན། །བར་དོ་ཡིད་ཀྱི་ལུས་སུ་ཁྲོང་གི་སྐྱེས། །དེ་དུས་གདོས་བཅས་ཤ་ཁྲག་ལུས་མེད་ཀྱང་། །རྨི་ལམ་དུས་ལྟར་ལུས་གཅིག་ཡོད་སྣང་འབྱུང་། །ཤིའམ་མ་ཤི་རང་གི་ངོ་མི་ཤེས། །སྔར་བཞིན་ཁྱིམ་དང་ཉེ་སྐོར་དེ་རུ་འཁོར། །དེ་ནས་རྣམ་སྣང་ལ་སོགས་ཞི་ཁྲོའི་ལྷ། །རིམ་པ་བཞིན་དུ་འཆར་པར་བཤད་ན་ཡང་། །སྔོན་དུ་འོད་གསལ་བརྟན་པོ་ཟིན་ན་ནི། །དེ་ནས་ལྷ་རྣམས་གཅིག་ཀྱང་མི་འཆར་སྲེད། །བར་དོ་གཉིས་པ་ཅུང་ཟད་ཟིན་ནས་ནི། །ཞག་བརྒྱད་དུས་སུ་སྣང་བ་མཐའ་ཡས་འཆར། །འོད་གསལ་མ་ཟིན་ཞག་བདུན་ཉིན་བར་འཆར། །ཐོས་གྲོལ་སྣང་བ་མཐའ་ཡས་འཆར་གསུངས་དང་། །མདོ་ལས་བདེ་བ་ཅན་དུ་སྐྱེ་རྒྱུ་རྣམས། །མདུན་དུ་འོད་དཔག་མེད་པ་འབྱོན་གསུངས་པ། །དོན་གཅིག་ཞག་བརྒྱད་ཉིན་པར་འཆར་བར་ངེས། །དེ་ཕྱིར་ཞག་བདུན་ཐུགས་དམ་འདུག་པ་དང་། །

(༧༠༤)།ཐུགས་དམ་གྲོལ་དང་འོད་དཔག་འཆར་བ་གཉིས། །དུས་མཉམ་འོང་རྒྱུ་བྱས་པས་ལེགས་པ་སྟེ། །ད་ལྟ་བློ་རྩེ་གཏད་ཕྱོགས་སྨོན་ལམ་མཐུས། །ངེས་པར་འཆར་ཞིང་དེ་ཡང་ངོས་ཟིན་ཏེ། །ཟིན་རྟགས་མཁའ་ལ་འཇའ་ཚོན་ངོ་མཚར་བ། །དམར་སེར་ཤས་ཆེ་ཁ་དོག་ལྔ་ལྡན་འབྱུང་། །འདི་ཡང་ལག་ལེན་མྱོང་བས་གྲུབ་པ་ཡིན། །དེས་ནི་ངེས་པར་བདེ་ཆེན་ཞིང་དུ་སྐྱེ། །དེ་ནི་གང་ཟག་ཐ་མའི་འབྲིང་དུ་བརྩི། །དེ་ལྟར་ཐུགས་དམ་བཟུང་ལུགས་དེ་བྱས་པས། །དང་པོ་སྐྱབས་འགྲོ་བྱས་པས་རྒྱབ་བརྟེན་བཟང་། །དེ་ནས་སེམས་བསྐྱེད་བསམ་པའི་བཟོ་རྒྱ་ལེགས། །འབུལ་བ་ཚར་བའི་ཀ་ཆ་གར་སོང་ཡང་། །ཡོན་བདག་དེ་ལ་ཆགས་ཞེན་མི་སྐྱེ་ལྟར། །མཎྜལ་ཕུལ་བས་ཆགས་ཞེན་འཁྲི་བ་ཆོད། །སྒོ་དགུ་བཀག་པས་ལོག་པའི་ལམ་མི་འགྲོ། །དང་པོ་འཕོ་བའི་དམིགས་པ་བསྒོམས་པ་ངེས། །ཐུགས་དམ་མ་ཟིན་པའམ་འགྲོགས་ཤོར་ཡང་། །ཚངས་བུག་མ་གཏོགས་སྒོ་གཞན་དིར་མི་འགྲོ། །རང་ལུས་ལྷར་བསྒོམ་ཧྲཱིཿལ་སེམས་གཏད་པས། །ཐུགས་དམ་བརྟན་པོ་ཟིན་

(༧༠༥)ཅིང་འགྲོགས་པར་དཀའ། །ཐུགས་དམ་བརྟན་ཅིང་གསལ་པོ་ཟིན་པ་དེས། །སྦྱིན་བདག་དད་ཅིང་གྲྭ་སློབ་ངོ་སོ་མཐོ། །ཕྱི་རབ་ཆོས་པ་ཀུན་གྱིས་བསྟན་ལ་ཕན། །ཞག་བདུན་བཞུགས་ནས་ཞག་བརྒྱད་ཉིན་འཕོས་པས། །འོད་དཔག་འབྱོན་དང་འཕྲད་པས་རང་ཉིད་འཚེངས། །གྲྭ་སློབ་རྣམས་ལ་སྟབས་བདེ་རིང་ཐུང་མཚམས། །འདི་ལྟར་འཕོ་བ་ཐུགས་དམ་ཟུང་འཇུག་ལ། །ཐོས་རྒྱ་ཆུང་བའི་རྨོངས་པ་འགའ་ཞིག་གི། །འཕོ་བ་ཐུགས་དམ་འགལ་ཞེས་འཕྱ་ཐོས་ཀྱང་། །ཆོས་སྐུའི་འཕོ་བ་ཐུགས་དམ་དོན་གཅིག་སྟེ། །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལུས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །གསུང་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ལོངས་སྐུའི་འཕོ་བ་ལྷ་སྐུ་བསྒོམ་པ་དང་། །ཆོས་སྐུའི་འཕོ་བ་དམིགས་མེད་འཇོག་པ་གཉིས། །འགལ་ལོ་སྙམ་དུ་ཐེ་ཚོམ་སྐྱེས་པ་ན། །བསྐྱེད་

(༧༠༦)རྫོགས་ཟུང་འཇུག་ཉམས་ལེན་མེད་པའི་རྟགས། །འདི་དང་ཕྱི་མ་བར་དོ་གསུམ་ཀ་ལ། །ཉམས་ལེན་གཅིག་གིས་ས་ལམ་གཅོད་དགོས་པས། །སྤྱི་བོར་འོད་དཔག་རང་ལུས་སྤྱན་རས་གཟིགས། །ཐུགས་ཀར་ཧྲཱིཿལ་སེམས་གཏད་ངོ་བོ་སྐྱོང་། །བསྐྱེད་རྫོགས་ཟུང་འཇུག་དེ་ཡི་ངང་དུ་འཆི། །འཕོ་བ་ཐུགས་དམ་ཟུང་འཇུག་གདམས་ངག་ཟབ། །གལ་ཏེ་ཉམས་ལེན་ལྡན་པའི་གང་ཟག་ཀྱང་། །སྐམ་པོའི་ལག་སྟབས་ཆུ་ནང་མི་འོང་དཔེ། །མཚམས་སྦྱོར་ངན་པས་ཤིའམ་གནད་གཅོད་ཆེ། །འཆི་ཁར་སྨྱོ་འམ་དབང་པོ་མི་གསལ་འཐིབས། །དེ་འདྲའི་རྐྱེན་གྱིས་བསྐྱེད་རྫོགས་མ་ཟིན་ན། །གང་ཟག་དབང་པོ་རབ་འབྲིང་ཉེར་གཅིག་གིས། །ཐ་མའི་ཡང་མཐའ་གྲོལ་བའི་གདམས་ངག་སྟེ། །འཆི་ཁའམ་བར་དོ་གྲོལ་བ་མ་ཐོབ་ན། །ཕྱི་མ་སྤྲུལ་སྐུའི་དྲུང་དུ་དབུགས་དབྱུང་ཐབས། །འཆི་ཁར་འཕོ་བ་ཐེབས་སམ་མ་ཐེབ་རུང་། །འཆི་དུས་འོད་གསལ་ཟིན་ནམ་མ་ཟིན་རུང་། །ཞི་ཁྲོའི་ལྷ་ངོས་ཟིན་ནམ་མ་

(༧༠༧)ཟིན་རུང་། །ཤི་ནས་བདུན་ཕྲག་ཕྱེད་གསུམ་ཙམ་གྱི་དུས། །རང་ཉིད་ཤི་བ་ཡིན་པར་ཐག་ཆོད་ཅིང་། །ཟག་བཅས་མངོན་པར་ཤེས་པ་ཤིན་ཏུ་གསལ། །རྫུ་འཕྲུལ་ཐོགས་མེད་གར་འགྲོ་རང་དབང་ཆེ། །ཤི་བས་སེམས་སྡུག་གཉེན་ལ་རེ་མཁང་ཆེ། །སྡིག་པ་གང་བྱས་དྲན་ཅིང་འགྱོད་པ་ཆེ། །གཤིན་རྗེའི་ཕོ་ཉ་འོང་དོགས་སྐྲག་པ་ཆེ། །ད་རེས་དམ་ཆོས་མ་འགྲུབ་ཞེ་འགྱོད་ཆེ། །ས་ཕྱོག་ཡུལ་རིས་ནོར་ལ་ཆགས་སེམས་ཆེ། །ཉེ་དུ་མཐུན་གྲོགས་རྣམས་ལ་གདུང་སེམས་ཆེ། །དག་པའི་ཞིང་དུ་འགྲོ་དབང་ཡོད་ན་ཡང་། །ཐག་རིང་འགྲོ་ཤེས་མི་ནུས་ཕྱོགས་དེར་ཆགས། །ཉེ་སྐོར་འདི་རུ་མི་ལུས་གཅིག་ལོན་ན། །དེ་ནས་དམ་ཆོས་གཤའ་མ་བྱེད་དོ་སྙམ། །དེ་ཡང་མགྱོགས་དགོས་ཡུན་རིང་བསྒུག་ལོངས་མེད། །གཤིན་རྗེའི་ཕོ་ཉས་ཁྲིད་ནས་གཤིན་རྗེའི་མདུན། །དགེ་སྡིག་གཤག་རལ་ཞིབ་ཏུ་བྱེད་དགོས་ན། །དགེ་སྡིག་གང་མང་མི་ཤེས་སྐྱོན་རེ་ཆེ། །དེ་བས་མྱུར་

(༧༠༨)དུ་ལུས་ལེན་བསམ་ནས་ཚོལ། །ས་རྡོའི་བར་དུའང་ལུས་པོ་བརྫོང་ལ་ཐུག །དེ་ཚེ་གངམས་ངག་འདི་ཉིད་དྲན་པར་གྱིས། །ཀྱེ་མ་ཀྱི་ཧུད་བསྐལ་པ་གྲངས་མེད་ན། །འཁོར་བ་འདི་ནས་མ་ཐར་གཉུག་རེ་བུད། །སྔོན་བྱོན་སངས་རྒྱས་གྲངས་མེད་བསྟན་པ་ལ། །བདག་ནི་ད་དུང་མ་གྲོལ་ལས་རེ་ངན། །སྐྱེ་འཆི་གྲངས་མེད་དེ་ཙམ་མྱོང་བ་ལ། །ད་དུང་འཚེར་སྣང་མེད་པ་སྙིང་རེ་རུལ། །ངན་སོང་གནས་སུ་ལྟུང་ན་ཡ་རེ་ང་། །མཐོ་རིས་བདེ་བ་མི་རྟག་རྨི་ལམ་ཙམ། །དེང་སང་དུས་ངན་སྙིགས་མ་བསྟན་པའི་མཇུབ། །མི་ལུས་བླངས་ན་སྡུག་བསྔལ་རིན་གྱིས་ཉོས། །སངས་རྒྱས་རྣམས་ཀྱིས་འགྲོ་དོན་འགྲུབ་དཀའ་ན། །འགྲོ་དོན་པར་སྐྱུར་ངན་སོང་ལྟུང་ཉན་ཆེ། །ད་ནི་འཁོར་བའི་གནས་འདིར་འདུག་རེ་ཀན། །སྡུག་བསྔལ་ཀུན་བྲལ་གཏན་བདེ་འགྲུབ་པའི་གནས། །བདེ་བ་ཅན་གྱི་ཞིང་དེར་མ་འགྲོ་རེ། །བློ་གཏད་བཅས་པའི་བླ་མ་ཡི་དམ་ལྷ། །བསྙེན་ཅིང་བསྒྲུབ་པའི་མཁའ་འགྲོ་ཆོས་སྐྱོང་ཚོགས། །བདག་ནི་བར་དོར་ཁྱམ་པ་གཟིགས་

(༧༠༩)ལགས་སམ། །ཐུགས་རྗེ་ཐུགས་དམ་ཕྲིན་ལས་དུས་ལ་བབས། །བདེ་བ་ཅན་གྱི་ཞིང་དེར་ལམ་སྣ་དྲོངས། །ཞེས་སོགས་ལྷ་དང་བླ་མར་འབོད་པ་བྱ། །སྨན་བླ་ཐུགས་དམ་བྱས་པའི་མི་ཡིན་ན། །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་དེར་བྱོན་ནས། །བདེ་བ་ཅན་དུ་འགྲོ་བའི་ལམ་སྟོན་པར། །སྨན་བླ་མཆེད་བདུན་མདོ་ལས་གསུངས་པ་ཡིན། །ཕྱག་བཞི་པ་དང་ཞིང་སྐྱོང་ལ་སོགས་པ། །བསྙེན་ཅིང་བསྒྲུབས་པའི་གང་ཟག་ཡིན་ན་ནི། །དེར་འབྱོན་བདེ་བ་ཅན་དུ་ཁྲིད་པ་ནི། །ཕྱག་བཞི་པ་ཡི་གྲི་གུག་བརྩེགས་རྒྱུད་དང་། །ཞིང་སྐྱོང་སྲོག་རྒྱུད་ནང་ནས་གསལ་བར་གསུངས། །གལ་ཏེ་དམ་ཚིག་ཆགས་ཉམས་ཀྱིས་སྒྲིབ་ན། །ལམ་སྟོན་བྱེད་མཁན་ལྷ་ཡང་མ་མཐོང་ཞིང་། །བར་དོར་ཉི་མ་ཟླ་བ་མི་སྣང་བས། །ནུབ་ཀྱི་ཕྱོགས་དེ་གང་ཡིན་མ་ཤེས་ན། །བདེ་བ་ཅན་གྱི་ཞིང་དང་འོད་དཔག་མེད། །ཡིད་ལ་དུང་དུང་བསྒོམ་ཞིང་སོང་བས་ན། །ཞིང་ཁམས་དེ་རུ་ངེས་པར་ཕྱིན་པ་ནི། །དགོངས་འདུས་ཐུགས་རྗེ་ཆེན་པོ་ལ་སོགས་

(༧༡༠)པ། །ཨོ་རྒྱན་གྱིས་མཛད་བྱང་བུའི་ལམ་བསྟན་གསལ། །འཇིག་རྟེན་ཁམས་ནི་གང་གཱའི་བྱེ་མ་སྙེད། །འདས་པའི་ཕ་རོལ་ས་ཐག་རིང་ན་ཡང་། །མི་ཕྱིན་པ་ཡི་དོགས་པ་མེད་པ་སྟེ། །མགྱོགས་བུལ་ད་ལྟའི་འགྱུ་བ་འདི་ཉིད་ཡིན། །དེ་ཕྱིར་མ་ཆགས་མ་ཞེན་ཐེ་ཚོམ་སྤངས། །བྱ་རྒྱལ་རྒོད་པོ་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་སུ་ཁ་གཏད་ནམ་མཁའི་དབྱིངས། །བྱ་རྒྱལ་རྒོད་པོས་གནམ་འཕངས་སྤྱོད་བཞིན་སོང་། །འདི་ནས་འགྲོ་དང་ཞིང་དེའི་བར་ལམ་དུ། །ཁྱོད་ཀྱི་ཕ་མ་ཉེ་འདུ་མཐུན་གྲོགས་རྣམས། །ང་ཡིན་མ་འགྲོ་མ་སྐྱུར་འདིར་ཤོག་ཟེར། །མིང་ནས་འབོད་ཅིང་སྨྲེ་སྔགས་འདོན་པ་ན། །བདུད་བགེགས་ལོག་འདྲེན་ཐར་བའི་བར་ཆད་ཡིན། །ཕྱི་མིག་མ་ལྟ་སྐད་ལེན་མ་བྱིན་ཅིག །སངས་རྒྱས་འོད་དཔག་མེད་པ་མ་གཏོགས་པ། །ཡིད་ལ་ཅི་ཡང་བསྒོམ་པར་མ་བྱེད་ཅིག །བདེ་བ་ཅན་གྱི་བདེ་སྐྱིད་མ་གཏོགས་པ། །ཅི་དང་གང་ལའང་འདོད་སེམས་མ་སྐྱེད་ཅིག །དེ་བྱས་བདེ་བ་ཅན་དུ་

(༧༡༡)ཕྱིན་པར་ངེས། །ཞིང་དེར་དེ་བཞིན་གཤེགས་པ་འོད་དཔག་མེད། །པདྨ་རཱ་གའི་རི་འདྲ་འོད་ཟེར་འབར། །ཞལ་མཇལ་སྐུ་ཡི་འོད་ཟེར་ཕོག་མ་ཐག །ལས་དང་ཉོན་མོངས་སྒྲིབ་པ་ཕལ་ཆེར་དག །སྐུ་རྒྱབ་བཏད་པའི་བྱང་ཆུབ་ཤིང་ཆེན་དེ། །མཐོང་བས་ཡོན་ཏན་དཔག་མེད་རྒྱུད་ལ་སྐྱེ། །དེ་ནས་མེ་ཏོག་པདྨ་ཁ་ཟུམ་པ། །གཅིག་ལ་ང་ཡིས་ཡིན་སྙམ་ཆགས་སེམས་སྐྱེ། །དེ་མ་ཐག་ཏུ་དེ་ནང་བརྫུས་ཏེ་སྐྱེ། །སྐྱེས་མ་ཐག་ཏུ་ལུས་རྫོགས་མཚན་དཔེས་བརྒྱན། །ད་ལྟ་མི་སྐྱེ་དོགས་པར་ཐེ་ཚོམ་ན། །ལོ་གྲངས་ལྔ་བརྒྱར་མེ་ཏོག་ཁ་མི་ཕྱེ། །བདེ་སྐྱིད་ལྡན་ཡང་སངས་རྒྱས་ཞལ་མཐོང་འཕྱི། །ཐེ་ཚོམ་མེད་ན་དེ་མ་ཐག་ནས་བྱེ། །སངས་རྒྱས་མཆོད་ཅིང་དམ་ཆོས་ཐོས་པ་དང་། །བྱང་ཆུབ་མཆོག་གི་ལུང་བསྟན་ཐོབ་པར་འགྱུར། །དེར་སྐྱེས་ཕྱིར་ལ་ལྟུང་བ་མི་སྲིད་པས། །འབྲེལ་ཐོགས་ལ་སོགས་འདྲེན་དགོས་མང་ན་ཡང་། །རྫུ་འཕྲུལ་སྟོབས་ཀྱིས་དམྱལ་བ་བར་དོ་སོགས། །བགྲོད་ཅིང་དེ་དག་འདྲེན་པས་ཆོག་

(༧༡༢)པ་ཡིན། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཞིང་ཁམས་དེ་རུ་སྨོན་ལམ་བཏབ་པ་དང་། །སངས་རྒྱས་འོད་དཔག་མེད་ལ་རྩེ་གཅིག་དད། །དགེ་སྡིག་གཉིས་ལས་དགེ་བ་སྟོབས་ཆེ་ན། །ཞིང་དེར་སྐྱེ་བ་འོད་དཔག་སྨོན་ལམ་སྟོབས། །ཁྱད་པར་མན་ངག་འདི་ཡོད་ཐེ་ཚོམ་མེད། །སེམས་བསྐྱེད་མི་ལྡན་སྨོན་ལམ་མ་བཏབ་དང་། །སྡིག་ཤས་ཆེ་བ་རྣམས་ནི་དེར་མ་གཏོགས། །ཆོས་སྒོར་མ་ཞུགས་རྣམས་ནི་ག་ལ་གཏོགས། །འོན་ཀྱང་དབང་བསྐུར་མཚན་ཐོས་ཕན་ཡོན་དང་། །རྗེས་ནས་བསྔོ་བ་སྨོན་ལམ་མཐུར་ཤུགས་ཀྱིས། །དུས་མཐར་སྐྱེ་བའི་རྒྱུ་རུ་འགྱུར་བ་སྟེ། །དེ་དོན་འབྲེལ་པ་ཐོགས་ཆོག་ནང་དུ་གསལ། །དེ་ཕྱིར་དབང་ཐོབ་ཙམ་དང་མཚན་ཐོས་ཙམ། །ཡབ་སྲས་ཞལ་མཐོང་ཙམ་གྱིས་སྐྱེ་གསུངས་པ། །རྫུན་དུ་མི་འགྱུར་དེ་ལ་དགོངས་པ་ཡིན། །དེ་ཕྱིར་དགེ་རྩ་ཅུང་ཟད་ཙམ་རེས་ཀྱང་། །ཞིང་དེར་སྐྱེ་གསུངས་དོན་དེ་ཤེས་པར་གྱིས། །

(༧༡༣)དེ་དོན་བརྩོན་འགྲུས་རྒྱ་མཚོ་ཞུས་པའི་ལེན། །ཤཀྱའི་དགེ་སློང་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཟླའི་དམར་པོའི་བཅུ་གཅིག་ཉིན། །མདོ་རྒྱུད་མན་ངག་ཀུན་གྱི་བཅུད་བསྡུས་པ། །དཔེ་ལ་མ་བལྟས་འཕྲལ་དུ་ངག་ནས་སྨོད། །དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་ཡི་གེ་བ། །ནོངས་པ་མེད་པས་བཤགས་བྱ་ཀྱང་མ་མཆིས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་ཀུན། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །བདེ་བ་ཅན་གྱི་ཞིང་དེར་བརྫུས་སྐྱེས་ནས། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག །ལེའུ་ཞེ་གསུམ་པའོ་མངྒ་ལཾ།། །ཕཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཐུགས་དམ་གསལ་འདེབས་རྒྱལ་པོའི་བཀའ་ཕྲིན་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་མ་ཧ་ཀ་རུ་ཎི་ཀ་ཡེ། །འགྲོ་དྲུག་འདྲེན་མཛད་མགོན་པོ་སྤྱན་རས་གཟིགས། །འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །དགེ་བའི་བཤེས་གཉེན་བརྩོན་འགྲུས་རྒྱ་མཚོ་བས། །འཆི་དུས་ཐུགས་དཾ་གསལ་

(༧༡༤)འདེབས་དགོས་ཞེས་ཟེར། །དེ་ལ་སོ་སོའི་ཐུགས་དམ་གང་ཡིན་པའི། །དེ་དང་མཐུན་པའི་གསལ་འདེབས་དགོས་མོད་ཀྱང་། །འདིར་ནི་མདོར་བསྡུས་སྤྱི་མཚམས་ཉུང་བསྡུས་བརྗོད། །འཆི་ཁའི་གསལ་འདེབས་འཆི་དུས་གསལ་འདེབས་དང་། །བར་དོའི་གསལ་འདེབས་དང་ནི་གསུམ་དུ་འདུས། །ཤི་བར་ཐག་བཅད་ཁ་ཆེམ་བཤག་པའི་རྗེས། །རབ་ཏུ་བླ་མ་འབྲིང་དུ་མཆེད་གྲོགས་དང་། །ཐ་ན་ཡི་གེ་ཤེས་པ་གཅིག་གིས་བརྗོད། །ཀྱེ་མ། །བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཐོ། །འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པ་ཤེས་པར་བྱ། །དེ་སྐད་བར་དོ་རྩ་བའི་ཚིག་ལས་གསུངས། །ཁྱེད་རང་ཡི་དམ་ཐུགས་རྗེ་ཆེན་པོར་སྒོམས། །མ་དག་འཁོར་བར་འགྲོ་བའི་སྒོ་བརྒྱད་པོ། །ཧྲཱིཿཡིག་ཚེགས་དྲག་ལྡན་པ་རེ་རེས་བཀག །སྐུ་ལུས་སྟོང་པ་ཁྲུ་མ་ཕུས་

(༧༡༥)བཏབ་བཞིན། །ལུས་དབུས་དབུ་མ་ཁང་སྟོང་ཀ་བ་ལྟར། །མར་སྣེ་ལྟེ་འོག་ཕུག་རྡུགས་ལྟེ་བའི་ཐད། །པད་མ་དམར་པོ་ཟླ་བའི་དཀྱིལ་འཁོར་སྟེང་། །རང་གི་རླུང་སེམས་རྣམ་ཤེས་ངོ་བོ་དེ། །ཐིག་ལེ་དཀར་པོ་འཕུར་ལ་ཁད་དུ་སྒོམས། །དབུ་མའི་ཡར་སྣེ་ཚངས་བུག་ཐར་བའི་སྒོ། །སྐར་ཁུང་ཕྱེས་འདྲའི་སྟེང་དུ་ཁྲུ་གང་སོར། །པད་མ་སྟོང་ལྡན་ཟླ་བའི་དཀྱིལ་འཁོར་སྟེང་། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་ནི། །སངས་རྒྱས་འོད་དཔག་མེད་པའི་སྐུ་རུ་བཞུགས། །སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ལྡན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་མོ་ཀྲུང་། །མཉམ་གཞག་ཕྱག་རྒྱས་བདུད་རྩིའི་ལྷུང་བཟེད་བསྣམས། །སྐུ་ཡི་འོད་ཟེར་ཉི་མ་འབུམ་བཞིན་འབར། །བདེ་ཆེན་ཞིང་གི་བཀོད་པ་སྐུ་ལ་རྫོགས། །ཡེ་ཤེས་དམ་ཚིག་དབྱེར་མེད་གཅིག་ཏུ་སྒོམས། །དེ་ལ་ཡིད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ད་རེས་འཆི་བ་ཆོས་སྐུར་སྦྱངས་བྱས་ནས། །རྫོགས་པའི་སངས་རྒྱས་

(༧༡༦)བསྒྲུབ་པའི་སེམས་བསྐྱེད་སྒོམས། །ལུས་དང་ལོངས་སྤྱོད་ཉེ་དུ་ནོར་རྫས་སོགས། །ཆགས་དང་ཞེན་པའི་འཁྲི་བ་གཏན་ནས་ཆོད། །ཆགས་ཀྱང་ཆགས་ནས་འདུག་པའི་དབང་ནི་མེད། །མི་རྟག་སྒྱུ་མ་རྨི་ལམ་ཡིན་ངར་སོགས། །རང་སེམས་ཐིག་ལེ་དབུ་མའི་ལམ་ནས་འཕངས། །འོད་དཔག་མེད་པའི་ཐུགས་ཀར་ཡང་ཡང་བསྟིམ། །ཚེ་འདས་ཐ་མལ་པ་ལ་འདི་ཡན་བསྒོམས་པ་གཙོ་ཆེ་གསུངས། །དེ་རྗེས་རང་གི་སྙིང་དབུས་པད་ཟླའི་སྟེང་། །ཐུགས་སྲོག་ཧྲཱིཿཡིག་གསལ་སྟོང་ཤེལ་སྒོང་བཞིན། །དེ་ལ་ཡུད་ཙམ་རིག་པ་གཏད་པའི་རྗེས། །དེ་ནས་ཅི་ཡང་ཡིད་ལ་མི་བསྒོམ་པར། །སེམས་ལ་གང་ཤར་དེ་ལ་ངོ་བོར་ལྟོས། །གསོན་དུས་བདེ་དུས་ལོ་ཟླར་བསྒོམས་པ་བས། །ད་ལྟ་སྐད་ཅིག་བསྒོམ་པས་ཕན་སྟོབས་ཆེ། །ད་ལྟ་ཉམས་ལེན་སྙིང་རུས་མ་བྱས་ན། །ཆོས་སྒོར་ཞུགས་ལ་དོན་གོ་མེད་པ་ཡིན། །དེ་ཕྱིར་རིག་པ་བསྒྲིམས་ལ་སྙིང་རུས་གྱིས། །ལུས་ཚུགས་མ་ཐུབ་པ་ལ་སྐྱོན་མེད་པས། །ཐུབ་པའི་དབང་པོ་མྱ་ངན་འདས་པ་བཞིན། །

(༧༡༧)སེང་གེ་ཉལ་སྟབས་གྱིས་ལ་ངོ་བོ་སྐྱོངས། །གཟེར་ན་གཟེར་མཁན་ངོ་བོ་དེ་ལ་ལྟས། །འགྲོ་བ་ཀུན་གྱི་ན་གོ་ཆོད་པར་སྒོམས། །བགས་བཞི་སར་ལྷུང་ས་ནི་ཆུར་ཐིམ་རྟགས། །ཡིད་ཀྱི་ཡུལ་དུ་སེར་པོའི་སྣང་བ་འཆར། །དེ་ལ་བལྟས་པས་སེར་པོའི་ངོ་བོ་སྟོང་། །ཡུམ་ཆེན་སངས་རྒྱས་སྤྱན་མའི་སྐུ་ཐོབ་འགྱུར། །ཁ་དང་སྣ་སྒམ་ལྕེ་ནི་གྲེ་ཁུང་འགྲོ། །ཆུ་ནི་མེར་ཐིམ་ཡིད་ཡུལ་དཀར་པོ་འཆར། །དེ་ལ་བལྟས་པས་དཀར་པོའི་ངོ་བོ་སྟོང་། །ཡུམ་ཆེན་མཱ་མ་ཀི་ཡི་སྐུ་ཐོབ་འགྱུར། །མེ་ནི་རླུང་ཐིམ་ལུས་དྲོད་མཐའ་ནས་སྡུད། །ཡིད་ཡུལ་དམར་པོ་འཆར་བའི་ངོ་བོར་ལྟོས། །ཡུམ་ཆེན་གོས་དཀར་མོ་ཡི་སྐུ་ཐོབ་འགྱུར། །རླུང་ནི་རྣམ་ཤེས་ལ་ཐིམ་དབུགས་ཕྱིར་འཕོ། །ཡིད་ཡུལ་ལྗང་གུ་འཆར་བའི་ངོ་བོར་ལྟོས། །ཡུམ་ཆེན་དམ་ཚིག་སྒྲོལ་མའི་སྐུ་ཐོབ་འགྱུར། །སྤྱི་བོའི་བྱང་སེམས་ཐིག་ལེ་ཐུར་དུ་ལྷུང་། །ཕྱི་རྟགས་ཟླ་བ་ཤར་བའི་དཀར་ལམ་ཤར། །ནང་རྟགས་དུ་བ་སྨིག་རྒྱུ་ལྟ་བུ་འཆར། །ཞེ་སྡང་

(༧༡༨)ལས་གྱུར་རྟོག་པ་སོ་གསུམ་འགག །དགའ་བའི་ཡེ་ཤེས་སྐད་ཅིག་གཅིག་ལ་སྐྱེ། །དེ་དུས་མ་ཡེང་དེ་ཡི་ངོ་བོར་ལྟོས། །ཞེ་སྡང་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས། །སྐུ་ཡི་རྡོ་རྗེ་འགྲུབ་པའི་ངེས་པ་ཡིན། །ལྟེ་འོག་མ་ལས་ཐོབ་པའི་ཐིག་ལེ་ནི། །ཨ་ཐུང་ཕག་མོའི་ངོ་བོ་གྱེན་དུ་འཕར། །ཕྱི་རྟགས་ཉི་མ་འཆར་འདྲའི་དམར་ལམ་འཆར། །ནང་རྟགས་མེ་ཁྱེར་ལྟ་བུར་དམར་ཕྲོམ་ཕྲོམ། །འདོད་ཆགས་ལས་གྱུར་རྟོགས་པ་བཞི་བཅུ་འགག །མཆོག་དགའི་ཡེ་ཤེས་སྐད་ཅིག་གཉིས་ལ་སྐྱེས། །དེ་ཉིད་ངོས་བཟུང་དེ་ཡི་ངོ་བོར་ལྟོས། །འདོད་ཆགས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས། །གསུང་གི་རྡོ་རྗེ་འགྲུབ་པའི་ངེས་པ་ཡིན། །དེ་དུས་རྩ་རླུང་བསྒོམ་མཁན་གྲོལ་བར་གསུངས། །རླུང་ནི་རྣམ་པར་ཤེས་ལ་ཐིམ་པ་དང་། །ཕྱི་དབུགས་ཆད་དང་ནག་ལམ་དུས་མཉམ་སྟེ། །ཕྱི་ཡི་རྣམ་ཤེས་ཚོགས་བརྒྱད་ཐམས་ཅད་འགག །སེ་རུ་སོང་ཟེར་ནད་གཡོག་མཆི་མ་འབྱིན། །གཟུགས་མི་མཐོང་ཞིང་སྒྲ་མི་ཐོས་པ་དང་། །ལུས་ཚུགས་མི་

(༧༡༩)ཐུབ་མཉེལ་ཞིང་མ་མཁལ་བྲུལ། །ཕྱི་རྟགས་ཉི་ཤུ་དགུ་ཡི་སྨག་ནག་འདྲ། །ནང་རྟགས་རྣམ་ཤེས་བུམ་ནང་མར་མེ་བཞིན། །གཏི་མུག་ལས་གྱུར་རྟོག་པ་བདུན་པོ་འགག །ཐིག་ལེ་དཀར་དམར་སྙིང་གར་འཕྲད་པའི་བར། །རྣམ་པར་ཤེས་པ་འཐུམ་སྟེ་གནས་པ་ཡི། །དགའ་བྲལ་ཡེ་ཤེས་སྐད་ཅིག་གསུམ་ལ་སྐྱེ། །མ་ཡེངས་དེ་ཡི་ངོ་བོར་ལྟོས་མཛོད་དང་། །ངོས་ཟིན་ན་ནི་ཡུན་རིང་གནས་པ་ཡིན། །གནས་ན་གཏི་མུག་རྣམ་དག་རྣམ་སྣང་མཛད། །ཐུགས་ཀྱི་རྡོ་རྗེའི་གོ་འཕང་ཐོབ་པར་འགྱུར། །ཐིག་ལེ་དཀར་དམར་ཕྲད་པ་མཐོང་བ་དེ། །མ་དག་པ་ཡི་ཕྱི་མའི་ཕ་མར་མཐོང་། །ཕྱི་མ་གར་སྐྱེའི་ལུས་ཀྱང་ཡུད་ཙམ་འཆར། །དག་པ་རྣམས་ཀྱི་ཡི་དམ་ཡབ་ཡུམ་མཐོང་། །འདི་སྐབས་ཞི་ཁྲོའི་ལྷ་ཚོགས་དཔག་མེད་ཅིག །འཆར་བར་ཇོ་བོ་རྗེ་དང་ལབ་སྒྲོན་བཞེད། །བསྐྱེད་རིམ་པ་རྣམས་གྲོལ་བའི་དུས་ཡིན་པས། །ཁྱེད་རང་ཡི་དམ་ལྷ་ཡི་བསྐྱེད་རིམ་སྒོམས། །ཐུགས་སྲོག་ས་བོན་ཡི་གེར་རིག་པ་གཏོད། །

(༧༢༠)དེ་ཚེ་ལུས་ལ་ཚོར་བ་མེད་པའི་ཕྱིར། །གདུང་གཡོག་པ་ཡིས་གདུང་བཅས་གཟབ་པ་ཡིན། །མ་ཟིན་ན་ནི་སྐད་ཅིག་གསུམ་ཡིན་ཡང་། །ཟིན་ན་ཡུན་ནི་རྒྱབ་ཙམ་གནས་པ་ཡིན། །འཕོ་བའི་དུས་གནད་མཆོག་ནི་འདི་ཡིན་ཏེ། །ཐིག་ལེ་དཀར་དམར་སེམས་སུ་དབྱེར་མེད་འདྲེས། །ཚངས་པའི་ལམ་དུ་རྒྱངས་སེ་འཕོ་བ་ཡིན། །མ་ཟིན་ན་ནི་ཐིག་ལེའི་གནས་འཆུག་སྟེ། །དཀར་པོ་ཐུར་ལྟུང་དམར་པོ་གྱེན་དུ་ཡལ། །སྣ་བུག་གཡོན་ནས་ཁྲག་དང་ཆུ་སེར་འབྱུང་། །དེ་ལྟར་ཐིག་ལེའི་གནས་ནི་མ་འཆུག་གོང་། །ནག་ལམ་ཡལ་རྗེས་གཞི་ཡི་འོད་གསལ་འཆར། །ཕྱི་རྟགས་སྐྱ་རེངས་འཆར་འདྲ་ཅུང་ཟད་གསལ། །སྤྲིན་ཐག་ཆད་པའི་ནམ་མཁའ་ཇི་བཞིན་དུ། །ཚུར་ལ་འཆར་ཞིང་རྣམ་རྟོག་འཛིན་པ་མེད། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཕྱག་རྒྱ་ཆེ། །སྐད་ཅིག་བཞི་ཡི་ཡུན་བར་ཀུན་ལ་འཆར། །དེ་ཉིད་ངོས་ཟིན་ཡུན་རིང་གནས་པ་ན། །འཆི་བ་ཆོས་སྐུར་སངས་ཆུང་རྒྱ་བ་སྟེ། །སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་རྡོ་རྗེ་ཡི། །གོ་འཕང་མཆོག་ནི་དེ་

(༧༢༡)དུས་ཐོབ་པར་གསུངས། །དེ་དུས་ངས་ཀྱང་ཁྱོད་ལ་གསལ་འདེབས་བྱེད། །དེ་དུས་ངོས་བཟུང་དེ་ཡི་ངང་ལ་བཞུགས། །དེ་ཡན་འཆི་ཁ་དབང་པོ་གསལ་དུས་བརྗོད། །དུས་གཅིག་མ་ཡིན་དལ་བུས་ལན་གསུམ་གདབ། །དེ་ནས་ཕྱི་དབུགས་ཆད་པར་གྱུར་མ་ཐག །རྐེ་རྩིས་གཉིས་པོ་ལག་པས་མྱང་བྱས་ཏེ། །རྐེ་རྩིས་མ་ཆད་བར་དུ་མི་མནན་ཞིང་། །རྐེ་རྩིས་ཆད་ནས་ཡུད་ཙམ་དྲག་ཏུ་མནན། །དེ་ཡིས་རོ་རྐྱང་རླུང་གཉིས་ནང་དུ་ལོག །དེ་ཉིད་དབུ་མར་ཐིམ་པས་ཐུགས་དམ་ཟིན། །མི་ཟིན་མི་སྲིད་པ་ཡི་གནད་ཟབ་མོ། །བར་དོ་ཐོས་གྲོལ་གཞུང་ནས་གསུངས་པ་ཡིན། །ས་པཎ་ལུགས་ལ་རྐེ་རྩ་ཆད་མ་ཐག །མགྲིན་པ་དར་གྱིས་དམ་དུ་བཅིངས་པར་གསུངས། །བུམ་པ་མིན་ཡང་མགུལ་ཆིངས་དགོས་ཞེས་བཤད། །དེ་གཉིས་གནད་འགག་གཅིག་ཏུ་བབ་པ་ཡིན། །ཕྱི་དབུགས་ཆད་ནས་ཡུན་ནི་མི་བསྲིང་བར། །གདུང་བཅས་རྣམས་ཀྱང་མགྱོགས་ཤིང་ལེགས་པར་བྱས། །དེ་ནས་ངོ་སྤྲོད་གདབ་པའི་དུས་སུ་ཡང་། །དང་པོ་

(༧༢༢)ཉིད་ནས་མིང་ནས་མི་འབོད་སྟེ། །བོས་ན་རྣ་བའི་རྒྱུད་དུ་འཕོ་ཉན་ཡོད། །ནག་ལམ་ཡལ་རྗེས་ཚུར་ལ་གསལ་ནས་ཀྱང་། །ཆེ་ཆུང་རན་པར་བོས་ན་གོ་བར་བཤད། །དེ་ཕྱིར་རྣ་བའི་དྲུང་ནས་འབོད་བྱས་ཏེ། །གཞི་ཡི་འོད་གསལ་ཁྱེད་ལ་ཤར་ནས་ཡོད། །ཉམས་ལེན་སྟེང་དུ་འཇོག་པར་ཞུ་ཞེས་པ། །ལན་གསུམ་བརྗོད་རྗེས་མིང་ནས་ལན་གསུམ་འབོད། །ཀྱེ་མ་ཁྱོད་ནི་ཚེ་འདིའི་སྣང་བ་ནུབ། །འཇིག་རྟེན་ཕྱི་མའི་སྣང་བ་མ་ཤར་ཏེ། །འཆི་བ་ཆོས་སྐུར་སྦྱོང་བའི་དུས་ལ་བབས། །རང་གི་ཤེས་རིག་ངོ་བོ་སྟོང་སང་ངེ། །དངོས་པོ་ཁ་དོག་ཅིར་ཡང་མ་གྲུབ་པ། །འདི་ཀ་སངས་རྒྱས་ཀུན་བཟང་ཡབ་ཡུམ་ཡིན། །ཁྱོད་རང་ཤེས་རིག་ངོ་བོ་སྟོང་པ་ལ། །སྟོང་པ་ཕྱལ་ཆད་ཅི་ཡང་མེད་པ་མིན། །ས་ལེ་སིང་ངེ་ཝ་ལེ་གསལ་བ་འདི། །རང་རིག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡིན། །ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ། །རྣམ་པ་འགགས་མེད་གསལ་དྭངས་ཝ་ལེ་བ། །དབྱེར་མེད་འདི་ཀ་ཆོས་སྐུ་སངས་རྒྱས་ཡིན། །རང་རིག་གསལ་སྟོང་འོད་

(༧༢༣)ཀྱི་ཕུང་པོ་འདི། །དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཡིན། །རང་གི་སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རང་གིས་བལྟས་ལ་དེ་ཡི་ངང་དུ་ཞོག །དེ་ཕ་ཡུན་ནི་རིང་དུ་གནས་ནུས་ན། །འཆི་བ་ཆོས་ཀྱི་སྐུ་རུ་སངས་རྒྱས་གསུངས། །དེ་ཉིད་ལན་གཅིག་གམ་ནི་ལན་གསུམ་བརྗོད། །ཤི་ནས་ཞག་པོ་དུ་སོང་མི་ཤེས་པས། །ཁྱོད་ལ་གཞི་ཡི་འོད་གསལ་ཤར་ནས་ཡོད། །ཐུགས་དམ་མ་ཡེངས་བརྗོད་རྗེས་མིང་ནས་བོས། །ཁྱོད་ཉིད་ཤི་ནས་ཞག་པོ་ཆེ་གེ་སོང་། །ད་རུང་ཐུགས་དམ་ངང་དུ་འདི་ལྟར་བཞུགས། །ཞེས་བརྗོད་ཉིན་རེ་བཞིན་དུ་གསལ་འདེབས་བྱ། །དེ་ནི་སྤྱི་མཚམས་ཐུགས་དམ་གསལ་འདེབས་ཡིན། །ཉམས་ལེན་རྟོགས་པ་ཧ་ཅང་མི་མཐོང་ཞིང་། །མོས་གུས་དྲག་པོ་ཡོད་པ་གསལ་འདེབས་ནི། །སྙན་པའི་དབྱངས་ཀྱིས་མགུར་གྱི་ཚུལ་དུ་བརྗོད། །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །ཙིཏྟ་རིན་ཆེན་སྙིང་གི་དབུས། །པདྨ་ཉི་ཟླ་བརྩེགས་པའི་སྟེང་། །དྲིན་ཆེན་རྩ་བའི་

(༧༢༤)བླ་མ་དེ། །རྡོ་རྗེ་འཆང་གི་ཆ་ལུགས་རྫོགས། །མཚན་དང་དཔེ་བྱེད་རྒྱན་དང་ལྡན། །འོད་དང་འོད་ཟེར་འབར་ཞིང་གདའ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་ཆོས་སྐུ་རྡོ་རྗེ་འཆང་། །ཁྱེད་ཀྱི་སེམས་ཉིད་ཆོས་སྐུ་དང་། །དབྱེར་མེད་གཅིག་ཏུ་འདྲེས་ནས་གདའ། །སེམས་ཀྱི་སེམས་ལ་ཚུར་ལྟོས་དང་། །ངོ་བོ་སྟོང་པར་འདུག་པ་དེ། །བླ་མ་ཆོས་སྐུ་ཡིན་པར་གདའ། །རང་བཞིན་གསལ་བར་འདུག་པ་དེ། །བླ་མ་ལོངས་སྐུ་ཡིན་པར་གདའ། །སྣ་ཚོགས་འགགས་མེད་འཆར་བ་དེ། །བླ་མ་སྤྲུལ་སྐུ་ཡིན་པར་གདའ། །དེ་གསུམ་དབྱེར་མེད་དོན་གཅིག་པ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །བླ་མ་སངས་རྒྱས་རིན་པོ་ཆེ། །ཁྱེད་དང་དབྱེར་མེད་གཅིག་ནི་གདའ། །མོས་གུས་བསྒོམས་པའི་དོན་གོ་དེ། །བླ་མའི་བྱིན་རླབས་སེམས་ལ་ཞུགས། །ཐུགས་ཡིད་གཅིག་ཏུ་འདྲེས་ནས་གདའ། །སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །གཞི་ཡི་འོད་གསལ་ཤར་ནས་གདའ། །མ་ཡེང་དེ་ཡི་ངང་ལ་ཞོག །སངས་རྒྱས་ཟེར་

(༧༢༥)བའི་གཡེར་པོ་ཆེ། །ད་ནི་ཐོབ་ལ་ཁད་དུ་གདའ། །སྐལ་ལྡན་ཁྱོད་ལས་སྐྱིད་པ་མེད། །ཅེས་བརྗོད་གསལ་འདེབས་དེ་ཡིས་ཆོག །ཉམས་རྟོགས་མེད་པའི་བསྐྱེད་རིམ་མཁན། །དེ་ལ་གསལ་འདེབས་འདི་ལྟར་བརྗོད། །ཀྱེ་གསོན་དང་སྐལ་ལྡན་རིགས་ཀྱི་བུ། །དགྲ་འཆི་བདག་གཤིན་རྗེ་དབང་ཆེ་བས། །ཁྱོད་མི་རྟག་ཚེ་ལས་འདས་ནས་སོང་། །དུས་ད་དུང་བེམ་རིག་མ་བྲལ་སྐབས། །ལྷ་ཡི་དམ་བསྒོམ་པའི་དུས་ལ་བབས། །རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས། །དཔེ་མེ་ལོང་ནང་གི་གཟུགས་བརྙན་བཞིན། །དེ་གསལ་ལ་སྤུ་རིས་དོད་པར་སྒོམས། །སྐུ་ཨ་འཐས་ཐེར་གཟུགས་མ་ཡིན་པར། །དཔེ་གསལ་སྟོང་ནམ་མཁའི་འཇའ་བཞིན་སྒོམས། །དེ་མོས་པ་ཡིད་བྱེད་མ་ཡིན་པར། །རང་ཡི་དམ་དངོས་ཀྱི་ང་རྒྱལ་བསྐྱེད། །ལུས་ཙིཏྟ་སྙིང་གི་གཞལ་ཡས་ནས། །གདན་པད་མ་ཉི་མ་ཟླ་བའི་སྟེང་། །སེམས་ཐུགས་སྲོག་ས་བོན་ཡི་གེ་དེ། །དཔེ་རླུང་མེད་མར་མེ་བཞིན་དུ་གསལ། །

(༧༢༦)དེ་རྣམ་པ་གསལ་ཡང་ངོ་བོ་སྟོང་། །དཔེ་ཆ་ནང་ཟླ་བའི་གཟུགས་བརྙན་བཞིན། །ཁྱོད་རིག་པ་རྩེ་གཅིག་དེ་ལ་གཏོད། །ཁྱོད་ནམ་ཞིག་ལུས་སེམས་བྲལ་བའི་ཚེ། །ཁྱོད་བར་དོའི་ཡིད་ལུས་མི་འཆར་བར། །ལུས་ཡི་དམ་ལྷ་ཡི་སྐུར་གྱུར་ནས། །ལྷ་དེ་དང་དབྱེར་མེད་སངས་རྒྱས་ཏེ། །དོན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །དོན་དེ་ཕྱིར་ཐུགས་དམ་ཡུན་རིང་ཟུངས། །ཚིག་དེ་སྐད་ལན་གསུམ་དབྱངས་བཅས་བརྗོད། །དེས་ཐུགས་དམ་བརྟན་པོ་འོང་བར་ངེས། །དེ་ཉིན་བཞིན་བརྗོད་པས་གོལ་ས་ཆོད། །ཡང་རྩེ་གཅིག་མན་གྱི་རྣལ་འབྱོར་པ། །དེ་དང་པོ་ཐུག་དམ་གསལ་འདེབས་དང་། །རྗེས་གོལ་ས་གཅོད་པ་མཉམ་དུ་བྱ། །ཁྱོད་ཐུགས་དམ་མ་ཡེངས་བརྗོད་པའི་རྗེས། །ཀྱེ། །གསོན་དང་སྐལ་ལྡན་རིགས་ཀྱི་བུ། །བུ་ཁྱོད་ནི་ཚེ་ལས་འདས་པ་ཡིན། །ད་ཐུགས་དམ་བཟུང་བའི་དུས་ལ་བབས། །ཁྱོད་སེམས་ཀྱིས་སེམས་ལ་ཚུར་ལྟོས་དང་། །སེམས་སྟོང་པ་གཟུགས་དང་ཁ་དོག་མེད། །དེ་མེད་པ་མ་ཡིན་རང་མདངས་

(༧༢༧)གསལ། །དེ་ཏིལ་གྱི་མར་མེ་རླུང་མེད་བཞིན། །སེམས་རྩེ་གཅིག་དེ་ཡི་ངང་ལ་ཞོག །སེམས་བདེ་བ་ཆེན་པོའི་ཉམས་རྟོགས་ལ། །ཁྱོད་མ་ཆགས་མ་ཞེན་ངོ་བོ་ལྟོས། །དོན་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་གསལ་རིག་སྟོང་རྗེན་ལྷང་ངེ་བ། །དེ་མཆོག་ཏུ་མ་འཛིན་ངོ་བོ་ལྟོས། །དོན་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །དོན་ཅི་ཡང་མ་གྲུབ་སྟོང་པ་ཉིད། །དེ་སྟོང་པར་འཛིན་པའི་འཁྲི་བ་ཆོད། །སེམས་གང་ཤར་མ་བཅོས་སོ་མར་ཞོག །ཁྱོད་ཡུན་རིང་ཐུགས་དམ་ཟུང་མཛོད་དང་། །ཁྱེད་སྟོང་ཉིད་རྟོགས་པ་མངོན་དུ་གྱུར། །སང་ལུས་སེམས་སོ་སོར་བྲལ་ཙམ་ན། །རང་གར་སྐྱེས་རང་དབང་འཐོབ་པ་ཡིན། །ཞེས་ལན་གསུམ་བརྗོད་པས་གོལ་ས་ཆོད། །སྒོམ་སྤྲོས་བྲལ་ཡན་ཆད་རྟོགས་པ་ལ། །དེར་ངོ་སྤྲོད་གསལ་འདེབས་དགོས་རྒྱུ་མེད། །ཁྱེད་ཐུགས་དམ་མ་ཡེངས་བརྗོད་པས་འཐུས། །ཐུགས་དམ་མ་ཟིན་ཐ་མལ་པ་རྣམས་ལ། །སངས་རྒྱས་མཚན་བརྗོད་འཕོ་བ་འདེབས་པ་ཡིན། །ཐུགས་

(༧༢༨)དམ་ཡུན་རིང་གདུང་གཡོག་མ་འཁྱོལ་ན། །སྤོས་དང་རོལ་མོ་སོགས་ཀྱིས་དཀྲོགས་པ་ནི། །ཏིང་འཛིན་བར་ཆད་ཉེས་པ་དཔག་ཏུ་མེད། །དེ་བས་འཕོ་བ་བཏབ་པར་བྱས་ན་ནི། །རྟ་བཟང་སྒ་སྲབ་བྱས་པར་བསྐྱོན་འདྲ་ཟེར། །ཕན་ཡོན་མ་གཏོགས་ཉེས་པ་ཅི་ཡང་མེད། །དེ་ཕྱིར་ཐུགས་དམ་ཡུན་རིང་གྲོལ་འདོད་དམ། །ཐུགས་དམ་གྲོལ་དང་མ་གྲོལ་མི་འབྱེད་དམ། །ཐུགས་དམ་ཟིན་དང་མ་ཟིན་ཐེ་ཚོམ་ན། །འཕོ་བ་འདེབས་པ་འདི་ནི་ཤིན་ཏུ་ལེགས། །དེ་སྐད་རྟ་ལོ་ཐ་སྐར་ཚེས་གཉིས་ཀྱི། །དགོངས་ཐུན་ར་ག་ཨ་སྱས་སྨྲས་པ་སྟེ། །སྒོམ་ཆེན་ཀརྨ་བཱི་རྱས་ཡི་གེར་བྲིས། །ལེའུ་ཞེ་བཞི་པའོ་མང་ག་ལཾ།། །བཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་སྤྱིའི་སྒྲུབ་ཐབས་ཕྲིན་ལས་རྒྱ་མཚོའི་རླབས་ཕྲེང་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་དྷརྨ་པཱ་ལ་ཡེ། །སྔགས་ཆུང་གསར་བུ་ཐོས་རྒྱ་ཆུང་བ་ལ། །ཕན་ཕྱིར་ཆོས་སྐྱོང་སྤྱི་སྒྲུབ་གདམས་པ་བྲི། །དམ་ཅན་རྒྱ་མཚོས་

(༧༢༩)བཀའ་གནང་བྱིན་གྱིས་རློབས། །མ་མགོན་ལ་སོགས་ཡེ་ཤེས་ཆོས་སྐྱོང་དང་། །མ་གཟའ་དམ་གསུམ་ལ་སོགས་འཇིག་རྟེན་པ། །དེ་བཞིན་ནོར་ལྷ་གཏེར་སྲུང་ལ་སོགས་པ། །གང་ཡང་འདྲ་སྟེ་སྤྱི་མཐུན་སྒྲུབ་པའི་ཐབས། །དཀྱིལ་འཁོར་བརྟེན་རྫས་བླ་རྡོ་ལ་སོགས་པ། །རྒྱས་པར་སོ་སོའི་གཞུང་ལས་འབྱུང་བ་ལྟར། །བསྡུ་ན་ས་སྟེགས་སམ་ནི་མཆོད་གཞིའི་སྟེང་། །འབྲུ་ཡི་ཚོམ་བུ་ལྷ་གྲངས་བཀོད་པའམ། །གཙོ་ཀྱང་ཡིན་ན་པདྨ་འདབ་བརྒྱད་བྲི། །དེ་སྟེང་ཁྲི་འམ་མཉྫིལ་བཞག་པའི་སྟེང་། །ཟངས་ལྕགས་ཐོད་པ་ལ་སོགས་གང་འོས་སྣོད། །དེ་ནང་སོ་སོའི་གཏོར་མ་རྒྱན་ལྡན་བཤམས། །འཁོར་རྣམས་གཏོར་ཆུང་ལྷ་གྲངས་འབྱོར་ན་བཅའ། །འཁོར་རྣམས་མེད་ཀྱང་རུང་སྟེ་གཙོ་བོས་ཆོག །རྩེ་ལ་སོ་སོའི་ཙཀླི་བཙུགས་པར་བྱ། །ཡོད་ན་ཐང་སྐུ་རྒྱབ་ནས་ཚུར་ལ་བཤམས། །ཡང་ན་གཏོར་མའི་ཐད་དེར་བརྐྱངས་ལ་བཤམས། །སྐུ་གཟུགས་སྐུ་དང་གཏོར་མ་གསུང་གི་

(༧༣༠)རྟེན། །ཚོམ་བུ་ཐུགས་རྟེན་ཡིན་པར་རྒྱ་འབྲེལ་གསལ། །གཏོར་མ་དེ་ཉིད་ལྷ་བསྐྱེད་ཡིན་པའི་ཕྱིར། །དང་པོ་བྲན་ནས་མི་བསྒུལ་གསོ་མི་དགོས། །དེ་མདུན་དེ་ལས་ཆུང་ཙམ་གཏོར་མ་གཅིག །རྒྱུན་དུ་ནམ་འདོན་གསོ་བྲན་བྱ་བ་སྟེ། །དེ་ནི་རྟག་གཏོར་རྒྱུན་གཏོར་དོན་གཅིག་གོ། །དྲག་པོ་ཡིན་ན་གཡས་གཡོན་སྨན་རག་བཤམས། །ནོར་ལྷའི་རིགས་ལ་ཟས་སྣ་གང་འཛོམས་བཤམས། །ཀླུ་རིགས་ཡིན་ན་འོ་མར་ཀླུ་སྨན་བཏབ། །བཙན་དང་འཇིག་རྟེན་གཞི་བདག་རིགས་ཡིན་ན། །ཟན་གྱི་གཡག་ལུག་བྱ་རེའི་གཟུགས་བཤམས་སོ། །དྲག་པོའི་རིགས་ལ་གཏོར་མ་ཤ་ཁྲག་བརྒྱན། །མཁའ་རིར་ར་ཤ་དམ་ཅན་མཛོ་ཤ་སྤངས། །གཟའ་དང་དམ་ཅན་བཙན་རིགས་ར་ཤ་ལེགས། །ཀླུ་ཡི་རིགས་ལ་ཤ་ཆང་སྤང་བར་བུ། །མཐའ་སྐོར་མཆོད་པ་སྣ་བདུན་བསྐོར་བཤམས་བྱེད། །ཡོན་ཆབ་ཁྲག་དང་འོ་མ་ཞི་དྲག་ཁྱད། །ཐུན་མཚམས་འབུལ་རྒྱུའི་གཏོར་ཆུང་མང་དུ་གསགས། །བགེགས་བསྐྲད་

(༧༣༡)མཚམས་བཅད་ལ་སོགས་སྤྱི་དང་མཐུན། །དེ་ནས་རང་གི་ཡི་དམ་བདག་བསྐྱེད་བྱ། །དེ་ཡི་བསྙེན་པ་ཅུ་བཙམ་བྱས་པའི་རྗེས། །ལྷ་དེའི་གོང་ནོན་གཉེན་པོའི་ལྷར་བསྒྱུར་ཏེ། །དཔེར་ན་ཕྱག་བཞི་པ་ལ་བདེ་མཆོག་བཞིན། །ཡེ་ཤེས་པ་ཡི་ཆོས་སྐྱོང་ཡིན་ན་ནི། །སྤྲུལ་གཞིའི་ལྷ་དེ་བསྒོམས་པས་འགྲུབ་པར་སླ། །འཇིག་རྟེན་པ་ལ་གང་འདུལ་གཉེན་པོའི་ལྷ། །གཟའ་ལ་ཕྱག་རྡོར་ཀླུ་ལ་རྟ་མགྲིན་དང་། །ཕོ་རྒྱུད་འདུལ་བའི་ལྷ་ནི་གཤིན་རྗེ་གཤེད། །མོ་རྒྱུད་འདུལ་བའི་ལྷ་ནི་ཧེ་རུ་ཀ །ཐམས་ཅད་ཀུན་ལ་གུར་དྲག་གྲོ་ལོད་སོགས། །བསྒོམ་པ་གཉེན་པོ་ཡེ་ཤེས་ལྷ་ཞེས་བྱ། །བསྐྱེད་རིམ་གསལ་ན་དྲན་གྱིས་རྗེ་མཐོང་འདྲ། །སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས། །ཆོས་སྐྱོང་བཀའ་སྲུང་དྲེགས་པ་ཐམས་ཅད་ཀྱང་། །སེམས་ཀྱི་ཆོ་འཕྲུལ་ལས་གཞན་མེད་པར་རྟོགས། །དེ་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །དེ་ཡོད་རྩུབ་ཆག་འཁུ་ལྡོག་འབྱུང་མི་སྲིད། །བླ་མ་རིགས་བདག་དམ་ཆོས་སྙིང་གི་ནོར། །དམ་ཚིག་གཙང་ཞིང་སྙིང་ནས་བྱང་ཆུབ་བསྒྲུབས། །

(༧༣༢)བསྟན་དང་བླ་མའི་དོན་ལ་སེམས་ཁུར་ཆེ། །ཡེ་ཤེས་ཆོས་སྐྱོང་ཕ་ཁུ་མ་སྲིང་ཚུལ། །འཇིག་རྟེན་ཆོས་སྐྱོང་སྤུན་དང་སྙིང་གི་གྲོགས། །ཁ་ཙམ་མིན་པ་སྙིང་ནས་དེ་ཡོད་ན། །བླ་རྡོ་སྲོག་འཁོར་བརྟེན་རྫས་དེ་ལ་ཚང་། །བགེགས་དང་བར་ཆད་རང་གི་རྣམ་རྟོག་སྟེ། །རྣམ་རྟོག་ཡེ་ནས་ཆོས་སྐུ་རྗེན་པ་ཉིད། །དེ་ལྟར་རྟོགས་པས་དམ་སྲི་མནན་པ་ཚང་། །ཀུན་རྫོབ་རྟེན་འབྲེལ་བགེགས་གཏོར་བྱིན་ལ་བསྐྲད། །མཚམས་བཅད་གུ་གུལ་བདུག་པ་བསྲུང་འཁོར་བསྒོམ། །རང་ཉིད་གོང་ནོན་གཉེན་པོའི་ལྷར་གསལ་བས། །མངོན་རྟོགས་བཞིན་དུ་མདུན་བསྐྱེད་གཏོར་མ་དེ། །ཆོས་སྐྱོང་གང་ཡིན་བསྒོམ་ཞིང་སྤྱན་འདྲེན་བྱ། །ཡེ་ཤེས་ཆོས་སྐྱོང་གུ་གུལ་ཤ་ཆེན་བསྲེགས། །འཇིག་རྟེན་ལྷ་ལ་སྤོས་དཀར་དུད་པ་བཏང་། །གཟའ་དང་དམ་ཅན་བཙན་རིགས་ར་ཚིལ་གསུར། །སྤོས་དཀར་ནཱ་གི་སྦྱར་བ་ཀླུ་ཡི་སྤོས། །དེ་དག་མེད་ན་དྲི་བཟང་གང་འབྱོར་བཏང་། །གླ་རྩི་འདྲེས་པའི་སྤོས་ནི་གླུ་ལ་སྤངས། །ཅི་ཡང་མེད་ན་ཤུག་དུད་ཙམ་གྱིས་འོང་། །དང་པོ་ཡིན་གྱིས་རྒྱུན་དུ་དགོས་

(༧༣༣)པ་མིན། །ཡེ་ཤེས་པ་ལ་སོ་སོར་གཏོར་ཆོག་ནས། །ཉིན་བར་ཐུན་གསུམ་མཚན་དང་ཐུན་བཞི་བྱེད། །མ་མགོན་ལ་སོགས་གཏོར་ཆོག་རྒྱས་པའི་རིགས། །སྔ་དྲོ་མངོན་རྟོགས་ནས་བཟུང་བསྟོད་པ་ཡན། །ཉིན་གུང་གསོལ་ཁ་དགོངས་མོ་བསྐང་གསོ་དང་། །མཚན་མོ་མཚལ་མའི་བསྟོད་པ་ཡན་ཆད་བྱ། །འཇིག་རྟེན་ཆོས་སྐྱོང་མཆོད་བསྟོད་གལ་ཆེའི་ཕྱིར། །ཉིན་གསུམ་མཚན་གསུམ་ཐུན་དྲུག་ལས་བྱང་ཏོན། །ལས་བྱང་ནམ་འདོན་རྒྱུན་གཏོར་གསོ་བྲན་བྱ། །ལས་བྱང་ཚར་ནས་ཐུན་གྱི་བསྙེན་པ་བྱ། །ཐུན་མཇུག་མཚམས་དེར་གཏོར་ཆུང་རེ་རེ་ལ། །བྱིན་རླབས་རྩ་བའི་སྔགས་ཀྱིས་ཁ་ཧི་སྦྱར། །སོ་སོའི་བསྟོད་བསྐུལ་རྒྱས་བསྡུས་གང་རིགས་ཤིག །དབྱངས་དང་རོལ་མོར་བཅས་པས་བཏོན་བྱས་ལ། །དཀྱིལ་འཁོར་འགྲམ་དེར་ཡར་ལ་ཕུལ་བའམ། །ཡང་ན་བསྒྲིགས་ཏེ་བཞག་ཀྱང་རུང་བ་ཡིན། །དེ་ནས་བསྙེན་ཚེ་དམིགས་པའི་རིམ་པ་ནི། །རང་ཉིད་ཡི་དམ་སྐུ་ཆེ་ནམ་མཁའ་ཁྱབ། །མདུན་དུ་ཆོས་སྐྱོང་རང་ལས་ཅུང་ཟད་

(༧༣༤)དམའ། །དབུ་ནི་རང་གི་སྙིང་ཐད་སླེབ་པ་ཙམ། །གཙོ་འཁོར་རྒྱན་དང་ཆ་ལུགས་མངོན་རྟོགས་བཞིན། །ཐུགས་ཀར་ཞི་བ་ཡིན་ན་ཟླ་བ་དང་། །དྲག་པོ་ཡིན་ན་ཉི་མའི་གདན་གྱི་སྟེང་། །རང་སྲོག་ས་བོན་མཐའ་མར་སྔགས་ཀྱིས་བསྐོར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཁོ་ཡི་ཐུགས་ཀའི་ས་བོན་སྔགས་ལ་ཕོག །དཔེར་ན་རླུང་འཁོར་ལ་ནི་རླུང་ཕོག་བཞིན། །ཕོ་རིགས་གཡས་འཁོར་མོ་རིགས་གཡོན་དུ་འཁོར། །དེ་ལས་འོད་ཟེར་རང་མདོག་ལྕགས་ཀྱུའི་དབྱིབས། །རང་རང་གནས་པའི་ཕོ་བྲང་དེར་འཕྲོས་པས། །རང་རང་ལྷ་དེའི་ཐུགས་ཀའི་ས་བོན་ལ། །འོད་ཟེར་ལྕགས་ཀྱུའི་རྩེ་མོ་དེ་ཡིས་འཁྱུད། །དཔེར་ན་ཞགས་པས་ཐེབ་པའི་དུད་འགྲོ་བཞིན། །འོད་དེས་འཐེན་པས་འཁོར་བཅས་མྱུར་དུ་བྱོན། །མདུན་བསྐྱེད་སྐུ་ལ་དབྱེར་མེད་ཐིམ་པར་བསམ། །དེ་ནས་རང་གི་ཞལ་ནས་གང་ཡིན་སྔགས། །བརྗོད་པས་སྔོན་གྱི་ཁས་བླངས་དམ་ཚིག་དྲན། །དཔའ་བོ་ཆེན་པོས་ཅི་གསུངས་བཀའ་བསྒྲུབ་ཅེས། །རབ་ཏུ་དགྱེས་ཤིང་རང་

(༧༣༥)ལ་གུས་འདུད་བསམ། །དམིགས་པ་དེ་ཉིད་ཁོ་ན་ཞིག་བྱ་ཞིང་། །ཞག་གསུམ་ལས་ནི་མི་ཉུང་ཙམ་ཞིག་བཟླས། །དེ་ནི་བསྙེན་པའི་དམིགས་རིམ་ཡིན་པའོ། །དེ་ཚེ་སྐྱེས་པ་བུད་མེད་ཆས་བཟང་དང་། །སློབ་དཔོན་བཙུན་པ་ཁྲིམས་ལྡན་དཔོན་རིགས་དང་། །དམག་དང་ཁྲོམ་ཚོགས་ངོ་མི་ཤེས་པ་ཡི། །འདུ་འཚོགས་ཟང་ཟིང་བླ་རྟགས་སྲོག་ཆགས་རྨིགས། །སྒོ་བརྡུང་ཁང་པ་འཚགས་དང་ཐུགས་ཆོམ་དང་། །རླུང་ཐོག་སེར་བྲན་ཆར་དྲག་འབྲུག་སྒྲ་འབྱུང་། །དངོས་ཉམས་སེམས་འཁྲུགས་འཇིགས་སྐྲག་བློ་མི་བདེ། །དེ་ཡིས་བསྙེན་པའི་དྲོད་ཚད་གཏན་ལ་ཕེབ། །དེ་ནས་ཐུན་དང་འདོན་ལུགས་གོང་དང་མཚུངས། །རང་གི་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །མདུན་བསྐྱེད་ལ་ཕོག་སྔགས་དེ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཆོས་སྐྱོང་སྲུང་མ་འཇིག་རྟེན་སྐྱོང་བ་དང་། །ལྷ་སྲིན་དྲེགས་པ་སྟོབས་ལྡན་བདུད་རིགས་ཀྱི། །མཐུ་དང་ནུས་པ་སྟོབས་དང་གཟི་བརྗིད་དང་། །འཇིག་རྟེན་ཁམས་

(༧༣༦)ཀྱི་ཚེ་དང་བསོད་ནམས་དང་། །འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པར་བསྡུས། །ཆོས་སྐྱོང་ལ་ཐིམ་གཟི་བརྗིད་བདུན་འགྱུར་འཕེལ། །དེ་ཉིད་དངོས་གྲུབ་འབུལ་བའི་ཚུལ་ཉིད་དུ། །འོད་ཟེར་རྣམ་པར་ཚུར་བྱུང་བདག་ལ་ཐིམ། །དམིགས་པ་དེ་ཉིད་བསྒོམ་ཞིང་ཞག་གསུམ་བསྙེན། །དེ་ཚོ་སྔར་རྨིས་སྐྱེས་པ་བུད་མེད་ཚོགས། །དེ་འདྲས་གུས་འདུད་ཕྱག་བསྐོར་བྱེད་པ་དང་། །དཀར་གསུམ་ཟས་གོས་འབྲུ་དང་རིན་ཆེན་ཚོགས། །དངོས་སུ་བག་དྲོ་བྱིན་ཆགས་རིག་པ་དངས། །དེ་ཚེ་སྒྲུབ་པའི་དྲོད་ཚད་གཏན་དུ་ཕེབ། །དེ་ནས་ཞག་གཅིག་ལས་སྦྱོར་བྱ་བ་ནི། །ལྷ་དེ་ཞི་དྲག་གང་ཡིན་དེ་དང་བསྟུན། །རང་ཉིད་ཐུགས་ལས་འོད་ཟེར་སྔར་ལྟར་འཕྲོས། །མདུན་བསྐྱེད་ལ་ཕོག་མདུན་བསྐྱེད་ཐུགས་ཀ་ནས། །འོད་ཟེར་དཀར་པོ་ཟླ་བ་ཤར་བཞིན་དུ། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ཀྱི། །ནད་གདོན་དགྲ་དང་བར་ཆད་ཐམས་ཅད་ཀུན། །མུན་པ་ལ་ནི་ཟླ་བ་ཤར་བའམ། །བ་མོར་ཉི་ཟེར་ཕོག་བཞིན་ཞི་

(༧༣༧)བར་བྱས། །འཇིག་རྟེན་ཁམས་ཀྱི་ཞི་བའི་དངོས་གྲུབ་ཀུན། །འོད་ཟེར་དཀར་པོར་བསྡུས་ནས་བདག་ལ་ཐིམ། །ཞི་བའི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་ཐོབ། །དཀར་གསུམ་བརྒྱན་པའི་གཏོར་མ་བཟང་པོ་འབུལ། །རང་ལ་གནོད་པའི་འཇིགས་པ་གང་ཡོད་པ། །ཞི་པའི་བཅོལ་གཏམ་བཀའ་བསྒོ་དྲག་ཏུ་བྱ། །རྨིས་ལྟས་ནམ་ལངས་ཉི་མ་ཤར་བ་དང་། །ནད་གདོན་ཞི་བའི་བརྡའམ་ལུང་བསྟན་འབྱུང་། །རྒྱས་པར་རང་གི་འོད་ཟེར་མདུན་བསྐྱེད་ཕོག །མདུན་བསྐྱེད་འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །རང་དང་དམིགས་ཡུལ་འཁོར་སློབ་རིགས་བརྒྱུད་སོགས། །པདྨ་ཆུ་ཡིས་བྲན་ལྟར་བཀྲག་མདངས་རྒྱས། །འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་དང་གྲགས། །འོད་ཟེར་སེར་པོར་བསྡུས་ནས་བདག་ལ་ཐིམ། །ཚེ་བསོད་རྒྱས་ཤིང་རྒྱས་པའི་དངོས་གྲུབ་ཐོབ། །ཁྱད་པར་ནོར་ལྷའི་རིགས་ནི་ཡིན་ན་ནི། ཆོས་སྐྱོང་སྐུ་ལུས་བ་སྤུའི་བུ་ག་དང་། །ཐུགས་ཀའི་འོད་ཟེར་ཉི་ཟེར་འདྲ་བ་ལས། །རིན་ཆེན་ཟས་གོས་

(༧༣༨)ལོངས་སྤྱོད་སྣ་ཚོགས་པ། །ཆར་བཞིན་བབས་པས་དགོས་འདོད་ལྷུན་གྲུབ་བསམ། །རྨི་ལམ་རིན་ཆེན་ཆར་པ་འབེབས་པ་དང་། །ཁྲི་ལ་འདུག་དང་དར་ཕྱར་ལོ་ལེགས་རྨིས། །དངོས་སུ་ཟས་མ་ཟས་ཀྱང་འགྲང་སྙམ་འབྱུང་། །སེམས་མཐོ་ང་རྒྱལ་ཁེངས་པའི་སྣང་བ་འཆར། །གཏོར་མ་རིན་པོ་ཆེ་ཡི་དབྱིབས་འདྲ་ལ། །འབྲུ་སྣ་ཟས་སྣ་ཤིང་ཏོག་བླུགས་པ་འབུལ། །སྟོབས་དང་འབྱོར་བ་རྒྱས་པའི་འདོད་གསོལ་བྱ། །དབང་ལ་རང་ལས་འོད་ཟེར་གོང་ལྟར་འཕྲོས། །མདུན་བསྐྱེད་བསྐུལ་བས་མདུན་བསྐྱེད་ཐུགས་ཀ་ནས། །འོད་ཟེར་དམར་པོ་གློག་ཞགས་ལྟ་བུ་ནི། །ཕྱོགས་བཅུར་འཕྲོའམ་གང་དམིགས་ཕྱོགས་སུ་འཕྲོས། །རྒྱལ་བློན་ཡུལ་ཁམས་ལོངས་སྤྱོད་སྙན་གྲགས་བཅས། །འོད་ཟེར་དམར་པོར་བསྡུས་ནས་རང་ཉིད་ཀྱི། །གདན་ཁྲིའམ་ནི་སྐུ་ཡི་སྨད་ལ་བསྟིམ། །སྣང་སྲིད་དབང་སྡུད་དངོས་གྲུབ་ཐོབ་པར་བསམ། །ཁྱད་པར་དམིགས་ཡུལ་ངེས་པ་ཅན་ཡོད་ན། །དེ་ཉིད་འོད་དམར་ཞུ་བཅུག་རང་ལ་བསྟིམ། །གཏོར་མ་ཟུར་

(༧༣༩)གཉིས་འབྲི་མོག་བྱུགས་པ་ལ། །མངར་གསུམ་ཆང་སོགས་བྲན་ནས་གཏོར་མར་འབུལ། །རང་གི་གང་དགོས་བཀའ་སྒོ་དྲག་ཏུ་བྱ། །རྨི་ལམ་དུང་འབུད་ཁྲོམ་ཆེན་འདུ་བ་དང་། །ཕྱག་འཚལ་བུད་མེད་རྒྱན་ལྡན་འདུ་བ་འབྱུང་། །དངོས་སུ་བདེ་ཉམས་འདོད་ཆགས་འདྲེས་མ་སྐྱེ། །ཡང་ན་ཞེན་མེད་དགོས་མེད་རྟོགས་པ་འཆར། །དྲག་པོ་ཡིན་ན་དམར་གཏོར་ལིང་གར་བཅས། །དགྲ་བགེགས་དགུགས་གཞུགས་དྲག་ཏུ་བྱ་བའམ། །རྒྱས་པར་སྤྲོ་ན་ཕུར་གདབ་ལིང་ག་བསྒྲལ། །ལིང་རོ་དམར་གཏོར་ནང་དུ་འབུལ་བར་བྱ། །རང་གི་ཐུགས་ལས་འོད་ཟེར་མཐིང་ནག་འཕྲོས། །མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག་པ་ཡིས། །མཚང་ཆེན་གནད་ལ་ཕོག་པ་ཅི་བཞིན་འཕྲོས། །ཐུགས་ལས་འོད་ཟེར་མཐིང་ག་ཚ་ཞིང་རྩུབ། །འཁོར་ལ་ཕོག་པས་རང་དབང་མེད་པར་རྒྱུག །རང་འདྲ་སྤྲུལ་པའི་ཁྲོ་བོས་འཇིག་རྟེན་བཀང་། །གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་ཀུན། །ལ་ལས་བཟུང་ཞིང་ལ་ལས་གསོད་

(༧༤༠)པར་བྱེད། །ལ་ལས་ཤ་ཟོས་ལ་ལས་ཁྲག་ལ་འཐུང་། །ལ་ལས་གློ་སྙིང་ནང་ཁྲོལ་ཕྱོགས་ཀུན་ཁྱེར། །ལ་ལས་པགས་གྱོན་ལ་ལས་རུས་པ་མུར། །བྱ་གཅན་ཐེད་ལ་རུབ་པ་ལྟ་བུར་དམིགས། །ཐུན་གཏོར་བྲན་ལ་སོ་སོའི་བསྐུལ་བ་འདོན། །ཐེབ་ལྡོག་བརྩིས་ལ་ཕྱི་རོལ་ཟོར་དུ་འཕངས། །དངོས་ཉམས་ཞེ་སྡང་རྔམས་རྔམས་རྩིག་རྩིག་སྐྱེ། །ཉམས་དང་རྨི་ལམ་ཤ་ཁྲག་དོན་སྙིང་སྟེར། །སྲོག་ཆགས་བསད་སོགས་དྲག་པོའི་རྨིས་ལྟས་འབྱུང་། །རང་ལ་དགྲ་སོགས་དམིགས་ཡུལ་མེད་ན་ཡང་། །བསྟན་པའི་སྤྱི་དགྲ་བགེགས་སོགས་ལ་དམིགས་ནས། །དྲག་ལས་བརྡའ་མཚོན་འདི་ཙམ་མ་བྱས་ན། །མགོན་པོའི་རིགས་སོགས་བཀའ་སྲུང་དྲག་པོའི་རིགས། །བསྒྲུབ་ན་རང་གི་ཚེ་ལ་གནོད་པ་སྟེ། །དཔེར་ན་དགྲ་ཡ་མེད་པར་དམག་བསྡུས་བཞིན། །དེ་དོན་མགོན་པོའི་རྒྱུད་སྡེ་རྣམས་སུ་གསལ། །བསྒྲལ་ཞིང་མ་ཚང་ཆོས་པའམ་དོན་མེད་མི། །དེ་ལ་དམིགས་ན་ཆོས་སྐྱོང་ཐུགས་ཀྱིས་ཁྲེལ། །འཁུ་ལྡོག་འབྱུང་

(༧༤༡)ཞིང་ཕྱི་མའང་ངན་འགྲོའི་རྒྱུ། །བསྟན་པ་སྤྱི་ཡི་དོན་ལ་དམིགས་བྱས་ན། །ཆོས་སྐྱོང་དང་ནི་རང་ཉིད་བསམ་པ་གཅིག །ཞོར་ལ་རང་གི་དོན་ཡང་འགྲུབ་པ་ཡིན། །རང་འདོད་ཁོ་ནར་ལྷ་དེས་ལས་མི་བྱེད། །དེ་ལྟར་བསྙེན་པ་ཞག་གསུམ་བསྒྲུབ་པ་གསུམ། །ལས་སྦྱོར་ཞག་གཅིག་ཀུན་འདུས་ཞག་བདུན་ཚང་། །དེ་ནི་རྣལ་འབྱོར་རབ་ཀྱི་ལུགས་ཡིན་ཏེ། །འབྲིང་གི་གཉིས་འགྱུར་ཐ་མ་སུམ་འགྱུར་དང་། །ཡང་མཐའ་བཞི་འགྱུར་བྱས་ན་མི་འགྲུབ་མེད། །དེ་ནས་ལྷ་དེ་ཡེ་ཤེས་པ་ཡིན་ན། །བེར་ཆེན་ལ་སོགས་མཇུག་ནས་འབྱུང་བ་ལྟར། །དངོས་གྲུབ་ལེན་ཆོག་བཏོན་ལ་བརྟེན་གཏོར་དེས། །རང་གིས་རང་ལ་བདག་འཇུག་གཏོར་དབང་བྱ། །རང་རང་སོ་སོའི་རྩ་སྔགས་གང་ཡིན་མཇུག །ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱིཿ ཞེས་བརྗོད་དཔྲལ་མགྲིན་སྙིང་ག་ལྟེ་བར་གཏུགས། །འཇིག་རྟེན་པ་ལ་གཏོར་དབང་མི་བྱའོ། །དེ་ནས་ཡེ་ཤེས་འཇིག་རྟེན་གང་ཡིན་ཀྱང་། །གཏེར་

(༧༤༢)མ་ལྷར་བསྐྱེད་ནམ་མཁར་བཏེགས་བྱས་ལ། །དེ་ནས་གཏོར་མ་དེ་ཉིད་གསོ་བྲན་བྱ། །མཆོད་པ་རྣམས་ཀྱིས་ཁ་ཡང་ལེགས་པར་གསོས། །རང་རང་ལས་བྱང་གཏོར་ཆོག་འདོན་ལ་བསྔོ། །སྐབས་དེར་དགའ་སྟོན་ཚོགས་འཁོར་འབྱོར་ན་རབ། །ཚོགས་གཞུང་རང་གི་ཡི་དམ་བཞིན་དུ་བྱ། །ཆོས་སྐྱོང་གང་ཡིན་རྩ་སྔགས་ཤམ་བུ་རུ། །གྷ་ན་ཙཀྲ་ཁཱ་ཧི་སྦྱར་བས་འཐུས། །ལྷ་དེ་ཞི་བའི་བསྒྲུབ་པ་ཡིན་ན་ནི། །གཏོར་མ་རང་དང་བསྲུང་བྱ་ཀུན་གྱིས་བཟའ། །གཏོར་བདུག་བྱིན་ཡང་ཕན་པ་ཆེ་བ་ཡིན། །རྒྱས་པ་ཡིན་ན་རང་གི་ཅུང་ཟད་བཟའ། །རང་གི་ཁྱིམ་ཕུག་མཛོད་ཕུག་གང་བདེར་སྦས། །འགྲོག་པ་ཡིན་ན་གཏོར་རྩེ་རྐང་རྩེར་བཅུག །ལྷག་མ་ནང་འཁོར་མི་དང་ཆིབས་པར་སྦྱིན། །བ་གླང་བོང་བུ་བྱ་བྱིར་སྦྱིན་མི་རུང་། །དབང་གི་བསྒྲུབ་པ་ཡིན་ན་གཏོར་མ་དེ། །རང་གིས་ཟོས་ཕྲོས་ཐབ་ཀྱི་མེ་ལ་བསྲེགས། །ལྷ་དེ་ཀླུ་རིགས་ཡིན་ན་བསྲེགས་མི་རུང་། །མཚོ་འམ་ཆུ་ཆེན་ནང་དུ་ཕུལ་བར་བྱ། །དྲག་པོའི་བསྒྲུབ་པ་གནད་ཆེན་

(༧༤༣)ཡིན་ན་ནི། །སླང་ང་ལ་སོགས་ལྕགས་སྣོད་ཆེན་པོའི་ནང་། །སྒྲུབ་རྟེན་གཏོར་མ་ཆེ་བ་གཉིས་ཀ་བཞག །མཐའ་རུ་གཏོར་ཆུང་ཕུལ་ཚད་རྣམས་ཀྱང་སྤུངས། །ཙཀླི་ཡར་ཤབ་ཤ་ཁྲག་ཆང་གིས་དྲན། །དང་པོ་དཀར་གཏོར་ཕུལ་ཞིང་གསེར་སྐྱེམས་གཏོང་། །མདུན་དུ་དཀར་གཏོར་དེ་རྒྱབ་གཏོར་ཆེན་དེ། །གནོད་པའི་ཕྱོགས་སུ་གཏོར་ཞལ་ཕར་ལ་བསྒྱུར། །མར་རྒྱན་ཐམས་ཅད་དངོས་གྲུབ་ཚུལ་དུ་བླངས། །དེ་ནི་སྔགས་མར་རྩིས་ཆེན་བསྲུང་བར་སྦྱིན། །སླར་ཡང་གཏོར་མ་གསོ་བྲན་བྱས་པ་ལ། །དགུགས་གཞུགས་བྱས་ཤིང་དགྲ་བགེགས་ཤ་ཁྲག་དམིགས། །ནམ་མཁར་བཏེགས་པའི་ཆོས་སྐྱོང་ལྷ་ཚོགས་ལ། །དམག་ལྟོ་སྦྱིན་པའི་ཚུལ་དུ་ཁཱ་ཧིས་བསྔོས། །ལྷ་དེའི་བསྐུལ་བ་གང་ཡོད་ཐམས་ཅད་བཏོན། །ཐེབ་ལྡོག་བརྩིས་ལ་ཕྱོགས་ནི་གཙང་བའི་སར། །དཀར་གཏོར་གཏོར་ཆེན་དར་ནག་རིམ་པས་ཁྱེར། །གོམ་པ་རེ་བཞི་ལས་ནི་ཐུང་མི་རུང་། །ཐུང་ན་རང་གི་འཁོར་ལ་རྐྱེན་ཁ་འབྱུང་། །དེ་བས་

(༧༤༤)རིང་ཡང་ཉེས་སྐྱོན་མེད་པར་གསུངས། །ཅུང་ཟད་ས་གཞི་ཁོད་སྙོམས་ས་རུ་བསྡད། །སྤྲོ་ན་གསེར་སྐྱེམས་བསྔོ་ཞིང་དཀར་གཏོར་འབུལ། །དེ་ནས་བསྐུལ་བ་ཆུང་ངུ་གཅིག་བྱ་སྟེ། །དེ་ནས་བཞེས་འབོད་གང་ཤེས་དྲག་ཏུ་བྱ། །དེ་ནས་དྲག་སྔགས་བརྗོད་ཅིང་གཏོར་ཆུང་རྣམས། །རིམ་པར་འཕངས་རྗེས་གཏོར་ཆེན་གཉིས་ཀྱང་འཕེན། །དམིགས་པ་དགྲ་ལ་མཚོན་ཆའི་ཆར་པ་སྟེ། །བགེགས་ལ་མེ་ཡི་ཕང་པོ་ཆེན་པོར་དམིགས། །དགྲ་རྣམས་ཤོ་མང་སེར་བ་བརྒྱབ་འདྲར་གཅག །དར་ནག་བརྡབ་པས་ནམ་མཁའི་ལྷ་ཚོགས་ཀུན། །སེར་སྤྲིན་དྲག་པོ་རླུང་གིས་བསྐྱོད་པ་བཞིན། །འུར་སྒྲ་ཐུག་ཆོམ་དང་བཅས་དགྲ་ཡུལ་སོང་། །དེ་རུ་གནས་བཅས་ཟ་སྐལ་གཏད་པར་བསམ། །གཏོར་མ་མ་འགྱུ་ལན་གསུམ་འཕེན་ཞིག་བྱ། །གཏོར་མ་བྱ་ཁྱིས་ཟོས་ཀྱང་འགལ་བ་མེད། །གཏོར་ཟན་དེ་ཉིད་དགྲ་ལ་འཁྱར་དོགས་ན། །མེ་ཧོམ་སྤར་ལ་དེ་རུ་བསྲེགས་པར་བྱ། །དེ་ཡང་ཤིང་དེ་གྲུ་གསུམ་བསྒོམ་བྱས་ལ། །མེ་སྦར་

(༧༤༥)མེ་ནང་སྐད་ཅིག་ཆོས་སྐྱོང་དམིགས། །གཏོར་མ་དགྲ་བགེགས་དམིགས་ལ་ཞལ་དུ་བསྟབས། །ཚིག་རྗེས་གཤེགས་གསོལ་མི་དགོས་མི་དམིགས་བྱ། །གཏོར་གཞོང་སྦུབས་པ་རི་རབ་ཆེན་པོའི་འོག །དམ་སྲི་བཀུག་མནན་དམིགས་གསལ་རྟ་བྲོ་བརྡུང་། །གྲྭ་སློབ་སྔོན་བཏང་རང་ཉིད་ཕྱི་ནས་འོང་། །བྱ་ཁྱུང་འཇིགས་པས་ཕྱིར་གཟིགས་རྗེས་བཅད་བསམ། །ཕྱི་མིག་མི་བལྟ་ཁྱུང་སྔགས་འབྲངས་ཞིང་འོང་། །གལ་ཏེ་མཐུ་བྱས་ཟོར་སོགས་དགོས་ཡོང་ན། །ནམ་ཕྱེད་སུས་ཀྱང་མི་གོ་གསང་ཐབས་བྱ། །ནང་དུ་ཕྱིན་ནས་བཀྲ་ཤིས་བརྗོད་པ་དང་། །ཡེ་ཤེས་པ་ནི་གཤེགས་སམ་རྟེན་ལ་བསྟིམས། །བསྐྱེད་པའི་དམ་ཚིག་པ་རྣམས་རང་ལ་བསྟིམས། །འཇིག་རྟེན་པ་ཡི་ལྷ་རྒོད་ཡིན་ན་ནི། །སྤྱན་དྲངས་པ་ཡི་ལྷ་དེ་རང་གནས་གཤེགས། །བསྐྱེད་པའི་དམ་ཚིག་པ་དེ་རྟེན་ལ་བསྟིམ། །དེ་ལྟར་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྤྱི་སྒྲུབ་འདི། །རྟ་ལོ་ཁྲུམས་ཀྱི་ཟླ་བའི་དམར་པོ་

(༧༤༦)ཡི། །མར་ངོའི་ཚེས་བཅུའི་སྔ་དྲོའི་ཐུན་མཚམས་ལ། །རཱ་ག་ཨ་སྱས་ངག་ཁྲིད་ཚུལ་དུ་སྨྲས། །བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོར་ཡི་གེར་བཀོད། །འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་ཆེར་མཐོ་ཞིང་། །སངས་རྒྱས་བསྟན་པ་ཡུན་རིང་རྒྱས་པར་ཤོག །ལེའུ་ཞེ་ལྔ་པའོ་མངྒ་ལཾ། །སྣོད་ལྡན་མ་གཏོགས་འདིའང་བསྟན་པར་མི་བྱ་གསུངས་པས་ཤེས་པར་བྱོས་ཤིག །མཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཆོས་སྐྱོང་སྤྱི་སྒྲུབ་ཀྱི་བུ་ཡིག་མདེལ་ཐུང་ཕྲིན་ལས་ཀུན་འགྲུབ་ཞེས་བྱ་བ་བཞུགས་སོ།། །ན་མོ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ། །མ་མགོན་ལྕམ་བྲལ་ཚོགས་ལ་གུས་བཏུད་ནས། །ཆོས་སྐྱོང་སྤྱི་སྒྲུབ་བུ་ཡིག་གསལ་བཀོད་བྱ། །བཀའ་ཡི་གནང་བ་རྩོལ་ལ་བྱིན་གྱིས་རློབས། །གཞན་རྣམས་ཆོས་སྐྱོང་སྤྱི་སྒྲུབ་གཞུང་བཞིན་ལ། །རང་བྱུང་མ་དང་དུད་གསོལ་རེ་མ་ཏི། །ཨེ་ཀ་ཙ་ཏི་ལ་སོགས་ཡེ་ཤེས་ཀྱི། །ལྷ་མོ་བསྒྲུབ་

(༧༤༧)ཚེ་དམིགས་རིམ་མི་འདྲ་སྟེ། །རང་གི་ཐུགས་ལས་འོད་ཟེར་ཁ་དོག་ལྔ། །སྟོང་སྐུད་ལྟ་བུ་རང་གི་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་ཀར་ཐིམ་པའི་མོད། །སྔགས་ཕྲེང་དྲག་འཁོར་ལྷ་མོའི་ཐུགས་རྒྱུད་བསྐུལ། །ལྷ་མོས་བདག་ལ་བུ་ཡི་འདུ་ཤེས་སྐྱེས། །བདག་ལ་ཤིན་ཏུ་བྱམས་པའི་རང་བཞིན་གྱིས། །འོད་ཟེར་ཚུར་བྱུང་རང་གི་སྙིང་གར་ཞུགས། །ལྷ་མོའི་བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །ལྷ་མོར་མ་ཡི་འདུ་ཤེས་དད་གུས་བསྐྱེད། །དེ་ནི་མ་ལྟར་བསྒྲུབ་པའི་དམིགས་རིམ་ཡིན། །སྔོན་ལྟར་རང་གི་འོད་ཟེར་ལྷ་མོར་ཕོག །ལྷ་མོས་བདག་ལ་མིང་པོའི་འདུ་ཤེས་སྐྱེས། །ལྷ་མོ་བདག་ལ་བརྩེ་ཞིང་གདུང་བ་ཡི། །རང་བཞིན་འོད་ཟེར་ལྟེ་བ་ནས་ཚུར་བྱུང་། །རང་གི་ལྟེ་བར་ཞུགས་ནས་ཐུགས་ཀར་ཐིམ། །ལྷ་མོར་སྲིང་མོའི་འདུ་ཤེས་བརྩེ་གདུང་བསྐྱེད། །དེ་ནི་སྲིད་ལྟར་བསྒྲུབ་པའི་དམིགས་རིམ་ཡིན། །རང་གི་ཐུགས་ལས་འོད་ཟེར་སྔར་བཞིན་འཕྲོས། །ལྷ་མོའི་ཐུགས་ཀར་ཕོག་པས་ཐུགས་

(༧༤༨)རྒྱུད་བསྐུལ། །ལྷ་མོའི་བདག་ལ་ཁྱོ་ཡི་འདུ་ཤེས་སྐྱེས། །ལྷ་མོ་བདག་ལ་དགྱེས་ཤིང་ཆགས་པ་ཡི། །འོད་ཟེར་ཐུགས་ཀ་ནས་བྱུང་བྷ་གར་ཐོན། །རང་གི་རྡོ་རྗེ་ནས་ཞུགས་ཐུགས་ཀར་ཐིམ། །དངོས་གྲུབ་ཐོབ་ཅིང་བདེ་བ་རྒྱས་པར་བསམ། །འདི་ནི་ཁྱིམ་པ་རྣམས་ཀྱིས་མི་རུང་སྟེ། །ལྷ་མོས་ཕྲག་དོག་ཆེ་བས་ཆུང་མ་འཆི། །བཙུན་པས་བྱས་ན་འདུལ་ཁྲིམས་གཙང་བ་ཡི། །གདམས་ངག་མཆོག་ཏུ་ཟབ་པ་ཡིན་པ་སྟེ། །ལྷ་མོ་ཚུལ་ཁྲིམས་སྙིང་ཉེ་མ་ཞེས་བྱ། །རང་ཉིད་ཡི་དམ་ང་རྒྱལ་བརྟན་པ་ཡི། །འོད་ཟེར་མི་སྤྲོ་སྔགས་ནི་བཀའ་བསྒོའི་ཚུལ། །བརྗོད་པས་ལྷ་མོས་སྔོན་གྱི་དམ་ཚིག་དྲན། །ལྷ་མོས་བདག་ལ་རྗེ་དཔོན་འདུ་ཤེས་སྐྱེ། །ཐུགས་ལ་གང་བཞེད་ཁོ་མོས་བསྒྲུབ་པོ་ཞེས། །ཁས་བླངས་ཞལ་བཞེས་དམ་བཅའ་ཡང་ཡང་མཛད། །རང་འདྲའི་སྤྲུལ་པས་འཇིག་རྟེན་ཁམས་ཀུན་གང་། །དཀར་མོས་ཞེ་བྱས་སེར་མོས་ཚེ་བསོད་སྤེལ། །དམར་མོས་དབང་བསྡུས་ནག་མོས་དགྲ་བགེགས་བསྒྲལ། །ཀུན་ཀྱང་ཚུར་འདུས་ལྷ་མོ་ཉིད་ལ་ཐིམ། །

(༧༤༩)བྲན་ལྟར་བསྐྲུབ་འདི་ཤིན་ཏུ་རྣོ་མྱུར་ཏེ། །ཀོ་ལོང་ཕྲག་དོག་རྩུབ་འགྱུར་ཆེ་བ་ཡིན། །དེ་ཕྱིར་ལྷ་མོ་བསྟེན་དཀའ་མ་ཞེས་བྱ། །དེ་དག་སྒྲུབ་པའི་དུས་ཀྱི་དམིགས་རིམ་ཏེ། །བསྙེན་དང་ལས་སྦྱོར་དམིགས་རིམ་སྤྱི་སྒྲུབ་ལྟར། །ཁྱད་པར་ལྷ་མོ་མ་ལྟར་བསྒྲུབ་ནས་ནི། །ལས་སྦྱོར་ཞི་རྒྱས་དབང་གསུམ་གང་རུང་སྟེ། །ད་ཁྱད་པར་ཞིབ་བསྒྲུབ་ན་ཐུན་གྱི་མཇུག །རྩ་སྔགས་ཀྙཡ་ཝཀྐ་ཙིཏྟ་དང་། །སརྦ་སིདྡྷི་ཧཱུྃ་ཞེས་སྦྱར་བ་ཡི། །སྔགས་ནི་ཕྲེང་སྐོར་ཙམ་རེ་བཟླས་པའི་ཚེ། །མ་གཅིག་ལྷ་མོའི་ནུ་མ་བདག་གིས་ནུས། །མཆོག་དང་ཐུན་མོངས་དངོས་གྲུབ་ཐོབ་པར་བསྒོམ། །སྲིང་ལྟར་བསྒྲུབ་ན་སྲིང་མོའི་འདུ་ཤེས་ཀྱི། །ངོ་ཚ་སྲུང་ཞིང་གསང་གནས་སྦ་བ་གཅེས། །མཛའ་ལྟར་བསྟེན་ན་རང་ཉིད་ཡི་དམ་གསལ། །ཁྱད་པར་གཤིན་རྗེ་གཤེད་དང་རྟ་མགྲིན་བསྒོམ། །ལྷ་མོ་དང་སྦྱོར་གསང་མཆོད་ཕུལ་བར་བསྒོམ། །བྲན་ལྟར་བསྒྲུབ་ན་བྱ་ནག་ལུག་ནག་ནི། །དངོས་སམ་ཟན་ལ་བཟོས་པ་མཆོད་པར་བྱ། །དེ་དག་སྒྲུབ་ཐབས་སྤྱི་དང་མི་འདྲ་

(༧༥༠)བའི། །ལྷ་མོ་ཁོ་ནའི་ཟབ་གནད་ངོ་འཚར་ཆེ། །ཨྀ་ཐི། །ཡེ་ཤེས་ལྷ་མོ་རྣམས་ནི་མ་ལྟར་བསྟེན། །ལས་ཀྱི་ལྷ་མོ་སྲིང་དང་མཛའ་ལྟར་བསྟེན། །འཇིག་རྟེན་ལྷ་མོ་བྲན་ལྟར་བསྟེན་པ་སྟེ། །མཛའ་བྲན་གཉིས་ཀ་ལྟར་བསྟེན་འཁོར་ཆབས་ཆེ། །ལྷ་མོའི་རིགས་ནི་མང་པོ་འདོན་ན་ནི། །ལ་ལ་མ་དང་ལ་ལ་གྲོགས་དང་སྲིང་། །དེ་དག་སོ་སོར་བསྟེན་པས་ཤིན་ཏུ་ལེགས། །ཨྀ་ཐི། །དེ་ནས་ཆོས་སྐྱོང་སྤྱི་ཡི་སྒྲུབ་པ་ཡི། །ཟབ་ཁྱད་རྣོ་མདིལ་སྔགས་ཀྱི་ཤམ་བུ་ནི། །བསྙེན་སྒྲུབ་བྱས་ཀྱང་རྟགས་མཚན་ཡེ་མེད་ན། །རྩ་སྔགས་ཤམས་བུར་སྔགས་འདི་སྦྱར་ལ་བཟླས། །ཨུ་ནེ་ཨུ་ནེ་ཨུ་ནེ། ཨ་ཨ་ཨཱ། ཨི་ཨི་ཨཱི། ཨུ་ཨུ་ཨཱུ། ཨ་ཀརྨ་ཡ་ས་མ་ཡ་ཛ་ཛ༔ །ཅེས་བཟླས་རྟགས་མཚན་མེ་ལོང་བལྟས་ལྟར་གསལ། །བསྙེན་སྒྲུབ་རྟགས་ཐོན་ལས་ལ་སྦྱར་བ་ནི། །རྩ་སྔགས་གང་ཡིན་མཇུག་ཏུ་སྔགས་འདི་སྦྱར། །ནད་གདོན་བར་ཆད་སརྦ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །རྒྱས་པའི་ལས་སྒྲུབ་སྔགས་ཀྱི་ཤམས་བུ་ནི། །ཚེ་བསོད་དཔལ་འབྱོར་པུཥྚི༚་

(༧༥༡)ཀུ་རུ་བྷྲཱུཾ་སྭཱ་ཧཱ། །དབང་གི་ལས་སྒྲུབ་དུས་སུ་སྔགས་ཤམས་ནི། །ལོ་ཀཱ་སིདྡྷི་པཱ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། །དྲག་པོའི་ལས་སྒྲུབ་དུས་སུ་སྔགས་ཤམས་ནི། །རྩ་སྔགས་མཇུག་ཏུ་ཧཱུཾ་ཕཊ་མི་འབྱར་ན། །གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། །ཧཱུཾ་ཕཊ་འབྱར་ན་ཧཱུཾ་གི་གོང་དེ་རུ། །མཱ་ར་ཡ་ཡན་སྔགས་དེ་འཛུད་པ་ཡིན། །འདི་དག་སྤྱི་མཚམས་ཆོས་སྐྱོང་བསྙེན་སྒྲུབ་སྟེ། །འབོད་རྦད་བསད་གསུམ་ལྟ་བུ་མ་ཡིན་ནོ། །དེ་ཕྱིར་འདི་དག་ནམ་ཡང་བསྒྲུབ་དུ་རུང་། །ཆོས་སྐྱོང་འབོད་རྦད་བསད་གསུམ་སྒྲུབ་པ་དང་། །དེ་གསུམ་གཅིག་དྲིལ་སྒྲུབ་པ་མང་ན་ཡང་། །དགྲ་གཅིག་ངེས་པར་གསོད་ན་མ་གཏོགས་པ། །ནམ་དགའ་རང་གར་སྒྲུབ་པ་རུང་བ་མིན། །དེ་ཕྱིར་སྤྱི་སྒྲུབ་འདི་ནི་ཀུན་ལ་ཕན། །ཆོས་སྐྱོང་སྤྱི་སྒྲུབ་བུ་ཡིག་མདིལ་ཐུང་འདི། །རྟ་ལོ་ཁྲུམས་ཟླའི་མར་ངོའི་ཚེས་བཅུའི་གུང་། །སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོར་བྲིས། །གསང་སྔགས་སྦ་འོས་གསལ་བར་བཀོད་པའི་ཉེས། །མ་གཅིག་ལྷ་མོ་སྟོང་རྩིའི་

(༧༥༢)དྲུང་དུ་བཤགས། །དགེ་བས་བུ་སློབ་ཡང་སློབ་བརྒྱུད་པར་བཅས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ལེའུ་ཞེ་དྲུག་པའོ་མངྒ་ལཾ། །འདིའང་སྣོད་མིན་ལ་ཤིན་ཏུ་གསང་བ་དམ་ཚིག་གོ།0 །ཙཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །སྒྲུབ་པ་སྤྱིའི་དམ་སྲི་རྒབ་འདྲེ་མནན་ཐབས་སྟོབས་ཆེན་ཉ་ལ་འབར་བའི་རི་རབ་ཅེས་བྱ་བ་བཞུགས་སོ། །ན་མོ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཡེ། །ཁྲོ་བཅུའི་ནང་ནས་འོག་ཕྱོགས་ཁྲོ་བོ་ལ། །གུས་པས་ཕྱག་འཚལ་སྟོབས་ཀྱི་དངོས་གྲུབ་སྩོལ། །ལྷ་རྣམས་ཀུན་ལ་སྒབ་འདྲེ་རེ་རེ་ཡོད། །དཔེར་ན་ཤཱཀ་ཐུབ་ལ་ནི་ལྷས་བྱིན་བཞིན། །སེམས་ཅན་ཀུན་ལ་ལྷན་ཅིག་སྐྱེས་པའི་བདུད། །འབྲལ་བ་མེད་ཅིང་གནོད་པའི་སྨོན་ལམ་ཅན། །དེ་ཕྱིར་འཇིག་རྟེན་ལྷ་ལའང་སྒབ་འདྲེ་རེ། །དེ་སྒྲུབ་སྔགས་པའི་ཚེ་དང་བསོད་ནམས་རྐུ། །དེ་དག་མནན་ཐབས་སོ་སོའི་སྒྲུབ་ཐབས་ལས། །སོ་སོར་གསུངས་ཀྱང་རྟགས་ཐོན་བསྒྲུབ་དགོས་ཤིང་། །རྫས་སོགས་ཕྱག་ལེན་དཀའ་བས་ལག་མི་ལོན། །དེ་ཕྱིར་སྒྲུབ་པ་མི་དགོས་རྫས་མི་དགོས། །

(༧༥༣)བློ་བུར་འདྲེ་རིགས་བཙན་ཐབས་མནན་བའི་ཐབས། །གཏེར་ཁ་གསར་རྙིང་འགའ་ནས་གསུངས་མོད་ཀྱང་། །ཤིན་ཏུ་སླ་བ་གསར་མའི་ལུགས་འདི་ནི། །བྲམ་གཟུགས་མགོན་པོའི་ཆོས་འཁོར་གཉན་ལོའི་ལུགས། །ཤོག་གུ་གཅིག་ལ་མ་ཧཱ་བ་ལའི་སྐུ། །གླང་མགོ་དམར་པོ་རྭ་ནི་གདེངས་པའི་བར། །ཁྲོ་ཞལ་དམར་པོ་ཞལ་དུ་སྦྲུལ་ཐ་བ། །དེ་སྟེང་མི་མགོ་སྔོན་པོ་མིག་གཅིག་པ། །དབུ་སྐྲ་དར་སྔོན་གྱིས་བཅིངས་དར་དཔྱངས་འཕུར། །འོག་མའི་མགོ་ལ་སྦྲུལ་གྱི་གདེངས་ཀ་བདུན། །ལྟེ་བ་ཟུར་གསུམ་ཧོམ་ཁུང་ཐུར་བསྟན་ནང་། །དགྲ་བགེགས་ས་བོན་ནྲྀ་ཏྲི་མགོ་ཐུར་བསྟན། །སྐུ་མདོག་དུད་ཁ་ཕྱག་གཉིས་ཐུག་ཀར་སྦྱར། །ཕྱག་བར་ཕུར་བུ་ནྲྀ་ཏྲི་ལི་ཚད་བྲི། །སྐུ་སྨད་སྦྲུལ་མཇུག་ལྗང་གུ་གཡས་འཁྱིལ་ལོ། །དེ་ཡི་རྒྱབ་ཏུ་སྔགས་འདི་ཐུར་དུ་བརྩེགས། །སྔགས་ཕྲེང་གཅིག་ལ་བྲི་བ་ཤོང་བར་བྱ། །ཨོཾ་ཤ་མ་ར་ན་པྲ་མ་ཤ་ག་དུ་ན་ཧཱུཾ་ཧཱུཾ་ནན་དུལ་དུལ་ནན་རྦད་སོད། །སྙིང་ལ་མ་ར་ཡ་སོད། །ཅེས་

(༧༥༤)བྲི་གཏོར་མ་གཅིག་ཀྱང་བཤམས་བྱས་ལ། །བ་ལང་སྤྱོད་ནས་བསྒོམ་འདྲ་སྤྱན་དྲངས་བསྟིམ། །ཨོཾ་མ་ཧཱ་བ་ལ་ཧཱུཾ། །ཅེས་པ་བརྒྱ་རྩ་རྟེན་འབྲེལ་རབ་གནས་བྱ། །རྩ་སྔགས་ཁཱ་ཧི་བཏགས་པས་གཏོར་མ་སྦྱིན། །ཨརྒྷཾ་ལ་སོགས་སྔགས་ཀྱིས་མཆོད་བྱས་ནས། །ཧཱུཾ། །འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། །ལས་ཀྱི་མཐུ་ལས་གྲུབ་པ་བདུད་ཀྱི་བུ། །བ་ལང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ། །སྟོབས་ཆེན་མ་ཧཱ་བ་ལ་ཁྱོད་ལ་བསྟོད། །སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ། །ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན། །སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབས། །ཅེས་བརྗོད་སྐུ་གཟུགས་དེ་དང་དབྱེར་མེད་བསྟིམ། །ཤོག་བུ་གཙང་མར་ལིང་ག་སྤྱི་མཚམས་བྲི། །ཡན་ལག་འབྲུ་བཞི་ཕྱི་རོལ་ཛ་ཁྲོཾ་བསྐོར། །སྙིང་གར་ཛཿཡིག་ཁ་སྤྲོད་གཉིས་ཀྱི་བར། །ནྲྀ་ཏྲི་ཁུག་གསུམ་བརྩེགས་མར་བྲི་བར་བྱ། །ལྟོ་བའི་ནང་དུ་སྒྲུབ་ལ་བར་གཅོད་པའི། །དམ་སྲི་སྒབ་འདྲེ་ཤི་གཤེད་གསོན་འདྲེ་སོགས། །གདོན་རིགས་

(༧༥༥)གར་གནོད་མིང་འཇུག་ཁུག་ནན་བྲི། །རང་མིང་ལྷ་མིང་དེ་རུ་འབྲི་མི་རུང་། །དྲི་མ་སོང་དོགས་མེ་དང་རླུང་ལ་གཡུག །མདུན་དུ་བཞགས་ལ་དགུག་གཞུག་སྤྱི་ལྟར་ལས། །ཆོས་སྐྱོང་འདི་དང་འདི་ཞེས་བསྒྲུབ་པ་ལ། །བར་དུ་གཅོད་པའི་སྒབ་འདྲེ་གང་ཡིན་པ། །ཁུག་ཅིག་ཛཿཧཱུཾ་བཾ་ཧོཿཞེས་པ་དེ། །བརྒྱ་འམ་ཉེར་གཅིག་བདུན་སོགས་ནན་ཏན་བྱ། །རང་ཉིད་ཡི་དམ་ཁྲོ་བོའི་ཐུགས་ཀ་ཡི། །འོད་ཟེར་ལྕགས་ཀྱུས་ཡང་ཡང་བཀུག་ལ་བསྟིམ། །ཕྱི་སྒོའི་ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དེ་ནང་ལིང་ག་གན་རྐྱལ་མགོ་ཕྱིར་བསྟན། །དེ་སྟེང་མ་ཧཱ་བ་ལའི་སྐུ་དེ་སྦུབས། །དབུ་ནི་ཕྱིར་བསྟན་ཁ་སྦྱོར་བྱས་ལ་མནན། །ཤུགས་ཆེན་མི་ཡིས་བྱིས་པ་མནན་པ་ལྟར། །མ་ཧཱ་བ་ལས་ནམ་ཡང་མི་བཏང་བསམ། །ས་ཁོད་རིམ་གཅིག་མནན་པའི་སྟེང་དུ་ནི། །རོ་གཡམ་གཅིག་གི་ངོས་ནི་གཉིས་པོ་ལ། །རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲི། །དམྱལ་ཡུལ་ཙམ་དུ་ཐུག་པར་ཐུར་མནན་སྟེང་། །རླུང་ནི་རྡོ་རྗེ་རྒྱ་གྲམ་

(༧༥༦)འབྱུང་རིམ་བརྩེགས། །དེ་སྟེང་རི་རབ་གླིང་བཞིས་མནན་པར་དམིགས། །བྱམས་པ་མ་བྱོན་བར་དུ་མ་ལྡང་ཅིག །དེ་ནས་ལངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་མ་ཧཱ་བ་ལས་མ་བཏང་ཞིག །ཅེས་བརྗོད་ས་རིམ་དགུ་ལ་རྒྱ་གྲམ་རེ། །དེ་སྟེང་མེ་ཁྲོལ་དེ་སྟེང་ཆུ་ཡང་བླུགས། །ས་ཡིས་བཀབ་ལ་བཅག་བརྡུང་མི་མངོན་བྱ། །རྟ་བྲོ་གང་ཤེས་བརྡུང་རྗེས་དམིགས་མེད་གཞག །དེ་ནི་ཡེ་ཤེས་ལྷ་དང་འཇིག་རྟེན་པ། །ཀུན་གྱིས་སྒབ་འདྲེ་མནན་ཐབས་ཐུན་མོངས་ཏེ། །ཤི་སྲི་ཆུང་སྲི་གོད་འདྲེའི་མནན་པ་དང་། །རྒྱལ་འགོང་འདྲེ་མོ་མནན་ཡང་མིར་གིས་བསྐྱུར། །འདྲེ་མནན་གཅིག་ཆོག་ཟབ་མོ་ཨི་ཐི་རྒྱ། །འདི་ལ་རྙིང་མའི་གུར་དྲག་ལུགས་ཡོད་ཀྱང་། །དེ་ནི་སྒྲུབ་པ་རྟགས་ཐོན་དགོས་ཕྱིར་དཀའ། །གནམ་ཆོས་ལུགས་ལ་འདི་ཉིད་ཡོད་ན་ཡང་། །དེ་མི་བཀའ་གཏད་དབང་ལུང་མེད་མི་རུང་། །འདི་ནི་ལས་ཚོགས་ཡན་གར་ཡིན་པའི་ཕྱིར། །མ་ཧཱ་བ་ལའི་བཀའ་གཏད་ཐོབ་མི་དགོས། །འདི་ནི་འཇིག་རྟེན་ལྷ་འདྲེ་ཀུན་གྱི་བདུད། །

(༧༥༧)འཇིག་རྟེན་ལྷ་འདྲེ་འདྲེ་ཀུན་འཇོམས་པ་ཡི། །ལས་ལ་གྲུབ་པའི་དྲེགས་པ་ཅན་ཡིན་གྱི། །ཡེ་ཤེས་པ་ཡི་ལྷ་ནི་མ་ཡིན་ཏེ། །རྒྱ་གར་ཆོས་ལུགས་རྒྱ་ནག་རྩིས་གཞུང་ལུགས། །ཀུན་ལས་འདྲེ་གསོད་ཤན་པར་འདི་བསྔགས་སོ། །དེ་སྐད་ཆོས་སྐྱོང་སྤྱི་སྒྲུབ་ཆ་ལག་ཏུ། །རྟ་ལོ་ཁྲུམས་ཟླའི་མར་ངོའི་བཅུ་གཉིས་གུང་། །རཱ་ག་ཨ་སྱས་ཕྱག་ཁྲིད་ཚུལ་དུ་སྨྲས། །རིག་སྔགས་འཆང་བ་བརྩོན་འགྲུས་རྒྱ་མཚོ་ཡིས། །ཕྱི་རབས་སྔགས་ཆུང་ཀུན་ལ་ཕན་ཕྱིར་བཀོད། །གབ་སྦས་གསལ་བར་བཀོད་པའི་ཉེས་མཆིས་ན། །སྟོབས་ཆེན་མ་ཧཱ་བ་ལ་ཉིད་ལ་བཤགས། །དགེ་བས་སྒྲུབ་ལ་བར་ཆད་མེད་པར་ཤོག །ལེའུ་ཞེ་བདུན་པའོ་མངྒ་ལཾ།། །ཚཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཆོས་སྐྱོང་སྤྱི་སྒྲུབ་ཀྱི་བླ་རྡོ་རྟེན་རྫས་ཀྱི་ཡིག་ཆུང་ཤ་རུལ་སྦྲང་བུ་རང་འཁོར་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་པ་ཎི་ཡེ། །ཆོས་སྐྱོང་སྤྱི་ཡི་བླ་རྡོ་སྲོག་འཁོར་དང་། །བརྟེན་རྫས་སྒྲུབ་རྫས་སོ་སོའི་

(༧༥༨)སྒྲུབ་ཐབ་ནས། །སོ་སོའི་གཞུང་བཞིན་གྲུབ་ན་མཆོག་ཡིན་ཏེ། །ཤེས་པར་དཀའ་ཞིང་ཤེས་ཀྱང་འཛོམ་པར་དཀའ། །གཏན་ནས་མེད་ན་འགྲུབ་པར་དཀའ་བ་སྟེ། །དཔེར་ན་རྔ་དང་པི་ཝཾ་ལ་སོགས་བཞིན། །རྫས་སྣ་གཅིག་མ་ཚང་ཡང་དོན་མི་འགྲུབ། །སྤྱིར་ནི་ལྷ་ཡི་བླ་རྡོ་ཤེལ་དཀར་རྡོ། །མི་ཡི་བླ་རྡོ་དྲུག་དམར་གཡུ་ཡིན་ཏེ། །འདྲེ་ཡི་བླ་རྡོ་ཕ་ཝང་ལོང་བུ་ཉིད། །མཁའ་འགྲོ་མ་ཡི་བླ་རྡོ་མུ་མེན་དང་། །ནོར་ལྷའི་བླ་རྡོ་གསེར་ནི་ས་བྱུང་བ། །ཀླུ་ཡི་བླ་རྡོ་མུ་ཏིག་ཉ་ཕྱིས་ཡིན། །ལྷ་མོའི་བླ་རྡོ་མཚོ་རྡིལ་སྔོན་པོ་དང་། །རྡོ་ནག་གྲུ་གསུམ་མགོན་པོའི་བླ་རྡོར་བཤད། །དེ་དག་སོ་སོར་ས་བོན་ཡི་གེ་བྲི། །སོ་སོར་མ་རྙེད་ལྷ་འདྲེ་ཐམས་ཅད་ཀྱི། །བླ་རྡོ་གཅིག་བསྡུས་ཕ་ཝང་ལོང་བུ་ཡིན། །རབ་གསེར་འབྲིང་དངུལ་ཐ་མ་མཚལ་གྱིས་ནི། །ཕྱོགས་བཞིར་ཛཿཧཱུཾ་བཾ་ཧོའི་ཡི་གེ་བཞི། །སྟེང་དུ་གཙོ་བོ་ཡབ་ཡུམ་ས་བོན་དང་། །ཡུམ་མེད་ན་ནི་གཙོ་བོའི་ས་བོན་ཉིད། །འོག་ཏུ་ལས་མཁན་ཕོ་མོའི་ས་བོན་བྲི། །དེས་ནི་

(༧༥༩)གང་ཡིན་བྷ་དེའི་བླ་རྡོ་ཚང་། །རབ་ནི་དར་རམ་གོས་ཆེན་ལྷ་ཡི་མདོག །མ་རྙེད་གྲོ་ཤོག་གཙང་མ་ལ་ཡང་རུང་། །རྩ་སྔགས་ཕྲེང་གཅིག་བྲིས་པས་བླ་རྡོ་དྲིལ། །དེ་ཉིད་གོས་དང་ལྷ་ཡི་ཁ་དོག་གཏུམས། །དེ་ཉིད་མཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིང་། །དེ་ཉིད་ལྷར་བསྐྱེད་བསྐྱེད་བསྟིམ་གཏོར་མ་འབུལ། །མི་གཤེགས་དེར་བསྟིམས་རྟེན་འབྲེལ་རབ་གནས་བྱ། །དེ་ཉིད་སྒྲུབ་ཚེ་ག་འུར་ལུས་ལ་བཅངས། །ཚར་ནས་རྟེན་སྒམ་ནང་ངམ་མདའ་དར་བཏགས། །རྟག་ཏུ་མི་གཤེགས་དེ་ལ་ཐིམ་པར་དམིགས། །རྡོ་ནི་བླ་རྡོ་སྔགས་ནི་སྲོག་འཁོར་ཚར། །ཕྱི་རྟེན་མགོན་པོར་གཡག་ནག་དར་སྣས་བརྒྱན། །ལྷ་མོར་ལུག་ནག་སྤྱི་དཀར་བྱ་མོ་ནག །དམ་ཅན་ར་དཀར་གཉའ་ནག་རྔ་ཁྲས་བརྒྱན། །ནོར་ལྷའི་རིགས་ལ་རྟ་སྔོན་ཆུ་རིས་དང་། །བཙན་ལ་ཁྱི་དམར་རྟ་དམར་ཀླུ་ལ་ནི། །ཆུ་རྟ་སྔོན་པོ་སྦལ་བ་སྦྲུལ་གྱི་གཟུགས། །རབ་ནི་དར་རས་ཐ་ན་ཤོག་གུར་བྲིས། །མདའ་ལ་བཏགས་པས་ཕྱི་རྟེན་དེ་ཡིས་ཚང་། །མདའ་གཙང་རྒོད་སྒྲོ་མེ་

(༧༦༠)ཡིས་མ་བཤུར་བ། །རང་མདོག་དར་བཏགས་དེ་ཡིས་ནང་རྟེན་ཚང་། །ཤོག་གུ་གཙང་མ་འམ་དར་རས་ཙཀླི་བྲི། །དེ་ཡི་རྒྱབ་ཏུ་ཐུགས་བདེ་ས་བོན་བྲི། །དེ་རྒྱབ་གང་ཡིན་ཕྱག་གཡས་ཕྱག་མཚན་བྲི། །མཐའ་སྐོར་བསྙེན་སྔགས་སྒྲུབ་སྔགས་གཡས་བསྐོར་བྲི། །མ་ཤོང་སྔགས་མཇུག་ནང་དུ་བཅུག་པར་བྱ། །དེ་ཉིད་སྤྱན་དབྱེ་རབ་གནས་བརྡའ་ཙམ་བྱ། །གཟའ་སྐར་བཟང་ངམ་དུས་ཚོད་གཉན་པོ་ལ། །བྲི་དང་རབ་གནས་ཉིན་གཅིག་གིས་རྫོགས་བྱ། །རྟེན་རྫས་ཀུན་གྱི་མཆོག་ཏུ་གྱུར་པ་སྟེ། །སྒྲུབ་དུས་གཏོར་མའི་མགོ་ལ་བཙུགས་པ་སྟེ། །ཚར་ནས་མདའ་དར་མགུལ་བཏགས་རྟེན་སྒམ་སྦ། །སྐུ་ནི་སྐུ་རྟེན་སྔགས་ནི་གསུངས་གི་རྟེན། །ཕྱག་མཚན་བྲིས་པས་ཐུགས་ཀྱི་རྟེན་ཚང་ངོ་། །གསུང་རྟེན་གོང་དུ་བཤད་པའི་བླ་རྡོའོ། །བསྐང་རྫས་རྣམ་པ་སྣ་ཚོགས་གསུངས་པ་རྣམས། །བསྐང་རྫས་ཐང་སྐུའམ་ཟན་ལ་པར་བཏབ་རུང་། །དངོས་སུ་མེད་ཀྱང་དམིགས་རྟེན་བརྡ་མཚོན་རེ། །མེད་ན་ལྷ་མོའི་རིགས་ནི་མི་འགྲུབ་སྟེ། །

(༧༦༡)གསལ་ཡང་དེ་ཡིས་མི་ཆོག་ཕྱིར། །རྫས་ལ་དགའ་བས་རྫས་དགའ་མ་ཞེས་བྱ། །བསྐང་བའི་ནང་ནས་གསུངས་པའི་རྫས་དེ་དག །དངོས་སུ་འཛོམ་ན་མ་བསྒྲུབས་ན་ཡང་མཆོག །དཔེར་ན་ཤར་རུལ་སྦྲང་མ་འདུ་མཚུངས་གསུངས། །དེ་དོན་མ་མགོན་རྒྱུད་གཞུང་རྣམས་སུ་གསལ། །རང་མདོག་དར་རམ་རས་ལ་སྐུ་བྲིས་པ། །དེ་ནི་ཕྱར་དར་ཀུན་ལ་ཡོངས་སུ་གྲགས། །རང་མདོག་དར་ཁ་མ་ཉམས་གཙང་མ་ལ། །བསྙེན་སྔགས་འབོད་སྔགས་སྤྱན་འདྲེན་སྔགས་དྲིས་པ། །ལྕགས་སམ་གང་རུང་རྡོ་རྗེའི་སྣེ་ལ་བཏགས། །སྤྱན་འདྲེན་སྐབས་སུ་ལག་གཡུག་ཚུལ་དུ་གཡབ། །དེ་ནི་གཡབ་དར་ཡིན་ཏེ་ཤེས་མཁན་དཀོན། །སྐྱེས་པ་ཐིག་ལེ་མ་ཉམས་གསང་རྡོར་ནི། །འབྲས་བུ་གཉིས་བཅས་མི་དབང་འབྲས་བུ་ཡིན། །མིང་སྲིང་སྦྱོར་བའི་བྱིས་པ་ནལ་བུ་སྟེ། །ཧསྟ་ཞེས་པ་ལག་པའི་མིང་ཡིན་ལ། །མཚལ་གྱི་ཤིང་ཏོག་པད་མ་རཀྟ་ཡིན། །སྟོན་ཁ་ལྕང་མའི་ལོ་མ་རླུང་ཁྱེར་བ། །ས་ལ་མ་ཕོག་བར་སྣང་ཁམས་ནས་བཟུང་། །དེ་ཡི་སྟོད་ལ་ལྷ་

(༧༦༢)མོའི་སྐུ་བྲིས་ལ། །ཕྱེད་བཅད་སྨད་ལ་ལྷ་མོའི་སྙིང་པོ་བྲི། །དེ་གཉིས་ཞལ་སྦྱར་ཚོན་སྐུད་སྣ་ལྔས་བཅིངས། །ལྷ་མོ་བསྐྱེད་པ་བསྟིམས་འབྲལ་མེད་ལུས་ལ་བཅངས། །ལྷ་མོ་ལུས་དང་གྲིབ་བཞིན་འགྲོགས་པར་གསུངས། །དེ་ནི་ལྷ་མོའི་རྟེན་རྫས་ཀུན་ལས་མཆོག །རི་རྒྱལ་གཉེན་པོ་གྲགས་པ་ཅན་གྱི་རྩེ། །ཡང་ན་རི་མགུལ་རི་ཟུར་ཡིན་ཀྱང་རུང་། །རྡོ་ནག་ཟུར་གསུམ་ཤ་རིལ་མཛུབ་རྩེ་ཙམ། །གྲི་གུག་གམ་ནི་གྲི་ཡི་རྩེ་མོས་བླངས། །ལག་པས་མ་རེག་ཤོག་གུའི་ནང་གཏུམ་ལ། །ལོགས་གཅིག་གསེར་གྱི་ཧཱུཾ་ཡིག་བྲི་བ་དང་། །གཡས་སུ་དེ་ཡི་ལས་མཁན་གང་ཡིན་སྲོག །གཡོན་དུ་དེ་ཡི་ཡུམ་དེའི་ས་བོན་བྲི། །གོང་ལྟར་སྔགས་ཀྱི་ཤོག་དྲིལ་གྱིས་གཏུམས་ཏེ། །བཏགས་སམ་བཅངས་པ་མགོན་པོའི་བླ་རྡོ་མཆོག །དེ་བཞིན་མཚོ་གཉན་རྡེའུ་སྔོན་པོ་གཅིག །ལག་པས་མ་རེག་ཁྱེམ་མམ་སྐྱོགས་ཀྱིས་བླངས། །བྷྱོཿའམ་མ་བྲིས་སྔགས་གཏུམས་ལྷ་མོའི་རྟེན། །ཕུཿབྲིས་སྔགས་གཏུམ་ཀླུ་ཡི་བླ་རྡོ་ཡིན། །གལ་ཏེ་ཕྱི་རྟེན་རྟ་དང་གཡག་བཙན་ན། །དང་པོ་རྣམ་

(༧༦༣)འཇོམས་གཟུངས་ཆུ་གཏོར་བས་བཀྲུ། །རྭ་ལ་བཙག་བྱུགས་རྣ་བ་དཔུང་པ་གཉིས། །རྔ་ཚོན་སྔོན་དམར་དར་སྣ་སྲུང་སྐུད་གདགས། །གང་ཡིན་ལྷ་ཡི་སྙིང་པོའི་ཤོག་དྲིལ་ནི། །རྣ་བའམ་ནི་དཔུང་པའི་གསེབ་ཏུ་བཏགས། །བསྐང་གསོའི་སྐབས་སུ་འདི་ལ་རྟེན་ཆོས་ལ། །མི་ནོར་སྤེལ་ཞིང་བསྲུང་བའི་ཕྲིན་ལས་བཅོལ། །སྤུ་མི་བྲེགས་ཤིང་ཤ་མི་གཅོད་པ་དང་། །ལུད་སོགས་ངན་པའི་ཁལ་ནི་བཀལ་མི་བྱ། །སྐབས་སུ་ལྟ་ཡང་དེ་ལ་བསྟིམས་དམིགས་ན། །གཅན་གཟན་ཆོམ་རྐུན་རྣམས་ལ་དཔའ་བ་ཡིན། །རིགས་མཐུན་དུད་འགྲོའི་ཁྱུ་ཡང་བསྲུང་བར་འགྱུར། །དེ་བཞིན་རྔ་ཐུག་བརྩུག་པར་བྱ་བ་ཡང་། །ཁ་ཊྭཾ་སྡེ་ཆེན་བླ་ཆེན་དགོན་པ་སོགས། །འཐོབ་ཆ་ཡོད་པ་མིན་པས་མི་ཁྱག་ཟེར། །མདུད་ལྟགས་སྐྱ་སེར་སྔགས་པ་སུས་བྱང་རུང་། །ཐུགས་ཀྱི་རྩ་སྟོད་སྲོག་ཤིང་དེ་ཡི་ནང་། །ཆོས་སྐྱོང་རྣམས་ཀྱི་འབོད་སྔགས་བསྙེན་སྔགས་བཅུག །རྐེད་པར་བད་བའི་སྔགས་རིང་ཤོག་དྲིལ་བཅུག །རྩ་བར་བསང་སྔགས་ཤོག་དྲིལ་བཅུག་པ་ནི། །མ་ནིང་རྔ་

(༧༦༤)ཐུག་ཨོ་རྒྱན་གྱིས་མཛད་ལུགས། །རྔ་ཐུག་ནང་དུ་ཕྱོགས་གསུམ་ཤོག་དྲིལ་བཏགས། །ཡང་ན་ཤིང་གི་ནང་དུ་བཅུག་ཀྱང་རུང་། །དེ་ནི་རྔ་ཐུག་ཡུ་བ་མི་བརྟེན་ཏེ། །རྔ་ཐུག་ཁུར་དགོས་སྒར་བ་བྱེད་པའི་ལུགས། །ལྕགས་དེ་གནམ་ལྕགས་མ་ལ་ཡ་ཡི་རི། །རྔ་མ་previous hit མགོན་སྤྲུལ་བྱ་རོག་ནག་པོ་སྟེ། །ཡུ་བ་བྱང next hit་ཤར་དཔག་བསམ་ལྗོན་པའི་ཤིང་། །དཔལ་ལྡན་ལྷ་མོའི་བཞུགས་གནས་མཚོན་པ་ཡིན། །དགུ་གཏོར་དུས་སུ་རྒྱུན་དུ་དེ་ལ་བསྟིམ། །དགོན་པ་ལྷ་ཆ་བྲ་ང་ལ་སོག་པ། །བསྲུང་ཞིང་སྐྱོབ་པའི་བཅོལ་གཏན་ཡང་ཡང་བྱ། །དེ་ཡི་ཡུལ་ཕྱོགས་དགོན་གནས་བསྲུང་བའི་མཆོག །དེ་ལས་སེ་ར་གནམ་སྔོན་དར་ལྕེ་དམར། །དར་ནག་ཆོས་སྐྱོང་སྔགས་བྲིས་བཏགས་པ་ཡིས། །ཆོས་སྐྱོང་སྲུང་མ་ཤུགས་ལ་འཁོར་བའི་གནད། །དར་ལ་འདུ་བ་ལྷ་འདྲེ་སྤྱི་ཡི་ལུགས། །ཞེས་པ་ཆོས་སྐྱོང་སྤྱི་ཡི་རྟེན་རྫས་རྣམས། །ཚེགས་ཆུང་དོན་ཆེ་སུས་ཀྱང་རྙེད་སླ་བ། །རྟ་ལོ་ཁྲུམས་ཟླའི་མར་ངོའི་བཅུ་གཉིས་གུང་། །རཱ་ག་ཨ་སྱས་ངག་ཁྲིད་ཚུལ་དུ་སྨྲས། །

(༧༦༥)སྔགས་ཀྱི་རྣལ་འབྱོར་བརྩོན་འགྲུས་རྒྱ་མཚོ་བས། །སྔགས་ཆུང་གསར་བུ་རྣམས་ལ་ཕན་ཕྱིར་བྲིས། །སྤ་འོས་གསལ་བཀོད་ཉེས་འགལ་སྲུང་མར་བཤགས། །དགེ་བས་སྔགས་ཀྱི་བསྟན་པ་དར་རྒྱས་ཤོག །ལེའུ་ཞེ་བརྒྱད་པའོ་མངྒ་ལཾ། །འོ་སྐོལ་གྱི་ཆོས་སྐྱོང་འདི་ཡི་མཚན་ནི། །ལྷོ་བྲག་གི་མགོན་པོ་གཅིག་མགྱོགས་མ་ཞེས་ཀྱང་བྱ། །ཟངས་དཀར་ལོ་ཙཱ་བའི་ཤ་བ་རྒྱུག་འགྱེལ་ཞེས་ཀྱང་བྱ། །ཉལ་བ་ཉི་མ་འབར་གྱི་ཕོ་རོག་ལྡིང་སྐྱུར་ཞེས་ཀྱང་བྱ། །གཉལ་བ་ཇོ་སྲས་ཀྱི་མྱུར་པ་ཁྲག་སྐྱུགས་ཞེས་ཀྱང་བྱ། །ཆོས་སྐྱོང་འདི་ནི་མགོན་པོ་སྤྱི་བསྡུས་ཀྱི་སྒྲུབ་པ་ཡིན་པ་ལ། །སློབ་དཔོན་ཨརྣ་པ་ཡི་མགོན་པོ་སྤྱི་སྒྲུབ་ཞེས་ཀྱང་བྱ། །མལ་གྱོ་ལོ་ཙ་ངའི་མགོན་པོ་མེ་ཡི་སྤུ་གྲི་ཞེས་ཀྱང་བྱ། །སློབ་དཔོན་ཉི་མ་འབར་གྱི་མགོན་པོ་ཕུང་བྱེད་ཅེས་ཀྱང་བྱ། །གཉལ་པ་ཇོ་སྲས་ཀྱི་མགོན་པོ་བེང་ཆེན་ཞེས་ཀྱང་བྱ། །བླ་མ་རས་ཆེན་གྱི་མགོན་པོ་ལྕགས་ཕར་མ་ཞེས་ཀྱང་བྱ། །དོན་དམ་པར་ནི། །མགོན་པོ་འདི་ཡི་མཚན་ནི། །དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་

(༧༦༦)ནག་ཅན་ཞེས་བགྱི་བ་ལགས་སོ། །མགོན་པོ་འདི་ནི་ཤིན་ཏུ་སྟོབས་དང་རྫུལ་འཕྲུལ་ཆེ་བ་སྟེ། །རྒྱུད་མེ་ལྕེ་ཕྲེང་བ་ལས། །བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་བཀའ་སྩལ་པ། །སྐྱེ་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་བར་བྱེད། །འདོད་ཁམས་དཀྲུགས་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་བ་ཀུན་གྱི་རྒྱུན་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་རབ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚང་གཅོད་ཅིང་། །ཁྱོད་ཀྱི་གད་མོ་བགད་པ་ནི། །གཤེ་བའི་གད་མོ་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་བསྡངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གང་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུཾ་སྒྲས་ལམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕཻ༚་ཕཻ༚་ཕཻ༚་ཀྱིས་འཇིག་རྟེན་གཡོ། །གཡོ་བས་ཐམས་ཅད་དབང་དུ་སྡུད། །བངས་ཀྱི་སྟོབས་

(༧༦༧)ནི་གློག་དང་འདྲ། །སྟོང་གསུམ་དུས་ཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་པོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ཅེས་གསུངས་སོ། །རིན་ཆེན་དཔུང་རྒྱན་ལས། །གང་ཚེ་ཅི་ཡིས་འདུལ་པ་ཤེས་པ་སོ། །ཅི་དང་ཅི་འདུལ་སྤྲུལ་པ་ཤེས་པ་པོ། །ཅེས་གསུངས་པ་དང་། །སྲོག་གི་འཁོར་ལོའི་རྒྱུད་ལས། །མགོན་པོ་ཉིད་ཀྱིས་སྨྲས་པ། །ཨེ་མ་ཧོ། །བདག་ནི་ཤིན་ཏུ་མི་བསྲུན་པས། །སྲིན་པོ་རྣམས་ཀྱང་བྲན་དུ་ཁོལ། །ལྷ་མ་སན་རྣམས་བརླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དུ་བཅས། །ལྷ་མ་ཡིན་གྱི་བུ་མོ་རྣམ། །སྲིན་མོར་བསས་ཏ་ཁས་བླངས་ནས། །སངས་རྒྱས་བསྟན་པ་བསྲུང་དུ་བཅུག །ཅེས་སོ། །ཞེས་པ་ལུང་འདྲེན་འདི་

(༧༦༨)ཡང་ཕྱག་དཔེ་ནས་ཁོལ་དུ་ཕྱུངས་ཏེ་རིན་པོ་ཆེའི་ཞལ་སྔ་ནས་བསྩལ་བ་ལྟར་བདག་ཀརྨ་བཱིརྱ་སཱ་ག་རས་མགྱོགས་པར་བྲིས་པའོ།། །ཛཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཆོས་སྐྱོང་སྤྱིའི་བརྟེན་གཏོར་སོགས་གཏོར་མའི་ཡིག་སྣ་ལྷའི་ནོར་བུ་ཀེ་ཀེ་རུ་ཞེས་བྱ་བ་བཞུགས་སོ། །གསང་རྒྱའོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། །བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྔགས་ལ་མོས་པའི་བླ་མ་བརྩོན་འགྲུས་ཀྱིས། །བརྟེན་གཏོར་ལ་སོགས་གཏོར་མའི་རྣམ་དབྱེ་རྣམས། །ཆོས་སྐྱོང་སྤྱི་ལ་ཕན་པའི་ཞལ་གདམས་ཞུས། །དེ་དོན་གསར་རྙིང་རྒྱུད་གཞུང་རྒྱ་མཚོ་དང་། །ཁྱད་པར་གཏོར་མའི་ལས་རྒྱུད་ལ་སོགས་ནས། །གཏོར་མ་མེད་ན་བར་ཆད་སེལ་བར་དཀའ། །གཏོར་མར་བརྩོན་ན་བར་ཆད་མི་ཚུགས་ཤིང་། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་མཆོག་ཏུ་གསུངས། །ཕྱི་ཡི་གཏོར་མ་ཆུ་གཏོར་བརྒྱ་རྩ་སོགས། །གསང་བའི་གཏོར་མ་ལུས་སྦྱིན་ཀུ་སུ་ལུ། །གསང་སྔགས་ནང་གི་གཏོར་མ་

(༧༦༩)གཏོར་བསྔོས་ཏེ། །འདི་གསུམ་མ་ཆགས་བསོད་ནམས་ཚོགས་བསགས་མཆོག །ནང་གཏོར་མ་གཏོགས་ཆོས་སྐྱོང་གཏོར་མ་ལ། །བརྟེན་གཏོར་རིགས་གཉིས་གཏའ་གཏོར་རྟག་གཏོར་དང་། །རྒྱུན་གཏོར་ཐུན་གཏོར་དུས་གཏོར་རྣམ་དབྱེའོ། །བརྟེན་གཏོར་འཕྲལ་དུ་སྒྲུབ་པའི་བརྟེན་གཏོར་ནི། །སྒྲབ་ཚེ་ལྷར་བསྐྱེད་ཚར་ནས་དབང་ལེན་པ། །དགོན་གནས་ལ་སོགས་བཞག་རྒྱུའི་རྟེན་གཏོར་ནི། །མ་མགོན་ལ་སོགས་དྲག་པོའི་ལྷ་ཡིན་ན། །ནས་ནག་གཙང་མ་སྣོད་དུ་བླུགས་བྱས་ལ། །སྭ་བྷ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །ནས་འབྲུ་རེ་རེ་ཧཱུཾ་ཡིག་སྔོན་པོར་བསྒོམ། །དེ་ནས་མི་དམིགས་བྱས་ལ་རྗེན་འཐག་བྱ། །ཞི་བར་ནས་དཀར་སོ་སོའི་ས་བོན་དམིགས། །དེ་ཡང་རྗེན་འཐག་བྱ་བ་གོང་དང་འདྲ། །ཆུ་ཆུང་ཟན་ཆང་བྱས་ན་རུལ་བས་སྤང་། །མར་ཁུ་བྱས་ན་གཏོར་གཟུགས་བཅའ་མི་ཉན། །མར་དཀར་ཆུ་བཅག་ཆང་གི་ཉིང་ཁུས་སྦྲུས། །གཙང་མའི་ཁྲག་དང་བདུད་རྩིའི་རིལ་བུ་བསྲེ། །ཞི་བའི་རིགས་ལ་དེ་དག་མི་སྲེ་ཏེ། །ནོར་ལྷའི་རིགས་ལ་མངར་

(༧༧༠)གསུམ་ཤིང་ཏོག་རིགས། །ཀླུ་ཡི་རིགས་ལ་ཀླུ་སྨན་ཕྱེ་མ་དང་། །བ་དཀར་ར་དཀར་འབྲི་ཟལ་འོ་མ་བསྲེས། །དྲག་པོ་ཡིན་ན་ཟངས་ལྕགས་སྣོད་ལེགས་ཏེ། །ཞི་བར་ལིའམ་ཤིང་སྣོད་ཤེང་ཤུན་རུང་། །རྫ་ལས་གྲུབ་པའི་ཟླ་གམ་གཏོར་སྣོད་དབྱིབས། །དེ་ནི་མ་མགོན་གཏོར་མར་མཆོག་ཏུ་བཤད། །བསེ་དང་ར་གན་རྡོ་ལེབ་སྣོད་མི་རུང་། །གཏོར་ས་ཆེ་ན་འོག་གདན་སྟེགས་བུའི་སྟེང་། །ཡང་ན་གཏོར་སྣོད་ནང་དུ་བརྡའ་ཙམ་བྲི། །ཟླུམ་པོ་དཀར་པོའི་ནང་དུ་གྲུ་བཞི་སེར། །དེ་ནང་ཟླ་གམ་དམར་ནང་གྲུ་གསུམ་མཐིང་། །དེ་ནི་ལས་བཞིའི་དཀྱིལ་འཁོར་བརྡའ་མཚོན་ཡིན། །གྲུ་བཞི་ཟླུམ་པོ་ཕྱི་ནང་བརྗེས་ཀྱང་རུང་། །དེ་སྟེང་གཏོར་མ་དབྱིབས་ནི་དབང་གཏོར་བཞིན། །རང་རང་གཏོར་གཟུགས་ལྷུན་མཐུག་ཟུར་མི་རྣོ། །གཏོར་མ་ཆེ་ན་སྟོད་སྨད་རྣམ་པ་ལྔར། །སོ་སོར་ཤོག་དྲིལ་བཅུག་པར་བྱ་བ་སྟེ། །བརྒྱུད་པའི་བླ་མ་སྟོང་རིམ་ས་ཐོབ་རྣམས། །སོ་སོའི་མཚན་སྔགས་ཤོག་དྲིལ་བྲི་བ་སྟེ། །ས་ཐོབ་མིན་པར་བླ་བརྒྱུད་མི་བྲི་བར། །ཨོཾ་ཨཱ༔སརྦ་གུ་རུ་ཧཱུཾ་གིས་ཆོག །དེ་འོག་

(༧༧༡)ཆོས་སྐྱོང་དེ་ཉིད་འདུལ་བའི་ལྷ། །ཡི་དམ་གང་ཡིན་དེ་ཡི་སྙིང་པོ་བཅུག །གཏོར་མའི་སྟོད་དེར་བསྙེན་སྔགས་འབོད་སྔགས་བཅུག །རྐང་པ་བསྒྲུབ་སྔགས་དངོས་གྲུབ་ཤམ་བུ་དང་། །རྦད་སྔགས་སྔགས་རིང་བཅས་པར་བཅུག་པར་བྱ། །རྩ་བར་བསང་སྔགས་སྔགས་རིང་བཅུག་པར་བྱ། །གཏོར་མ་ཆུང་ན་གྲངས་ལྕགས་སྦུ་གུའང་། །སྨྱུག་ཚིགས་ནང་དུ་སྟོད་སྨད་སོ་སོར་བཅུག །དེ་ཉིད་གཏོར་མའི་སྲོག་ཤིང་བྱས་པས་འཐུས། །འཇིག་རྟེན་ལྷ་ལ་བླ་མའི་མཚན་མི་བཅུག །གོང་ནོན་གཉེན་པོའི་ལྷ་ཡི་སྔགས་ཀྱིས་ཆོག །གཏོར་མ་ཆུང་ན་གྲངས་ལྕགས་སྦུ་གུའང་། །སྨྱུག་ཚིགས་ནང་དུ་སྟོད་སྨད་སོ་སོར་བཅུག །གཏོར་མའི་དབུས་སུ་རིན་ཆེན་སྣ་ཚོགས་པ། །བཅུག་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཟབ། །སྨན་སྣ་ཀུན་བཅུག་ནད་ཉུང་རྟེན་འབྲེལ་འགྱུར། །ཡེ་ཤེས་པ་ལ་བདུད་རྩི་རིལ་བུ་དང་། །འཇིག་རྟེན་པ་ལ་ཀླུ་སྨན་རིལ་བུ་བཅུག །གསེར་དང་གསེར་ཤོག་མང་པོ་བཅུག་པ་ལ། །གསེར་གཏོར་ཞེས་བྱ་ཁམས་ཆེན་རྩི་སྲེལ་གདའ། །ཞི་དྲག་མང་རྒྱན་སོ་སོ་གང་འོས་དང་། །སོ་སོའི་ས་བོན་ཡིག་འབྲུ་བཀོད་པར་བྱ། །ཡ་

(༧༧༢)སྲས་ལ་སོགས་སྟོབས་ཆེན་ཕྱག་ལེན་ལ། །གོས་ཆེན་བཟང་པོར་གཏོར་མའི་དབྱིབས་དྲུབ་ནས། །ནང་དུ་འབྲུ་སྨན་རིན་ཆེན་ཤོག་དྲིལ་བཀང་། །དངུལ་གྱི་མར་རྒྱུན་བརྡུང་ནས་བཏགས་པ་ལགས། །ཆུ་མ་འདྲེས་པའི་ཨ་བོ་སྣའི་གཏོར་མ་དེ། །ལོ་སྟོང་སོང་ཡང་མི་རུལ་ཞིག་མི་འགྱུར། །དེ་ནི་མྱོང་བས་གྲུབ་པའི་ལོ་རྒྱུས་ཐོས། །ཤ་རྒྱན་འོས་པའི་གཏོར་མ་ཡིན་ན་ནི། །ཤ་མ་འདྲེས་པའི་ཚིལ་ལ་དྲས་བྱས་ཏེ། །དེ་ཡང་མར་ཁུའི་ནང་ནས་དྲངས་ལ་འཛུགས། །རྩེ་ལ་སོ་སོའི་ཙཀླི་དར་གདུགས་ཕུབ། །ཆེ་ཆུང་མདའ་གང་ཁྲུ་གང་མཐོ་གང་དང་། །ཐ་ན་མཛུབ་གང་གིས་ཀྱང་ཆོག་པ་ཡིན། །ཆེ་ན་རང་མདོག་མདའ་དར་བཙུགས་པར་བྱ། །དང་པོ་བཤམས་ནས་སྦོས་བདུག་ཆབ་ཀྱིས་བྲན། །ཆང་རྒོད་ནང་མཆོད་བྲན་ཅིང་བསྒུལ་མི་བྱ། །རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་མེ་ཆུ་རླུང་གསུམ་གྱིས། །བསྲེགས་གཏོར་བཀྲུས་ནས་སྟོང་པ་ཉིད་དུ་བསམ། །གཏོར་སྣོད་ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ནི། །ལྕགས་རི་རིམ་པ་ཕྱི་ནང་བཞི་

(༧༧༣)འདྲ་བ། །ནང་མ་ཀུན་ལ་སྒིས་སྐར་འདྲ་བའི་ནང་། །དབུས་སུ་རླུང་མེ་ཐོད་སྒྱེད་སྤྱི་ལྟར་སྟེང་། །བྷན་དྷ་སྟོང་གསུམ་མཉམ་པ་གཅིག་བསྒོམས་ཏེ། །ནང་དུ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ། །དེ་མན་གཏོར་མའི་སྨད་ཆ་གཏོར་སྣོད་བཅས། །གཏོར་མའི་སྐད་པར་ཆོས་སྐྱོང་གཞལ་ཡས་གསལ། །རྩེ་རུ་བླ་མ་ཡི་དམ་སྤྲིན་ལྟར་གཏིབས། །ཞི་བའི་ཆོས་སྐྱོང་ནོར་ལྷ་སོགས་ཡིན་ན། །རླུང་མེ་ཐོད་སྒྱེད་བྷན་དྷ་མི་བསྒོམ་པར། །རིན་ཆེན་སྣ་ཚོགས་བདུད་རྩིས་གང་བར་བསྒོམ། །གཏོར་ཆོག་བཞིན་དུ་ཆོས་སྐྱོང་སྤྱན་འདྲེན་བསྟིམ། །བྷན་བྷའམ་ནི་རིན་ཆེན་སྣོད་དེ་ནས། །བདུད་རྩིར་འཕྱུར་བས་ཕྲིན་ལས་རྣམ་བཞི་ཡིས། །དཀྱིལ་འཁོར་བཞི་པོ་བདུད་རྩིས་ལྟེམས་སེ་གང་། །བདུད་རྩིའི་རླངས་པ་མཆོད་པས་དཔག་མེད་པ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་རྣམ་པ་བདུན། །མཆོད་པའི་ལྷ་མོ་བཅུ་དྲུག་སྤྲིན་ལྟར་གཏིབས། །ཞི་བའི་དཀྱིལ་འཁོར་ནང་དུ་དཀར་གསུམ་དང་། །རྒྱས་པའི་དཀྱིལ་འཁོར་ནང་དུ་ནོར་བུའི་རིགས། །

(༧༧༤)དབང་གི་དཀྱིལ་འཁོར་ནང་དུ་དར་ཟབ་ཚོགས། །དྲག་པོའི་དཀྱིལ་འཁོར་དགྲ་བགེགས་ཤ་ཁྲག་སོགས། །ཕུད་རླངས་བསྐང་རྫས་སྒྲུབ་རྫས་བརྟེན་པའི་རྫས། །ཟད་མེད་དཔག་མེད་འཕྲོ་ཞིང་འདུ་བ་ལས། །ཆོས་སྐྱོང་འཁོར་བཅས་དེ་ལ་ཐུགས་མཉེས་ནས། །བྱིས་པ་གཞོན་ནུ་རྩེད་མོར་ཡེངས་པ་འམ། །འདོད་སྲེད་ལྡན་པ་ནོར་ལ་ཆགས་པ་བཞིན། །རྟག་ཏུ་དགྱེས་ཤིང་འཁོར་ཞིང་བཞུགས་པ་དེ། །བསིལ་བ་ཚལ་སོགས་རང་རང་བཞུགས་གནས་དང་། །གཏོར་མ་དེ་ཉིད་དབྱེར་མེད་རོ་གཅིག་བསམ། །རྟག་ཏུ་མི་གཤེགས་མི་བསྡུ་དེ་ལྟར་བཞག །བདུན་གཉིས་བདུན་གསུམ་བར་དུ་ཐུན་རེ་རེ། །གཏོར་མར་སེམས་གཏད་སྟོང་ཕྲག་ཙམ་རེ་བསྙེན། །དེ་ནི་བརྟན་གཏོར་བསྙེན་པའི་རིམ་པ་སྟེ། །རྗེས་ནས་དགུ་གཏོར་དུས་ཀྱང་དེ་ལ་བསྟིམ། །དུས་བཟང་སྐར་བཟང་དུས་སུ་གསོ་བྲན་བྱ། །རྒྱུན་དུ་མི་ཡིས་མི་མཐོང་སྦས་ཏེ་བཞག །ཤོག་གུར་བྲིས་བསམ་ཤིང་ལ་བརྐོས་པ་ཡི། །ཟླ་ཕྱེད་རྡོ་རྗེ་གཅིག་

(༧༧༥)དང་སྲུང་སྐུད་ནི། །བལ་ལམ་དར་རས་གཙང་མར་མདུད་བྱས་ལ། །རྩ་སྔགས་ཤམས་བུར་བདག་དང་བུ་སློབ་དང་། །རྟ་ཕྱུགས་དགོན་སྐོར་ལ་སོགས་སྲུངས་ཤིག་དང་། །རཀྵ་རཀྵ་སྭཱ་ཧཱ་སྤེལ་བའི་སྔགས། །བརྒྱ་རྩས་སྔགས་ཏེ་བརྟེན་གཏོར་ལ་བཏགས་བྱ། །དེ་ནི་སྤྱི་ཡི་མི་ནོར་བསྲུང་བའི་མཆོག །ཁྱད་པར་ཞིང་སྐྱོང་བརྟེན་གཏོར་གདམས་ངག་ནི། །སེང་གདོང་ཡབ་ཡུམ་བམ་རོ་ཕོ་མོའི་སྔགས། །དེ་འཇུག་སྡེ་བརྒྱད་སྔགས་ནི་མི་འབྱར་བར། །ཀ་ཆ་མཆོད་ཆ་བྲང་ང་ལ་སོགས་པ། །མིང་བྲིས་མ་དྲུག་ཏུ་ཞིང་སྐྱོང་ཡབ་ཡུམ་ལ། །བཅོལ་ལོ་གཏད་དོ་མ་བསྐུར་ཐུབ་པར་སྲུངས། །རཱ་ག་ར་ཏི་ནོར་སྲུངས་ཤིག །ཅེས་བྲིས་ཤོག་དྲིལ་གཏོར་མར་བཏགས་པར་བྱ། །དེ་ནི་དཀོར་ནོར་བསྲུང་བའི་མཆོག་ཏུ་གསུངས། །གལ་ཏེ་ཁྱེར་ན་རྦད་མི་དགོས་པར་བཤད། །ཞིག་རལ་བྱུང་ན་བརྗེ་བ་མ་གཏོགས་པ། །དེ་མིན་རྟེན་གཏོར་བརྗེ་བར་བྱ་བ་མིན། །བསྟན་ལ་ཐུག་པའི་དགྲ་བོ་བྱུང་སྲིད་ན། །

(༧༧༦)ཟོར་དུ་འཕངས་ན་ཧུར་ཐུམ་འགྲོ་བར་བཤད། །རང་ཉིད་ཡི་དམ་ང་རྒྱལ་བརྟན་པོ་ཡེས། །ལྷ་ཉིད་གདན་དར་བཅས་ཏེ་འཕངས་བསྒོམས་པས། །ཕ་རོལ་རྡུལ་དུ་བརླག་པར་གདོན་མི་ཟ། །ནུས་པ་ཆུང་ན་རང་ལ་ལྡོག་དོགས་ཆེ། །བསྐུལ་པ་བཏོན་ནམ་ལྷ་དེ་ནམ་མཁར་བཏེགས། །སེར་སྤྲིན་བཞིན་དུ་འུར་ཚོམ་བཅས་ཏེ་སོང་། །གཏོར་མ་མེ་དཔུང་མཚོན་ཆར་དམིགས་ཏེ་འཕངས། །དེ་ཡིས་རང་ལ་ལྡོག་དོགས་ཡོད་པ་མིན། །རྟེན་གཏོར་བརྗེའམ་འཕེན་དགོས་བྱུང་བའི་རྗེས། །དེ་ཉིན་ཉིད་དུ་གྲུབ་ན་རབ་ཡིན་ཏེ། །མ་གྲུབ་ཡུན་རིང་མ་འགོར་སྔར་བཞིན་བཅའ། །རང་ཉིད་གནས་དེར་མི་འདུག་འགྲོ་དགོས་ན། །གཏོར་མར་དབང་བླངས་བཀྲ་ཤིས་གཤེགས་གསོལ་བྱ། །གཏོར་མའི་རུ་རྩི་སྔགས་ཀྱི་ཤོག་དྲིལ་དང་། །ཙཀ་ལི་ལ་སོགས་ཆས་རྣམས་རང་གིས་ཁྱེར། །གཏོར་མ་ཅུང་ཟད་ཟོས་འཕྲོ་གཏོར་བདུག་སྦྱིན། །དེ་ནས་རྟག་འདུག་གནས་དེར་སྔར་ལྟར་བཅའ། །དེ་ལྟར་སྒྲུབ་པའི་ཚེ་ཡི་བརྟེན་གཏོར་དང་། །བསྟན་པ་ཇི་

(༧༧༧)སྲིད་གནས་ཀྱི་བརྟེན་གཏོར་རྫོགས། །དྲག་གཏོར་ཕུག་གཏོར་གོང་གཏོར་དོན་གཅིག་སྟེ། །ལོ་རེ་ལན་རེ་བརྗེ་བའི་ཕུག་གཏོར་ཡིན། །རིམ་གྲོ་ཡིན་ན་མ་གྲོལ་བར་དུའོ། །རག་རིམ་ལྷ་གྲངས་བཅའ་བ་ཀུན་གྱིས་ཤེས། །གཏོར་མའི་རྩེ་ཐད་རང་དང་ལྷ་རྣམས་བསྒོམ། །རྟག་པར་འཇོག་པས་རྟག་གཏོར་ཞེས་བྱའོ། །དེ་འདྲ་བསྡུས་པ་ནུབ་རེ་རྒྱུན་དུ་བཅའ། །དེ་ནུབ་ཉིད་ནས་བསྡུ་བ་རྒྱུན་གཏོར་སྟེ། །ཕུག་གཏོར་རྒྱུན་དུ་བཅའ་བ་མི་ཁྱོལ་ཕྱིར། །རྟག་གཏོར་རྒྱུན་དུ་གསོ་བརྒྱུན་གཏོར་ཡི་ན། །གཏའ་གཏོར་ཞེས་བྱ་གཏར་མར་བཟུང་བ་དེ། །གཏོར་མ་ཤིན་ཏུ་བཟང་བ་གཅིག་བཤམས་ཏེ། །ཆོས་སྐྱོང་དྲག་པོའི་ལས་ལ་རྦད་པའི་དུས། །ལས་འདི་འགྲུབ་རྟགས་བྱུང་དུས་འབུལ་ལོ་བྱ། །ལས་གྲུབ་རྨིས་ལྟས་ལ་སོགས་གསལ་བྱུང་ཚེ། །གསོལ་མཆོད་རྒྱས་པར་བྱས་ལ་དེ་ཉིད་འབུལ། །ཐུན་གཏོར་ཞེས་བྱ་ཐུན་མཚམས་གཏོར་ཆུང་ཉིད། །དུས་གཏོར་ཞེས་བྱ་དགུ་གཏོར་ཚེས་བཅུ་འམ། །ལྷ་དེ་རྒྱུ་དུས་དུས་མཆོད་བཟུང་ལ་

(༧༧༨)འབུལ། །གཞན་དུ་ལོ་སྒྲུབ་གཅིག་ནི་བྱས་པ་བས། །རྒྱུ་དུས་མཆོད་གཏོར་བྱས་ན་མཐུ་ཆེ་གསུངས། །ལས་གཏོར་ཞེས་བྱ་ངེས་མེད་རང་ཉིད་ལ། །བྱ་བ་བསྒྲུབ་དགོས་བྱུང་ཚེ་གཏོར་མ་འབུལ། །ང་ཡི་དོན་འདི་སྒྲུབས་ཞེས་ཕྲིན་ལས་བཅོལ། །དེ་ནི་གློ་བུར་ལས་བཅོལ་གཏོར་མ་ཟེར། །ལས་དེ་ཞི་རྒྱས་དབང་དྲག་གང་ཡིན་དང་། །ལྷ་དེ་ཞི་བ་དྲག་པོ་གང་ཡིན་དང་། །དམར་གཏོར་དཀར་གཏོར་ཅི་ལྟར་འོས་པ་དང་། །ཞི་རྒྱས་དབང་གི་ལས་ལ་གསོལ་མཆོད་བྱ། །བཟློག་བསད་ཆོ་འཕྲུལ་ལས་ལ་ངགས་ཏུ་བསྐུལ། །ཐེབ་ལྡོག་མི་འགལ་དགྲ་ཕྱོགས་ཟོར་དུ་འཕངས། །རྦད་བསད་སྔགས་བརྗེད་ཞྭ་གོས་དར་ནག་བརྡབ། །ཐག་རིང་འགྲོ་འམ་ཞི་རྒྱས་དབང་གི་ལས། །འགྲོ་བའི་ཕྱོགས་སུ་གཏོར་མའི་རྩེ་སྟོན་འབུལ། །འདི་ལ་ཕྱོགས་དང་ཐེབ་ལྡག་བརྩི་མི་དགོས། །ཕྱོགས་དེར་སྲུང་མ་གཤར་ནས་སོང་བར་བསྒོམ། །འགྲོ་ཕྱོགས་མན་བར་ཕུལ་ན་ཕྱི་དལ་རྒྱུ། །ཞི་རྒྱས་དབང་གི་གཏོར་མ་དངོས་གྲུབ་བཟའ། །དྲག་པོའི་གཏོར་མ་ཚུར་

(༧༧༩)ལ་བླངས་མི་རུང་། །གཏོར་མ་ཕུལ་ནས་གཏོར་སྣོད་ཁྱེར་འོང་ཚེ། །ཁ་ཕྱིར་བསྟན་ནས་ཁྱེར་ན་དངོས་གྲུབ་ཡལ། །ཁ་ནང་བསྟན་ནས་ཁྱེར་ན་དངོས་གྲུབ་འདུ། །དེ་ལྟར་གཏོར་མའི་ཞལ་གདམས་མདོར་བསྡུས་འདི། །གསར་རྙིང་གཏེར་ཁ་ཀུན་གྱི་དོན་བསྡུས་ཡིན། །རྟ་ལོ་ཁྲུམས་ཟླའི་མར་ངོའི་བཅུ་གཉིས་ཀྱི། །དགོངས་ཐུན་ཚིགས་སུ་བཅད་དེ་སྨྲས་པ་རྣམས། །བརྩོན་འགྲུས་རྒྱ་མཚོས་མགྱོགས་པར་ཡི་གེར་བྲིས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །ཕྱི་རབས་སྔགས་ལ་མོད་པའི་གང་ཟག་ལ། །ཕྲིན་ལས་ཀུན་འགྲུབ་ཡིད་བཞིན་ནོར་བུར་ཤོག །ལེའུ་ཞེ་དགུ་པའོ་མངྒ་ལཾ།། །ལཾ། །།རི་ཆོས་མཚམས་ཀྱིས་གདམས་ལས། །མ་མགོན་སྒྲུབ་པའི་ཟིན་བྲིས་གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། །བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །བླ་མ་རཱུ་བ་བརྩོན་འགྲུས་རྒྱ་མཚོ་ཡི། །ཆོས་སྐྱོང་བཀའ་སྲུང་སྒྲུབ་ཐབས་དགོས་ཟེར་བ། །ཆོས་སྐྱོང་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །མ་མགོན་ལྕམ་དྲལ་

(༧༨༠)འདི་ལས་ཟབ་པ་མེད། །སྟ་གོན་དཀྱིལ་འཁོར་ལ་སོགས་སྤྱི་སྒྲུབ་བཞིན། །དེ་ནས་འདོན་ལུགས་མི་འདྲ་སྣ་ཚོགས་ཏེ། །བདག་བསྐྱེད་ཕག་མོ་མདུན་བསྐྱེད་མགོན་པོ་བསྒོམ། །དགུ་གཏོར་བསྐང་གསོལ་ལ་སོགས་སྤྱི་མཚམས་ལུགས། །བདག་བསྐྱེད་ཕྱག་རྡོར་མདུན་བསྐྱེད་མགོན་པོ་བསྒོམ། །དེ་ནི་རྒྱུན་ནས་གསུངས་པའི་དགོངས་པ་ཡིན། །བདག་བསྐྱེད་གཤིན་རྗེ་ཕྱག་གཉིས་ཡུམ་འཁྲིལ་བ། །མདུན་བསྐྱེད་ལྷ་མོ་རིགས་གསུམ་གང་རུང་བསྒོམ། །ཨོ་རྒྱན་གྱིས་མཛད་དུས་མཁྱེན་ཡབ་ཆོས་ལུགས། །ཕྱག་བཞི་མ་དང་སྐུ་གསུམ་ལྷ་མོ་དང་། །གཙོ་འཁོར་གསུམ་ལ་ལྷ་མོ་རིགས་གསུམ་ཟེར། །བདག་མདུན་གཉིས་ཀ་རང་བྱུང་རྒྱལ་མོ་བསྒོམ། །དེ་ནི་དུས་གསུམ་མཁྱེན་པའི་ཁྱད་ཆོས་ཡིན། །བདག་བསྐྱེད་ལེགས་ལྡན་བསྲུང་འཁོར་གཞུང་ལྟར་བསྒོམ། །མདུན་བསྐྱེད་ཡབ་རྐྱང་ཕྱོགས་བཅུ་མགོན་པོས་བསྐོར། །དེ་ནི་འགྲོ་མགོན་རས་ཆེན་བཞེད་པ་ཡིན། །བདག་མདུན་གཉིས་ཀ་ཡབ་རྐྱང་བེར་ཆེན་བསྒོམ། །དེ་ནི་རང་བྱུང་རྡོ་རྗེའི་བཞེད་

(༧༨༡""པ་ཡིན། །ཞལ་སྦྱོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་ནི། །པཀྵིའི་ཡབ་ཆོས་ཞལ་གཟིགས་གཉིས་ཀ་ཡིན། །དེ་ལ་འཁོར་མང་བསྐོར་བ་དེང་སང་འདི། །རྟོགས་ལྡན་མཁའ་སྤྱོད་དབང་པོའི་བཞེད་པ་ཡིན། །དེ་ལ་འཇམ་དབྱངས་ཆེན་པོས་བཀག་མཛད་ཀྱང་། །མ་ཁོག་མཐོང་བ་དོན་ལྡན་དེ་རྗེས་འབྲང་། །མགོན་ཉོབ་མ་ཞེས་བྱ་བའི་ཆོག་ཆེན་མཛད། །རྒྱལ་དབང་བརྒྱད་པས་བཀའ་ཡིས་བསྐུལ་མཛད་པས། །དཀོན་མཆོག་འབངས་ཀྱིས་དེང་སང་འདི་ཀ་བཏུས། །མེ་ལྕེ་ཕྲེང་བ་བེར་ཆེན་བརྩེགས་པ་སོགས། །བེར་ནག་ཅན་རྒྱུད་བརྒྱད་སྟོང་ཉུང་འགྱུར་ཙམ། །དངོས་གྲུབ་བསྟན་གཟིགས་ལྷ་མོའི་སྲོག་རྒྱུད་སོགས། །ལྷ་མོའི་རྒྱུད་ཀྱང་བརྒྱད་སྟོང་ཉུང་འགྱུར་ཙམ། །ཞིབ་པར་མཇལ་བས་ངེས་ཤེས་དད་པ་ཐོབ། །ཞལ་སྦྱོར་རྒྱུད་ལ་མ་གསུངས་ཟེར་མོད་ཀྱི། །རིན་ཆེན་དཔུང་རྒྱན་སྲོག་གི་འཁོར་ལོའི་རྒྱུད། །ལྷ་རྒྱུད་གསང་བ་ཆེན་པོ་གསུམ་ཀ་ལས། །ཞལ་སྦྱོར་འདི་ཉིད་གསལ་བར་གསུངས་པ་མཐོང་། །འདོ་ན་ཆ་འདི་དག་ཕལ་ཆེ་བརྒྱུད་ཚིག་ལགས། །མལ་

(༧༨༢)གྱོ་ནས་བརྒྱུད་མགོན་པོའི་ཡིག་རྙིང་དང་། །ཞང་བཙུན་གཏེར་ཁ་ཁ་མོའི་ཡིག་རྙིང་ནི། །འདྲ་མིན་རྫོགས་མཐའ་མེད་པ་དུ་མ་མཐོང་། །དཀོན་མཆོག་འབངས་ཀྱིས་བསྒྲིགས་པའི་པོད་གཞུང་དང་། །རྒྱལ་དབང་དགུ་བས་བསྒྲིགས་པའི་པོད་གཞུང་མཇལ། །དེ་ཕྱིར་ཆོས་འདིའི་མཐའ་རྒྱ་བདག་གིས་ཆོད། །སློབ་དཔོན་གཅིག་ནས་ཚང་མ་འོང་དཀའ་བས། །མཆོག་དམན་སློབ་དཔོན་བདུན་ལས་དབང་གདམས་ཐོབ། །རབ་རིབ་འཁྲུལ་པ་གཉིད་ཀྱི་སྣང་བ་ལ། །སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་དེས། །མགོན་པོའི་དབང་རྫོགས་ལུང་རྫོགས་གནང་བར་མཛད། །བསྙེན་ཅིང་བསྒྲུབས་པའི་གཞུང་མཐུན་རྟགས་མཚན་ཐོབ། །ཉམས་དང་རྨི་ལམ་སྐབས་སུ་ལན་འགའ་མཇལ། །ང་ཡི་སྙིང་གི་ཆོས་སྐྱོང་འདི་ཡིན་པས། །བུ་ཁྱོད་སྙིང་གི་ཆོས་སྐྱོང་འདི་ལ་མཛོད། །གྲུབ་ཆེན་ཀརྨ་པཀྵིའི་ཞལ་སྔ་ནས། །མ་མགོན་ཡིག་སྣས་འཛམ་གླིང་ཁྱབ་ན་ཡང་། །དེ་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་མེད། །དཔེ་རུལ་མང་པོས་དགོས་

(༧༨༣)པ་ཅི་ཞིག་ཡོད། །ནམ་མཁའི་ལྷ་བཟུང་མན་ནས་ཁོང་རང་ཡན། །ཞལ་གཟིགས་གྲུབ་ཐོབ་བརྒྱུད་པ་རྒྱུན་མ་ཆད། །གྲུབ་རྟགས་འཛམ་གླིང་ཁྱབ་པ་མ་ཐོས་སམ། །ཕྱིན་ཆད་ཁོང་གི་ལུགས་འདི་གྱིས་གསུངས་ནས། །ཡབ་ཡུམ་ཞལ་སྦྱོར་སྒྲུབ་ཐབས་འདི་ག་མཛད། །ཆོ་གའི་གཞུང་འདི་རྙིང་མ་སོར་བཞག་ཡིན། །འདི་ཡི་མན་ངག་པོ་ཏིའི་གཞུང་རྣམས་སུ། །ཚིག་རེ་ཚིག་གཉིས་སོ་སོར་འཐོར་ནས་ཡོད། །སློབ་དཔོན་ཞལ་ཁྲིད་མེད་པར་ཤེས་པར་དཀའ། །དེ་ཕྱིར་དེང་སང་མགོན་པོ་དར་ཆེ་ཡང་། །འདི་ཡི་བསྙེན་སྒྲུབ་ཐེམ་པ་དཀོན་པར་བྱུང་། །མན་ངག་སྙན་རྒྱུད་ཤིན་ཏུ་གསང་ཕྱིར་ཡིན། །གོང་དུ་བཤད་པའི་ལུགས་ནི་མང་པོ་དག །ཕར་སྐྱུར་པཀྵིའི་དགོངས་པ་ཉིད་བཤད་ན། །འདི་ལ་གོང་ནོན་ཡི་དམ་མི་དགོས་ཏེ། །བླ་མ་ཡི་དམ་མ་མགོན་དབྱེར་མེད་ཡིན། །འདི་ལ་བདག་མདུན་སོ་སོར་མི་དགོས་ཏེ། །འདི་ནི་རྙིང་མ་སོར་བཞག་ལུགས་ཡིན་ཕྱིར། །ཆོ་ག་གཅིག་གིས་བདག་མདུན་དུས་གཅིག་

(༧༨༤)བསྐྱེད། །བདག་བསྐྱེད་མགོན་པོར་ལྷ་མོས་ཚུར་འཁྱུད་བསྒོམ། །མདུན་བསྐྱེད་གཞུང་ལྟར་ལྷ་མོར་མགོན་པོས་འཁྱུད། །དེ་གཉིས་དམིགས་པས་ཕྱེ་བ་མ་གཏོགས་པ། །མངོན་རྟོགས་རྒྱས་བསྡུས་གང་འདོད་གཞུང་དང་མཐུན། །རྒྱས་པའམ་མཚལ་མ་གཉིས་པོ་གང་འདོད་འདོན། །སྤྱན་འདྲེན་སྐབས་སུ་འོད་ཟེར་འཕྲོས་པ་དེས། །རི་རབ་རྩེ་མོར་སུམ་རྩེན་ལྷ་ཡི་ཡུལ། །དེ་ཡི་བྱང་ཕྱོགས་རྩུབ་འགྱུར་དུར་ཁྲོད་ཚལ། །དེ་དབུས་བྲག་སྟེང་གྲུ་གསུམ་མཐིང་ནག་སྟེང་། །མ་ཧཱ་ཀཱ་ལ་དངོས་སུ་བཞུགས་པ་དང་། །རི་རབ་བྱང་ཤར་དཔག་བསམ་ཡོངས་འདུའི་ཤིང་། །དེ་ལ་དཔལ་ལྡན་ལྷ་མོ་གནས་པ་ལ། །འོད་ཟེར་ཕོག་པས་སྔོན་གྱི་དམ་ཚིག་དྲན། །སྤྲིན་ནག་རླུང་གིས་བསྐྱོད་བཞིན་བྱོན་པར་དམིགས། །དམིགས་པ་མ་གསལ་བར་དུ་མ་མགོན་གྱི། །སྤྱན་འདྲེན་སྔགས་རིམ་གཉིས་པོ་ཅི་ནས་བརྗོད། །མཆོད་ཅིང་བསྟིམ་དང་དབང་བསྐུར་གཞུང་དུ་གསལ། །དེ་ནས་བསྟོད་པ་མ་རྫོགས་བར་དུ་འདོན། །ལས་བྱང་དུས་བཞིར་

(༧༨༥)དགོས་རྒྱུ་ཡིན་ན་ཡང་། །དེ་བྱས་བསྙེན་པ་འགའ་ཡང་མི་འགྲོ་བས། །སྔ་དྲོ་བསྟོད་པ་ཡན་དེ་ཐུན་གཅིག་བྱ། །ཉིན་གུང་གསོལ་ཁ་བཏང་བ་ཐུན་གཅིག་བརྩི། །དགོངས་མོ་བསྐང་གསོ་བྱ་བ་ཐུན་གཅིག་བརྩི། །མཚན་མོ་མཚལ་མའི་བསྟོད་པ་ཡན་ཆད་དེ། །དེ་བཞི་ཐུན་བཞིའི་ལས་བྱང་གོ་ཆེད་ཡིན། །ཐུན་མཚམས་དམར་གཏོར་ཆུང་ངུ་རེ་འབུལ་བ། །གཞུང་གི་དགུག་གཞུག་ཉུང་ངུ་དེ་བྱས་ལ། །སྔ་དྲོའི་ཐུན་ལ་བྱང་ཕྱོགས་དུར་ཁྲོད་དང་། །ཡེ་ཤེས་དབྱིངས་མ་གཉིས་པོ་འདོན་ལ་འབུལ། །ཉིན་གུང་རྟགས་བསྟོད་གཉིས་པ་འདོན་བར་བྱ། །དགོངས་མོ་འདས་དང་མ་བྱོན་ཡབ་ཡུམ་གཉིས། །མཚན་མོ་གང་ཞིག་བླ་མ་ལ་སྨོད་མ། །ཡུམ་ནི་ཡེ་ཤེས་མཁའ་འགྲོ་ཕར་ལ་མེད། །ཐུན་གཏོར་དཀྱིལ་འཁོར་དྲུང་ཕུལ་སྤྱི་དང་མཚུངས། །གསོན་ཅིག་མ་ནི་བསྙེན་སྒྲུབ་དུས་མི་འདོན། །དེ་ནས་བསྙེན་སྒྲུབ་དམིགས་པའི་བྱེ་བྲག་ནི། །རང་ཉིད་མགོན་པོ་ཡབ་ཡུམ་ཞལ་སྦྱོར་གྱི། །སྤྱི་བོར་རྩ་བརྒྱུད་བླ་མ་ཀུན་འདུས་

(༧༨༦)པ། །གྲུབ་ཆེན་པཀྵི་སྐུ་མདོག་སྨུག་ནག་ལ། །ཆོས་གོས་རྣམ་གསུམ་ཞྭ་ནག་གསེར་མདངས་ཅན། །སྤྱན་མིག་ཟུར་གསུམ་ཆོས་དབྱིངས་ནམ་མཁར་གཟིགས། །སྐུ་ཤ་རབ་རྒྱས་ཨག་ཚོམ་ཟུར་གསུམ་ལྡན། །ཕྱག་གཉིས་བདུད་འདུལ་ཕྱག་རྒྱ་ས་གནོན་གྱིས། །སྣང་སྲིད་ཟིལ་གྱིས་གནན་པའི་དུ་བསྐྱེད། །རང་ཉིད་མགོན་པོའི་ཐུགས་ཀའི་ཆ་སྟོད་དུ། །རང་སེམས་ཡི་དམ་སྐུ་ཚད་སོར་བཞི་ཙམ། །ཡེ་ཤེས་སེམས་དཔའི་ཚུལ་དུ་བསྒོམ་པར་བྱ། །ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་མཐར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ། །ཞེས་པའི་སྔགས་ཕྲེང་གཡས་སུ་འཁོར་བར་བསྒོམ། །ཡུམ་གྱི་ཐུགས་ཀར་ཉི་སྟེང་བྷྱོ་སྔོན་མཐར། །ཨོཾ་ཡཀྵ་བེ་ཏ་ལི་ཛཿ ཞེས་པའི་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །ཀུན་ལ་འོད་ཟེར་དེས་མཆོད་ཐུགས་རྒྱུད་མཉེས། །

(༧༨༧)ཐམས་ཅད་མ་མགོན་ལྕམ་དྲལ་སྐུར་གྱུར་ནས། །ཁ་བ་བུ་ཡུག་འཚུབ་བཞིན་ཐམས་ཅད་བྱོན། །བདག་མདུན་ལྷ་ཚོགས་ཀུན་ལ་སིབ་སིབ་ཐིམས། །རྒྱུན་ཆད་མེད་པར་དམིགས་པ་དེ་བསྒོམ་ཞིང་། །དྲག་པོའི་ལྷ་རྒྱུད་གསང་བ་ལས་གསུངས་པའི། །ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་ལས། །སྐུ་ཡི་སྙིང་པོ་ལྷ་སྐུ་བསྒོམ་པས་འཐུས། །ཐུགས་ཀྱི་སྙིང་པོ་བསྐྱེད་རྫོགས་དོན་གྱིས་འཐུས། །བཟླས་གལ་ཆེ་བ་གསུང་གི་སྔགས་ཡིན་ཕྱིར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བཻ་ཏ་ལི་ཧཱུཾ་ཛཿ །ཞག་གསུམ་བྱ་བ་བསྙེན་པའི་རིམ་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་མཐིང་ཤས་ཆེ་བའི་ཁ་དོག་ལྔ། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ལ་ཉེ་ཚེ། །གཉིས་སུ་བྱས་ནས་ཡབ་ཡུམ་ཞལ་དུ་ཞུགས། །ཐུགས་ཀྱི་རྒྱུད་བསྐུལ་སྐུ་ཡི་དབྱིབས་བརྒྱུད་ནས། །སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ཞུགས། །རྡོ་རྗེའི་སྤུབས་ནས་རང་གི་།ཐུགས་ཀར་ཐིམས། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་

(༧༨༨)ཚུལ། །ཕྱིས་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་བསྒྱུར། །བདག་མདུན་སྔགས་འཁོར་བཞི་དང་བར་གྱི་སྔགས། །སྔགས་ཕྲེང་ལྔ་པོ་འགལ་མེའི་འཁོར་ལོ་བཞིན། །དྲག་ཏུ་འཁོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་མ་མགོན་ལྕམ་དྲལ་ཚོགས། །ཕྱོགས་བཅུ་བཞུགས་པ་ཀུན་ལ་འོད་དེས་མཆོད། །དེ་དག་རྣམས་ལས་མ་མགོན་ཡབ་ཡུམ་སྐུ། །ཆེ་ཕྲ་སྣ་ཚོགས་སྔགས་ཕྲེང་ཡི་གེ་དང་། །རྡོ་རྗེ་རྩེ་ལྔ་ཧཱུྃ་མཐིང་བྷྱོཿསྔོན་སོགས། །རྒྱུན་ཆད་མེད་པར་ཆར་ཆེན་བབས་པ་བཞིན། །ལྷུག་ལྷུག་སིབ་སིབ་བདག་མདུན་རྣམས་ལ་ཐིམ། །དམིགས་པ་རྩེ་གཅིག་ཞག་གསུམ་སྒྲུབ་པ་ཡིན། །དེ་ནས་འོད་ཟེར་སྔགས་ཀྱི་ཕྲེང་བ་རྣམས། །སྔ་དྲོ་དཀར་དང་ཉིན་ཕྱེད་སེར་བ་དང་། །དགོངས་ཀ་དམར་དང་སྲོད་ལ་མཐིང་ནག་བསྒྱུར། །ཕྲིན་ལས་རྣམ་བཞི་སོ་སོར་འགྲུབ་བསམ་ཞིང་། །ཞག་གཅིག་བཟླས་པ་ལས་སྦྱོར་རིམ་པའོ། །དེ་ནུབ་ཟན་གྱི་ལིང་ག་གཅིག་བྱས་ལ། །དགུག་གཞུག་ཕུར་འདབས་ལ་སོགས་ལས་འགྲིགས་བཞིན། །

(༧༨༩)ལིང་རོ་དམར་གཏོར་ཆེ་བ་གཅིག་ནང་འབུལ། །ལས་འགྲིགས་བཞིན་དུ་བསྐུལ་བ་ཐམས་ཅད་འདོན། །གསེར་སྐྱེམས་གྲུབ་ལེགས་མ་འཛོམ་དཀར་གཏོར་འབུལ། །རྒྱུ་ལྡོག་འགྲིགས་ན་བཞེས་འབོད་ཟོར་དུ་འཕངས། །མ་འགྲིགས་གནོད་པའི་ཕྱོགས་སུ་འབུལ་རྒྱུ་བསྐུར། །གཏོར་སྣོད་མདུན་དུ་སྦུ་ལ་རྟ་བྲོ་འདོན། །ཕྱིར་ནང་མཚལ་མ་ཚར་གཅིག་བསྡུས་པ་བྱས། །དངོས་གྲུབ་ལེན་ཆོག་འདོན་ཅིང་གཏོར་དབང་བླངས། །རྟགས་ཡིག་རྗེས་མཆོག་ལ་སོགས་སྤྱི་དང་མཐུན། །འདི་ཡི་བསྙེན་ཚད་ཞག་བདུན་ངེས་པ་ཏེ། །བདུན་གཉིས་བདུན་གསུམ་ལ་སོགས་བསྒྲུབ་ཀྱང་མཆོག །གྲངས་བསྙེན་འབྲུ་གྲངས་འབུམ་ཕྲག་བཅུ་གསུམ་ཡིན། །དེ་དག་མཚམས་དང་སྒྲུབ་པའི་ལུགས་ཡིན་ཏེ། །སྤྲོས་མེད་རྒྱུན་ཁྱེར་ཉམས་སུ་ལེན་འདོད་ན། །མངོན་རྟོགས་ཆོ་ག་ངག་ནས་འདོན་མི་དགོས། །དྲན་རྫོགས་བདག་ཉིད་ཡབ་ཡུམ་ཞལ་སྦྱོར་སྐུ། །སྤྱི་བོར་པཀྵིའི་སྙིང་གར་ཡི་དམ་ལྷ། །འཁོར་ལ་ནག་པོ་ཡབ་ཡུམ་བཅུ་དྲུག་ལས། །གཞན་པའི་

(༧༩༠)འཁོར་མང་བསྒོམ་པར་མི་བྱ་ཞིང་། །འཁོར་མང་གཙོ་རྐྱང་བསྒོམ་ཡང་རུང་བ་ཡིན། །བསྙེན་པའི་དམིགས་པ་གོང་དང་ཁྱད་པར་མེད། །འོད་ཟེར་སྔགས་ཕྲེང་རང་གི་ཞལ་ནས་ཐོན། །ཡུམ་གྱི་ཞལ་ཞུགས་ཡུམ་གྱི་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རྡོ་རྗེ་ནས་ཞུགས་བསྟིམ། །ཡབ་ལ་བརྟེན་ནས་ཡུམ་ཉིད་སྒྲུབས་ཐབས་ཡིན། །རང་ཉིད་ལྷ་མོར་བསྒོམ་ནས་མགོན་པོར་འཁྱུད། །སྔགས་ཕྲེང་རང་ཉིད་ལྷ་མོའི་ཞལ་ནས་ཐོན། །མགོན་པོའི་ཞལ་དུ་ཞུགས་པས་ཐུགས་རྒྱུད་བསྐུལ། །རྡོ་རྗེའི་ལམ་ནས་རང་གི་བྷ་གར་ཞུགས། །ཐུགས་ཀར་ཞུགས་པས་དངོས་གྲུབ་ཐོབ་པར་དམིགས། །ལྷ་མོ་ལ་བརྟེན་མགོན་པོ་སྒྲུབ་པའི་ཐབས། །བསྐྱེད་རིམ་གོ་བཟློག་བོགས་འདོན་མཆོག་ཡིན་ཞེས། །རྒྱལ་དབང་བརྒྱད་པས་འདི་ལ་བསྔགས་པ་ཆེ། །དེ་ལྟར་དམིགས་པ་བསྒོམ་ཞིང་སྔགས་བཟླས་ཏེ། །སྒྲུབ་པའི་ཐུན་མཚམས་རྣམས་སུ་གེགས་སེལ་དང་། །རྒྱུན་བསྙེན་སྐབས་སམ་ཡང་ན་ནམ་དགོས་སུ། །བར་ཆད་སེལ་བའི་དམིགས་རིམ་ཟབ་མོ་ནི། །

(༧༩༡)རང་ཉིད་མགོན་པོའི་ཕྲག་གོང་གཡས་གཡོན་དུ། །བྱ་རོག་ནག་པོ་ཅུང་ཟད་དམར་བའི་མདངས། །མཆུ་སྔར་གནམ་ལྕགས་ཕ་ལམ་ལས་གྲུབ་པ། །མེ་སྟག་ཚ་ཚ་འཕྲོ་བ་གཉིས་སྒོམ་སྟེ། །དེ་ལས་སྤྲུལ་པའི་བྱ་རོག་དཔག་མེད་པ། །ཆེ་ཆུང་འབྲོང་གཡག་ཙམ་པས་འཇིག་རྟེན་གང་། །འཕུར་ཞིང་ལྗིང་དང་འཇུམ་དང་འབབ་ལ་སོགས། །གཤོག་སྒྲ་འུར་སྒྲ་འབྲུག་ཆེན་ལྡིར་བ་བཞིན། །རང་ལ་གནོད་པར་བྱེད་པའི་དགྲ་དང་བགེགས། །ཐམས་ཅད་བྱི་འུས་འབུ་སྲིན་ཐུས་བཞིན་ཟོས། །ཐམས་ཅད་ཚུར་འདུས་འོད་ཞུ་ཐུགས་ཀར་ཐིམ། །ཤྲཱ་ས་ན་ཡི་སྔགས་ནི་ཚར་གཅིག་བརྗོད། །འདི་ནི་བར་ཆད་སེལ་ཐབས་མཆོག་ཏུ་ཟབ། །སྤྲོས་མེད་བདག་བསྐྱེད་ཏིང་འཛིན་གསལ་བའི་དུས། །བཟའ་བཏུང་མཆོད་པར་དམིགས་པས་ཆོག་མོད་ཀྱི། །ནུབ་རེ་གཏོར་བསྔོས་རྒྱས་པ་ཐོན་ན་རབ། །མ་གྲུབ་མ་དག་མ་ཙམ་ཆགས་མེད་བྱ། །མཚལ་མ་ཆགས་མེད་ལ་སོགས་མ་གྲུབ་ཀྱང་། །མགོན་པོ་

(༧༩༢)ཐུགས་དམ་གཙོ་བོ་བྱེད་ཆོག་པས། །འདི་འདྲ་ཆོས་ལུགས་འདི་ལ་གསེར་བས་ཕོངས། །གོང་གི་སྒྲུབ་པ་ཞག་གསུམ་མཚམས་དམ་པར། །སྒྲུབ་པ་རྟགས་མཚན་རང་ཉིད་ཡིད་ཆེས་པ། །བྱུང་བ་རང་དང་རང་གི་སློབ་མ་ནི། །དྲུག་བདུན་ཙམ་གྱི་མྱོང་བས་གྲུབ་པ་བྱུང་། །འདི་འདྲའི་ཕྱག་ལེན་ཞལ་ཁྲིད་ཁོ་ན་སྟེ། །གསལ་པོ་ཕྱོགས་གཅིག་ཡི་གེ་བྲིས་པ་མེད། །པོ་ཏི་གཞུང་ལ་སྦས་ཐབས་འཐོར་ནས་ཡོད། །ལུང་འདྲེན་ཚིག་རྣམས་བྲི་བ་ཡི་གེར་འཇིགས། །ཟབ་དང་མི་ཟབ་ཉམས་སུ་ལོང་ལ་ལྟོས། །གྲུབ་མཐའ་མི་གཅིག་བརྒྱུད་པ་མི་འཛིན་པའི། །མི་ལ་བསྟན་ན་བཀའ་ཆད་འབྱུང་ངོ་ཞེས། །གྲུབ་ཆེན་པཀྵིའི་བཀའ་རྒྱ་དམ་པར་འདུག །གྲུབ་མཐའ་འདི་འཛིན་ཉམས་སུ་ལེན་རྣམས་ལ། །ཀུན་ལ་ཤོད་ཅིག་སྟོན་ཞིག་བྲིས་ཤིག་གསུངས། །དེ་སྐད་མེ་འབར་ཅང་ཤེས་རྒྱལ་པོའི་ལོ། །དབང་ཕྱུག་ཆེན་པོའི་ཐེབ་ཆེན་ཁྲུམས་ཟླ་བའི། །མ་མགོན་རྒྱུ་དུས་ཉེར་དགུའི་སྔ་དྲོ་ལ། །མ་མགོན་དལ་འབྱོར་རཱ་ག་ཨ་སྱས་

(༧༩༣)སྨྲས། །རཱུ་པ་སྔགས་འཆང་བརྩོན་འགྲུས་རྒྱ་མཚོས་བྲིས། །སྤ་འོས་གསལ་བཀོད་མ་མགོན་དྲུང་དུ་བཤགས། །དགེ་བས་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག །ལེའུ་ལྔ་བཅུ་པའོ་མངྒ་ལམ།། །ཞཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །མ་མགོན་རས་ཆེན་གྱིས་མཛད་པའི་མགོན་པོ་ནོར་ལྷ་ལྟར་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བའི་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀ་ལ་ཡེ། །ཌོམྦི་ཧེ་རུ་ཀ་ཡི་སྤྲུལ་པའི་སྐུ། །འགྲོ་མགོན་རས་པ་ཆེན་པོས་མཛད་པ་ཡི། །མགོན་པོ་ནོར་ལྷ་ལྟར་དུ་བསྒྲུབ་པ་འདི། །གཞུང་གི་དཔེ་མོད་ཀུན་གྱིས་ཤེས་མོད་ཀྱང་། །ཞལ་ཁྲིད་མེད་ཕྱིར་ཕྱག་ལེན་བདེ་བ་མིན། །བཅའ་ཚོགས་གསོལ་ཁ་གཞུང་ལྟར་རྒྱས་པར་བྱ། །འདི་ཡི་སྒྲུབ་པ་གུད་དུ་མ་བྱས་ཀྱང་། །བདེ་རིམ་བསྐང་གསོལ་བྱེད་པའི་སྐབས་རྣམས་སུ། །སྔགས་དང་དམིགས་པ་ཐུན་རེ་བསྒོམ་པ་ཡིས། །ལོངས་སྤྱོད་མངའ་ཐང་ཤུགས་ཀྱིས་འདུ་བ་ཡིན། །དེ་ཕྱིར་བསྐང་གསོལ་ཤེས་ཚད་རྣམས་ལ་ཕན། །ཐུན་མཚམས་

(༧༩༤)སྐད་ཅིག་ཡི་དམ་གནས་འགྱུར་ནས། །རང་ཉིད་བེར་ཅན་ཡབ་རྒྱང་གཞུང་ལྟར་ལ། །དོན་ལ་ཕྱོགས་བཅུ་མགོན་པོ་ཡིན་པ་ལ། །ཆ་ལུགས་རང་འདྲ་བེར་ཅན་བཅུ་ཡིས་བསྐོར། །ཀུན་ཀྱང་དབུ་ལ་རིན་ཆེན་རྩེ་བྲན་ལྔ། །ཀུན་ཀྱང་རིན་ཆེན་རྒྱན་གྱི་དུ་མས་ཀླུབས། །ནོར་ལྷ་མཆེད་བརྒྱད་ལ་སོགས་ནོར་ལྷས་བསྐོར། །རང་གི་ཐུགས་ཀར་རང་གི་ཡི་དམ་ལྷ། །བསྙེན་སྒྲུབ་ཐེམ་པའི་ཡི་དམ་གཞན་མེད་ན། །ཡེ་ཤེས་མགོན་པོ་ལེགས་ལྡན་བསྒོམ་པས་མཆོག །དེ་གཉིས་གང་བྱེད་ཐུགས་ཀར་ཉི་མའི་སྟེང་། །ཧཱུཾ་མཐིང་མཐའ་མར་བཟླས་སྔགས་གཡས་སུ་འཁོར། །མདུན་དུ་ཞལ་སྦྱོར་འཁོར་མང་གཞུང་ལྟར་བསྒོམ། །དེ་དག་ཀུན་ཀྱང་རིན་ཆེན་རྒྱན་ཆས་ཀླུབས། །རང་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས། །རང་འདྲ་མགོན་པོ་བཅུ་ལ་འོད་ཟེར་ཕོག །དེ་ཡི་འོད་ཟེར་ནོར་ལྷ་མཆེད་བརྒྱད་བསྐུལ། །དེ་ལས་འོད་འཕྲོས་འཇིག་རྟེན་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་བཅུད་བསྡུས་བདག་ལ་བསྟིམ། །ཡང་ནི་བདག་ལས་འོད་ཟེར་མདུན་བསྐྱེད་བསྐུལ། །མདུན་

(༧༩༥)བསྐྱེད་ཕྱོགས་བཅུ་མགོན་པོའི་གྲྭར་བཞུགས་པའི། །གཏེར་བདག་ཛམ་བྷ་ལ་དང་རྣམ་ཐོས་སྲས། །ཕྱུགས་ལྷ་ཤ་བ་རི་དང་རེ་མནྟ། །རེ་མནྟ་ནི་དཔལ་འབར་འཆང་བ་ཡིན། །ནོར་ལྷ་བཞི་པོ་དེ་ལས་འོད་ཟེར་འཕྲོས། །རྟ་གཡང་ནོར་གཡང་ཟས་ནོར་ལོངས་སྤྱོད་གཡང་། །ཐམས་ཅད་བསྡུས་ནས་བདག་དང་གནས་ཁང་བསྟིམ། །རེ་འགའ་དེ་དག་སྐུ་ཡི་འོད་ཟེར་གྱིས། །དགོས་འདོད་རིན་ཆེན་སྣ་ཚོགས་ཆར་འབེབས་སམ། །གསོལ་ཁའི་མཇུག་ཏུ་སྔགས་འདི་ཅི་ནུས་འབད། །ཨོཾ་མ་ཧཱཀཱ་ལ་ཡ་ཧཱུཾ་ཕཊ། །བདག་ལ་རཏྣ་སིདྡྷི་སིདྡྷི་ཧཱུཾ། །ཅེས་པའི་སྔགས་དེ་ཅི་ནུས་བཟླས་པར་བྱ། །དེ་ནི་ནོར་སྒྲུབ་མཆོག་ཏུ་གྱུར་པ་སྟེ། །གསོལ་ཁ་ནམ་བྱེད་དུས་སུ་སྔགས་དམིགས་ཆོག །ཁྱད་པར་དམིགས་པའི་བསྒྱུར་ཁ་ཅུང་ཟད་ནི། །བདག་བསྐྱེད་འོད་ཟེར་མདུན་བསྐྱེད་མ་མགོན་བསྐུལ། །མ་མགོན་འོད་ཟེར་རྣམ་སྲས་འཛམ་ལྷ་གཉིས། །དྲག་ཏུ་བསྐུལ་བས་དེ་གཉིས་འོད་ཟེར་གྱིས། །ཟས་ནོར་ལོངས་སྤྱོད་རིན་ཆེན་སྣ་ཚོགས་པ། །ཆར་ལྟར་འབེབས་ཤིང་

(༧༩༦)ན་བུན་ལྟར་འཕྱུར་དམིགས། །ཡང་ནི་འོད་ཟེར་དཔལ་རབ་མགོན་པོ་བསྐུལ། །རྟ་གཡང་ཀུན་བསྡུས་རྟ་ལ་ཐིམ་པར་བསམ། །བདག་མདུན་འོད་ཟེར་ནུབ་previous hit བྱངམགོནཔོ ་བསྐུལ། །ནོར་གཡང་ཀུན་འདུས་ནོར་ལ་ཐིམ་བསམ་པས། །གོད་ཁ་ཆོད་ཅིང་སྒབ་འཕེལ་གཡང་ཆགས་འགྱུར། །སྤྱིར་ནི་མ་མགོན་འཁོར་བཅས་སྒྲུབ་པ་འདི། །འཇིག་རྟེན་མཆོད་བསྟོད་རྒྱུན་དུ་གཏོགས་པར་གསུངས། །འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པའི་ཕྱིར། །བརྒྱུད་པ་འཛིན་ཞིང་དམ་ཚིག་སྲུང་བ་དང་། །མཆོད་བསྟོད་རྒྱ་ཆེར་འབུལ་ཞིང་བསྟོད་བསྐུལ་གྱིས། །བསྒྲུབ་མི་དགོས་པར་ཕྲིན་ལས་རྣམ་པ་བཞི། །འགྲུབ་པར་འགྱུར་ཞེས་གྲུབ་ཆེན་པཀྵིས་གསུང་། །དེ་ཕྱིར་གསོལ་ཁ་དག་ལ་བརྩོན་བྱ་ཞིང་། །སྔགས་དང་དམིགས་པ་ཤམས་བུ་དེ་ཡོད་ན། །འཛམ་བུ་གླིང་རྣམས་དབང་དུ་སྡུད་པ་དང་། །དགོས་འདོད་སྣ་ཚོགས་ཆར་ལྟར་འབེབས་པའི་ཕྱིར། །ནོར་ལྷ་རྣམས་ཀྱི་མཆོག་ཀྱང་འདི་ཡིན་ཏེ། །འདི་འདྲ་གཞན་ལ་མེད་ཅེས་གསུངས་པ་ཡིན། །དེ་སྐད་ཅང་ཤེས་པད་མ་རཱ་གའི་

(༧༩༧)མདོག །དབང་ཕྱུག་ཆེན་པོའི་དུས་ཆེན་ཁྲུམས་ཟླ་ཡི། །གནམ་གང་མགོན་པོ་ལན་གསུམ་རྒྱུ་བའི་ཉིན། །དགེ་སློང་ར་ག་ཨ་སྱས་སྨྲས་པ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་བསྟན་པ་ཕྱོགས་བཅུར་འཕེལ་གྱུར་ཅིག །ལེའུ་ང་གཅིག་པ་སྣོད་མིན་ལ་གསང་རྒྱའོ། །བཀྲ་ཤིས། །ཟཾ། །།རི་ཆོས་མཚམས་ཀྱིས་ཞལ་གདམས་ལས། །མ་མགོན་གྱི་རྫོགས་རིམ་རྩ་རླུང་གི་གདམས་པ་མར་པའི་སྙན་རྒྱུད་ལྷོ་བྲག་མགོན་པོ་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། །མགོན་པོ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ནས། །སྙན་བརྒྱུད་མ་མགོན་རྩ་རླུང་གདམས་པ་བྲི། །ཆོས་བདག་མཁའ་འགྲོས་བཀའ་གང་བྱིན་གྱིས་རློབས། །གྲུབ་ཆེན་ཌོམྦི་ཧེ་རུ་ཀ་ཆེན་པོར། །མ་མགོན་ལྕམ་བྲལ་ཉིད་གྱིས་ལུང་བསྟན་ནས། །མགོན་པོའི་རྒྱུད་དགུ་ལྷ་མོའི་རྒྱུད་དགུ་དང་། །བཅོ་བརྒྱད་དོན་བསྡུས་མ་མགོན་ཞལ་སྦྱོར་གྱི། །སྒྲུབ་ཐབས་རྫོགས་

(༧༩༨)རིམ་དང་བཅས་རྩ་ཚིག་མཛད། །རྒྱ་གཞུང་ཉུང་ཞིང་མན་ངག་སྙན་དུ་བརྒྱུད། །མར་པའི་སྙན་རྒྱུད་ལྷོ་བྲག་མགོན་པོ་ཟེར། །ཏཻ་ལོ་ནཱ་མར་མི་དུས་མཁྱེན་བར་གཅིག་བརྒྱུད་ཡིན་ཏེ་གཞན་གྱིས་ཐོས་པ་མེད། །རྗེ་བཙུན་མི་ལ་རས་པའི་ཞལ་ནས་ཀྱང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན་གསུངས་པ། །རྩ་བ་དེ་ཡི་དོན་ལ་དགོངས་པ་ཡིན། །ཌོམྦིས་མཛད་པའི་སྒྲུབས་ཐབས་དྲག་སྔགས་སྐོར། །མལ་གྱོ་ནས་བརྒྱུད་འགྲོ་མགོན་རས་པས་གསན། །བསྒྲུབས་པས་ཞལ་གཟིགས་མགོན་པོའི་སྐོར་འདི་ལ། །ང་ལས་མཁས་མེད་སྙམ་པའི་ང་རྒྱལ་ཡོད། །ཡབ་ཡུམ་གཙང་ཡིན་ཁམས་སུ་བྱོན་པའི་ཚེ། །ཀྃ་བོ་གནས་ནང་དུས་མཁྱེན་སྙན་གྲགས་ཆེ། །ཆོས་ཞུ་མ་བསམ་གྲུབ་རྟགས་འགྲན་དུ་བྱོན། །དུས་མཁྱེན་མཇལ་བས་འགྲོ་མགོན་ཆས་ཇ་ལ། །བྷན་དྷར་འཇལ་བའི་ཆུ་བླུགས་ཐུག་པ་བསྐོལ། །ཚ་དང་རྡོར་གྱི་ཚབ་ལ་ཐབ་གཉའ་ནས། །བོང་བུའི་རུས་པ་ཨོ་ཐོ་རུ་ལུ་གཅིག །བླངས་ནས་ཚུ་རྡོར་ཚབ་ལ་ཐུག་པ་དཀྲུག །རྒྱུན་དུ་ལེན་རེ་ལས་ནི་མི་དཀྲུག་སྟེ། །དེ་རིང་

(༧༩༩)གལ་ཆེན་ལན་གཉིས་དཀྲུག་དགོས་གསུངས། །འགྲོ་མགོན་རས་པས་འདི་འདྲའི་མུ་གེ་ལ། །དགོངས་ནས་ཡི་མུག་ཐུགས་ཁྲེལ་བཞག་པར་བྱས། །དེ་ནས་དཔོན་སློབ་གཉིས་ཀྱི་བྷན་དྷར་བླུགས། །འགྲོ་མགོན་རས་པས་གསོལ་ཉན་མེད་དགོངས་ཛ། །རོ་མཆོག་བརྒྱད་ལྡན་དེ་འདྲ་གསོལ་མ་མྱོང་། །དེ་ནས་རས་ཆེན་དད་པ་ཅུང་ཙམ་སྐྱེས། །ཁྱེད་དང་ང་གཉིས་རླུང་ནུས་འགྲན་དགོས་ཞུས། །ང་ནི་རྒས་དྲག་ཁྱོད་ཀྱི་ཡ་མི་འོང་། །ཕ་ཀིར་སོང་དང་ང་ཡི་སློབ་བུ་གཅིག །ཡོད་པས་དེ་དང་འགྲན་པར་གྱིས་ཤིག་གསུངས། །དེ་རུ་སོང་བས་ཕུག་པ་གཅིག་གི་ནང་། །སྟག་གཅིག་ཉལ་འདུག་སྐྲག་ནས་མྱུར་དུ་བྱོན། །དུས་མཁྱེན་ལ་ཞུས་ད་རུང་སོང་དང་གསུངས། །སོང་བས་མཚོ་གཅིག་སྔོ་ལྟེམ་འཁྱེལ་ནས་འདུག །མཚོ་ཡི་ནང་དུ་རྡིལ་བུ་འགའ་རེ་འཕངས། །མི་ནི་མི་འདུག་ཚུར་ལ་ལོག་ནས་འོང་། །དུས་མཁྱེན་ལ་ཞུས་ད་རུང་སོང་དང་གསུངས། །སོང་བས་སྒོམ་ཆེན་དབུ་སྐྲ་སེ་ཅོག་གེ། །གཅིག་གི་སྐྱིལ་ཀྲུང་བཅས་ནས་

(༨༠༠)བཞུགས་འདུག་པའི། །སྤང་དུ་ད་ཅིའི་འཕངས་པའི་རྡེའུ་འདུག །དེ་ལ་རླུང་ནུས་འགྲན་དགོས་ཞུས་པ་ཡིས། །དགུན་ཁ་ལུང་པ་ཆབ་རོམ་གང་བ་དེ། །སྟོད་བུ་འབའ་ཚ་སྟག་རྡིལ་བ་དེ་བཞུགས། །གཉིས་ཀ་གཅེར་བུ་རས་རྐྱང་ཆུ་རས་མཛད། །འབའ་ཚ་སྟག་དིལ་སྐུ་ཡི་མདའ་འཕན་ཚུན། །འཁྱགས་ཞུ་སྐྱིལ་ཀྲུང་གྲམ་པ་ལ་ཐུག་ཅིང་། །ཆུ་ཁོལ་རླངས་པ་ན་བུན་ལྟར་འཁྲིགས་ཀྱང་། །ཆུ་དེ་བཏང་ན་འཁྱག་དེ་ཞུ་དོགས་ནས། །མར་ལ་མ་བཏང་ཡང་བ་འཁྱིལ་ཞིང་འཕྱུར། །རས་ཆེན་འཁྱགས་ཞུ་ཐུབ་ཀྱང་ཆུ་མ་དྲོས། །སྐུ་སྨད་ཆུར་ནུབ་ཤིན་ཏུ་འཁྱགས་པར་བྱུང་། །ཐོ་རངས་དུས་སུ་དུས་གསུམ་མཁྱེན་པ་ཉིད། །སེང་གེ་ཆེབས་ནས་ནམ་མཁར་དངོས་སུ་བྱོན། །བུ་འབའ་ཚ་སྟག་དི་ལ་བ། །ཁྱོད་ཀྱིས་སྒོམ་ཆུང་གསར་པུ་དེ་འཁྱགས་གྲིར་མ་བསད། །གསུངས་པས་སྐུ་ལྭ་ཁྱིལ་བའི་ཆུ་ཚན་བཏང་། །ལུང་པ་དེ་ཡི་འཁྱགས་རྣམས་ཐམས་ཅད་ཞུ། །སློབ་བུ་འདི་ལ་རྫུ་འཕྲུལ་འདི་འདྲ་ན། །བླ་མར་འགྲན་དགོས་སྨྲས་པ་ང་རེ་འཁྲུལ། །དགོངས་

(༨༠༡)ཤིང་འགྲོ་མགོན་རས་པའི་ང་རྒྱལ་ཆགས། །ཆོས་འབྲེལ་ཙམ་ཞིག་ཞུ་བ་མ་གཏོགས་པ། །དུས་མཁྱེན་སློབ་མ་བྱེད་བསམ་མེད་པ་ལ། །ཁྱོད་ཀྱི་ཡོན་ཏན་གང་ཤེས་གསུངས་པ་ལ། །ང་ནི་མགོན་པོར་མཁས་ཞེས་ཤེས་ཚད་སྨྲས། །དུས་མཁྱེན་ཞལ་ནས་དེ་ཚོ་ཕྱི་སྒྲུབ་སྐོར། །ཕྲིན་ལས་དགྲ་བགེགས་བསྒྲལ་བའི་སྔགས་ནག་ཡིན། །སྟོད་ལས་བྱང་ཆུབ་སྒྲུབ་ཐབས་མེད་དམ་གསུངས། །མ་མཆིས་ཉིད་ལ་བདོག་ན་གནང་ཞུས་པས། །མར་པའི་སྙན་བརྒྱུད་མ་མགོན་རྩ་རླུང་གནང་། །དེ་ཡིས་ཡིད་ཆེས་དད་པའི་འདེང་ཚུད་ནས། །དུས་མཁྱེན་ཆོས་བརྒྱུད་འཛིན་པ་ངེས་བྱུང་གསུངས། །འདི་ཉིད་སྙན་བརྒྱུད་ཤིན་ཏུ་ཟབ་པའི་ཕྱིར། །རྒྱ་གཞུང་རྩ་བ་སྡེབ་ངེས་ཙམ་ལས་མེད། །མཁའ་སྤྱོད་དབང་པོ་དོན་ལྡན་ལ་སོགས་པའི། །དམ་དུམ་བརྗེད་ཐོ་ལྟ་བུར་མཛད་པ་མང་། །ཁྲིད་ཡིག་ཆ་ཚང་ཡི་གེར་བྲིས་པ་མེད། །ཕྲིན་ལས་སྒྲུབ་པའི་དམིགས་རིམ་བརྒྱ་རྩ་སོགས། །ཡོད་པར་གསུངས་ཀྱང་དེ་ཡི་རྩ་བ་ནི། །ཡབ་ཡུམ་ཞལ་སྦྱོར་རབ་ཀྱིས་

(༨༠༢)དབང་བཞིང་མ། །ཐ་ན་ཞལ་སྦྱོར་གཏོར་དབང་ཐོབ་པར་བྱ། །རབ་ཏུ་སྔོན་ལ་བསྙེན་པ་ཐོན་ན་མཆོག །མ་ཐོན་ན་ཡང་བསྒོམ་ལ་ཉེས་འགལ་མེད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་འཐུས། །རང་ཉིད་མགོན་པོ་རྐང་ཐང་གྲི་ཐོད་ཅན། །བེར་ཅན་མངོན་རྟོགས་སྤྱི་དང་མཐུན་པར་བསྒོམ། །ལྷ་མོ་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཕྱག་བཞི་མ་ཡིས་འཁྱུད་པ་རང་བྱུང་བཞེད། །སྐུ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །འདི་སྐབས་རླུང་ནི་འབུད་པ་དགུ་ཕྲུགས་བྱ། །དམིགས་པ་མ་གསལ་བར་དུ་འཇམ་རླུང་བཟུང་། །དེ་ནས་ཡུམ་དེ་ཡབ་ལ་ཐིམ་པའི་མཐུས། །ནང་གི་མཁའ་འགྲོ་མ་ནི་རྩ་ཡིན་ཕྱིར། །རྩ་གསུམ་ལུས་དང་རྩ་ཡི་སྟོང་ར་ཐིག་ལེའི་རྣལ་འབྱོར་སོགས་ཡང་གསང་བླ་མེད་ཀྱི་སྒྲུབ་པ་བདེ་ཆེན་རབ་འབར་ནང་དུ་བསྟ་བར་བྱའོ།། མཆན། །འཁོར་ལོ་ལྔ་ལྡན་ཆོས་དྲུག་བཞིན། །པཀྵིའི་བཞེད་ལྟར་གནས་ལྔར་ཡིག་འབྲུ་ལྔ། །དུག་ལྔའི་ངོ་བོ་གཏུམ་མོའི་མེས་བསྲེག་པས། །མགོན་པོ་རིགས་ལྔར་ལྷ་མོ་རིགས་ལྔས་འཁྱུད། །འཁོར་གྱི་ལྷ་མོ་རྩ་ཡི་

(༨༠༣)གྲངས་རྣམས་ཀྱང་། །ཁ་ཊྭཾ་མེད་དེ་གཡས་བརྐྱང་གཡོན་བསྐུམ་བཞུགས། །གནས་ལྔའི་ལྷ་ཡི་ཐུགས་ཀར་རང་མདོག་གི། །ཧཱུཾ་དང་བྷྱོ་ཡིག་སོ་སོར་བསྒོམ་པར་བྱ། །མགོན་པོའི་ཐུགས་ཀར་ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། །ལྷ་མོའི་ཐུགས་ཀར་ཨོཾ་ཏྲཀ་རཀྵ་མ་ཧི་དུ་ན་བྷྱོ་མ་ཧཱ་ཡཀྵ་ཏིཀྵ་ཎ་ཀཱ་ལི་དུ་ན་བྷྱོ༔ ཞེས་པ་དེ་གཉིས་བསྒོམ་རྒྱུ་ཡིན་ན་ཡང་། །ཀརྨ་པཀྵིའི་ཁྱད་ཆོས་ཟབ་ཁྱད་ནི། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུཾ་ཕཊ། །འདི་ནི་བེར་ནག་ཅན་གྱི་སྙིང་པོར་བཞེད། །གསར་རྙིང་མགོན་པོའི་རྒྱུད་གཞུང་ཐམས་ཅད་ནས། །འདི་ལས་ཕན་ཡོན་ཆེ་བའི་སྔགས་མ་མཆིས། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛ་ཛཿ །དེ་ནི་ལྷ་མོ་སྤྱི་ཡི་སྔགས་ཡིན་ཞིང་། །ཁྱད་པར་རང་བྱུང་མ་ཡི་ཡང་སྙིང་ཡིན། །ལྷ་མོའི་རྒྱུད་སྡེ་སྲིད་དོ་འཚལ་ཀུན་ལས། །དེ་ལས་ཕན་ཡོན་ཆེ་བའི་སྔགས་མ་མཆིས། །དེ་ཕྱིར་དེ་གཉིས་གནས་ལྔར་གཡས་གཡོན་འཁོར། །རླུང་བཟུང་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སུམ་

(༨༠༤)མདོ་འམ་ལྟེ་འོག་སོར་བཞི་ནས། །གཏུམ་མོའི་མེ་འབར་ལུས་ཀུན་མེ་ཡིས་གང་། །མེ་ལྕེ་བ་སྤུའི་བུ་གར་ཕྱིར་ཐོན་པས། །ལུས་ཀུན་མེ་འབར་མེ་དཔུང་ཇེ་ཆེར་མཆེད། །གནས་དེ་འམ་ནི་བསྲུང་བྱ་གར་ཡོད་ཁྱབ། །གནོད་བྱེད་བསྲེགས་དམིགས་འཁྲུལ་འཁོར་དྲུག་བསྐོར་བྱ། །རླུང་དང་འཁྲུལ་འཁོར་བརྩོན་ན་དྲོད་སྐྱེ་འགྱུར། །ཐུན་མཚམས་མེ་དཔུང་ཚུར་འདུས་རང་ལ་བསྟིམ། །ཡང་ནི་མེ་སྦར་སྤྱི་བོའི་ཧཾ་ཡིག་ཞུ། །རྩ་གནས་ཀུན་གང་བདེ་བས་ལུས་གང་བསམ། །དམིགས་པ་གསལ་ན་བདེ་ཉམས་གནས་ཉམས་སྐྱེ། །དེ་ཚེ་ངོ་བོ་བལྟས་ལ་བདེ་སྟོང་བསྲེ། །སྔགས་འཁོར་བསྒོམ་ཞིང་སྔགས་རྣམས་ཡིད་ཀྱིས་བཟླ། །གནས་ལྔའི་མགོན་པོ་ལྔ་ལས་འོད་ཟེར་དང་། །རང་མདོག་ལྷ་ཚོགས་མང་པོ་སྤྲོས་པ་ཡིས། །རིགས་ལྔའི་ལྷར་གྱུར་ལྷ་ཀུན་མཆོད་བྱེད་ཅིང་། །དེ་དག་མ་མགོན་རིགས་ལྔའི་སྐུར་གྱུར་ནས། །ཚུར་བྱོན་གནས་ལྔའི་ལྷ་ལ་བསྟིམ་པ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་པོ་ཡི། །མཆོག་ཐུན་དངོས་གྲུབ་

(༨༠༥)ཐམས་ཅད་ཐོབ་པར་བསྒོམ། །དཔྲལ་པའི་མ་མགོན་དཀར་པོའི་འོད་ཟེར་གྱིས། །རང་གཞན་ནད་གདོན་བར་ཆད་ཞི་བ་དང་། །མགྲིན་པའི་མ་མགོན་དམར་པོའི་འོད་ཟེར་གྱིས། །ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ་དང་། །ཐུགས་ཀའི་མ་མགོན་མཐིང་ཀའི་འོད་ཟེར་གྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་བསྡུས། །རང་ཐིམ་ཉམས་དང་རྟོགས་པ་གོང་དུ་འཕེལ། །ལྟེ་བའི་མ་མགོན་སེར་པོའི་འོད་ཟེར་གྱིས། །ཚེ་དང་བསོད་ནམས་བསྟན་པ་རྒྱས་པར་སྤེལ། །གསང་གནས་མ་མགོན་ལྗང་ནག་འོད་ཟེར་གྱིས། །བདུད་དང་དགྲ་བགེགས་ཐམས་ཅད་ཚར་གཅོད་སོགས། །དམིགས་པའི་བསྒྱུར་ཁ་བརྒྱ་རྩ་ཡོད་པར་གསུངས། །འདི་དག་སྐབས་སུ་འཁྲུལ་འཁོར་སོ་བདུན་བྱ། །དམིགས་པའི་བསྒྱུར་ཁ་རྒྱས་པར་མང་མཆིས་ཀྱང་། །རྩ་བའི་དམིགས་རིམ་དེ་ཙམ་ཞིག་གིས་མཐུས། །རྩ་རླུང་ལ་བརྟེན་དགྲ་བགེགས་བསྒྲལ་བ་ནི། །ཤིན་ཏུ་ཟབ་གཉན་གྲུབ་ཆེན་པཀྵིའི་ལུགས། །རང་ཉིད་མགོན་པོ་ཡབ་རྐྱང་གནམ་ས་ཙམ། །

(༨༠༦)སྐུ་ལུས་སྟོང་གསལ་བསྒོམ་པའི་ལྟེ་འོག་ཐད། །མེ་ཡི་རང་བཞིན་གྲུ་གསུམ་རྒྱ་ཆེའི་དབུས། །ཞལ་སྦྱོར་རམ་ནི་གཙོ་ཀྱང་གང་ཡང་རུང་། །ཞལ་ནི་ཟུར་གསུམ་ཡར་ལ་གདངས་བ་དེ། །མེ་ཡི་རང་བཞིན་མེ་དཔུང་འབར་བར་བསྒོམ། །རང་གི་ཐུགས་དབུས་ཟླ་སྟེང་ཧཱུཾ་མཐིང་མཐར། །ཤཱ་ས་ན་སོགས་མགོན་པོའི་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་དམར་ནག་འཕྲོས་པ་དེ། །ཤངས་ཕུག་གཡས་ཐོན་ལྕགས་ཀྱུའི་དབྱིབས་ལྟ་བུས། །གནོད་བྱེད་དགྲ་བགེགས་གང་ཡིན་ཐམས་ཅད་བཀུག །ཤངས་བུག་གཡོན་ཞུགས་ལྟེ་བའི་མ་མགོན་གྱི། །ཞལ་དུ་རྐང་རྟིང་སྐྱ་ལྷག་སོང་བར་བསམ། །ལུས་ངག་ཡིད་གསུམ་ནུས་པ་ཚེ་སྲོག་རྣམས། །བྱ་སྒྲོ་མེ་ལ་བསྲེགས་བཞིན་རྡུལ་དུ་བརླག །རླུང་ནི་ཕར་འཕྲོས་འོད་ཟེར་ཕར་འཕྲོ་དང་། །ཚུར་ལ་རྔུབ་དུས་བཀུག་བའི་དམིགས་པ་དང་། །ནང་དུ་དགང་ཚེ་ཞལ་དུ་བསྲེགས་པ་དང་། །ཁོ་ཡི་སེམས་ཉིད་ཆོས་དབྱིངས་ཀློང་ཐིམ་པར། །བསྒོམ་ལ་ཉམས་ལེན་ངང་ལ་ཐུན་གཅིག་གཞག །དེ་ཚེ་ཤཱ་

(༨༠༧)ས་ན་དང་ཧུ་ར་སོགས། །དྲག་སྔགས་ཡིད་ཀྱིས་བཟླས་པར་བྱ་བ་ཡིན། །རྩ་རླུང་གོམས་ཤིང་དམིགས་པ་གསལ་བའི་མིས། །དགྲ་བསྒྲལ་བགེགས་འདུལ་འདི་ལས་ཟབ་པ་མེད། །མཆོད་གཏོར་རྦད་བསྐུལ་ཅི་ཡང་མི་དགོས་གསུངས། །གོང་མ་སྒྲུབ་པ་འདི་ནི་ལས་སྦྱོར་ཡིན། །འདི་ཉིད་སྙན་བརྒྱུད་ཤིན་ཏུ་ཟབ་པའི་ཕྱིར། །འཁྲུགས་མེད་གསལ་པར་བཀོད་ན་བཀའ་ཆད་འབྱུང་། །དེ་ཕྱིར་བསྙེན་པའི་དམིགས་རིམ་འཇུག་འདིར་བྲི། །རང་ཉིད་མགོན་པོ་ཡབ་རྐྱང་གོང་ལྟར་གསལ། །དེ་ཡི་དཔྲལ་མགྲིན་ཐུགས་ཀ་གསུམ་པོ་རུ། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གསལ་བར་དམིགས། །དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དང་། །སྣ་བུག་ནས་ཐོན་འཇིག་རྟེན་ཀུན་ཁྱབ་པས། །འཇིག་རྟེན་འདས་པ་དང་ནི་མ་འདས་པའི། །འཁོར་འདས་ཀུན་ལ་འོད་དེས་ཕོག་པའི་མཐུས། །ས་འོག་གནས་རྣམས་སྐུ་ཡི་མགོན་པོ་དཀར། །ས་སྟེང་གནས་རྣམས་གསུང་གི་མགོན་པོ་དམར། །ས་བླར་

(༨༠༨)གནས་རྣམས་བར་སྣང་ཡན་ཆེད་ཡིན་གསུངས་མཚན། །ཐུགས་ཀྱི་མགོན་པོ་མཐིང་། །རང་མདོག་བེར་གསོལ་ཀུན་ཀྱང་སྔགས་སྒྲ་སྒྲོགས། །རླུང་ཞིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །དེ་ཀུན་ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གྱུར། །སྣ་གཡོན་ནས་བཞུགས་གནས་གསུམ་ཡིག་འབྲུར་ཐིམ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། །རླུང་བཟུང་མི་དམིགས་ངང་ལ་ཅུང་ཟད་གཞག །སླར་ཡང་རླུང་ཞིག་ཕར་ལ་གཏོང་བའི་ཚེ། །སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཐམས་ཅད་མགོན་པོའི་སྐུ། །ཕོ་རྣམས་མགོན་པོ་མོ་རྣམས་དཔལ་ལྷ་མོ། །སྒྲ་སྐད་ཐམས་ཅད་མ་མགོན་སྔགས་སུ་བསམ། །དེ་ཡང་སེམས་ལས་གཞན་དུ་མ་གྲུབ་པས། །སེམས་ཉིད་ངོ་བོ་སྟོང་པ་དཔལ་ལྷ་མོ། །རང་བཞིན་གསལ་བ་ཡེ་ཤེས་མགོན་པོ་ཉིད། །སྟོང་གསལ་དབྱེར་མེད་ཡབ་ཡུམ་ཞལ་སྦྱོར་བ། །སྣ་ཚོགས་འཕྲོས་པ་ལས་བྱེད་དྲེགས་པའི་འཁོར། །ཡེ་ནས་ལྷུན་གྲུབ་རང་ལ་གནས་པ་སྟེ། །ཡེ་ནས་ཆོ་སྐུ་རྗེན་པ་ཡིན་

(༨༠༩)པ་སྟེ། །རང་ངོ་རང་གིས་ཤེས་པས་ཡེ་ཤེས་ཟེར། །དེ་རྟོགས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས། །སྐྱོབ་པའི་སྐྱབས་དང་མགོན་ནི་དེ་ཡིན་ཕྱིར། །ཡེ་ཤེས་མགོན་པོ་རང་གི་སེམས་ཉིད་ཡིན། །དེ་དོན་མགོན་པོའི་རྒྱུད་ཆེན་རྣམས་སུ་གསལ། །འཕགས་བཞི་བསྐྱེད་བྱེད་ལྷ་མོ་ཡུམ་ཆེན་མོ། །རང་གི་སེམས་ལས་གུད་དུ་མེད་པའི་ཚུལ། །ལྷ་མོའི་རྒྱུད་གཞུང་རྣམས་ལས་ཤིན་ཏུ་གསལ། །དེ་ཉིད་རྟོགས་ན་རྩུབ་ཆགས་འཁུ་ལྡོག་མེད། །མ་མགོན་ལུས་དང་གྲི་བཞིན་འབྲལ་མི་སྲིད། །བསྙེན་པའི་དམིགས་རིམ་དོན་ལྡན་ཞབས་ཀྱི་ལུགས། །དཔལ་འབྱོར་དོན་གྲུབ་ཉིད་ལ་གདམས་པ་ཡིན། །དེ་ལྟར་མ་མགོན་རླུང་ཁྲིད་མདོར་བསྡུས་འདི། །རཱུ་པ་བརྩོན་འགྲུས་རྒྱ་མཚོས་ནན་གྱིས་བསྐུལ། །བཀའ་རྒྱ་དམ་པས་སྨྲ་བར་དཀའ་ན་ཡང་། །མ་མགོན་སྲུང་མ་རྣམས་ལ་གསོལ་བཏབ་པས། །བདག་མོས་གསར་བུ་རྣམས་ལ་ཕན་སྙམས་ནས། །ལོ་ཡི་རྒྱལ་པོ་ཅང་ཤེས་མེ་དཔར་ལོ། །དབང་ཕྱུག་ཆེན་པོའི་དུས་ཆེན་ཁྲུམས་ཟླ་ཡི། །ཉེར་དགུ་

(༨༡༠)མ་མགོན་དུས་ཆེན་དགུ་གཏོར་ཉིན། །ཉིན་གུང་རྣལ་འབྱོར་རཱ་ག་ཨ་སྱས་སྨྲས། །རཱུ་བའི་རིགས་ལས་བྱུང་བའི་སྔགས་འཆང་ནི། །བརྩོན་འགྲུས་མཆོག་ལྡན་བརྩོན་འགྲུས་རྒྱ་མཚོས་བྲིས། །གསང་སྔགས་སྤ་འོས་གསལ་བར་བཀོད་པའི་ཉེས། །གང་མཆིས་མ་མགོན་སྲུང་མའི་ཚོགས་ལ་བཤགས། །དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཤོག །ལེའུ་ང་གཉིས་པའོ་མངྒ་ལཾ། །དབང་ལུང་མ་ཐོབ་པ་དང་ཉམས་སུ་མི་ལེན་པ་ལ་གསང་ཞེས་གསུངས་ཨིཐི།། །འཾ། །།རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །བསྔོ་བའི་ཞལ་གདམས་ནོར་བུ་རིན་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ནེ་ཡེ། །ཀུན་མཁྱེན་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྔོ་བའི་ཟབ་གནད་ཞལ་གྱི་གདམས་པ་ནི། །རང་རེ་སེམས་ཅན་འཁོར་བར་འཁྱམས་པ་འདི། །ཚོགས་མ་བསགས་པས་འཁོར་བར་འཁྱམས་པ་ཡིན། །ཚོགས་བསགས་དཔག་ཏུ་མེད་པ་བྱས་མོད་ཀྱི། །རྫོགས་པའི་བྱང་ཆུབ་རྒྱུ་རུ་མ་བསྔོས་པས། །འབྲས་བུ་ལྷ་མའི་བདེ་སྐྱིད་མང་པོ་ཞིག །མྱོང་བས་དགེ་

(༨༡༡)འབྲས་ཟད་ནས་ལྟུང་བ་ཡིན། །དགེ་བ་བྱང་ཆུབ་མཆོག་ཏུ་བསྔོས་ན་ནི། །སྐྱེ་བ་ཀུན་ཏུ་བདེ་སྐྱིད་མྱོང་ན་ཡང་། །བསོད་ནམས་མི་ཟད་མཐར་ཐུག་བྱང་ཆུབ་ཐོབ། །དགེ་བ་ཟད་མེད་གདམས་པ་བསྔོ་བ་ཡིན། །ཚེ་འདིར་དགེ་བ་མང་པོ་བསྒྲུབས་ན་ཡང་། །མི་དམིགས་བསྔོ་བས་རྒྱས་འདེབས་མ་ཤེས་ན། །སོ་མ་བཏང་བའི་རྫ་མ་གསར་པ་བཞིན། །དགེ་བ་དེ་ཡང་ཉམས་པར་སླ་བ་སྟེ། །སྦྱིན་དང་ཚུལ་ཁྲིམས་དགེ་བ་བསྐལ་པ་བརྒྱར། །བསགས་པ་ཁོང་ཁྲོ་གཅིག་གིས་འཇོམས་པར་གསུངས། །དགེ་བ་བཅོམ་པ་ཞེས་བྱ་རང་ཉིད་ཀྱིས། །དགེ་བ་གང་བྱས་ངོམས་ན་འཛད་པར་བཤད། །ཟང་ཟིང་དགེ་བ་རླབས་ཆེན་བསྒྲུབས་པའི་རྗེས། །སེར་སྣའི་དབང་གིས་འགྱོད་པ་སྐྱེས་ན་འཛད། །དགེ་བ་གང་འགྲུབ་བསྔོ་བས་རྒྱས་བཏབ་ན། །ཁྲོ་དང་བཅོམ་དང་འགྱོད་པས་ཉམས་མི་འགྱུར། །དགེ་བ་མི་ཉམས་ཐབས་ལ་བསྔོ་བ་ཟབ། །བསྔོ་བས་རྒྱས་མ་ཐེབ་བའི་དགེ་བ་རྣམས། །ལོ་བརྒྱ་སོང་ཡང་སྐྱེད་མེད་དེ་ཀ་རང་། །བསྔོ་བས་རྒྱས་ཐེབ་ཕྱིན་

(༨༡༢)ནས་དགེ་བ་དེ། །ཞག་རེ་སོང་ཞིང་སྐྱེད་རེ་འཕེལ་བ་སྟེ། །དགེ་བ་ཆུང་ངུ་ལ་ཡང་ཆེན་པོར་འགྱུར། །གླིང་བཞི་འཇིག་རྟེན་ལོ་ལེགས་སྙེ་མ་བཞིན། །དགྲ་བཅོམ་རང་རྒྱལ་བར་མེད་གང་བ་ལ། །ཇི་སྲིད་འཚོ་བར་བསྙེན་བསྐུར་བྱས་པ་བས། །དགེ་བ་བྱང་ཆུབ་མཆོག་ཏུ་བསྔོས་བྱས་ན། །ཕན་ཡོན་ཆེ་སོགས་བསྔགས་པ་མཐའ་ཡས་པ། །སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས་གསུངས། །དེ་ནི་ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དམིགས་མེད་འཁོར་གསུམ་ཡང་དག་བསྔོ་བ་ཡིན། །འཁོར་གསུམ་དམིགས་པ་ཅན་གྱི་བསྔོ་བ་ནི། །བསྔོ་བ་དུག་ཅན་ཞེས་བྱ་ཕན་ཡོན་ཆུང་། །འཇིག་རྟེན་ལྷ་མིའི་བདེ་སྐྱིད་རྒྱུར་འགྱུར་གྱི། །འཕགས་ལམ་ཐོབ་པའི་རྒྱུ་རུ་འགྱུར་བ་མིན། །འཁོར་གསུམ་ཡང་དག་བསྔོ་བའི་བཞེད་པ་ནི། །སྟོང་ཉིད་མངོན་སུམ་རྟོགས་པའི་འཕགས་པ་ཡིས། །མཛད་རྒྱ་ཡིན་ཅིང་སོ་སྐྱེས་མི་འགྲུབ་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །དགོངས་གསོལ་ཚིག་གིས་སྙན་གསན་དབབ་བྱས་ཏེ། །དགེ་བ་འདི་ཡང་འཁོར་གསུམ་ཡོངས་དག་གི། །

(༨༡༣)བསྔོ་བར་འགྱུར་བར་མཛད་དུ་གསོལ་ལོ་ཞེས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་དང་། །འདས་དང་མ་བྱོན་ད་ལྟའི་སངས་རྒྱས་དང་། །ཀུན་ཏུ་བཟང་པོ་འཇམ་དབྱངས་ལ་སོགས་པའི། །མཁས་པ་རྣམས་ཀྱིས་བསྔོ་བ་མཛད་པ་ལྟར། །དགེ་བ་འདི་ཡང་དེ་ལྟར་གྱུར་ཅིག་ཅེས། །མོས་པ་ཙམ་གྱིས་བསྔོ་བ་བྱེད་པ་ནི། །མདོ་ལུགས་བསྟན་པ་སྤྱི་ཡི་བསྔོ་བ་ཡིན། །དེ་དོན་བཟང་སྤྱོད་ལྟུང་བཤགས་སོགས་ལས་གསལ། །བསྔོ་བ་བསྔོ་མཁན་བསྔོ་རྒྱུ་རྣམ་པ་གསུམ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་གཞག་སྟེ། །བསྔོས་ན་འཁོར་གསུམ་ཡང་དག་བསྔོ་བ་ཡིན། །ཕྱོགས་མཐུན་འབྱུང་བར་ཇོ་བོ་རྗེ་ཡིས་བཞེད། །དེ་དོན་བཀའ་གདམས་གླེགས་བམ་ནང་དུ་གསལ། །ཕྱག་རྫོགས་དགོངས་པ་བཀའ་བརྒྱུད་བཞེད་པ་ལ། །སྤྲོས་བྲལ་རྟོགས་པ་སྐྱེས་པའི་རྟོགས་ལྡན་དེས། །ཉམས་ལེན་ངང་ནས་བསྔོ་བ་བྱེད་པ་དེ། །འཁོར་གསུམ་ཡོང་དག་བསྔོ་བ་ཡིན་པ་ཏེ། །སྤྲོས་བྲལ་སྟོང་ཉིད་མངོན་སུམ་རྟོགས་པར་བཞེད། །དེ་ལ་འགྲོ་མགོན་ས་སྐྱ་པཎྜི་ཏས། །སྤྲོས་

(༨༡༤)བྲལ་སྟོང་ཉིད་མངོན་སུམ་ཡིན་ན་ནི། །སྟོང་ཉིད་མངོན་སུམ་རྟོགས་དང་ས་ཐོབ་མཉམ། །དང་པོའི་ས་ཐོབ་བྱང་ཆུབ་སེམས་དཔའ་དེས། །སྐད་ཅིག་ལག་པ་བརྐྱང་བསྐུམ་ཡུད་ཙམ་ལ། །སྤྲུལ་པ་བརྒྱ་ཡིས་དག་པའི་ཞིང་ཁམས་བརྒྱར། །སངས་རྒྱས་བརྒྱ་མཇལ་དམ་ཆོས་ཉན་པ་དང་། །སྤྲུལ་པ་བརྒྱ་ཡིས་མ་དག་འཇིག་རྟེན་བརྒྱར། །རེ་རེས་སེམས་ཅན་བརྒྱ་རེའི་དོན་མཛད་དང་། །འཇིག་རྟེན་ཁམས་བརྒྱ་ཀུན་ནི་གཡོ་ནུས་པའི། །ཡོན་ཏན་དེ་དག་མེད་པ་ཅི་ཡིན་གསུངས། །ཁྱུང་ནི་སྒོང་ངའི་ནང་དུ་གཤོག་དྲུག་རྒྱས། །སྒོ་ང་མ་ཆགས་བར་དུ་འཕུར་མི་ནུས། །སེང་གེ་མ་ཡི་ཁོག་ནས་རྩལ་གསུམ་རྫོགས། །མ་སྐྱེས་བར་དུ་ལུས་རྩལ་སྟོན་མི་ནུས། །དེ་བཞིན་སྟོང་ཉིད་མངོན་སུམ་རྟོགས་ན་ཡང་། །རྣམ་སྨིན་ལུས་རྒྱས་གཏུམ་ཕྱིར་རྟགས་མི་གསལ། །ཤི་ཚེ་བར་དོར་རྟགས་རྣམས་འབྱུང་བའི་ཕྱིར། །བཀའ་བརྒྱུད་པ་རྣམས་དངོས་སུ་བཞུགས་ཚེ་ལས། །འདས་ན་བྱིན་རླབས་ཆེ་རུ་འགྲོ་བར་བཤད། །དེ་ལ་མཁས་པ་ས་སྐྱ་པཎྜི་ཏས། །ཉི་མ་དེ་

(༨༡༥)རིང་ཤར་བར་གྱུར་བ་ལ། །འོད་ནི་དེ་རིང་མེད་དེ་སང་ཡོད་པ། །བླུན་པོའི་ཚིག་གིས་མགོ་བསྐོར་ཡིན་ནོ་གསུངས། །དེ་ལ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས། །རྟགས་ཡོད་ན་ནི་ས་ཐོབ་ཡིན་དེས་ཤིང་། །རྟགས་དེ་མེད་ན་ས་ཐོབ་མིན་ངེས་པའི། །ཚན་ལྡན་མདོ་རྒྱུད་ལུང་ཞིག་སུས་རྙེད་ལ། །ཆིབས་པ་འདི་ལ་གོས་ཡུག་བཏགས་ནས་སྦྱིན། །གསུངས་ཀྱང་དེ་དུས་སུས་ཀྱང་མ་རྙེད་སྐད། །དེ་དོན་བྱམས་པ་ལུང་བསྟན་མདོ་སྡེ་ལས། །བྱམས་པ་དགེ་སློང་མ་ཕམ་པར་གྱུར་པས། །ཤཱཀྱ་ཐུབ་པའི་དྲུང་དུ་བཞུགས་པ་ལ། །འདི་ནི་མ་འོངས་སངས་རྒྱས་བྱམས་པ་ཡིན། །ཐུབ་པས་གསུངས་ཀྱང་འཁོར་རྣམས་ཡིད་མ་ཆེས། །འདི་ལ་རྟགས་དང་ཡོན་ཏན་གཅིག་ཀྱང་མེད། །ཉོན་མོངས་མ་སྤང་ཐ་མལ་དགེ་སློང་རབ། །འདི་འདྲ་སངས་རྒྱས་ལྔ་པར་འགྱུར་སྲིད་དམ། །བསམ་ཚེ་བྱམས་པ་ལུང་བསྟན་མདོ་སྡེ་གསུངས། །དེ་ཕྱིར་རྟགས་དང་ཡོན་ཏན་མེད་ན་ཡང་། །སྟོང་ཉིད་མ་རྟོགས་མིན་པར་མདོ་དེར་གསལ། །

(༨༡༦)དེ་ཕྱིར་ཕྱག་རྫོགས་གཉིས་ཀྱི་བཞེད་པ་ལ། །སྤྲོས་བྲལ་ཡན་ཆད་རྟོགས་པའི་གང་ཟག་དེས། །ཉམས་ལེན་མ་ཡེངས་བསྔོ་བ་བྱེད་པ་དེ། །འཁོར་གསུམ་ཡང་དག་བསྔོ་བ་ཡིན་པར་ངེས། །སངས་རྒྱས་བྱང་ཆུབ་ཉན་ཐོས་རང་རྒྱལ་དང་། །སོ་སོའི་སྐྱེ་བོས་དགེ་བ་གང་མཛད་ལ། །བསམ་པ་དག་པས་རྗེས་སུ་ཡི་རང་བསྒོམ། །དེ་དག་དགེ་རྩ་རང་གིས་མཉམ་དུ་ཐོབ། །དེ་ལྟར་ཡི་རང་བསྒོམས་པའི་དགེ་བ་དང་། །སྦྱིན་བདག་དེ་ཡིས་རང་ལ་ཕྱིན་པ་སོགས། །བསྔོ་རྒྱུའི་དགེ་བ་གང་ཡིན་གཅིག་ཏུ་བསྡོམས། །སངས་རྒྱས་ཀུན་ལ་མཆོད་པའི་སྤྲིན་དུ་བསྔོ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་ཕྱིར་བསྔོ། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་རྒྱས་ཕྱིར་བསྔོ། །འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་ཕྱིར་བསྔོ། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་ཕྱིར་བསྔོ། །དེ་ལྟར་བསྔོ་ཚུལ་དེ་དག་རེ་རེས་ཀྱང་། །དགེ་བ་ཆུང་ངུ་དཔག་མེད་ཆེན་པོར་འཕེལ། །དེ་དོན་རྡོ་རྗེ་རྒྱལ་མཚན་བསྔོ་བའི་མདོ། །ལ་སོགས་མདོ་སྡེ་མང་པོ་རྣམས་ནས་གསུངས། །

(༨༡༧)དེ་ནས་དེ་དག་ཐམས་ཅད་གཅིག་བསྡུས་ཏེ། །རང་ངམ་སྦྱིན་བདག་ཚེ་འདས་སོགས་ལ་བསྔོ། །སྐྱེ་བ་ཀུན་ཏུ་བདེ་སྐྱིད་ལྡན་པ་དང་། །མཐར་ཐུག་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །དེ་ནི་ཐ་མལ་ཤི་བསྔོ་གསོན་བསྔོ་ཡིན། །མཆོད་བསྔོ་ལ་ཡང་འབྲིང་དང་རབ་གཉིས་ཏེ། །འབྲིང་ནི་དགེ་རྩ་ཞིང་གཤེགས་ལ་སྨིན་ནས། །རང་དོན་ཆོས་སྐུ་མངོན་དུ་མཛད་པ་དང་། །གཟུགས་སྐུ་དག་པའི་ཞིང་ཁམས་ཐམས་ཅད་དུ། །ལོངས་སྤྱོད་རྫོགས་སྐུའི་བརྡ་ཆོས་སྟོན་པ་དང་། །སྤྲུལ་སྐུ་མ་དག་འཇིག་རྟེན་བྱེ་བ་བརྒྱར། །གང་འདུལ་སྤྲུལ་པས་འགྲོ་བ་འདྲེན་པ་དང་། །རྗེས་འཇུག་རྣམས་ཀྱང་བར་ཆད་རྐྱེན་ཞི་ཞིང་། །རིགས་བརྒྱུད་ཆོས་བརྒྱུད་འཕེལ་བའི་བསྔོ་སྨོན་བྱ། །རབ་ནི་རྫོགས་པའི་སངས་རྒྱས་བླ་མ་དེ། །སྐུ་གསུམ་དག་པའི་ཞིང་དུ་བཞུགས་པ་ལ། །དགེ་རྩ་དེ་ཉིད་མཆོད་པའི་སྤྲིན་ཆེན་པོ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་བཀང་། །

(༨༡༨)འཁོར་བ་ཇི་སྲིད་མཆོད་སྤྲིན་རྒྱུན་མི་འཆད། །ཟག་པ་མེད་པའི་ཐུགས་དགོངས་ཡོངས་སུ་རྫོགས། །གདུལ་བྱ་རྣམས་ལ་ཐུགས་རྗེས་ཉེར་གཟིགས་ནས། །བསམ་ཞིང་སྤྲུལ་པའི་སྐུ་མཆོག་མྱུར་དུ་བྱོན། །གདུལ་བྱའི་དོན་ཆེན་མཛད་ཕྱིར་བསྔོ་སྨོན་བྱ། །བླ་ཕྲན་ཡིན་ན་འདུས་པའི་དགེ་འདུན་རྣམས། །བསྔོ་བའི་མཐུན་འགྱུར་བྱ་ཚུལ་ཀུན་གྱིས་ཤེས། །བླ་ཆེན་དགོན་ཆེན་ཡིན་ན་མཐུན་འགྱུར་རྣམས། །ཚིགས་བཅད་ཤླཽ་ཀ་རེ་བསྐུལ་འདོན་དང་། །བླ་ཕྲན་ཡིན་ན་དེ་ཡི་འཐོབ་ཆ་མེད། །དེ་ལྟར་བསྔོ་བའི་གདམས་པ་ཞལ་ཁྲིད་འདི། །རྟ་ལོ་ཐ་སྐར་ཟླ་བའི་ཡར་ཚེས་ལྔར། །རི་ཆོས་ཡོངས་སུ་རྫོགས་པའི་དུས་ཀྱི་ཚེ། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ལེའུ་ང་གསུམ་པའོ་མངྒ་ལཾ།། ༈ །།རི་ཆོས་མཚམས་ཀྱི་ཞལ་གདམས་གནང་དུས། །རྗེ་ལ་བརྟེན་བཞུགས་སུ་ཕུལ་བའོ། །སྤྱན་རས་གཟིགས་དངོས་དཔལ་ལྡན་བླ་མ་མཆོག །

(༨༡༩)བསྟན་འགྲོའི་དོན་ལ་ཐུགས་རྗེས་ཉེར་དགོངས་ནས། །ཞིང་འདིར་སྤྲུལ་པའི་སྐུར་བཞེངས་གུ་རུ་རྗེ། །ཀརྨ་རཱ་ག་ཨ་སྱ་ཞབས་བརྟན་ཤོག །ཁྱེད་སྔོན་སངས་རྒྱས་ཡིན་ཀྱང་སྙིགས་དུས་སུ། །ཐུབ་བསྟན་གསལ་མཛད་མདོ་སྔགས་ཐུགས་སུ་ཆུད། །སྡོམ་གསུམ་མཐར་ཕྱིན་བསླབ་གསུམ་རྒྱན་གྱིས་སྨྲས། །སྤྲུལ་སྐུ་རཱ་ག་ཨ་སྱ་ཞབས་བརྟན་ཤོག །ཉིད་སྐུ་འཁྲུངས་ནས་སྒྲུབ་པ་དཔག་མེད་མཛད། །མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །སྐར་ཚོགས་ལྟ་བུར་དཔག་མེད་ཞལ་གཟིགས་པའི། །གུ་རུ་རཱ་ག་ཨ་སྱ་ཞབས་བརྟན་ཤོག །ཁྱད་པར་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ། །དམ་ཆོས་ཐུགས་ཉམས་བཞེས་ནས་འགྲོ་བའི་དོན། །ཆོས་ཀྱི་འཁོར་ལོ་ཕྱོགས་བཅུར་བསྐོར་མཛད་པའི། །སྤྲུལ་སྐུ་རཱ་ག་ཨ་སྱ་ཞབས་བརྟན་ཤོག །གཞན་ཡང་མཐོང་ཐོས་དོན་ལྡན་འགྲོ་བ་རྣམས། །སྨིན་གྲོལ་ལམ་ལ་དངོས་སུ་འགོད་མཛད་པའི། །རཱ་ག་ཨ་སྱ་ལོ་བརྒྱ་

(༨༢༠)ཞབས་བརྟན་ཅིང་། །བསྟན་པ་ཉི་ཟླ་ལྟ་བུར་གསལ་བ་དང་། །བརྒྱུད་འཛིན་བསྟན་པ་འཛིན་པའི་གྲྭ་སློབ་རྣམས། །ཆུ་བོའི་རྒྱུན་བཞིན་ཆད་མེད་པར་ཤོག །དུས་གསུམ་སངས་རྒྱས་བྱང་སེམས་སྨོན་ལམ་ལ། །དབང་བའི་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོ་ཡི། །བདེན་པའི་སྟོབས་དང་དགེ་ཚོགས་སྟོབས་རྣམས་ཀྱིས། །སྨོན་ལམ་ད་ལྟ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ཤུགས་འཆང་ཅང་ཤེས་རྒྱལ་པོའི་ལོར་རྒྱལ་ཟླ་བའི་ཡར་ཚེས་ལ་གནས་མཆོག་དཔལ་རིའི་རྩེར། །རྗེ་ལ་བརྟན་བཞུགས་སུ་བླ་མ་ཀརྨ་བཱིརྱ་སཱ་ག་རས་ཕུལ་པའོ།། །མངྒ་ལཾ།། བླ་མ་རིན་པོ་ཆེའི་ཞལ་ནས། །མ་འོངས་པའི་གང་ཟག་རི་ཁྲོད་འགྲིམས་ཤིང་། །མདོ་སྔགས་ཀྱི་ཉམས་ལེན་དང་། གསར་རྙིང་ཐམས་ཅད་གཅིག་ཏུ་དྲིལ་པའི་སྒྲུབ་པ་གཅིག་ཤེས་ཀུན་གྲོལ། །རང་གཞན་གྱི་དོན་ཐམས་ཅད་སྒྲུབ་པར་འདོད་ན། །རི་ཆོས་མཚམས་ཀྱི་ཞལ་གདམས་འདི་ལ་ཚང་བ་ཡིན་ཏེ། །ང་དང་དངོས་སུ་འཕྲད་ཀྱང་

(༨༢༡)འདི་ལས་ལབ་རྒྱུ་མེད་པར་ཤེས་པར་བྱོས་ལ། །གླེགས་བམ་འདི་བྲི་བར་འདོད་པ་དག་གིས་ལེའུ་སོ་སོར་མི་ཕྱེ་བར། །མགུར་འབུམ་བྲིས་པ་ལྟར་ཕྱགས་གཅིག་ཏུ་བསྒྲིགས་ནས་གླེགས་བམ་བཟང་པོ་གཅིག་གྱིས་ལ་ཞོག་དང་། །དཔེ་ཆ་ཁ་མི་འཐོར་བ་སོགས་འོང་བས་བློ་ཆུང་རྣམས་ལ་འགྲོ་དོན་རྒྱ་ཆེན་པོ་ཞིག་འབྱུང་ངམ་སྙམ་པ་ཁོ་བོས་སེམས་སོ། །ཅེས་དང་། །འོག་ནས་འབྱུང་བའི་རྩ་རླུང་གི་གདམས་པ་དང་། །ཆོས་སྐྱོང་སྤྱི་སྒྲུབ་ཀྱི་སྐོར་རྣམས་དབང་ལུང་མ་ཐོབ་པ་དང་། །སྒྲུབ་པ་མི་བྱེད་པ་སོགས་སྣོད་མིན་རྣམས་ལ་གསང་བར་བྱ་སྟེ་ཤེས་པར་བྱོས་ཤིག །ཅེས་པའི་ཞལ་ཤེས་འདི་ཡང་ཀརྨ་བཱི་རྱས་བྲིས་པའོ།། །།མངྒ་ལཾ།། ༈ །གྲུབ་བརྙེས་ཨ་རཱ་གའི་རྣམ་ཐར་བསྡུས་པ་མཐོང་བ་དོན་ལྡན་བཞུགས་སོ།། །།ན་མོ་གུ་རུ་དྷ་རྨེ་ཤྭ་ར་ཡེ། །བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འདྲེན་མཆོག་འོད་མཚན་ཅོད་པཎ་ཅན་ལ་འདུད། །རྡོ་རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །སྤྲང་པོ་བདག་གི་རྣམ་ཐར་བྲིས་ཞེས་གསུངས། །

(༨༢༢)བསྟན་པའི་སྙིགས་མ་དུས་ངན་སྙིགས་མ་ལ། །སྤངས་རྟོགས་ཡོན་ཏན་རི་ཝོང་ར་འདྲ་བའི། །དཀོར་ཟན་བདག་འདྲར་བླ་མའི་མིང་ཐོགས་ཤིང་། །དད་ལྡན་ཀུན་གྱིས་བཀུར་སྟི་བྱེད་པ་དང་། །སྐུ་སྐྱེ་དབོན་རིགས་དགེ་བཤེས་མང་པོ་ཡིས། །དབང་ལུང་ལ་སོགས་གསན་མཁན་མང་ན་ཡང་། །མུ་གེ་བྱུང་ན་ཆོ་ལེ་ཟས་མཆོག་ལྟར། །ཡིན་སྙམ་སྐྱོ་བ་མ་གཏོགས་དགའ་རློམ་མེད། །འོན་ཀྱང་ཚིག་གི་བརྒྱུད་པ་མ་ཆད་ཙམ། །དབང་ལུང་མཎྜལ་ཚུལ་དུ་ཕུལ་འགྲུབ་ན། །དེང་སང་ཕན་པ་ཆེ་སྙམ་སེམས་ཁུར་བྱས། །མི་འགྱུར་རྡོ་རྗེའི་སྐྱེས་རབ་རྒྱས་བ་ནས། །སྐྱེ་བ་ཕལ་ཆེར་འབྲལ་བ་མེད་པ་དང་། །དག་པའི་སྐྱེ་བར་དཔོན་སློབ་རེས་མོས་དང་། །མ་དག་སྐྱེ་བ་རྣམས་སུ་མཐུན་གྲོགས་གྱུར། །ཁྱད་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཆ་ཤས་དང་། །སད་ན་ལེགས་ཀྱི་སྐྱེ་མཐར་ལུང་བསྟན་ཅིང་། །བདུད་འདུལ་རྡོ་རྗེའི་ས་གཏེར་ལུང་བསྟན་ལས། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་སྤྲུལ་

(༨༢༣)པ་རུ། །གསུངས་ཤིང་གཏེར་སྟོན་ཉིད་ཀྱིས་ངོས་བཟུང་ཀྱང་། །འགྲོ་དྲུག་ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །གསུངས་པ་ལྟར་དུ་དགོངས་པ་ཅན་གྱི་ཚིག །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གསུངས་པ་དེ་ལ་དགོངས་པ་ཡིན་བསམ་ནས། །ཁོ་བོ་སྤྲུལ་པ་ཡིན་སྙམ་རློམས་སེམས་མེད། །བདག་ནི་ཐ་ལམ་དམངས་རིགས་ཁྱིམ་སྐྱེས་ཀྱང་། །ཨ་ནུ་སྔགས་འཆང་པདྨ་དབང་དྲག་གི། །བུ་ཡིན་གསུངས་ནས་བརྩེ་བས་རྗེས་སུ་བཟུངས། །དྲུང་པ་ཀརྨ་བསྟན་འཕེལ་བླ་མ་ཝ། །རྒྱ་ར་བ་སོགས་མངོན་ཤེས་ལྡན་པ་བཞེས། །སྔགས་པའི་བུ་གསུངས་དེ་ཕྱིར་ཡིན་ངེས་སྙམ། །ཡིན་ཀྱང་མངའ་ཞབས་སྡེ་མེད་ཅི་ཕན་ཀྱང་། །ཁྲི་སྲོང་གདུང་རིགས་མཁའ་སྤྱོད་པ་དང་ནི། །གདུང་རིགས་ཡིན་པས་ལྷ་སྲུང་འཁོར་རམ་སྙམ། །ཆུང་ནས་རབ་བྱུང་རྩ་བཞི་སྲོག་ལྟར་བསྲུངས། །སྡོམ་གསུམ་རྩ་བ་མ་ཉམས་ཡིད་ཆེས་ཀྱང་། །ཉེས་ལྟུང་ཕྲ་ཞིབ་ཆར་རྒྱུན་

(༨༢༤)གྲངས་མང་ཞིང་། །ཚུལ་ཁྲིམས་མཆོག་འཛིན་རློམས་སེམས་བདག་ལ་མེད། །གར་སོང་གར་བསྡད་དཀོར་གྱི་ཆར་བབས་པས། །ལྷ་བུའི་བདུད་དང་དངོས་གྲུབ་འབྱེད་དཀའ་ཡང་། །བྱང་ཆུབ་སེམས་བསྐྱེད་མ་ཉམས་སྟོབས་དང་ལྡན། །འཁོར་གསུམ་ཡོངས་དག་བསྔོ་སྨོན་ཐུབ་སྙམ་པས། །དཀོར་གྱིས་ལྟུང་དོགས་མེད་ཅིང་འབྲེལ་ཐོགས་ཀྱི། །དངོས་པོ་ཆུད་མི་ཟ་བའི་གདེངས་ཚད་ནི། །ཐུབ་པས་གསུངས་པའི་མདོ་རྒྱུད་དཔང་པོ་ཡིན། །མི་ཆེན་བླ་ཆེན་མང་པོས་བསྐུར་སྟི་བྱས། །འོན་ཀྱང་ང་ཆེ་སྙམ་པའི་ང་རྒྱལ་མེད། །བླ་མ་ཡི་དམ་ཐུགས་རྗེ་ཡིན་ནམ་སྙམ། །ལྷ་ཚོགས་བརྒྱ་ཕྲག་ལྷག་གི་བསྙེན་སྒྲུབ་ཐེམས། །ཉམས་དང་རྨི་ལམ་རྟགས་མཚན་མ་ཐོན་མེད། །འོན་ཀྱང་ནུས་པ་ཆེ་སྙམ་ང་རྒྱལ་མེད། །ཉམ་ཆུང་བསྟུན་ས་བར་རྙེད་མ་གཏོགས་པ། །མཐུང་མོང་བསྡིགས་ར་ཁ་ནས་འདོན་མ་མྱོང་། །དྲག་སྔགས་གབ་བཞགས་གདམས་པ་ཕྱུག་ན་ཡང་། །རྒྱུ་འབྲས་ལ་འཇིགས་རྣོ་ཆེད་བྱེད་མ་མྱོང་། །འོན་ཀྱང་རང་ལ་གནོད་བྱེད་ཅི་བྱུང་ཀུན། །

(༨༢༥)ཡུན་མི་རིང་པར་མེ་ལྕེར་སྤྲང་མ་བཞིན། །བཀའ་སྲུང་ཆོས་སྐྱོང་འཁོར་རྟགས་མངོན་སུམ་གསལ། །འོན་ཀྱང་ལས་སྦྱོར་མ་བྱས་བསམ་ངན་མེད། །དེ་ཕྱིར་རང་ལ་ཕྱི་མའི་ཁུར་པོ་མེད། །ཡོན་ཏན་སྣ་མང་མ་བསླབ་དགུ་ཅིག་བསླབས། །འབྲེལ་ཐོགས་བླ་མ་ལྔ་བཅུ་ལྟག་ཙམ་བསྟེན། །ཡོན་ཏན་མཐར་ཕྱིན་སྣ་གཅིག་མ་ལོབ་མེད། །དེང་སང་གདམས་པ་ཕྱུག་འདིས་ཕན་པ་བྱུང་། །ཁྲིད་རིམས་འགའ་ཐོབ་རང་སར་ངོ་བོ་རྟོགས། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་མེད། །ཐམས་ཅད་འགྱུར་མེད་ཆོས་སྐུ་ཀ་ནས་དག །རྒྱལ་བ་ཀུན་གྱིས་ཐུགས་དང་རང་གི་སེམས། །འགྲོ་དྲུག་སེམས་རྒྱུད་སྣོད་བཅུད་འཁོར་འདས་ཀུན། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན་དུ་འདྲེས། །སྣ་ཚོགས་སྣང་བ་གཟུགས་སྒྲ་དྲི་རོ་རེག །མ་འདྲེས་སོ་སོར་གསལ་མང་ངོ་བོ་སྟོང་། །མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟ་བུར་རྟོགས། །སྒོམ་ཆེན་མིང་བཏགས་རུང་ཙམ་ཡིན་སྙམ་བགྱིད། །ལྟ་བ་འཁོར་འདས་དབྱེར་མེད་དོན་རྟོགས་པས། །གསང་སྔགས་

(༨༢༦)ཁྲོམ་བཤད་བྱས་ཀྱང་སྐྱོན་མེད་སྙམ། །རྒྱ་བོད་གྲུབ་ཆེན་ཡི་དམ་ཆོས་སྐྱོང་ཚོགས། །དངོས་སུ་ཞལ་མཐོང་གསུང་ཐོས་མ་མཆིས་ཀྱང་། །ཉམས་དང་རྨི་ལམ་མཚམས་སུ་མཐོང་ཐོས་མང་། །བདུད་ཀྱིས་བསླུ་བ་ཡིན་མིན་འབྱེད་དཀའ་ཡང་། །མཆོག་འཛིན་མེད་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བྱིན་རླབས་ཅུང་ཞིག་ཞུགས་རྟགས་ཡིན་ནམ་སྙམ། །ལུགས་གཉིས་མཁོས་ཁ་ཅི་ཡང་མེད་ན་ཡང་། །མི་འགྱུར་རྡོ་རྗེ་ལ་སོགས་སྐྱེད་ཆེན་འགའ། །སློབ་མར་གྱུར་ཅིང་དབང་ལུང་ཁྲིད་རྒྱུན་འཕེལ། །སྔོན་གྱི་སྨོན་ལམ་རྣམ་པར་དག་པ་ངེས། །རང་ལས་བརྒྱུད་པའི་དབང་ལུང་ཁྲིད་ལ་སོགས། །ཡོན་ཏན་གང་ཡང་ཕན་ཐོགས་འགྲིམ་ཁ་ཚ། །བསྙེན་སྒྲུབ་སུས་བྱས་རྟགས་ཐོན་བར་ཆད་མེད། །ཉམས་ལེན་སུས་བྱས་ཡིད་ཆེས་ཉམས་རྟོགས་སྐྱེ། །དམ་ཚིག་སེལ་མེད་ཡོན་ཏན་ཡིན་ནོ་སྙམ། །བློ་མི་གཏད་པའི་མི་ལ་ཅི་ཆ་ཡོད། །དངོས་སུ་སྐྱེ་བ་དྲན་པ་མ་མཆིས་ཀྱང་། །སྒྲུབ་ཡུན་རིང་ཞིང་ཐུགས་དམ་འཕེལ་བའི་ཚེ། །ཉམས་དང་

(༨༢༧)རྨི་ལམ་འཁྲུལ་བའི་སྣང་བ་ལ། །སྔོན་གནས་སྐྱེ་བ་མང་པོ་དྲན་སྙམ་བགྱིད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །བསྟོད་ཡུལ་མཆོག་དམན་བར་མ་སུ་ལ་ཡང་། །སྒྲོ་སྐུར་མེད་པར་བསྟོད་པ་བྱས་ན་ཡང་། །ཕན་ཆེན་མ་བྱུང་ན་ཡང་ཉེས་མི་འབྱུང་། །གསུངས་པ་བཞིན་དུ་རྫུན་ཚིག་མ་འདྲེས་པར། །དྲང་པོའི་གཏམ་གྱིས་སྨྲ་བ་འདི་ལྟ་སྟེ། །ཐུབ་པའི་ཞལ་མཐོང་འཕགས་པ་ཀུན་དགའ་བོའི། །སློབ་མར་གྱུར་པའི་དགེ་སློང་ཅིག་ཡིན་དྲན། །ཀླུ་སྒྲུབ་སློབ་མ་པཎྜི་ཏ་ཅིག་སྟེ། །ཀླུ་སྒྲུབ་འདས་ནས་མྱ་ངན་བྱས་པའི་ཚེ། །མཁའ་འགྲོས་ཟླ་གྲགས་ལུང་བསྟན་བྱུང་ཚུལ་དྲན། །ཡོལ་མོ་གངས་ར་ཡིན་ནམ་རྒྱ་བལ་མཚམས། །ཞིང་སྐྱོང་མཁའ་འགྲོ་མ་རུ་སྐྱེས་པའི་ཚེ། །ཚེ་རིང་མ་དང་ཉམས་མགུར་བྱས་པ་དྲན། །ཁྲི་སྲོང་ལྡེའུ་བཙན་སྲས་གསུམ་ཐ་ཆུང་བ། །འཇིང་ཡོན་སད་ན་ལེགས་སུ་བདག་གྱུར་ཅིག །དུས་གསུམ་མཁྱེན་པའི་ཕྱག་མཛོད་པ་རུ་གྱུར། །རང་བྱུང་རྡོ་རྗེའི་སློབ་མ་རྒྱ་ནག་གི། །རྒྱལ་པོས་བསྙེན་བཀུར་ཞབས་ཏོག་བྱས་པ་དང་། །ཀོང་པོའི་ཡུལ་དུ་

(༨༢༨)རྫོགས་ཆེན་རྣལ་འབྱོར་པ། །གནས་སྒོ་འབྱེད་ཅིང་རྫོགས་ཆེན་གཏེར་སྒོ་ཐོན། །བུ་གཅིག་ཀརྨ་པ་ལ་ཕུལ་བྱས་པས། །སྐུ་གསུམ་ངོ་སྤྲོད་ཐོབ་པའང་དྲན་པར་སྣང་། །ལྷ་སར་ཚོང་དཔོན་འབྱོར་བ་ཆེན་པོ་ཅན། །ཇོ་ཤཱཀ་གཉིས་ལ་བསྙེན་བཀུར་དཔག་མེད་བྱས། །ཡིག་དྲུག་དུང་ཕྱུར་ཐོན་པའང་དྲན་པར་སྣང་། །ཐལ་ཐོལ་མང་དུ་དྲན་པའང་རློམས་སེམས་མེད། །བཅུ་གསུམ་ལོ་ལ་སྒྲུབ་བ་གྲོང་ཆོག་ནི། །རེ་མེས་བྱས་ཏེ་ཕན་ཐོགས་ཆེ་བར་གྲགས། །སྤྱོད་པ་མ་ངེས་སྙོམས་ཆུང་ས་བཟུང་བས། །བ་ཡུལ་མི་རྣམས་ལྷག་པར་དད་འདུན་ཆེ། །བཅུ་གསུམ་ལོ་གྲངས་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་ནས་ལོ་བདུན་དབང་ལུང་ཁྲིད་ཆར་ཕབ། །གདུལ་བྱ་གང་བྱུང་ཆོས་ཕྱོགས་ཅི་ཐེང་བྱས། །པུག་སྲིས་བསགས་པའི་བཅང་བཟུང་བྱས་པ་མེད། །མཚམས་སྒྲུབ་ཐོན་ནས་ཡུན་རིང་ཐུགས་དམ་འཕེལ། །རྣམ་གཡེང་འཕེལ་ན་ད་ནི་མྱུར་དུ་འཆི། །ཚེ་ནི་རིང་ངམ་ཐུང་བར་གྱུར་ཀྱང་འདྲ། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབ་ལ་སྐྱེ་བ་ནི། །གནམ་

(༨༢༩)ཆོས་དགོངས་གཏེར་གཉིས་ཀའི་ལུང་བསྟན་དང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་གསལ། །ཡི་དམ་ལྷ་ཡིས་རང་ལ་ལུང་བསྟན་དང་། །རང་གིས་གསལ་བར་མཐོར་བས་ཐེ་ཚོམ་མེད། །བསྟན་པ་འདི་ཙམ་ངེས་པར་ཡོད་སྙམ་དགྱིད། །དེ་མིན་རང་གིས་དྲན་ཤེས་མེད་ན་ཡང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་དང་། །གནམ་ཆོས་ལུང་བསྟན་མཐུན་ཏེ་བརྗོད་བྱས་ན། །འདི་ནས་འཕོས་ནས་འོད་དཔག་མེད་པའི་དྲུང་། །དགེ་སློང་ལུས་གྱུར་ཞིང་དེར་རྟག་ཏུ་འདུག །དེ་ཡི་སྤྲུལ་པ་ལྔ་ནི་འབྱུང་བ་སྟེ། །གཅིག་ནི་ཤར་ཕྱོགས་སྨན་བླའི་ཞབས་དྲུང་དུ། །འགྲོ་ལ་རྟག་ཏུ་གཟིགས་ཞེས་བྱང་ཆུབ་སེམས། །སྐུ་མདོག་སྔོན་པོ་སྨན་བླའི་ཞབས་འབྲིང་བྱེད། །གཅིག་ནི་ཟངས་མདོག་དཔལ་རིར་ཨོ་རྒྱན་དྲུང་། །རིག་འཛིན་རྨ་བྱའི་རྒྱལ་མཚན་ཅན་ཞེས་པ། །སྐུ་མདོག་ལྗང་ཁུ་ཁྲོ་བོའི་ཆ་ལུགས་ཅན། །ཨོ་རྒྱན་ཆེན་པོའི་ཞབས་འབྲིང་སྒྲུབ་མཛད་ཅིང་། །རང་གི་ཆོས་བརྒྱུད་རྣམས་ཀྱི་སྲུང་སྐྱོབ་བརྩོན། །

(༨༣༠)གཅིག་ནི་མི་འགྱུར་རྡོ་རྗེའི་གདུང་རིགས་སུ། །སྐྱེས་ནས་གསང་སྔགས་རྙིང་མའི་བསྟན་པ་འཛིན། །གཅིག་ནི་ཞྭ་དམར་བརྒྱད་པའི་དབོན་པོ་རུ། །སྐྱེས་ན་ཀམ་ཚང་བསྟན་ལ་ཕན་ཐོགས་ཆེ། །ནུས་པའི་མཐུ་ཡིས་མཐའ་དམག་ཟློག་པར་ནུས། །གཅིག་ནི་མ་འོངས་ཚེ་ལོ་དྲུག་བརྒྱའི་དུས། །རྡོ་རྗེ་གདན་དུ་དགེ་སློང་ཞིག་ཏུ་སྐྱེ། །གནས་བརྟན་བཅུ་དྲུག་དངོས་མཇལ་བསྙེན་བཀུར་བྱེད། །དེ་ནས་འཁོར་བར་སྐྱེ་བ་མི་ལེན་ཏེ། །སྤྲུལ་པ་སྤྲུལ་གཞི་དགེ་སློང་དེ་ལ་ཐིམ། །ཞིང་འདིའི་བསྐལ་ཆེན་བཅོ་ལྔ་ཙམ་སོང་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར། །མངོན་པར་རྫོགས་པར་སངས་རྒྱས་དེ་ཡི་མཚན། །བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས། །སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་ལུགས་འགྱུར། །དེང་སང་འབྲེལ་ཐོགས་འགྲོ་བ་ཕལ་ཆེ་བ། །རིམ་གྱིས་ཞིང་ཁམས་དེ་རུ་སྐྱེ་བར་གསུངས། །རང་བསྟོད་མི་ཆོས་བླ་མའི་རྫུན་སྨྲས་ན། །སྡོམ་པ་འཆོར་བས་དེ་ལ་སྐྲག་པ་ཆེ། །རྫུན་ཚིག་མེད་པར་བཤད་ན་ཉེས་པ་མེད། །རྡོ་

(༨༣༡)རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །བྲིས་གསུངས་ཕྱིར་ན་གང་དྲན་ཐལ་ཐོལ་བྲིས། །རྒྱས་པར་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །སྡེབ་མ་སུམ་བརྒྱ་པོ་ཏི་ཆེ་ཡོད་དེ། །དབང་ཁྲིད་ལུང་ཐོབ་རྣམས་ལ་བསྟན་རུང་གི། །གཞན་ལ་བསྟན་ན་ལོག་ལྟ་གཤེ་སྐུར་འཕེལ། །གཤེ་སྐུར་བྱས་ཀྱང་འཛིན་མེད་བྲག་ཆ་བཞིན། །བསྟོད་སྨད་ཚིག་ལ་འཛིན་པ་མེད་སྙམ་བགྱིད། །ད་ནི་ཚེ་མཇུག་དགུན་པའི་ཉིན་མ་བཞིན། །སྐྱིད་ཡུན་སྡུག་ཡུན་ཐུང་བས་གང་བྱུང་བཟོད། །དེ་སྐད་གང་དྲན་བྲིས་པས་ཉེས་མཆིས་ན། །མཁྱེན་ལྡན་རྣམས་ཀྱི་དགོངས་པས་མི་ཁྲེལ་ཞུ། །དེ་སྐད་གསེར་མཁན་མདོ་རུ་བྲིས་པའོ།། །།རྒྱལ་ཀུན་སྤྱི་གཟུགས་ཀརྨ་ཆགས་མེད་རྗེ། །སྔོན་སྦྱར་འཕྲོ་བསད་བཟུང་སོ་བཏིང་དབང་འབྱོར། །མདོ་རྒྱུད་མན་ངག་ཀུན་གྱི་སྙིང་པོའི་བཅུད། །ཆོས་སྒོར་བཞུགས་ནས་བྱང་ཆུབ་མ་ཐོབ་པར། །གདམས་ཟབ་མྱོང་ཁྲིད་ཐུགས་ནས་འཆད་པ་རྣམས། །རི་ཆོས་ཞལ་གདམས་གཅིག་ཤེས་ཀུན་གྲོལ་བ། །མཁས་བླུན་ཀུན་ལའང་

(༨༣༢)ཉེ་བར་མཁོ་མཐོང་ནས། །པར་གྱི་བུམ་བཟང་དགོས་འདོད་ཀུན་འབྱུང་འདི། །ཆོས་སྦྱིན་འཛད་མེད་རྒྱ་ཆེར་སྤེལ་བའི་ཆེད། །ལ་སྤྲང་པདྨ་ཆོས་རྒྱལ་གུས་པས་བསྐྲུན། །སློབ་སྦྱིན་ཁག་ནས་ཞལ་འདེབས་བྱུང་རིགས་རྣམས། །ཡིད་ཆེས་དྭངས་འདྲེན་དགེ་བློ་བསྐྱེད་པའི་ཕྱིར། །རྟེན་གསུམ་དགེ་ཚོགས་གང་ལས་གསུང་རྟེན་འདི། །བསྟན་པའི་རྒྱུན་འཛིན་ཡིན་པར་བསྔགས་བརྗོད་ཆེ། །སྐྱེ་ཆེན་རྣམས་ཀྱིས་གཟིགས་སྐབས་དེ་རྣམས་ཀྱི། །མིང་ཙམ་སྙན་གསན་ཐར་པ་ཐོབ་གསུངས་མང་། །ཡོན་འབུལ་སྒོ་གསུམ་འབྲེལ་ཐོགས་སྨོས་ཅི་དགོས། །གྲགས་ཕྱིར་མ་ཡིན་དགོས་དབང་རིམ་བཞིན་སྤྲོས། །ཤེལ་གླིང་སྐུ་ངོ་ཞོལ་ཟུར་བསོད་སྟོངས་ལགས་ནས་ཡབ་རྗེ་སྐུ་གཤེགས་རྩིས་དཔོན་འཆི་མེད་རྡོ་རྗེ་དང་། །ཡུམ་ཆོས་དབྱིངས་དབང་མོ་ལྷན་རྒྱས་ཀྱི་ཆེད་དུ་རྒྱ་གསེར་སྒོར་གཅིག་དང་དངུལ་སྲང་ཆེ་བ་སྟོང་ཐམ་པ། །འབྲས་ལྗོང་སྦ་ཉག་རྗེ་བཙུན་ཀརྨ་ཆོས་སྒྲོན་ལགས་ནས་དབྱིན་སྒོར་བརྒྱ་ཐམ་པ་དང་། །ཡུམ་སྐུ་གཤེགས་ཀརྨ་བསོད་ནམས་བདེ་སྐྱིད་ཆེད་

(༨༣༣)དུ་དབྱིན་སྒོར་བརྒྱ་ཐམ་པ། །ཕུན་ཁང་སྐལ་རྣམ་ལགས་དང་ཟླ་དབྱངས་ལྷན་རྒྱས་ནས་བོན་ཤོད་ས་དབང་ཚེ་བརྟན་དབང་རྒྱལ་དམ་པའི་ཆེད་དུ་གོར་ཊཾ་བརྒྱ་དང་ལྷ་ལྕམ་བསོད་ནམས་དཔལ་སྒྲོན་དམ་པའི་ཆེད་དུ་གོར་ཊཾ་བརྒྱ། །སྐལ་རྣམ་གྱི་ཕ་རྟ་མགྲིན་དང་། །བུ་ཕོ་དབང་འདུས། ཨ་མ་ཟླ་བ་བུ་ཁྲིད། ཨ་ནེ་ཆུང་བཅས་ཀྱི་ཆེད་དུ་གོར་ཊཾ་བརྒྱ། བསོད་ནམས་རྒྱལ་པོ་དང་བུ་དོན་གྲུབ་གཉིས་ཀྱིས་གོར་ཊཾ་རྒྱ། ཟླ་དབྱངས་ཀྱི་ཕ་ཚེ་དབང་ཆོས་འཕེལ། མ་ཚེ་སྒྲོལ་གཉིས་ཀྱི་ཆེད་དུ་གོར་ཊཾ་བརྒྱ་བཅས་བསྡོམས་གོར་ཊ་ལྔ་བརྒྱ་ཐམ་པ། ཕུད་མང་དགེ་སློང་ལགས་ནས་སྲང་༡༥ ཚེ་འདས་ལྷག་ཆུང་སྒྲོལ་མའི་ཆེད་ཀྱང་བརྒྱ། མཁར་དྲག་གྲྭ་དར་རྒྱས་ནས་སྲང་༢༠ གཤོངས་ལུང་འཁོར་རྒྱས་ཚེ་རིང་རྡོ་རྗེ་དང་བསམ་གཏན་ལྷ་མོ་ནས་གོར་ཊཾ་༣༠ རིང་སྒང་དཔལ་ལྷུན་ཕ་ཕུན་ཚོགས་རྒྱལ་མཚན་ནས་རྒྱ་གསེར་སྒོར་གཅིག །གཅེན་པོ་ངག་དབང་བསམ་གྲུབ་ནས། གཅུང་པོ་བསོད་ནམས་ཕུན་ཚོགས་དང་། བསོད་ནམས་རིག་འཛིན། འཇམ་དབྱངས་དོན་གྲུབ་བཅས་ཀྱི་ཆེད་དུ་རྡ་ཡང་སྒོར་༧༠ མ་ཚེ་འདས་སྒྲོལ་མའི་ཆེད་རྡ་ཡང་སྒོར་༣༠ རོང་ཤར་སྤྲོ་བདེ་བསོད་ནམས་ལཊ་ནས་ཚེ་འདས་སྒྲོལ་དཀར་དེ་ཉིད་ཆེད་དངུལ་སྲང་ཆིག་སྟོང་བརྒྱ་དང་ལྔ་བཅུ་ཐམ་པ། ཤར་སྒོ་ཀུན་བཟང་ལཊ་ནས་ཚེ་འདས་རབ་བྱུང་མ་ཀུན་བཟང་ཆོས་སྒྲོན་དེ་ཉིད་ཆེད་དུ་དངུལ་སྲང་ཉིས་སྟོང་ལྔ་བརྒྱ་ཐཾ་པ། རྟག་ཏུ་ལུས་དང་དྲི་བཞིན་འགྲོགས་

(༨༣༤)པ་ཉེ་གནས་རྒན་པོ་སྒྲུབ་རྒྱུད་རྒྱལ་མཚན་ནས་དངུལ་སྲང་༧༥༠ གཉའ་ནང་དགོན་གསར་སྤྲུལ་སྐུ་བསོད་ནམས་ལཊ་དང་བུ་ལྷུན་གྲུབ་ཟུང་ནས་གོར་ཊཾ་༥༠ ཆོས་བཟང་ནས་ཚེ་འདས་རྒར་མོ་དང་། ཆོས་སྒྲོན་མ་དེ་ཉིད་ཀྱི་ཆེད་དུ་གོར་ཊཾ་༣༠ ཨ་ནེ་སྤེན་པ་ནས་གོར་ཊཾ་བཅུ་བཅས་ཀྱི་ཐོག་པདྨ་ཆོས་རྒྱལ་རང་ཉིད་ནས་ཁ་བསོན་དངུལ་སྲང་བཞི་སྟོང་བདུན་བརྒྱ་བཅོ་ལྔ་བསྣན་ཏེ་པར་ཤིང་བཅད་ཞོག་བསྐོ་སླ། པར་རྩ། ཕན་ཚུན་འོར་འདྲེན་བདག་གླ་སོཊ་འགྲོ་སོང་རག་རྩིས་ཀྱིས་ཡོངས་བསྔོས་དངུལ་སྲང་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་ལྔ་བཅས་ཀྱིས་བོར་རླག་མེད་པ་ལྷག་བསམ་རྣམ་དག་ཞུས་ཤིང་། སྔ་ཕྱིའི་ཞུས་དག་རྣམས་སྐུ་ངོ་བསོད་ནམས་སྟོབས་རྒྱས་ལགས་ནས་ལྷག་བསམ་བཟང་པོས་དྭངས་བླངས་མཛད་པ་བཅས་སོ། ༈ འདིས་མཚོན་བདག་གཞན་དུས་གསུམ་དཔེ་ཚོགས་ཀྱི། །རྟ་བདུན་དབང་པོའི་འོད་ཟེར་རབ་འཕྲོས་པའི། །ཕན་བདེའི་འབྱུང་གནས་རྣམ་འདྲེན་བཞི་པ་ཡི། །བཤད་སྒྲུབ་སྙིང་པོའི་པད་ཚལ་བཞད་གྱུར་ཅིག །བསྟན་འཛིན་འདུས་ཚོགས་རྒྱུ་སྐར་མཁོར་ཁྱབ་བདག །གངས་ལྗོངས་ཆོས་ལྡན་རྒྱལ་ཁབ་མཐའ་དབུས་ཀུན། །མི་མཐུན་འཇིགས་བརྒྱད་བཅུ་དྲུག་མུན་བཅོམ་ནས། །ཆོས་འབྱོར་དགེ་བཅུའི་ལང་ཚོ་རྒྱས་གྱུར་ཅིག །བདག་གཞན་ཕ་མར་འབྲེལ་ཐོགས་སྐྱེ་བོ་ཀུན། །

(༨༣༥)མཐོ་རིས་ཡོན་ཏན་བདུན་ལྡན་མཆོག་ཐོབ་ནས། །དམ་པའི་རྗེས་བཟུང་སྨིན་གྲོལ་གདམས་ཟབ་ཐོབ། །ཚུལ་གནས་ཐོས་བསམ་སྒོམ་ལ་རབ་བརྩོན་པས། །ས་ལམ་རང་རིག་གཉུག་མའི་དབྱིངས་སུ་རྫོགས། །ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ་ཐོབ་ཤོག །རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུས་འཁོར་བ་དོང་ནས་སྤྲུགས་ནུས་པ། །མཆོག་གསུམ་རྩ་གསུམ་བདེན་སྟོབས་བྱིན་རླབས་ཀྱིས། །བསམ་དོན་འབད་མེད་ལྷུན་གྲུབ་བཀྲ་ཤིས་ཤོག །།དགེའོ། །དགེའོ།། །།དགེའོ། པར་འདི་ལ་སྟོད་རྒྱལ་གྱི་ཤྲཱིའི་དབེན་གནས་ནེའུ་སྟེང་དུ་བཞུགས །།


no previousno next