གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དང་པོའི་རྣམ་བཤད།
དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པའི་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བའི་ལེགས་བཤད་རྒྱ་མཚོའི་ཚོགས་བཞུགས་སོ། །
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། ཁྲོ་ཆགས་གར་གྱི་རོལ་པས་འགྲོ་བ་འདུལ། །ཐབས་དང་ཤེས་རབ་གཉིས་མེད་སྒྱུ་མའི་ཚུལ། །ཧེ་རུ་ཀ་དཔལ་དེ་ཡིས་སྐྱོང་གྱུར་ཅིག། མཐའ་དྲུག་ཚུལ་བཞིའི་རྦ་རླབས་གཡོ་བའི་ཕྲེང་བ་ཅན། །ཟབ་ཅིང་རྒྱ་ཆེ་དཔལ་ལྡན་འདུས་པའི་རྒྱ་མཚོ་ལས། །རིམ་གཉིས་གནད་ཀྱི་བདུད་རྩིའི་ཐིགས་པ་རབ་བླངས་ནས། །སྐྱེ་རྒུའི་རྒུད་པ་སེལ་མཛད་དཔལ་མགོན་ཀླུ་སྒྲུབ་རྒྱལ། །དགེ་ལེགས་ཡོན་ཏན་རི་མོ་མཚན་མས་ལེགས་བཀྲ་ཞིང་། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་རྣམ་བསལ་ནས། །མཁས་མང་རྒྱུ་སྐར་བྱེ་བའི་དབུས་ན་ལྷམ་མེ་བ། །རྩོད་དུས་མཚན་མོའི་དབང་ཕྱུག་དཔལ་ལྡན་ཟླ་བར་འདུད། །རང་ཉིད་ཟབ་མོའི་དོན་ལ་གོམས་ཕྱིར་དང་། །བློ་དམན་གཞན་ལའང་ཕན་པར་འགྱུར་བསམས་ནས། །འདུས་པའི་ཚིག་དོན་གསལ་བྱེད་སྒྲོན་མ་ལྟའི། །བཤད་སྦྱར་ཡིད་ཀྱི་མུན་སེལ་བདག་གིས་བྱ། །འདིར་བདེ་བར་གཤེགས་པས་གདུལ་བྱ་རྣམས་སྲིད་པའི་བསྡུག་སྔལ་ལས་བསྒྲལ་ཏེ། ཐར་པ་བླ་ན་མེད་པའི་བདེ་བ་ལ་འགོད་པར་བཞེད་པས། ཐོག་མར་དགའ་ལྡན་ནས་བབས་ཏེ། འཛམ་བུའི་གླིང་དུ་ལྷུམས་སུ་འཇུག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་མཛད་པ་རྣམས་བསྟན་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། རྡོ་རྗེའི་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། འདོད་ཆགས་དང་བྲལ་བའི་གཟུགས་ཀྱིས། ཆགས་བྲལ་གྱི་ལམ་གྱིས་འདུལ་བའི་གདུལ་བྱ་དམན་པ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མོས་པ་རྣམས་ལ་བདེན་པ་བཞི་དང་། མཚན་ཉིད་མེད་པ་དང་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་རིམ་པ་གསུམ་དུ་བསྐོར་ཏེ། ཐེག་པ་ཆེ་ཆུང་གི་ལམ་དང་འབྲས་བུ་ལ་འགོད་པར་མཛད་དོ། །
དེ་ནས་ཡང་། སྙིགས་མའི་དུས་ཀྱི་སེམས་ཅན་ཉོན་མོངས་པའི་འཇུག་པ་ཤས་ཆེ་བ་དང་། འདོད་ཡོན་སྤང་མི་ནུས་པ་རྣམས། ཆགས་བྲལ་གྱི་ལམ་གྱིས་འདུལ་མི་ནུས་པར་གཟིགས་ནས། འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ཏེ། འཁོར་ལོས་བསྒྱུར་བའི་ཆ་བྱད་དུ་སྤྲུལ་ནས། ཨུ་རྒྱན་ལ་སོགས་པའི་ཡུལ་གཞན་དུ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དུ། སྤྲུལ་པ་དང་དག་པའི་འཁོར་རྣམས་ལ། གསལ་བྱེད་སུམ་ཅུ་རྩ་བཞིའི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞི་གསུངས་ནས། ཆགས་པ་བཞིའི་གཉེན་པོར། རྒྱུད་སྡེ་བཞིའི་རང་བཞིན་གྱི་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། མདོ་སྡེ་དང་རྒྱུད་སྡེ་དག་གི་ཡང་རྩ་བའམ་སྙིང་པོ་ལྟ་བུ་ནི་དཔལ་གསང་བ་འདུས་པ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད། ཡ་ར་ལ་ཝ་ཧའི་བར་དང་། །ཀ་ཁ་གྷ་མཐའ་ཎ་ཛཱའི་མཐའ། །ད་དྷའི་མཐའ་དང་མ་མཐའ་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །
དེས་ན་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་བཤད་རྒྱུད་བཞིའམ་བརྒྱད་ཀྱིས་དགོངས་པ་བཀྲལ་བ། འགྲེལ་ཆེན་སྒྲོན་མ་གསལ་བ་དང་བཅས་པ་ནི། འདིར་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །འདི་ནི་བསྡུས་པའི་དོན་གསུམ་གྱིས་རིག་པར་བྱ་སྟེ། བཤད་པ་ལ་འཇུག་པའི་ཡན་ལག འཇུག་བྱ་རྒྱུད་ཀྱི་དོན། བྱ་བ་མཐར་ཕྱིན་པའི་ཡན་ལག་གོ །དང་པོ་ལ་བཞི། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ། རྒྱུད་ཀྱི་བརྗོད་བྱ་རིམ་པ་ལྔར་བསྡུ་བ། རྗོད་བྱེད་རྒྱུད་ཀྱི་ཆེ་བ་བསྟན་པ། མཛེས་བྱེད་རྒྱུད་ཀྱི་རྒྱན་བདུན་བཤད་པའོ། །དང་པོ་ནི། དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ཀྱིས་ཤིན་ཏུ་གསལ་བར་རྣམ་ཕྱེ་ལེགས་བཤད་པའི། །མཐའ་དྲུག་གི་ནི་འཆིང་བས་བཅིངས་པས་རྒྱལ་སྲས་ཡུལ་གྱུར་རྒྱལ་བའི་འདུས་གང་ཡིན། །སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །ཅེས་གསུངས་ཏེ། འདི་ལ་དགོས་དོན། བསྡུས་དོན། ཚིག་གི་དོན་གསུམ་གྱི། དང་པོ་ལ་ཡང་། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའི་དགོས་དོན་གཉིས་ཀྱི། དང་པོ་ནི། འགྲེལ་པ་རྩོམ་པའི་ཐོག་མར། ཡུལ་དམ་པ་ལ་མཆོད་པ་བརྗོད་པས་བསོད་ནམས་འཕེལ་ཏེ། བསོད་ནམས་མ་ཡིན་པ་བཟློག་པས། ཕྱི་ནང་གི་བར་ཆད་ཉེ་བར་ཞི་ནས། རྩོམ་པའི་བྱ་བ་མཐར་ཕྱིན་པར་འགྱུར་བ་དང་། དམ་པ་རྣམས་ནི་བྱ་བ་ལ་འཇུག་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་ཅིང་། སློབ་དཔོན་ཡང་འགྲེལ་པ་རྩོམ་པའི་ཐོག་མར་ཡུལ་དམ་པ་ལ་ཕྱག་བྱེད་པ་ལགས་ན། རང་ཉིད་དམ་པར་ཤེས་ནས། རང་གི་འགྲེལ་པ་ལ་གཞན་གུས་པས་འཇུག་པར་འགྱུར་བ་ནི། མཆོད་པ་བརྗོད་པའི་དགོས་པ་ཡིན་ནོ། །
གཉིས་པ་བརྩམ་པར་དམ་བཅའ་བའི་དགོས་པ་ནི། དམ་པ་རྣམས་ནི་སྲོག་ལ་བབ་ཀྱང་དམ་བཅས་པའི་ཁུར་མི་འདོར་བས། རྩོམ་པ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ནི། བཤད་པར་དམ་བཅའ་བ་དང་། མཆོད་པ་བརྗོད་པ་གཉིས་ཀྱི་དང་པོ་ལ་ཡང་། གང་བཤད། ཚུལ་ཇི་ལྟར་བཤད། གང་གིས་བཤད་པ་གསུམ་གྱི་དང་པོ་ནི། དཔལ་ལྡན་རྒྱུད་རྒྱལ་རྒྱལ་བའི་འདུས་གང་ཡིན་པ་དེ་བཤད། །ཅེས་པའོ། །རྒྱུད་དེ་ཇི་ལྟ་བུ་ཞིག་ཅེ་ན། ཁྱད་པར་གསུམ་དང་ལྡན་པ་ཞིག་སྟེ། འཆད་བྱེད་ཀྱི་ཁྱད་པར་བཤད་རྒྱུད་བཞིས་བཀྲལ་བ། རྗོད་བྱེད་ཀྱི་ཁྱད་པར་མཐའ་དྲུག་གིས་བཅིངས་པ། བརྗོད་བྱའི་ཁྱད་པར་རིམ་གཉིས་ཀྱིས་རྒྱས་བཏབ་པའོ། །དང་པོ་ནི། རྣལ་འབྱོར་རྒྱུད་ཀྱིས་ཤིན་ཏུ་གསལ་རྣམ་ཕྱེ་ལེགས་བཤད་པའི། །ཞེས་སོ། །གཉིས་པ་ནི། མཐའ་དྲུག་གིས་ནི་འཆིང་བའི་བཅིངས་པ་རྒྱལ་སྲས་ཡུལ་གྱུར། །ཅེས་སོ། །གསུམ་པ་ནི། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱས་བཏབ། །ཅེས་སོ། །ཚུལ་ཇི་ལྟར་འཆད་པ་ནི། ཀླུ་སྒྲུབ་ལས་རྙེད་ཅེས་དང་། རིམ་བཞིན་ཞེས་སོ། །གང་གིས་འཆད་པ་ནི། ཟླ་བ་གྲགས་པས་ཞེས་སོ། །གཉིས་པ་མཆོད་པ་བརྗོད་པ་ནི། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུས་ཏེ། །ཞེས་པའོ། །
གསུམ་པ་ཚིག་གི་དོན་ནི། བཤད་ཅེས་དྲངས། གང་ན། དཔལ་ལྡན་རྒྱུད་རྒྱལ་ལོ། །ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་ན་དཔལ་ལྡན་ནི་རྡོ་རྗེ་འཆང་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དཔལ་ལྡན་ཞེས་བྱའོ། །རྒྱུད་ནི་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་དང་། རྗོད་བྱེད་སྒྲའི་རྒྱུད་དོ། །དང་པོ་ལ་ཡང་གསུམ་ཏེ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་དོ། །དང་པོ་ནི། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རང་བཞིན་གྱིས་རྣམ་པར་དག་པ་གཟུང་འཛིན་གཉིས་སུ་མེད་ཅིང་མྱོང་རིག་གསལ་ཙམ་གློ་བུར་གྱི་དྲི་མ་དང་བཅས་པ་སྟེ། དེ་ནི་རྒྱུའང་ཡིན་ལ། རྒྱུད་ཀྱང་ཡིན་པས་ན་རྒྱུའི་རྒྱུད་ཅེས་བྱའོ། །ཅིའི་ཕྱིར་རྒྱུ་ཡིན་ཞེ་ན། དེ་ཉིད་ཉོན་མོངས་དང་རྣམ་རྟོག་གིས་རྐྱེན་བྱས་པ་ལས་ནི། འཁོར་བའི་རྒྱུ་བྱེད་ལ། ལམ་གྱི་རྐྱེན་གྱིས་སྦྱངས་པ་ལས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། དེ་ཉིད་འཁོར་བ་ཐོག་མ་དང་ཐ་མ་མེད་པར། རིག་པ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཕྱིར་རོ། །
གཉིས་པ་ཐབས་ཀྱི་རྒྱུད་ནི། རྒྱུའི་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས། སྨིན་བྱེད་དང་གྲོལ་བྱེད་ཀྱི་ལམ་སྟེ་དེ་ནི་ཐབས་ཀྱང་ཡིན་ལ་རྒྱུད་ཀྱང་ཡིན་པས་ན་ཐབས་ཀྱི་རྒྱུད་དོ། །ཅིའི་ཕྱིར་ཐབས་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ལམ་ཉེ་བ་དང་། ལམ་བདེ་བ་དང་། འབྲས་བུ་ཕུལ་དུ་བྱུང་བ་སྒྲུབ་པས་ན་ཐབས་ཞེས་བྱ་སྟེ། དེ་ཡང་འདི་ལྟར་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་བསྐལ་བ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་འགྲུབ་པ་སྟེ། འདིར་རྡོ་རྗེའི་རིགས་སུ་ངེས་པ་བརྩོན་འགྲུས་ཅན་མཐོང་བའི་ཆོས་དང་། ལེ་ལོ་ཅན་བར་མ་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཕྱིར་རོ། །ལམ་བདེ་བ་ཡང་ཡིན་ཏེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་དཀའ་ཐུབ་དཀའ་སྤྱད་ལ་ལྟོས་པ་མེད་པར་རང་བཞིན་ཡོངས་སུ་ཤེས་པའི་ཚུལ་གྱིས་འདོད་ཡོན་ལྔ་ལ་ཅི་བདེར་ལོངས་སྤྱོད་པའི་ཕྱིར་རོ། །འབྲས་བུ་ཕུལ་དུ་བྱུང་བ་སྒྲུབ་པ་ཡང་ཡིན་ཏེ། སྐུ་གསུམ་ཡེ་ཤེས་ལྔ་ལྷ་དང་མི་ལས་འདས་པའི་འདོད་ཡོན་ལ་ལོངས་སྤྱོད་པའི་ཟག་མེད་ཀྱི་བདེ་བས་ཁྱད་པར་དུ་བྱས་པའི་འབྲས་བུ་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེ་ན། ལས་དང་པོ་པའི་ས་ནས་བཟུང་སྟེ་ཟུང་འཇུག་མཐར་ཕྱིན་གྱི་བར་དུ་ལམ་སྔ་མ་ལ་བརྟེན་ནས་ཕྱི་མ་བར་མ་ཆད་དུ་འབྱུང་བའི་ཕྱིར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ཟག་མེད་ཀྱི་བདེ་བས་ཁྱད་པར་དུ་བྱས་པ་ནི་འབྲས་བུའི་རྒྱུད་དེ། ཐབས་རྒྱུད་ཀྱི་དྲི་མ་སྦྱངས་པ་ལས་བྱུང་བའི་ཕྱིར་འབྲས་བུ་ཡང་ཡིན་ལ། ཆོས་སྐུ་ལས་ལོངས་སྐུ་དང་། དེ་ལས་སྤྲུལ་སྐུ་དང་། དེ་ལས་གདུལ་བྱའི་སྐལ་བ་དང་འཚམ་པའི་ཕྲིན་ལས། ཇི་སྲིད་འཁོར་བ་མ་སྟོང་ཀྱི་བར་དུ་འབྱུང་བའི་ཕྱིར་རྒྱུད་ཀྱང་ཡིན་ནོ། །
དེ་ལྟ་བུའི་བརྗོད་བྱ་དོན་གྱི་རྒྱུད་གསུམ་པོ་དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི། རྗོད་བྱེད་སྒྲའི་རྒྱུད་ཅེས་བྱ་ལ། དེ་ཉིད་ནི་རྒྱལ་པོ་དང་དོན་རྒྱུད་ལས་འདྲ་བས་ན་རྒྱལ་པོ་ཞེས་བྱ་སྟེ། འདི་ལྟར་རྒྱལ་པོ་ལ་ཆོས་གསུམ་སྟེ། རང་གི་དཔུང་རྒྱལ་བར་བྱེད་ཅིང་གཞན་གྱི་དཔུང་ཕམ་པ་བྱེད་པ་དང་། བཙུན་མོ་དང་འཁོར་གྱི་དབུས་ན་བསོད་ནམས་ཀྱི་སྟོབས་ཀྱིས་མཛེས་ཤིང་འབར་བ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བརྟེན་པར་གྱུར་ཅིང་འཇིག་རྟེན་ན་གྲགས་པ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་རྒྱུད་འདིའང་སྨིན་གྲོལ་གཉིས་ཀྱི་ལམ་དང་སྤྱོད་པ་ལ་སོགས་པས་སྒྲིབ་གཉིས་ཀྱི་དཔུང་ཕམ་པར་བྱེད་ཅིང་། ཚོགས་གཉིས་ཀྱི་དཔུང་རྒྱལ་བར་བྱེད་པ་དང་། གཞན་ལས་མཆོག་ཏུ་གྱུར་པས་རྒྱུད་ཐམས་ཅད་ཀྱི་དབུས་ན་མཛེས་ཤིང་འབར་བ་དང་། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའི་རྩ་བ་ཡིན་པས་རྒྱུད་ཐམས་ཅད་ཀྱི་བརྟེན་སར་གྱུར་པའམ། ཡང་ན་འགོས་ལྡོག་བཞེད། གཉིས་མེད་རྣམ་རྒྱལ་ལེའུ་བདུན་ཅུ་པ་རྣམ་དག་ཏུ་མཛད་པར་སྣང་གསུངས ། འདིའི་ལྷ་སུམ་ཅུ་རྩ་གཉིས་ལ་རྒྱུད་སུམ་ཅུ་རྩ་གཉིས་ཡོད་པས་ཡན་ལག་གི་རྒྱུད་དེ་དག་གི་བརྟེན་སར་གྱུར་ཅེས་འཆད་དོ། །ཕྱི་ནང་ཐམས་ཅད་ལ་ཉི་ཟླ་ལྟར་གྲགས་པས་ན་གྲགས་པ་ཆེན་པོ་དང་ལྡན་པ་ཡང་ཡིན་ཏེ། ཇི་སྐད་དུ། དགྲ་ནགལས་རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྒྱུད་རྒྱལ་དེའི་མཚན་ཅི་ཞེ་ན། རྒྱལ་བའི་འདུས་གང་ཡིན་ཞེས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོ་ནི། རྒྱལ་བའི་འདུས་པ་ཞེས་བྱ་ལ། དེ་ཉིད་སྟོན་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །མཚན་དེ་དང་ལྡན་པའི་རྒྱུད་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། མཚན་ཉིད་གསུམ་དང་ལྡན་པ་ཞིག་སྟེ། དང་པོ་འཆད་བྱེད་ཀྱི་ཁྱད་པར་ནི། རྣལ་འབྱོར་གྱི་རྒྱུད་ཀྱིས་ཤིན་ཏུ་གསལ་བར་རྣམ་ཕྱེ་ལེགས་བཤད་ཅེས་ཏེ། རྣལ་འབྱོར་རྒྱུད་ནི་བཤད་རྒྱུད་བཞི་སྟེ། ཐུན་མོང་གི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང་། ལྷ་མོ་བཞིས་ཞུས། ཐུན་མོང་མ་ཡིན་པའི་བཤད་རྒྱུད་དགོངས་པ་ལུང་སྟོན་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་ཀྱིས་བརྒྱད་དུ་བྱེད་ན། གཉིས་མེད་རྣམ་རྒྱལ། ལྷའི་དབང་པོས་ཞུས་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། རྒྱུད་ཕྱི་མ་རྣམས་སོ། །རྩ་བའི་རྒྱུད་དེ། རྗོད་བྱེད་ལེགས་སྦྱར་གྱི་སྐད་ཀྱིས་བཤད་པས་ན། ཤིན་ཏུ་གསལ་བ་དང་། བརྗོད་བྱའི་དོན་རེ་རེ་ནས་བཤད་པས་རྣམ་པར་ཕྱེ་བ་དང་། དེ་ཉིད་ཀྱི་ཕྱིར་ལེགས་པར་བཤད་པའོ། །ཡང་ན། མ་རྟོགས་པ་བསལ་བའི་ཚུལ་གྱིས་ཤིན་ཏུ་དང་། ལོག་རྟོག་བསལ་བའི་ཚུལ་གྱིས་གསལ་བ་དང་། ཐེ་ཚོམ་བསལ་བའི་ཚུལ་གྱིས་རྣམ་པར་ཕྱེ་བ་སྟེ། དེ་ཉིད་ཀྱི་ཕྱིར་ན་སྒྲོ་སྐུར་དང་བྲལ་བའི་ཚུལ་གྱིས་ལེགས་པར་བཤད་པའོ། །
འོ་ན་རྒྱུད་དེས། རང་དགར་དོན་མི་སྟོན་པར་བཤད་རྒྱུད་ཀྱིས་བཀྲལ་དགོས་པ་ཅི་ཞེ་ན། གཉིས་པ་རྗོད་བྱེད་ཀྱི་ཁྱད་པར་ནི། མཐའ་དྲུག་གི་ནི་འཆིང་བས་བཅིངས་པས་ཞེས་ཏེ། དྲང་དོན་ངེས་དོན། དགོངས་དགོངས་མིན། སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་མ་ཡིན་པ་སྟེ། མཐའ་དྲུག་དང་། དེས་མཚོན་ནས། ཡི་གེ་སྤྱི་སྦས་པ་མཐར་ཐུག་སྟེ། ཚུལ་བཞི་དང་བཅས་པས་འཆིང་བས་རྒྱུད་ཀྱི་དོན་བཅིངས་པས། བཤད་རྒྱུད་ལ་མ་བརྟེན་པར་རྟོགས་པར་མི་ནུས་ཞེས་པའོ། །
བཤད་རྒྱུད་ལ་བརྟེན་ན་ཐམས་ཅད་ཀྱིས་རྟོགས་སམ་ཞེ་ན། བཤད་རྒྱུད་ལ་བརྟེན་ཀྱང་ཙནྡན་ལྟ་བུ་ལ་སོགས་པ་རྣམས་ཀྱི་མི་རྟོགས་ཀྱི། རྒྱལ་སྲས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་ཁོ་ནའི་ཡུལ་ཡིན་ནོ། །རྒྱུད་དེས་བརྗོད་བྱ་ཅི་སྟོན་ཞེ་ན། གསུམ་པ་བརྗོད་བྱའི་ཁྱད་པར་ནི། སངས་རྒྱས་ཀུན་གྱིས་རིམ་གཉིས་གནས་ཀྱིས་རྒྱལ་བཏབ་ཅེས་ཏེ། རྒྱུད་ཀྱི་དོན་ནི། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་སུ་གནས་པས། རིམ་པ་གཉིས་པོ་དེས་རྒྱུད་ཀྱི་དོན་རྒྱས་བཏབ་བོ། །གང་གིས་ཞེ་ན། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་སངས་རྒྱས་ཀུན་གྱིས་སོ། །
འོ་ན་མཐའ་དྲུག་གིས་བཅིངས་པའི་རྒྱུད་སྡེ་རང་དགར་བཤད་ནུས་སམ་ཞེ་ན། རང་དགར་མ་ཡིན་གྱི་སྡུད་པ་པོ་དང་འདྲ་བའི་འཕགས་པ་ཀླུ་སྒྲུབ་ལས། རྒྱུད་བཤད་ཐབས་ཀྱི་མན་ངག་རྙེད་ནས་འཆད་ཅེས་པའོ། བྱ་བ་ཅི་ཞིག་བྱས་ནས་འཆད་ཅེ་ན། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཞེས་ཏེ། དཀྱིལ་འཁོར་པ་ཐམས་ཅད་དེའི་རྣམ་སྤྲུལ་ཡིན་པས་ན་ཁྱབ། རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་སམ་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པས་ན་བདག སྟོང་པ་ཉིད་ནི་མི་ཕྱེད་པ་ནི་རྡོ་རྗེ། དེ་རྟོགས་པའི་ཡེ་ཤེས་ནི་སེམས་དཔའ་སྟེ། དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོ་ལ་བཏུད་ནས་སོ། །ཚུལ་ཇི་ལྟར་འཆད་ཅེ་ན། རིམ་བཞིན་ཞེས་ཏེ། ལེའུ་བཅུ་བདུན་རིམ་པ་བཞིན་དུ་བཤད་ཅེས་པའམ། ཡང་ན་ཡེ་ཤེས་ཞབས་ལུགས་པ་གཞན་དག་རྒྱུད་ཀྱི་དོན་བསྙེན་སྒྲུབ་ཡན་ལག་བཞིར་འཆད་པ་ལྟ་བུ་མ་ཡིན་གྱི། བརྗོད་བྱ་རིམ་པ་ལྔ་དང་ལྡན་པར་འཆད་ཅེས་སོ། །སུ་ཞིག་གིས་འཆད་ཅེ་ན། ཟླ་བ་གྲགས་པས་ཞེས་སོ། །དེ་ལྟར་ན་བསོད་ནམས་སྤེལ་བ་དང ། བྱ་བ་མཐར་ཕྱིན་པའི་ཡན་ལག་མཆོད་པ་བརྗོད་ཅིང་བཤད་པར་དམ་བཅའ་བ་བཤད་ནས།
ད་ནི་གཉིས་པ་རྒྱུད་ཀྱི་བརྗོད་བྱ་རིམ་པ་ལྔར་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་ཡང་སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ་ཡང་། རིམ་གཉིས་ཀྱི་རྣམ་གཞག་སྤྱིར་བསྟན། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ལ་ཡང་སྦྱང་གཞིའི་རང་བཞིན་གྱི་ཆོས་བསྟན་པ་དང་། སྤང་བྱ་མི་མཐུན་ཕྱོགས་ཀྱི་དྲི་མ་བསྟན་པ་གཉིས་ཀྱི། དང་པོ་ནི། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་སྣོད་དང་བཅུད་ཀྱི་བསྡུས་པ་ནི། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། འཆི་བ་དོན་དམ་པའི་བདེན་པ་བར་དོ་དང་བཅས་པ་ནི་རྫོགས་རིམ་གྱི་སྦྱངས་གཞི་ཡིན་ནོ། །དེ་སྐད་དུ་ཡང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བ་ཡང་ནི་དོན་དམ་བདེན་པ་ཡིན། །བདེན་གཉིས་འདི་ལ་རྣམ་པར་ངེས་བྱས་ནས། །བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ཞེ་ན། འདི་ལ་སྦྱང་གཞི། སྦྱོང་བྱེད། དེ་དག་གི་ཆོས་མཐུན། སྦྱོང་ཚུལ་དང་བཞིའོ། །དང་པོ་སྦྱང་གཞི་ནི། སྣོད་སྔ་མ་སྟོང་པ་ནས་བཟུང་སྟེ། རི་རབ་གླིང་བཞི་དང་བཅས་པའི་སྣོད་ཀྱི་འཇིག་རྟེན་ཆགས་པ་ནི། གཞལ་ཡས་ཁང་ཡེ་ཤེས་ཀྱི་ས་དང་བཅས་པའི་སྦྱང་གཞི་ཡིན་ལ། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །དེ་ནས་རིམ་གྱི་རོ་ལ་ཆགས། །ལེ་ལོས་སོགས་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བཏབ། །ཅེས་པའི་བར་གྱི་བཅུད་ཀྱི་སེམས་ཅན་ཆགས་པ་ནི་བརྟེན་པ་ལྷ་བསྒོམ་པའི་སྦྱང་གཞི་ཡིན་ནོ། །གཉིས་པ་སྦྱོང་བྱེད་ནི། ཡེ་ཤེས་ཀྱི་བསྒོམ་པ་ནས་བཟུང་སྟེ། ལས་རྒྱལ་མཆོག་གི་བར། ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱི་རྣལ་འབྱོར་ཡིན་ནོ། །གསུམ་པ་དེ་དག་གི་ཆོས་མཐུན་སྦྱར་བ་ནི། སྲུང་འཁོར་གྱི་སྦྱང་གཞི། གུ་རུ་བཙུན་མོ་ཅན་ཁོར་ཡུག་གི་རི་ཡིན་གསུངས་ཡང་། འཕགས་པ་ཡབ་སྲས་ཀྱིས་མ་སྦྱར་བས། ཡེ་ཤེས་ཀྱི་ས་བསྒོམ་པ་ནས་སྦྱང་གཞི་དང་སྦྱར་ཏེ། དེ་ལ་ཡེ་ཤེས་ཀྱི་ས་བསྒོམ་པ་ནི་འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་མ་ཆགས་ཀྱི་བར་གྱི་སྟོང་པ་དང་ཆོས་མཐུན། འབྱུང་བ་རིམ་བརྩེག་རྡོ་རྗེའི་ས་བསྒོམ་པ་དང་བཅས་པ་ནི། རླུང་གི་དཀྱིལ་འཁོར་ཆགས་པ་ནས་སའི་དཀྱིལ་འཁོར་ཆགས་པའི་བར་དང་ཆོས་མཐུན། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་ནི། གླིང་བཞི་རི་རབ་དང་བཅས་པ་ཆགས་པ་དང་ཆོས་མཐུན། ལྷག་མོས་ཀྱིས་ལྷ་རྣམས་ཅིག་ཅར་བསྒོམ་པ་ནི་བསྐལ་པ་དང་པོའི་མི། རང་འོད་ཅན་དགའ་བའི་ཟས་ཅན་བརྫུས་ཏེ་སྐྱེ་བ་དང་ཆོས་མཐུན། གཙོ་བོ་སྐུ་མདོག་ནག་པོ་དང་། འཁོར་རྣམས་ཁ་དོག་ཐ་དད་པ་དང་། ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་ནི། བསྐལ་པ་དང་པོའི་མི་དེ་རྣམས་ཀྱིས་ཟ་ཁས་རགས་པ་ཟོས་ཏེ་ལུས་ཀྱི་འོད་ནུབ་པ་དང ། ཁ་ཟས་མང་ཉུང་དུ་ཟོས་པས་ཁ་དོག་དབྱིབས་ཐ་དད་པར་འགྱུར་བ་དང་། བཤང་གཅིའི་ལམ་དོད་དེ། ཕོ་མོ་ཕན་ཚུན་རྗེས་སུ་ཆགས་པས་འཁྲིག་པ་སྤྱོད་པ་དང་ཆོས་མཐུན། ལྷག་མོས་ལུས་ལ་འདུས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་བཅུག་པ་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། སེམས་ཅན་དེ་དག་ཚེ་དང་བསོད་ནམས་དང་ལས་ཟད་དེ་དབང་པོ་རྣམས་འགག་ནས་འཆི་བ་འོད་གསལ་མངོན་སུམ་དུ་བྱས་པ་དང་ཆོས་མཐུན། ཧཱུྃ་ལས་བྱུང་བའི་ཉི་མ་ནི་ཕའི་རྡོ་རྗེ་རྒྱས་པ་དང་། ༀ་ལས་བྱུང་བའི་ཟླ་བ་ནི། ཕ་མ་རྗེས་སུ་ཆགས་པ་དང་། ཨ་ལས་བྱུང་བའི་པདྨ་ནི། མའི་པདྨ་རྒྱས་པ་དང་། དེའི་སྟེང་གི་ཡི་གེ་འབྲུ་གསུམ་ནི་བར་དོའི་ལུས་ངག་ཡིད་གསུམ་དང་། སྟེང་འོག་རྣམས་བར་གྱི་ཟླ་བ་ལ་ཞུགས་ཏེ། ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི། ཁུ་ཁྲག་བར་དོའི་རྣམ་ཤེས་དང་གསུམ་འདུས་ཏེ། ཡེ་ཤེས་ཀྱི་ས་ཐོབ་པ་དང་ཆོས་མཐུན། ཟླ་བའི་སྟེང་དུ་འབྲུ་གསུམ་བསྒོམ་པ་ཡིག་འབྲུ་ལས་བྱང་ཆུབ་པ་ནི། ནུར་ནུར་པོ་དང་། མེར་མེར་པོ་དང་། གོར་གོར་པོའི་གནས་སྐབས་ན་རང་བཞིན་གྱི་ཡི་གེ་འབྲུ་གསུམ་གྱི་དབྱིབས་སུ་གནས་པ་དང་ཆོས་མཐུན། འབྲུ་གསུམ་ལས་རྡོ་རྗེར་གྱུར་པ་ཕྱག་མཚན་ལས་བྱང་ཆུབ་པ་ནི། འཁྲང་འགྱུར་གྱི་གནས་སྐབས་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས། རང་རང་གི་མཚན་མ་རྡོ་རྗེ་དང་འཁོར་ལོ་སོགས་ཀྱི་དབྱིབས་སུ་གནས་པ་ཆོས་མཐུན། ཕྱག་མཚན་ལས་སྐུ་རྫོགས་པར་བྱང་ཆུབ་པ་ནི། རྐང་ལག་འགྱུས་ཏེ་ཡན་ལག་སྨད་ལྔ་དོད་པ་དང་ཆོས་མཐུན། དེ་ལ་སྤྲུལ་སྐུ་བཅུག་པ་ནི། ཟླ་བ་བཅུ་ལོན་ཏེ་མངལ་ལས་བཙས་ནས་ཤའི་མིག་གི་ཡུལ་དུ་གྱུར་པ་དང་ཆོས་མཐུན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡིག་འབྲུ་འགོད་པ་ནི། སྐྲ་སྤུ་དང་། སེན་མོ་དང་། དབང་པོ་དང་། མཚན་རྣམས་དོད་པ་དང་ཆོས་མཐུན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། མངལ་གྱི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་སྟོབས་ལྡན་དུ་གྱུར་པ་དང་ཆོས་མཐུན། དམ་ཚིག་སེམས་དཔའ་ནི་གནས་སྐབས་ལྔ་ལས་གྲུབ་པའི་ལུས་མངལ་ནས་འཐོན་པ་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་དེའི་ལུས་ཀྱི་ཁོང་སྟོང་ནས་རླུང་འབྱུང་བ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་རླུང་དང་ལྷན་ཅིག་མ་བསྣུན་པར་རང་འབྱུང་བའི་སྒྲ་ཨ་ཐུང་དང་ཆོས་མཐུན། ཕྱག་རྒྱ་འདུ་བྱེད་པ་ནི། རིགས་ཀྱི་བུ་མོ་བག་མ་ལེན་པ་དང་ཆོས་མཐུན། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས། སྙོམས་པར་འཇུག་པ་ནི། དེ་དག་ཕན་ཚུན་ཆགས་ཏེ་འཁྲིག་པ་སྤྱོད་པ་དང་ཆོས་མཐུན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། མངལ་གྱི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི་བུ་དང་བུ་མོ་སོགས་བསྐྱེད་པ་དང་ཆོས་མཐུན། དེ་ནས་སེམས་སྦྱང་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ནི། བུ་དང་ཚ་བོ་དེ་དག་གིས་རིག་པའི་གནས་ལྔ་བསླབས་ཏེ་རང་གཞན་གྱི་དོན་སྒྲུབ་པ་དང་ཆོས་མཐུན། སྔགས་བཟླས་ཤིང་སྦྱིན་སྲེག་གིས་ལྷ་ཚིམ་པར་བྱ་སྟེ། ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པ་ནི། བུ་དང་ཚ་བོ་ལ་སོགས་པ་དེ་དག་ལས། འགའ་ཞིག་གིས་རྒྱལ་པོ་ལ་སོགས་པ་དེ་དག་མཉེས་ཏེ་བྱ་དགའ་སྟེར་བ་དང་ཆོས་མཐུན་ནོ། །གཙོ་བོ་དོན་དམ་དུ་ཞུགས་ཏེ་ལྷ་མོའི་གླུས་བསྐུལ་བ་ནི། བུ་དང་ཚ་བོ་དེ་དག་ཤི་སྟེ། ཉེ་དུ་རྣམས་ཀྱིས་མྱ་ངན་བྱེད་པ་དང་ཆོས་མཐུན་ནོ། །
སླར་ཡང་གླུའི་ངོར་གཙོ་བོ་བཞེངས་ཏེ་འདོད་ཡོན་ལ་ལོངས་སྤྱོད་པ་ནི། ཤི་བ་དེ་དག་སྐྱེ་བ་གཞན་དུ་ལུས་བླངས་ཏེ། འདོད་ཡོན་ལ་ལོངས་སྤྱོད་པ་དང་ཆོས་མཐུན་ནོ། །དེ་ལྟར་ན་སྦྱང་གཞི་དང་། སྦྱོང་བྱེད་རགས་པ་ཙམ་ནི། སློབ་དཔོན་ཀླུ་བྱང་གིས་རྣམ་གཞག་རིམ་པར་སྦྱར་ལ། དེ་ལ་རྗེས་སུ་དཔགས་ནས། ཞིབ་པར་སྔོན་གྱི་བླ་མ་རྣམས་ཀྱིས་མཛད་དེ། ཤིན་ཏུ་འཐད་དོ། །ལུགས་གཞན་ས་སྐྱ་པ་ལས་བསྐྱེད་རིམ་གྱི་སྐྱེ་གནས་བཞི་ཀ་སྦྱོང་བར་བཞེད། འདིར་འཕགས་པ་ཡབ་སྲས་ཀྱིས་མི་ལ་མངལ་སྐྱེས་པ་དང་བརྫུས་སྐྱེས་གཉིས་ལས་མེད་པས། མིའི་སྐྱེ་གནས་ཁོ་ན་སྦྱོང་བར་བཞེད་ལ། མངོན་པ་ནས། མི་ལ་སྐྱེ་གནས་གཞན་གཉིས་ཡོད་པར་བཤད་པ་ནི། སྲིད་པ་ཙམ་གྱི་དབང་དུ་བྱས་པས་མི་འགལ་ལོ། །བཞི་པ་ཇི་ལྟར་སྦྱོང་བའི་ཚུལ་ནི། སྣོད་དང་། བཅུད་ཀྱི་དངོས་པོ་ཐ་མལ་པའི་རྣམ་པར་རྟོག་པ་རྣམ་དག་པ་ལྷའི་གནས་དང་། ལུས་དང་། ལོངས་སྤྱོད་དུ་སྣང་བ་བསྒྱུར་བའི་ཚུལ་གྱིས་སྦྱོང་སྟེ། དེ་ལ་སྣོད་ཐ་མལ་པར་ཞེན་པ་ནི། གཞལ་ཡས་ཁང་རྡོ་རྗེའི་ར་བ་མེ་རི་དང་བཅས་པར་སྣང་བ་བསྒྱུར་བའི་ཚུལ་གྱིས་སྦྱོང་ལ། བཅུད་ཐ་མལ་དུ་ཞེན་པ་ནི། ལྷ་སུམ་ཅུ་རྩ་གཉིས་བསྒོམས་ཏེ། སྣང་བ་བསྒྱུར་བའི་ཚུལ་གྱིས་སྦྱོང་ངོ་། །ཅིའི་ཕྱིར་འཆི་བ་དོན་དམ་པའི་བདེན་པ་རྫོགས་རིམ་གྱི་སྦྱང་གཞི་ཡིན་ཞེ་ན། འདི་ལ་ཡང་སྦྱང་གཞི། སྦྱོང་བྱེད། དེ་དག་ཕན་ཚུན་སྦྱར་བ། ཇི་ལྟར་སྦྱོང་བའི་ཚུལ་དང་བཞིའོ། །དང་པོ་ནི། འཆི་བའི་ཚེ། འབྱུང་བ་རིམ་གྱིས་འགག་པ་ནས་བཟུང་སྟེ། བར་དོར་ཡིད་ཀྱི་ལུས་གྲུབ་པའི་བར་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་ནོ། །ཡང་ན། ད་ལྟར་གྱི་ལུས་ངག་ཡིད་གསུམ་རྨི་ལམ་གྱི་སྣང་བ་དང་བཅས་པ་དང་། འཆི་བ་འོད་གསལ་བར་དོ་དང་བཅས་པ་སྦྱང་གཞི་ཡིན་ནོ། །
གཉིས་པ་སྦྱོང་བྱེད་ནི། ལུས་དབེན་ནས་ཟུང་འཇུག་གི་བར་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པ་དྲུག་ཡིན་ནོ། །གསུམ་པ་སྦྱང་གཞི་སྦྱོང་བྱེད་ཕན་ཚུན་སྦྱར་བ་ནི། འཆི་བའི་ཚེ་ས་ཆུ་ལ། ཆུ་མེ་ལ། མེ་རླུང་ལ་ཐིམ་པའི་བར་ཕུང་པོ་ཁམས་དང་སྐྱེ་མཆེད་རགས་པ་འགག་པ་ནི་ལུས་དབེན་གྱི་སྦྱང་གཞི་ཡིན་ལ། རླུང་རྣམ་ཤེས་ལ་ཐིམ་པ་ངག་དབེན་གྱི་སྦྱང་གཞི་དང་། རྣམ་ཤེས་འོད་གསལ་ལ་ཐིམ་པ་སེམས་དབེན་གྱི་སྦྱང་གཞི་ཡིན་ནོ། །སྒྱུ་མའི་སྦྱང་གཞི་ནི། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་བར་དོ་ལ་འདོད། བཙུན་མོ་ཅན་རྨི་ལམ་ལ་འདོད། མངོན་ཤེས་ཅན་ལུས་ལེན་ཁའི་སྒྲོ་འདོགས་ཤེས་པ་ཡིན་ཟེར་ཀྱང་མི་འཐད་པས། ནག་པོ་ཞབས་སྒྱུ་མ་ལ་སྦྱང་གཞི་ལོགས་པ་མེད་ཀྱང་། སྦྱོང་བྱེད་ལ་དགོས་པ་ནི། ཟུང་འཇུག་གི་ཉེར་ལེན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་འཐད། འོད་གསལ་གྱི་སྦྱང་གཞི་ནི་འཆི་བ་ཤེར་ཕྱིན་ཡིན་ལ་ཟུང་འཇུག་གི་སྦྱང་གཞི་བར་དོ་ཡིན་ནོ་ཞེས། རྗེ་འགོས་བཞེད། ཡང་ན། ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྔ་དང་བཅས་པ་ཞིབ་མོར་ཕྱེ་ན། དངོས་པོ་བརྒྱད་གནས་པ་སོགས་ནི་ལུས་དབེན་གྱི་སྦྱང་གཞི་ཡིན། ལུས་ཀྱི་ཁོང་སྟོང་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡི་གེ་འབྲུ་གསུམ་སྒྲ་རང་བཞིན་གྱིས་དྲག་པ་དང་བཅས་པ་དང་ངག་དབེན་གྱི་དང་། སེམས་གསུམ་རང་བཞིན་དང་བཅས་པ་སེམས་དབེན་གྱི་དང་། རྨི་ལམ་གྱི་ཚེ་རླུང་སེམས་ཙམ་ལས་ཡིད་ཀྱི་ལུས་མངོན་ཞེན་དང་བཅས་པ་གྲུབ་སྟེ། ཕྱོགས་བཅུར་རྒྱུ་ཞིང་འདོད་པ་ལ་ལོངས་སྤྱོད་པར་སྣང་བ་སྒྱུ་ལུས་ཀྱི་དང་། འཆི་བའི་ཚེ་འབྱུང་བ་བཞི་རྣམ་ཤེས་དང་བཅས་པ་ཆེན་པོ་ལྔ་འོད་གསལ་དུ་ཐིམ་སྟེ། འཆི་བ་ཤེར་ཕྱིན་མངོན་སུམ་དུ་བྱས་པ་འོད་གསལ་གྱི་དང་། དེ་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། སྐད་ཅིག་ཙམ་གྱིས་བར་དོ་ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་པ་ནི་ཟུང་འཇུག་གི་སྦྱང་གཞི་ཡིན་ནོ་ཞེས་མཁས་པ་སྡོག་བཞེད་དོ། །
འོ་ན་བསྐྱེད་རིམ་དང་ལུས་དབེན་སྦྱང་གཞི་གཅིག་ཏུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྦྱང་གཞི་གཅིག་ཡིན་ཡང་། སྤང་བྱ་ཐ་མལ་གྱི་རྣམ་རྟོག་རགས་པ་བསྐྱེད་རིམ་གྱིས་སྤོང་ལ། ཕྲ་བ་ལུས་དབེན་གྱིས་སྤོང་བས་མི་འགལ་ལོ། །ཡང་འཆི་བ་སྟོང་ཉིད་དང་བར་དོ་བསྐྱེད་རིམ་གྱི་སྦྱང་གཞིར་བཤད་པས། རྫོགས་རིམ་གྱི་སྦྱང་གཞི་དང་འགལ་ཞེ་ན། བསྐལ་བ་དང་པོའི་མི་བརྫུས་སྐྱེས་ཤི་ནས། མངལ་དུ་འཇུག་པའི་འཆི་བ་འོད་གསལ་དང་བར་དོ་ནི་བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། མངལ་ཁ་བརྒྱུད་པའི་འཆི་བ་འོད་གསལ་དང་། བར་དོ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས་མི་འགལ་ལོ། །ཡང་ན་བསྐྱེད་རིམ་གྱིས་ནི་དེ་དག་ཐ་མལ་དུ་ཞེན་པ་སྤོང་ལ། རྫོགས་རིམ་གྱིས་དེ་དག་གི་ངོ་བོ་རང་བཞིན་མེད་པར་སྟོན་པ་ལམ་དུ་བྱེད་པས་མི་འགལ་ལོ། །བཞི་པ་ཇི་ལྟར་སྦྱོང་བའི་ཚུལ་ནི། གཞི་གསུམ་ནི་སྤང་བྱའི་དངོས་གཉན་མི་ཟད་པས་ཟག་བཅས་ཞི་གནས་ཀྱི་ལམ་ཡིན་པས། སྤང་བྱ་མངོན་གྱུར་མགོ་གནོན་པའི་ཚུལ་གྱིས་སྦྱོང་ལ། སྒྱུ་མ་དང་། འོད་གསལ། ཟུང་འཇུག་དང་བཅས་པ་ནི་ལྷག་མཐོང་ཤེས་རབ་ཀྱི་ལམ་ཡིན་པས་སྤང་བྱའི་ས་བོན་སྤོང་ཚུལ་གྱིས་སྦྱོང་ངོ་། །
གཉིས་པ་སྤང་བྱ་མི་མཐུན་ཕྱོགས་ཀྱི་དྲི་མ་བསྟན་པ་ནི། སྣོད་བཅུད་ཐ་མལ་གྱི་རྣམ་རྟོག་དང་། གཟུང་འཛིན་བྱ་བྱེད་ཀྱི་རྣམ་རྟོག་ནི། བསྐྱེད་རྫོགས་གཉིས་ཀྱི་སྤང་བྱ་ཡིན་ལ་དེ་ཡང་དྲི་མ་རགས་པ་ནི་གཉེན་པོ་སྟོབས་ཆུང་བས་སྤོང་ལ། ཕྲ་བ་ནི་གཉེན་པ་སྟོབས་ཆེ་བས་སྤོང་བས། དངོས་པོ་ཐ་མལ་གྱི་རྣམ་རྟོག་རགས་པའི་གཉེན་པོ་ནི་བསྐྱེད་རིམ་ཡིན་ལ། ཕྲ་བའི་གཉེན་པོ་ནི་ལུས་དབེན་ཡིན་ནོ། །
གཟུང་འཛིན་བྱ་བྱེད་ཀྱི་རྣམ་རྟོག་ཤེས་སྒྲིབ་རགས་པའི་གཉེན་པོ་མཚན་བཅས་ཀྱི་རྫོགས་རིམ་དབེན་པ་ཕྱི་མ་གཉིས་ཡིན་ལ། ཤེས་སྒྲིབ་ཕྲ་བ་ལ་ཡང་། གཟུང་རྟོག་ཕྲ་བའི་གཉེན་པོ་ཡུལ་སྟོང་པ་སྒྱུ་མ་དང་། འཛིན་རྟོག་ཕྲ་བའི་གཉེན་པོ་སེམས་སྟོང་ཉིད་འོད་གསལ་དང་། དེ་གཉིས་ཀྱི་བག་ཆགས་ཤིན་ཏུ་ཕྲ་བའི་གཉེན་པོ་ཟུང་འཇུག་རྣམས་ཡིན་ནོ། །དེ་ལྟར་བསྐྱེད་རྫོགས་གཉིས་ཀྱི་རྣམ་གཞག་སྤྱིར་བསྟན་ནས། ད་ནི་བསྐྱེད་རྫོགས་གཉིས་སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པར་བྱ་སྟེ། དེ་ལ་ཡང་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ཀྱི། དང་པོ་ལ་ཡང་། སྦྱང་གཞི་བསྐྱེད་རིམ་མཚན་ཉིད་པ་དང་། སྦྱོང་བྱེད་བསྐྱེད་རིམ་བཏགས་པ་བ་གཉིས་སོ། །དང་པོ་ལ་ཡང་ངོ་བོ། དབྱེ་བ། ངེས་ཚིག་གསུམ་གྱི། དང་པོ་ནི། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་སྣོད་བཅུད་ཀྱིས་བསྡུས་པ་ནི་བསྐྱེད་རིམ་གྱི་སྒྲ་དངོས་སུ་འཇུག་པའི་གཞི་བསྐྱེད་རིམ་མཚན་ཉིད་པ་ཡིན་ལ། དེ་ཡང་སྔར་བཤད་ཟིན་ཏོ། །
གཉིས་པ་དབྱེ་བ་ནི། སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་སེམས་ཅན་གཉིས་སོ། །གསུམ་པ་ངེས་པའི་ཚིག་ནི། ཅིའི་ཕྱིར་དེ་དག་ལ་བསྐྱེད་རིམ་ཞེས་བྱ་ཞེ་ན། སྣོད་ཀྱི་འཇིག་རྟེན་ནི། འབྱུང་བ་ཆེན་པོ་བཞིས་བསྐྱེད་ཅིང་། དེ་དག་རིམ་གྱིས་ཆགས་པ་ལས་གྲུབ་པའི་ཕྱིར་དང་། བཅུད་ཀྱི་སེམས་ཅན་ནི། ཆེན་པོ་ལྔས་བསྐྱེད་ཅིང་གནས་སྐབས་ལྔའམ་ཡན་ལག་དང་ཉིང་ལག་ཆ་ཤས་རིམ་གྱིས་གྲུབ་པའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱའོ། །གཉིས་པ་སྦྱོང་བྱེད་བསྐྱེད་རིམ་བཏགས་པ་བ་ནི། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དེ་ལ་ཡང་། གང་གིས་སྒྲུབ་པ་པོའི་གང་ཟག་གི་མཚན་ཉིད་། གང་དུ་སྒྲུབ་པ་གནས་སྐབས་ཀྱི་མཚན་ཉིད། གང་བསྒྲུབ་པ་རྣལ་འབྱོར་གྱི་རིམ་པ་དང་གསུམ་གྱིས། དང་པོ་ནི། དབང་བསྐུར་བས་རྒྱུད་སྨིན་པར་བྱས་ཤིང་། སྔགས་ཀྱི་དམ་ཚིག་དང་སྡོམ་པ་འཛིན་པའོ། །གཉིས་པ་གནས་ཀྱི་མཚན་ཉིད་ནི། དགོན་པ་ཆེན་པོ་ལ་སོགས་པ། མེ་ཏོག་དང་འབྲས་བུ་ཅན་གྱི་ཤིང་དང་། བྱ་སྐད་སྙན་པ་ལ་སོགས་པས་བརྒྱན་པས་ཉམས་དགའ་བ། སྐྱེ་བོ་འདུས་པ་དང་བྲལ་བའི་དབེན་པའི་གནས་སུ་འདུས་པ་བྱ་སྟེ། ཇི་སྐད་དུ། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་དུ་ནི། །དངོས་གྲུབ་ཐམས་ཅད་བསྡུས་པས་འགྲུབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་དེ་ཁོ་ཉིད་ཀྱི་རྣལ་འབྱོར་ལ། སྔོན་འགྲོ་སྲུང་བའི་འཁོར་ལོ་དང་། དངོས་གཞི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གཉིས་སོ། །སྲུང་བའི་འཁོར་ལོ་ལ་ཡང་། གནས་བསྲུང་བ་དང་། བདག་བསྲུང་བའོ། །གནས་བསྲུང་བ་ལ་ཡང་ཕྱོགས་མཚམས་བཅིང་བ་དང་། ར་བ་དང་དྲ་བས་བསྲུང་བའོ། །ཕྱོགས་མཚམས་བཅིང་བ་ལ་ཡང་། ཁྲོ་བོ་དང་། ཕུར་བུ་དང་། མེས་བསྲུང་བའོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་གསུམ་སྟེ། ངོ་བོ། ངེས་ཚིག དབྱེ་བ་སོ་སོའི་མཚན་ཉིད་དང་བཅས་པའོ། །དང་པོ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། རྣལ་འབྱོར་བཞི་ལ་སོགས་པའི་ཆོ་གའི་རིམ་གྱིས། མཚན་བཅས་ཀྱི་ལྷའི་སྐུ་བསྐྱེད་པའི་རྟེན་དེ་ལ་གནས་ཏེ། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་ཏིང་ངེ་འཛིན་ནོ། །
གཉིས་པ་ངེས་ཚིག་ནི། ཅིའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་ཞེ་ན། སྦྱང་གཞི་སྲིད་པར་སྐྱེ་བའི་རིམ་པ་ལྟར་བསྒོམ་པའི་ཕྱིར་དང་། སྲིད་པར་སྐྱེ་བའི་རིམ་པ་སྦྱོང་བར་བྱེད་པའི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱའོ། །གསུམ་པ་དབྱེ་བ་ལ་གཉིས་ཏེ། དྲན་པ་གཅིག་པའི་རྣལ་འབྱོར་དང་། རྟོག་པའི་རྣལ་འབྱོར་རོ། །དང་པོ་ལ་བརྒྱད་དེ། ངོ་བོ་དང་། ངེས་ཚིག་དང་། ཤེས་བྱ་དང་། མི་མཐུན་ཕྱོགས་དང་། བསླབ་ཚུལ་དང་། ཕན་ཡོན་དང་། རབ་ཏུ་དབྱེ་བ་དང་། མཐར་ཕྱིན་པའི་ཚད་དོ། །དེ་ལ་ངོ་བོ་ནི། ལྷའི་དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །ངེས་ཚིག་ནི། གཅིག་ཏུ་ལྷའི་རྣམ་པ་དྲན་པའི་ཕྱིན་དྲན་པ་གཅིག་པའི་ཏིང་ངེ་འཛིན་ནོ། །ཤེས་བྱ་ནི་གཉིས་ཏེ། མི་མཁས་པའི་ཤེས་བྱ་དང་། མཁས་པའི་ཤེས་བྱའོ། །མི་མཁས་པས་ནི་འདི་ལ་སློབ་པའི་ཚེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་ལྷའི་སྐུའི་ངོ་བོ་ཉིད་དུ་ཤེས་པར་བྱེད་དོ། །མཁས་པས་ནི་ཆོས་ཐམས་ཅད་ལྷའི་ངོ་བོར་ཤེས་པར་བྱས་པ་དེ་ཉིད། རང་གི་ཕུང་པོ་ལ་སོགས་པའི་ཆ་ཤས་སུ་གྱུར་པ་དང་། དེའང་རང་བཞིན་མེད་པར་མི་དམིགས་པའི་ཚུལ་གྱིས་ཤེས་པར་བྱེད་དོ། །དྲན་པ་གཅིག་པུའི་མི་མཐུན་ཕྱོགས་ནི། ཐ་མལ་པའི་ལུས་དང་། གནས་དང་། ལོངས་སྤྱོད་ལ་མངོན་པར་ཞེན་པའོ། །བསླབ་པའི་ཚུལ་ནི། མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པ་ལ་དུམ་བུར་བཅད་ཅིང་སློབ་སྟེ། དེ་ཡང་སྔོན་དུ་སེམས་སྦྱང་བའི་རིམ་པ་ལ་དུམ་བུར་བཅད་ཅིང་བསྒོམ་པ་དང་། མཐར་བསམ་གཏན་གྱི་འཁོར་ལོ་རྫོགས་པར་བསྒོམ་པའོ། །དྲན་པ་གཅིག་པ་བསྒོམ་པའི་ཕན་ཡོན་དང་དགོས་པ་ནི་ལྔ་སྟེ། ཐ་མལ་པའི་ལུས་ལ་སོགས་པར་མངོན་པར་ཞེན་པ་དགག་པའི་ཕྱིར་དང་། སཾ་ཊིར་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསག་པར་བྱ་པའི་ཕྱིར་དང་། བདག་ཉིད་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་གོ་འཕང་དང་རྗེས་སུ་མཐུན་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་དང་། གཙོ་བོ་ལུས་ཀྱི་དྲི་མ་སྦྱང་བར་བྱ་བའི་ཕྱིར་དང་། རྟོག་པའི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །
དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་དབྱེ་བ་གཉིས་ཏེ། དཔའ་བོ་གཅིག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའོ། །དཔའ་བོ་གཅིག་པ་ནི་གང་ཟག་བློ་ཆུང་བ་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བས་བསྒོམ་སྟེ། དེ་ཡང་དབང་པོ་རབ་རྣལ་འབྱོར་བཞིས་བསྒོམ་པ་དང་། འབྲིང་མངོན་བྱང་ལྔས་བསྒོམ་པ་དང་། ཐ་མ་རྡོ་རྗེ་བཞིས་བསྒོམ་པ་དང་གསུམ་མོ། །
དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་གཉིས་ཏེ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་མཆོག་གོ །དང་པོའི་སྦྱོར་བ་ལ་ལྔ་སྟེ། རྟེན་གཞི་སྒྲུབ་པའི་ཏིང་ངེ་འཛིན་དང་། བརྟེན་པ་ལྷའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་མངོན་པར་འདུ་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་རྗེས་སུ་ཆགས་པའི་སྦྱོར་བ་བྱ་བ་དང་། ལས་ལ་གནས་པས་མཆོད་པའི་ཆོ་ག་བྱའོ། །རྟེན་གཞི་སྒྲུབ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། སའི་ཆ་བསྐྱེད་པ་དང་། གཞལ་ཡས་ཁང་བསྐྱེད་པའོ། །བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཏེ། ལྷག་མོས་བསྐྱེད་པ། རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པའོ། །གཙོ་བོ་བསྐྱེད་པ་ལ་བཞི་སྟེ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ། །རྣལ་འབྱོར་ལ་གཉིས་ལས། དེ་བཞིན་ཉིད་ལ་བྱང་ཆུབ་པ་དང་། ཟླ་བ་ལས་བྱང་ཆུབ་པའོ། །རྗེས་སུ་རྣལ་འབྱོར་ལ་གསུམ་སྟེ། ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་རྫོགས་པར་བྱང་ཆུབ་པའོ། །ཤིན་ཏུ་རྣལ་འབྱོར་ལ་གཉིས་ཏེ། སྤྲུལ་སྐུར་བསྒྱུར་བ་དང་། ས་བོན་དགོད་པའོ། །རྣལ་འབྱོར་ཆེན་པོ་ལ་གཉིས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། སེམས་དཔའ་གསུམ་བརྩེགས་བསྒོམ་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་གཉིས་ཏེ། སོ་སོར་བརླབ་པ་དང་། སྤྱིར་བརླབ་པའོ། །ཕྱག་རྒྱ་འདུ་བྱ་བ་ལ་གཉིས་ཏེ། ཕོ་ཉའི་ལམ་ལ་དགའ་བས་ལས་ཀྱི་ཕྱག་རྒྱ་དང་། རྣལ་འབྱོར་གྱི་ལམ་ལ་དགའ་བས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འདུ་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ལ་ལྔ་སྟེ། དེ་བཞིན་གཤེགས་པ་ལྔ་དང་། རིགས་ཀྱི་ཡུམ་བཞི་དང་། མཆོད་པའི་ལྷ་མོ་ལྔ་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུ་བསྐྱེད་པའི་ཆོ་གའོ། །དེ་རེ་རེ་ལ་ཡང་བསྐྱེད་པ། སྤྲོ་བ། བསྡུ་བ། བགོད་པ་དང་བཞི་བཞིའོ། །དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པའི་ཚད་ནི། དཔའ་བོ་གཅིག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་གང་བསྒོམ་པའི་ལྷའི་རྣམ་པ་ཆེས་ཤིན་ཏུ་གསལ་བ་དང་། རྐྱེན་གྱིས་མི་བསྒུལ་བ་དང་། རང་གི་ངང་གིས་འབྱུང་བ་ན་མཐར་ཕྱིན་པ་ཡིན་ནོ། །
གཉིས་པ་རྟོག་པའི་རྣལ་འབྱོར་ནི་འོག་ཏུ་འཆད་པར་འགྱུར་རོ། །དྲན་པ་གཅིག་པ་དང་རྟོག་པའི་རྣལ་འབྱོར་ལ་བསླབ་པའི་རྣལ་འབྱོར་པ་གཉིས་ཀས། ཐུན་མཚམས་ཀྱི་བྱ་བ་ནི་བདུན་ཏེ། གཙོ་བོ་བདག་ཉིད་དོན་དམ་དུ་འཇུག་པ་དང་། དེ་ལ་ལྷ་མོའི་དབྱངས་ཀྱིས་བསྐུལ་བ་དང་། དེའི་ངོར་བཞེངས་པ་དང་། དེ་ལ་རིགས་ལྔའི་སྒོ་ནས་བསྟོད་པ་དང་། དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་། དེ་ནས་དཀྱིལ་འཁོར་བསྡུ་བ་དང་། ལྷའི་ང་རྒྱལ་དང་ལྡན་པས། མཉམ་པར་མ་བཞག་པའི་སྤྱོད་པས་ཇི་ལྟ་བ་བཞིན་དུ་གནས་པར་བྱའོ། །དེ་ལྟར་དྲན་པ་གཅིག་པ་དང་། རྟོག་པའི་རྣལ་འབྱོར་མཐར་ཕྱིན་ནས། ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་འདོད་ན་ཟླ་བ་དྲུག་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བསླབ་པར་བྱ་སྟེ། ཇི་སྐད་དུ། གཟུགས་དང་སྒྲ་དང་རོར་ལྡན་པ། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། ད་ནི་གཉིས་པ་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ལ་ཡང་། སྦྱང་གཞིའི་རྫོགས་རིམ་མཚན་ཉིད་པ་དང་། སྦྱོང་བྱེད་རྫོགས་རིམ་བཏགས་པ་བ་གཉིས་སོ། །དང་པོ་ལ། ངོ་བོ། དབྱེ་བ། ངེས་ཚིག་གསུམ་གྱི་དང་པོ་ནི། འཆི་བ་འོད་གསལ་སྔོན་དུ་འགྲོ་བ་ཅན་གྱི་བར་དོའི་ལུས་ཀྱི་རྫོགས་རིམ་གྱི་སྒྲ་འཇུག་པའི་རྒྱུ་མཚན་དང་ལྡན་པའི་རྫོགས་རིམ་དངོས་ཡིན་ནོ། །གཉིས་པ་དབྱེ་བ་ནི་གསུམ་སྟེ་ཕུང་པོ་འགག་པས་བསྡུས་པ་དང་། འཆི་བས་བསྡུས་པ་དང་། བར་དོས་བསྡུས་པའོ། །གསུམ་པ་ངེས་ཚིག་ནི། ཅིའི་ཕྱིར་རྫོགས་པའི་རིམ་པ་ཞེས་བྱ་ཞེ་ན། བར་དོའི་ལུས་དེ་ནི། ཆེན་པོ་ལྔ་འདུས་པ་ལས་བྱུང་བ་མ་ཡིན་གྱི། རླུང་སེམས་ཙམ་ལས་གྲུབ་པའི་ཕྱིར་དང་། གནས་སྐབས་ལྔའི་རིམ་གྱིས་མ་ཡིན་གྱི། སྐད་ཅིག་ཙམ་ལས་གྲུབ་པའི་ཕྱིར་དང་། ཡན་ལག་དང་། ཉིང་ལག་ཆ་ཤས་ཀྱིས་བྱུང་བ་མ་ཡིན་གྱི། ལུས་ཅིག་ཅར་རྫོགས་པའི་ཕྱིར་རྫོགས་པ་ཞེས་བྱ་ལ། དེའི་རིམ་པ་ནི། ཆུ་དྭངས་པ་ལས་ཉ་འཕར་བའམ། གཉིད་ལོག་པ་ལས་སད་པ་ལྟར། འཆི་བ་སྟོང་པ་ཉིད་ལས་སྐད་ཅིག་གིས་འབྱུང་བའི་ཕྱིར་ཏེ། དེའི་ཕྱིར་རྫོགས་པའི་རིམ་པ་ཞེས་བྱའོ། །གཉིས་པ་སྦྱོང་བྱེད་ཀྱི་རྫོགས་རིམ་བཏགས་པ་བ་ནི། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་མཚན་མ་མེད་པ་སྟེ། དེ་ལ་ཡང་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། གྲངས་དང་། གོ་རིམ་ངེས་པ་སྟེ་ལྔའོ། །རྫོགས་རིམ་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི་ཐམས་ཅད་སྟོང་པ་འོད་གསལ་ལས། རླུང་སེམས་ཙམ་ལས་སྐད་ཅིག་གིས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་འཇའ་ཚོན་ལྟ་བུ་འབད་རྩོལ་མེད་པར། སྔོན་གྱི་འཕེན་པའི་ཤུགས་ཀྱིས་འབྱུང་བ་ལ་བརྟེན་ནས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ངེས་ཚིག་ནི། ཅིའི་ཕྱིར་རྫོགས་རིམ་ཞེས་བྱ་ཞེ་ན། ཟུང་འཇུག་གི་ཡེ་ཤེས་ནི། རྫོགས་པའི་རིམ་པ་ལྟར་གོམས་པར་བྱེད་པའི་ཕྱིར་དང་། རྫོགས་པའི་རིམ་པ་སྦྱོང་བར་བྱེད་པའི་ཕྱིར། རྫོགས་པའི་རིམ་པ་ཞེས་བྱ་ལ། ལུས་དབེན་ལ་སོགས་པ་ནི། མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་བསླབ་བྱ་ཡིན་པའི་ཕྱིར་རྫོགས་པའི་རིམ་པ་ཞེས་བྱའོ། །གསུམ་པ་དབྱེ་བ་ནི། ཟླ་བ་གྲགས་པས། རྒྱུད་དོན་མ་ལུས་པ་སྡུད་པའི་དབང་དུ་བྱས་ནས། བསྐྱེད་པའི་རིམ་པ་གཅིག་དང་། རྫོགས་པའི་རིམ་པ་ལ་བཞིར་ཕྱེ་ནས་ལྔར་མཛད། འཕགས་པ་ཀླུ་སྒྲུབ་ཀྱིས། བསྐྱེད་རིམ་ལ་མདོར་བྱས་ལོགས་སུ་མ་མཛད་ཅིང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པར། ལམ་ལྔ་འབྱུང་བ་དང་གྲངས་མཐུན་པར་བྱ་བའི་ཕྱིར། རྫོགས་རིམ་ལ་རིམ་པ་ལྔ་མཛད། ཨཪྻ་དེ་ཝས་ཉམས་ལེན་གྱི་རིམ་པ་དང་བསྟུན་ནས། རྫོགས་རིམ་ལ་དྲུག་ཏུ་མཛད། རྒྱས་བསྡུས་ཀྱི་དབྱེ་བ་ཙམ་མ་གཏོགས་ཡབ་སྲས་རྣམས་དགོངས་པ་ནང་འགལ་བ་མེད་ཅིང་ཉམས་སུ་ལེན་པ་ན་ཨཪྻ་དེ་ཝ་ལྟར་དྲུག་ཏུ་དབྱེ་བར་བྱའོ། །
བཞི་པ་གྲངས་ངེས་པ་ནི། སྤང་བྱ་ཉོན་མོངས་དང་རྣམ་རྟོག་མངོན་གྱུར་མགོ་གནོན་པ་དང་། ས་བོན་དྲུངས་འབྱིན་པ་ལ་རིམ་པ་དྲུག་དགོས་ཏེ། དབེན་པ་གསུམ་ནི་སེམས་རྩེ་གཅིག་པ་ཞི་གནས་ཀྱི་ལམ་ཡིན་པས། སྤང་བྱ་ཉོན་མོངས་པ་དང་རྣམ་རྟོག་མགོ་གནོན་པ་ཡིན་ལ། ལྷག་མ་གསུམ་ནི་ཤེས་རབ་གཙོར་བྱེད་པ་ལྷག་མཐོང་གི་ལམ་ཡིན་པས་ས་བོན་དྲུངས་འབྱིན་པ་ཡིན་ནོ། །དང་པོ་ལ་ཡང་། ཞི་གནས་ཀྱི་རྟེན་དང་། རྐྱེན་དང་། དངོས་གསུམ་སྟེ། ལུས་དབེན་ནི་རྟེན་ཡིན་ཏེ། དེས་སྦྱངས་པའི་ལུས་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཕྱིར་རོ། །ངག་དབེན་ནི་རྐྱེན་ཡིན་ཏེ། རླུང་དབང་དུ་འདུས་པ་ལས་མི་རྟོག་པའི་ཞི་གནས་སྐྱེ་བའི་ཕྱིར་རོ། །སེམས་དབེན་ནི་དངོས་ཡིན་ཏེ། བདེ་སྟོང་གི་ཡེ་ཤེས་སེམས་རྩེ་གཅིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །
གསུམ་པ་དེས་སྤང་བྱ་མགོ་མནན་དུ་ཟིན་ཀྱང་། ས་བོན་སྤོང་བ་ལ་ཕྱི་མ་གསུམ་བཞག་སྟེ། སྒྱུ་ལུས་ཀྱིས་ཡུལ་སྟོང་ཉིད་དུ་རྟོགས་པས་གཟུང་རྟོག་སྤོངས་ལ། འོད་གསལ་གྱིས་སེམས་སྟོང་པར་རྟོགས་པས་འཛིན་རྟོག་གི་ས་བོན་སྤོང་ཞིང་། ཟུང་འཇུག་གིས་བདེན་གཉིས་དབྱེར་མེད་པར་རྟོགས་པས། བདེན་གཉིས་ཐ་དད་དུ་ཞེན་པའི་ས་བོན་སྤོང་བའི་ཕྱིར་རོ། །དེའི་ཕྱིར་དྲུག་དུ་གྲངས་ངེས་སོ། །ལྔ་པ་གོ་རིམ་ངེས་པ་ནི། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བས། རྒྱུ་འབྲས་ཀྱི་གོ་རིམ་ཡིན་ཏེ། འདི་ལྟར་ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་བརྟེན་ནས། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་འབྱུང་གི་གཞན་དུ་མ་ཡིན་ཏེ། དཔེར་ན་པི་ཝང་གི་ཁོག་པ་ལེགས་པར་སྦྱངས་པ་ལས་སྐད་སྙན་པ་འབྱུང་གི་གཞན་དུ་མ་ཡིན་པ་ལྟ་བུའོ། །ངག་རྣམ་པར་དབེན་པས་སེམས་ཀྱི་ཞོན་པ་རླུང་དབང་དུ་འདུས་པ་ལས་རླུང་ལ་ཞོན་པའི་སེམས་རྣམ་པར་དབེན་པ། ཐུགས་རྡོ་རྗེའི་ཏིང་ངེ་འཛིན་འབྱུང་སྟེ། དཔེར་ན་རྟའི་ཁ་ལོ་འབྱོངས་པའི་སྐྱེས་བུས་བགྲོད་བྱའི་གནས་སུ་ཕྱིན་གྱི། གཞན་གྱིས་མ་ཡིན་པ་ལྟ་བུའོ། །སེམས་དབེན་གྱི་ཏིང་ངེ་འཛིན་མེད་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མེད་དེ། སྒྱུ་མ་ལྟ་བུའི་སྐུ་དེ་ནི་རང་རིག་བདེ་བ་ཙམ་ལས་གྲུབ་པའི་ཕྱིར་རོ། །ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་མངོན་སུམ་དུ་མ་བྱས་པར་དོན་དམ་འོད་གསལ་རྟོགས་པར་མི་ནུས་ཏེ། སྒྱུ་མ་བསམ་གཏན་གཉིས་ཀྱིས་བཤིག་པ་ལས་འོད་གསལ་མངོན་དུ་འགྱུར་བའི་ཕྱིར་རོ། །འོད་གསལ་དོན་དམ་པའི་བདེན་པ་མེད་ན་ཟུང་འཇུག་གི་སྐུ་མི་འབྱུང་སྟེ། འཛིན་པའི་ཡན་ལག་མེད་ན་རྗེས་དྲན་གྱི་ཡན་ལག་མེད་ལ། རྗེས་དྲན་གྱི་ཡན་ལག་མེད་ན་ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཏིང་ངེ་འཛིན་གྱི་རིམ་པ་འདི་དག་ལ་སྔ་ཕྱི་རིམ་ཅན་དུ་བསླབ་དགོས་ཏེ། ཇི་སྐད་དུ། རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལ་གནས་པའི། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ཕྱིའི་དོན་རྣམ་པར་བཞག་ནས། ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པའི་རིམ་པ་རྒྱས་པ་ནི་སྔར་བཤད་ཟིན་ལ། དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི། གསང་སྔགས་སྐུ་ནི་རབ་བསྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །ཞེས་གསུངས་ཏེ། དེ་ལ་གསང་སྔགས་ནི་མེར་མེར་པོ་དང་། ལྟར་ལྟར་པོའི་གནས་སྐབས་ན་ཡིག་གེ་འབྲུ་གསུམ་གྱི་དབྱིབས་སུ་གནས་པ་ཡིན་ལ། སྐུ་ནི་དེས་བསྐྱེད་པའི་རྣམ་སྨིན་གྱི་ལུས་ཏེ། དེ་ཡང་དག་པའི་ལྷའི་སྐུར་རབ་ཏུ་བསྒྲུབ་པར་བྱེད་པའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི། བསྐྱེད་པའི་རིམ་པ་ཞེས་བྱ་སྟེ། སྦྱང་གཞི་བསྐྱེད་པའི་རིམ་པ་ལྟར་བསྒོམ་པར་བྱེད་པའི་ཕྱིར་དང་། བསྐྱེད་པའི་རིམ་པ་སྦྱོང་བར་བྱེད་པའི་ཕྱིར་རོ། །ཡང་ན་གསང་སྔགས་ནི་ཡི་གེ་འབྲུ་གསུམ་ཡིན། སྐུ་ནི་དེས་བསྐྱེད་པའི་མཚན་མ་དང་བཅས་པའི་ལྷའི་སྐུ་སྟེ། དེ་རབ་ཏུ་བསྒྲུབ་པར་བྱེད་པའི་ཏིང་ངེ་འཛིན་གསུམ་ལ་བསྐྱེད་པའི་རིམ་པ་ཞེས་བྱའོ། །བསྐྱེད་རིམ་དེ་ནི་སྐས་ཀྱི་རིམ་པ་དང་པོ་ལྟར་རྫོགས་རིམ་གྱི་དང་པོར་བགྲོད་པར་བྱ་བ་ཡིན་པས་རིམ་པ་དང་པོ་ཡིན་ནོ། །
གཉིས་པ་རྫོགས་རིམ་ལ་ཡང་བཞི་ཡོད་པའི་དང་པོ་སེམས་དབེན་ལ་གཉིས་ཏེ། སེམས་དབེན་གྱི་སྔོན་འགྲོ་དང་། སེམས་དབེན་དངོས་སོ། །དང་པོ་ལ་ཡང་རྟེན་ལུས་དབེན་དང་། རྐྱེན་ངག་དབེན་གཉིས་སོ། །དང་པོ་ལུས་དབེན་གྱི་ཏིང་ངེ་འཛིན་ལ་དོན་བརྒྱད་དེ། རྟེན་གྱི་གང་ཟག་དང་། ཤེས་བྱ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་དང་། དབྱེ་བ་སོ་སོའི་མཚན་ཉིད་དང་བཅས་པ་དང་། བསླབ་པའི་ཚུལ་དང་། ངེས་ཚིག་དང་། བསླབ་པ་མཐར་ཕྱིན་པའི་ཚད་དང་། བསླབ་པའི་ཕན་ཡོན་ནོ། །ལུས་དབེན་ལ་འཇུག་པའི་རྟེན་གྱི་གང་ཟག་ནི་བསྐྱེད་རིམ་མཐར་ཕྱིན་ནས། མཆོག་གི་དངོས་གྲུབ་དོན་དུ་གཉེར་བས་ལུས་དབེན་སོགས་རྫོགས་རིམ་ལ་འདོད་པ་ཡོད་པའོ། །ལུས་དབེན་གྱི་ཤེས་བྱ་ནི། དེ་ལ་སློབ་པའི་ཚེ། ལུས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ལས་བྱུང་ཞིང་། སྟོང་པ་ཉིད་ལ་ཐིམ་པ་ནམ་མཁའ་དང་མཉམ་པ་ཡིན་ལ། ཀུན་རྫོབ་ཏུ་དངོས་པོ་རྒྱས་བསྡུས་པའི་ལུས་ཐམས་ཅད། དེ་བཞིན་གཤེགས་པ་ལྔའི་ཕྲ་རབ་ལས་གྲུབ་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམ་དཔྱད་དེ། །སངས་རྒྱས་སྐུ་ཞེས་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །སྤང་བྱ་མི་མཐུན་པའི་ཕྱོགས་ནི་ཁ་དོག་གི་གཟུགས་ལ་སོགས་པ་ཐ་མལ་པའི་རྟོག་པ་ཆ་ཕྲ་བས་སྟེ་རགས་པ་ནི་བསྐྱེད་རིམ་གྱིས་སྦྱངས་པའི་ཕྱིར། དབྱེ་བ་སོ་སོའི་མཚན་ཉིད་ལ་བཞི་སྟེ། གཟུགས་ཀྱི་ལུས་དབེན་དང་། རང་བཞིན་གྱི་ལུས་དབེན་དང་། རྣམ་པར་ཤེས་པའི་ལུས་དབེན་དང་། ཏིང་འཛིན་གྱི་ལུས་དབེན་ནོ། །གཟུགས་ཀྱི་ལུས་དབེན་ནི། ལུས་འདི་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་འདུས་པའི་ཕྱིར། ཐ་མལ་པ་རྣམས་ཀྱི་གཟུགས་ཀྱི་ལུས་པོ་གཙང་བ་དང་བདེ་བ་ལ་སོགས་པར་བརྟགས་པས་དབེན་པ་སྟེ། ཉན་ཐོས་པ་དང་ཤེས་བྱ་ཐུན་མོང་བའོ། །རང་བཞིན་གྱི་ལུས་དབེན་ནི། ལུས་འདི་ཕུང་པོ་ལ་སོགས་པའི་རང་བཞིན་ཉི་ཤུ་ཕུང་པོ་ལྔ། ཁམས་བཞི། ཡིད་ཀྱི་དབང་པོ། དབང་པོ་ལྔ། ཡུལ་ལྔ། ཡེ་ཤེས་ལྔ། རྩ་ལྔ་ཡིན་པའི་ཕྱིར་ཕྱི་རོལ་པ་རྣམས་ཀྱིས་ལུས་ཀྱི་རང་བཞིན་གཅིག་ཏུ་བརྟགས་པས་དབེན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བ་དང་ཤེས་བྱ་ཐུན་མོང་བའོ། །རྣམ་པར་ཤེས་པའི་ལུས་དབེན་ནི། རྣམ་པར་ཤེས་པ་ནི་ཕྱི་ནང་དུ་ཉེ་བར་མི་དམིགས་པའི་ཕྱིར། རང་གི་སྡེ་པས་བརྟགས་པའི་གཟུང་འཛིན་གྱི་དབེན་པ་སྟེ། སེམས་ཙམ་པ་དང་ཤེས་བྱ་ཐུན་མོང་བའོ། །ཏིང་འཛིན་གྱི་ལུས་དབེན་ནི། ལུས་ཐམས་ཅད་སྟོང་པར་ཤེས་པར་བྱས་ན་ཀུན་རྫོབ་ཏུ་དངོས་པོ་བརྒྱ་ལ་སོགས་པར་གནས་པ་དེ་བཞིན་གཤེགས་པ་བརྒྱ་ཕུང་པོ་ལྔ། ཁམས་བཞི། ཡུལ་ལྔ། དབང་པོ་ལྔ་སྟེ་དེ་རེ་རེ་ལའང་ལྔ་ལྔར་དབྱེ་བས་དགུ་བཅུ་རྩ་ལྔ་དེའི་སྟེང་དུ་ཡེ་ཤེས་ལྔ་བསྣན་པས་བརྒྱ། ལ་སོགས་པར་ང་རྒྱལ་བྱེད་པ་སྟེ། གསང་སྔགས་ཀྱི་ཤེས་བྱ་ཐུན་མོང་མ་ཡིན་པའོ། །བསླབ་ཚུལ་ནི། གཟུགས་ཀྱི་ལུས་དང་། རང་བཞིན་གྱི་ལུས་དང་། རྣམ་པར་ཤེས་པའི་ལུས་གསུམ་བདག་མེད་པར་ཤེས་པར་བྱས་ནས། ཕུང་པོ་ལ་སོགས་པ་དངོས་པོ་བརྒྱ་པོ་ཅི་དང་ཅི་མཐོང་བ་ཐམས་ཅད་དེ་བཞིན་གཤེགས་པ་དེ་དང་དེར་ང་རྒྱལ་བྱེད་པའི་ཚུལ་གྱིས་རིགས་བརྒྱར་བསྒོམ་པས་ཆ་ཕྲ་བའི་རྣམ་རྟོག་བཟློག་པར་བྱའོ། །དེ་ནས་རིགས་ལྔ་དང་། གསུམ་དང་། མཐར་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་ངོ་བོ་གསང་ཆེན་རིགས་གཅིག་ཏུ་ང་རྒྱལ་བྱ་བ་ནི་བསླབ་པའི་རིམ་པའོ། །ངེས་ཚིག་ནི། གང་ཟག་དང་ཆོས་ཀྱི་བདག་གི་དབེན་པའམ། ཐ་མལ་པའི་ལུས་སུ་རྟོགས་པས་དབེན་པའི་ཕྱིར་ལུས་རྣམ་པར་དབེན་པའོ། །
མཐར་ཕྱིན་པའི་ཚད་ནི། ཁམས་གསུམ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་གསང་ཆེན་རིགས་གཅིག་ཏུ་ང་རྒྱལ་བརྟན་པར་གྱུར་པའོ། །ཕན་ཡོན་ནི། ཐ་མལ་པའི་རྣམ་རྟོག་སྤོང་བར་འགྱུར་བ་དང་། ངག་རྣམ་པར་དབེན་པའི་སྒོ་ལ་ཕྱོགས་པར་འགྱུར་བ་དང་། ལྷུན་གྱིས་གྲུབ་པའི་དུས་སུ་གཟུགས་ཀྱི་སྐུ་འགྲུབ་པར་འགྱུར་བ་ལ་སོགས་པའོ། །དེ་ལྟར་རྟེན་ལུས་རྣམ་པར་དབེན་པའི་ཏིང་ངེ་འཛིན་བཤད་ནས། རྐྱེན་ངག་རྣམ་པར་དབེན་པའི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། དེ་ལ་དྲུག་སྟེ། རྟེན་གྱི་གང་ཟག་དང་། ཤེས་བྱ་དང་། སྤང་བྱ་མི་མཐུན་ཕྱོགས་དང་། ཉམས་སུ་བླང་བའི་ཐབས་དང་། མཐར་ཕྱིན་པའི་ཚད་དང་། ཕན་ཡོན་བསྟན་པའོ། །རྟེན་གྱི་གང་ཟག་ནི། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་མཐར་ཕྱིན་ནས། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པའོ། །ངག་དབེན་གྱི་ཤེས་བྱ་ནི། དེ་ལ་སློབ་པའི་ཚེ་ངག་ཐམས་ཅད་སྟོང་པ་ཉིད་ལས་བྱུང་ཞིང་། སྟོང་པ་ཉིད་ལ་ཐིམ་པ། ནམ་མཁའ་དང་མཉམ་པར་ཤེས་པར་བྱེད་པ་སྟེ། ཇི་སྐད་དུ། གསུང་གི་རྡོ་རྗེ་རྫོགས་བྱང་ཆུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་དེ། །གསུང་གི་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །
སྤང་བྱ་མི་མཐུན་པའི་ཕྱོགས་ནི། ཕྱི་རོལ་གྱི་ངག་གི་བཟླས་པ་དང་། ཐ་མལ་པའི་དུས་ཀྱི་ངག་དང་རླུང་གི་རྒྱུ་བ་སྟེ། རླུང་དབང་དུ་མ་འདུས་པ་ལས་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར་རོ། །ཞེས་བཙུན་མོ་ཅན་གསུང་ངོ་། །ཉམས་སུ་བླང་བའི་ཐབས་ནི། སྒྲའི་དེ་ཁོ་ན་ཉིད་ནམ་མཁའ་དང་མཉམ་པར་ཤེས་པར་བྱས་ནས། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དུ་སྦྱར་ནས་རླུང་གི་རྒྱུ་བ་བགྲང་བའི་ཚུལ་གྱིས་སློབ་པའོ། །དེ་བས་ན། བསླབ་པའི་ཚུལ་ནི་དེ་ཁོ་ན་ཉིད་གསུམ་སྟེ། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། སྒྲའི་དེ་ཁོ་ན་ཉིད་དོ། །རླུང་གི་དེ་ཁོ་ན་ཉིད་ལ་དོན་བརྒྱད་དེ། ངོ་བོ་དང་། དབྱེ་བ་དང་། གནས་དང་། ཁ་དོག་དང་། རྒྱུ་བའི་ཚུལ་དང་། བྱེད་ལས་དང་། རྒྱུའི་གྲངས་དང་། ཕན་ཡོན་བསྟན་པའོ། །རླུང་གི་ངོ་བོ་ནི། འཇུག་པ། གནས་པ། ལྡང་བ་གསུམ་སྟེ། རིམ་ལྔ་ལས། འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞི་གནས་ཏེ། །སྔགསཀྱི་ཡན་ལག་མ་ཉམས་བཟླས། །ཞེས་གསུངས་པའི་ཕྱིར་རོ། །དབྱེ་བ་ནི་གཉིས་ཏེ། རྩ་བའི་རླུང་དང་། ཡན་ལག་གི་རླུང་ངོ་། །རྩ་བའི་རླུང་ནི་ལྔ་སྟེ། སྲོག་འཛིན་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། མེ་དང་མཉམ་དུ་གནས་པ་དང་། ཁྱབ་བྱེད་དོ། །ཡན་ལག་གི་རླུང་ལ་ཡང་ལྔ་སྟེ། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པ་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བའོ། །རླུང་གི་གནས་ལ་གཉིས་ཏེ། རྩ་བའི་རླུང་གི་གནས་དང་། ཡན་ལག་གི་རླུང་གི་གནས་སོ། །རྩ་བའི་རླུང་གི་གནས་ནི་གྱེན་རྒྱུ་ལྐོག་མ་དང་། སྲོག་འཛིན་སྙིང་ཁ་དང་། མེ་དང་མཉམ་གནས་ལྟེ་བ་དང་། །ཐུར་སེལ་གསང་གནས་དང ། ཁྱབ་བྱེད་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཏེ། ཇི་སྐད་དུ། ལྐོག་མ་སྙིང་ཁ་ལྟེ་བ་དང་། །གསང་བའི་པད་མར་འགྲོ་འོང་སྟོན། །ཞེས་དང་། ལུས་ཀུན་ལ་ནི་གནས་པའི་རླུང་། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་མཐར་ནི་འབྱུང་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་གི་རླུང་ལྔ་ནི་དབང་པོ་ལྔ་ལ་གནས་ཏེ། སྤྱོད་བསྡུས་ལས། ལྡང་ཞིང་རྒྱུ་བ་ལ་སོགས་པ་ལྔ་ནི། དབང་པོ་ལྔ་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་རྣམས་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བའི་རླུང་ལྔའི་ཁ་དོག་ནི། གྱེན་རྒྱུ་དམར་པོ། ཐུར་སེལ་སེར་པོ། མེ་དང་མཉམ་གནས་ནག་པོ། སྲོག་འཛིན་དཀར་པོ། ཁྱབ་བྱེད་ལྗང་ཁུའོ། །ཡན་ལག་གི་རླུང་གི་ཁ་དོག མིག་ནས་རྒྱུ་བ་དམར་པོ། རྣ་བ་ནས་རྒྱུ་བ་ལྗང་ཁུ། སྣ་ནས་རྒྱུ་བ་སེར་པོ། ལྕེ་ནས་རྒྱུ་བ་དཀར་པོ། བ་སྤུའི་བུ་ག་ནས་རྒྱུ་བ་སྔོ་བསངས་སོ། །ཞེས་མངོན་ཤེས་ཅན་བཞེད་དོ། །གཞན་དག་ཡན་ལག་གི་རླུང་ལྔའི་རྒྱུ་བ་གཞུང་ལས་གསལ་པོ་མ་བཤད་ཀྱི། གདམས་ངག་གིས་ཡུལ་གྱི་ལྷ་མོའི་ཁ་དོག་བཞིན་ཤེས་པར་བྱའོ། །ཞེས་གསུངས་སོ། །རྒྱུ་བའི་ཚུལ་ནི་ཐབས་ཀྱི་རྒྱུ་ཚུལ་དང་། ཤེས་རབ་ཀྱི་རྒྱུ་ཚུལ་ལོ། །དེ་ལ་ཐབས་ཀྱི་རྒྱུ་ཚུལ་ནི། ད་ལྟ་གྱི་དུས་སུ་བཞི་སྟེ། དང་པོར་སྣ་སྒོ་གཡས་ནས་གྱེན་དུ་རྒྱུ་བ་མེའི་དཀྱིལ་འཁོར་དམར་པོ་དགུ་བརྒྱ་པ་ཕྲག་གཅིག་ཏུ་རྒྱུའོ། །གཡོན་ནས་མེ་དང་མཉམ་དུ་གནས་པའི་རླུང་གི་དཀྱིལ་འཁོར་ཁ་དོག་ལྗང་སེར་འོད་ནག་པོ་ལས་ཀྱི་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་ཏུ་རྒྱུའོ། །གཉིས་ཀ་ནས་ཐུར་དུ་སེལ་བའི་རླུང་པདྨ་མགོན་པོ་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་རིན་ཆེན་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །སྲོག་འཛིན་ཆུའི་དཀྱིལ་འཁོར་དཀར་པོ་རྡོ་རྗེ་མགོན་པོའི་རང་བཞིན་དགུ་བརྒྱ་པ་ཕྲག་གཅིག་རྒྱུའོ། །དེ་སྐད་དུ་ཡང་། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། ཁ་དོག་དམར་ཞིང་གསལ་བ་འདི། །པད་མ་མགོན་པོའི་རྒྱུ་བའོ། །ཞེས་སོགས་གསུངས་སོ། །ཤེས་རབ་ཀྱི་རྒྱུ་ཚུལ་ནི། ཐབས་མགོན་པོ་རེ་རེ་རྒྱུ་བ་ན་ལྷ་མོ་བཞི་བཞི་རྒྱུ་སྟེ། དེ་ཡང་གཡས་ནས་མེའི་དཀྱིལ་འཁོར་པད་མ་མགོན་པོ་ཁ་དོག་དམར་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་སྤྱི་དེ་ལ་བྱེ་བྲག་ཏུ་བཞིར་འགྱུར་ཏེ། དང་པོར་གོས་དཀར་མོ་མེའི་མེ་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེང་དུ་རྒྱུའོ། །དེའི་འོག་ཏུ་སྒྲོལ་མ་མེའི་རླུང་དམར་པོའི་ནག་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསིགས་ལ་རྒྱུའོ། །དེའི་འོག་ཏུ་སངས་རྒྱས་སྤྱན་མའི་ས་དམར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་མཱ་མ་ཀི་མེའི་ཆུ་དམར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་བཞིན་དུ་གཡོན་པ་ནས་རླུང་གི་རླུང་ལས་ཀྱི་མགོན་པོ་འོད་ཟེར་ནག་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་སྤྱི་དེ་ལ། བྱེ་བྲག་ཏུ་བཞིར་འགྱུར་ཏེ། དང་པོ་རླུང་གི་རླུང་སྒྲོལ་མ་ནག་པོའི་ནག་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསེགས་ལ་རྒྱུའོ། །དེ་ནས་རླུང་གི་ས་སྤྱན་མ་ནག་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་རླུང་གི་ཆུ་མཱ་མ་ཀི་ནག་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་རླུང་གི་མེ་གོས་དཀར་མོ་ནག་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་བཞིན་དུ་གཉིས་ཀ་ནས། ཐུར་སེལ་གྱི་རླུང་རིན་ཆེན་མགོན་པོ་དགུ་བརྒྱ་པ་ཕྲག་གཅིག་སྤྱིར་རྒྱུ་བ་དེ་ལ། བྱེ་བྲག་ཏུ་བཞིར་འགྱུར་ཏེ། དང་པོར་སྤྱན་མའི་ངོ་བོ་སའི་ས་སེར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་ནས་མཱ་མ་ཀིའི་ངོ་བོ་སའི་ཆུ་སེར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་གོས་དཀར་མོའི་ངོ་བོ་སའི་མེ་སེར་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་ནས་སྒྲོལ་མའི་ངོ་བོ་སའི་རླུང་སེར་པོའི་ནག་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསེགས་ལ་རྒྱུའོ། །དེ་བཞིན་དུ་སྲོག་འཛིན་གྱི་རླུང་རྡོ་རྗེ་མགོན་པོ་དགུ་བརྒྱ་པ་ཕྲག་གཅིག་གཉིས་ཀ་ནས་དལ་གྱིས་རྒྱུ་བའི་སྤྱི་དེ་ལ། བྱེ་བྲག་ཏུ་བཞིར་འགྱུར་ཏེ། དང་པོར་མཱ་མ་ཀིའི་ངོ་བོ་ཆུའི་ཆུ་དཀར་པོའི་དཀར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐུར་དུ་རྒྱུའོ། །དེ་ནས་གོས་དཀར་མོའི་ངོ་བོ་ཆུའི་མེ་དཀར་པོའི་དམར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གྱེན་དུ་རྒྱུའོ། །དེ་ནས་སྒྲོལ་མའི་ངོ་བོ་ཆུའི་རླུང་དཀར་པོའི་ནག་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་བསེགས་ལ་རྒྱུའོ། །དེ་ནས་སྤྱན་མའི་ངོ་བོ་ཆུའི་ས་དཀར་པོའི་སེར་པོ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཐད་ཀར་རྒྱུའོ། །དེ་སྐད་དུ་ཡང་། འཁོར་དང་ཁྱད་པར་དག་ཏུ་སྤྲོད། །ཞེས་དང་། དགོངས་པ་ལུང་སྟོན་ལས། དམར་དང་ནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། །བཞི་བཞི་ཡི་ནི་སྦྱོར་བ་ལས། །གོས་དཀར་ལ་སོགས་ལེགས་པར་བྲི། །ཞེས་སོགས་གསུངས་སོ། །དེ་དག་ནི། བཙུན་མོ་ཅན་དང་། ནག་པོ་ཞབས་ཀྱི་ལུགས་སོ། །མངོན་ཤེས་ཅན་ནི་འདི་ལྟར་བཞེད་དེ། རླུང་གི་རླུང་གིས་གཙོ་བྱས་ནས་རྒྱུ་བ་ན། ལྡང་བའི་དུས་སུ་རླུང་གི་རླུང་དེ་རླུང་གཞན་བཞིའི་དབུས་ན་གནས་པ་དང་། འཁོར་བཞི་བས་ཅུང་ཟད་རགས་པ་དང་། ཅུང་ཟད་རིང་བ་དང་། རྩ་བའི་ཁ་དོག་གིས་འཁོར་བཞི་ལ་ཁྱབ་པར་རྒྱུ་སྟེ། དེ་ཡང་དང་པོར་ལྡང་བའི་ཚེ། ཧཱུྃ་གི་སྒྲ་དང་བཅས་ནས་སྣ་སྒོ་གཡོན་པ་ནས་འབྱུང་སྟེ་བསེགས་ལ་འགྲོ། སླར་ལྡོག་པའི་དུས་སུ་ༀ་གྱི་སྒྲ་དང་བཅས་ནས་ལྟེ་བའི་གནས་སུ་འཇུག གནས་པའི་དུས་སུ་ཨའི་སྒྲ་དང་བཅས་ནས་དེ་ཉིད་དུ་ཐིམ་པར་གྱུར་ཏེ། དེ་ལྟར་འབྱུང་འཇུག་གནས་གསུམ་རྒྱུ་བ་གཅིག་ཏུ་བགྲངས་པས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་ཤེས་རབ་རླུང་གི་རླུང་སྒྲོལ་མའི་རྒྱུ་ཚུལ་ལོ། །
དེ་ནས་ཡང་རླུང་གི་རླུང་གིས་གཙོ་བྱས་ནས། མགྲིན་པ་མེའི་དཀྱིལ་འཁོར་ནས་སྣ་སྒོ་གཡས་ནས་གྱེན་དུ་འབྱུང་ཞིང་འཇུག་པ་དང་གནས་པའི་རྒྱུ་བ་སྔ་མ་བཞིན་བགྲངས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་མེ་གོས་དཀར་མོའི་རྒྱུ་བའོ། །དེ་ནས་ཡང་རླུང་གིས་གཙོ་བྱས་ནས་གསང་གནས་སའི་དཀྱིལ་འཁོར་ནས། སྣ་སྒོ་གཉིས་ཀ་ནས་ཐད་ཀར་འགྲོ་ཞིང་། འཇུག་པ་དང་གནས་པའི་རྒྱུ་བ་སྔ་མ་བཞིན་བགྲངས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་ས་སྤྱན་མའི་རྒྱུ་བའོ། །དེ་ནས་ཡང་རླུང་གི་རླུང་གིས་གཙོ་བྱས་ནས་སྙིང་ཁ་ཆུའི་དཀྱིལ་འཁོར་ནས། ཐུར་དུ་འགྲོ་ཞིང་འཇུག་པ་དང་གནས་པའི་རྒྱུ་བ་སྔ་མ་ལྟར་བགྲངས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནི་རླུང་གི་ཆུ་མཱ་མ་ཀིའི་རྒྱུ་བའོ། །དེ་ལྟར་རླུང་གི་རླུང་གིས་གཙོ་བྱས་པས་དགུ་བརྒྱ་པ་ཕྲག་གཅིག་ནི་ཐབས་ལས་ཀྱི་མགོན་པོའི་རྒྱུ་བའོ། །དེ་ནས་མེའི་རླུང་ལ་གཙོ་བོ་འཕོ་སྟེ། ཐོག་མར་མགྲིན་པ་མེའི་དཀྱིལ་འཁོར་ནས། མེ་རླུང་གིས་གཙོ་བྱས་ན་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་མེའི་མེ་གོས་དཀར་མོའོ། །དེ་ནས་ལྟེ་བ་རླུང་གི་དཀྱིལ་འཁོར་ནས་མེ་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་མེའི་རླུང་སྒྲོལ་མའོ། །དེ་ནས་གསང་གནས་སའི་དཀྱིལ་འཁོར་ནས་མེ་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་མེའི་ས་སྤྱན་མའོ། །དེ་ནས་སྙིང་ཁ་ཆུའི་དཀྱིལ་འཁོར་ནས་མེའི་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་མེའི་ཆུ་གོས་དཀར་མོའོ། །དེ་ལྟར་མེས་གཙོ་བྱས་པ་དགུ་བརྒྱ་པ་ཕྲག་གཅིག་ནི་པད་མ་མགོན་པོའི་རྒྱུ་བའོ། །དེ་ནས་སའི་རླུང་ལ་གཙོ་བོ་འཕོས་ཏེ། དེའང་ཐོག་མར་གསང་གནས་སའི་དཀྱིལ་འཁོར་ནས་ས་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་སའི་ས་སྤྱན་མའོ། །དེ་ནས་ལྟེ་བ་རླུང་གི་དཀྱིལ་འཁོར་ནས་ས་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་སའི་རླུང་སྒྲོལ་མའོ། །དེ་ནས་མགྲིན་པ་མེའི་དཀྱིལ་འཁོར་ནས་ས་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་སའི་ཆུ་གོས་དཀར་མོའོ། །དེ་ནས་སྙིང་ཁ་ཆུའི་དཀྱིལ་འཁོར་ནས་ས་རླུང་གིས་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི་མེའི་ཆུ་མཱ་མ་ཀིའོ། །དེ་ལྟར་ས་རླུང་གི་གཙོ་བྱས་པ་དགུ་བརྒྱ་པ་ཕྲག་གཅིག་ནི་རིན་ཆེན་མགོན་པོའི་རྒྱུ་བའོ། །དེ་ནས་ཆུའི་རླུང་ལ་གཙོ་བོ་འཕོས་ཏེ། དེ་ཡང་ཐོག་མར་སྙིང་ཁ་ཆུའི་དཀྱིལ་འཁོར་ནས། ཆུ་རླུང་གི་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཉིས་ཀ་ནས་འབྱུང་བ་ནི་ཆུའི་ཆུ་མཱ་མ་ཀིའོ། །དེ་ནས་ལྟེ་བ་རླུང་གི་དཀྱིལ་འཁོར་ནས། ཆུ་རླུང་གི་གཙོ་བོ་བྱས་པའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཡོན་པ་ནས་འབྱུང་བ་ནི་ཆུའི་རླུང་སྒྲོལ་མའོ། །དེ་ནས་མགྲིན་པ་མེའི་དཀྱིལ་འཁོར་ནས་ཆུ་རླུང་གི་གཙོ་བོ་བྱས་པའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྣ་སྒོ་གཡས་པ་ནས་བྱུང་བ་ནི་ཆུའི་མེ་གོས་དཀར་མོའོ། །དེ་ནས་གསང་གནས་སའི་དཀྱིལ་འཁོར་ནས་ཆུ་རླུང་གི་གཙོ་བྱས་པ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་གཉིས་ཀ་ནས་རྒྱུ་བ་ནི་ཆུའི་ས་སྤྱན་མའོ། །དེ་ལྟར་ཆུ་རླུང་གི་གཙོ་བྱས་པ་དགུ་བརྒྱ་བ་ཕྲག་གཅིག་རྡོ་རྗེ་མགོན་པོའི་རྒྱུ་བའོ། །དེ་བས་ན་རླུང་གང་གི་གཙོ་བྱེད་པ་དེ་འཁོར་གཞན་བཞིའི་དབུས་ན་གནས་པ་དང་། ཅུང་ཟད་རགས་པ་དང་། ཅུང་ཟད་རིང་བ་དང་། གཙོ་བོའི་ཁ་དོག་གིས་གཞན་རྣམས་ལ་ཁྱབ་པ་ཡིན་ལ། དེ་ལྟའི་ཚུལ་གྱིས་གནས་དང་སྒོ་དང་། ཕྱོགས་གང་ནས་རྒྱུའང་ཐབས་ཀྱི་རྒྱུ་བར་བཞག་པ་དེ་ཉིད་གང་ནས་འབྱུང་བའི་གནས་དང་། གང་དུ་རྒྱུ་བའི་སྒོ་དང་། ཇི་ལྟར་རྒྱུ་བའི་ཕྱོགས་ཀྱི་དབྱེ་བས་ཤེས་རབ་ཀྱི་རྒྱུ་བར་བཞག་གོ རླུང་གི་བྱེད་ལས་ལ་གཉིས་ཏེ། ཐ་མལ་པའི་རྒྱུད་ལ་བྱེད་པའི་ལས་དང་། རྣལ་འབྱོར་པའི་རྒྱུད་ལ་བྱེད་པའི་ལས་སོ། །ཐ་མལ་པའི་བྱེད་ལས་ཀྱང་གཉིས་ཏེ། ཐུན་མོང་གི་ལས་དང་། ཁྱད་པར་གྱི་ལས་སོ། །ཐུན་མོང་གི་བྱེད་ལས་ནི། སེམས་ཀུན་ཏུ་སྣང་བ་གསུམ་དང་འདྲེས་ནས་འཁོར་བའི་ཆོས་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དེ། དེ་ཡང་ཕ་དང་མའི་སྟེང་ན་རླུང་སྲོག་དང་རྩོལ་བའི་བདག་ཉིད་ཅན་གནས་པ་དེ། དབང་པོ་གཉིས་སྙོམས་པར་འཇུག་པའི་དུས་སུ། འདོད་ཆགས་ཆེན་པོའི་མེས་བཞུ་ནས། ཁུ་བ་དང་ཁྲག་གི་རྣམ་པར་རྡོ་རྗེ་དང་པད་མ་ལས་བབས་ཏེ། མངལ་གྱི་གནས་སྐབས་སུ་ལྷུང་བ་དང་། བར་དོའི་སྲིད་པ་གསུམ་འདྲེས་ཏེ། གནས་སྐབས་ལྔས་རིམ་གྱིས་འཕེལ་ནས། སེམས་ཅན་གྱི་ཁམས་བསྐྱེད་པར་བྱེད་ལ། ཇི་སྲིད་འཚོའི་བར་དུ་ཡང་ལུས་ལ་འཇུག་གནས་ལྡང་གསུམ་གྱིས་གནས་ཏེ། ལུས་ཉིན་མཚན་དུ་འཛིན་ཅིང་མི་འདྲུལ་བའི་བྱ་བ་བྱེད་དོ། །ཡང་དེ་ཉིད་ཡི་གེ་ཨའི་གཞིར་གྱུར་ནས་ངག་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དོ། །ཡང་དེ་ཉིད་སེམས་སྣང་བ་གསུམ་དང་རང་བཞིན་བརྒྱད་ཅུའི་ཞོན་པར་གྱུར་ནས། རྟོག་བཅས་རྟོག་མེད་ཀྱི་སེམས་ཐམས་ཅད་བསྐྱེད་པའི་བྱ་བ་བྱེད་དོ། །མཐར་ཚེ་དང་ལས་ཟད་ནས་འཆི་བའི་ཚེ་མི་ཤིགས་པ་ཧ་ལ་ཞུགས་ནས། རིམ་གྱིས་འཆི་བ་སྟོང་པ་མངོན་དུ་བྱེད་དོ། །ཡང་རླུང་དེ་ཉིད་བར་དོའི་སྲིད་པའི་ཞོན་པར་གྱུར་ཏེ། རླུང་སེམས་འདྲེས་པའི་བར་དོ་དེ་ལས་ཀྱི་སྟོབས་ཀྱིས་སྐྱེ་གནས་བཞིའི་ལུས་བླངས་ཏེ། སླར་ཡང་སྔ་མ་བཞིན་དུ་བྱ་བ་ཐམས་ཅད་བྱེད་དོ། །
ཁྱད་པར་གྱི་ལས་ལ་གཉིས་ཏེ། རྩ་བའི་རླུང་ལྔའི་ལས་དང་། ཡན་ལག་གི་རླུང་ལྔའི་ལས་སོ། །རྩ་བའི་རླུང་ལྔའི་ལས་ལ། སྲོག་འཛིན་གྱི་རླུང་གིས་རླུང་ཐམས་ཅད་ཕྱིར་སྤྲོ་བ་དང་། ནང་དུ་སྡུད་པའི་བྱ་བ་བྱེད་དོ། །མེ་དང་མཉམ་དུ་གནས་པས་ནི། ཁ་ཟས་ཐམས་ཅད་འཇུ་བའི་བྱ་བ་བྱེད་དོ། །གྱེན་དུ་རྒྱུ་བས་ནི། བཟའ་བ་དང་མྱང་བ་ལ་སོགས་པ་ཐམས་ཅད་ལྕི་ཡི་རྣམ་པར་ཤེས་པ་ལ་གཏོད་ཅིང་རོ་འཛིན་པའི་བྱ་བ་བྱེད་དོ། །ཐུར་སེལ་གྱིས་ནི། གཅིན་དང་ཕྱི་ས་ལ་སོགས་པ་འཕེན་པ་དང་སྡོམས་པའི་བྱ་བ་བྱེད་དོ། ཁྱབ་བྱེད་ཀྱིས་ནི། འགྲོ་བ་དང་འོང་བ་དང་བསྐུལ་བ་ལ་སོགས་པའི་བྱ་བ་བྱེད་དོ། །དེ་སྐད་དུ་ཡང་བཤད་པའི་རྒྱུད་ལས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བའི་རྒྱུ་བ་དག །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་སོགས་གསུངས་སོ། །ཡན་ལག་གི་རླུང་ལྔའི་ལས་ནི། མིག་ལ་སོགས་པ་དབང་པོ་ལྔ་ལ་གནས་ནས། གཟུགས་ལ་སོགས་པའི་ཡུལ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡང་རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བའི་རླུང་ནི་སྒྲའོ། །ཡང་དག་པར་རྒྱུ་བའི་རླུང་ནི་དྲིའོ། ། རབ་ཏུ་རྒྱུ་བའི་རླུང་ནི་རོའོ། །ངེས་པར་རྒྱུ་བའི་རླུང་ནི་རེག་བྱའི་ལས་བྱེད་དོ། །རྣལ་འབྱོར་པའི་རྒྱུད་ཀྱི་ལས་ལ་ཡང་གཉིས་ཏེ། ཐུན་མོང་གི་ལས་དང་ཁྱད་པར་གྱི་ལས་སོ། །
ཐུན་མོང་གི་ལས་ནི། བསྐྱེད་རིམ་པས་ཕྱག་རྒྱ་དང་སྙོམས་པར་འཇུག་པ་བྱས་པ་ལས། རྩ་སྦུགས་སོ་སོ་ན་ཡོད་པའི་རླུང་རྣམས་འདོད་ཆགས་ཆེན་པོའི་མེས་བཞུ་ནས། ཀུན་རྫོགས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཡུམ་གྱི་པད་མར་བབས་ཏེ། ཡིག་གེ་གསུམ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་པར་བྱེད་དོ། །རྫོགས་རིམ་པས་རླུང་དེ་ཉིད་ཡི་གེ་གསུམ་གྱི་གཞིར་གྱུར་པས། ལྷུན་གྱིས་གྲུབ་པའི་བཟླས་པ་བྱས་ནས། སྔོན་གྱི་ལས་ཀྱི་སྒྲིབ་པ་ཟད་པར་བྱེདདོ། །ཡང་གདམས་ངག་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་བཟླས་པ་ལ་བསླབས་པས་མཐར་སེམས་ཀྱི་ཞོན་པ་རླུང་དབང་དུ་འདུས་པ་ལ་བརྟེན་ནས། སེམས་ལ་དམིགས་པའི་ཏིང་ངེ་འཛིན་དབང་དུ་བྱེད་དོ། །སེམས་ལ་དམིགས་པའི་སྐབས་སུ་བདེ་བའི་སྣང་བ་རླུང་དང་འདྲེས་ནས། སྒྱུ་མ་ལྟ་བུའི་སྐུ་མདོག་མངོན་དུ་བྱེད་དོ། །སྒྱུ་མ་ལྟ་བུ་དེ་ཉིད་འོད་གསལ་གྱི་མེས་སྦྱངས་ནས་འོད་གསལ་དེ་ལས་སྣང་བ་གསུམ་རླུང་དང་འདྲེས་ནས་རྗེས་དྲན་གྱི་ཡན་ལག་གི་ཟུང་འཇུག་གི་སྐུ་བསྐྱེད་པའི་བྱ་བ་བྱེད་དོ། །ཁྱད་པར་གྱི་ལས་ལ་ལྔ་སྟེ། སྲོག་འཛིན་གྱི་རླུང་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བའི་དུས་སུ་སློབ་པའི་ཟུང་འཇུག་པས་ཞི་བའི་ལས་བྱེད་དོ། །དེ་བཞིན་དུ་ཐུར་སེལ་རིན་ཆེན་མགོན་པོ་རྒྱུ་བའི་དུས་སུ་རྒྱས་པའི་ལས་བྱེད་དོ། །གྱེན་རྒྱུ་པད་མ་མགོན་པོ་རྒྱུ་བའི་དུས་སུ་དབང་གི་ལས་བྱེད་དོ། །མེ་དང་མཉམ་གནས་ལས་ཀྱི་མགོན་པོ་རྒྱུ་བའི་དུས་སུ་མངོན་གཅོད་ཀྱི་ལས་བྱེད་དོ། །དེ་སྐད་དུ་ཡང་། ཡ་ཡི་དོན་གྱིས་ཅི་ཡང་རུང་། དངོས་གྲུབ་འདོད་པའི་བྱ་བ་ནི། ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ལས་ནི་གཉིས་གཉིས་བྱེད་པར་འགྱུར། །ཞེས་གསུངས་སོ། ཁྱབ་བྱེད་ཀྱིས་ནི། རྣལ་འབྱོར་པ་བར་མ་དོར་མྱ་ངན་ལས་འདས་པ་གཅིག་ཏུ་བྱེད་པའི་བསམ་གཏན་པས་འཆི་བ་དོན་དམ་མངོན་དུ་བྱེད་པའི་བྱ་བ་བྱེད་དོ། །
དེ་ཡང་། ༀ་ཤཱུ་ནྱཱ་ཏ་ལ་སོགས་པ་སྔགས་ཀྱི་དོན་གནས་སྐབས་གསུམ་དུ་མངོན་དུ་བྱས་ནས། འཆི་བ་དོན་དམ་མངོན་དུ་བྱེད་དེ། འདི་ལྟར། འཆི་བའི་ཚེ་ན་ཕུང་པོ་ལ་སོགས་པ་མཐར་རླུང་ལ་ཐིམ་ནས། ཁྱབ་བྱེད་ཀྱི་རླུང་རྒྱུ་བའི་ཚེ་འཆི་ཁའི་རྡོ་རྗེ་བཟླས་པ་བྱེད་པ་ནི། ཤཱུ་ནྱཱ་ཏ་ལ་སོགས་པའི་སྔགས་ཀྱི་དོན་དང་པོ་རླུང་མངོན་དུ་བྱས་པ་ཡིན་ནོ། །དེ་ནས་རླུང་ཡང་མི་ཤིགས་པ་ཧ་ལ་ཐིམ་ནས། ཧ་ཞེས་རླུང་སེམས་ལ་ཐིམ་པ་ནི། ཤཱུ་ཱུནྱཱ་ཏ་ལ་སོགས་པ་སྔགས་ཀྱི་དོན་གཉིས་པ་སེམས་མངོན་དུ་བྱས་པ་ཡིན་ནོ། །དེ་ནས་སེམས་ཀྱང་སེམས་བྱུང་ལ་ཐིམ། སེམས་བྱུང་ཡང་མ་རིག་པ་ལ་ཐིམ། མ་རིག་པ་ཐམས་ཅད་སྟོང་པ་འཆི་བ་འོད་གསལ་ལ་ཐིམ་པ་ནི། ཤཱུ་ནྱཱ་ཏ་ལ་སོགས་པ་སྔགས་ཀྱི་དོན་གསུམ་པ་སྟོང་པ་མངོན་དུ་བྱས་པ་ཡིན་ནོ། །
དེ་ལྟར་ན་ཁྱབ་བྱེད་ཀྱི་རླུང་གིས་ཤཱུ་ནྱཱ་ཏའི་སྔགས་ཀྱི་དོན་གནས་སྐབས་གསུམ་དུ་མངོན་དུ་བྱས་ནས། འཆི་བ་འོད་གསལ་རྟོག་པའི་བྱ་བ་བྱེད་དོ། །ཡན་ལག་གི་རླུང་གིས་རྣལ་འབྱོར་པའི་རྒྱུད་ལ་མངོན་པར་ཤེས་པ་ལྔ་བསྐྱེད་པའི་བྱ་བ་བྱེད་དོ། །རྩ་བ་དང་ཡན་ལག་གི་རླུང་གི་ཁྱད་པར་གྱི་ལས་སྔར་ཐ་མལ་པའི་རྒྱུད་ལ་བྱེད་པར་བཤད་པ་དེ་ནི། འདིར་རྣལ་འབྱོར་པའི་རྒྱུད་ལ་ཡང་བྱེད་པར་བལྟའོ། །དེ་ལྟར་ན་རླུང་གི་ལས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་ཏེ། ཇི་སྐད་དུ། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་དང་། བཤད་པའི་རྒྱུད་ལས་ཀྱང་། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། ཁམས་གསུམ་རླུང་གི་སྤྲུལ་པ་ཙམ། །རྨི་ལམ་རྨི་བ་བཞིན་དུ་བལྟ། །ཞེས་གསུངས་སོ། །རླུང་རྒྱུ་བའི་གྲངས་ནི། ཤེས་རབ་ཀྱི་གྲངས་དང་། ཐབས་ཀྱི་གྲངས་དང་། ཉིན་མཚན་གྱི་གྲངས་སོ། །ཤེས་རབ་ཀྱི་གྲངས་ནི། ཉིས་བརྒྱ་ཉི་ཤུ་རྩ་ལྔའོ། །ཐབས་ཀྱི་གྲངས་ནི། ཤེས་རབ་ཀྱི་རྒྱུ་བ་བཞི་གཅིག་ཏུ་བསྡོམས་པས་དགུ་བརྒྱ་པ་ཕྲག་རེ་རེའོ། །ཉིན་མཚན་གྱི་གྲངས་ནི་སྐོར་དྲུག ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉི་ཤུ་རྩ་བཞི་སྟེ། ཐུན་ཕྱེད་ཕྱེད་ལ་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བས། དེ་རྣམས་ཀུན་ལོག་པས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའོ། །དེ་སྐད་དུ་ཡང་། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ །དགུ་བརྒྱ་དག་དུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་པས་སོ། །རླུང་གི་དེ་ཉིད་ཤེས་པའི་ཕན་ཡོན་ནི་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ཏེ། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་གསུངས་སོ། །སྔགས་ཀྱི་དེ་ཁོ་ན་ཉིད་ལ་ལྔ་སྟེ། སྔགས་ཀྱི་ངོ་བོ། ངེས་ཚིག དབྱེ་བ། བྱེད་ལས། སྔགས་བཏུ་བའོ། །
སྔགས་ཀྱི་ངོ་བོ་ནི། ཡི་གེ་གསུམ་མོ། །ངེས་ཚིག་ནི། ཡི་གེ་གསུམ་པོ་དེར་སྔགས་ཐམས་ཅད་འདུ་བའི་ཕྱིར་དང་། མངོན་པར་འདོད་པའི་དངོས་གྲུབ་ལ་མི་སླུ་བའི་ཕྱིར་ན། སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ། །སྔགས་ཀྱི་དབྱེ་བ་ནི་བཞི་སྟེ། བརྗོད་པའི་ཡི་གེ་གསུམ་དང་། དབྱིབས་ཀྱི་ཡི་གེ་གསུམ་དང་། བརྡར་གྱུར་པའི་ཡི་གེ་གསུམ་དང་། དོན་དམ་པའི་ཡི་གེ་གསུམ་མོ། །ཇི་སྐད་དུ། མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་གསུངས་སོ། །བྱེད་ལས་ནི། བརྗོད་པའི་ཡི་གེ་གསུམ་གྱིས་བསྐྱེད་རིམ་པ་ལ་ཕྱིའི་ཁ་དོག་དང་། དུས་ལ་སོགས་པ་ལ་བརྟེན་ནས། ཞི་བ་ལ་སོགས་པའི་ལས་བྱེད། ཕྲེང་སྔགས་ཀྱི་མ་གྲུབ་པ་ལ་སྙིང་པོ་བསྐུལ་བའི་བྱ་བ་བྱེད་པ་དང་། ཁ་ཟས་ལ་སོགས་པ་སྦྱོང་བའི་བྱ་བ་བྱེད་དོ། །དབྱིབས་སུ་གྱུར་པའི་ཡི་གེ་གསུམ་གྱིས་འཁོར་བ་པ་མེར་མེར་པོ་ལ་སོགས་པའི་གནས་སྐབས་སུ་ཡི་གེ་གསུམ་གྱི་དབྱིབས་སུ་གྱུར་ནས། རྣམ་སྨིན་གྱི་ལུས་བསྐྱེད་པའི་བྱ་བ་བྱེད་ལ། བསྐྱེད་རིམ་པ་ལ། ལྷ་བསྐྱེད་པ་དང་ཁ་ཟས་སྦྱོང་བའི་བྱ་བ་བྱེད་དོ། །བརྡར་གྱུར་བའི་ཡི་གེ་གསུམ་ནི། འཇུག་གནས་ལྡང་གསུམ་གྱི་ངོ་བོ་ཡིན་པས། ཇི་ལྟར་རླུང་གིས་ལས་བྱེད་པ་དེ་བཞིན་དུ་བརྡའི་ཡི་གེ་གསུམ་གྱིས་ཀྱང་བྱེད་དོ། །དོན་དམ་པའི་ཡི་གེ་གསུམ་ནི། ཆོས་ཅན་ཡི་གེ་གསུམ་བཀག་པས་ན་ཡི་གེ་གསུམ་སྟེ་འོད་གསལ་ལ་བྱ་ལ། དེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་བྱ་བ་བྱེད་དོ། །སྔགས་བཏུ་བ་ལ་གཞི་གང་ལས་བཏུ་བ། ངོ་བོ་གང་བཏུ། ཚུལ་ཇི་ལྟར་བཏུ་བ་གསུམ་གྱི། གཞི་གང་ལས་བཏུ་བ་ནི། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ལས་བཏུ་བ་སྟེ། ཇི་སྐད་དུ། འཇིགས་བྱེད་རྟོགས་བདུན་ནས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནས། །སྔགས་ཀྱི་རྒྱལ་པོ་བཏུ་བར་བྱ། །ཞེས་གསུངས་པ་ལྟར་རོ། །ངོ་བོ་གང་བཏུ་བ་ནི། ཡི་གེ་གསུམ་མོ། །ཚུལ་ཇི་ལྟར་བཏུ་བ་ནི། བསྐྱེད་རིམ་པའི་བཏུ་བ་དང་། རྫོགས་རིམ་པའི་བཏུ་བ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ཕྲེང་བ་ལས། སྐུ་གསུང་ཐུགས་ཀྱི་སྒྲུབ་བྱེད་པའི། །མཚུངས་པ་མེད་པའི་སྔགས་བཏུ་བྱ། །གསུང་གི་རྡོ་རྗེ་སྙིང་པོ་མཆོག །ཨུ་ཤ་ཡ་ནའི་ཆ་དང་མཐུན། །དབྱངས་ཡིག་དྲུག་པར་ཡང་དག་ལྡན། །སྡེ་ཚན་ཐ་མའི་ཐ་མར་བཅས། །ཐུགས་ཀྱི་རྡོ་རྗེའི་གོ་འཕང་གསལ། །ཞེས་གསུངས་སོ། །དེ་ལ་དང་པོའི་ཡི་གེ་ནི་ཨའོ། །དབྱངས་ཡིག་ལྔ་པ་ནི་ཨུའོ། །དེ་གཉིས་མཚམས་སྦྱོར་བས་ཨོ་རུ་འགྱུར་རོ། །སྡེ་ཚན་ཐ་མའི་ཐ་མ་ནི་མའོ། །དེ་དག་སྡོམ་པས་སྐུའི་རྡོ་རྗེའི་ས་བོན་ༀ་འགྲུབ་བོ། ཐོག་མའི་ཡི་གེ་ཉིས་འགྱུར་ནི་ཨཱ་རིང་པོའོ། །དབུས་མ་ཤའི་ཆ་ནི་ཚེག་དྲག་གོ། དེ་དག་ལས་གསུང་གི་རྡོ་རྗེའི་ས་བོན་ཨཱཿརིང་པོ་ཚེག་དྲག་ཅན་འགྲུབ་བོ། །ཨུ་ཤ་ཡ་ནའི་ཆ་ནི་ཧའོ། །དབྱངས་ཡིག་དྲུག་ནི་ཨཱུ་རིང་པོའོ། །སྡེ་ཚན་ཐ་མའི་ཐ་མ་ནི་མའོ། །དེ་དག་སྡོམ་པ་ལས་ཐུགས་ཀྱི་རྡོ་རྗེའི་ས་བོན་ཧཱུྃ་རིང་པོ་འགྲུབ་བོ། །རྫོགས་རིམ་པའི་སྔགས་བཏུ་བ་ལ་གཉིས་ཏེ། ནུས་པའི་སྒོ་ནས་བཏུ་བ་དང་། སྒྲའི་སྒོ་ནས་བཏུ་བའོ། །དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་པ་དབྱངས་ཡིག་བཅུ་དྲུག་དང་གསལ་བྱེད་སུམ་ཅུ་རྩ་གསུམ་ལས་བྱུང་བས། དེ་དག་དུ་འདུ་ལ། དབྱངས་དང་གསལ་བྱེད་དེ་དག་ཀྱང་སྐྱེས་པ་དང་། བུད་མེད་དང་། མ་ནིང་གསུམ་དུ་འདུ་སྟེ། དབྱངས་རྣམས་ནི་གདངས་ཞན་པས་བུད་མེད་དང་། ཀ་ལ་སོགས་པའི་སྡེ་པ་ལྔ་ནི། གདངས་དྲག་པས་སྐྱེས་པ་དང་། མཐར་གནས་དང་དྲོ་བའི་སྡེ་ཚན་དང་། དབྱངས་ཀྱི་རྀ་རཱྀ་ལྀ་ལཱྀ་བཞི་རྣམས་ནི་བར་མར་གནས་པས་མ་ནིང་ཞེས་བྱའོ། །དེ་དག་ཀྱང་ཡི་གེ་གསུམ་དུ་འདུ་སྟེ་ༀ་ནི་དབྱངས་གསལ་འདྲེས་པས་མ་ནིང་ཡིན་ལ། ཨཱཿནི་དབྱངས་ཁོ་ན་ཡིན་པས་བུད་མེད་དང་། ཧཱུྃ་ནི་གསལ་བྱེད་ཤས་ཆེ་བས་སྐྱེས་པ་ཡིན་ནོ། །དེ་ཕྱིར་ཡི་གེ་གསུམ་པོ་དེས། རྟགས་གསུམ་པ་ཅན་གྱི་དབྱངས་གསལ་རྣམས་བསྡུས་སོ། །
སྒྲའི་སྒོ་ནས་བཏུ་བ་ནི། ཡབ་ཡུམ་སྙོམས་འཇུག་བྱེད་པའི་ཚེ་ན། རྩ་གཡས་པ་ནས་ཀཱ་ལིའི་སྒྲ་གྲག གཡོན་པ་ནས་ཨཱ་ལི་སྒྲ་གྲག རྡོ་རྗེའི་རྩ་བར་འབྲུ་དྲུག་གི་སྒྲ་གྲག པད་མར་འབྲུ་གསུམ་གྱི་སྒྲ་གྲག་པའམ། ཡང་ན་ནག་པོ་ཞབས་ལྟར། ལྟེ་བ་ཡན་ཆད་ཀཱ་ལིའི་སྒྲ་གྲག ལྟེ་བ་མན་ཆད་ཨཱ་ལི་སྒྲ་གྲག རྡོ་རྗེའི་རྩ་བ་དང་པདྨར་འབྲུ་གསུམ་གྱི་སྒྲ་གྲག་པས་དེ་བས་ན་དབྱངས་གསལ་ཀུན་འབྲུ་གསུམ་གྱི་སྒྲར་འདུས་པས་འབྲུ་གསུམ་སྒྲ་ཡི་སྒོ་ནས་འདུས་པའོ། །སྒྲ་ཡི་དེ་ཁོ་ན་ཉིད་ལ་བཞི་སྟེ། སྒྲ་ཡི་ངོ་བོ་དང་། སྒྲའི་དོན། བརྗོད་ཚུལ་དང་། སྒྲའི་དེ་ཉིད་ནམ་མཁའ་དང་མཉམ་པ་དང་། སྒྲའི་དེ་ཉིད་རྟོགས་པའི་ཕན་ཡོན་ནོ། །དེ་ལ་སྒྲའི་ངོ་བོ་ནི། ཨཱ་ལི་ཀཱ་ལིའི་ལས་བྱུང་བའི་མིང་དང་། ཚིག་དང་ངག་གི་ཚོགས་ཐམས་ཅད་དོ། །སྒྲས་དོན་བརྗོད་པའི་ཚུལ་ནི། གང་དུ། གང་གི་ཕྱིར། ཇི་ལྟར་རབ་ཏུ་འཇུག་པའི་ཚུལ་གྱིས་ཏེ། དེ་ལ་གང་དུ་འཇུག་པ་ནི། སྒྲ་ཐམས་ཅད་རང་གི་བརྗོད་པར་བྱ་བའི་དོན་ལ་འཇུག་པ་སྟེ། དཔེར་ན་མར་མེའི་སྒོ་ནས་བུམ་པ་ལ་སོགས་པ་བལྟ་བ་བཞིན་ནོ། །གང་གི་ཕྱིར་འཇུག་པ་ནི། ཨ་སྒྱུར་གྱུར་པའི་ཕྱིར་འཇུག་པ་སྟེ། གང་གི་ཕྱིར་ཨ་དང་ཡང་དག་པར་ལྡན་པར་མ་གྱུར་པའི་ཀ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། ཡིག་གེ་ཐམས་ཅད་ཀྱི་ཁོང་ན་ཨ་གནས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཇི་ལྟར་འཇུག་པ་ནི། ཡི་གེ་ཕན་ཚུན་འདུས་པ་ལས་ཚིག་ཡོན་ཏན་ཅན་དུ་གྱུར་ནས་འཇུག་སྟེ། དེ་ཡང་ཨཱ་ལི་ཀཱ་ལིའི་ཡི་གེ་དུ་མ་འདུས་པ་ལས་མིང་འབྱུང་། མིང་དུ་མ་འདུས་པ་ལས་ཚིག་འབྱུང་། ཚིག་དུ་མ་འདུས་ལས་ངག་ཏུ་ལྡང་སྟེ། དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །སྒྲའི་དེ་ཁོ་ན་ཉིད་ནམ་མཁའ་དང་མཉམ་པ་ནི། ངག་གི་སྒྲ་ཐམས་ཅད་ཨཱ་ལི་ཀཱ་ལིའི་ལས་བྱུང་ལ། ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་ཨ་ཐུང་གི་རྩ་བ་ཅན་ཡིན་ཞིང་། ཨ་ཐུང་ཡང་ལུས་ཀྱི་ཁོང་སྟོང་འོད་གསལ་ལས་བྱུང་བས། དེའི་ཕྱིར་སྒྲ་ཐམས་ཅད་སྟོང་པ་ཉིད་ཀྱི་རྩ་བ་ཅན་ཡིན་པས། ནམ་མཁའ་དང་མཉམ་པ་ཡིན་ནོ། །སྒྲའི་དེ་ཉིད་ཤེས་པའི་ཕན་ཡོན་ལ་གཉིས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི། སྒྲ་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་རྣལ་འབྱོར་པ་དེས། འགལ་བར་སྣང་བ་ཐམས་ཅད་འགལ་བ་མེད་པར་བཟོད་དེ། སྣང་བ་ཐམས་ཅད་སྟོང་པ་ཡང་བཟོད། གང་ཟག་དུ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ནི་སྟོང་པ། སྟོང་པ་ཉིད་གང་ཟག་ཏུ་སྣང་བའི་ཕྱིར་རོ། །འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན་པ་ནི། སྒྲ་ཐམས་ཅད་སྐྱེ་མེད་དུ་རྟོགས་པས། བསྟོད་སྨད་སོགས་ལ་དགའ་མི་དགའ་མི་འབྱུང་སྟེ། བསྟོད་སྨད་སོགས་བྲག་ཆ་དང་འདྲ་བར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་ན་རླུང་དང་སྔགས་དང་། སྒྲའི་དེ་ཁོ་ན་ཉིད་ལ་ཐོས་བསམ་གྱིས་སྒྲོག་འདོགས་བཅད་ནས། སྒྲའི་དེ་ཉིད་ནམ་མཁའ་དང་མཉམ་པར་ཤེས་པར་བྱས་ནས། རླུང་གི་དེ་ཉིད་འབྱུང་འཇུག་གནས་གསུམ་དང་། སྔགས་ཀྱི་དེ་ཉིད་ཡི་གེ་འབྲུ་གསུམ་དབྱེར་མེད་དུ་སྦྱར་ནས་རྒྱུ་བ་བགྲང་བའི་ཚུལ་གྱིས་བསླབ་པར་བྱའོ། །དང་པོར་བེམ་པོའི་རླུང་རགས་པ་ལ་བསླབ། དེ་ནས་བེམ་པོའི་རླུང་ཕྲ་བ་ལ་བསླབ། དེ་ནས་ཤེས་པའི་རླུང་གསལ་བ་དང་འདྲེས་པ་ལ་གདམས་ངག་ཇི་ལྟ་བ་བཞིན་དུ་བསླབ་བོ། །རྡོ་རྗེ་བཟླས་པ་མཐར་ཕྱིན་པའི་ཚད་ནི། དང་པོར་བེམ་པོའི་རླུང་རགས་པ་ལ་ལོབས་པའི་ཚད་ནི་རླུང་གི་རྒྱུ་བ་གསལ་བ་དང་། རང་གི་ཁམས་སྙོམས་པའོ། །བེམ་པོའི་རླུང་ཕྲ་བ་ལ་ལོབས་པའི་ཚད་ནི། རེག་པ་བདེ་བ་དང་རླུང་གཡས་གཡོན་སྤོ་ནུས་པའོ། །གསལ་བའི་རླུང་ཤེས་པ་དང་འདྲེས་པ་ལ་ལོབས་པའི་ཚད་ནི་རླུང་གནོད་མེད་དུ་བསྡམས་ནུས་པ་དང་། རླུང་ཕྱི་ནང་དུ་བསྲེ་ནུས་པའོ། དེས་ནི་རླུང་རྣམ་པར་རྒྱལ་བ་ཐོབ་པ་ཡིན་ནོ། །མཐར་ཕྱིན་པའི་ཕན་ཡོན་ནི། ལན་ཅིག་ལྷུན་གྱིས་གྲུབ་པའི་དུས་སུ་དེ་བཞིན་གཤེགས་པའི་གསུང་རྣམ་པར་དག་པ་བསྒྲུབ་པ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན་པར་འགྱུར་བ་དང་། རླུང་དབང་དུ་འདུས་པས་སེམས་དབེན་སྐྱེ་བར་འགྱུར་བ་དང་། སློབ་པའི་ཟུང་འཇུག་གི་སྐུ་ལ་བརྟེན་ནས། ཞི་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་བའོ། །དེ་ལྟར་སེམས་དབེན་གྱི་སྔོན་འགྲོ་ལུས་དབེན་དང་། ངག་དབེན་བཤད་ནས། ད་ནི་སེམས་དབེན་རང་གི་ངོ་བོ་བཤད་པར་བྱ་སྟེ། དེ་ལ་ཡང་སྤྱིའི་དོན་དང་། ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ་ཡང་རྟེན་གྱི་གང་ཟག་དང་། ཤེས་བྱ་དང་། སྤང་བྱ་དང་། དབྱེ་བ་སོ་སོའི་མཚན་ཉིད་དང་། ངེས་ཚིག་བསྟན་པའོ། །སེམས་དབེན་གྱི་རྟེན་གྱི་གང་ཟག་ནི། རྡོ་རྗེའི་བཟླས་པ་མཚར་ཕྱིན་ནས་སེམས་ཙམ་གྱི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པའོ། །ཇི་སྐད་དུ། རྡོ་རྗེ་བཟླས་ནས་རྣལ་འབྱོར་པས། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །སེམས་དབེན་གྱི་ཤེས་བྱ་ནི། ཆོས་ཐམས་ཅད་སེམས་རང་རིག་པ་བདེ་བ་ཆེན་པོའི་རྣམ་པ་ཡིན་ལ། སེམས་དེའང་སྟོང་པ་ཉིད་ལས་བྱུང་ཞིང་། སྟོང་པ་ཉིད་ལ་ཐིམ་པ་ནམ་མཁའ་ལྟར་ཤེས་པར་བྱེད་པ་སྟེ། ཇི་སྐད་དུ། ཐུགས་ཀྱི་རྡོ་རྗེ་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་ན། །ཐུགས་ཀྱི་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་སོ། །སྤང་བྱ་ནི། གཟུང་འཛིན་གྱི་རྟོག་པས་བསྡུས་པའི་རང་བཞིན་བརྒྱད་ཅུའོ། །དབྱེ་བ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། ཤེས་བྱ་སེམས་ཀྱི་མཚན་ཉིད་དང་། སེམས་ལ་དམིགས་པ་ཡེ་ཤེས་ཀྱི་མཚན་ཉིད་དོ། །ཤེས་བྱ་སེམས་ཀྱི་མཚན་ཉིད་ལ་གཉིས་ཏེ། རྟོག་མེད་ཀུན་ཏུ་སྣང་བའི་སེམས་དང་། རྟོག་བཅས་རང་བཞིན་གྱི་སྣང་བའི་སེམས་སོ། །འདི་གཉིས་ཀྱི་ངོས་འཛིན་ལ་སློབ་དཔོན་རྣམས་བཞེད་པ་མི་མཐུན་ཏེ། ནག་པོ་ཞབས་ཀྱི་ལུགས་ཀྱིས་འཕགས་པ་ཡབ་སྲས་ཀྱི་རང་ལུགས་ལ་སེམས་ཀྱི་རྒྱུད་གཅིག་ཡིན་ཏེ། སྤྱོད་བསྡུས་སུ། གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །ཞེས་གསུངས་པ་དང་། ཡིད་ཀྱི་དབང་པོ་སྣང་བ་གསུམ། །ཞེས་གསུངས་སོ། །
འོ་ན་རྣམ་ཤེས་དྲུག་གམ་བརྒྱད་དུ་ཇི་ལྟར་འཇོག་ཅེ་ན། གནས་དང་རྟེན་གྱིས་ཕྱེ་བས་རྣམ་ཤེས་ཚོགས་དྲུག་ཏུ་འགྱུར་ཏེ། དཔེར་ན་ཁང་པ་བུ་ག་དྲུག་ཡོད་པར་མར་མེ་བཏེགས་པ་ན། མར་མེ་དྲུག་གི་སྣང་བ་འབྱུང་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མྱོང་བ་རིག་ཙམ་དེ་ཉིད་མིག་ལ་སོགས་པ་དབང་པོ་ལྔ་ལ་བརྟེན་ནས། གཟུགས་ལ་སོགས་པ་ཡུལ་ལྔའི་སྣང་བ་འབྱུང་བས་དབང་ཤེས་ལྔར་བཞག དེ་ཉིད་རྣམ་ཤེས་སྔ་མ་ལ་བརྟེན་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་རྟོགས་པས་ཡིད་ཤེས་དང་། ང་དང་ང་ཡིར་འཛིན་པས་ཉོན་མོངས་ཅན་གྱི་ཡིད་དང་། མིག་ལ་སོགས་པ་ཆོས་གཞན་གྱི་རྒྱུ་བྱེད་པས་ཀུན་གཞིར་བཞག་གོ །དེ་ལ་ཡིད་ཀྱི་དབང་པོ་རྟོག་མེད་ཅིག་ཉིད་སྐྱེ་བ་ལ་ཕྱོགས་པའི་ཆ་སྣང་བ་དང་། བདེ་བ་ལ་ཕྱོགས་པའི་ཆ་སྣང་བ་མཆེད་པ་དང་། འགག་པ་ལ་ཕྱོགས་པའི་ཆ་སྣང་བ་ཉེར་ཐོབ་བོ། །རྟོག་བཅས་རང་བཞིན་གྱི་སྣང་བ་ནི། དེ་གསུམ་གྱིས་དྲངས་པའི་འཁོར་བ་བསྐྱེད་པའི་རྒྱུ་གློ་བུར་གྱི་དྲི་མ་རང་བཞིན་བརྒྱད་ཅུའོ། །དེ་ལ་རྟོག་མེད་ཀུན་ཏུ་སྣང་བ་ནི། འདིའོ་ཞེས་མྱོང་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་པས་རྟོག་བཅས་རང་བཞིན་གྱི་རྟགས་ལས་རྗེས་སུ་དཔོག་ལ། རང་བཞིན་རྣམས་ནི་མྱོང་སྟོབས་ཀྱིས་ངེས་པ་འདྲེན་པས་མངོན་འགྱུར་ཡིན་ནོ་ཞེས་བཞེད་དོ། །བཙུན་མོ་ཅན་ནི། སྒོ་ལྔའི་རྣམ་ཤེས་རྣམས་ནི་རྟོག་མེད་ཀུན་ཏུ་སྣང་བ་ཡིན་ལ། རྟོག་བཅས་ཡིད་ཀྱི་ཤེས་པ་ནི་རང་བཞིན་སྣང་བ་ཡིན་ནོ། །དེ་ཡང་མིག་གིས་གཟུགས་དང་པོར་མཐོང་བ་སྣང་བ་དང་། ཆེས་གསལ་བར་མཐོང་བ་སྣང་བ་མཆེད་པ་དང་། ཡིད་གཏད་དེ་བལྟས་པས་མི་གསལ་བར་མོག་གིས་མཐོང་བ་ཉེར་ཐོབ་ཡིན་ལ། སྣང་བ་གསུམ་པོ་དེ་ལས་རང་བཞིན་རྣམས་སྐྱེ་ཚུལ་ནི། སྣང་བའི་རྗེས་ཐོགས་སུ་རང་གི་རང་བཞིན་སུམ་ཅུ་རྩ་གསུམ་ལས་གང་རུང་ཞིག་དང་། སྣང་བ་མཆེད་པ་སྐྱེ། སྣང་མཆེད་ཀྱི་རྗེས་ཐོགས་སུ། རང་གི་རང་བཞིན་བཞི་བཅུ་ལས་གང་རུང་དང་། ཉེར་ཐོབ་སྐྱེ་ལ། ཉེར་ཐོབ་ཀྱི་རྗེས་ཐོགས་སུ་རང་གི་རང་བཞིན་བདུན་ལས་གང་རུང་བ་ཞིག་སྐྱེའོ་ཞེས་བཞེད། རབ་ཏུ་སྒྲོན་གསལ་ཏུ། རྣམ་ཤེས་ཚོགས་དྲུག་སྣང་བ་དང་། །ཉོན་ཡིད་སྣང་བ་མཆེད་པ་དང་། ཀུན་གཞི་ཉེར་ཐོབ་བོ་ཞེས་བཤད་མོད། འཐད་པར་མ་མཐོང་ངོ་། །
དེ་ལ་ནག་པོ་ཞབས་ཀྱིས་རྟོག་མེད་སྣང་བ་གསུམ་ཡིད་ཀྱི་དབང་པོ་ལ་བཞག་པ་སྤྱོད་བསྡུས་སུ། འདི་ན་ལུས་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ་གསུམ་པོ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་། ཞེས་སོགས་གསུངས་པ་དང་མཐུན་ཞིང་བཙུན་མོ་ཅན་གྱིས་སྒོ་ལྔའི་རྣམ་ཤེས་ལ་བཞག་པ་ནི་གཞུང་དེ་དང་འགལ་བར་སྣང་ངོ་རྟོག་མེད་ཀུན་ཏུ་སྣང་བ་ལ་དྲུག་སྟེ། སེམས་ཀྱི་དབྱེ་བ་དང་། མིང་གི་རྣམ་གྲངས་དང་། མཚན་ཉིད་དང་། དུས་ཇི་ཙམ་དུ་སྐྱེ་བ་དང་། སེམས་ཀྱི་བྱེད་ལས་དང་། བསྒྲུབ་པའི་རྒྱུའོ། །དབྱེ་ན་གསུམ་སྟེ། སྣང་བ་དང་། སྣང་བ་མཆེད་པ་དང་། ཉེ་བར་ཐོབ་པའོ། །མིང་གི་རྣམ་གྲངས་ལ་མཁས་པ་ལ་བསྟན་པ་དང་། མི་མཁས་པ་ལ་བསྟན་པ་གཉིས་སོ། །མཁས་པ་ལ་བསྟན་པ་ཡང་ཐེག་པ་ཐུན་མོང་དུ་གྲགས་པའི་མིང་དང་རྡོ་རྗེ་ཐེག་པ་ལ་གྲགས་པའི་མིང་ངོ་། །ཐེག་པ་ཐུན་མོང་དུ་གྲགས་པའི་མིང་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། ཀུན་བཏགས་དང་། གཞན་དབང་དང་། ཡོངས་གྲུབ་ཅེས་བྱ་བ་ལ་སོགས་པའོ། །གསང་སྔགས་ལ་གྲགས་པའི་མིང་ནི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེར་ཐོབ་ཅེས་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ཞེས་སོགས་སོ། །
མི་མཁས་པ་ལ་བསྟན་པ་ལ་གཉིས་ཏེ། སྒྲ་མཁས་པ་ལ་བསྟན་པ་དང་། ཐ་མལ་པ་ལ་བསྟན་པའོ། །ཐ་མལ་པ་ལ་བསྟན་པ་ནི། ཉིན་མོ་དང་། མཚན་མོ་དང་། མཚམས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་སོགས་པའོ། །སྒྲ་མཁས་པ་ལ་བསྟན་པ་ནི། ཨཾ་དང་ཨཿདང་ཨས་བསྟན་པའོ། །སེམས་ཀྱི་མཚན་ཉིད་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གི་མཚན་ཉིད་དོ། །སྤྱིའི་མཚན་ཉིད་ལ་གཉིས་ཏེ། ཆོས་ཅན་སེམས་ཀུན་རྫོབ་པའི་མཚན་ཉིད་དང་། སེམས་ཀྱི་ཆོས་ཉིད་དོན་དམ་པའི་མཚན་ཉིད་དོ། །སེམས་ཀུན་རྫོབ་པའི་མཚན་ཉིད་ནི། གཟུང་འཛིན་གྱིས་དབེན་པའི་རང་རིག་གསལ་ཙམ་མོ། །སེམས་ཀྱི་ཆོས་ཉིད་དོན་དམ་པའི་མཚན་ཉིད་ནི། སེམས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ལས་བྱུང་ཞིང་སྟོང་པ་ཉིད་ཀྱི་ངོ་བོ་ནམ་མཁའ་ལྟ་བུ་མཐའ་གང་དུ་ཡང་མི་གནས་པའོ། །དེ་སྐད་དུ་ཡང་། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཞེས་སོ། །བྱེ་བྲག་གི་མཚན་ཉིད་ནི། སེམས་སྣང་མཆེད་ཐོག་གསུམ་པོ་འདི་ནི། ཟླ་བའི་འོད་ཟེར་དང་། ཉི་མའི་འོད་ཟེར་དང་། མུན་པ་གསུམ་གྱི་དཔེས་མཚོན་ནས་བསྟན་པས་དེ་དག་དང་ཆོས་མཚུངས་ཏེ། ཇི་ལྟར་ཟླ་བའི་འོད་ཟེར་ལ་སོགས་པ་དེ་དག་ནམ་མཁའ་ལས་བྱུང་ཞིང་ནམ་མཁར་ཐིམ་པ་བཞིན་དུ། སྣང་བ་གསུམ་པོ་འདི་དག་ཀྱང་དང་པོར་འོད་གསལ་ལས་བྱུང་ཞིང་། མཐར་འོད་གསལ་ལ་ཐིམ་པ་དང་། ཟླ་བའི་འོད་ཟེར་ལ་སོགས་པ་འདི་དག་དངོས་པོ་བཟང་ངན་ཐམས་ཅད་ལ་ཁྱབ་ཀྱང་། དེ་དག་གི་སྐྱོན་ཡོན་གྱིས་མ་གོས་པ་ལྟར། སྣང་བ་གསུམ་པོ་འདི་དག་ཀྱང་བདེ་འགྲོ་དང་། ངན་འགྲོའི་འགྲོ་བ་ཐམས་ཅད་ལ་ཁྱབ་ཀྱང་དེ་དག་གི་སྐྱོན་ཡོན་གྱིས་མི་གོས་པ་དང་། ཟླ་བའི་འོད་ཟེར་ལ་སོགས་པ་དག་རང་གི་ཡུལ་ཅན་གྱི་བློས་ཤེས་པ་གསལ་བྱེད་གཞན་ལ་མི་ལྟོས་པ་ལྟར། སྣང་བ་གསུམ་པོ་འདི་ཡང་རིག་ཅིང་གསལ་བའི་བདག་ཉིད་ཡིན་པས་གསལ་བྱེད་གཞན་ལ་མི་ལྟོས་པའོ། །ཡང་ན་སྣང་བ་ནི་ཟླ་བའི་འོད་ཟེར་ལྟར་གསལ་བ་དང་། སྣང་བ་མཆེད་པ་ནི་ཉི་མའི་འོད་ཟེར་ལྟར་ཆེས་གསལ་བ་དང་། ཉེར་ཐོབ་ནི་མཚམས་ཀྱི་མུན་པ་ལྟར་གསལ་བའི་བྱ་བ་རྫོགས་པ་ཡིན་ནོ། །སྐྱེ་བའི་དུས་ནི། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པར་སྐྱེའོ། །བྱེད་ལས་ནི། སེམས་གསུམ་གྱི་མཚན་ཉིད་མ་རྟོགས་ན་འཁོར་བའི་ཆོས་ཐམས་ཅད་བསྐྱེད་ལ། རྟོགས་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་བྱེད་དོ། །དེ་སྐད་དུ་ཡང་། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་དེ་སྣང་བ་གསུམ་ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་གསུངས་སོ། །སྒྲུབ་པའི་རྒྱུ་ནི། རླུང་དང་ཤེས་པ་སྔ་མའི་སྟོབས་ཀྱིས་འབྱུང་བ་སྟེ། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་བས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཞེས་དགོངས་པ་ལུང་སྟོན་ལས་གསུངས་ཤིང་རྡོ་རྗེ་ཕྲེང་བ་ལས་ཀྱང་། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་བ་གནས་པར་འགྱུར། །ཞེས་གསུངས་སོ། །རྟོག་བཅས་རང་བཞིན་སྣང་བ་ནི། རྟོག་མེད་ཀུན་ཏུ་སྣང་བ་དང་། རླུང་གི་སྟོབས་ཀྱིས་དེའི་རྗེས་སུ་རྒྱུ་བའི་ཡིད་ཀྱི་རྣམ་ཤེས་རྟོགས་པ་དང་བཅས་པ་སྟེ། དེ་ཡང་སྣང་བའི་རང་བཞིན་སུམ་ཅུ་རྩ་གསུམ། མཆེད་པའི་རང་བཞིན་བཞི་བཅུ་ཐམ་པ། ཉེར་ཐོབ་ཀྱི་རང་བཞིན་བདུན་ནོ། །དེ་དག་གི་ནང་སེམས་ཀྱི་གྲངས་དང་གོ་རིམ་ངེས་པ་ནི་མེད་ལ། སྤྱི་ཙམ་ལ་རྒྱུ་ཀུན་ཏུ་སྣང་བ་གསུམ་གྱི་གོ་རིམ་ངེས་པས། དེ་དག་གི་རྗེས་སུ་རྒྱུ་བའི་རང་བཞིན་རྣམས་གོ་རིམ་ངེས་སོ། །རང་བཞིན་རྣམས་ཀུན་ཏུ་སྣང་བ་གསུམ་གྱི་རྗེས་སུ་འཆོལ་བར་མི་འབྱུང་བ་ནི། རྒྱུ་ཀུན་ཏུ་སྣང་བ་གསུམ་གསལ་བ་དང་། ཆེས་གསལ་བ་དང་། མི་གསལ་བར་གནས་པས། དེ་དག་གི་འབྲས་བུ་རང་བཞིན་གསུམ་ཡང་དེ་བཞིན་དུ་གནས་ལ། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའི་ཕྱིར་རོ། །གྲངས་ངེས་ནི། རྣམ་རྟོག་ཆེ་ལོང་ཙམ་ལ་བརྒྱད་ཅུ་ལ་སོགས་པར་ངེས་ཀྱི། དེ་དག་སོ་སོའི་གསལ་བའི་དབྱེ་བ་མཐའ་མེད་དོ། །
རང་བཞིན་རྣམས་གནས་སྐབས་འདིར་བསྟན་པ་ནི། སེམས་དབེན་མི་རྟོག་པ་བསྒོམ་པའི་མི་མཐུན་ཕྱོགས་སུ་བསྟན་པའོ། །སེམས་ལ་དམིགས་པ་ངེས་ཤེས་ཀྱི་མཚན་ཉིད་ལ་ལྔ་སྟེ། དབྱེ་བ་དང་། བསྒྲུབ་པ་དང་། ཉམས་སུ་བླང་བའི་ཐབས་དང་། མཐར་ཕྱིན་པའི་ཚད་དང་། ཕན་ཡོན་ནོ། །དབྱེ་བ་ལ་གཉིས་ཏེ། སེམས་ཀྱི་ཆོས་ཅན་ཀུན་རྫོབ་རིག་པའི་ཡེ་ཤེས་དང་། ཆོས་ཉིད་དོན་དམ་རིག་པའི་ཡེ་ཤེས་སོ། །ཆོས་ཅན་ཀུན་རྫོབ་རིག་པའི་ཡེ་ཤེས་ནི། གཟུང་འཛིན་གྱིས་དབེན་པའི་སེམས་མྱོང་རིག་གསལ་ཙམ་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡེ་ཤེས་སོ། །དོན་དམ་ཆོས་ཉིད་རིག་པའི་ཡེ་ཤེས་ནི། སེམས་ཀྱི་ཆོས་ཉིད་དོན་དམ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་རིག་བྱ་རིག་བྱེད་གཉིས་སུ་མེད་པའི་ཚུལ་གྱིས་མངོན་དུ་གྱུར་པ་སྟེ། དེའང་འོག་ཏུ་འོད་གསལ་གྱི་སྐབས་ནས་སྟོན་ཅིང་། འདིར་སྐབས་སུ་བབ་པ། ཆོས་ཅན་ཀུན་རྫོབ་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏེ། དེའང་རང་རིག་བདེ་བ་རབ་འབྲིང་གསུམ་སྟེ། ཐོག་མར་གཟུང་འཛིན་གྱིས་སྟོང་ཞིང་། བདེ་བའི་སྣམ་པ་གསལ་བར་སྣང་བ་ནི་སྣང་བའི་ཡེ་ཤེས་སོ། །གཟུང་འཛིན་གྱི་རྟོག་པས་ཆེས་སྟོང་ཞིང་ཤིན་ཏུ་བདེ་བའི་སྐད་ཅིག་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ། །གཟུང་འཛིན་གྱི་རྟོག་པ་ཆེས་ཆེར་སྟོང་ཞིང་བདེ་བ་ཆེན་པོའི་སྣང་བ་ཉམས་སུ་མྱོང་བ་ནི་ཉེར་ཐོབ་བོ། །དེ་དག་ལ་ནི་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་ཞེས་ཀྱང་བྱའོ། །ཆོས་ཅན་རིག་པའི་ཡེ་ཤེས་བསྒྲུབ་པའི་རྒྱུ་ནི་གཉིས་ཏེ། འབྱོར་པ་ཅན་རྟག་ཏུ་ཕྱག་རྒྱ་ལ་བརྟེན་པ་དང་། འབྱོར་པ་ཆུང་བ་ལན་ཅིག་ཕྱག་རྒྱ་ལས་མཚོན་ནས། ཕྱིས་རྣལ་འབྱོར་གྱི་སྟོབས་ཀྱིས་བསྒོམ་པའོ། །དེ་སྐད་དུ་ཡང་། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་དང་། གལ་ཏེ་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང་། །བསམ་གཏན་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་རིམ་ལྔ་ལས་གསུངས་སོ། །ཉམས་སུ་བླངས་བའི་ཐབས་ནི། བདེ་བ་བསྡུ་བ་དང་། བདེ་བ་གཟུང་བ་དང་། བདེ་བ་ལོག་པ་དང་། བདེ་བ་སྤྲོ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱ་སྟེ། གདམས་ངག་ལས་ཤེས་སོ། །མཐར་ཕྱིན་པའི་ཚད་ནི། མཉམ་པར་བཞག་པའི་ཚེ་སེམས་བདེ་སྟོང་གཉིས་མེད་དུ་འཆར་བ་བཞིན་དུ། ལངས་པའི་ཚེ་ཡང་ཡུལ་རབ་འབྲིང་ཅི་དང་ཅི་མཐོང་བ་ཐམས་ཅད་གཉིས་མེད་བདེ་བ་ཆེན་པོར་སྣང་སྟེ། རྡོ་རྗེ་ཕྲེང་བ་ལས། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། །དམ་པའི་ཡུལ་ལ་འཇུག་པ་ཡིན། །ཞེས་གསུངས་སོ། །སེམས་ལ་དམིགས་པའི་ཡེ་ཤེས་མཐར་ཕྱིན་པའི་ཕན་ཡོན་ནི་ལྔ་སྟེ། ལན་ཅིག་ལྷུན་གྱིས་གྲུབ་པའི་དུས་སུ་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོ་འབྱུང་བ་དང་། གཞན་གྱི་སེམས་ཤེས་པའི་མངོན་ཤེས་འབྱུང་བ་དང་། བདག་བྱིན་གྱིས་བརླབས་པའི་སྒོ་ལ་ཕྱོགས་པར་འགྱུར་བ་དང་། ས་བཅུའི་དབང་ཕྱུག་དང་འདྲ་བར་འགྱུར་བ་དང་། ལས་དང་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །སེམས་དབེན་གྱི་ངེས་ཚིག་ནི། ཤེས་བྱ་སེམས་ཀྱི་མཚན་ཉིད་ཀུན་ཏུ་སྣང་བ་དང་། རང་བཞིན་སྣང་བ་ནི། ཕྱི་གཟུང་འཛིན་གྱི་རྟོག་པས། རང་བཞིན་གྱིས་དབེན་པས་ན་སེམས་དབེན་ཞེས་བྱ། ལམ་རིག་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི། གཟུང་འཛིན་གྱི་རྟོག་པ་དང་། སེམས་རིག་པས་ཀྱང་དབེན་པས་ན་སེམས་དབེན་ཞེས་བྱའོ། །
གཉིས་པ་ཡན་ལག་གི་དོན་ནི། སྔར་རྒྱས་པར་བཤད་པའི་སེམས་དབེན་གྱི་མཚན་ཉིད་དེ་ཉིད་བསྡུས་ཏེ་སྟོན་པ་ནི། སེམས་ཙམ་ཞིག་ལ་དམིགས་པ་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་ཏེ། ཉོན་མོངས་དང་རྣམ་རྟོག་ལ་སོགས་པ་གློ་བུར་གྱི་དྲི་མས་དབེན་པའི་སེམས་མྱོང་རིག་ཙམ་ཞིག་བསྒོམ་པ་དང་། ཕྱག་རྒྱའི་སྟོབས་ཀྱིས་རིག་བྱ་རིག་བྱེད་གཉིས་སུ་མེད་པའི་ཚུལ་གྱིས་དམིགས་པ་ནི་རིམ་པ་གཉིས་པ་སེམས་ལ་དམིགས་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །
རིམ་པ་གཉིས་པ་ཞེས་པ་ནི། རིམ་པ་དང་པོ་བསྐྱེད་པའི་རིམ་པའི་རྗེས་ཐོགས་སུ་འབྱུང་བས་དེ་སྐད་ཅེས་བྱ་སྟེ། སྐས་ཀྱི་གདང་བུ་གཉིས་པ་ལྟ་བུའོ། །དེ་ལྟར་སེམས་བདེ་བ་ཆེན་པོ་མཐར་ཕྱིན་པ་ལས་སེམས་བདེ་གསལ་རླུང་དང་བཅས་པ་ལས་སྒྱུ་མ་ལྟ་བུ་རང་བྱིན་གྱིས་བརླབ་པ་སྒོམ་དགོས་པས་ན་ཀུན་རྫོབ་སྒྱུ་མ་ལྟ་བུ་བསྟན་པར་བྱའོ། །དེ་ལ་ཡང་དོན་བཅུ་སྟེ། རྟེན་གྱི་གང་ཟག་དང་། སྣོད་དུ་བྱ་བའི་རིམ་པ་དང་། ཡོངས་སུ་ཤེས་པར་བྱ་བའི་ཡུལ་དང་། སྤང་བྱ་མི་མཐུན་ཕྱོགས་དང་། སྒྱུ་ལུས་གྲུབ་པའི་རྒྱུ་དང་། མཚོན་བྱེད་ཀྱི་དཔེ་དང་། བསླབ་བྱའི་ཚུལ་དང་། མཐར་ཕྱིན་པའི་ཚད་དང་། ཕན་ཡོན་དང་། ངེས་ཚིག་གོ །རྟེན་གྱི་གང་ཟག་ནི། སེམས་དབེན་མཐར་ཕྱིན་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པའོ། །སྣོད་དུ་བྱ་བའི་རིམ་པ་ནི། སློབ་དཔོན་གྱིས་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཐུན་མོང་གི་དབང་དགུ་སྔོན་དུ་འགྲོ་བས། གསང་བའི་དབང་བསྐུར་བ་ཐོབ་པར་བྱ་སྟེ། དེའི་སྟོབས་ཀྱིས་གདམ་ངག་གི་གནང་བ་སྦྱིན་པ་དང་། བསྒོམས་པའི་སྣོད་དུ་གྱུར་པའི་ཕྱིར་རོ། །ཤེས་པར་བྱའི་སྤྱོད་ཡུལ་ནི། ཁམས་གསུམ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་དུ་ཤེས་པར་བྱའོ། །དེ་སྐད་དུ་ཡང་། སྒྱུ་མ་ལྟ་བུའི་རང་བཞིན་གྱིས། །དངོས་བདག་ཀུན་ལས་རྣམ་པར་རོལ། །ཞེས་དང་། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདི་བཤད་དེ། །ཞེས་གསུངས་སོ། །སྤང་བྱ་མི་མཐུན་པའི་ཕྱོགས་ནི། སྐུ་ལ་སོགས་པའི་སྣང་བ་ཐམས་ཅད་ནུབ་པའི་གཉིས་མེད་ཀྱི་ཤེས་པ་བདེ་གསལ་ཙམ་མཐར་ཐུག་ཏུ་འདོད་པ་དེ་ནི་འདིར་སྤང་བྱ་ཡིན་ཏེ། སྒྱུ་མ་ལྟ་བུའི་ལྷ་སྐུ་བསྒོམས་པ་མེད་པར་བདེ་གསལ་སྣང་བ་མེད་པ་ཙམ་བསྒོམས་པས། འོད་གསལ་ལ་ཞུགས་པའི་མཇུག་ཐོགས་སུ་ཟུང་འཇུག་དག་པའི་སྒྱུ་ལུས་སུ་ལྡང་བར་མི་འགྱུར་ཏེ། དག་པའི་སྒྱུ་ལུས་ཀྱི་ཉེར་ལེན་མ་བསྒོམ་པའི་ཕྱིར་རོ། །དེ་བས་ན་འདིར་དམིགས་མེད་ཀྱི་མི་རྟོག་པ་ཙམ་བསྒོམ་པ་མཉམ་གཞག་སྒྱུ་མར་འདོད་པ་ནི། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་ཕྱི་རོལ་དུ་གྱུར་བ་ཡིན་སྟེ། འཕགས་པ་ཡབ་སྲས་ཀྱིས་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་པ་སྒོམ་པ་ཉིད་སྒྱུ་ལུས་སུ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྒྱུ་མའི་རིམ་པ་ལས། དངོས་དང་དངོས་མེད་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་ཤིན་ཏུ་ཡང་དག་ལ། །གཟུགས་བརྙན་སྣང་བ་དག་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཞེས་དེ་བཤད་དོ། །ཞེས་དང་། སྤྱོད་བསྡུས་ལས། དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་རྟོགས་པར་བགྱིད་འཚལ་ལོ། །ཞེས་དང་། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཉིད་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ཡང་། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི། སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ། །ཞེས་དང་། དེ་ནས་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་། སྣ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་བར་འགྱུར་རོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་བས་ན་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་གི་རྣམ་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས། བསྒོམ་པ་འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་མ་དག་པའི་ལུས་སྤངས་ནས། དག་པའི་སྒྱུ་ལུས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པའི་ཐུན་མོང་མ་ཡིན་པའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། དེའང་འཕགས་པ་ཀླུ་སྒྲུབ་ལས་བརྒྱུད་པའི་མན་ངག་ཁོ་ན་ལ་བཞུགས་ཀྱི། རྒྱུད་དང་མན་ངག་གཞན་པ་ལ་མིང་ཙམ་ཡང་མེད་པས། གསང་བ་འདུས་པ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གདམ་ངག་ཡིན་བཞིན་དུ། དེའི་གནད་མ་གོ་བར་འདིའི་སྒྱུ་ལུས་དང་། དུས་འཁོར་ནས་བཤད་པའི་སོར་སྡུད་བསམ་གཏན་དོན་གཅིག་ཏུ་འདོད་པ་ནི་ཆེས་ཤིན་ཏུ་རྣམ་པར་འཁྱམས་པ་ཡིན་ནོ། །
སྒྱུ་མ་ལྟ་བུ་བསྒྲུབ་པའི་རྒྱུ་ནི། སེམས་བདེ་གསལ་ཙམ་གྱི་ཉེར་ལེན་དང་རླུང་ལྔའི་ལྷན་ཅིག་བྱེད་རྐྱེན་ལས་འགྲུབ་ཏེ། སྒྱུ་མའི་རིམ་པ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་རླུང་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས་ཀྱང་། ཚིག་གི་ལམ་གྱི་ཡུལ་དེ་ཉིད། །གཙོ་བོའི་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་ལྟ་བུར་སྣང་བ་ཡིན། །ཞེས་གསུངས་སོ། །སྒྱུ་མ་ལྟ་བུའི་མཚོན་བྱེད་ཀྱི་དཔེ་ནི། སྤྱིར་བཅུ་གཉིས་ཡིན་མོད། འོན་ཀྱང་དེ་དག་ལ་དཔེའི་གཙོ་བོ་གསུམ་སྟེ། སྐད་ཅིག་ཙམ་གྱིས་ཡན་ལག་དང་ཉིང་ལག་རྫོགས་པར་གྲུབ་པའི་དཔེ་ནི། མེ་ལོང་ནང་གི་གཟུགས་བརྙན་ནོ། །སྤྱོད་ཡུལ་ཐམས་ཅད་ལ་ཁྱབ་པའི་དཔེ་ནི་ཆུའི་ཟླ་བའོ། །ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཁ་དོག་སེར་པོ་སྣང་བའི་དཔེ་ནི་ནམ་མཁའི་འཇའ་མཚོན་ནོ། །དེ་སྐད་དུ་ཡང་། སྒྱུ་མའི་རིམ་པ་ལས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་དེ་ཤེས་པར་བྱ། ཁ་དོག་ནམ་མཁའི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་སོ། །སྒྱུ་མའི་ལུས་ལ་བསླབ་པའི་ཚུལ་ནི། དང་པོར་ཚད་མེད་བཞི་བསྒོམས་ནས། དེའི་རྗེས་ལ་རང་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་ལོངས་སྐུ་ཁ་དོག་དཀར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཉམས་བདེ་གསལ་རྣམ་པ་ལྷར་སྣང་བ། མེ་ལོང་གི་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་གཅིག་ཏུ་སྐྱེད་དེ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཏད་ནས། ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ་མན་ངག་ལས་ཤེས་པར་བྱའོ། །སྒྱུ་ལུས་མཐར་ཕྱིན་པའི་ཚད་ནི། མཉམ་པར་མ་བཞག་པ་ན་ཡང་རང་ཉིད་ཇི་ལྟར་བསྒོམ་པ་ལྟར་གྱི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གསལ་བ་དང་། དངོས་པོ་རྣམས་ལ་ཞེན་པ་ཆུང་བ་དང་། ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་མཆོད་པ་དང་། ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པ་དང་། རྨི་ལམ་དུ་ཡང་རྒྱུ་ནས་ཤེས་པ་ལྟར་གྱི་མཚན་མ་རྣམས་འབྱུང་བའོ། །
ཕན་ཡོན་ནི། རྒྱུ་ཀུན་རྫོབ་དེ་ལས། འབྲས་བུ་འོད་གསལ་སྐྱེ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་དག་པའི་སྒྱུ་ལུས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཐོབ་པར་འགྱུར་བའོ། །དེ་སྐད་དུ་ཡང་སྒྱུ་མའི་རིམ་པ་ལས། བདག་བྱིན་བརླབས་པའི་རིམ་གྱིས་ནི། །འོད་གསལ་བ་ཉིད་ཐོབ་པར་འགྱུར། །ཞེས་དང་། བདག་ལ་བྱིན་རླབས་ཐོབ་པའི་མི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ངེས་ཚིག་ནི། དེ་ལྟ་བུའི་བདག་བྱིན་གྱིས་བརླབས་པའི་རིམ་པ་དེ། བསམ་གཏན་གཉིས་ཀྱིས་མ་བཤིག་པར་འོད་གསལ་མངོན་དུ་མི་འགྱུར་བས། དོན་དམ་ལ་སྒྲིབ་ཅིང་དབང་པོ་ལ་སྣང་བས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །སྔར་བཤད་པ་དེ་རྣམས་ཀྱི་དོན་བསྡུས་ནས་སྟོན་པ་ནི། ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཞེས་ཏེ། སྒྱུ་མའི་སྐུ་དེ་བསམ་གཏན་གཉིས་ཀྱིས་མ་བཤིག་པར་འོད་གསལ་མངོན་དུ་མི་འགྱུར་བས་དོན་དམ་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ། མིག་ལ་སྣང་བ་ཙམ་ཡིན་པས་ན་བདེན་པ། ནམ་མཁའི་འཇའ་ཚོན་ལྟར་འོད་ཟེར་ལྔས་བརྒྱན་པས་ན་ཡིད་དུ་འོང་བ་སྟེ། དེ་ལྟ་བུའི་ཀུན་རྫོབ་སྒྱུ་མའི་ཏིང་ངེ་འཛིན་དེ་ནི། རིམ་པ་གཉིས་པ་སེམས་ལ་དམིགས་པའི་རྗེས་ཐོགས་སུ་བསྟན་ཅིང་བསྒོམ་པར་བྱ་བ་ཡིན་པས་ན་རིམ་པ་གསུམ་པ་ཞེས་བྱ་སྟེ། སྐས་ཀྱི་གདང་བུ་གསུམ་པ་ལྟ་བུའོ། །
དེ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་མཐར་ཕྱིན་ནས། དོན་དམ་པའི་བདེན་པ་ལ་བསླབ་པར་བྱ་བ་ཡིན་པས། དོན་དམ་པའི་བདེན་པ་བཤད་པར་བྱ་སྟེ། དེ་ལ་ཡང་དོན་བཅུ་སྟེ། རྟེན་གྱི་གང་ཟག་དང་། སྣོད་དུ་བྱ་བའི་རིམ་པ་དང་། ཤེས་བྱའི་ཡུལ་དང་། སྤང་བྱ་མི་མཐུན་ཕྱོགས་དང་། མངོན་པར་བྱང་ཆུབ་པའི་རིམ་པའི་མཚན་ཉིད་དང་། དེ་ལ་བསླབ་པའི་རིམ་པ་དང་། མཚོན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། བསྒོམ་པ་མཐར་ཕྱིན་པའི་ཚད་དང་ཕན་ཡོན། མིང་གི་རྣམ་གྲངས། ངེས་ཚིག་དང་བཅས་པའོ། །དོན་དམ་བདེན་པ་ལ་འཇུག་པའི་རྟེན་གྱི་གང་ཟག་ནི། ཀུན་རྫོབ་བདེན་པ་མཐར་ཕྱིན་ཞིང་ཐམས་ཅད་སྟོང་པ་འོད་གསལ་གྱི་ཏིང་ངེ་འཛིན་ལ་འདོད་པ་ཡོད་པའོ། །སྣོད་དུ་བྱ་བའི་རིམ་པ་ནི། རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ནས། ཚོགས་ཀྱི་དཀྱིལ་འཁོར་དུ་མཆོད་པ་ཆེན་པོ་བྱས་པའི་རྗེས་ལ་ཐུན་མོང་གི་དབང་དགུ་དང་། གསང་བའི་དབང་སྔོན་དུ་འགྲོ་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཤེས་བྱ་ནི། ཆོས་ཐམས་ཅད། ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་མཐར་ཐུག་པར་ཤེས་པར་བྱའོ། །སྤང་བྱ་མི་མཐུན་པའི་ཕྱོགས་ནི། སྒྱུ་མ་ལྟ་བུའི་སྐུ་དེ་ལ། དངོས་པོ་དང་མཚན་མར་འཛིན་པའི་རྟོག་པའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་མཚན་ཉིད་ལ། ངོ་བོ་དང་། དབྱེ་བ་གཉིས་ཀྱི་མངོན་པར་བྱང་ཆུབ་པའི་ངོ་བོ་ལ། རྒྱ་བོད་ཀྱི་བླ་མ་མང་པོ་ཞིག་སྣང་བ་གསུམ་ཉེ་བར་ནུབ་པའི་གཉིས་སུ་མེད་པའི་ཤེས་པ་མྱོང་རིག་གསལ་ཙམ་མ་འགག་པ་དེ་ཉིད། ཐམས་ཅད་སྟོང་པ་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་ནོ་ཞེས་བཞེད་དོ། །
ཡུལ་གྱི་སྣང་བ་ནུབ་པའི་གཉིས་མེད་ཀྱི་ཤེས་པ་མཐར་ཐུག་རྟོགས་པའི་ཡེ་ཤེས་སུ་འདོད་པ་འདི་ནི། འཕགས་པ་ཡབ་སྲས་ཀྱི་ལུགས་མ་ཡིན་གྱི། སེམས་ཙམ་རྣམ་རྫུན་པའི་འདོད་པ་ཡིན་ཏེ། ཐེག་བསྡུས་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །ཞེས་དང་། མི་ཞིག་མིག་ནི་བཙུམ་པ་ལྟར། མཉམ་པར་བཞག་པའི་ཤེས་དེ་འདྲ། །དེ་ཉིད་མིག་ནི་ཕྱེ་བ་ལྟར། །རྗེས་ལས་ཐོབ་པའི་ཤེས་དེ་བཞིན། །ཞེས་གསུངས་ཤིང་། སློབ་དཔོན་ཤཱན་ཏི་པས་བརྟག་གཉིས་ཀྱི་དཀའ་འགྲེལ་མུ་ཏིག་གི་ཕྲེང་བར། ཇི་སྲིད་གང་གི་རྣམ་པར་སྣང་བ་འཇུག་པ་དེ་སྲིད་དུ་དོན་དམ་པའི་བདེན་པ་མཐོང་བ་མ་ཡིན་ཏེ། རབ་རིབ་ཅན་གྱིས་སྐྲ་ཤད་དང་ཤ་སྦྲང་ལ་སོགས་པ་མཐོང་བ་ནི། སྐྲ་ཤད་ལ་སོགས་པའི་སྟོང་པ་མི་མཐོང་བ་བཞིན་ནོ། །ཅི་སྟེ་དེའི་ཆོས་ཐམས་ཅད་ལ་དམིགས་པས་མིང་དང་རྒྱུ་མཚན་ཐམས་ཅད་སྤངས་ཏེ། བརྗོད་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི། སྔོན་གྱི་རབ་ཏུ་སྦྱོར་བའི་བག་ཆགས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པ་དང་། མངོན་པར་འདུ་བྱེད་པ་མེད་པར་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་ནས་རྣམ་པར་མི་རྟོག་པ་དང་། སྣང་བ་མེད་པའི་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། གཅིག་ཏུ་དྲི་མ་མེད་པ་མཐའ་ཡས་ཤིང་ནམ་མཁའ་ལྟ་བུ། འཇིག་རྟེ་ལས་འདས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཙོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་ལམ་སྐྱེ་བར་འགྱུར་ཏེ་ཞེས་བཤད་པའི་ཕྱིར་རོ། །
དེ་བས་ན་འཕགས་པ་ཡབ་སྲས་ནི། ཡུལ་གྱི་སྣང་བ་མེད་པའི་ཤེས་པ་གཏན་མི་ཤེས་ཏེ། ཤེས་པ་དང ཤེས་བྱ་ཕན་ཚུན་ལྟོས་པས། ཤེས་པ་ལ་ཡུལ་སྣང་བས་ཁྱབ་པར་བཞེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་འཇུག་པར། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅིང་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་དང་། ཡུལ་མེད་ན་ཡང་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ན་ཡང་ཡུལ་མེད་མ་འཛིན་ཅིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་བཤད་པའི་ཕྱིར་རོ། །དོན་དམ་ཤེས་པའ་ིཡུལ་དུ་བྱེད་པར་ཡང་མི་བཞེད་དེ། ཚིགས་གསལ་ལས། རྣམ་པར་ཤེས་པ་ནི་མཚན་མ་ལ་དམིགས་པ་ཡིན་ན། མྱ་ངན་ལས་འདས་པ་ལ་ནི་མཚན་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་རེ་ཞིག་རྣམ་པར་ཤེས་པས་དམིགས་པར་བྱེད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། སྤྱོད་འཇུག་ལས་ཀྱང་དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་འཕགས་པ་ཡབ་སྲས་ནི། འོད་གསལ་གྱི་ངོ་བོ་འཕགས་པའི་མཉམ་གཞག་ཡེ་ཤེས་སུ་བཞེད་ལ། ཡེ་ཤེས་དེ་ཡང་ཆུ་ལ་ཆུ་བཞག་པ་བཞིན་དུ་རྣལ་འབྱོར་པའི་སེམས་སྐྱེ་མེད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་དུ་ཐིམ་པ་དོན་དམ་པའི་བདེན་པར་བཞེད་དེ། མངོན་པར་བྱང་ཆུབ་པའི་རིམ་པ་ལས། གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་མིན་སྡིག་པའི་གཟུགས་མ་ཡིན། །བསོད་ནམས་སྡིག་པའི་བདག་མིན་མཆོག་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་དང་། སྤྱོད་བསྡུས་ལས་ཀྱང་། འོད་གསལ་གྱི་མིང་གི་རྣམ་གྲངས་སྟོན་པ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་སྐུ་ཞེས་བཤད་ཅིང་། སྒྲོན་གསལ་ལས་ཀྱང་། གང་ལ་རྟོག་པ་མེད་པ་དེ་ནི་ཡེ་ཤེས་སོ། །དེ་གང་ཡིན་ཞེ་ན། དོན་དམ་པའི་བདེན་པ་བརྗོད་དུ་མེད་པ་ཉིད་ཡིན་པས་སོ། །ཞེས་དང་། ཚིག་གསལ་ལས། ཡེ་ཤེས་ནི་སྟོང་པ་ཉིད་ལ་དམིགས་པར་འགྱུར་དགོས་ལ། དེ་ཡང་མ་སྐྱེས་པའི་རང་བཞིན་ཉིད་ཡིན་པས། ཇི་ལྟར་ཡོད་པ་མ་ཡིན་པའི་རང་བཞིན་དེས། མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་། དངོས་པོ་མེད་པ་མ་ཡིན་ཞེས་བྱ་བར་འཛིན་པར་བྱེད་དེ། ཡེ་ཤེས་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང་། དབུ་མ་འཇུག་པ་ལས་ཀྱང་། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་ལས་དེ་ཡིས་དེ་སྤོངས་ཤེས་པར་བརྗོད་བྱ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་འོད་གསལ་དེ་བཞིན་ཉིད་ཡིན་ན། ཀུན་རྫོབ་ཀྱི་བདེན་པ་དང་རྒྱུ་འབྲས་སུ་བཤད་པ་དང་། ལུགས་བཟློག་གི་སྣང་བ་གསུམ་འོད་གསལ་ལས་སྐྱེ་བར་བཤད་པ་དང་འགལ་ཏེ། དེ་བཞིན་ཉིད་ནི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཞེ་ན། དོན་དམ་པར་ནི་དངོས་པོ་དང་དངོས་པོ་མེད་པ་གང་ལ་ཡང་རྒྱུ་འབྲས་ཀྱི་ཐ་སྙད་མི་འཐད་ལ། ཀུན་རྫོབ་ཏུ་གཞན་རྗེས་སུ་བཟུང་བའི་ཐབས་སུ། ཆོས་ཀྱི་སྐུ་ཉིད་ལ་ཡང་འཕགས་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་ཐ་སྙད་མཛད་དེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་ཆོས་སྐུ་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུར་བཤད་ཅིང་། ཆོས་ཀྱི་སྐུ་ལ་བསྟོད་པ་ན། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པའི་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །ཞེས་ཆོས་སྐུ་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུར་ཡང་བཤད་པའི་ཕྱིར་རོ། །དེ་བས་ན་འོད་གསལ་གྱི་ངོ་བོ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པ་རྒྱ་བོད་དུ་ཆེས་ཉུང་ཞིང་། ཁོ་བོས་ཇི་ལྟ་བ་བཞིན་བཤད་པ་ལ། སྐལ་བ་དང་ལྡན་པ་དག་ཡིད་ཆེས་པར་མཛོད་ཅིག །མངོན་པར་བྱང་ཆུབ་པའི་དབྱེ་བ་ནི་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའོ། །ཕྱིའི་མངོན་པར་བྱང་ཆུབ་པ་ནི་ཕྱི་དཔེའི་སྒོ་ནས་མཚོན་པ་སྟེ། དེ་ཡང་། སྣང་བའི་དཔེ་ནི་མཚན་མོ་ཟླ་བའི་འོད་ཟེར་ཤར་བའོ། །སྣང་བ་མཆེད་པའི་དཔེ་ནི་ཉིན་མོ་ཉི་མའི་འོད་ཟེར་ཤར་བའོ། །ཉེར་ཐོབ་ཀྱི་དཔེ་ནི་སྲོད་ཀྱི་མཚམས་ཀྱི་མུན་པའོ། །འོད་གསལ་གྱི་དཔེ་ནི་ཟླ་བའི་འོད་ཟེར་འདས་ཤིང་ཉི་མའི་འོད་ཟེར་མ་ཤར་ལ། མཚམས་ཀྱི་མུན་པ་ནུབ་པ། ཐོ་རངས་ཀྱི་དུས་ཀྱི་སྤྲིན་མེད་པའི་ནམ་མཁའ་དྭངས་པ་སྟེ། དེའི་དུས་སུ་སྣང་མུན་གྱིས་སྒྲིབ་བྱེད་དང་བྲལ་བས། ནམ་མཁའི་རང་བཞིན་རང་མདོག་ཇི་ལྟ་བ་བཞིན་དུ་མཐོང་བས། གནས་ལུགས་རྟོགས་པའི་འོད་གསལ་གྱི་དཔེར་རུང་ངོ་། །ནང་གི་མངོན་པར་བྱང་ཆུབ་པ་ནི་བཞི་སྟེ། སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པ་འོད་གསལ་ལོ། །དེ་ལ་འབྱུང་བ་བཞི་རིམ་གྱིས་འགགས་ཏེ། རྣམ་ཤེས་འོད་གསལ་ལ་ཐིམ་པའི་དུས་སུ་འདོད་ཆགས་ལས་གྱུར་པའི་རང་བཞིན་སུམ་ཅུ་རྩ་གསུམ་འགག་པས་ཟླ་བའི་འོད་ཟེར་ལྟར་སེམས་ཀྱི་རང་བཞིན་གསལ་པོར་ཉམས་སུ་མྱོང་བ་ནི། སྟོང་པ་དང་པོ་སྣང་བའི་ཡེ་ཤེས་སོ། །
དེ་ནས་ཞེ་སྡང་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པ། ཉི་མའི་འོད་ཟེར་ལྟར་སེམས་ཀྱི་རང་བཞིན་ཆེས་གསལ་པོར་ཉམས་སུ་མྱོང་བ་ནི། སྟོང་པ་གཉིས་པ་སྣང་བ་མཆེད་པའི་ཡེ་ཤེས་སོ། །དེ་ནས་གཏི་མུག་ལས་གྱུར་པའི་རང་བཞིན་བདུན་འགགས་པས། མཚམས་ཀྱི་མུན་པ་ལྟར། སེམས་འགགས་པ་ལ་ཕྱོགས་ཏེ་མི་གསལ་བར་གྱུར་པ་ནི་སྟོང་པ་ཆེན་པོ་སྣང་བ་ཉེར་ཐོབ་བོ། །དེ་ནས་སེམས་ཀྱི་རྒྱུ་བ་མ་ལུས་པ་འགགས་ཏེ་སྤྲིན་མེད་པ་ཐོ་རངས་ཀྱི་ནམ་མཁའ་ལྟར། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ལ་མི་གནས་པའི་ཚུལ་གྱིས་གནས་པ་ནི། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ཡང་ཇི་སྐད་དུ། ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །མངོན་པར་བྱང་ཆུབ་པ་དེ་མངོན་དུ་བྱེད་པའི་ཐབས་ལ་བསླབ་པའི་ཚུལ་ནི། རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀྱིས་སྒྱུ་ལུས་བཤིག་པ་ལས། འོད་གསལ་མངོན་སུམ་དུ་འགྱུར་ལ། བསམ་གཏན་གཉིས་པོ་དེའང་ཕྱིས་གཞུང་ནས་འཆད་པར་འགྱུར་རོ། །
མངོན་པར་བྱང་ཆུབ་པ་དེ་མཚོན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ཕྱི་ནང་གི་མངོན་པར་བྱང་ཆུབ་པ་གཉིས་དང་། དེ་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་ཀྱི་མན་ངག་བླ་མའི་ངག་ལ་བརྟེན་ནས་ཐོབ་པའི་རྗེས་ལ། སྔར་བསྟན་པའི་དོན་སློབ་མའི་མངོན་སུམ་དུ་ཉམས་སུ་མྱོང་བར་བྱ་བའི་ཕྱིར། བླ་མས་ལེགས་པར་བསླབས་པའི་ཕྱག་རྒྱ་སློབ་མའི་ལག་ཏུ་གཏད་ནས་དངོས་པོ་ཐམས་ཅད་དང་བྲལ་བ། ཞེས་སོགས་ཀྱི་ཚིགས་སུ་བཅད་པའི་དོན་བརྗོད་པ་ནི། ཤེས་རབ་ཀྱི་དབང་ཡིན་ལ། མན་ངག་ཇི་ལྟ་བ་བཞིན་དུ་དེ་དང་སྙོམས་པར་ཞུགས་པ་ས་སྔར་བསྟན་པའི་མངོན་པར་བྱང་ཆུབ་པ་བཞིའི་དོན་ཉམས་སུ་མྱོང་བ་ནི་ཡེ་ཤེས་ཀྱི་དབང་ངོ་། །དེ་སྐད་དུ་ཡང་། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་གསུངས་སོ། །ཅི་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་སྨིན་བྱེད་ཀྱི་ལམ་ཡིན་པས། མངོན་པར་བྱང་ཆུབ་པའི་མན་ངག་བསྟན་པའི་སྔོན་དུ་འགྲོ་བར་རིགས་ན། ཅིའི་ཕྱིར་འདིར་ཕྱིས་བརྩམ་པར་བྱ་ཞེ་ན། མན་ངག་བསྟན་པའི་སྣོད་དུ་རུང་བ་ནི། སྔར་གསང་དབང་བསྐུར་བ་ཉིད་ཀྱིས་བྱས་པ་ཡིན་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་ཕྱིས་བསྐུར་བ་ནི། དོན་མད་བདེན་པ་ཉམས་སུ་ལེན་པའི་སྣོད་དུ་བྱས་པ་ཡིན་ནོ། །ཡང་ན། དོན་དམ་གྱི་སྣོད་དུ་བྱེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་སྨིན་བྱེད་ཀྱི་ལམ་ནི། སྔར་གསང་དབང་དང་འབྲེལ་བར་བསྐུར་བས། མན་ངག་གི་སྔོན་དུ་སོང་བ་ཡིན་ལ། འདིར་ཕྱིས་བསྐུར་བས་ནི། མན་ངག་གི་པྲ་ཁྲིད་ལ་བསླབ་པའི་ཕྱིར་བསྐྱལ་ཏེ་བསྐུར་བས་ཏེ། ཇི་སྐད་དུ་ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་གསུངས་པའི་ཕྱིར་ཏེ། གཞན་དུ་ན་སླར་ཡང་ཞེས་པའི་ཚིག་མི་རིགས་པར་འགྱུར་རོ་ཞེས་སྔོན་གྱི་བླ་མ་དག་གསུང་ངོ་། །འོད་གསལ་མཐར་ཕྱིན་པའི་ཚད་ནི། མཉམ་པར་བཞག་པའི་དུས་སུ་དངོས་པོའི་མཚན་མ་ཐམས་ཅད་ནུབ་པ་དང་། དེའི་ལུས་ལ་མཚོན་ལ་སོགས་པ་ཕྱིའི་འབྱུང་བས་གཞིག་མི་ནུས་པ་དང་། དྲུང་དུ་དུང་དང་རྔ་ལ་སོགས་པའི་སྒྲ་ཇི་ཙམ་དྲག་ཀྱང་མཉམ་གཞག་ལས་བསྐྱོད་མི་ནུས་པ་དང་། མཉམ་གཞག་ལས་ལངས་པའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ཉིད་དུ་མྱོང་སྟོབས་ཀྱིས་ཡིད་ཆེས་པས། ཉོན་མོངས་དང་རྣམ་རྟོག་གི་མཚན་འཛིན་མི་སྐྱེད་པའོ། །
མཐར་ཕྱིན་པའི་ཕན་ཡོན་ནི། འཁོར་བའི་འཆིང་བ་ལས་གྲོལ་བ་དང་། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བས་ཏེ། ཇི་སྐད་དུ། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སོགས་གསུངས་སོ། །མིང་གི་རྣམ་གྲངས་ནི། དོན་དམ་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་སྐུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་མཚན་གྱི་རྣམ་གྲངས་དྲུག་ཅུ་ཙམ་སྤྱོད་བསྡུས་ལས་གསུངས་སོ། །ངེས་ཚིག་ནི། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པས་དོན་དམ་པ་དང་། མི་འགྱུར་བས་དེ་བཞིན་ཉིད་དང་། ཕྱིན་ཅི་་མ་ལོག་པས་ཡང་དག་པའི་མཐའ་དང་། རང་བཞིན་གྱིས་དག་པས་འོད་གསལ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་བྱེད་པས་ཆོས་ཀྱི་སྐུ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ། །
དེ་དག་གི་དོན་བསྡུ་བ་ནི། ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཞེས་ཏེ། ཀུན་རྫོབ་བདེན་པ་ནི་སྔར་བསྟན་པའི་སྒྱུ་མ་ལྟ་བུའི་སྐུ་ཡིན་ལ། དེ་དག་པར་བྱེད་པ་ནི་འོད་གསལ་བའི་རིམ་པ་སྟེ། སྒྱུ་མ་བསམ་གཏན་གཉིས་ཀྱིས་བཤིགས་ཏེ། འོད་གསལ་ལ་མངོན་དུ་བྱས་པ་ལས། སྒྱུ་མ་ལ་དངོས་པོའི་མཚན་མར་འཛིན་པ་དག་པར་འགྱུར་བའི་ཕྱིར་རོ། །
དེས་ན་འོད་གསལ་བའི་རིམ་པ་དེ་ནི། ཀུན་རྫོབ་བདེན་པ་སྒྱུ་མའི་རྗེས་ཐོགས་སུ་བསྟན་ཅིང་། བསྒོམ་པར་བྱ་བ་ཡིན་པའི་ཕྱིར། རིམ་པ་བཞི་པ་ཞེས་བརྗོད་དེ། སྐས་ཀྱི་གདང་བུ་བཞི་པ་ལྟ་བུའོ། །དེ་ལྟར་དོན་དམ་པའི་བདེན་པ་མཐར་ཕྱིན་ནས། གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ལ་བསླབ་པར་བྱ་བ་ཡིན་པས། དེ་བཤད་པར་བྱའོ། །དེ་ལ་ཡང་དོན་བརྒྱད་དེ། རྟེན་གྱི་གང་ཟག་དང་། ཤེས་པར་བྱ་བའི་སྤྱོད་ཡུལ་དང་། མཚོན་པར་བྱེད་པའི་མཚན་ཉིད་དང་། བསླབ་པར་བྱ་བའི་ཚུལ་དང་། བསླབ་པ་མཐར་ཕྱིན་པའི་ཚད་དང་། མཐར་ཕྱིན་པའི་ཕན་ཡོན་དང་། མིང་གི་རྣམ་གྲངས་དང་། ངེས་ཚིག་བསྟན་པའོ། །དེ་ལ་ཟུང་འཇུག་གི་རྟེན་གྱི་གང་ཟག་ནི། དོན་དམ་པའི་བདེན་པ་མཐར་ཕྱིན་པར་བྱས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་ལ་འདོད་པ་ཡོད་པའོ། །
ཤེས་པར་བྱ་བའི་སྤྱོད་ཡུལ་ནི། ཆོས་ཐམས་ཅད་བདེན་གཉིས་དབྱེར་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །མཚོན་བྱེད་ཀྱི་མཚན་ཉིད་ལ་གཉིས་ཏེ། ས་མཚམས་ངོས་བཟུང་བ་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ས་མཚམས་ལ། ཨ་བྷ་ཡ་དང་ཤཱན་ཏི་པ་ལ་སོགས་རྒྱ་བོད་ཀྱི་མཁས་པ་ཕལ་ཆེ་བ་དག །ཕར་ཕྱིན་ཐེག་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། སྔགས་ཀྱི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དོན་གཅིག་ཅིང་། ངོ་བོ་དང་སྤངས་རྟོགས་ཕྲིན་ལས་སོགས་ལ་ཁྱད་པར་མེད་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཐོབ་དགོས་ལ། སྔགས་ཀྱི་ལམ་གྱིས་ཚེ་འདི་ཉིད་ལ་ཐོབ་པས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པར་བཞེད་དེ། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་དོ། །རྣལ་འབྱོར་གྱི་དབང་ཕྱུག་གི་མན་ངག་མངའ་བའི་བླ་མ་རྗེ་ས་སྐྱ་པ་རྣམས་ནི། འདི་ལྟར་བཞེད་དེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི། ཕར་ཕྱིན་ཐེག་པའི་མཐར་ཐུག་ཡིན་ལ། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ནི་སྔགས་ཀྱི་མཐར་ཐུག་ཡིན་ལ། དེ་ཡང་། སྤངས་པ་དང་། རྟོགས་པ་དང་། གནས་གྱུར་དང་གསུམ་གྱི་སྒོ་ནས་ཁྱད་པར་འཕགས་ཏེ། དེ་ཡང་འདི་ལྟར། སྤངས་པའི་ཁྱད་པར་ནི། སྔ་མས་ནི་འཁོར་དང་ཞིང་སོགས་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་ཕྲ་མོ་མ་སྤངས་པ། ཕྱི་མས་སྤངས་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ནི། སྔ་མས་ཆོས་ཐམས་ཅད་གཉིས་སུ་མེད་པའི་ངོ་བོ་ཐུགས་སུ་མ་ཆུད་ཅིང་། ཕྱི་མས་ཐུགས་སུ་ཆུད་པའི་ཕྱིར་རོ། །གནས་གྱུར་པའི་ཁྱད་པར་ནི། སྤངས་རྟོགས་མཐར་ཕྱིན་པ་ཐོབ་པ་ཡང་ལུས་རྩ། རྩ་ཡི་གེ སྙིང་པོ་ཡེ་ཤེས་རླུང་། ཁམས་བྱང་ཆུབ་ཀྱི་སེམས་ཏེ། རྟེན་དཀྱིལ་འཁོར་བཞི་གནས་གྱུར་པ་ལ་རག་ལས་ཤིང་། དཀྱིལ་འཁོར་བཞི་གནས་གྱུར་པ་ཡང་དབང་བཞིའི་ལམ་བསྒོམ་པ་ལ་ལྟོས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་གྱུར་མཐར་ཕྱིན་པ་མེད་དོ། །དེ་བས་ན་ཕར་ཕྱིན་ཐེག་པའི་ལམ་གྱིས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མན་ཆད་བགྲོད་ནུས་ཀྱང་། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པ་དབང་བཞི་པའི་ལམ་ཉེ་རྒྱུ་བསྟེན་པ་ལ་ལྟོས་དགོས་སོ། །དེས་ན་ཀུན་ཏུ་འོད་ཀྱི་ས་ནི་བདེ་བར་གཤེགས་པའམ། སངས་རྒྱས་ཀྱི་ས་ཡིན་གྱི། རྡོ་རྗེ་སེམས་དཔའི་ས་མ་ཡིན་ཏེ། སམྦུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི། བདེ་བར་གཤེགས་པ་སྟེ་སངས་རྒྱས་ཀྱི་ས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པར་གསུངས་སོ། །ཞེས་བཤད་པའི་ཕྱིར་རོ། །ཞེས་གསུངས་སོ། །སྨྲྀ་ཏིས་ཀྱང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས་སངས་རྒྱས་པ་ནི། གོང་ན་མེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཞིང་། བྱ་སྤྱོད་དང་མདོ་སྡེ་ལས། སངས་རྒྱས་པ་ནི། གོང་མ་དང་བཅས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། ཉན་རང་དགྲ་བཅོམ་དག་ནི་སངས་རྒྱས་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་འདོད་དོ། །ཁོ་བོས་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འདི་ལྟར་རྟོགས་ཏེ། ཕ་རོལ་ཏུ་ཕྱིན་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྔགས་ཀྱི་མཐར་ཐུག་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དོན་གཅིག་པར་ཨཪྻ་དེ་ཝས་བཤད་དེ། སྤྱོད་བསྡུས་ཀྱི་ལེའུ་དང་པོར། འཕོང་སློབ་པའི་དཔེས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་རིམ་གྱིས་སློབ་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་གང་ལ་ཡང་མི་སློབ་བོ། །ཞེས་པའི་མདོ་ཤེས་བྱེད་དུ་དྲངས་ནས། ཚུལ་འདི་ཉིད་ཀྱིས་རྡོ་རྗེ་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་། རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ། །ཞེས་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་པ་ནས་བཟུང་སྟེ། ཟུང་འཇུག་གི་བར་ལ་རིམ་གྱིས་སློབ་ཅིང་། ཟུང་འཇུག་ཐོབ་ནས་གང་ལ་ཡང་མི་སློབ་པར་བཤད་པའི་ཕྱིར་དང་། ཟུང་འཇུག་གི་སྐབས་ནས་ཀྱང་། སྣང་བ་མེད་པ་ལས་ལངས་ནས། ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཀྱི་ཁྱད་པར། བཅོམ་ལྡན་འདས་ཀྱི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའི་སྐྱེས་བུ་དམ་པ་འདི་དག་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱི། བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་སྨྲའོ། །ཞེས་སོགས་གསུངས་སོ། །ཞེས་བཤད་དོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐོབ་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད་དེ། ཇི་སྐད་དུ་མདོ་དེ་ཉིད་ལས། བློ་གྲོས་བརྟན་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པས་མི་ཐོབ། ས་གཉིས་པ་ལ་གནས་པས་མ་ཡིན། ས་གསུམ་པ་ལ་གནས་པས་མ་ཡིན། ས་བཞི་པ་ལ་གནས་པས་མ་ཡིན། ས་ལྔ་པ་ལ་གནས་པས་མ་ཡིན། ས་དྲུག་པ་ལ་གནས་པས་མ་ཡིན། ས་བདུན་པ་ལ་གནས་པས་མ་ཡིན། ས་བརྒྱད་པ་ལ་གནས་པས་མ་ཡིན། བྱང་ཆུབ་སེམས་དཔའ་ས་དགུ་ལ་གནས་པས་མི་འཐོབ་ཀྱི། བློ་གྲོས་བརྟན་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པས་འཐོབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན། སྔགས་ཀྱི་ཟུང་འཇུག་ལ་གནས་པ་ནི། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཡིན་པར་སྔར་བཤད་པའི་ལུང་དེ་དག་གིས་བསྟན་མི་ནུས་པར་ལེགས་པར་གྲུབ་པ་ཡིན་ནོ། །
དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ལ། སྔགས་ཀྱི་ལམ་གྱིས། བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བས། སྔགས་ཀྱི་ཐེག་པ་ཆེས་ཁྱད་དུ་འཕགས་པར་ཡང་གྲུབ་བོ། །འོ་ན་སྔགས་ཀྱི་ལམ་གྱིས་ཚེ་འདི་ལ་སངས་རྒྱས་ཐོབ་པར་བཤད་པ་དང་འགལ་ཏེ། ས་བཅུ་པ་ལས་མ་ཐོབ་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ས་བཅུ་པའང་སངས་རྒྱས་སུ་བརྗོད་དེ། བྱམས་པས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ཉིད་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཇི་སྐད་དུ་དེའི་འགྲེལ་པར། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་བདེན་པར་བརྗོད་པར་བྱའི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་བཤད་པ་ལྟར། ཟུང་འཇུག་རྡོ་རྗེ་འཆང་གི་ས་ལ་གནས་པ་ཡང་། སངས་རྒྱས་ཡིན་གྱི། ཆོས་ཀྱི་སྐུ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་པར་བྱ་སྟེ། གལ་ཏེ་ཡིན་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་བའི་སྐྱོན་ཡོད་དེ། བསྟན་པ་འདི་ལ་ཡང་། རྒྱལ་པོ་ཨིནྡྲ་བྷུ་ཏི་དང་། འཕགས་པ་ཀླུ་སྒྲུབ་ཀྱི་སྔགས་ཀྱི་ལམ་གྱིས་སངས་རྒྱས་པའི་ཕྱིར་རོ། །དེ་སྐད་དུ་ཡང་སྤྱོད་བསྡུས་ལས། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་འདྲ་བར། ཕུང་པོའི་ཁོག་པ་བརྗེས་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས། བཙུན་མོའི་མཆོག་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། ཞེས་གསུངས་ཤིང་། སྒྲོན་གསལ་ལས་ཀྱང་། དེ་ལྟར་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཉིད་ཀྱི་དོན་རྗེས་སུ་བརྙེས་ནས། སོ་སོ་རང་རིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས་ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས་སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་ཆོག་མི་ཤེས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་པ་སྟེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ་ཞེས་བཤད་པའི་ཕྱིར་རོ། །བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་བར་ཡང་མི་རིགས་ཏེ། སངས་རྒྱས་གཉིས་ལྷན་ཅིག་ཏུ་འབྱུང་བ་དགོས་པ་མེད་པའི་ཕྱིར་དང་། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་སོགས་ཀྱི་ཐེག་པ་ཆེ་ཆུང་གི་ལུང་དུ་མ་དང་འགལ་བའི་ཕྱིར་རོ། །གལ་ཏེ་ས་བཅུ་པ་ཡིན་ན། སམྦུ་ཊི་ལས། དེ་ཉིད་གཅིག་པུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཀྱང་། བལྟམས་པ་སྟོན་པ་དང་ཁབ་ནས་མངོན་པར་འབྱུང་བ་དང་། ཞེས་སོགས་ནས། རྨི་ལམ་ལྟ་བུར་སངས་རྒྱས་ཀྱི་རོལ་པ་མཆོག་ཏུ་སྟོན་པར་མཛད་དོ་ཞེས་མཛད་པ་བཅུ་གཉིས་སྟོན་པར་བཞེད་པ་དང་འགལ་ཞེ་ན། མི་འགལ་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་བཤད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས། བློ་གྲོས་བརྟན་པ། དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ་ནམ་མཁའི་ཁམས་བཞིན་དུ་སེམས་བསྐྱེད་པ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྟོགས་པ་མངོན་སུམ་དུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་དང་། གནས་དང་གནས་མ་ཡིན་པ་ལ་རྣམ་པར་བལྟ་བ་མངོན་སུམ་དུ་གྱུར་པ་དང་། ཞེས་པ་ནས་སེམས་ཀྱི་སྐད་ཅིག་སྐད་ཅིག་ལ་གདུལ་བྱའི་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། རྣམ་པར་གྲོལ་བ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་དག་མངལ་དུ་འཇུག་པ་དང་། བཙས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་ཆེན་པོ་དང་། ལུས་འཇིག་པ་ཡང་སྟོན་པ། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཡང་མི་འདོར་ཞིང་། ཤིན་ཏུ་ཕུང་པོ་མེད་པར་ཡང་མྱ་ངན་ལས་མི་འདའ་བ་འདི་ནི། བློ་གྲོས་བསྟན་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་ཟུང་འཇུག་ལ་གནས་པའི་ཕྲིན་ལས་ཀྱི་ཁྱད་པར་ཡང་བསྟན་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུའི་ས་མཚམས་ནི། འཕགས་པ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས། ཁོ་བོ་འབའ་ཞིག་གིས་ལེགས་པར་རྟོགས་ཀྱི། གཞན་དག་གིས་ནི་ཇི་བཞིན་བཤད་པར་མི་སེམས་སོ། །
རང་བཞིན་གཏན་ལ་དབབ་པ་ལ་གཉིས་ཏེ། སྐུའི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་རོ། །སྐུ་ཡི་ཁྱད་པར་ནི། ལུགས་ལྡོག་གི་སྣང་བ་གསུམ་གྱི་རྒྱུ་དང་། རླུང་འོད་ཟེར་ལྔ་ཡི་ལྷན་ཅིག་བྱེད་པའི་རྐྱེན་ལས་གྲུབ་པ་ཡིད་ཀྱི་རང་བཞིན་གྱི་ལུས་ཤིན་ཏུ་དྭངས་པ་དབང་པོའི་གཞུ་ལྟར་སྣང་ལ་རང་བཞིན་མེད་པ་དཔག་ཚད་བརྒྱའི་ཁྱོད་ཙམ་དུ་ཆེ་ཞིང་། ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་དག་སྣང་བར་བྱེད་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་ཁོ་ནའི་སྤྱོད་ཡུལ་གྱི། ཉན་རང་ཚངས་པ་སོགས་ཀྱི་ལྷའི་མིག་གིས་ཀྱང་སྤྱོད་ཡུལ་མ་ཡིན་པ་སྟེ། ཇི་སྐད་དུ། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དག་པའི་བདག་ཉིད་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་འགྱུར་རོ། །ཞེས་དང་། དེའི་འགྲེལ་པར། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་ན་རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན་པའོ། །སྒྱུ་མ་ལྟ་བུའི་སྐུ་མངའ་བས་ན་དག་བའི་བདག་ཉིད་དོ། །འོད་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་བར་བྱེད་པས་སྣང་བར་གྱུར་པའོ། །འདི་ལྟར་གྱུར་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པས། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ནམ་ཡང་མཐོང་བར་མི་ནུས་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་ཀྱང་བྱང་ཆུབ་སེམས་དཔའ་དེའི་ལུས་གཅིག་ཏུ་མཁྲེགས་པ། སྲ་བ་སྙིང་པོར་གྱུར་པ། རྡོ་རྗེ་ལྟ་བུའོ། ཁོང་སྟོང་མ་ཡིན་པ་མི་ཕྱེད་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་ཁོག་ན་ལོང་ཁ་དང་ཕོ་བ་ཡང་མེད། བཤང་བ་དང་གཅི་བ་ཡང་མེད། སྣབ་དང་མཆིལ་མ་ཡང་མེད། མི་གཙང་བ་ཡང་མེད། དྲི་མི་ཞིམ་པ་ཡང་མེད། ཞེས་གསུངས་སོ། །དེ་བས་ན་འཇམ་དཔལ་ལ་སོགས་པའི་ས་བཅུ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི། གོང་དུ་བཤད་པའི་མཚན་ཉིད་དེ་ལྟ་བུར་བཞུགས་པ་ཡིན་ལ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པས་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་རྣམ་སྨིན་ལས་གྲུབ་པ་ཡིན་ལ། རྡོ་རྗེ་ཐེག་པ་པས་ནི། ཐབས་ལམ་ཁྱད་པར་ཅན་བསྒོམས་པས་ཚེ་འདི་ཉིད་ལ་འགྲུབ་པ་ཡིན་ནོ། །འོ་ན་མ་དག་པའི་ལུས་འདི་ཐབས་གང་གིས་དེ་ལྟ་བུའི་རྡོ་རྗེའི་ལུས་སུ་འགྱུར་ཞེ་ན། མ་རྒྱུད་ཀྱི་རྗེས་སུ་འབྲང་བའི་ཐབས་ལམ་པ་དག་ནི། ཐབས་སམ་བསྒོམས་པའི་སྟོབས་ལས་བྱུང་བའི་ཁམས་བྱང་ཆུབ་ཀྱི་སེམས་དྭངས་མས་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟར། མ་དག་པའི་ལུས་འཇའ་ལུས་རྡོ་རྗེའི་སྐུར་བསྒྱུར་བར་བཞེད་མོད། རྒྱུ་ཐོག་བཅས་ལས། འབྲས་བུ་དྭངས་ཞིང་ཐོགས་པ་མེད་པའི་ལུས་འབྱུང་བར་འདོད་པ་ནི། སོལ་བ་བརྡར་བས་དུང་དུ་འགྱུར་བ་ལྟར་ཤིན་ཏུ་དཀའོ། །དེས་ན་འཕགས་པ་ཡབ་སྲས་ནི་འདི་ལྟར་བཞེད་དེ། ངག་དབེན་གྱི་རླུང་སྦྱངས་ཤིང་སེམས་དབེན་གྱིས་སེམས་སྦྱངས་ནས། སྒྱུ་ལུས་ཀྱི་སྐབས་སུ་དག་པའི་སྒྱུ་ལུས་ཀྱི་རྒྱུ་མཐུན་གྱི་རྒྱུ། རླུ ང་སེམས་ཙམ་ལས་གྲུབ་པའི་མ་དག་པའི་སྒྱུ་ལུས་བསྒོམ་ཞིང་། དེ་ཉིད་ལ་དངོས་འཛིན་དང་། སྒྱུར་འཛིན་གྱི་དྲི་མ་དག འོད་གསལ་གྱི་མེས་སྦྱངས་ནས། འོད་གསལ་མཐར་ཕྱིན་པའི་རྣལ་འབྱོར་པ་སྤྱོད་པ་གསུམ་གང་རུང་ལ་བསླབས་ཏེ། བསླབ་པ་མཐར་ཕྱིན་པའི་རྗེས་ཐོགས་སུ་བདག་གིས་ཡུན་རིང་དུ་འོད་གསལ་ལ་སྙོམས་པར་ཞུགས་ཏེ། མ་དག་པའི་ལུས་སྤངས་ཏེ། དག་པའི་སྒྱུ་ལུས་ཟུང་འཇུག་མངོན་སུམ་དུ་བྱས་ཏེ། སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་སྟེ། འོད་གསལ་ལ་སྙོམ་པར་འཇུག་གོ །དེ་ནས། ཆུ་དྭངས་པ་ལ་ཉ་རྟེན་མེད་པར་ལྡང་བ་ལྟར། སྔོན་གྱི་འཕེན་པའི་ཤུགས་ཀྱིས་འོད་གསལ་ལས་ལངས་ནས། མ་དག་པའི་ལུས་སྦྲུལ་ཤུན་པ་བརྗེས་པ་ལྟར་སྤངས་ཏེ། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་གྲུབ་པའི་དག་པའི་སྒྱུ་ལུས་ཟུང་འཇུག་གི་སྐུ་མངོན་སུམ་དུ་མཛད་དེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་། སངས་རྒྱས་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པ་ཡིན་ནོ། །དེ་སྐད་དུ་ཡང་རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་དག་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །ཐམས་ཅད་སྟོང་པ་འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་མ་ཡིན། །ཞེས་དང་། སྤྱོད་བསྡུས་ལས། དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི། སྣང་བའི་ཚོགས་ནམ་མཁའ་སྣང་བ་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་། གཞིག་ཏུ་མེད་པར་རྡོ་རྗེའི་སྐུའི་ངོ་བོ་ཉིད་དེ་འཕོ་བ་མེད་ཅིང་། ཟག་པ་མེད་པའི་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ། འདོད་པ་ཙམ་གྱི་དབང་དུ་གྱུར་པ་ཐོབ་པ། ཆུ་ལས་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ། མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཞེས་སོགས་གསུངས་སོ། །མ་དག་པའི་ལུས་འདི་སྤོང་བར་ཡང་། སྤྱོད་བསྡུས་སུ། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷོ་དྷི་དང་འདྲ་བར། ཕུང་པོའི་ཁོག་པ་བརྗེས་ཏེ། ཞེས་དང་། སྒྲོན་གསལ་དུ་ཡང་། ཚེ་འདི་ཉིད་ལ་རང་གི་ངོ་བོ་བརྗེ་བར་འགྱུར་བའི་ཕྱིར་རོ། །ཞེས་སོགས་སྐབས་དུ་མར་བཤད་ཅིང་། སློབ་དཔོན་འཕགས་པ་ཉིད་ཀྱང་མ་དག་པའི་སྐུ་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་ལ་སྦྱིན་པ་བཏང་ནས་འཇའ་ལུས་རྡོ་རྗེའི་སྐུས་བདེ་བ་ཅན་དུ་གཤེགས་པར་བཤད་པའི་ཕྱིར་རོ། །གལ་ཏེ་སློབ་དཔོན་འཕགས་པ་བར་དོར་སངས་རྒྱས་པར་བཤད་པ་ཡིན་གྱི། ཚེ་འདིར་སངས་རྒྱས་པར་བཤད་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བར་དོར་འཚང་རྒྱ་བ་ནི། རྣལ་འབྱོར་པ་གང་བདེན་པ་མཐོང་ཡང་། སྔོན་གྱི་བག་ཆགས་ཀྱི་དབང་གིས་ཞིང་ལས་དང་། ཚོང་ལས་སོགས་ཀྱིས་གཡེངས་ཏེ། སྤྱོད་པ་གསུམ་བྱེད་མ་ཁོམ་པར། འཆི་ལྟས་འབྱུང་བ་ཞིག འཆི་ཁའི་མན་ངག་ལ་བརྟེན་ནས། བར་དོར་འཚང་རྒྱ་བར་བཤད་པ་ཡིན་ལ། སློབ་དཔོན་ལ་ནི་གཡེང་རྐྱེན་དེ་ལྟ་བུ་མི་མངའ་བའི་ཕྱིར་དང་། དཔལ་གྱི་རི་ལ་བཞུགས་པ་ན། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་ནས་སྤྱོད་པ་མཐར་ཕྱིན་པ་ན་མ་དག་པའི་སྐུ་སྦྱིན་པར་བཏང་སྟེ། རྡོ་རྗེའི་སྐུས་བདེ་བ་ཅན་དུ་གཤེགས་ཤིང་། ད་ལྟ་ས་བཅུའི་དབང་ཕྱུག་གི་གོ་འཕང་ལ་བཞུགས་པ་ཡིན་ལ། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་དྭངས་པའི་འོད་ཞེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །
འོ་ན། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས། ས་དང་པོ་བརྙེས་པ་ཡིན་ལ། ས་དང་པོ་བརྙེས་ནས། རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས། ས་བཅུ་པ་བརྙེས་པ་ཡིན་པའི་ཕྱིར་དང་། ལུང་བསྟན་པ་ནི། ཕར་ཕྱིན་ཐེག་པའི་དབང་དུ་བྱས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཁྱད་པར་ནི། ཇི་ལྟར་གླང་གཉིས་གཉའ་ཤིང་གཅིག་གིས་སྦྲེས་ནས་ཕྱོགས་གཅིག་ཏུ་འགྲོ་ཞིང་། ཞིང་རྨོ་བའི་བྱ་བ་གཅིག་བྱེད་པ་ལྟར། ཤེས་རབ་དང་སྙིང་རྗེ་གཉིས་ཡེ་ཤེས་གཅིག་ལ་དབྱེར་མེད་པར་བཞུགས་ཏེ་མི་གནས་པའི་ངན་ལས་འདས་པའི་ཕྱོགས་གཅིག་ཏུ་འགྲོ་ཞིང་། རྣམ་མཁྱེན་གྱི་བྱ་བ་གཅིག་བྱེད་པ་ནི་ཟུང་འཇུག་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ནི་མཚན་ཉིད་གསུམ་དང་ལྡན་ཏེ། འགོག་པ་ཟུང་འཇུག་དང་། སྣང་བ་ཟུང་འཇུག་དང་། འབྲེལ་བ་ཟུང་འཇུག་གོ །དང་པོ་ནི། གཉིས་སུ་མེད་པའི་ཡེ་ཤེས་དེས། འཁོར་འདས་དང་། ཀུན་ནས་ཉོན་མོངས་དང་། རྣམ་བྱང་ལ་སོགས་པ། གཉིས་བྱས་ཀྱི་ཆོས་ཐམས་ཅད་ཐ་དད་པའི་རྣམ་རྟོག་སྤངས་པའི་ཚུལ་གྱིས་འགོག་པ་ཟུང་འཇུག་ཅེས་བྱའོ། །དེ་སྐད་དུ་ཡང་། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་བཤད་དོ། །ཞེས་སོགས་གསུངས་སོ། །
གཉིས་པ་ནི། ཐབས་ཀུན་རྫོབ་ཀྱི་བདེན་པ་རྡོ་རྗེ་འཆང་ཆེན་པོའི་ལུས་དང་། གནས་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་དང་། ལོངས་སྤྱོད་དུ་རིག་མ་བྱེ་བ་ཕྲག་ཁྲིག་སྣང་བ་དང་། ཤེས་རབ་དོན་དམ་པའི་བདེན་པ་རང་བཞིན་མེད་པ་དབྱེར་མེད་པར་རྟོགས་པའི་ཚུལ་གྱིས་སྣང་བ་ཟུང་འཇུག་ཅེས་བྱ་སྟེ། དེ་སྐད་དུ་ཡང་། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་བཤད་དོ། །ཞེས་གསུངས་སོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་ཤེས་རབ་དང་། །དམིགས་པ་མེད་པའི་སྙིངརྗེ་དབྱེར་མེད་པ་ནི་འབྲེལ་བ་ཟུང་འཇུག་སྟེ། དེ་སྐད་དུ་ཡང་། ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །གཞན་ཡང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་དེ་ཉིད་ལྡོག་པའི་ཕྱེ་བས། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པར་རྣམ་པར་བཞག་གོ །
ཟུང་འཇུག་གི་ཏིང་ངེ་འཛིན་དེ་ལ་བསླབ་པའི་ཚུལ་ལ་གཉིས་ཏེ། བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་བའི་བསླབ་ཚུལ་དང་། ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་བསླབ་ཚུལ་ལོ། །དང་པོ་ནི། འོད་གསལ་མཐར་ཕྱིན་པར་བྱས་པའི་རྣལ་འབྱོར་པ། སློབ་པའི་ཟུང་འཇུག་ལ་གནས་པ་དེས། དོན་དམ་པའི་བདེན་པ་བསྒོམ་པ་ན་འཕེན་པ་འདི་ལྟར་བཏང་སྟེ། བདག་གིས་འོད་གསལ་གྱི་ཏིང་ངེ་འཛིན་ལ་ལོ་དང་ཟླ་བ་ལ་སོགས་པ་ཇི་ལྟར་འདོད་པར་གནས་པར་བྱས་ལ། དེ་ལས་རྗེས་དྲན་གྱི་ཡན་ལག་གིས་ཟུང་འཇུག་གི་སྐུར་ལྟ་བར་བྱའི་སྙམ་པའི་སེམས་ཀྱི་འཕེན་པ་བཏང་སྟེ། འོད་གསལ་གྱི་ཏིང་ངེ་འཛིན་ལ་ཇི་ལྟར་འདོད་པ་སྙོམས་པར་འཇུག་པར་བྱའོ། །དེ་ནས་སྔོན་གྱི་འཕེན་པའི་ཤུགས་དང་། ཀུན་རྫོབ་ཀྱི་སྐབས་སུ་ཚད་མེད་བཞི་བསྒོམས་པའི་སྟོབས་ཀྱིས་འོད་གསལ་འཛིན་པའི་ཡན་ལག་དེ་ལས། རྗེས་དྲན་གྱིས་ཡན་ལག་སྣང་བ་གསུམ་རླུང་དང་བཅས་པ་ལས། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་ཙམ་གྱིས་བསྐྱེད་ལ། དེ་ནས་སྤྲུལ་སྐུར་བསྒྱུར་བའི་ཕྱིར་རང་གི་ལྷག་པའི་ལྷ་གང་ཡིན་པའི་རྣམ་པ་བསྐྱེད་ནས་སྤྲོས་བསྡུས་རང་ལ་བཅུག་སྟེ་སྤྲུལ་སྐུར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བའི་ཕྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བདེ་བའི་སྣང་བ་ཙམ་ལས་ལྷ་སུམ་ཅུ་རྩ་གཉིས་སྐད་ཅིག་གིས་བསྐྱེད་དེ། རང་རང་གི་མཚན་སྔགས་ཀྱིས་བསྐུལ་ནས་སྤྲོས་བསྡུས་ནས་རང་གི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་བཀོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། །དེ་ལྟ་བུའི་ཟུང་འཇུག་དཀྱིལ་འཁོར་རྒྱལ་མཆོག་དེ་ལ་གནས་ནས། རྡོ་རྗེ་བཟླས་པའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་དང་། སྐུ་གསུམ་དབྱེར་མེད་ལ་བསླབ་པར་བྱ་བ་དང་། སྤྱོད་པ་གསུམ་གང་རུང་ལ་བསླབ་པ་བྱ་བ་ནི་ལས་རྒྱལ་མཆོག་གོ །ཟུང་འཇུག་ལ་སློབ་པའི་སྐབས་འདིར། འོད་གསལ་ལས་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལྡང་བ་ནི་རྣལ་འབྱོར་བའི་རང་སྣང་ཙམ་དུ་ཟད་ཀྱི། མ་དག་པའི་ཕུང་པོ་སྤོང་ནུས་པ་ནི་མིན་ནོ། །
སྐུ་གསུམ་དབྱེར་མེད་ལ་བསླབ་པ་ནི། ཟུང་འཇུག་དེ་ཉིད་འོད་གསལ་གྱི་རྒྱས་བཏབ་ནས། མི་རྟོག་པར་གནས་པ་ནི་ཆོས་སྐུ། དེ་ཉིད་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱིས་ཆོས་ཀྱི་རོ་མྱོང་བར་མཛད་པ་ནི་ལོངས་སྐུའོ། །དེ་ཉིད་སོ་སོ་སྐྱེ་བོ་ལས་དག་དང་། ས་དགུ་པ་མན་ཆད་ལ་སྤྲུལ་པ་དུ་མར་སྣང་བ་ནི་སྤྲུལ་པའི་སྐུའོ། །དེ་གསུམ་དབྱེར་མེད་པ་ནི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་མཚན་ཉིད་གསུམ་དང་ལྡན་པ་སྟེ། རྡོ་རྗེ་ཕྲེང་བར། སྐུ་གསུམ་དག་གིས་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བཤད། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་བཤད་དོ། །
སློབ་པའི་ཟུང་འཇུག་གི་སྐབས་སུ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་མཚན་ཉིད་གསུམ་ལྡན་དེ་ལ་འབད་རྩོལ་གྱིས་མ་བསླབས་ཀྱང་། རང་གི་ངང་གིས་གནས་པར་འགྱུར་མོད། འོན་ཀྱང་མྱུར་དུ་མི་སློབ་པའི་ས་ལ་གནས་པར་བྱ་བའི་ཕྱིར། བསླབ་པར་ཡང་བྱ་སྟེ། དཔེར་ན་བྱ་ནམ་མཁའ་ལ་གཤོག་པ་བརྒྱངས་པ་ཙམ་གྱིས་བགྲོད་བྱར་ཕྱིན་ཡང་། མྱུར་དུ་ཕྱིན་པར་བྱ་བའི་ཕྱིར་གཡོབ་པ་དང་འདྲའོ། །དེ་ལྟར་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསླབ་པས་མཆོག་ཐོབ་པའི་སྔ་ལྟས་ཀྱི་མཚན་མ་གཟུགས་ཕྲ་བ་དང་། རེག་པ་ཡང་བ་ལ་སོགས་པ་དངོས་ཀྱི་རྟགས་དང་། རྨི་ལམ་གྱི་མཚན་མ་ལེའུ་བཅོ་ལྔ་པ་ནས་བཤད་པ་རྣམས་འབྱུང་བར་འགྱུར་རོ། །
ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་ཚུལ་ནི། རྣལ་འབྱོར་པ་གང་ཞིག་བདེན་པ་མཐོང་ཡང་། སྔོན་གྱི་བག་ཆགས་ཀྱི་དབང་གིས། ཞིང་ལས་དང་། ཚོང་ལས་སོགས་ཀྱིས་གཡེངས་ཏེ། སྤྱོད་པ་གསུམ་བྱར་མ་གྲུབ་ཅིང་། འཆི་ལྟས་བྱུང་ན་འཕེན་པ་འདི་ལྟར་བཏང་བར་བྱ་སྟེ། བདག་གིས་འཆི་བ་འོད་གསལ་ལ་ཇི་ལྟར་འདོད་པར་གནས་པར་བྱས་ལ་བར་དོ་ལྷུན་གྲུབ་ཀྱི་ཟུང་འཇུག་ཏུ་ལངས་ལ། དེ་ཉིད་དུ་མཆོག་ཐོབ་པར་བྱའོ་སྙམ་དུ་བསམས་ནས། འཆི་ཁའི་མན་ངག་ཇི་ལྟ་བ་བཞིན་དུ་བསྒོམས་ན། དེའི་སྟོབས་ཀྱིས། འཆི་བ་འོད་གསལ་མངོན་སུམ་དུ་བྱས་ནས་བར་དོར་ཟུང་འཇུག་གི་སྐུར་ལངས་ཏེ། དེ་ཉིད་དུ་སྤྱོད་པ་གསུམ་གང་རུང་དང་། སྐུ་གསུམ་དབྱེར་མེད་སོགས་ལ་བསླབ་པས། བར་དོའི་ལུས་དེ་ཉིད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུ་རུ་འགྱུར་རོ། །དེ་སྐད་དུ་ཡང་། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་དང་། དམ་ཚིག་ཁུ་བྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཟུང་འཇུག་མཐར་ཕྱིན་པའི་ཚད་ནི། བསླབ་པར་བྱ་བའི་ཆོས་ཐམས་ཅད་དང་བྲལ་བ། དོན་གཉིས་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་གནས་པ་སྟེ། དེ་སྐད་དུ་ཡང་། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནི་འགྱུར། །ཞེས་གསུངས་སོ། །ཟུང་འཇུག་བསྒོམས་པའི་ཕན་ཡོན་ནི། ཐམས་ཅད་མཁྱེན་པའི་གོ་འཕང་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་བའོ། །མིང་གི་རྣམ་གྲངས་ངེས་ཚིག་དང་བཅས་པ་ནི། མ་རིག་པ་ལོག་པས་རིག་པ་ནི་དོན་དམ་པ་ཡིན་ལ། དེ་ལས་བྱུང་བས་ན་རིག་པ་ཆེན་པོའི་སྐྱེས་བུ་ཞེས་བྱའོ། །བདེན་པ་གཉིས་དབྱེར་མེད་པས་ན་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས་བྱའོ། །སྒྲིབ་གཉིས་ཀྱི་གཡུལ་ངོ་བཟློག་པས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱའོ། །མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །འདོད་ན་སྐད་ཅིག་གཉིས་པ་ལ་ཆོས་སྐུ་མངོན་དུ་གྱུར་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཐབས་དང་ཤེས་རབ་གཉིས་ཡེ་ཤེས་གཅིག་ལ་ལྡན་པར་ཞུགས་པས་ན་ཟུང་འཇུག་ཅེས་བྱའོ། །དེ་དག་གི་དོན་བསྡུ་བ་ནི། བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །ཞེས་ཏེ། ཀུན་རྫོབ་བདེན་པ་སྒྱུ་མ་དང་། དོན་དམ་བདེན་པ་འོད་གསལ་གཉིས་ཡེ་ཤེས་གཅིག་ལ་དབྱེར་མེད་པར་སྦྱོར་བ་གང་ཡིན་པའི་ཏིང་ངེ་འཛིན་ནི་ཟུང་འཇུག་ཅེས་བྱ་སྟེ། དེ་ནི་རིམ་པ་བཞི་པ་དོན་དམ་བདེན་པའི་མཇུག་ཐོགས་སུ་བསྟན་ཅིང་བསྒོམ་པར་བྱ་བ་ཡིན་པ་ལྔ་པ་སྟེ། སྐས་ཀྱི་གདང་བུ་ལྔ་པ་བཞིན་ནོ། །
སྔར་བཤད་པའི་རིམ་པ་དང་པོ་དེའི་མཇུག་བསྡུ་བ་ནི། འདི་ནི་སྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་ཏེ། སྔར་བཤད་པའི་རིམ་པ་ལྔ་པོ་འདི་ནི། སྒྲུབ་པར་བྱ་བས་ནི་བསྒྲུབ་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ཡིན་པས། དེ་བསྒྲུབ་པར་བྱེད་པའི་ཡན་ལག་སྟེ་རྒྱུ། རྒྱུད་སྡེ་འོག་མ་དང་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས་ནས་མཆོག་ཡིན་ལ། རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་ཀུན་གྱི་བརྗོད་བྱ་མདོར་བསྡུས་པ་ཡིན་ནོ། །བརྗོད་བྱའི་དོན་མདོར་བསྡུས་ན་རིམ་པ་ལྔ་ཡིན་མོད། རྒྱས་པར་ཕྱེ་ན་ཇི་ལྟར་འགྱུར་ཞེ་ན། རིམ་པ་འདི་ཡི་དབྱེ་བ་ཡང་། །སྤྲོས་པའི་རིམ་པས་རྣམ་པ་མང་། །ཞེས་ཏེ། རིམ་པ་ལྔ་པོ་འདིའི་ནང་གསེས་ཀྱི་དབྱེ་བའང་། སྤྲོས་ཏེ་ཕྱེ་ན་རིམ་པ་རྣམ་པ་མང་པོར་འགྱུར་ཏེ། འདི་ལྟར་བསྐྱེད་རིམ་ལ་ཡང་། དྲན་པ་གཅིག་པ་དང་རྟོག་པའི་རྣལ་འབྱོར་གཉིས། དྲན་པ་གཅིག་པ་ལ་ཡང་། དཔའ་བོ་གཅིག་པ་དང་། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་གཉིས། དཔའ་བོ་གཅིག་པ་ལ་ཡང་། ཟློས་པ་པོ་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བས། སྒྲུབ་ཐབས་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དཀྱིལ་འཁོར་འཁོར་ལོ་ལ་ཡང་། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ལ་སོགས་པ་གསུམ་དང་། ཟློས་པ་པོའི་བྱེ་བྲག་གིས་སུམ་ཅུ་རྩ་གཉིས་སུ་འགྱུར་བས་རྣམ་པ་མང་བའོ། །རྟོག་པའི་རྣལ་འབྱོར་ལ་ཡང་། ནང་ལ་མཆོག་ཏུ་གཞོལ་བ་དང་། སྔགས་ལ་མཆོག་ཏུ་གཞོལ་བའི་སྒོ་ནས་གཉིས་ཡིན་ལ། ནང་ལ་མཆོག་ཏུ་གཞོལ་བ་ལ་ཡང་། སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་དང་། འོག་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་བསྒོམ་པ་གཉིས་ཡིན་ཞིང་། འོག་སྒོ་ལ་ཡང་ཐིག་ལེ་དངོས་བསྒོམ་པ་དང་། མཚན་མ་ཕྲ་མོ་བསྒོམ་པ་གཉིས་ཡོད་ལ། སྔགས་ལ་མཆོག་ཏུ་གཞོལ་བ་ལ་ཡང་། རྡོ་རྗེའི་བཟླས་པ་དང་། ངག་གི་བཟླས་པའི་སྒོ་ནས་གཉིས་ཡིན་ལ། ངག་གི་བཟླས་པ་ལ་ཡང་། ཕྲེང་སྔགས་བཟླས་པ་དང་། མཚན་སྔགས་བཟླས་པ་གཉིས་ཡིན་པས། དེ་ལྟར་ན་སྤྲོས་པའི་དབྱེ་བས་རྣམ་པ་མང་ཡང་། མདོར་བསྡུས་ན། སྔགས་ཀྱི་སྐུ་ནི་རབ་བསྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །ཞེས་པར་འདུས་སོ། །སེམས་དབེན་ལ་ཡང་། སྔོན་འགྲོ་དང་། དངོས་གཞིའི་སྒོ་ནས་གཉིས་ཡིན་ལ། སྔོན་འགྲོ་ལ་ཡང་། ལུས་དབེན་དང་། ངག་དབེན་གྱི་སྒོ་ནས་གཉིས་ཡིན་ལ། དེ་རེ་རེ་ལ་ཡང་སྤྲོས་པའི་དབྱེ་བས་རྣམ་པ་མང་ཡང་། བསྡུ་ན། ངག་དབེན་དང་། ལུས་དབེན་གཉིས་སུ་འདུས་སོ། །དངོས་གཞི་སེམས་དབེན་ལ་ཡང་། ཤེས་བྱ་སེམས་ཀྱི་མཚན་ཉིད་དང་། སེམས་ལ་དམིགས་པ་ཡེ་ཤེས་ཀྱི་མཚན་ཉིད་གཉིས་ཡིན་ལ། ཤེས་བྱ་སེམས་ལ་ཡང་ཀུན་ཏུ་སྣང་བ་དང་། རང་བཞིན་གྱི་དབྱེ་བས་གཉིས་ཡིན་ལ། ཀུན་ཏུ་སྣང་བ་ལ་ཡང་སྣང་བ་དང་། མཆེད་པ་དང་། ཉེ་བར་ཐོབ་པའི་སྒོ་ནས་གསུམ་ཡིན་ལ། རང་བཞིན་སྣང་བ་ལ་ཡང་། སུམ་ཅུ་རྩ་གསུམ་དང་། བཞི་བཅུ་དང་། བདུན་ཡིན་པས་རྣམ་པ་མང་ལ། སེམས་ལ་དམིགས་པའི་ཡེ་ཤེས་ལ་ཡང་། ཆོས་ཅན་རིག་པ་དང་། ཆོས་ཉིད་རིག་པའི་ཡེ་ཤེས་གཉིས་ཡིན་ལ། ཆོས་ཅན་རིག་པ་ལ་ཡང་། སྣང་མཆེད་ཐོབ་གསུམ་གྱི་སྒོ་ནས་གསུམ་ཡོད་པས། དེ་ལྟར་ན་སྤྲོས་པའི་རིམ་པས་རྣམ་པ་མང་ཡང་། བསྡུ་ན་སེམས་ལ་དམིགས་པ་ཙམ་ཞིག་ནི། རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་པར་འདུའོ། །ཀུན་རྫོབ་བདེན་པ་ལ་ཡང་། སྣོད་དུ་རུང་བར་བྱ་བ་དང་། བསྟོད་པའི་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་དང་། སྒྲུབ་པའི་རྒྱུ་དང་། ཁྱབ་པ་དང་། མཚོན་པའི་དཔེ་དང་། རྟོགས་པའི་ཕན་ཡོན་དང་མ་རྟོགས་པའི་སྐྱོན་ལ་སོགས་པའི་སྒོ་ནས། སྤྲོས་པའི་དབྱེ་བས་རྣམ་པ་མང་ཡང་། ཀུན་རྫོབ་བདེན་པ་བསྟན་པ་ནི། ཡིད་འོང་རིམ་པ་གསུམ་པའོ། །ཞེས་པར་འདུའོ། །དོན་དམ་བདེན་པ་ལ་ཡང་། བསྟོད་ཅིང་གསོལ་བ་གདབ་པ་དང་། ཕྱིའི་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པ་དང་། དེ་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་དང་། མན་ངག་པྲ་ཁྲིད་བསྟན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོགས་ཀྱི་སྒོ་ནས། སྤྲོས་པའི་དབྱེ་བའི་རིམ་པ་མང་ཡང་། བསྡུ་ན། ཀུན་རྫོབ་བདེན་པ་དག་པ་ནི། རིམ་པ་བཞི་པ་ཞེས་བརྗོད་དོ། །ཞེས་པར་འདུའོ། །ཟུང་འཇུག་ལ་ཡང་། བརྩོན་འགྲུས་ཅན་མཐོང་ཆོས་ལ་མྱ་ངན་ལས་འདའ་བ་དང་། ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བ་གཉིས་ཡིན་ལ། དང་པོ་ལ་ཡང་། མཚན་ཉིད་དང་། མིང་གི་རྣམ་གྲངས་དང་། སྤྱོད་པ་ལ་བསླབ་ཚུལ་དང་གསུམ་ཡིན་ལ། མཚན་ཉིད་ལ་ཡང་། སྣང་བ་ཟུང་འཇུག་དང་། འགོག་པ་ཟུང་འཇུག་དང་། འབྲེལ་བ་ཟུང་འཇུག་དང་གསུམ་སྟེ། དེ་ལྟར་སྤྲོས་པའི་དབྱེ་བས་རིམ་པ་མང་ཡང་། བསྡུ་ན། བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །ཞེས་པར་འདུའོ། །ཡང་ན་ལམ་གྱི་རིམ་པ་འདིའི་དབྱེ་བ་ཡང་། སྤྲོས་པ་དང་། བསྡུས་པའི་རིམ་པས་འཕགས་པ་ཡབ་སྲས་ལ་ཡང་མི་མཐུན་པ་རྣམ་པ་མང་སྟེ། ཨཪྻ་དེ་ཝས་རྫོག་རིམ་རིམ་པ་དྲུག་ཏུ་ཕྱེ། འཕགས་པ་ཉིད་ཀྱིས་རིམ་ལྔར་བསྡུས་ཤིང་། ཟླ་བ་གྲགས་པས། རྒྱུད་མ་ལུས་པའི་དོན་སྡུད་པའི་དབང་དུ་བྱས་ཏེ། རྫོགས་རིམ་བཞིར་བསྡུས་ཤིང་། བསྐྱེད་རིམ་གཅིག་ཏུ་བྱས་ནས། རིམ་པ་ལྔར་སྤྲོས་པའིདབྱེ་བས་རིམ་པ་མང་ཡང་། དེ་རྣམས་ཡང་དག་པ་བསྡུས་པ་ནི། གང་གིས་ཤེས་པ་རྒྱུད་རིག་ཏེ། སྤྲོས་པའི་རིམ་པ་མང་པོ་དེ་རྣམས་རིམ་པ་ལྔར་ཡང་དག་པར་བསྡུས་པ་རྒྱུད་མ་ལུས་པའི་དོན་དུ་གང་གིས་ཤེས་པ་དེས། རྒྱུད་ཀྱི་དོན་བདེ་བླག་ཏུ་རིག་ཅིང་རྟོག་པར་འགྱུར་རོ། །རིམ་པ་ལྔ་པོ་དེ་དག་གང་ཞེ་ན། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་པ། །ཞེས་ཏེ་སྔགས་ཀྱིས་བསྐྱེད་པས་ན་སྔགས་ཏེ་བསྐྱེད་རིམ་དང་། སེམས་དབེན་དང་། ལུས་སྒྱུ་ལུས་དང་། རྣམ་དག་འོད་གསལ་དང་ཟུང་འཇུག་རྣམས་སོ། །ཅིའི་ཕྱིར་རྒྱུད་ཀྱི་དོན་མ་ལུས་པ་རིམ་པ་ལྔར་ཤེས་པས་རྒྱུད་ཀྱི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་ཞེ་ན། རིམ་པ་ལྔ་ཡིས་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ །ཞེས་ཏེ། ཇི་སྐད་དུ་བཤད་པའི་རིམ་པ་ལྔ་པོས། རྒྱུད་མ་ལུས་པའི་བརྗོད་བྱའི་དོན་བསྡུས་པར་ཤེས་ནས་རྗོད་བྱེད་མཐའ་དྲུག་དང་། དེས་མཚོན་པའི་ཚུལ་བཞིའི་དོན་བདེ་བླག་ཏུ་རྟོགས་པས་དེ་དག་ཕྱིན་ཅི་མ་ལོག་པ་ལ་འཆད་པར་འཇུག་པར་འགྱུར་ཏེ། དྲང་དོན་དང་། སྒྲ་ཇི་བཞིན་པ་དང་། ཡི་གེའི་དོན་དང་། སྤྱིའི་དོན་རྣམས་ཀྱིས་བསྐྱེད་རིམ་སྟོན་ལ། ལྷག་མ་རྣམས་ཀྱིས་རྫོགས་རིམ་བཞི་ཅི་རིགས་པར་སྟོན་པའི་ཕྱིར་རོ། །
དེ་ལྟར་བརྗོད་བྱ་རྒྱུད་དོན་རིམ་པ་ལྔར་བསྡུ་བ་བསྟན་ནས། ད་ནི་རྗོད་བྱེད་རྒྱུད་ཀྱི་ཆེ་བ་བསྟན་པར་བྱ་སྟེ། དེ་ལ་ཡང་རྒྱུད་སྡེ་མཐའ་དག་གི་རྩ་བར་བསྟན་པ་དང་། མདོ་སྡེ་མཐའ་དག་གི་རྩ་བར་བསྟན་པ་གཉིས་ཀྱི། རྒྱུད་སྡེ་ཀུན་གྱི་རྩ་བར་བསྟན་པ་ནི། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛཱའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡིག་གེ་གསུམ། །ཞེས་ཏེ། དེ་ལ་ཡ་ར་ལ་གསུམ་མཐར་གནས་ཀྱི་སྡེ་ཚན་ནོ། །ཧ་ནི་དྲོ་བའི་སྡེ་ཚན་ནོ། །ཀ་ཁ་གྷ་གསུམ་ཀ་སྡེའོ། །ཎ་ནི་ཊ་སྡེའོ། །ཙཱ་ནི་ཙ་སྡེའོ། །ད་དྷ་ནི་ཏ་སྡེའོ། །མ་ནི་པ་སྡེའོ། །དེ་ལྟར་ན་གསལ་བྱེད་སུམ་ཅུ་རྩ་བཞིའི་མཐའ་ཅན་གྱིས། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའི་རྩ་བ་ནི། ས་མ་ཛ་ཞེས་པ་ཡི་གེ་གསུམ་པའི་མིང་ཅན་གྱི་རྒྱུད་འདི་ཡིན་ནོ། །འདིར་ཇི་སྲིད་ཡ་ར་ལ་ཤ་ཀྵའི་བར་ཞེས། ཀྵ་དང་བཅས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་སྤོང་བར་རིགས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། རྒྱུད་སྡེ་ལྔ་པ་ཀྵ་དང་བཅས་པའི་གསལ་བྱེད་སུམ་ཅུ་རྩ་བཞིའི་མཐའ་ཅན་གྱི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་བཞི་ཡོད་པར་གསུངས་པའི་ཕྱིར་རོ། །
མདོ་སྡེ་མཐའ་དག་གི་རྩ་བར་བསྟན་པ་ནི། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་འདི་ནི་རྒྱུད་ཀྱི་རྩེ། །ཞེས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་བརྗོད་བྱའི་གཙོ་བོ་ཡང་འདིར་འདུས་པས། དཔལ་ལྡན་འདུས་པ་འདི་ནི་དེ་དག་ཐམས་ཅད་ཀྱི་ཡང་སྣོད་དམ་རྩ་བ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་མདོ་སྡེ་དང་རྒྱུད་སྡེ་ཀུན་གྱི་རྩ་བ་ཡིན་ཞེ་ན། མདོ་རྒྱུད་དེ་དག་གི་མཐར་ཐུག་གི་འབྲས་བུ་ནི། གཉིས་སུ་མེད་པ་ཟུང་འཇུག་གི་ཡེ་ཤེས་ཡིན་ལ། དེ་ཉིད་ཐབས་བདེ་བ་དང་། ལམ་མྱུར་བས་བདེ་བླག་ཏུ་ཐོབ་པའི་ཐབས་འདི་ཉིད་ཀྱིས་སྟོན་པས་དེའི་ཕྱིར་འདི་ནི་རྒྱུད་ཐམས་ཅད་ཀྱི་རྩེ་མོའམ། མཆོག་ཏུ་གྱུར་པ་ཡིན་ནོ། །རྒྱུད་དེའང་མཚན་ཉིད་ཇི་ལྟ་བུ་ཞིག་ཞེ་ན། རྗོད་བྱེད་ཉུང་བ། བརྗོད་བྱ་མང་བ། རིན་པོ་ཆེ་ལྟར་སྐལ་བ་དམན་པས་རྙེད་པར་དཀའ་བ། རྙེད་ཀྱང་དོན་རྟོགས་པར་དཀའ་བས་ཏེ། ཁྱད་པར་བཞི་དང་ལྡན་པ་ཞིག་ཡིན་ནོ་ཞེས་སྟོན་པ་སྟེ། གཞུང་ཉུང་བ་ལ་དོན་མང་བ། །འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང་། །རྒྱན་བདུན་རྟོགས་པར་དཀའ་བས་ན། །ཐམས་ཅད་དུ་ནི་རྣམ་པར་འཁོར། །ཞེས་ཏེ། དཔལ་ལྡན་འདུས་པའི་རྒྱུད་ནི་བརྗོད་བྱེད་ཀྱི་གཞུང་ཉུང་ལ། མདོ་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་པས་བརྗོད་བྱའི་དོན་མང་བ་དང་མར་མེ་མཛད་མན་ཆད་ཀྱི་འདས་པའི་སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་། བྱམས་པ་ལ་སོགས་པའི་སྐལ་བ་བཟང་པོའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་པར་མི་འགྱུར་བས། རྙེད་པར་དཀའ་ཞིང་། རྙེད་ཀྱང་མན་ངག་མེད་པར་འདིའི་ཚིག་དོན་རྣམ་པ་ཐམས་ཅད་རྟོགས་པར་མི་འགྱུར་བས། མགྲོན་པོ་ཕྱོགས་བསླད་པ་ལྟར་རྣམ་པར་འཁོར་ཞིང་རྨོངས་པར་འགྱུར་རོ། །ཅིའི་ཕྱིར་རྟོགས་པར་དཀའ་ཞེ་ན། རྩ་རྒྱུད་ནི་རྒྱན་བདུན་གྱིས་བཅིངས་པ་ཡིན་ལ། རྒྱན་བདུན་ཡང་། བཤད་རྒྱུད་ཀྱི་སྒོ་ནས་རྩ་རྒྱུད་འཆད་ཤེས་པའི་བླ་མའི་མན་ངག་ལ་མ་བརྟེན་པར་རྟོགས་པར་དཀའ་བའི་ཕྱིར་རོ། །
དེ་ལྟར་རྗོད་བྱེད་རྒྱུད་ཀྱི་ཆེ་བ་བསྟན་ནས། ད་ནི་འཆད་བྱེད་རྒྱུད་མཛེས་པར་བྱེད་པའི་རྒྱན་བདུན་བཤད་པར་བྱ་སྟེ། དེ་ལ་ཡང་བཤད་པར་དམ་བཅའ་བ་དང་། བཤད་པ་དངོས་གཉིས་ཀྱི་དང་པོ་ནི། དེ་བས་བླ་མའི་བཀའ་དྲིན་གྱི། །འབད་དེ་རྣམ་པར་ཤེས་ནས་ནི། །སེམས་ཅན་རྗེས་གཟུང་འདོད་པ་ཡིས། །དེ་ཡི་རྣམ་པར་དབྱེ་བར་བྱ། །ཞེས་ཏེ། གང་གི་ཕྱིར་རྒྱན་བདུན་མ་རྟོགས་པར་རྒྱུད་དོན་རྣམ་པར་མི་ཤེས་པ་དེ་བས་ན། རྒྱན་བདུན་པོ་དེའི་རྣམ་པར་དབྱེ་བ་བཤད་པར་བྱའོ། །རང་དགར་འཆད་དམ་ཞེ་ན། མ་ཡིན་གྱི། བཤད་རྒྱུད་ཤེས་པའི་བླ་མའི་བཀའ་དྲིན་དང་། རང་གིས་ཀྱང་ཐོས་བསམ་ལ་འབད་དེ། བཤད་རྒྱུད་ལ་བརྟེན་ནས་རྒྱན་བདུན་གྱི་དབྱེ་བ་རྣམ་པར་ཤེས་པར་བྱས་ནས་སོ། །དགོས་པ་ཅིའི་ཕྱིར་ཞེ་ན། རྒྱན་བདུན་མ་རྟོགས་པས་རྒྱུད་ཀྱི་དོན་ལ་རྨོངས་པའི་སེམས་ཅན་རྗེས་སུ་གཟུང་བར་འདོད་པ་ཡིས་སོ། །
བཤད་པ་དངོས་ལ་དབྱེ་བས་མདོར་བསྟན། མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ་བ་དང་གསུམ་གྱི་དང་པོ་ནི། གླེང་སླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་ཏེ། སྤྱིར་རྒྱན་དང་། རྒྱན་ཅན་གཉིས་ཀྱི། རྒྱན་ཅན་ནི་གསང་བ་འདུས་པའོ། །རྒྱན་ནི། རྒྱུད་མཛེས་པར་བྱེད་པའི་ཡོན་ཏན་རྒྱན་བདུན་ཏེ། དེ་ལ་སྤྱིའི་དོན་དྲུག་སྟེ། དབྱེ་བ་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། ཐོག་མར་བསྟན་པའི་དགོས་པ་དང་། ངེས་ཚིག་དང་། རྒྱན་ཉི་ཤུ་རྩ་བརྒྱད་དགོས་འབྲེལ་གྱི་དངོས་པོ་བཞིར་བསྡུ་ཚུལ་ལོ། །དེ་ལ་རྒྱན་བདུན་གྱི་དབྱེ་བ་ལ་གསུམ་སྟེ། བསྡུས་པའི་དབྱེ་བ་དང་། སོར་བཞག་པའི་དབྱེ་བ་དང་། རྒྱས་པའི་དབྱེ་བའོ། །བསྡུས་པའི་དབྱེ་བ་ལ་གཉིས་ཏེ། ཐ་དད་ཀྱི་རྒྱན་དང་། ཐ་མི་དད་ཀྱི་རྒྱན་ནོ། །ཐ་དད་ཀྱི་རྒྱན་ནི་བཅོ་ལྔ་སྟེ། རྒྱུད་ཀྱི་མཚན་དང་། རྒྱུད་ཀྱི་བྱེད་པ་པོ་དང་རྒྱུད་ལ་འཇུག་པའི་དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་བྱས་ན་གང་ཟག་དྲུག་དང་། བརྗོད་བྱ་སངས་རྒྱ་བའི་ཚུལ་བཞི་དང་། དགོས་པ་ངེས་པ་གཉིས་དང་། དགོས་པའི་དགོས་པ་རྣམས་ཏེ། དེ་དག་ནི་རྒྱུད་ལས་དོན་གཞན་ཡིན་པའི་ཕྱིར་རོ། །ཐ་མི་དད་ཀྱི་རྒྱན་ནི་བཅུ་གསུམ་སྟེ། རྒྱུད་ཀྱི་ཚད་དམ་ནུས་པ་དང་། བརྗོད་བྱེད་མཐའ་དྲུག་དང་། ཚུལ་བཞི་དང་། ཚོགས་བཤད་དང་སློབ་བཤད་གཉིས་ཏེ། དེ་རྣམས་ནི་རྒྱུད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སོར་བཞག་པའི་དབྱེ་བ་ནི། གླེང་སླང་བ་ཡི་གྲངས་ནི་ལྔ། །ཞེས་པ་ནས། བདུན་པའི་དབྱེ་བ་རྣམ་པ་གཉིས། །ཞེས་པའི་བར་བདུན་ནོ། །རྒྱས་པར་དབྱེ་ན། ཐ་དད་ཀྱི་རྒྱན་བཅོ་ལྔའམ་བཅུ་བཞི། ཐ་མི་དད་ཀྱི་རྒྱན་བཅུ་གསུམ་སྟེ་ཉི་ཤུ་རྩ་བརྒྱད་དོ། །གྲངས་ངེས་པ་ནི། དཔེར་ན་ཕར་ཕྱིན་ཐེག་པའི་ས་དང་པོའི་བདེན་པ་མཐོང་བ་ལ་བྱང་ཆུབ་ཡན་ལག་བདུན་དགོས་པ་ལྟར། གསང་བ་འདུས་པའི་རྒྱུད་ལ་འཇུག་པའི་གེགས། མ་རྟོགས། ལོག་རྟོགས། ཐེ་ཚོམ་གྱི་དྲི་མ་བསལ་ནས། རྒྱུད་དོན་རྟོགས་པའི་གོ་བ་སྐྱེ་བ་ལ་རྒྱན་བདུན་དགོས་པའི་ཕྱིར་རོ། །གོ་རིམ་ངེས་པ་ནི། ཐོག་མར་གླེགས་བམ་མཐོང་བ་ལ་བརྟེན་ནས་རྟོག་པ་སྐྱེ་བའི་གོ་རིམ་དང་བསྟུན་པ་སྟེ། དེ་ཡང་མིང་ལ་བརྟེན་ནས་དོན་ཚོལ་བས། དང་པོར་གླེགས་བམ་མཐོང་མ་ཐག་འདིའི་མིང་ཅི་ཡིན་སྙམ་ནས་འདྲི་བ་ན། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །ཞེས་པས་མིང་ལ་རྨོངས་པ་སེལ་ལོ། །རང་ལ་མི་མཁོ་བའི་བསྟན་བཅོས་ལ་མི་འཇུག་པས། གདུལ་བྱ་གང་གི་དོན་དུ་བྱས་ཞེས་འདྲི་བ་ན། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །ཞེས་པས། ཆེད་དུ་བྱ་བའི་གདུལ་བྱ་ལ་རྨོངས་པ་སེལ་ལོ། །བྱེད་པ་པོ་ཚད་ལྡན་གྱིས་མ་བྱས་པའི་བསྟན་ཆོས་ལ་རྟོག་ལྡན་མི་འཇུག་པས། འདིའི་བྱེད་པ་པོ་སུ་ཞིག་ཅེས་འདྲི་བ་ན། འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པས། བྱེད་པ་པོ་ལ་རྨོངས་པ་སེལ་ལོ། །བརྗོད་བྱ་མེད་པའི་བསྟན་ཆོས་ནི་བྱ་རོག་སོར་རྟོག་གི་བསྟན་ཆོས་ལྟར། འཇུག་བྱ་མ་ཡིན་པས། འདི་ལ་མངོན་པར་འདོད་པའི་དོན་ཅི་ཞིག་སྟོན་པའི་ནུས་པ་ཡོད་ཅེས་འདྲི་བ་ན། ཆོ་ག་དེ་བཞིན་ལེའུ་དང་། །རིམ་པར་ཕྱེ་དང་དུམ་བུའོ། །ཞེས་པས། མངོན་པར་འདོད་པའི་བརྗོད་བྱ་སྟོན་མི་ནུས་སམ་སྙམ་པའི་དོགས་པ་སེལ་ལོ། །ཉིང་དགོས་འདོད་བྱ་མ་ཡིན་པ་ནི། མ་བག་མར་ལེན་པའི་བསྟན་ཆོས་ལྟར། རྟོགས་ལྡན་གྱི་འཇུག་བྱ་མ་ཡིན་པས། འདི་ལ་ཉིང་དགོས་ཁྱད་པར་ཅན་ཅི་ཞིག་ཡོད་ཅེས་འདྲི་བ་ན། ཞི་སོགས་བྱ་བའི་ཆོ་ག་དང་། དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་པས། ཉིང་དགོས་ལ་རྨོངས་པ་སེལ་ལོ། །བྱེད་པ་པོ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རིགས་པ་མེད་ན། དབང་ཕྱུག་ལྟར་ཡིད་ཆེས་པའི་གནས་སུ་མི་རུང་བས། རྡོ་རྗེ་སེམས་དཔའ་དེ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རིགས་པ་ཅི་ཡོད་ཅེས་འདྲི་ན། ཚུལ་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པས། རིགས་པ་རྣམ་པ་བཞིའི་སྒོ་ནས། རྡོ་རྗེ་སེམས་དཔའ་ཚད་མའི་སྐྱེས་བུར་བསྒྲུབ་པ་ཡིན་ནོ། །རྗོད་བྱེད་གང་གི་འཆད་ཅེས་འདྲི་བ་ན། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །ཚུལ་ནི་རྣམ་པ་བཞི་ཡིན་ལ། །ཞེས་པས། འདི་འཆད་པ་ན་བསྟན་བཅོས་མཁན་ལ་སྒྲ་ཇི་བཞིན་དུ་བཤད་དུ་མི་རུང་གི བླ་མའི་མན་ངག་ལ་བརྟེན་ནས། མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཆད་དོ་ཞེས་པས། རྗོད་བྱེད་ལ་རྨོངས་པ་སེལ་ལོ། །སློབ་མ་གང་ལ་གང་འཆད་ཅེས་འདྲི་ན། ལྔ་པའི་དབྱེ་བ་རྣམ་པ་གཉིས། །ཞེས་པས་ཐུན་མོང་བ་ཚོགས་བཤད་དང་། ཐུན་མོང་མ་ཡིན་པ་སློབ་བཤད་གཉིས་བྱའོ། །ཞེས་འཆད་ཚུལ་རྨོངས་པ་བསལ་ལོ། །
འོ་ན་གང་ཟག་གང་ལ་ཚོགས་བཤད་བྱ། གང་ལ་སློབ་བཤད་བྱ་ཞེས་འདྲི་ན། དྲུག་པའི་དབྱེ་བ་ལྔ་དང་ལྡན། །ཞེས་པས། གང་ཟག་ལྔ་ཡོད་པའི་དང་པོ་བཞི་ལ་ཚོགས་བཤད་དང་། ཕྱི་མ་ལ་སློབ་བཤད་བྱའོ། །ཞེས་པའོ། །བཤད་པས་གོ་བ་ཇི་ལྟར་སྐྱེ་ཞེས་འདྲི་བ་ན། འདུན་པའི་དབྱེ་བ་རྣམ་པ་གཉིས། །ཞེས་པས། ཀུན་རྫོབ་དོན་དམ་པའི་བདེན་པ་གཉིས་རྟོག་པའི་ངེས་པ་སྐྱེའོ། །ཞེས་པའོ། །ཐོག་མར་བསྟན་པའི་དགོས་པ་ནི། ཇི་སྐད་དུ་བཤད་པའི་ཚུལ་གྱིས། རྒྱུད་ལ་འཇུག་པའི་གེགས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་བསལ་བ་ན། དགའ་བ་ཁྱད་པར་ཅན་སྐྱེས་ནས། གུས་པ་ཆེན་པོས་རྒྱུད་ལ་འཇུག་པར་འགྱུར་བའོ། །ངེས་པའི་ཚིག་ནི། ཇི་སྐད་བཤད་པའི་ཚུལ་གྱིས་དགའ་བ་སྐྱེས་ནས་རྒྱུད་མཛེས་པར་བྱེད་པའི་ཕྱིར། རྒྱན་ཞེས་བྱ་སྟེ། དཔེར་ན་གསེར་དངུལ་གྱི་རྒྱན་གྱིས་སྐྱེས་པ་དང་བུད་མེད་ཀྱི་ལུས་ལ་དགའ་བ་བསྐྱེད་པ་བཞིན་ནོ། །
ཇི་སྐད་དུ། གཟུགས་རྒྱན་ཡོན་ཏན་རང་བཞིན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གིས་མི་རྣམས་དགའ་བའི་མཆོག་བསྐྱེད་ལ། །ཞེས་གསུངས་པ་ལྟར་རོ། །དགོས་འབྲེལ་གྱི་དངོས་པོ་བཞིར་བསྡུ་བ་ནི། རྒྱན་ཉི་ཤུ་བརྒྱད་པོ་དེ་དག་ཀྱང་བརྗོད་བྱ་དང་། རྗོད་བྱེད་དང་། དགོས་པ་དང་། དགོས་པའི་དགོས་པ་བཞིར་འདུ་སྟེ། སངས་རྒྱས་པའི་ཚུལ་བཞི་ནི་བརྗོད་བྱར་འདུས་སོ། །ཐ་མི་དད་ཀྱི་རྒྱན་བཅུ་གསུམ་ནི་རྗོད་བྱེད་དུ་འདུས་སོོ། །རྒྱུད་ཀྱི་མིང་དང་། བྱེད་པ་པོ་དང་། རྒྱུད་ལ་འཇུག་པའི་གང་ཟག་དྲུག་ལ་བརྟེན་ནས། བརྗོད་བྱ་བདེན་པ་གཉིས་རྟོགས་པའི་ངེས་པ་སྐྱེ་བས་ན་དེ་དག་ནི་དགོས་པར་འདུས་སོ། །ཞི་སོགས་ཕྲིན་ལས་བཞི་དང་། གྲུབ་པ་བརྒྱད་དང་། མཆོག་སངས་རྣམས་ནི་དགོས་པའི་དགོས་པར་འདུས་སོ། །འབྲེལ་བ་ནི་ཤུགས་ལ་བསྟན་ཏེ། དེ་ལྟར་ན་རྒྱན་བདུན་གྱིས་ནི་རྒྱུད་ལ་འཇུག་པའི་དགོས་སོགས་ཆོས་བཞིའང་བསྟན་པ་ཡིན་ནོ། །དེ་ལྟར་རྒྱན་བདུན་གྱི་དབྱེ་བ་མདོར་བསྡུས་ནས། དེ་དག་གི་རང་བཞིན་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་ཡང་སྤྱིའི་མཚམས་སྦྱར་བ་དང་། སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱན་ནི་བདུན་པོ་རྣམས་ཀྱིས་ནི། །རིམ་པ་བཞིན་དུ་རེ་རེ་ཡི། །བསྟན་པ་དག་ནི་བདག་གིས་བྱ། །ཞེས་ཏེ། བཤད་པས་རྒྱུད་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སྟེ། དེ་ལས་རྒྱན་བདུན་གྱི་དབྱེ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །སོ་སོའི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་བདུན་ཡོད་པའི་ཡང་རྒྱན་དང་པོ། གླེང་སླང་བའི་གྲངས་ལ། དྲི་བ་དགོད་པ་དང་། ལན་སྟོན་པ་གཉིས་ཀྱི། དང་པོ་ནི། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་པའོ། །ལན་ནི། རྒྱུད་འདིའི་མིང་ཅི་ཞིག་ཅེས་འདྲི་བ་ན། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། ཞེས་ཏེ། མཚན་བརྗོད་པར་དཀའ་བ་དཔལ་གསང་བ་འདུས་པ་ཞེས་བྱ་བའོ། །ཞེས་པའོ། །གདུལ་བྱ་གང་གི་དོན་དུ་འདི་མཛད་ཅེས་འདྲི་ན། སྐྱེ་བོ་འདོད་ཆགས་ཅན་དོན་དུ། ཉོན་མོངས་པའི་འཇུག་པ་ཤས་ཆེ་བ་འདོད་ཡོན་སྤང་མི་ནུས་པའི་སྐྱེ་བོ་འདོད་ཆགས་ཅན་གྱི་དོན་དུ་མཛད་དོ། །
སུ་ཞིག་འདིའི་བྱེད་པོ་ཡིན་ཞེ་ན། འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་ཏེ། རྒྱུད་འདིའི་བྱེད་པ་པོ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་སོ། །འདིའི་བརྗོད་བྱ་སྟོན་པ་དང་འབྲས་བུ་གྲུབ་པའི་ཚད་དམ་ནུས་པ་གང་ཞེ་ན། ཚད་དག་ཀྱང་ནི་བཤད་བྱ་སྟེ། །ཆོ་ག་དེ་བཞིན་ལེའུ་དང་། །རིམ་པར་བྱེད་དང་དུམ་བུའོ། །དེ་དག་རྣམ་པ་བཞིར་གྱུར་པ། །ཞེས་ཏེ། ཆོ་ག་ནི་བི་ཏི་སྟེ། བི་ཏི་ན། བི་ཏི་ཞེས་པ་རང་གཞན་ལ་ཕན་པ་ནི་ལེའུ་དང་། ཞེས་ཏེ། ལེའུ་ནི་པ་རི་ཝརྟ་སྟེ། ཡོངས་སུ་བརྗེ་བའི་དོན་སྟོན་པས། གྲུབ་པ་ཆེན་པོ་བརྒྱད་ལ་བྱ་ལ། འདིས་དེ་སྟོན་ཅིང་འབྱིན་པར་བྱེད་པས་ལེའུའོ། །ཡོངས་སུ་བརྗེ་བ་སོགས་ནི། བཅུད་ལེན་དང་སྨད་བརྒྱད་པོ་ལའང་ཡོད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་མཆོག་གི་དོན་སྟོན་པ་ནི། རིམ་པ་ཕྱེ་ཞེས་ཏེ། རིམ་པར་ཕྱེ་བ་ནི། པ་ཏ་ལ་སྟེ་སྣམ་བུ་ལེན་པ་དང་འདྲ་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་བྱ་ལ། དེ་འདིས་སྟོན་ཅིང་འབྱིན་པར་བྱེད་པས་རིམ་པར་ཕྱེ་བའོ། །
གཉིས་སུ་མེད་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་ནི་ལམ་གྱི་རིམ་པ་ཉམས་སུ་བླངས་པ་ལ་ཡང་འབྱུང་བས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། བརྗོད་བྱ་ཡོངས་སུ་བརྗོད་ཅིང་སྟོན་པ་ནི། དུམ་བུ་ཞེས་ཏེ། དུམ་བུ་ནི་པ་རི་ཚེ་ད་སྟེ། བརྗོད་བྱའི་དོན་རྗོད་བྱེད་གཞུང་འདིས་ཡོངས་སུ་གཅོད་ཅིང་སྟོན་པར་བྱེད་པས་ན་དུམ་བུའོ། །དེ་ལ་སྔ་མ་གསུམ་ནི། འབྲས་བུ་འབྱིན་པའི་ནུས་པ་ཡིན་ལ། ཕྱི་མ་ནི། བརྗོད་བྱ་བརྗོད་པའི་ནུས་པའོ། །གཞན་ཡང་། གཞུང་ཉིད་ཀྱིས་ནི་གྲངས་ཡིན་ནོ། །ཞེས་པས་ཀྱང་རྒྱུད་ཀྱི་ཚད་བསྟན་ཏེ། ཆོ་ག་བཅུ་བདུན་ལེའུ་བཅུ་བདུན་རིམ་པར་ཕྱེ་བ་བཅུ་བདུན། དུམ་བུ་བཅུ་བདུན་ཡིན་པར་ཤེས་པར་བྱའོ། །དགོས་པའི་དགོས་པ་ཅི་ཡིན་ཞེ་ན། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །མཆོག་གི་སངས་རྒྱས་ཀྱང་ཡིན་ནོ། །ཞེས་ཏེ། ཉིང་དགོས་ནི་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ལ་ཡང་གཉིས་ཏེ། དམན་པ་ཞི་སོགས་ཕྲིན་ལས་བཞི་དང་། མཆོག་གྲུབ་པ་ཆེན་པོ་བརྒྱད་དོ། །འཇིག་རྟེན་ལས་འདས་པ་ནི་མཆོག་གི་སངས་རྒྱས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་དག་ནི་འདིའི་ཉིང་དགོས་ཡིན་ནོ། །
རྒྱན་གཉིས་པ་ཚུལ་བཞི་ལ་གཉིས་ཏེ། མཚམས་སྦྱར་སྔོན་དུ་འགྲོ་བས་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། གླེང་སླང་བ་ནི་འདས་ཟིན་ཏེ། །གཉིས་པ་ཡང་ནི་བཤད་པར་བྱ། །རྒྱུད་དག་དང་ནི་གླེང་གཞི་དང་། །ངེས་པའི་ཚིག་དང་རྒྱུ་ཡིན་ནོ། །ཞེས་སོ། །
སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། འདོད་ཆགས་དང་བྲལ་བའི་སངས་རྒྱས་ཚུལ་དང་། འདོད་ཆགས་དང་བཅས་པའི་སངས་རྒྱས་ཚུལ་ལོ། །དང་པོ་ནི། སྤྱིར་སངས་རྒྱས་ཀྱི་གདུལ་བྱའི་གཙོ་བོ་ནི་ལྷ་དང་མི་གཉིས་ཡིན་ལ། ལྷའི་རྟེན་ལ་སངས་རྒྱས་པས་མིའི་དོན་མི་ནུས་ཏེ། མིས་ལྷ་ཡུལ་དུ་བགྲོད་མི་ནུས་པའི་ཕྱིར་རོ། །མི་ཡི་རྟེན་ལ་སངས་རྒྱས་པས་ལྷ་ཡི་དོན་བྱེད་ནུས་ཏེ། ལྷ་རྣམས་ཀྱིས་མི་ཡི་ཡུལ་དུ་བགྲོད་ནུས་པའི་ཕྱིར་རོ། །དེ་བས་ན། སངས་རྒྱ་བ་ལ་རྒྱུ་ཁྱད་པར་ཅན་མི་ཡི་སྐྱེ་བར་འཁྲུངས་པ་ཞིག་དགོས་སོ་ཞེས་སྟོན་པ་ནི། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་གསུངས་སོ། །མིའི་རྒྱུད་དུ་སྐྱེས་ཀྱང་ཁྱིམ་ན་གནས་པས་སངས་རྒྱ་མི་ནུས་ཏེ། ཇི་སྐད་དུ་མདོ་ལས། ཏིང་ངེ་འཛིན་རྒྱལ་པོ་ལས། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་དག་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་ད་ལྟར་མེད། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་སངས་རྒྱ་བ་ལ་ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཞིག་དགོས་སོ་ཞེས་སྟོན་པ་ནི། བཙུན་མོའི་འཁོར་ལས་འདས་ནས་ནི། །རབ་ཏུ་བྱུང་བ་གླེང་གཞི་ཡིན། །ཞེས་ཏེ། གླེང་གཞི་ནི་དང་པོའི་རྒྱུ་ཡིན་ལ། རབ་ཏུ་བྱུང་བ་ནི། ལམ་སྒྲུབ་པའི་དང་པོའི་རྒྱུ་ཡིན་པའི་ཕྱིར་རོ ། །ཡང་ན་འབྲས་བུ་ལ་རྣམ་པ་སྟེར་བས་ན་གླེང་གཞི་སྟེ། རྒྱུའི་གནས་སྐབས་སུ་རབ་ཏུ་བྱུང་བའི་ཆ་ལུགས་སུ་འདོད་པ་བཞིན་དུ། འབྲས་བུའི་གནས་སྐབས་ན་ཡང་ཆ་ལུགས་དེ་ཉིད་ཀྱིས་སངས་རྒྱས་པའི་ཕྱིར་རོ ། །ཚུལ་ཁྲིམས་འཆལ་བས་ནི་ལམ་སྒྲུབ་མི་ནུས་པས་རབ་ཏུ་བྱུང་ཙམ་གྱིས་མི་ཆོག་གི ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ངེས་པར་གནས་པ་ཞིག་དགོས་སོ་ཞེས་སྟོན་པ་ནི། འདུལ་ལ་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པ་ཡིན། ཞེས་ཏེ། ངེས་པར་གནས་པས་ན་ངེས་ཚིག་སྟེ། རབ་ཏུ་བྱུང་ནས་འདུལ་བ་ནས་བསྟན་པའི་བསླབ་བྱ་རྣམས་ལ་ངེས་པར་གནས་དགོས་པའི་ཕྱིར། ངེས་ཚིག་ཅེས་བྱའོ། །ཚུལ་ཁྲིམས་ཙམ་གྱིས་རྣམ་གྲོལ་ཐོབ་མི་ནུས་ཀྱིས། དཀའ་བ་སྤྱད་པས་ལམ་བསྒོམ་པ་ལ་འབད་དགོས་སོ་ཞེས་སྟོན་པ་ནི། འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། ཞེས་ཏེ། འབྲས་བུ་རྣམ་པར་གྲོལ་བ་འདོད་པས། ཆུ་བོ་ན་ར་ཛཱ་ནའི་འགྲམ་དུ་ལོ་དྲུག་དུ་དཀའ་སྤྱད་ཀྱིས་ཆོས་སྤྱོད་པ་དེ་ནི། རྣམ་གྲོལ་ཐོབ་པའི་ཉེ་བའི་རྒྱུ་ཡིན་པའི་ཕྱིར། རྒྱུ་ཞེས་བྱའོ། །དེ་དག་གི་མཇུག་བསྡུ་བ་ནི། འདི་ནི་འདོད་ཆགས་བྲལ་ཁྱོད་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་པའོ ། །
འདིར་འདོད་ཆགས་དང་བྲལ་བའི་སངས་རྒྱ་བའི་ཚུལ་བཞི་བཤད་པ་ནི། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ནི། ཇི་སྐད་བཤད་པའི་ཚུལ་བཞི་པོ་དེ་ཡི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འཇིག་རྟེན་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་ཅིང་། རྒྱུད་ཀྱི་བྱེད་པ་པོ་རྡོ་རྗེ་སེམས་དཔའ་ཡང་དེ་ལས་རྒྱུད་ཐ་དད་པ་མ་ཡིན་ནོ། །ཞེས་བསྟན་པའི་སྒོ་ནས། རྒྱུད་བྱེད་པ་པོ་ཚད་མར་བསྒྲུབས་པ་ཡིན་ནོ། །འདོད་ཆགས་དང་བཅས་པར་སངས་རྒྱ་བའི་ཚུལ་ལ་གཉིས་ཏེ། མཚམས་སྦྱར་བ་དང་། བཤད་པ་དངོས་སོ། །དང་པོ་ནི། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །ཞེས་སོ། །གཉིས་པ་ལ་ཡང་། བསྐྱེད་རིམ་སྟོན་པར་བྱེད་པའི་རྒྱུད་དང་། རྫོགས་རིམ་སྟོན་པར་བྱེད་པའི་གླེང་གཞི་དང་། དབང་བསྐུར་སྟོན་པར་བྱེད་པའི་ངེས་ཚིག་དང་། སྤྱོད་པ་སྟོན་པར་བྱེད་པའི་རྒྱུའོ། །དེ་ལ་བསྐྱེད་རིམ་སྟོན་པར་བྱེད་པའི་རྒྱུད་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་ཏེ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་གིས་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་དེ་བསྒོམ་པ་ནི་རིགས་ལྔ་ལས་མ་འདས་པས། རིགས་ལྔའི་སངས་རྒྱས་བསྐྱེད་པ་ཞེས་བྱ་ལ། དེ་ཉིད་ནི་རིགས་ལྔའི་རྒྱུད་ཁྱད་པར་ཅན་དུ་སྐྱེས་པས་ན་རྒྱུད་ཅེས་བྱའོ། །བསྐྱེད་རིམ་ཙམ་གྱིས་མི་ཆོག རྫོགས་རིམ་བསྒོམ་དགོས་པས་ན་རྫོགས་རིམ་སྟོན་པར་བྱེད་པའི་གླེང་གཞི་ནི། སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །ཞེས་ཏེ། དབེན་གསུམ་ལམ་གྱི་སྐུ་གསུམ་སྤྲུལ་སྐུ་དང་། ཀུན་རྫོབ་ལོངས་སྐུ་དང་། འོད་གསལ་ཆོས་སྐུ་རིམ་གྱིས་བསྒོམས་ཏེ། སླར་ཡང་ཟུང་འཇུག་སྐུ་གསུམ་དབྱེར་མེད་བསྒོམ་པ་ནི་འབྲས་བུའི་སྐུ་གསུམ་རིགས་གཅིག་ཏུ་གྱུར་པའོ། །དེ་སྐད་དུ་ཡང་རྡོ་རྗེ་ཕྲེང་བར། སྐུ་གསུམ་དག་གིས་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །དེ་ཉིད་འབྲས་བུ་རྡོ་རྗེ་འཆང་ལ་རང་གི་རྣམ་པ་སྟེར་བར་བྱེད་པས་ན་གླེང་གཞི་ཞེས་བྱའོ། །བསྐྱེད་རྫོགས་གཉིས་ཀྱི་སྔོན་དུ་སྨིན་བྱེད་ཀྱི་ལམ་འགྲོ་དགོས་པས་ན། དབང་བསྐུར་སྟོན་པར་བྱེད་པ་ངེས་པའི་ཚིག་ནི། རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །ཅེས་ཏེ། དབང་བསྐུར་གྱི་སྔོན་དུ་རྡོ་རྗེ་ལ་སོགས་པ་རིགས་ལྔའི་དམ་ཚིག་དང་སྡོམ་པ་འཛིན་པ་དང་། ཐུན་མོང་གི་དབང་དགུའི་སྐབས་སུ། ཆུ་དབང་སྔོན་དུ་འགྲོ་བའི་རྡོ་རྗེ་དང་ཅོད་པན་ལ་སོགས་པའི་དབང་བསྐུར་བ་ནི། རྡོ་རྗེ་ལ་སོགས་གཟུང་བ་ནི། །ཞེས་སོ། །སོགས་པའི་སྒྲས་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་བསྐུར་བའང་གཟུང་ངོ་། །སྨིན་ལམ་དབང་བསྐུར་བ་དེ་ནི། གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན་པས་ན། ངེས་པའི་ཚིག་ཅེས་བྱའོ ། །འབྲས་བུ་ལ་ནུས་པ་འབྱིན་པ་ལ་སྤྱོད་པ་དགོས་པས་སྤྱོད་པ་སྟོན་པར་བྱེད་པའི་རྒྱུ་ནི། སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་ཏེ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པས་འདོད་པའི་ཡོན་ཏན་ལྔ་ལ་ཅི་བདེ་བར་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་ཚུལ་གྱིས་སྤྱོད་པ་ནི་མཚན་བཅས་མཚན་མེད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་པ་བྱེད་པའི་ཉེ་བའི་རྒྱུ་ཡིན་པས་རྒྱུ་ཞེས་བྱའོ། །འདིར་རྒྱུ་དང་པོར་བསྟན་པ་ནི། ཆགས་བྲལ་གྱི་ཚུལ། ཞི་དང་གོ་རིམ་མཐུན་པར་བྱ་བའི་ཕྱིར་ཏེ། དོན་གྱི་རིམ་པ་ལས་ནི་དབང་བསྐུར་སྟོན་པའི་ཚིག་དང་པོར་འབྱུང་སྟེ་སྨིན་ལམ་དབང་བསྐུར་གྱི་རྒྱུད་སྨིན་པར་བྱ་སྟེ་གྲོལ་ལམ་རིམ་པ་གཉིས་སྒོམ་ནས་ཉེར་རྒྱུ་སྤྱོད་པ་ལ་བསླབ་པ་ལས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཕྱིར་རོ། །
རྒྱན་གསུམ་པ་མཐའ་དྲུག་བཤད་པ་ལ་རྣམ་པ་གཉིས། མཚམས་སྦྱར་བ་དང་། བཤད་པ་དངོས་སོ། །དང་པོ་ནི། རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པའི། །མཐའ་དྲུག་ཚིག་གིས་ངེས་བྱས་པས། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། །ཞེས་པའོ། །གཉིས་པ་ལ། མིང་གིས་མདོར་བསྟན་པ་དང་། སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི་དྲང་བ་དང་ནི་ངེས་དོན་བཅས། །དགོངས་པས་བཤད་དང་དགོངས་ཡིན་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། །མཐའ་ནི་དྲུག་ཏུ་ཤེས་པར་བྱ། །ཞེས་ཏེ། མཐའ་དྲུག་ནི། མཐའ་ལ་བརྟེན་པ་དང་། མཐར་ཐུག་པ་གཉིས་ལས། འདི་ནི་མཐའ་ལ་བརྟེན་པས་ན་མཐའོ། །དེ་ལ་གསུམ་ཏེ་དོན་གྱི་མཐའ་ལ་བརྟེན་པ་དང་། ཚིག་གི་མཐའ་ལ་བརྟེན་པ་དང་། ཚིག་དོན་གཉིས་གའི་མཐའ་ལ་བརྟེན་པའོ། །དེ་ལ་དྲང་དོན་ངེས་དོན་གཉིས་ནི། དོན་གྱི་མཐའ་ལ་བརྟེན་པ་སྟེ། རྡོ་རྗེའི་ཚིག་གཅིག་གིས་དོན་བསྐྱེད་རིམ་དང་། རྫོགས་རིམ་འགལ་བ་གཉིས་སྟོན་པའི་ཕྱིར་ཏེ། དཔེར་ན་བཛྲ་དྷྲྀག་ཅེས་པའི་སྒྲ་དེས། དྲང་དོན་དུ་རྡོ་རྗེ་རྩེ་ལྔ་པ་འཛིན་པ་ལ་འགྲོ་ལ། ངེས་དོན་དུ་ཟུང་འཇུག་གི་ཡེ་ཤེས་རང་གི་ངོ་བོ་འཛིན་པ་ལ་འགྲོ་བ་ལྟ་བུའོ། །དགོངས་དང་དགོངས་མིན་གཉིས་ནི། ཚིག་མཐའ་ལ་བརྟེན་པ་སྟེ། སྒྲ་གཉིས་ཀྱིས་བསྐྱེད་རིམ་དང་རྫོགས་རིམ་འགལ་བ་གཉིས་སྟོན་པའི་ཕྱིར་རོ། །
དེ་ལ་དྲང་དོན་ངེས་དོན་གཉིས་ལས། དྲང་དོན་གྱིས་ངེས་པ་ཁོ་ནར་བསྐྱེད་རིམ་སྟོན་ལ། ངེས་དོན་གྱིས་ངེས་པ་ཁོ་ནར་རྫོགས་རིམ་སྟོན་ནོ ། །དགོངས་དགོངས་མིན་གཉིས་ཀྱིས་ཤས་ཆེར་རྫོགས་རིམ་སྟོན་ལ། བསྐྱེད་རིམ་སྟོན་པའང་ཡོད། སྒྲ་ཇི་བཞིན་མ་ཡིན་པས་ཤས་ཆེར་རྫོགས་རིམ་བསྟན་ལ། བསྐྱེད་རིམ་བསྟན་པའང་ཡོད། སྒྲ་ཇི་བཞིན་པའི་ཕལ་ཆེར་བསྐྱེད་རིམ་བསྟན་ལ། རྫོགས་རིམ་སྟོན་པའང་ཡོད། ཚིག་གཅིག་ལ་དོན་གཉིས་བྱུང་ན། དྲང་དོན་ངེས་དོན་ནོ། །བསྐྱེད་རྫོགས་གང་སྟོན་ཡང་ཚིག་དོན་འགལ་བ་ཞིག་བྱུང་ན་དགོངས་བཤད། ཚིག་དོན་མི་འགལ་བ་གཅིག་བྱུང་ན་དགོངས་པ་མ་ཡིན་པའོ། །རྗོད་བྱེད་ཀྱི་ཚིག་བརྡ་བཤད་གཅིག་བྱུང་ན་སྒྲ་ཇི་བཞིན་པ་མ་ཡིན་པའོ། །ཚིག་འཇིག་རྟེན་ཐ་མལ་པ་ལ་གྲགས་པ་གཅིག་བྱུང་ན་སྒྲ་ཇི་བཞིན་པའོ། །
སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ལ་དྲུག་སྟེ། དང་པོ་དྲང་དོན་ནི། སྐལ་ངན་རྣམས་ལ་རྒྱལ་བཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཞེས་ཏེ། རྫོགས་རིམ་གྱི་སྣོད་དུ་མི་རུང་བའི་སྐལ་ངན་རྣམས་ལ་ངེས་དོན་སྦས་ཏེ། བསྐྱེད་རིམ་གྱི་དོན་བཤད་པ་ནི་དྲང་བའི་དོན་ཞེས་བྱའོ། །གཉིས་པ་ངེས་དོན་ནི། ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །རྫོགས་རིམ་གྱི་སྣོད་དུ་རུང་བ་ལ། དྲང་དོན་སྟོན་པའི་རྡོ་རྗེའི་ཚིག་དེ་ཉིད་ཀྱིས་བསྐྱེད་རིམ་དུ་མ་ཟད། ཡང་དག་སྟེ་རྫོགས་པའི་རིམ་པ་ཡང་རབ་ཏུ་སྟོན་པའི་ཕྱིར། ངེས་པའི་དོན་ཞེས་གསུངས་སོ། །གསུམ་པ་དགོངས་བཤད་ནི། མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གིས་སྦྱོར་བ་ཡིས། །གསུངས་པ་གང་ཡིན་དགོངས་བཤད་དོ། །མཆོག་འདོད་པའི་སེམས་ཅན་དབང་པོ་རྣོན་པོ་རྣམས་ཀྱི་ཕྱིར། དོན་དེ་སྟོན་བྱེད་དུ་འགལ་བའི་ཚིག་གིས་སྦྱོར་བ་ཡིས། ཆོས་ཀྱི་དེ་ཉིད་རྫོགས་པའི་རིམ་པ་རབ་ཏུ་སྟོན་པའི་དགོངས་པ་བཤད་ཅེས་བྱའོ། །བཞི་པ་དགོངས་མིན་ནི་དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་མཆོག་ཏུ་གསལ་བ་ཡིས། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པས་བཤད་པའོ། །ཞེས་ཏེ། དབང་པོ་དམན་པ་ཟབ་མོའི་སྣོད་དུ་རུང་བའི་སེམས་ཅན་རྣམས་ལ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར། མཆོག་ཏུ་གསལ་ཞིང་དོན་དང་མཐུན་པའི་ཚིག་གིས་གཙོ་ཆེན་ཆོས་ཀྱི་དེ་ཁོ་ན་ཉིད་འོད་གསལ་ཟུང་འཇུག་སོགས་སྟོན་པ་ནི་དགོངས་པ་མིན་པས་བཤད་པ་ཞེས་བྱའོ། །ལྔ་པ་སྒྲ་ཇི་བཞིན་པ་ནི། དཀྱིལ་འཁོར་ལ་སོགས་ཆོ་ག་ཞིབ། །སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཞེས་ཏེ། ཆོག་ཞིབ་མོས་ཏེ། རྟོག་པའི་རྒྱུད་ལས་དཀྱིལ་འཁོར་ཇི་ལྟར་འབྲི་བ་དང་། ཐིག ཚོན། སྦྱིན་བསྲེག གཏོར་མ་ལ་སོགས་པའི་སྤྱོད་པ་ཇི་ལྟར་གསུངས་པ་རྣམས། འཇིག་རྟེན་དང་བསྟན་འཆོས་ལ་གྲགས་པའི་ཚིག་གིས་དོན་རྒྱས་པར་བཤད་པ་དེ་ནི་སྒྲ་ཇི་བཞིན་པ་ཞེས་བྱའོ། །དྲུག་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་ཆོས་ལ་མེད་ཅིང་། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཞེས་ཏེ། སྒྲ་གང་དོན་དེའི་རྗོད་བྱེད་དུ་འཇིག་རྟེན་དང་བརྡ་སྤྲོད་པའི་བསྟན་ཆོས་ལ་གྲགས་པ་མེད་ཅིང་རྣལ་འབྱོར་ཕོ་མོའམ། དེ་བཞིན་གཤེགས་པ་ཁོ་ནའི་བརྡར་གྱུར་པ་རླུང་བཅུ་སྟོན་པ་ལ། ཀོ་ཊ་ཀྵ་དང་། ཀོ་ཏ་བ་ལ་སོགས་པའི་སྒྲ་ལྟ་བུ་ནི། སྒྲ་ཇི་བཞིན་པ་མ་ཡིན་པ་ཞེས་བྱའོ། །རྒྱན་བཞི་པ་བཤད་པའི་ཚུལ་བཞི་ལ་མཚམས་སྦྱོར་སྔོན་དུ་འགྲོ་བས་མདོར་བསྟན། དབྱེ་བས་རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི། མཐའ་དྲུག་དབྱེ་བ་བསྟན་ནས་ནི ། །བཤད་པའི་དབྱེ་བ་བརྗོད་པར་བྱ། །ཡི་གེའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་པའོ། །གཉིས་པ་ལ་དབྱེ་བ་དང་། དབྱེ་བ་སོ་སོའི་མཚན་ཉིད་གཉིས་ཀྱི་དབྱེ་བ་ནི། དང་པོ་གཅིག་པུ་ཁོ་ན་ཉིད་དང་། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས ། །སྦས་པ་རྣམ་པ་གསུམ་དུ་བཤད། །མཐར་ཐུག་པ་ནི་རྣམ་པ་གཉིས། །ཞེས་ཏེ། དེ་ལ་ཡི་གེའི་དོན་ལ་དབྱེ་བ་མེད་ཅིང་ཤེས་བྱ་ཤས་ཆེར་སྟོན་ཅིང་། བསླབ་བྱའི་ངོ་ནས་བསྐྱེད་རིམ་སྟོན་ནོ། །
སྤྱིའི་དོན་ལ་གཉིས་ཏེ། མདོ་སོགས་ལ་ཞུགས་པ་དང་། བསྐྱེད་རིམ་པའི་སྤྱི་དོན་ནོ། །དང་པོ་ནི། རྣམ་ཐར་སྒོ་གསུམ་དང་། བྱང་ཕྱོགས་སོ་བདུན་ལ་སོགས་པ་མདོ་སྡེ་ལ་གྲགས་པ་རྣམས་ཏེ། དེ་དག་ནི་ཕར་ཕྱིན་ཐེག་པ་བ་དང་ཤེས་བྱ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞལ་ཡས་ཁང་བསྐྱེད་པ་དང་། ལྷག་མོས་བསྒོམ་པ་ལ་སོགས་པ་བསྐྱེད་རིམ་དང་འབྲེལ་བ་རྣམས་ཏེ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པའི་ཕྱིར་རོ། །རྫོགས་རིམ་པས། བསྐྱེད་རིམ་ཇི་ལྟར་བསྒོམ་ཞེ་ན། དེ་དག་གིས་ཀྱང་། ལྷའི་རྣལ་འབྱོར་བསྒོམ་པ་ན། གཞལ་ཡས་ཁང་གི་དབྱིབས་དང་། ལྷ་ཡི་གྲངས་དང་། ཁ་དོག་ཕྱག་མཚན་ལ་སོགས་པ་བསྐྱེད་རིམ་པ་དང་མཐུན་པར་བསྒོམ་པའི་ཕྱིར་རོ། །སྦས་པ་ནི་གསུམ་སྟེ། འདོད་ཆགས་ཆོས་ཀྱི་སྦས་པ་དང་། ཀུན་རྫོབ་སྒྱུ་མའི་སྦས་པ་དང་། ཡེ་ཤེས་གསུམ་གྱི་སྦས་པའོ ། །དེ་གསུམ་ནི་སྤྱི་དོན་མཐར་ཐུག་གཉིས་ཀྱི་དབུས་སུ་ཆུད་པས་སྦས་པ་ཞེས་བྱའོ ། །མཐར་ཐུག་ནི་གཉིས་ཏེ། འོད་གསལ་དང་། ཟུང་འཇུག་གོ། འོད་གསལ་ནི། དངོས་པོའམ་ལམ་གྱི་མཐར་ཐུག་ཡིན་ལ། ཟུང་འཇུག་ནི་འབྲས་བུའམ་རྟོགས་པའི་མཐར་ཐུག་ཡིན་པའི་ཕྱིར། མཐར་ཐུག་ཞེས་བརྗོད་དོ། །དེ་ལ་ཡི་གེའི་དོན་དང་། སྤྱིའི་དོན་གཉིས་ནི་སྒྲ་ལྷུར་བླངས་ནས་བཤད་ལ། སྦས་དོན་དང་། མཐར་ཐུག་གི་དོན་གཉིས་ནི་དོན་ལྷུར་བླངས་ནས་བཤད་པའོ། །གཉིས་པ་ཕྱེ་བ་སོ་སོའི་མཚན་ཉིད་ལ་བཞིའི། དང་པོ་ཡི་གེའི་དོན་ནི་སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །ཅེས་ཏེ། སྐད་ཀྱི་བྱིངས་དང་། རྐྱེན་དང་། རྣམ་དབྱེ་དང་། ཚིག་སྡུད་ལ་སོགས་པ་སྒྲ་ཙམ་གྱི་མཚན་ཉིད་སྟོན་པ་ལ་རབ་ཏུ་གཞོལ་བའི་ཕྱི་རོལ་གྱི་བསྟན་ཆོས་ནི་བརྡ་སྤྲོད་པའི་གཞུང་སྟེ། དེ་ལ་མཁས་པ་རྣམས་ཀྱིས་བརྡ་སྤྲོད་ཀྱི་གཞུང་དེའི་བཀོད་པ་དང་མཐུན་པར་སྒྲ་གང་གིས་དོན་རབ་ཏུ་སྟོན་ཅིང་བཤད་པ་དེ་ནི་ཡི་གེའི་དོན་ཞེས་བཤད་དོ། །གཉིས་པ་སྤྱིའི་དོན་ནི། མདོ་སོགས་ལ་ནི་རབ་བཞུགས་པའི། །ཐེ་ཚོམ་བཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་དང་ལྡན་པ་དག། སྤྱི་ཡི་དོན་ནི་ཡིན་པར་གསུངས། །ཞེས་ཏེ། སྔར་མདོ་སྡེ་སོགས་ཕར་ཕྱིན་ཐེག་པ་ལ་རབ་ཏུ་ཞུགས་པ་རྣམས་ཀྱིས། རྒྱུད་དུ་མདོ་སྡེ་ལ་གྲགས་པའི་ཆོས་སྐད་མ་མཐོང་ནས། ཅི་འདི་སྟོན་པའི་བཀའ་མ་ཡིན་སྙམ་ཐེ་ཚོམ་མམ། འགྱོད་པ་བཟློག་པར་བྱ་བའི་ཕྱིར། རྣམ་ཐར་སྒོ་གསུམ་སོགས་ཕར་ཕྱིན་ཐེག་པར་གྲགས་པ་སྟོན་པ་དང་། ལྷག་མོས་བསྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བའི་དོན་སྟོན་པ་ནི་མདོ་སོགས་ལ་ཞུགས་པ་དང་། རྣལ་འབྱོར་རྒྱུད་མན་ཆད་ལ་གྲགས་པའི་བསྐྱེད་རིམ་ནི། བསྐྱེད་རིམ་པ་རྣམས་དང་། ཤེས་བྱ་དང་བསླབ་བྱ་ཐུན་མོང་བ་ཡིན་པའི་ཕྱིར། སྤྱིའི་དོན་བཤད་པར་བྱའོ་གསུངས།ཞེས་བྱའོ། །
གསུམ་པ་སྦས་དོན་ནི། འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པར་རྟོགས་པ་དང་། །ཡེ་ཤེས་གསུམ་པོ་རྣམ་བརྟག་པའི། །སྙིང་པོ་ཡོད་པས་སྦས་པའོ། །ཞེས་ཏེ། །འདོད་ཆགས་ཆོས་ཀྱི་སྦས་པ་ནི། ཕྱག་རྒྱ་དང་ཇི་ལྟར་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སྟེ། དེ་ནི་ཚོགས་པར་དབྱུང་བར་མི་འོས་བའི་ཕྱིར་སྦས་པ་ཞེས་བྱའོ། །ཀུན་རྫོབ་བདེན་པའི་སྦས་པ་ནི། སྒྱུ་ལུས་དངོས་དང་། དེ་དང་འབྲེལ་བའི་སྤྱོད་པ་སྟོན་པ་ཡང་ཡོད་དོ། །ཡེ་ཤེས་གསུམ་གྱི་སྦས་པ་ནི། སེམས་གསུམ་དངོས་དང་། དེའི་སྔོན་འགྲོ་ལུས་དབེན་དང་ངག་དབེན་སྟོན་པ་ཡང་ཡོད་ལ། དེ་དག་ནི་རིམ་པ་འོག་མ་རྣམས་ལ་མི་བསྟན་པའི་ཕྱིར་སྦས་རྗེ་སོགས་གསུང་པའམ། ཡང་ན་བདག་གི་བླ་མ་གསུམ་པོ་ཐམས་ཅད་ཀྱང་སྤྱི་དོན་དང་། མཐར་ཐུག་གཉིས་ཀྱི་དབུས་སུ་ཆུད་པས་སྙིང་པོ་ལྟ་བུར་ཡོད་པས་ན་སྦས་པའོ། །བཞི་པ་མཐར་ཐུག་ནི། འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རྟོགས་པས་ཏེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་ཏེ། མཐར་ཐུག་ནི་གཉིས་ཏེ། དངོས་པོའམ་ལམ་གྱི་མཐར་ཐུག་འོད་གསལ་དང་། འབྲས་བུའམ་ཡེ་ཤེས་ཏེ་མཐར་ཐུག་ཟུང་འཇུག་སྟེ། དེ་གཉིས་ནི་འཆད་ཚུལ་བཞི་པ་ཅན་གྱི་རྡོ་རྗེའི་ཚིག་གི་བརྗོད་བྱ་ལྷག་མ་མ་ལུས་པར་མུར་ཐུག་པ་ཡིན་པའི་ཕྱིར། མཐར་ཐུག་པ་ཞེས་བྱའོ། །སྤྱིར་སྦས་གཉིས་ལ་ནི་བརྗོད་བྱ་ལྷག་མ་ལུས་པའི་ཕྱིར། རྡོ་རྗེའི་ཚིག་དེའི་བརྗོད་བྱ་མུར་ཐུག་པ་མ་ཡིན་ནོ། །
ལྔ་པ་བཤད་པའི་རྒྱན་ལ་གཉིས་ཏེ། དབྱེ་བས་མདོར་བསྟན་པ་དང་། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། འཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་པའོ། །གཉིས་པ་ལ་གཉིས་ཀྱི་ཚོགས་བཤད་ནི། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུའང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་ལ་བཤད་པར་འདོད་པ་ཡིན། །ཞེས་ཏེ་སྒྲ་ཇི་བཞིན་པ་ལ་སོགས་པ་རྣམས་ནི། བསྐྱེད་རིམ་ལ་སོགས་པ་ཤེས་བྱ་ཐུན་མོང་བ་སྟོན་པའི་ཕྱིར། བསྐྱེད་རྫོགས་གཉིས་ཀའི་གདུལ་བྱ་ལ་ཐུན་མོང་དུ་བཤད་པར་བྱ་བ་ཡིན་པས་ཚོགས་ལ་བཤད་པ་ཞེས་བྱའོ། །དགོངས་མིན་གྱིས་རྫོགས་རིམ་སྟོན་པ་མ་ཡིན་ནམ། ཇི་ལྟར་ཚོགས་བཤད་ཡིན་ཞེ་ན། དགོངས་མིན་གྱི་གདུལ་བྱ་ནི། དེ་ཁོ་ན་ཉིད་ལ་མོས་ཀྱང་དབང་པོ་དམན་པས་སློབ་བཤད་ཀྱི་གནས་མི་རུང་བས་སམ། ཡང་ན་སྒོམ་མིན་ལ་བསྐྱེད་རིམ་སྟོན་པ་ཡང་ཡོད་པས། དེའི་ཕྱིར་ཚོགས་བཤད་དུ་བཞག་གོ །གཉིས་པ་སློབ་བཤད་ནི། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དོན་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་ཏེ། སྒྲ་ཇི་བཞིན་མ་ཡིན་པ་ལ་སོགས་པས་ནི་རྫོགས་རིམ་སྟོན་པའི་ཕྱིར། རྫོགས་རིམ་གྱི་སྣོད་དུ་རུང་བ་ཁོ་ན་ལ་བསྟན་པར་བྱ་བ་ཡིན་པས། སློབ་མ་ལ་བཤད་པ་ཞེས་བྱའོ། །བཤད་པ་དབྱེ་བ་གཉིས་པོ་དེ་གང་ལས་བཤད་ཅེ་ན། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་གཤེགས་རྣམས་ཀྱི་འདུལ་བྱ་ལ། །རིམ་པ་གཉིས་ལ་བརྟེན་ནས་ནི། །བཤད་པའི་དབྱེ་བ་གསུངས་པ་ཡིན། །ཞེས་ཏེ། བཤད་པའི་རྒྱུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བཤད་པ་གཉིས་ཀྱི་དབྱེ་བ་གསུངས་པ་ཡིན་ནོ། །ཞེས་པའོ། །རྒྱན་དྲུག་པ་གང་ཟག་གི་རྒྱན་ལ་དྲུག་སྟེ། གང་ཟག་གི་མཚན་ཉིད་དང་། དབྱེ་བ་དང་། སོ་སོའི་རང་བཞིན་དང་། འཆད་ཉན་སྒྲུབ་གསུམ་གྱི་སྣོད་དུ་རུང་མི་རུང་དང་། ཚོགས་བཤད་སློབ་བཤད་ཀྱི་སྣོད་གང་ཡིན་པ་དང་། མཇུག་བསྡུ་བའོ། །གང་ཟག་གི་མཚན་ཉིད་ནི། འདོད་ཆགས་ཅན་གྱི་སྐྱེས་བུས་འདོད་ཡོན་ལ་བསྟེན་པས་ཐར་པ་ཐོབ་པར་འདོད་པའོ། །དེ་སྐད་དུ་ཡང་། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །ཞེས་གསུངས་སོ། །དབྱེ་བ་ནི། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཞེས་ཏེ། སྤྱིར་ཉན་པ་པོའི་གང་ཟག་གི་བློའི་ནང་གསེས་ཀྱི་དབྱེ་བ་དཔག་ཏུ་མེད་ཀྱང་། རིགས་བསྡུས་ནས་གང་ཟག་རྣམ་པ་ལྔར་འདོད་དོ། །ལྔ་གང་ཞེ་ན། ཨུཏྤལ་དང་པད་དཀར་དང་། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་ཏེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་སོ། །སོ་སོའི་རང་བཞིན་ལ་ལྔ་ལས། ཨུཏྤལ་ལྟ་བུའི་གང་ཟག་ནི། །དེ་ནི་མ་ལུས་ཐོས་འགྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་གྱུར་པ། །ཨུཏྤལ་ཞེས་བྱའི་གང་ཟག་གོ །ཞེས་གསུངས་ཏེ། ཨུཏྤལ་ལ་ཆོས་གསུམ་སྟེ། ཆེ་ཞིང་རྩི་མང་བ་དང་། ཉི་མ་ཤར་བས་ཁ་འབྱེ་ཞིང་། བུང་བ་ལ་སོགས་པས་རྩི་བླང་བར་ནུས་པ་དང་། རྩི་དེ་ཉིད་འཛག་སྐྱེན་པའོ། །དེ་བཞིན་དུ་གང་ཟག་འདི་ལ་ཡང་། ཆོས་གསུམ་ཡོད་དེ། ཐོས་པ་མང་ཞིང་ཐོས་པའི་དུས་སུ་གོ་བ་དང་། ཅུང་ཞིག་ནས་བརྗེད་པར་འགྱུར་བ་དང་། མ་བརྗེད་ཀྱི་བར་དུ་གཞན་ལ་སྟོན་པར་ནུས་པ་སྟེ། དེ་བས་ན་ཨུཏྤལ་ལ་དང་འདྲ་བའི་ཕྱིར། ཨུཏྤལ་ལྟ་བུའི་གང་ཟག་ཅེས་བྱའོ། །པད་མ་དཀར་པོ་ལྟ་བུ་ནི། གཟུང་བྱ་མང་དུ་ཐོས་གྱུར་ཀྱང་། །སྟོན་པ་ཡི་ནི་ནུས་པ་མེད། །བུམ་པ་ཡི་ནི་རུས་སྦལ་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །ཞེས་ཏེ། པད་མ་དཀར་པོ་ལ་ཆོས་གསུམ་སྟེ། ཆེ་ཞིང་རྩི་མང་བ་དང་། ཉི་མས་དྲོས་ནས་ཁ་ཟུམ་ཞིང་། བུང་བ་ལ་སོགས་པས་བླང་མི་ནུས་པའོ། །དེ་བཞིན་དུ་གང་ཟག་འདི་ལ་ཡང་ཆོས་གསུམ་སྟེ། ཐོས་པ་མང་ཞིང་ཐོས་དུས་སུ་གོ་བ་དང་། དེ་ཉིད་ཀྱི་དོན་བརྗེད་པ་མེད་པ་དང་། གཞན་ལ་ལེགས་པར་སྟོན་མི་ནུས་པ་སྟེ། དེ་བས་ན་པད་མ་དཀར་པོ་དང་འདྲ་བའི་ཕྱིར་པད་དཀར་ཞེས་བྱ་བའི་གང་ཟག་གོ །པད་མ་དམར་པོ་ལྟ་བུའི་གང་ཟག་ནི། དད་དང་ལྡན་ཞིང་སྙིང་རྗེ་ཆེ། །ཐོས་ནས་བློ་ཡི་ཁ་འབྱེད་ཅིང་། །ཚིགས་མེད་འོད་མ་བཞིན་འཛག་པ། །པད་དམར་ཞེས་བྱའི་གང་ཟག་གོ ། ཞེས་ཏེ། པད་མ་དམར་པོ་ལ་ཆོས་བཞི་སྟེ། ཁ་དོག་དམར་བ་དང་། ཀུན་གྱི་ཡིད་དུ་འོང་བ་དང་། ཉི་མ་ཤར་བས་ཁ་དབྱེ་ཞིང་རྩི་མང་བ་དང་། ཚིགས་མེད་པའི་འོད་མ་བཞིན་དུ་སྐད་ཅིག་ལ་འཛག་པའོ། །དེ་བཞིན་དུ་གང་ཟག་འདི་ལ་ཡང་ཆོས་བཞི་ཡོད་དེ། དད་པ་ཆེ་བ་དང་། སྙིང་རྗེ་ཆེ་བ་དང་། ཐོས་པ་ཆེ་ཞིང་ཐོས་དུས་སུ་གོ་བ་དང་། སྐད་ཅིག་གིས་བརྗེད་པར་འགྱུར་བ་སྟེ། དེ་བས་ན་པད་མ་དམར་པོ་དང་འདྲ་བའི་ཕྱིར། པད་མ་དམར་པོ་ལྟ་བུའི་གང་ཟག་ཅེས་བྱའོ། །ཙནྡན་ལྟ་བུ་ནི། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ །ཞེས་ཏེ། ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཆོས་ལྔ་སྟེ། དངོས་པོ་ཆུང་བ་དང་། དྲི་ཆེ་བ་དང་། རྩ་བ་ངན་པ་དང་། ཡན་ལག་མང་བ་དང་། སྦྲུལ་གྱིས་དཀྲིས་ནས་གཞན་གྱིས་བླང་བར་མི་ནུས་པའོ། །དེ་བཞིན་དུ་གང་ཟག་འདི་ལ་ཡང་ཆོས་ལྔ་ཡོད་དེ། ཐོས་པ་ཆུང་བ་དང་། ང་རྒྱལ་ཆེ་བ་དང་། དོན་གྱི་རྩ་བ་མེད་པ་དང་། ཚིག་གི་སྤྲོས་པ་མང་བ་དང་། སློབ་མ་ལ་སྟོན་མི་ནུས་པས་གཞན་རྗེས་སུ་གཟུང་བར་མི་ནུས་པའོ ། །དེ་བས་ན་ཙནྡན་དང་འདྲ་བའི་ཕྱིར། ཙནྡན་ལྟ་བུའི་གང་ཟག་ཅེས་བྱའོ། །རིན་པོ་ཆེ་ལྟ་བུ་ནི། ཚུལ་ཁྲིམས་དག་ཅིང་མཁས་པ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་ཅིག་ལ ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཞེས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཆོས་བདུན་ཏེ། རང་བཞིན་གྱིས་དག་པ་དང་། སེམས་ཅན་གྱི་དགོས་འདོད་སྐོང་བ་དང་། རང་བཞིན་མི་འགྱུར་བ་དང་། ཀུན་གྱི་ཡིད་དུ་འོང་བ་དང་། གཞན་ལ་ཕན་འདོགས་པ་དང་། གཞན་ལ་གནོད་པ་མི་བྱེད་པ་དང་། །དགོས་འདོད་དེ་སྒྱུ་མའི་རྟ་གླང་ལྟ་བུ་མ་ཡིན་པར་གཞན་ལ་ཕན་འདོགས་ནུས་པའོ། །དེ་བཞིན་དུ་གང་ཟག་འདི་ལ། ཁྱད་ཆོས་བདུན་ཡོད་དེ། སྡོམ་པ་གསུམ་དང་ལྡན་ཞིང་རང་བཞིན་གྱིས་ཚུལ་ཁྲིམས་དག་པ་དང་། མཁས་པས་གཞན་ལ་ཕན་འདོགས་པ་དང་། སྒྲིན་པས་གཞན་ལ་གནོད་པ་མི་བྱེད་པ་དང་། ཤེས་རབ་ཆེ་བས་ཆོས་རྣམས་ཀྱི་རང་སྤྱིིའི་མཚན་ཉིད་ཤེས་པ་དང་། རྒྱུད་མི་འགྱུར་བས་དགོས་པའི་བྱ་བ་མཐར་ཕྱིན་པ་དང་། ཐོས་པ་ཆེ་བས་སྡེ་སྣོད་མཐའ་དག་གི་དོན་ཤེས་པ་དང་། བློ་གསལ་བས་གཞན་འདོད་པའི་ཆོས་ཐམས་ཅད་ལེགས་པར་སྟོན་པ། དེ་བས་ན་རིན་པོ་ཆེ་དང་འདྲ་བའི་ཕྱིར་རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་བྱའོ། །འཆད་ཉན་སྒྲུབ་གསུམ་གྱི་སྣོད་དུ་རུང་མི་རུང་བརྟག་པ་ནི། ཨུཏྤལ་དང་པད་དམར་ལྟ་བུ་ནི་ཉན་པ་པོར་རུང་སྟེ། ཐོས་པའི་དོན་བརྗེད་ཀྱང་སེམས་ལ་བག་ཆགས་བཞག་པས་ཕྱིས་འབྲས་བུ་འབྱུང་བའི་ཕྱིར་རོ། །པད་དཀར་དང་། ཙནྡན་ལྟ་བུ་ནི། ཉན་པ་པོ་དང་། སྒྲུབ་པ་པོ་རུང་གི །འཆད་པ་པོར་མི་རུང་སྟེ། པད་དཀར་ལྟ་བུ་ལ་ཚིག་གི་ཡོན་ཏན་མེད་ཅིང་། ཙན་དན་ལྟ་བུ་ལ་ཚིག་གི་སྤྲོས་པ་མང་ཞིང་དོན་གྱི་རྩ་བ་མེད་པས་གཞན་རྗེས་སུ་གཟུང་བར་མི་ནུས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ནི་ཐམས་ཅད་རུང་ངོ་། །ཚོགས་བཤད་དང་སློབ་བཤད་གང་གི་སྣོད་ཡིན་བརྟག་པ་ནི། ཨུཏྤལ་དེ་བཞིན་པད་དཀར་དང་། །ཙན་དན་པད་མ་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་ལ་བཤད་པའི་གང་ཟག་གོ ། ཞེས་ཏེ། འདི་དག་ནི་བསྐྱེད་རིམ་མ་བསྒོམ་པ་དང་། ཉན་པའི་སྣོད་དུ་རུང་བའི་ཕྱིར་རོ། །རྫོགས་པའི་རིམ་པའི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་ཏེ། རིན་པོ་ཆེ་ལྟ་བུའི་གང་ཟག་ནི། བསྐྱེད་རྫོགས་གཉིས་ཀ་ཉན་པ་དང་བསྒོམ་པའི་སྣོད་དུ་རུང་བའི་ཕྱིར། སློབ་མ་ལ་བཤད་པའི་སྣོད་ཡིན་ནོ། །མཇུག་བསྡུ་བ་ནི། གང་ཟག་ཤེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བརྟགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། བཤད་པ་རྣམ་པ་གཉིས་བྱའོ། །ཞེས་ཇི་སྐད་བཤད་པའི་གང་ཟག་གི་དབྱེ་བ་དང་མཚན་ཉིད་ཤེས་པའི་རྡོ་རྗེ་སློབ་དཔོན་མཁས་པས་ནི། ཉན་པ་པོའི་སྣོད་དང་སྣོད་མ་ཡིན་པའི་རྒྱུད་ཀྱི་ཁྱད་པར་ཡོངས་སུ་བརྟགས་ན། གང་ལ་གང་འཚམ་གྱིས་ཚོགས་བཤད་དང་སློབ་བཤད་རྣམ་པ་གཉིས་བྱའོ། །རྒྱན་བདུན་པ་ནི། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་འགྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་བསྒྲུབ་པའོ། །ཞེས་ཏེ། འདི་ལ་དོན་བཞི་སྟེ། གང་ལ་ངེས་པར་བྱ་རྒྱུའི་གང་ཟག གང་གིས་ངེས་པར་བྱེད་པ་དང་། གང་དུ་ངེས་པར་བྱ་བ་དང་། ངེས་པར་བྱས་པའི་འབྲས་བུ་གང་ཡིན་པའོ། །གང་ལ་ངེས་པར་བྱ་རྒྱུའི་གང་ཟག་ནི། ཨུཏྤལ་ལ་སོགས་པའི་གང་ཟག་ལྔ་པོ་རྣམས་སོ། །གང་གིས་ངེས་པར་བྱེད་པ་ནི། སྔར་བཤད་པའི་རྒྱན་དྲུག་པོ་དེ་རྣམས་ཀྱིས་ཏེ། དེ་ཡང་ཐ་མི་དད་ཀྱི་རྒྱན་བཅུ་གསུམ་གྱིས་དངོས་སུ་ངེས་པར་བྱེད་ལ། རྒྱུད་ཀྱི་མིང་དང་། བྱེད་པ་པོས་ནི་བརྒྱུད་ནས་ངེས་པར་བྱེད་དོ། །གང་ཞིག་ཏུ་ངེས་པར་བྱ་བ་ནི། རྒྱུད་དོན་རིམ་པ་ལྔ་པོ་དེ་ཉིད་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་སུ་རྣམ་པར་ངེས་ཞིང་རྟོགས་པར་བྱས་ཏེ། དེ་ཡང་བསྐྱེད་རིམ་དང་། དབེན་གསུམ་སྒྱུ་མ་དང་བཅས་པ་ནི་ཀུན་རྫོབ་བདེན་པ་དང་། འོད་གསལ་དང་། ཟུང་འཇུག་གཉིས་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ཡང་། འོད་གསལ་ནི་དོན་དམ་དངོས་ཡིན་ལ། ཟུང་འཇུག་ནི་དོན་དམ་དངོས་མ་ཡིན་ཡང་། ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན་པས་དོན་དམ་དུ་བཞག་གོ །ངེས་པའི་འབྲས་བུ་ནི། ཐུན་མོང་བ་ཞི་སོགས་ཕྲིན་ལས་བཞི་དང་། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་དང་། ཐུན་མོང་མ་ཡིན་པ་རྫོགས་པའི་རིམ་པ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་ཅིང་ཐོབ་པའོ། །དེ་བས་ན། རྒྱན་སྔ་མ་དྲུག་པོ་ལ་བརྟེན་ནས། རྒྱུད་དོན་བདེན་པ་གཉིས་སུ་ངེས་པ་ནི་རྒྱན་བདུན་པ་ཞེས་བྱའོ། །དེ་ལྟར་རྒྱན་བདུན་རྒྱས་པར་བཤད་ནས། མཇུག་བསྡུ་བའི་ཚུལ་གྱིས་རྒྱུད་ལ་བརྟེན་ནས། རྩ་རྒྱུད་གསུངས་པར་གདམས་པ་ནི། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བཤད་སྒྲ་ཤིན་ཏུ་རྙེད་པ་དཀའ། །འདི་ལྟར་དྲང་ཏེ་བཤད་པ་ནི། །རྣལ་འབྱོར་རྒྱུད་ལས་གཞན་དུ་མིན། །ཞེས་ཏེ། གོང་དུ་བཤད་པའི་ཚུལ་འདི་ལྟར་རྒྱན་བདུན་གྱི་སྒོ་ནས་རྩ་བའི་རྒྱུད་ཀྱི་དོན་དྲངས་ཏེ་བཤད་པ་ནི། རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པ་ལས། གཞན་དགེས་རྡོར་བདེ་མཆོག་སོགས་ལ་ཡོད་པ་མ་ཡིན་ལ། བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས། རྒྱན་བདུན་གྱི་སྒོ་ནས་རྩ་བའི་རྒྱུད་བཤད་ཅིང་སྨྲ་བ་ཤིན་ཏུ་རྙེད་པར་དཀའོ། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །གླེང་གཞི་རིམ་པའི་སྦྱོར་བར་བཅས། །བཤད་པའི་རྒྱུད་ལ་མཁས་པ་ཡིས། །འབད་དེ་རྣལ་འབྱོར་རྒྱུད་གཟུང་ངོ་། །ཞེས་ཏེ། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྩ་བའི་རྒྱུད་བཤད་པ་ཤིན་ཏུ་ུརྙེད་པར་དཀའ་བ་དེ་བས་ན་གླེང་གཞིའི་རིམ་པའི་སྦྱོར་བ་དང་བཅས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པ་གཟུང་ངོ་། །ཞེས་འབྲེལ་ལོ། སུ་ཞིག་གིས་ཞེ་ན། རྡོ་རྗེ་སློབ་དཔོན་གྱིས་སོ། །སློབ་དཔོན་ཁྱད་པར་ཇི་ལྟ་བུ་ཞེ་ན། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་སོགས་པ་བཤད་པའི་རྒྱུད་བཞི་ལ་མཁས་པ་ཡིས་སོ། །ཚུལ་ཇི་ལྟར་ན་སྒོ་གསུམ་འབད་དེ། རྗོད་བྱེད་རྒྱུད་ཀྱི་གླེང་གཞི་འདི་སྐད་བདག་གིས་ཐོས་པ་སོགས་ནས་རྫོགས་ཀྱི་བར་དང་། བརྗོད་བྱའི་དོན་རིམ་པ་ལྔ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་སྦྱོར་བས་སོ། །དེ་དག་ནི་རྒྱུད་མཛེས་པར་བྱེད་པ་རྒྱན་རྣམ་པ་བདུན་བཤད་པའི་རིགས་པའོ། །
དེ་ལྟར་བཤད་པ་ལ་འཇུག་པའི་ཡན་ལག་བསྟན་ནས། ད་ནི་བཤད་བྱ་རྒྱུད་ཀྱི་དོན་དངོས་བཤད་པར་བྱ་སྟེ། དེ་ལ་ཡང་བསྡུས་པའི་དོན་དང་ཚིག་གི་དོན་གཉིས་སོ། །བསྡུས་པའི་དོན་ལ་ཡང་། རྒྱུད་སྤྱིའི་བསྡུས་དོན་དང་། ལེའུ་སོ་སོའི་བསྡུས་དོན་གཉིས་ཀྱི། ལེའུ་སོ་སོའི་བསྡུས་དོན་ནི། ལེའུ་རང་རང་འཆད་པའི་སྐབས་སུ་སྟོན་ནོ། །རྒྱུད་སྤྱིའི་བསྡུས་དོན་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་བསྡུས་དོན་དང་། རྗོད་བྱེད་སྒྲའི་བསྡུས་དོན་ནོ། །དང་པོ་ནི། དཔལ་གསང་བ་འདུས་པ་ལེའུ་བཅུ་བདུན་པ་འདིའི་བརྗོད་བྱའི་དོན་ནི། ཕྱེ་ན་རིམ་པ་ལྔ་ཡིན་ལ། མདོར་བསྡུས་ན། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་ཡིན་ཏེ། རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །
དེ་ལ་ལེའུ་དང་པོས་རྒྱུད་ཀྱི་བརྗོད་བྱའི་དོན་ཐམས་ཅད་བསྐྱེད་རྫོགས་གཉིས་སུ་བསྡུས་ནས་མདོར་བསྟན་པ་ཡིན་ལ། ལེའུ་ལྷག་མ་བཅུ་དྲུག་པོས་ནི། རྒྱུད་ཀྱི་བརྗོད་བྱའི་དོན་ཐམས་ཅད་སྨིན་ལམ་དང་གྲོལ་ལམ་གཉིས་སུ་ཕྱེ་ནས། ལེའུ་དང་པོའི་དོན་རྒྱས་པར་བཤད་པ་ཡིན་ནོ། །དེ་ལ་ཡང་སྨིན་ལམ་གཙོ་བོར་སྟོན་པའི་ལེའུ་གསུམ་དང་། གྲོལ་ལམ་གཙོ་བོར་སྟོན་པའི་ལེའུ་བཅུ་གསུམ་ཡོད་ལ། སྨིན་ལམ་སྟོན་པར་བྱེད་པའི་ལེའུ་གསུམ་ནི། ལེའུ་བཞི་པ་དང་། བརྒྱད་པ་དང་། བཅུ་དྲུག་པ་རྣམས་སོ། །གྲོལ་ལམ་སྟོན་པར་བྱེད་པའི་ལེའུ་བཅུ་གསུམ་ལ། བསྙེན་པ་སྟོན་པར་བྱེད་པའི་ལེའུ་དགུ་དང་། སྒྲུབ་པ་སྟོན་པར་བྱེད་པའི་ལེའུ་གསུམ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་གྲུབ་ན། ལྷའི་སྙིང་པོ་བསྐུལ་བར་བྱེད་པའི་ལེའུ་གཅིག་གོ །བསྙེན་པ་སྟོན་པར་བྱེད་པའི་ལེའུ་དགུ་ལ་ཡང་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་ལེའུ་དྲུག དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་དང་། དམ་ཚིག་དང་སྡོམ་པ་སྟོན་པའི་ལེའུ་གསུམ་མོ། །དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་ལེའུ་དྲུག་ནི། ལེའུ་གཉིས་པ་དང་། གསུམ་པ་དང་། དྲུག་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། བཅོ་ལྔ་པའོ། །དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་དང་། དམ་ཚིག་དང་སྡོམ་པ་སྟོན་པར་བྱེད་པའི་ལེའུ་གསུམ་ནི། ལེའུ་ལྔ་པ་དང་བདུན་པས་སྤྱོད་པ་སྟོན་ལ། ལེའུ་བཅུ་བདུན་པསནི་དམ་ཚིག་དང་སྡོམ་པ་སྟོན་ནོ། །སྒྲུབ་པ་སྟོན་པར་བྱེད་པའི་ལེའུ་གསུམ་ནི། ལེའུ་དགུ་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པའོ། །མ་གྲུབ་ན་སྙིང་པོ་བསྐུལ་བར་བྱེད་པ་ནི་ལེའུ་བཅུ་པའོ། །རྗོད་བྱེད་སྒྲའི་བསྡུས་དོན་ནི། མཐའ་དྲུག་ཚུལ་བཞིའི་སྒོ་ནས་གསང་བ་འདུས་པའི་རྒྱུད་ཐམས་ཅད་འཆད་དེ། དེ་ཡང་སྔར་བཤད་ཟིན་ཏོ། །
དེ་ལྟར་བསྡུས་པའི་དོན་བསྟན་ནས། ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། ལེའུ་དང་པོས་མདོར་བསྟན། ལེའུ་ལྷག་མ་བཅུ་དྲུག་གིས་རྒྱས་པར་བཤད་པའོ། །ལེའུ་དང་པོ་ལ་ཡང་། བསྡུས་པའི་དོན་དང་། ཡན་ལག་གི་དོན་གཉིས་སོ། །བསྡུས་པའི་དོན་ལ་ཡང་། བརྗོད་བྱ་དོན་གྱི་བསྡུས་དོན་དང་། རྗོད་བྱེད་སྒྲའི་བསྡུས་དོན་གཉིས་ཀྱི་དང་པོ་ནི། དེ་ལ་ལེའུ་དང་པོ་ལས་ནི། བརྗོད་པ་དང་། བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་། ངེས་པའི་དོན་གྱི་བྱེ་བྲག་གིས། བརྟག་པ་དང་། རྫོགས་པའི་རིམ་པ་བསྒྲུབ་པའི་ཐབས་སོ་སོར་སྟོན་ཅིང་། ཞེས་ཏེ། འདི་ནི་འདི་སྐད་སྟོན་ཏེ། གཟུངས་ཀྱི་དཀྱིལ་འཁོར་ཡན་ཆད་ནི། རྒྱུད་ཀྱི་གླེང་གཞིའི་ཁོངས་སུ་གཏོགས་ལ། གླེང་གཞི་ཡང་། རྒྱུད་མ་ལུས་པའི་དོན་མདོར་བསྡུས་ནས་སྟོན་པས། རྒྱུད་སྤྱིའི་ལུས་རྣམ་གཞག་ལྟ་བུ་ཡིན་པས། ལེའུ་དང་པོའི་ཐུན་མོང་མ་ཡིན་པའི་གཞུང་མ་ཡིན་ལ། ལེའུ་དང་པོའི་ཐུན་མོང་མ་ཡིན་པའི་གཞུང་ནི། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་མན་ཆད་ཡིན་ཞིང་། དེ་དག་གིས་ནི་སྔོན་བྱུང་ལྟར་ན། རྡོ་རྗེ་འཆང་ཆེན་པོ་སྤྲུལ་པའི་དཀྱིལ་འཁོར་དུ་རྒྱུད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བ་སྟོན་ལ། རྗེས་འཇུག་གི་མངོན་རྟོགས་ལྟར་ན། དེ་དག་དྲང་དོན་དུ་བཤད་པས་བསྐྱེད་རིམ་པའི་སྒྲུབ་ཐབས་སྟོན་ལ། ངེས་དོན་དུ་བཤད་པས་རྫོགས་རིམ་པའི་སྒྲུབ་ཐབས་སྟོན་ནོ་ཞེས་པ། འགྲེལ་པའི་གཞུང་འདིའི་དོན་ཡིན་ནོ། །ཚིག་གི་དོན་ནི། ལེའུ་དང་པོ་ལས་ནི། བརྟག་པ་བསྐྱེད་རིམ་པ་དང་། རྫོགས་རིམ་པའི་སྒྲུབ་ཐབས་སོ་སོར་སྟོན་ཞེས་སྦྱར་རོ། །གང་གིས་སྟོན་ཞེ་ན། ལེའུ་དང་པོའི་གཞུང་རྣམས་དྲང་བ་དང་། ངེས་པའི་དོན་དུ་བཤད་པའི་བྱེ་བྲག་གིས། གོ་རིམ་བཞིན་དུ། བསྐྱེད་རྫོགས་གཉིས་སོ་སོར་སྟོན་ཏོ། །
ཅི་ཞིག་བྱས་ནས་ཞེ་ན། དབང་བསྐུར་བ་བྱིན་ནས་སོ། །དེ་ལ་བྱིན་ཞེས་སྦྱར། གང་ན་རིག་པའི་དབང་བསྐུར་བ་ཞེས་ཏེ། རིག་པ་ནི་མ་རིག་པ་ལ་ལོག་པས་ཡེ་ཤེས་ལྔ་ཡིན་ལ། དེའི་རང་བཞིན་ཅན་དུ་གྱུར་པའི་ཆུ་དང་ཅོད་པན་ལ་སོགས་པ་ཐུན་མོང་གི་དབང་དགུའོ། །སུ་ཞིག་ལ་ཞེ་ན། བསྐྱེད་རིམ་ཉན་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལའོ། །གང་དུ་ཞེ་ན། སྤྲུལ་པའི་དཀྱིལ་འཁོར་དུའོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། བརྗོད་པ་ནི་རྒྱུད་སྟོན་པར་བྱེད་པ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ལ། བརྗོད་པར་བྱ་བ་ནི། བསྟན་པར་བྱ་བ་དེ་བཞིན་གཤེགས་པ་དང་། རིག་མ་ལ་སོགས་པའི་འཁོར་རྣམས་ཡིན་ལ། དེའི་ཕྱིར་བརྗོད་པ་དང་། བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ཞེས་སྨོས་སོ། །མདོར་ན་རྟེན་གཞལ་ཡས་ཁང་དང་། བརྟེན་པ་གཙོ་བོ་དང་། འཁོར་དུ་སྣང་བའི་ལྷའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་གྱུར་པའི་སྤྲུལ་པའི་དཀྱིལ་འཁོར་དུ་ཞེས་པའི་དོན་ཡིན་གྱི། འདི་ལ་སྔ་རབས་ས་སྐྱ་པ་དག རྒྱུད་ཀྱི་བརྗོད་བྱ་དང་། རྗོད་བྱེད་ཐམས་ཅད་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་ནོ་ཞེས། འཆད་པ་ནི་སྐབས་ཀྱི་དོན་མིན་ནོ། །
ལེའུ་དང་པོའི་གཞུང་གིས་བསྐྱེད་རྫོགས་གཉིས་སོ་སོར་ཇི་ལྟར་སྟོན་ཞེ་ན། གླེང་གཞི་ལེའུ་དང་པོའི་གཞུང་དངོས་མ་ཡིན་ཀྱང་། ལེའུའི་ཁོངས་སུ་འདུ་བས། བསྡུས་དོན་ལེའུ་དང་པོའི་གཞུང་དང་ཐུན་མོང་དུ་བཤད་པར་བྱ་སྟེ། དེ་ལ་དང་པོ་གླེང་གཞིའི་སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་ཚུལ་བཞིར་བཤད་པ་ལ། ཡི་གེའི་དོན་དུ་བཤད་པས། སྔོན་བྱུང་ལྟར་ན་སྟོན་པ་དང་གནས་ཕུན་སུམ་ཚོགས་པ་སྟོན། དེ་ཉིད་རྗེས་འཇུག་གི་མངོན་རྟོགས་ལྟར་ན། གཞལ་ཡས་ཁང་བསྐྱེད་པ་དང་། ལྷག་མོས་སྔོན་དུ་འགྲོ་བའི་རྣལ་འབྱོར་བཞིས། གཙོ་བོའི་སྐུ་བསྐྱེད་པ་ཡན་ཆོད་སྟོན། སྤྱི་དོན་དུ་བཤད་པས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོས་འབྱུང་དུ་ལྷ་སུམ་ཅུ་རྩ་གཉིས་ཆོ་ག་གསུམ་གྱིས་བསྐྱེད་པ་སྟོན། དེ་ནས་འཁོར་ཕུན་སུམ་ཚོགས་པ་དྲང་དོན་དུ་བཤད་པས། སྔོན་བྱུང་ལྟར། གང་དང་ལྷན་ཅིག་ཐོས་པའི་འཁོར་ཕུན་སུམ་ཚོགས་པ་སྟོན་ལ། རྗེས་འཇུག་ལྟར་ན། བསྐྱེད་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་སྟོན་ཏེ། དེ་ལྟར་ན་གླེང་གཞིའི་ཡི་གེའི་དོན་དང་། སྤྱིའི་དོན་དང་། དྲང་དོན་དུ་བཤད་པས་བསྐྱེད་རིམ་པའི་སྒྲུབ་ཐབས་སྟོན་ནོ། །ཡང་སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་སྦས་དོན་དང་། མཐར་ཐུག་དུ་བཤད་པས་རྫོགས་རིམ་སྟོན་ཏེ། །དེ་ཡང་སྦས་དོན་དུ་བཤད་པ་ལ་སྦས་པ་གཉིས་ཀ་ཡོད་པས་སེམས་གསུམ་གྱི་སྦས་པས་སེམས་དབེན་དངོས་དང་། དེའི་སྔོན་འགྲོ་ལུས་དབེན་དང་། ངག་དབེན་ཡང་སྟོན། ཀུན་རྫོབ་ཀྱི་སྦས་པས་ཀུན་རྫོབ་ཀྱི་ངོ་བོ་སྤྱོད་པ་དང་བཅས་པ་སྟོན། འདོད་ཆགས་ཆོས་ཀྱི་སྦས་པས་བསྐྱེད་རྫོགས་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་དང་། གསང་མཆོད་སྟོན། མཐར་ཐུག་ཏུ་བཤད་པས་འོད་གསལ། ཟུང་འཇུག་གཉིས་ཀ་སྟོན་ཏེ། དེ་དག་གིས་ནི་དབེན་གསུམ་སྔོན་དུ་སོང་བས་ཀུན་རྫོབ་སྤྱོད་པ་དང་བཅས་པ་དེ་འོད་གསལ་དུ་བཅུག་ནས་ཟུང་འཇུག་ལོངས་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་ནས། བདེ་བའི་སྣང་བ་ཙམ་ལས་ཡུམ་གྱི་ཆོས་འབྱུང་དུ་དཀྱིལ་འཁོར་བསྐྱེད་པ་ཡན་ཆད་སྟོན། དེ་ནས་འཁོར་ཕུན་སུམ་ཚོགས་པ་ངེས་དོན་དུ་བཤད་པས། རྫོགས་རིམ་གྱི་དཀྱིལ་འཁོར་རྒྱལ་མཆོག་སྟོན་ནོ། །དེས་ན་གླེང་གཞི་ཕུན་སུམ་ཚོགས་པས་ཀྱང་བསྐྱེད་རྫོགས་གཉིས་ཀྱི་རྣལ་འབྱོར་སྟོན་ནོ། །དེ་བཞིན་དུ་གཟུངས་ཀྱི་དཀྱིལ་འཁོར་དྲང་ངེས་སུ་བཤད་པས་ཀྱང་སྟོན་ཏེ། དྲང་དོན་གྱིས་བསྐྱེད་རིམ་གྱི་སྤྱོད་པ་དང་། ངེས་དོན་གྱིས་རྫོགས་རིམ་གྱི་སྤྱོད་པ་སྟོན་པའི་ཕྱིར་རོ། །དེ་ནས་མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་གྱིས་ཀྱང་སྟོན་ཏེ། དེ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ཀྱི། མདོར་བསྟན་དྲང་དོན་དུ་བཤད་པས་བསྐྱེད་རིམ་གྱི་མདོར་བསྟན་ནོ། །ངེས་དོན་གྱིས་རྫོགས་རིམ་གྱི་མདོར་བསྟན་ཏེ། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་ནས། དེ་སྤྲུལ་སྐུར་བསྒྱུར་བ་བསྟན་པས་སོ། །རྒྱས་བཤད་ལ་གསུམ་ལས། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ཚུལ་བཞི་བཤད་པ་ལ། ཡི་གེའི་དོན་བཤད་པ་མེད་ཅིང་། སྤྱི་དོན་གྱིས་ལྷག་མོས་མཛད་པ་དང་བཅས་པ་རྒྱས་པར་འཆད། སྦས་དོན་གྱིས་གསང་མཆོད་སྟོན། མཐར་ཐུག་གིས་འོད་གསལ་རྒྱས་པར་བཤད། དེ་ནས་གཉིས་པ་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པས། ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བའི་རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་སྟོན། དེ་ནས་གསུམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་པས། བསྐྱེད་རྫོགས་གཉིས་ཀའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ལ། དེ་ལ་ཡང་འབྱིན་སྔགས་རྣམས་དྲང་དོན་དུ་བཤད་པས་བསྐྱེད་རིམ་པའི་འབྱིན་སྔགས་མི་སྟོན་ལ། ངེས་དོན་དུ་བཤད་པས་རྫོགས་རིམ་པའི་འབྱིན་སྔགས་བསྟན་ཏོ། །དེ་ལྟར་ན་ཇི་སྐད་བཤད་པའི་ཚུལ་གྱིས། ལེའུ་དང་པོས་རིམ་པ་གཉིས་མདོར་བསྡུས་བསྟན་པ་ཡིན་ནོ། །
གཉིས་པ་རྗོད་བྱེད་སྒྲའི་བསྡུས་དོན་ནི། འདི་སྐད་བདག་གིས་ཞེས་བྱ་བ་ནས། བྷ་ག་ལ་བཞུགས་སོ་ཞེས་པའི་བར་ནི་ཚུལ་བཞིར་བཤད་པའོ། །ཞེས་སོགས་འགྲེལ་པར་གསལ་ལོ། །ཡན་ལག་གི་དོན་ལ། གླེང་གཞི་ཕུན་སུམ་ཚོགས་པས་མདོར་བསྟན་པ་དང་། གཞུང་ལྷག་མས་རྒྱས་པར་བཤད་པའོ། །དང་པོ་ལ་ཡང་གནས་དང་སྟོན་པ་ཕུན་སུམ་ཚོགས་པ་ཚུལ་བཞིར་བཤད། འཁོར་ཕུན་སུམ་ཚོགས་པ་དྲང་ངེས་གཉིས་སུ་བཤད་པ་གཉིས་ཀྱི། དང་པོ་ལ་བཞིའི། ཡི་གེའི་དོན་ནི། འདིར་སྡུད་བར་བྱེད་པ་འཕགས་པ་ཕྱག་ན་རྡོ་རྗེས། རྡོ་རྗེ་འཆང་ཆེན་པོ་རང་གིས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་གསུངས་ཏེ། འདི་སྐད་ཅེས་བྱ་བ་ནི། རྒྱུད་ཀྱི་དོན་མ་ལུས་པ་སྟོན་པའི་ཚིག་ཕྲད་དོ། །བདག་གིས་ཐོས་ཞེས་པ་ནི། བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི། གཞན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཡིན་པ་དང་། ཚིག་ཐོས་པ་ཙམ་དུ་ཟད་ཀྱི། དོན་རྟོགས་པ་མ་ཡིན་ཞེས་པའོ། །དུས་གཅིག་ན་ཞེས་པ་ནི། དུས་གཅིག་གི་ཚེ་འདི་ཐོས་ལ། གཞན་དུ་ནི་གཞན་དག་ཐོས་སོ་ཞེས་པས། བདག་ཉིད་ཐོས་པ་མང་བར་བསྟན་ཏོ། །ཡང་ན་དུས་གཅིག་གི་ཚེ་ཐོས་ཀྱི། གཞན་གྱི་ཚེ་ན་འདི་མ་ཐོས་སོ་ཞེས་པས། རྒྱུད་རྙེད་པར་དཀའ་བ་བསྟན་ཏོ། །ཡང་ན་དུས་སྐད་ཅིག་མ་གཅིག་ལ་ཐོས་ཞེས་པས། ཤེས་རབ་ཕུལ་དུ་བྱུང་བར་བསྟན་ཏོ། །སྟོན་པ་གང་ལས། གནས་གང་དུ། གྲོགས་གང་དང་ལྷན་ཅིག་ཐོས་ཞེ་ན། གང་ལས་ཐོས་པའི་སྟོན་པ་ཕུན་སུམ་ཚོགས་པ་སྟོན་པ་ནི། བཅོམ་ལྡན་འདས་ཞེས་ཏེ། སྐལ་བ་ཕུན་སུ་ཚོགས་པ་ཉིད་ཀྱི་ཕྱིར་དང་། མི་མཐུན་པའི་ཕྱོགས་མ་ལུས་པ་བཅོམ་པས་ན། བཅོམ་ལྡན་ཏེ་རྡོ་རྗེ་འཆང་ཆེན་པོ་ལ་ཐོས་ཞེས་པའོ། །གང་དུ་ཐོས་པའི་གནས་ཕུན་སུམ་ཚོགས་པ་སྟོན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སོགས་ཏེ། བཅོམ་ལྡན་འདས་དེ་ཉིད་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ཡང་ཡིན་པས་ན། སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྡོ་རྗེ་བཙུན་མོ་ནི་ཤེས་རབ་སྟོང་པ་ཉིད་དེ་དེ་ཉིད་ཉོན་མོངས་པ་འཇོམས་པས་ན་བྷ་ག་ཞེས་བྱ་ལ། དེར་བཞུགས་པ་ན་ཐོས་ཞེས་པའོ། །དོན་ནི་འདི་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ནམ་མཁའི་དབུས་སུ་ཆུད་པའི་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་འཆང་ཆེན་པོ་བཞུགས་པ་ན་ཐོས་ཞེས་པས་ཏེ། དེས་ནི་གཞལ་ཡས་ཁང་ལྷག་མོས་དང་བཅས་པ་སྔོན་དུ་འགྲོ་བ་ཅན་གྱི་རྣལ་འབྱོར་བཞི་ལས། གཙོ་བོའི་སྐུ་བསྐྱེད་པ་སྟོན་ཏོ། །
གཉིས་པ་སྤྱི་དོན་ལ། འདི་སྐད་ཅེས་པ་བཤད་པ་དང་། བདག་གིས་ཐོས་པ་ལ་སོགས་པ་བཤད་པ་གཉིས་ཀྱི། དང་པོ་ལ་ཡང་། ཨེ་ཝཾ་ཐོག་མར་སྟོན་པའི་རྒྱུ་མཚན་དང་། དེ་ལུང་གིས་བསྒྲུབ་པའོ། །དང་པོ་ནི། འདིར་རྡོ་རྗེ་སློབ་དཔོན་ལ་གསོལ་བ། དགོངས་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ཀྱི་ཐོག་མར། འདི་སྐད་བདག་གིས་ཐོས་ཞེས་ཨེ་ཝཾ་ཁོ་ན་སྟོན་པར་བྱེད། ཨི་དང་མ་ཡ་སྟེ། འདི་དག་བདག་གིས་ཞེའམ། ཨི་ཡང་མ་ཡ་སྟེ། འདི་དག་གིས་ཞེས་བྱ་བ་ལ་སོགས་པས་ཀྱང་རང་གི་བློ་ལ་གནས་པའི་དོན་སྟོན་པར་ནུས་པའི་ཕྱིར་རོ་ཞེ་ན། གསུང་རབ་ཀྱི་དང་པོར་ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་ངེས་པར་བརྗོད་དགོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་། ཐབས་སྟོན་པ་ཉིད་ཀྱི་བརྡར་གྱུར་པའི་ཕྱིར་རོ། །དེ་ལྟར་ཡིན་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། གཉིས་པ་དེ་ལུང་གིས་བསྒྲུབ་པ་ནི། བཅོམ་ལྡན་འདས་ཉིད་ཀྱིས་ལྷའི་དབང་པོས་ཞུས་པ་ལས་གསུངས་ཏེ། བརྒྱ་བྱིན་གྱིས་གསོལ་པ། ཅིའི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། །ཅི་འདི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འདི་དག་ཀུན། །སྲིད་མཐའ་འབྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡི། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །ལྷ་ཡི་དབང་པོས་མཉན་པར་གྱིས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ནི་པད་མ་ཞེས་བཤད་ལ། །ཝ་ནི་རྡོ་རྗེ་ཉིད་ཡིན་ནོ། །ཐིག་ལེ་དེར་ནི་ས་བོན་སྟེ། །དེ་ལས་འགྲོ་བ་གསུམ་རྣམས་སྐྱེས། །ཨེ་ནི་ཤེས་རབ་ཉིད་གྱུར་ལ། །ཝ་ནི་རབ་དགའི་བདག་པོའོ། །ཐིག་ལེ་མི་ཤིགས་དེ་ཉིད་དེ། །དེ་ལས་ཡི་གེ་ཉིད་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར། །འགྲོ་བ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དག །དེ་ནི་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་ཐུབ་པ་བཞིན། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་པ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །དེ་བས་བརྒྱ་བྱིན་ལྷ་ཡི་བདག །གལ་ཏེ་རྟག་པའི་གནས་འདོད་ན། །ཡིག་གཉིས་སྒྱུ་མ་དྲན་བྱས་ཤིང་། །དམ་པའི་ཆོས་ལ་བླ་མར་གྱིས། །ཞེས་གསུངས་ཏེ། འདི་ལ་དོན་གསུམ་སྟེ། འཁོར་གྱིས་དྲི་བ་ཞུས་པ། སྟོན་པས་སྤྲོ་བ་བསྐྱེད་དེ་མཉན་པར་གདམས་པ། དྲི་བའི་ལན་དངོས་བསྟན་པའོ། །དང་པོ་ནི། གསན་དུ་གསོལ་ཞེས་པ་ཡན་ཆད་དེ། དྲི་བའི་དོན་ནི། ཨེ་ཝཾ་གསུང་རབ་ཀྱི་དང་པོར་སྨོས་པའི་རྒྱུ་མཚན་དང་། དེ་སངས་རྒྱས་ཀྱི་གསུང་ངམ། ཉན་ཐོས་ཀྱི་གསུང་གང་ཡིན་ཞེས་དྲིས་པའོ། །གཉིས་པ་ནི། མཉན་པར་གྱིས་ཞེས་པ་ཡན་ཆད་དེ། དེས་ནི་ཨེ་ཝཾ་ནི་དེ་བཞིན་གཤེགས་པའི་གསུང་ཡིན་ལ་དེ་ཡང་ཐབས་ཤེས་རབ་མཚོན་བྱེད་ཡིན་པས། དང་པོར་སྨོས་ཞེས་དྲི་བའི་ལན་མདོར་བསྟན་ནོ། །དྲིས་ལན་དངོས་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་ཡང་གསུམ་སྟེ། ཡི་གེ་གཉིས་ཀྱིས་ཐབས་ཤེས་ཇི་ལྟར་བསྟན་པའི་ཚུལ། ཡི་གེ་གཉིས་ཀྱིས་དེ་ཉིད་ཤེས་པའི་ཕན་ཡོན་དང་། མི་ཤེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ལ་ཡང་བརྡའི་སྒོ་ནས་བསྟན་པ་དང་། དབྱིབས་ཀྱི་སྒོ་ནས་བསྟན་པ་དང་། སྒྲའི་སྒོ་ནས་བསྟན་པ་གསུམ་མོ། །དང་པོ་ཨེ་ཝཾ་གྱིས་བརྡའི་སྒོ་ནས་ཐབས་ཤེས་སྟོན་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་པ་ཀུན་གྱིས་མ་གྲུབ་པ་འགྲུབ་པར་བྱེད་པ་དང་། གྲུབ་ཟིན་གནས་པར་བྱེད་པའི་གཞིའམ་རྟེན་ལྟ་བུར་གྱུར་པའི་ཕ་མ་ནི། ཡི་གེ་ཨེ་ཝཾ་གཉིས་སུ་བསྟན་ཏེ། འདི་ལྟར་དཔེར་ན་མ་ནི་ཕ་རིགས་མི་འདྲ་བའི་ཐུན་མོང་གི་རྐྱེན་བྱེད་ཅིང་། ཕ་ནི་རང་གི་རིགས་ཁོ་ནའི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་ལ། ཕ་མ་སྙོམས་པར་ཞུགས་པ་ལས་བུ་འབྱུང་བ་དེ་བཞིན་དུ། ཡི་གེ་ཨེས་མཚོན་པའི་དབྱངས་ཡིག་བཅུ་དྲུག་ནི། གསལ་བྱེད་སོ་སོའི་ཁོག་ཏུ་ཞུགས་ནས། ཐུན་མོང་གི་རྐྱེན་བྱེད་པས་མ་ལྟ་བུར་གྱུར་པ་ཡིན་ལ། དེའི་ཕྱིར་ཡི་གེ་ཨེ་ནི་མར་གྱུར་ལ། །ཞེས་བརྗོད་ཅིང་། ཡི་གེ་ཝ་ཡིས་མཚོན་པའི་གསལ་བྱེད་སུམ་ཅུ་རྩ་གསུམ་ནི། མིང་ཚིག་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས་ཕ་ལྟ་བུ་ཡིན་ལ། དེའི་ཕྱིར། ཝ་ནི་ཕ་ཞེས་བྱ་བར་གྲགས། །ཞེས་བརྗོད་ལ། ཝའི་ཀླད་ཀོར་ཐིག་ལེ་ནི། དེར་དེ་དབྱངས་གསལ་ཕན་ཚུན་སྦྱོར་བ་མཚོན་པ་ཡིན་ལ། དབྱངས་གསལ་ཕན་ཚུན་སྦྱོར་བ་ལས། མིང་དང་ཚིག་རྣམས་འབྱུང་ལ། དེ་རྣམས་འདུས་པ་ལས། ཤིན་ཏུ་རྨད་དུ་བྱུང་བ་སྔོན་ལྷའམ་མིར་གྱུར་པ་གང་གིས་ཀྱང་མ་བསྐོར་བའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་གྱི་ཆོས་ཀྱི་འཁོར་ལོ་འབྱུང་ངོ་། །དེའི་ཕྱིར་བརྡའི་སྒོ་ནས་ཀྱང་ཡི་གེ་གཉིས་ཀྱི་ཐབས་ཤེས་སྟོན་ནོ། །
གཉིས་པ་དབྱིབས་ཀྱི་སྒོ་ནས་བསྟན་པ་ནི། ཨེ་ནི་ཞེས་སོགས་ཚིགས་བཅད་གཅིག་ཏེ། ཨེའི་དབྱིབས་གྲུ་གསུམ་གྱིས་ཡུམ་གྱི་པད་མ་མཚོན་ལ། ཝའི་དབྱིབས་ཟླུམ་པོས་ནི་ཡབ་གྱི་རྡོ་རྗེ་མཚོན་ཅིང་། ཐིག་ལེ་ལས་ཡབ་ཡུམ་ཕན་ཚུན་སྦྱོར་བ་དེར་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་འབྱུང་བ་མཚོན་ཏེ། དེ་ལས་འགྲོ་བ་རབ་འབྲིང་རྣམ་པ་གསུམ། རབ་དེ་བཞིན་གཤེགས་པ་དང་རིག་མ། འབྲིང་བྱང་ཆུབ་སེམས་དཔའ་དང་ལྷ་མོ། ཐ་མ་ཁྲོ་བོ་རྣམས་ཆོ་ག་གསུམ་ལས་སྐྱེ་ཞེས་པས། བསྐྱེད་རིམ་པའི་སྤྱི་དོན་ནོ། །གསུམ་པ་སྒྲའི་སྒོ་ནས་ཐབས་ཤེས་སྟོན་པ་ནི་ཨེ་ནི། ཤེས་རབ་ཅེས་སོགས་ཚིགས་བཅད་གཅིག་ཏེ། ཨེའི་སྒྲ་ལས་དྲངས་ན་ཨེ་ཀ་ར་ཞེས་པ་ཤེས་རབ་སྟེ། རླུང་གི་འབྱུང་ཁུངས་ལུས་ཀྱི་ཁོང་སྟོང་སྟོན་ལ། རབ་དགའ་ནི་རྣམ་པར་ཤེས་པ་ཡིན་ལ། དེའི་བདག་པོ་ནི་རྣམ་ཤེས་ལ་དབང་བསྐུར་བས་རླུང་ལ་བྱ་ལ། ཐབས་རླུང་དེ་ཡང་ཝ་ཡི་སྒྲ་ལ་དྲངས་ནས་ཝ་ཡུ་ན་ཞེས་པས་སྟོན་ནོ། །ཐིག་ལེ་ནི། མི་ཤིགས་པ་རླུང་གི་རྩ་བ་ཨ་ཐུང་སྟོན་ལ། ཨ་ཐུང་དེ་ལས་ཀྱང་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་སྐྱེའོ། །དེ་བས་ན་འདི་ནི། བརྡའི་སྒོ་ནས་ཐབས་ཤེས་སྟོན་པའི་སྔོན་དུ་འགྲོ་བ་ཡིན་ཏེ། དེ་ཡང་བདེ་བར་གཤེགས་པའི་སྐུ་ལ་ཡེ་ཤེས་ཀྱི་རླུང་བྱུང་ནས། དེས་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་གྱི་ཡི་གེ་རྣམས་བསྐྱེད་ལ། དེ་དག་ཕན་ཚུན་སྦྱར་བ་ལས། ཆོས་ཀྱི་ཕུང་པོ་རྣམས་འབྱུང་བའི་ཕྱིར་རོ། །དེ་བས་ན་བརྡ་དང་སྒྲའི་སྒོ་ནས་ཐབས་ཤེས་བསྟན་པས་གཉིས་པོ་འདིས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ། རྗོད་བྱེད་ཀུན་ལ་རྒྱས་བཏབ་པས་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། དེ་ཡང་གསུང་རབ་ཀྱི་རྗོད་བྱེད་ཀུན་ཨེ་ཝཾ་གྱིས་མཚོན་པའི་དབྱངས་དང་གསལ་བྱེད་ལས་མ་འདས་པས། རྒྱས་བཏབ་པ་ཡིན་ལ། བརྗོད་བྱ་ཀུན་ཀྱང་དེ་དག་གིས་མཚོན་པའི་ཐབས་ཤེས་ལས་མ་འདས་པས་རྒྱས་བཏབ་པ་ཡིན་ནོ། །དེ་བས་ན་ཡི་གེ་གཉིས་ཀྱི་དེ་ཁོ་ན་ཉིད་གང་གིས་ཤེས་པ་དེ་ནི། སངས་རྒྱས་ནས་སེམས་ཅན་རྣམས་ལ་བསམས་པ་ཇི་ལྟ་བ་བཞིན་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །
གསུམ་པ་མི་ཤེས་པའི་ཉེས་དམིགས་བསྟན་པ་ནི། འགྲོ་བ་གང་གི་ཞེས་ཚིགས་བཅད་གཅིག་སྟེ། གོང་དུ་ཇི་སྐད་བཤད་པའི་ཡི་གེ་གཉིས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པར། གསུང་རབ་ཀྱི་ཡི་གེ་ཙམ་རྟག་ཏུ་འདོན་པ་དེ་དག་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་རྟོགས་པ་ལས་ཕྱི་རོལ་དུ་གྱུར་ཏེ་གསུང་རབ་ཀྱི་དེ་ཁོ་ན་ཉིད་ཐབས་དང་ཤེས་རབ་ཀྱི་ཚུལ་ཤེས་པའི་སྦྱོར་བ་སྤངས་པའི་ཕྱིར་རོ། །དཔེར་ན་ཕྱི་རོལ་པའི་ཐུབ་པ་དྲང་སྲོང་བཞིན་ནོ། །
གཉིས་པ་མཇུག་བསྡུས་ཏེ་ཡི་གེ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་བསླབ་པར་གདམས་པ་ནི། ཨེ་ཝཾ་ཞེས་སོགས་ཚིགས་བཅད་གཉིས་ཏེ། སྤྱིར་མདོ་རྒྱུད་ཀུན་གྱི་ལུས་རྣམ་གཞག་ནི་གླེང་གཞི་ཡིན་ལ། གླེང་གཞིའི་དོན་ཡང་ཨེ་ཝཾ་གྱིས་བསྟན་པས་དེའི་ཕྱིར་མདོ་རྒྱུདཀྱི་དམ་ཆོས་རྣམས་བསྟན་པའི་ཐོག་མར་ཨེ་ཝཾ་རབ་ཏུ་བཤད་དོ། །སུ་ཞིག་གིས་བཤད་ཅེ་ན། ཨེ་ཝཾ་ཡིག་གཉིས་ཀྱིས་མཚོན་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྒྱུ་མ་ལྟ་བུའི་ཟུང་འཇུག་གི་སྐུས་དེར་བཞུགས་པའི་ཐམས་ཅད་མཁྱེན་པས་སོ། །གང་གི་ཕྱིར་སྟོན་པ་སངས་རྒྱས་ཉིད་ཀྱང་། ཡིག་གཉིས་ཀྱིས་མཚོན་པའི་ཐབས་ཤེས་གཉིས་ལ་བཞུགས་ཤིང་། བསྟན་པ་དམ་ཆོས་ཀྱི་བརྗོད་བྱ་རྗོད་བྱེད་ཀུན་ཀྱང་ཡིག་གཉིས་ཀྱིས་མཚོན་པའི་ཐབས་ཤེས་གཉིས་སུ་གནས་པ་དེ་བས་ན། བརྒྱ་བྱིན་ལྷའི་བདག་ཅེས་བོས་ནས། གལ་ཏེ་རྟག་པའི་གནས་ཏེ། གང་ཐོབ་ན་མི་འགྱུར་བ་སངས་རྒྱས་ཐོབ་པར་འདོད་ན། ཡིག་གཉིས་ཀྱིས་མཚོན་པའི་ཐབས་ཤེས་གཉིས་མེད་སྒྱུ་མ་ལྟ་བུ་རྒྱུན་དུ་དྲན་པར་བྱ་ཞིང་། དེ་སྟོན་པའི་དམ་ཆོས་ལ་གུས་པ་ཆེན་པོས་བླ་མར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་བདག་གིས་ཐོས་པ་སོགས་འཆད་པ་ནི། བདག་གི་ཐོས་པ་ཞེས་སོགས་ཀྱི་རྡོ་རྗེའི་ཚིག་རྣམས་ཀྱི་དོན་ཡང་། ལྷའི་དབང་པོས་ཞུས་པའི་རྒྱུད་དེ་ཉིད་ལས་བསྟན་ཏེ། ཇི་སྐད་དུ། འཁོར་ལོ་སྤྲུལ་པའི་ངོ་བོ་ལ། །བདག་གིས་ཐོས་པ་ཞེས་གསུངས་ཏེ། །ས་བོན་ངོ་བོ་གང་སྤྲུལ་པ། །ལྷ་རྣམས་ཀྱིས་ནི་འཁོར་ལོ་མཆོག །མཆོག་ཏུ་དགའ་བའི་དུས་གང་ཡིན། །དུས་གཅིག་ན་ཞེས་བཤད་པ་ཡིན། །དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེ་སྙིང་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱང་ཕྱག་རྒྱ་སྟེ། །ལེགས་སྦྱངས་པད་མ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་གསུངས་ཏེ། དེ་ལ་བཞུགས་ཞེས་དྲང་། སུ་ཞིག་ཅེ་ན་བཅོམ་ལྡན་འདས་ཞེས་ཏེ། དབང་ཕྱུག་བརྒྱད་ལྡན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྒྲུབ་པ་པོ་བདག་ཉིད་དོ། །དེ་ཡང་ཇི་ལྟ་བུ་ཞིག་ཞེ་ན། དབང་པོ་གཉིས་སྦྱོར་གྱི་བདེ་བ་ཆེན་པོའི་གནས་ལ་བཞུགས་པའོ། །གང་ལ་བཞུགས་ཞེ་ན། བཙུན་མོའི་བྷ་ག་ཞེས་ཏེ། བཙུན་མོ་ནི་སྨེ་ཤ་ཅན་ལ་སོགས་པའི་བུ་མོའོ། །དབང་བསྐུར་བ་སོགས་ཀྱིས་ལེགས་པར་སྦྱངས་པའི་ཕྱག་རྒྱ་སྟེ། བྷ་ག་ནི་དེའི་པདྨ་བྱིན་གྱིས་རློབས་པས་ལེགས་པར་སྦྱངས་པ་ཡིན་ལ། དེ་ལ་ཞུགས་ཞེས་པའོ། །དུས་ནམ་གྱི་ཚེ་ན། དུས་གཅིག་ན་ཞེས་ཏེ། དབང་པོ་གཉིས་སྦྱོར་གྱི་མཆོག་ཏུ་དགའ་བ་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བའི་དུས་གཅིག་ནའོ། །ཚུལ་ཇི་ལྟར་བཞུགས་ཞེ་ན། ཡུམ་གྱི་བྷ་ག་དེར་རྡོ་རྗེ་འཛིན་པ་རང་ཉིད་ཐིག་ལེའི་གཟུགས་ཀྱིས་ཡི་གེ་འབྲུ་གསུམ་གྱི་དབྱིབས་སུ་གནས་ཏེ་བཞུགས་སོ། །ཅིའི་ཕྱིར་ཐིམ་པའི་གཟུགས་ཀྱིས་བཞུགས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་ཏེ། སྒྲུབ་པ་པོ་འདིའི་ཕུང་པོ་ལྔ་ནི་རྒྱལ་བ་ལྔའི་བདག་ཉིད་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ལ། དེའི་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ནི་སྐུ་གསུང་ཐུགས་ཞེས་བརྗོད་ལ། རྡོ་རྗེ་སྙིང་པོ་ནི་སྙོམས་པར་འཇུག་པའི་དུས་འདིར། ཕུང་པོ་ཁམས་དང་སྐྱེ་མཆེད་དེ་དག་འདོད་ཆགས་ཆེན་པོའི་མེས་བཞུ་སྟེ། ཁམས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བྷ་གར་བབས་པས། ཐིག་ལེའི་གཟུགས་ཀྱིས་གནས་ཞེས་བརྗོད་དོ། །ཐིག་ལེའི་གཟུགས་སུ་གནས་པ་དེས་ཅི་ཞིག་བྱ་ཞེ་ན། བདག་གིས་ཐོས་པ་ཞེས་ཏེ། ལྷའི་འཁོར་ལོ་སྤྲུལ་པ་ལ་བདག་གིས་ཐོས་པ་ཞེས་གསུངས་ཏེ། ཁམས་བྱང་ཆུབ་སེམས་ཀྱི་ས་བོན་གྱི་ངོ་བོ་ལས་ཡུམ་གྱི་བྷ་ག་ལྷ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་ཆོ་ག་གསུམ་ལས་བསྐྱེད་ཅེས་པའོ། །འདིས་ནི་སྔར་ཡི་གེའི་དོན་དུ་བཤད་པའི་རྣལ་འབྱོར་བཞིས་བསྐྱེད་པའི་གཙོ་བོ་དེ་ཉིད། ཕྱག་རྒྱ་འདུ་བྱས་ཏེ་སྙོམས་པར་ཞུགས་པ་ལས། ཕྱག་རྒྱའི་ཆོས་འབྱུང་དུ་ལྷ་སུམ་ཅུ་རྩ་གཉིས་ཆོ་ག་གསུམ་གྱིས་བསྐྱེད་པ་སྟོན་ཏོ། །ཐིག་ལེའི་འབྲུ་གསུམ་གྱི་དབྱིབས་སུ་གནས་པ་ཅིས་ཤེས་ཞེ་ན། དེ་ལྷ་མོ་བཞིས་ཞུས་ཀྱི་ལུང་གིས་བསྒྲུབ་པ་ནི། ཆ་གཉིས་པ་ནི་དགུ་པ་ཉིད་དུ་བཤད། སུམ་ཅུ་བཅུ་པ་ལྔའི་ས་བོན་ཉིད། །ཆ་གཉིས་ལྔ་པ་དྲུག་ཏུ་ཕྱེ་བ་ལས། །འབྱུང་བ་འདི་ནི་ཐིག་ལེ་ཡིན་ཞེས་བཤད། །ཅེས་ཏེ། ཆ་གཉིས་པ་ནི་ཨཱ་རིང་པོའོ། །དགུ་པ་ནི་མ་ནིང་གི་དབྱངས་དོར་བས་དབྱངས་དགུ་པ་ཨོའོ། །དེ་གཉིས་མཚམས་སྦྱར་བས་ཨོ་འགྲུབ་བོ། །སུམ་ཅུ་བཅུ་པ་ནི་བཅུ་ཚན་གསུམ་དང་གསུམ་ཏེ། གསལ་བྱེད་སུམ་ཅུ་རྩ་གསུམ་པ་ཧ་ལ་བྱའོ། །ལྔ་པའི་ས་བོན་ནི་སྡེ་བ་ལྔ་པའི་ཐ་མ་མ་སྟེ། དེ་ཉིད་ཨོའི་ཀླད་ཀོར་དུ་སྦྱར་བས་ༀ་འགྲུབ་བོ། །ཆ་གཉིས་པ་ནི་ཨཱཿཚེག་དྲག་ཅན་ནོ། །ལྔ་པ་ནི་སྡེ་པ་ལྔ་པ་མའོ། །དྲུག་པ་ནི་དབྱངས་དྲུག་པ་ཨཱུ་རིང་པོ་སྟེ། དེ་ཧའི་ཁོག་ཏུ་བཅུག་སྟེ་མ་ཀླད་ཀོར་དུ་སྦྱར་བས་ཧཱུྃ་འགྲུབ་བོ། །དེ་ལྟར་འབྲུ་གསུམ་གྱི་དབྱིབས་སུ་བྱང་ཆུབ་ཀྱི་སེམས་ཡུམ་གྱི་བྷ་གར་འབྱུང་བ་འདི་ནི། ཐེག་ལེ་ཡིན་ཞེས་བཤད། ཅེས་པའོ། །གསུམ་པ་བཞུགས་པའི་ཚིག་དེ་ཉིད་རྡོ་རྗེ་ཕྲེང་བའི་ལུང་གིས་སྦས་དོན་དུ་བཤད་པ་ནི། བཞུགས་པའི་ཚིག་འདི་དག་ལ། སཾ་སྐྲྀ་ཏའི་སྐད་ལ། ཡི་གེ་བཞི་བཅུ་ཐམ་པ་ཡོད་ཅིང་དེ་དག་ཡི་གེ་རེ་རེ་ལ་ཡི་གེ་གཞན་བསྣན་པའི་ངེས་ཚིག་གིས་བཤད་པ་ན། འོག་ནས་འབྱུང་བའི་ཚིགས་བཅད་རྣམས་ཀྱིས་ཚིག་སྣ་རེ་རེ་སྟོན་ལ། དེས་ཚིག་གཞན་རྣམས་ཤུགས་ལ་དྲངས་པའི་ཚུལ་གྱིས་སྐབས་གྱི་དོན་སྟོན་པ་ཡིན་ནོ། །དེ་ལ་ཡི་གེ་བཞི་བཅུས་སྣ་དྲངས་པའི་ཚིགས་བཅད་བཞི་བཅུས་སྦས་པ་གསུམ་ཀ་སྟོན་ལ། ལུས་དབེན་དང་། ངག་དབེན། སེམས་དབེན་གྱི་སྔོན་འགྲོ་ཡིན་པས་དེར་འདུས་ལ། ཡི་གེ་ཉི་ཤུ་རྩ་ལྔས་སེམས་གསུམ་གྱི་སྦས་པ་སྟོན་ཅིང་། དེ་ལ་ཡང་། ཡི་གེ་ལྔས་ལུས་དབེན་སྟོན་ཅིང་། གཅིག་གིས་ངག་དབེན་སྟོན་ལ། བཅུ་དགུས་སེམས་དབེན་སྟོན་ནོ། །ཡི་གེ་བཅུ་བཞིས་ཀུན་རྫོབ་སྤྱོད་པ་དང་བཅས་པ་སྟོན་ཅིང་། ཡི་གེ་གཅིག་གིས་འདོད་ཆགས་ཆོས་སྦས་སྟོན་ནོ། །དེ་དག་ཀྱང་དོན་གྱི་དབང་གིས་གོ་རིམ་དཀྲུགས་ནས་འཆད་དོ། །ཡི་གེ་བཞི་བཅུ་པོ་དེ་ལ་དོན་གཉིས་ཏེ། སྦས་པ་གསུམ་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་ཡང་གསུམ་སྟེ། སེམས་གསུམ་གྱི་སྦས་པ་དང་། འདོད་ཆགས་ཆོས་ཀྱི་སྦས་པ་དང་། ཀུན་རྫོབ་སྒྱུ་མའི་སྦས་པའོ། །དང་པོ་ལ་ཡང་ལྔ་སྟེ། སེམས་གསུམ་གྱི་ངོ་བོ་དང་། །སེམས་གསུམ་པོ་གསལ་དུ་འཇུག་པའི་གོ་རིམ་དང་། སེམས་གསུམ་གྱི་བྱེད་ལས་དང་། སེམས་གསུམ་གྱི་སྒྲུབ་པ་དང་། སེམས་གསུམ་གྱི་རྣམ་གྲངས་སོ། །དང་པོ་ལ་ཡང་གསུམ། སྣང་བ་དང་། སྣང་བ་མཆེད་པ་དང་། ཉེར་ཐོབ་བོ། །དང་པོ་སྣང་བའི་ངོ་བོ་ནི། །ཨེ་ནི་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པའི། །འདི་ནི་རྩ་བར་རྣམ་པར་བསྟན། །ཞེས་ཏེ། ཨེ་ཀ་ར་ན་ཞེས་པ། རྩ་བ་ཞེས་པར་འགྱུར་བས། རྩ་བར་རྣམ་པར་བསྟན་ཞེས་སྦྱར། གང་ཞེ་ན། ཤེས་རབ་དམ་པ་སྟེ་སེམས་སྣང་བ་དང་པོ་འདི་ནིའོ། །སྣང་བ་ནི་འབྲས་བུ་བསྐྱེད་པ་ན་མོ་ལྟར་འདོད་ཆགས་ཀྱི་རང་བཞིན་འཇམ་པོ་བསྐྱེད་པ་ན་ཤེས་རབ་ཅེས་བྱའོ། །
གང་གིས་ཞེ་ན། སྲིད་པ་གསུམ་ན་ཁྱད་པར་ཡོངས་སུ་ཤེས་པའི་འདོད་ཆགས་དང་བྲལ་བ་ལ་སོགས་པ་རང་བཞིན་སུམ་ཅུ་རྩ་གསུམ་གྱི་རྩ་བའམ་རྒྱུ་ཡིན་པར་རོ། །དེ་དག་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ་སྐྱེ་བས་ན་སྐད་ཅིག་བདག་ཅེས་སོ། །གཉིས་པ་སྣང་བ་མཆེད་པའི་ངོ་བོ་ནི། ཝཾ། འོད་མ་སྦྲེང་བ་ལྟར་མཛེས་ཤིང་། །ཆགས་ལ་སོགས་པ་རབ་བསྐྱེད་ལྡན། །སྣང་བ་མཆེད་པར་རྣམ་པར་ཤེས། །མིང་ནི་ཐབས་ཞེས་བྱ་བ་ཡིན། །ཞེས་ཏེ། པ་ཏ་ཝཾ་ཞེས་པ་འོད་མ་སྦྲེང་བ་ལྟར་ཞེས་པར་འགྱུར་བས། ཇི་ལྟར་འོད་མ་ཁོང་སྟོང་ཡིན་ཡང་ཚིགས་ལས་ཡལ་ག་ལ་སོགས་པ་སྐྱེ་བ་ལྟར། སྣང་བ་མཆེད་པ་ཡང་གཟུང་འཛིན་གྱི་རྟོག་པས་སྟོང་ཡང་ཆགས་པ་ལ་སོགས་རང་བཞིན་བཞི་བཅུ་བསྐྱེད་པའི་ནུས་པ་དང་ལྡན་པའོ། །སྣང་བ་མཆེད་པ་དེ་ནི། གཟུགས་ལ་སོགས་པའི་བྱེ་བྲག་ཤེས་པས་རྣམ་པར་ཤེས་པ་ཞེས་བྱ་ལ། འབྲས་བུ་བསྐྱེད་པས་ན་སྐྱེས་པ་ལྟར་ཞེ་སྡང་བའི་རང་བཞིན་དྲག་པོ་བསྐྱེད་པས་ན། མིང་ནི་ཐབས་ཞེས་བྱའོ། །གསུམ་པ་ཉེར་ཐོབ་ཀྱི་ངོ་བོ་ནི། མ་རིག་ཆེན་རང་ཉིད་རྩ་བས་ཏེ། །ལུགས་ལས་བཟློག་པའི་མ་རིག་པ། །མ་རིག་པ་ལས་ཀྱང་འདི་འབྱུང་། །དེ་བས་སྣང་བ་འབྱུང་བའོ། །ཞེས་ཏེ། མ་ཧ་བི་དྷ་སྟེ། རིག་ཆེན་ཞེས་པ་ཡིན་ལ། མ་རིག་པ་ལོག་པས་ན་རིག་ཆེན་རང་ཉིད་ནི་འོད་གསལ་ཏེ། དེ་ཉིད་རྩ་བའམ་རྒྱུ་ཡིན་ནོ། །གང་གི་ཞེ་ན། འོད་གསལ་ལས་ལྡང་བའི་དུས་ཀྱི་སེམས་གསུམ་ལུགས་ལས་བཟློག་པའི་མ་རིག་པའོ། །དེ་མ་ཟད། སེམས་གསུམ་འོད་གསལ་དུ་འཇུག་པའི་ལུགས་འབྱུང་གི་དུས་སུ་མ་རིག་པ་ཉེར་ཐོབ་ལས་ཀྱང་འོད་གསལ་འདི་འབྱུང་ངོ་། །ལུགས་འབྱུང་གི་དུས་སུ་མ་རིག་པ་ལས་འོད་གསལ་བ་འབྱུང་བ་དེ་བས་ན། ལུགས་བཟློག་གི་དུས་སུ། འོད་གསལ་ལས་མ་རིག་པ་ལ་སོགས་པའི་སྣང་བ་གསུམ་འབྱུང་བ་ཡིན་ནོ། །གཉིས་པ་སེམས་གསུམ་འོད་གསལ་དུ་ཐིམ་པའི་གོ་རིམ་བསྟན་པ་ནི། ཡ། རྣམ་ཤེས་དང་པོར་འགྲོ་བ་ནི། །དེ་མིང་སྣང་བ་མཆེད་པས་ཏེ། །དེ་ནི་སྟོང་པ་ཆེར་འགྲོ་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཞེས་ཏེ། སེམས་གསུམ་ལུགས་སུ་འབྱུང་བ་ན། མ་རིག་པ་ལས་འོད་གསལ་ཇི་ལྟར་འབྱུང་ཞིང་། ཡ་ཏི་ཞེས་པ་འགྲོ་བས་ཏེ། སེམས་གསུམ་འོད་གསལ་དུ་འཇུག་པ་ན། རྣམ་ཤེས་དང་པོ་སྣང་བ་གང་དུ་འགྲོ་ཞིང་ཐིམ་པ་དེའི་མིང་ནི་སྣང་བ་མཆེད་པ་ཞེས་བྱ་ལ། མཆེད་པ་དེ་ནི་སྟོང་པ་ཆེན་པོ་མ་རིག་པར་འགྲོ་ཞིང་ཐིམ་པར་འགྱུར་རོ། །མ་རིག་པ་དེ་དང་འོད་གསལ་བར་འགྲོ་ཞིང་ཐིམ་པར་འགྱུར་རོ། །དེ་བས་ན། མ་རིག་པའི་རྗེས་སུ་འོད་གསལ་མངོན་དུ་འགྱུར་བས། མ་རིག་པ་ལས་འོད་གསལ་འབྱུང་ཞེས་བརྗོད་དོ། །སེམས་གསུམ་གྱི་བྱེད་ལས་ལ་གསུམ་གྱི་དང་པོ་མདོར་བསྟན་པ་ནི། ཤྲུ། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་ཏེ། ཤྲུ་ནི་ཐོས་པ་ཏེ་ཟླ་བ་དང་ཉི་མ་མུན་པ་ལྟ་བུའི་མཚན་ཉིད་ཅན་གྱིས་རྣམ་ཤེས་གསུམ་སྔར་གོང་དུ་བཤད་ཅིང་ཐོས་པ་གང་ཡིན་པ་དེ་དག་ནི་འདིར་སེམས་ཅན་གྱི་ཁམས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་མ་ལུས་པའི་རང་བཞིན་གྱི་རྩ་བའམ་རྒྱུ་ཡིན་ཏེ། དེ་དག་མ་གྲུབ་པ་གྲུབ་པ་དང་། གྲུབ་ཟིན་གནས་པ་སེམས་ཀྱིས་བྱེད་པའི་ཕྱིར་རོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། འཕེན་བྱེད་ཀྱི་རྒྱུ་དང་། རྫོགས་བྱེད་ཀྱི་རྒྱུ་བསྟན་པའོ། །དང་པོ་ནི། བྷ་འབྱུང་བ་འདི་ལས་རང་བཞིན་ཡང་། །ཆགས་དང་ཆགས་མིན་ལ་སོགས་པ། །དེ་ལས་དགེ་དང་མི་དགེ་ལས། །དེ་ལས་སྐྱེ་བ་འབྱུང་བ་ཡིན། །བྷནྡ་ཞེས་པ་འབྱུང་བ་སྟེ་འབྱུང་ཞེས་དྲངས། གང་ལས་ཞེ་ན། སྣང་བ་གསུམ་གྱི་མཚན་ཉིད་ཅན་རྣམ་པར་ཤེས་པ་འདི་ལས་སོ། །གང་ཞིག་འབྱུང་ཞེ་ན། རང་བཞིན་རྣམས་ཏེ། ཆགས་པ་དང་། ཆགས་པ་མེད་པ་ལ་སོགས་པའི་རང་བཞིན་བརྒྱད་ཅུ་རྣམས་ཅི་རིགས་པར་འབྱུང་ལ། རང་བཞིན་དེ་དག་ལས་ཀྱང་སྐྱེ་བ་འཕེན་བྱེད་ཀྱི་དགེ་བའི་ལས་དང་། མི་དགེ་བའི་ལས་འབྱུང་ལ། ལས་དེ་དག་ལས་ཀྱང་། འགྲོ་བ་ལྔའི་སྐྱེ་བ་རྣམས་འབྱུང་བ་ཡིན་ནོ། །གཉིས་པ་རྫོགས་བྱེད་ཀྱི་རྒྱུར་བསྟན་པ་ལ་ལྔ་ཡོད་པའི་དང་པོ་ཁམས་ཀྱི་རྫོགས་བྱེད་དུ་བསྟན་པ་ནི། ཀ སྲ་བའི་ཁམས་དང་ཆུ་ཉིད་དང་། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པས་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །ཞེས་ཏེ། ཀ་ན་སྲ་བའི་ཁམས་ཏེ། དེས་མཚོན་ནས་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་པོ་རྣམས་རྣམ་པར་ཤེས་པས་བླངས་ཤིང་ཡོངས་སུ་གཟུང་སྟེ། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་དུ་སྐྱེ་བར་འགྱུར་རོ། །
གཉིས་པ་ཕུང་པོའི་རྫོགས་བྱེད་དུ་བསྟན་པ་ནི། སྨིན། འདི་ནི་ཕུང་པོ་ལྔ་རྣམས་སུ། །འབྱུང་བ་འདུས་བྱས་མཚན་ཉིད་ནི། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང་། །རྣམ་ཤེས་དེ་ཉིད་ནི་ལྔ་པའོ། །ཞེས་ཏེ། ཨས་སྨིན་ཏེ། འདིའམ་འདིར་ཞེས་པ་སྟེ། སྣང་བ་གསུམ་གྱི་མཚན་ཉིད་ཅན་གྱི་རྣམ་ཤེས་འདི་ནི། གཟུགས་ནས་རྣམ་ཤེས་ཀྱི་བར་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་འདུས་བྱས་རྣམ་འབྱུང་བའི་རྒྱུ་ཡང་ཡིན་ཞེས་པའོ། །གསུམ་པ་ཡེ་ཤེས་ཀྱི་རྫོགས་བྱེད་དུ་བསྟན་པ་ནི། ས། མཉམ་ཉིད་སོ་སོར་རྟོག་པ་དང་། །བྱ་བ་གྲུབ་པ་ཉིད་དང་ནི། །མེ་ལོང་དང་ནི་ཆོས་ཀྱི་དབྱིངས། །འདི་ནི་རྣམ་ཤེས་ལྔ་པོ་ཡིན། །ཞེས་ཏེ། ས་མ་ད་ན་ཞེས་པ། མཉམ་ཉིད་སྟེ། རྣམ་ཤེས་གསུམ་པོ་འདི་ཉིད་ནི། མཉམ་ཉིད་ནས་ཆོས་ཀྱི་དབྱིངས་ཀྱི་བར་རྣམ་ཤེས་ཏེ་ཡེ་ཤེས་ལྔའི་རང་བཞིན་ཡང་ཡིན་ནོ་ཞེས་པའོ། །དེ་ལ་གཞིའི་གནས་སྐབས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཡེ་ཤེས་ལྔར་བཞག་སྟེ། དེ་ཉིད་ཀྱི་རང་གི་ངོ་བོ་གདོད་མ་ནས་རྣམ་པར་དག་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མེ་ལོང་ལ་གཟུགས་བརྙན་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་ཅིག་ཅར་སྣང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྒོ་གསུམ་གྱི་ལས་ཡོངས་སུ་རྫོགས་པར་བྱེད་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་མ་འདྲེས་པར་སོ་སོར་འབྱེད་པས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཙམ་དུ་རོ་གཅིག་པར་རྟོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་རྣམ་པར་དག་པ་མཐར་ཕྱིན་པ་ན། འབྲས་བུའི་གནས་སྐབས་ཀྱི་ཡེ་ཤེས་ལྔར་འགྱུར་རོ། །བཞི་པ་སྐྱེ་མཆེད་ཀྱི་རྫོགས་བྱེད་དུ་བསྟན་པ་ནི། མ། ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །མིག་དང་དེ་བཞིན་རྣ་བ་དང་། །སྣ་དང་ལྕེ་དང་ལུས་རྣམས་ཏེ། །འདི་ནི་སྐྱེ་མཆེད་རྣམས་འབྱུང་བའོ། །ཞེས་ཏེ། མ་ན་ཡིད་དེ། རྣམ་ཤེས་གསུམ་པོ་འདི་ནི། ཡིད་ནས་ལུས་ཀྱི་བར་སྐྱེ་མཆེད་དྲུག་པོ་རྣམས་འབྱུང་བའི་རྒྱུ་ཡང་ཡིན་ནོ། །ལྔ་པ་ཡུལ་གྱི་རྫོགས་བྱེད་དུ་བསྟན་པ་ནི། ག དབང་པོ་རང་ཉིད་རང་ཡུལ་ལ། །འགྲོ་བར་གྱུར་པ་དེ་དང་དེས། །དབང་པོ་གང་དང་གང་སྤྱོད་ཡུལ། །དེ་དེ་སྣང་བ་ཙམ་ཉིད་དོ། །ཞེས་ཏེ། ག་ཚན་ཡ་ན་ཞེས་པ། དབང་པོ་རང་ཉིད་ཅེས་ཏེ། མིག་ལ་སོགས་པའི་དབང་པོ་རང་ཉིད་གཟུགས་ལ་སོགས་པའི་རང་གི་ཡུལ་ལ་འགྲོ་བར་འགྱུར་བའི་དབང་པོ་དེ་དང་དེ་རྣམས་དང་། དབང་པོ་གང་དང་གང་གི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པ་དེ་དང་དེ་ནི་སེམས་གསུམ་གྱི་སྣང་བ་ཙམ་ཡིན་ནོ། །གསུམ་པ་སེམས་གསུམ་གྱི་བྱེད་པ་མཇུག་བསྡུས་ཏེ་བསྟན་པ་ནི། སྟི། སྐྱེ་དང་གནས་དང་འཇིགས་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་ཏེ། སྙིམ་མ་ན། སྐྱེ་བས་ཏེ། མངལ་ལ་སོགས་པར་སྐྱེ་བ་དང་། སྐྱེས་ནས་མ་ཤིའི་བར་གནས་པ་དང་། འབྱུང་བ་རིམ་གྱིས་ཐིམ་སྟེ། འཆི་བའི་འཇིག་པ་དང་། སྐྱེ་སྲིད་འཆི་སྲིད་ཀྱི་བར་དུ་སྲིད་པ་བར་ཆད་གནས་པས་ཏེ། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་བཏགས་པ་དེ་དག་སེམས་དང་རླུང་གི་རྣམ་འཕྲུལ་ཡིན་ནོ། །བཞི་པ་སེམས་གསུམ་གྱི་སྒྲུབ་པ་ལ་གཉིས་ཏེ། ཡུལ་སེམས་ཀྱི་སྒྲུབ་པ་དང་། ཡུལ་ཅན་ཡེ་ཤེས་ཀྱི་སྒྲུབ་པའོ། །དང་པོ་ལ་ཡང་། ཀུན་ཏུ་སྣང་བའི་སྒྲུབ་པ་དང་། རང་བཞིན་སྣང་བས་སྒྲུབ་པ་གཉིས་ཀྱི། དང་པོ་ནི། ཏྃ། དེ་ནི་རེ་རེའི་དོན་སྣང་བ། །རླུང་གི་བླངས་ནས་འཛིན་བྱེད་ལ། །རླུང་དང་ལྡན་པའི་རྣམ་ཤེས་ནི། །རྟག་ཏུ་འགྲོ་ལ་ཞོན་པར་འགྱུར། །ཞེས་ཏེ། ཏྃ་མེ་གེ་ན་ཞེས་པ། རྣམ་ཤེས་གསུམ་པོ་དེ་ནི་རེ་རེའི་དོན་གཟུགས་ལ་སོགས་པ་སྣང་བ་ཡང་། བཞོན་པ་རླུང་གི་རྣམ་ཤེས་ཀྱི་མཚན་ཉིད་བླངས་ནས་དོན་འཛིན་པར་བྱེད་པ་ཡིན་ལ། དེ་བས་ན་རླུང་གི་ཞོན་པ་དང་ལྡན་པའི་རྣམ་ཤེས་ནི། རྟག་ཏུ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འགྲོ་བ་དང་འོང་བ་གནས་པར་འགྱུར་རོ། །ཞེས་ཏེ། མདོར་ན་རྣམ་ཤེས་སྔ་མའི་ཉེར་ལེན་དང་རླུང་གི་ལྷན་ཅིག་བྱེད་རྐྱེན་ལས། སེམས་སྣང་བ་གསུམ་སྐྱེ་བར་འགྱུར་རོ་ཞེས་པའོ། །གཉིས་པ་རང་བཞིན་སྣང་བའི་སྒྲུབ་པ། ཨེ། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་ཞོན་པ་ཡིན། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །ཞེས་ཏེ། ཨེ་ཨ་ཤྭ་ན། རླུང་ཁམས་ཆེན་པོ་ཞེས་པ་སྟེ། རླུང་ཁམས་ཆེན་པོ་ནི་ཞོན་པ་ཡིན་ནོ། །གང་གི་ཞེ་ན། རྣམ་ཤེས་གསུམ་གྱིའོ། །རླུང་གི་ཞོན་པ་ཅན་གྱི་རྣམ་ཤེས་གསུམ་པོ་དེ་ཡིས་རང་བཞིན་བརྒྱད་ཅུ་པོ་ཇི་ལྟ་ཇི་ལྟར་ཡུལ་དང་འཕྲོད་ཚད་དུ་བསྐྱེད་ཅིང་འགྲོ་བར་འགྱུར་རོ། །སེམས་གསུམ་རླུང་དང་བཅས་པའི་རྒྱུ་རྐྱེན་དང་ཡུལ་གྱི་དམིགས་རྐྱེན་དང་། དབང་པོའི་བདག་པོའི་རྐྱེན་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེ་བར་འགྱུར་རོ། །ཞེས་པའོ། །གཉིས་པ་སེམས་ལ་དམིགས་པའི་སྒྲུབ་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་ཡང་ལུས་དབེན་དང་། ངག་དབེན་གཉིས་སོ། །དང་པོ་ལུས་དབེན་ལ་ཡང་བཞིའི། ཕུང་པོའི་ལུས་དབེན་ནི། ག འགྲོ་བ་འབྱུང་བའི་ཕུང་པོ་རྣམས། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཞེས་བྱས་རབ་ཏུ་བསྐུལ་བ་ཡིན། །ག་གྷ་ཏི་ན། འགྲོ་བ་འབྱུང་བའི་ཕུང་པོ་ཞེས་ཏེ། མིའི་འགྲོ་བར་འབྱུང་བའི་ཕུང་པོ་ལྔ་རྣམས་ནི། སངས་རྒྱས་ལྔའི་བདག་ཉིད་ཡིན་ཏེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བསྐུལ་ཞིང་བསྐྱེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར། མངལ་དུ་འཇུག་པའི་སྔོན་རོལ་དུ། འཆི་བ་འོད་གསལ་མངོན་དུ་གྱུར་པ་ནི། དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡིན་ལ། ཕ་མའི་ཁུ་ཁྲག་གཉིས་དང་། བར་དོའི་རྣམ་ཤེས་གསུམ་འདྲེས་ཏེ་ཡེ་ཤེས་ཀྱི་ས་ཐོབ་པ་ནི་ཟླ་བ་ལས་བྱང་ཆུབ་པའོ། །མེར་མེར་པོ་དང་། ལྟར་ལྟར་པོའི་གནས་སྐབས་ན། ཡི་གེ་གསུམ་གྱི་དབྱིབས་སུ་གནས་པ་ནི། ཡིག་འབྲུ་ལས་བྱང་ཆུབ་པའོ། །གོར་གོར་པོ་དང་། འཁྲང་འགྱུར་གྱི་གནས་སྐབས་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས། རང་རང་གི་རིགས་ཀྱི་མཚན་མ་རྡོ་རྗེ་དང་། འཁོར་ལོ་ལ་སོགས་པའི་དབྱིབས་སུ་གནས་པ་ནི། ཕྱག་མཚན་ལས་བྱང་ཆུབ་པའོ། །རྐང་ལག་འགྱུས་པ་དང་། མིག་ལ་སོགས་པའི་དབང་པོ་དང་། ཉིང་ལག་སོགས་གྲུབ་པ་ནི་སྐུ་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་བས་ན་ཕུང་པོ་ལྔ་ནི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པས་རྒྱལ་བ་ལྔའི་བདག་ཉིད་ཡིན་ལ། དེ་དག་རེ་རེ་ཡང་ལྔ་ལྔར་ཕྱེ་ནས་དེ་བཞིན་གཤེགས་པ་ལྔར་བསྒོམ་མོ། །གཉིས་པ་ཁམས་ཀྱི་ལུས་དབེན་ནི། ཝན། རླུང་དང་མེ་དང་ཆུ་དང་ས། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་སྟེ། །ཞེས་ཏེ། ཝ་ཡུ་ན་རླུང་སྟེ། དེས་མཚོན་པའི་མེ་དང་ཆུ་དང་ས་སྟེ་འབྱུང་བ་བཞི་ནི་ཡེ་ཤེས་བདག་ཉིད་ཅན་གསུམ་སྟེ། སེམས་གསུམ་གྱི་བདག་ཉིད་དུ་ཤེས་པར་བྱ་ལ། སེམས་ཀྱི་རང་བཞིན་གྱི་འབྱུང་བ་བཞི་པོ་དེའང་སྤྱན་མ་མཱ་མ་ཀི་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཡིན་ལ། དེ་དག་རེ་རེ་ཡང་ལྔ་ལྔར་ཕྱེ་སྟེ། དེ་བཞིན་གཤེགས་པ་ལྔ་ལྔར་བསྒོམས་པས། འབྲས་བུ་སངས་རྒྱས་ཀྱི་བྱང་ཆུབ་སྟེར་རོ། །གསུམ་པ་སྐྱེ་མཆེད་ཀྱི་ལུས་དབེན་ནི། ས། ཐམས་ཅད་དེ་བཞིན་གཤེགས་པའི་སྐུ། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །མིག་ལ་སོགས་པའི་བདག་ཉིད་དེར། །ས་སྙིང་ལ་སོགས་རྒྱལ་སྲས་སོ། །ཞེས་ཏེ། སརྦ་ནི་ཐམས་ཅད་ནི། ཕྱག་རྒྱ་བཞི་ནི་འབྱུང་བ་བཞི་སྟེ། དེས་རྒྱས་བཏབ་ཅིང་བསྐྱེད་པའི་ལུས་འདིའི་ཕུང་པོ་ལྔ་པོ་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་སྐུའི་རང་བཞིན་ཡིན་ལ། མིག་ལ་སོགས་པའི་བདག་ཉིད་ཀྱི་སྐྱེ་མཆེད་ལྔ་པོ་དོར་ཏེ། དེ་དག་ཀྱང་སའི་སྙིང་པོ་ལ་སོགས་པའི་རྒྱལ་སྲས་ལྔའི་རང་བཞིན་ཡིན་ལ། དེ་དག་རེ་རེ་ཡང་ལྔ་ལྔར་ཕྱེ་ནས། དེ་བཞིན་གཤེགས་ལྔ་ལྔར་བསྒོམ་མོ། །བཞི་པ་ལ་ཡུལ་གྱི་ལུས་དབེན་ནི། ཏ། དབང་པོ་དེ་ཡི་ལམ་ནས་ནི། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །རང་བཞིན་དེ་རྣམས་མ་ལུས་པར། །ཚིམ་པར་བྱ་ཕྱིར་དབུལ་བར་བྱ། །ཞེས་ཏེ། ཏད་ན་དབང་པོ་སྟེ། མིག་ལ་སོགས་པའི་དབང་པོ་དེ་དང་། དེའི་ལམ་ནས། སྒྲུབ་པ་པོས་ནི། གཟུགས་ལ་སོགས་པའི་ཡུལ་ཐོབ་པའི་རང་བཞིན་དེ་རྣམས་མ་ལུས་པར། རྒྱལ་སྲས་ལྔའི་རང་བཞིན་གྱི་དབང་པོ་ལྔ་པོ་དེ་རྣམས་ཚིམ་པར་བྱ་བའི་ཕྱིར། ལྷ་མོ་ལྔར་བསྒོམ་ཏེ་དབུལ་བར་བྱའོ། །དེ་ལྟར་ན་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་ལྔ། ཡུལ་ལྔ་རྣམས་ལྔ་ལྔར་ཕྱེ་བས་དགུ་བཅུ་རྩ་ལྔར་འགྱུར་ལ། དེའི་སྟེང་དུ་ཡེ་ཤེས་ལྔ་དེ་བཞིན་གཤེགས་པ་ལྔར་བསྒོམ་པ་བསྣན་པས་རིགས་བརྒྱར་བསྒོམ་པ་བསྟན་ཏོ། །
ཐ་མལ་པའི་ལུས་ལྷར་བསྒོམ་པ་ལ་རྩོད་པ་སྤོང་བ་ནི། ཐ་མལ་པའི་ལུས་ལ་ཡེ་ཤེས་ཀྱི་རང་བཞིན་གྱི་ལྷའི་སྐུ་དེ་དག་འགོད་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཏ། དེ་དང་དེ་ཡི་རིགས་བྱུང་བའི། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་མེད་ཀྱང་། །འགྲོ་བའི་དོན་ཕྱིར་སྟོན་པ་ཡིན། །ཞེས་ཏེ། ཏྱད་དེ། དེ་དང་དེ་ཡི་རིགས་ཞེས་པ། རྣམ་སྣང་ལ་སོགས་པ་དེ་དང་དེ་ཡི་རིགས་ལས་བྱུང་བའི་ས་སྙིང་ལ་སོགས་པའི་ལྷ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་ཐ་དད་པ་དེ་ནི། ཐ་མལ་པའི་ལུས་ལ་དངོས་སུ་ཡོད་པ་ལ་ཡིན་ཞིང་། དེ་དག་དངོས་སུ་མེད་ཀྱང་། དེ་དག་གི་རྒྱུ་ཡིན་པས། དེ་དག་གི་རྣམ་པར་བསྒོམ་དུ་རུང་ལ། འགྲོ་བ་རྣམས་ཕུང་པོ་ལ་ཐ་མལ་དུ་ཞེན་པ་བཟློག་པའི་ཕྱིར། ལྷ་དང་ལྷ་མོར་སྟོན་ཅིང་བསྒོམ་པ་མི་འགལ་ལོ། །གཉིས་པ་ངག་དབེན་བསྟན་པ་ནི། ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པའི། །གསང་སྔགས་རྒྱལ་པོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་ཡང་། །ཞེས་ཏེ། ཡེ་ཛ་བྷེ་ཏྲེ་ཞེས་པ། གང་ཡང་ཁམས་གསུམ་ཞེས་ཏེ་ཁམས་གསུམ་གྱི་སེམས་ཅན་རྣམས་སྲོག་དང་རྩོལ་བ་སྟེ། རླུང་དབྱུང་འཇུག་གནས་གསུམ་ལ་བརྟེན་པའི་གསང་སྔགས་རྒྱལ་པོ་འབྲུ་གསུམ་ཉིན་དང་མཚན་དུ་ཟློས་བཞིན་དུ་དེ་ལྟར་ཡིན་པར་མི་ཤེས་སོ། །ཤེས་ན་དེའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་དུ་ཤེས་ནས། དེ་ལ་རྩེ་གཅིག་ཏུ་གཏད་དེ་འབྲུ་གསུམ་ཟློས་པ་ཉིད་བསམ་གཏན་དང་སྔགས་ཟློས་པའི་མཆོག་ཡིན་པས། དེ་ལས་གཞན་པའི་བསམ་གཏན་དང་མཆུ་དང་རྐན་དུ་སྦྱར་ཏེ་སྔགས་ཀློག་པའི་ངག་བཟླས་སྤངས་པ་ཞིག་གོ །
དེ་ལྟ་བུའི་མཚན་ཉིད་བླ་མའི་དྲིན་གྱིས་ཤེས་པར་བྱས་ནས། རྡོ་རྗེའི་བཟླས་པ་ལ་བསླབ་པར་བྱའོ། །ཞེས་པའོ། །གཉིས་པ་ཡེ་ཤེས་ཀྱི་སྒྲུབ་པ་དངོས་ལ། མཉམ་གཞག་དང་། རྗེས་ཐོབ་གཉིས་ཀྱི། དང་པོ་ནི། བ། རྡོ་རྗེ་པད་མ་མཉམ་སྦྱར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །བློ་ལ་གོས་དང་མ་གོས་པས། །དེར་ནི་བདེ་བས་རྟག་ཏུ་གནས། །ཞེས་ཏེ། བཛྲ། རྡོ་རྗེ་སྟེ། སྒྲུབ་པ་པོའི་རྡོ་རྗེ་དང་། ཕྱག་རྒྱའི་པད་མ་མཉམ་པར་སྦྱོར་བས། སྣང་མཆེད་ཐོབ་གསུམ་གྱི་ཆའམ་མཚན་ཉིད་རིག་པར་འགྱུར་ཏེ། བདེ་བ་བསྡུ་བ་ལ་སོགས་པའི་མན་ངག་གིས་སོ། །བློ་སྟེ་ཡེ་ཤེས་གསུམ་པོ་དེའང་། ཐབས་ཀྱིས་མངོན་སུམ་དུ་མ་བྱས་པའི་ཚེ་གློ་བུར་གཟུང་འཛིན་གྱི་དྲི་མས་གོས་པ་དང་། རང་གི་ངོ་བོ་ནི་ཤེལ་སྒོང་དག་པ་ལྟར། གཟུང་འཛིན་གྱི་དྲི་མས་མ་གོས་པར་གནས་པས། དབང་པོ་གཉིས་སྦྱོར་གྱི་གནས་སྐབས་དེར་ནི། གཉིས་སྣང་དང་གཉིས་དང་བྲལ་བའི་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་རྟག་ཏུ་གནས་སོ། །གཉིས་པ་མཉམ་པར་མ་བཞག་པའི་སྒྲུབ་པ་ནི། ཐ། དེ་བས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པས་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། །དམ་པའི་ཡུལ་ལ་གཞག་པར་བྱ། །ཞེས་ཏེ། མཉམ་གཞག་ཏུ་སེམས་བདེ་གསལ་རྟོགས་ནས་ལངས་པའི་དུས་སུ་ཇི་ལྟར་འགྱུར་ཞེ་ན། ཐ་ཏ་བྱ་ཞེས་པ་བཞག་ཅེས་པ་སྟེ། མཉམ་གཞག་ཏུ་བདེ་གསལ་རྟོགས་པ་དེ་བས་ན། གཉིས་མེད་མཐོང་བའི་རྣལ་འབྱོར་པས་མཉམ་གཞག་ཏུ་ཡེ་ཤེས་གསུམ་མཐོང་བའི་ཕྱིར། མཉམ་གཞག་ལས་ལངས་པའི་ཚེ་ན་ཡང་དམན་པ་དང་། བར་མ་དང་དམ་པའི་ཡུལ་རྣམས་དང་། སེམས་སྣང་མཆེད་ཐོབ་གསུམ་གྱི་རང་བཞིན་དུ་བཞག་ཅིང་བསྒོམ་པར་བྱའོ། །ལྔ་པ་སེམས་གསུམ་གྱི་མིང་གི་རྣམ་གྲངས་ལ་གཉིས་ཀྱི་དང་པོ་བཅོས་མ་མ་ཡིན་པའི་རྣམ་གྲངས་ནི། ཙིད། སེམས་དང་སེམས་བྱུང་མ་རིག་པ། །ཤེས་རབ་ཐབས་དང་ཉེར་ཐོབ་དང་། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་ཆེན་ཞེས་ཀྱང་རབ་ཏུ་བརྗོད། །ཅེས་ཏེ། ཙིར་ཏ་ཞེས་པ་སེམས་ཏེ། དོན་ནམ་ཡུལ་ལ་སེམས་པས་ན་སེམས་ཏེ་སྣང་བ་དང་པོ་དང་། དེ་ལས་བྱུང་བས་ན་སེམས་བྱུང་སྟེ། སྣང་བ་མཆེད་པ་དང་བླུན་པའི་རྣམ་པར་བྱུང་བས་ན་མ་རིག་པ་སྟེ་ཉེར་ཐོབ་དང་། ཕྲ་བའི་རྣམ་པར་འདུག་པས་ན་ཤེས་རབ་སྟེ་སྣང་བ་དང་། རགས་པའི་རྣམ་པར་འདུག་པས་ན་ཐབས་ཏེ་མཆེད་པ་དང་། སྣང་བ་དང་པོ་གཉིས་ནུབ་པས་ན་ཉེར་ཐོབ་བོ། །ཡང་དགག་བྱ་དང་བྲལ་བའི་ངོ་ནས་སེམས་གསུམ་གྱི་རྣམ་གྲངས་བསྟན་པ་ནི། གཟུང་འཛིན་གྱི་རྟོག་པ་རགས་པ་འགགས་པས་སྟོང་པ་ནི་སྣང་བ་དང་པོའོ། །བར་མ་འགགས་པས་ཤིན་ཏུ་སྟོང་པ་ནི་མཆེད་པའོ། །ཕྲ་བ་འགགས་པས་སྟོང་པ་ཆེན་པོ་ཉེར་ཐོབ་བོ། །
གཉིས་པ། བཅོས་མའི་མིང་གི་རྣམ་གྲངས་ནི། ཥུ། འདི་ལ་སྣང་བའི་དབྱེ་བ་ལ། ཐུན་མཚམས་ཉིན་མོ་མཚན་མོ་ཡི། །འཇིག་རྟེན་ཐ་སྙད་བྱས་པ་ཡིས། །ཡེ་ཤེས་གསུམ་ནི་མཐོང་ཕྱིར་རོ། །ཞེས་ཏེ། ཨེ་ཥུ། ཞེས་པ་སྣང་བའི་དབྱེ་བ་སྟེ། སེམས་གསུམ་པོ་འདི་ལ་སྣང་བ་གསལ་མི་གསལ་གྱི་དབྱེ་བ་ནི། ཉེར་ཐོབ་ནི་ཐུན་མཚམས་ཀྱི་མུན་པ་ལྟ་གསལ་བའི་བྱ་བ་དང་བྲལ་བས་ཐུན་མཚམས་དང་། མཆེད་པ་ནི་ཉི་མ་ལྟར་ཆེས་གསལ་བས་ཉིན་མོ་དང་། སྣང་བ་ནི་ཟླ་བ་ལྟར་གསལ་བས་མཚན་མོ་ཞེས་བྱའོ། །དེ་ལྟར་འཇིག་རྟེན་ན་གྲགས་པའི་ཐ་སྙད་བྱས་པ་ཡིས། མི་མཁས་པ་རྣམས་ཀྱིས་ཀྱང་ཡེ་ཤེས་གསུམ་མཐོང་ཞིང་རྟོགས་པར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཡོད་དེ་འདི་ལྟར། བི། སྣ་ཚོགས་པ་ཡི་ཐ་སྙད་དག ། འཇིག་རྟེན་པས་ནི་ཡོངས་བརྟགས་པས། །དུས་གསུམ་གྱི་ནི་དབྱེ་བ་ཡི། །ཡེ་ཤེས་རྣམ་པ་གསུམ་འབྱུང་ངོ་། །ཞེས་ཏེ། བི་ཙི་ཏྲ་ན་ཞེས་པ་སྣ་ཚོགས་པའི་ཐ་སྙད་དེ། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། རྩུབ་མོ་དང་འཇམ་པོ་ཞེས་སོགས་སྣ་ཚོགས་པའི་ཐ་སྙད་འཇིག་རྟེན་པས་ཡོངས་སུ་བཏགས་པ་དང་། མཚན་མོ་དང་ཉིན་མོ་དང་། ཐུན་མཚམས་ཏེ་དུས་གསུམ་གྱི་དབྱེ་བའི་མིང་གིས་མཚོན་ནས་བསྟན་པས། ཡེ་ཤེས་རྣམ་པ་གསུམ་རྟོགས་ཤིང་གོ་བ་འབྱུང་ངོ་། །དེ་ལྟར་སེམས་གསུམ་གྱི་སྦས་པ་བསྟན་ནས། གཉིས་པ་འདོད་ཆགས་ཆོས་ཀྱི་སྦས་པ་ནི། བྷ། རོལ་པས་དགའ་བ་གང་ཡིན་པའི། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས། །དེ་ནི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག །ཅེས་ཏེ། ཨ་བྷན་ཏི་ན་རོལ་པ་སྟེ། འདོད་ཡོན་ལྔའམ་དབང་པོ་གཉིས་སྦྱོར་བའི་རོལ་པས་དགའ་བ་གང་ཡིན་པ་ལ་སྤྱོད་པའི་ཚེ་ན། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་བཅུ་པོ་དེ་ནི། ཕྱི་རོལ་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་ངོ་བོ་རུ་བཀོད་པ་དེ་བཞིན་དུ། སྐབས་འདིར། དཔུང་པ་ལ་སོགས་པའི་ཡན་ལག་བཅུ་རྣམས་སུ་བཏགས་ཤིང་བསྒོམ་པར་བྱའོ། །འདི་ནི་ཤིན་ཏུ་རྣལ་འབྱོར་གྱི་དུས་སུ་ས་བོན་རྣམས་ལུས་ལ་འགོད་པ་དང་། ཕྱག་རྒྱ་འདུ་བྱ་བའི་དུས་སུ་ཕྱག་རྒྱའི་ལུས་ལ་ཁྲོ་མོ་བཅུ་འགོད་པའི་དོན་ཡིན་པས་འདོད་ཆགས་ཆོས་སྦས་སྟོན་ནོ། །གསུམ་པ་ཀུན་རྫོབ་སྒྱུ་མའི་སྦས་པ་ལ་ལྔ་སྟེ། སྒྱུ་ལུས་ཀྱི་ངོ་བོ་དང་། སྒྲུབ་པ་དང་། དེ་དང་འབྲེལ་བའི་སྤྱོད་པ་དང་། སྒྱུ་མས་ཁྱབ་པ་དང་། སྒྱུ་མ་རྟོགས་པའི་ཕན་ཡོན་ནོ། །དང་པོ་སྒྱུ་ལུས་ཀྱི་ངོ་བོ་ནི། ཀ སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་ཏེ། ཀ་ཡ་ཏྲི་ན། སྐུ་གསུམ་ཞེས་ཏེ། ལམ་གྱི་སྐབས་ཀྱི་སྐུ་གསུམ་དག་ནི་དབེན་གསུམ་སྤྲུལ་སྐུ་དང་། སྒྱུ་མ་ལོངས་སྐུ་དང་། འོད་གསལ་ཆོས་སྐུ་རྣམས་ཐ་དད་པར་རིམ་གྱིས་ཉམས་སུ་བླང་བར་བྱ་བར། སྐྱོབ་པ་ཡིས་ནི་ཡང་དག་བསྟན་ལ། རྫོགས་པའི་རིམ་པ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྦྱོར་བ་ཡིས་སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་གཅིག་ཏུ་ཡང་ནི་འགྱུར་བ་ཡིན་ནོ། །སྒྱུ་ལུས་ཀྱི་སྐབས་སུ་ཟུང་འཇུག་བཤད་པ་འགལ་ལོ་ཞེ་ན། འོད་གསལ་གྱིས་སྦྱངས་མ་སྦྱངས་ཀྱི་ཁྱད་པར་ཡོད་ཀྱང་། སྐུའི་རྣམ་པ་ལ་ཁྱད་པར་མེད་པས་མི་འགལ་ལོ་ཞེས་བསྟན་པ་ནི། ཡ། གང་ཞིག་སངས་རྒྱས་སྐུ་མཚན་ཉིད། །ཀུན་རྫོབ་བདེན་པ་གསུང་པ་ནི། །དེ་ཉིད་རྫོགས་པའི་སྦྱོར་གྱུར་པས། །འོད་གསལ་བས་ནི་རྣམ་དག་འགྱུར། །ཞེས་ཏེ། ཡ་སྱ་ཏྃ། ཞེས་གང་ཞིག་སྟེ། ཟུང་འཇུག་གང་ཞིག་སངས་རྒྱས་ཀྱི་སྐུ་གསུམ་དབྱེར་མེད་པའི་མཚན་ཉིད་ཅན་ཏེ། ཀུན་རྫོབ་བདེན་པ་སྒྱུ་ལུས་འཆད་པའི་སྐབས་སུ་གསུངས་པ་ནི་མི་འགལ་ཏེ། ཀུན་རྫོབ་སྒྱུ་ལུས་དེ་ཉིད་རྫོགས་པ་ཟུང་འཇུག་དེའི་སྦྱོར་བས་ཏེ། རྒྱུར་གྱུར་པ་ཡིན་པས་ན། འབྲས་བུ་དག་པའི་སྒྱུ་ལུས་ཀྱིས་མཚོན་ནས། རྒྱུ་མ་དག་པའི་སྒྱུ་ལུས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཟུང་འཇུག་གི་རྒྱུ་ཡིན་ཞེ་ན། ཀུན་རྫོབ་མ་དག་པའི་སྒྱུ་ལུས་དེ་འོད་གསལ་གྱི་མེས་སྦྱངས་ཏེ། སྒྱུར་འཛིན་གྱི་དྲི་མ་རྣམ་པར་དག་པར་བྱས་པ་ན། ཟུང་འཇུག་དག་པའི་སྒྱུ་ལུས་སུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་མ་དག་པའི་སྒྱུ་ལུས་སྦྱངས་པས་ཟུང་འཇུག་དག་པའི་སྒྱུ་ལུས་སུ་འགྱུར་ཞེ་ན། ར། བདག་བྱིན་རླབས་ཆེན་མ་གཏོགས་པ། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་དག་པའོ། །རཏྣ་རིན་ཆེན་ཏེ། རྡོ་རྗེ་འཆང་ཆེན་པོའི་གཟུགས་བརྙན་མེ་ལོང་གི་ནང་དུ་ཤར་བ་ལྟ་བུའི་བདག་བྱིན་རླབས་ཆེན་ཏེ། ཀུན་རྫོབ་སྒྱུ་མའི་སྐུ་ཡི་རྣམ་པ་མ་གཏོགས་པ་རིན་ཆེན་ཏེ་ཡེ་ཤེས་ཀྱི་སྐུའི་རྣམ་པ་གཞན་དག་ཟུང་འཇུག་གི་སྐབས་འདིར་ན་མེད་དོ། །
འོ་ན་ཁྱད་པར་གཏན་མེད་དམ་ཞེ་ན། དཔེར་ན་མེ་ཡིས་སྦྱངས་པའི་གནས་སྐབས་ན་ནོར་བུ་སྟེ་གསེར་གཡའ་མེད་ལ། མ་སྦྱངས་པའི་གནས་སྐབས་སུ་གཡའ་དང་བཅས་པ་ཡིན་ཀྱང་། གནས་སྐབས་ཐམས་ཅད་དུ་ངོ་བོ་ལ་ཁྱད་པར་མེད་པ་བཞིན་དུ་སྒྱུ་ལུས་དེ་ལ་རང་བཞིན་འོད་གསལ་གྱི་མེས་སྒྱུར་འཛིན་གྱི་དྲི་མ་རྣམ་པར་དག་པར་བྱས་པ་ན་ཟུང་འཇུག་དག་པའི་སྒྱུ་ལུས་སུ་བཞག་ལ། འོད་གསལ་གྱིས་མ་སྦྱངས་པ་ན། སྒྱུར་འཛིན་གྱི་དྲི་མ་ཡོད་པས་མ་དག་པའི་སྒྱུ་ལུས་སུ་བཞག་ཀྱང་། གཉིས་ཀ་ཡང་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་སྐུའི་རྣམ་པར་ཁྱད་པར་མེད་དོ། །
གཉིས་པ་སྒྱུ་ལུས་ཀྱི་སྒྲུབ་པ་བསྟན་པ་ནི། ཝག ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོའི་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཞེས་ཏེ། དེ་ལྟ་བུའི་སྒྱུ་མ་ལྟ་བུའི་སྐུ་དེ་རྒྱུ་གང་ལས་གྲུབ་པ་ཡིན་ཞེ་ན། ཝག་བེ་ཏྲེ་ན། ཞེས་པ་ཚིག་གི་ལམ་སྟེ། ངག་ཐམས་ཅད་ཀྱི་རྩ་བ་བྱེད་པས་ན་ཚིག་གི་ལམ་ནི་རླུང་ངོ་། །རླུང་དེའི་ཡུལ་ནི་རྣམ་ཤེས་ཏེ། རླུང་དང་རྣམ་ཤེས་འདི་ཉིད་ཙམ་ལས། གཙོ་བོ་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་འོད་ཟེར་ལྔས་བརྒྱན་པའི་འཇའ་ཚོན་བཞིན་དུ་སྣང་ཞིང་བསྐྱེད་པ་ཡིན་ནོ། །དགོས་པ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་ཏེ། འོད་གསལ་ལས་ཟུང་འཇུག་དག་པའི་སྒྱུ་ལུས་སུ་བཞེངས་ཏེ། གང་ལ་གང་འདུལ་གྱི་སྤྲུལ་སྐུར་བསྒྱུར་ནས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །གསུམ་པ་དེ་དང་འབྲེལ་བའི་སྤྱོད་པ་ལ་གསུམ་སྟེ། དུས་དང་། ཆོ་ག་དང་། ཕན་ཡོན་ནོ། །དང་པོ་དུས་ནི། ཏྱ། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་རྣམ་སྤངས་ནས། །རྡོ་རྗེའི་སྐུ་ཉིད་ཐོབ་པར་འགྱུར། །ཞེས་ཏེ། ཏྱད་ཏ་ན། ཞེས་པ་རང་བཞིན་སྣང་བ་སྟེ། འོད་གསལ་མངོན་སུམ་དུ་བྱས་པས་རང་བཞིན་རྣམས་གློ་བུར་བ་ཉིད་ཀྱིས་སེམས་སྣང་བ་གསུམ་ལ་མ་གོས་པའི་དབྱེ་བ་ཤེས་ནས་སམ་ཡང་ན་རང་བཞིན་བརྒྱད་ཅུའི་རྩ་བ་སེམས་སྣང་བ་གསུམ་གྱི་དབྱེ་བ་ལ་བསླབ་པ་མཐར་ཕྱིན་ཅིང་ཤེས་ནས། ཀུན་རྫོབ་སྒྱུ་མའི་སྐུར་བཞེངས་པའི་རྗེས་ཐོགས་དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། ལས་ཀྱིས་བསྐྱེད་པའི་ཐ་མལ་པའི་ལུས་ཡོངས་སུ་སྤངས་ནས། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མི་འཇིགས་པའི་རྡོ་རྗེའི་སྐུ་ནི་འཐོབ་པར་འགྱུར་རོ། །
གཉིས་པ་སྤྱོད་པ་ལ་ཇི་ལྟར་བསླབ་པའི་ཆོ་ག་ནི། ཧྲི། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། །དོན་སྤྱོད་བཞག་ནས་དེ་བཞིན་གཤེགས། །ཀུན་རྫོབ་ཏུ་ནི་སྐུ་སྤྲུལ་ནས། །ཇི་ལྟ་ཇི་ལྟར་འདོད་པར་སྤྱོད། །ཅེས་ཏེ། སྤྱོད་པ་དེ་ཡང་བྱ་བའི་ཁྱད་པར་ཇི་ལྟ་བུ་ཞིག་གིས་བྱ་ཞེ་ན། ཧྲིད། ཞེས་པ་ཐུགས་ཏེ། སྤྱོད་པ་སློབ་པ་པོའི་ཐུགས་ཞི་སོགས་ཀྱི་དོན་བྱའོ་སྙམ་པ་འཇིག་རྟེན་པའི་དོན་སྤྱོད་བཞག་ནས་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པའི་འདྲ་འབག་དུ་བཞུགས་ཏེ། ཀུན་རྫོབ་བཅོས་མའི་སྐུར་སྤྲུལ་པ་སྟེ་བསྒྱུར་ནས། ལོངས་སྤྱོད་ཆེ་ཆུང་གི་བྱེ་བྲག་གིས་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྒོ་ནས། ཇི་ལྟ་ཇི་ལྟར་འདོད་པར་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའོ། །བསམ་པ་གང་གིས་འདོད་ཡོན་ལ་ལོངས་སྤྱོད་ཅེ་ན། ཡ། རྣལ་འབྱོར་དབང་པོ་གང་གང་འདོད། །དེ་དེ་ཐོགས་པ་མེད་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །ཞེས་ཏེ། ཡོ་ག་ནི་རྣལ་འབྱོར་ཏེ། སྤྱོད་པ་བྱེད་པའི་རྣལ་འབྱོར་དབང་པོ་འདོད་ཡོན་གང་དང་གང་ལ་སྤྱོད་པར་འདོད་པ་དེ་དང་དེ་ལ། ངོ་བོ་ཉིད་ཞེས་པའི་སྒོ་ནས་ཐོགས་པ་དང་ཞེན་པ་མེད་པར་སྤྱད་པར་བྱ་སྟེ། དེ་ལྟར་སྤྱད་ན་མཉམ་པར་མ་བཞག་པ་འདོད་ཡོན་ལ་ལོངས་སྤྱོད་པའི་རྣལ་འབྱོར་གྱིས་ཀྱང་རྟག་ཏུ་མཉམ་པར་འཇོག་པར་འགྱུར་རོ། །འོ་ན་ཕར་ཕྱིན་ཐེག་པ་ལས། འདོད་ཡོན་ལྔ་ནི་དུག་གི་ལོ་མ་ལྟར་ངན་སོང་གསུམ་གྱི་རྒྱུར་བཤད་པ་དང་། འདིར་འདོད་ཡོན་བསྟེན་པ་ཐར་པའི་ལམ་དུ་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། གང་ཟག་དབང་པོ་རྟུལ་པོས་ཐ་མལ་པའི་ཆགས་ཞེན་གྱིས་འདོད་ཡོན་ལ་སྤྱད་ན་ངན་སོང་གི་རྒྱུར་འགྱུར་བ་ལ་དགོངས་ནས། ཕར་ཕྱིན་ཐེག་པར་འདོད་ཡོན་སྤོང་བར་གསུངས་ལ། དབང་པོ་རྣོན་པོས་ཐ་མལ་པའི་རྣམ་རྟོག་སྤངས་ཏེ། རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལ་ལོངས་སྤྱད་པས་ཐར་པའི་རྒྱུར་གསུངས་པ་མི་འགལ་ལོ་ཞེས་སྟོན་པ་ནི། ཤིད། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཞེས་ཏེ། ཤི་ཏ་ན་བཀག་པ་བྱེད་ཅེས་པ་སྟེ། སྔགས་ཀྱི་ཐེག་པ་འདིར་ནི་ཕ་རོལ་ཏུ་ཕྱིན་པར་བཀག་པ་འདོད་ཡོན་དག་ཀྱང་ཅི་དགར་ལོངས་སྤྱོད་པར་བྱེད་པས་ན། འདི་ནི་བྱའོ། །འདི་ནི་བྱ་བ་མ་ཡིན་ནོ་ཞེས་པའི་བླང་དོར་གྱི་རྣམ་རྟོག་སྤངས་ཏེ། འདོད་ཡོན་གྱི་ངོ་བོ་ཉིད་ལྷ་དང་སེམས་གསུམ་དང་། སྟོང་པའི་རང་བཞིན་དུ་ཤེས་པའི་སྒོ་ནས་སྤྱད་ན་ཉེས་པས་གོས་པར་མི་འགྱུར་ཏེ། པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མི་གོས་པ་བཞིན་ནོ། །འདོད་ཡོན་ལ་སྤྱད་པས་ཉེས་པས་མི་གོས་པའི་འཐད་པ་གཞན་བསྟན་པ་ནི། ཧ། རྒོད་དང་རྩེད་མོར་བྱེད་པ་དང་། གར་གྱི་རོ་དགུར་ལྡན་པ་དང་། །སྔགས་དང་ཕྱག་རྒྱའི་རྣམ་རྟོག་པ། །རྡོ་རྗེ་སེམས་དཔའི་སྤྱོད་པའོ། །ཞེས་ཏེ། ཧ་ས་ན་རྒོད་པ་སྟེ། གང་གི་ཚེ་རྣལ་འབྱོར་པ་སྤྱོད་པ་བྱེད་པའི་ཚེ་རྒོད་པ་དང་། རྩེད་མོ་བྱེད་པ་དང་། གར་གྱི་རོ་དགུ་དང་ལྡན་པས་མན་ངག་གི་བརྡ་དང་། ཕྱག་རྒྱ་ལུས་ཀྱི་བརྡ་ལ་སོགས་པའི་སྒོ་ནས་ཐ་མའི་རྣམ་རྟོག་སྤངས་ཏེ་ངོ་བོ་ཉིད་ཤེས་པའི་སྒོ་ནས་འདོད་ཡོན་ལ་ལོངས་སྤྱོད་པ་ནི། རྡོ་རྗེ་སེམས་དཔའི་སྤྱོད་པ་ཡིན་པས་སམ། རྡོ་རྗེ་སེམས་དཔའ་ཐོབ་པར་བྱེད་པའི་སྤྱོད་པ་ཡིན་པས་ཉེས་པས་གོས་པར་མི་འགྱུར་རོ། །གསུམ་པ་སྤྱོད་པའི་ཕན་ཡོན་བསྟན་པ་ནི། ད། ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །འདོད་པ་ཐམས་ཅད་སྟེར་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང་། །སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར། །ཞེས་ཏེ། ད་ཏི་ན་སྟེར་བའོ། །ངོ་བོ་ཉིད་ཤེས་པའི་སྒོ་ནས་འདོད་ཡོན་ལ་ལོངས་སྤྱོད་པ་འདིས་ནི་ཡིད་བཞིན་ནོར་བུ་བཞིན་དུ་ཕྲིན་ལས་བཞི་དང་། གྲུབ་ཆེན་བརྒྱད་ལ་སོགས་པ་འཇིག་རྟེན་པའི་འདོད་པ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བར་འགྱུར་ལ། དེར་མ་ཟད་སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་འདི་ཉིད་ལ་སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་བསྡུས་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འདོད་ཀྱང་ནི་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཅེས་གསུངས་པ་ལྟར་རོ། །བཞི་པ་སྒྱུ་མས་ཁྱབ་པར་བསྟན་པ་ནི། ཛེ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་བདག་ཀུན་ལས་རྣམ་པར་རོལ། །སངས་རྒྱས་མཛད་པ་བྱེད་བཞིན་དུ། །གཏན་ལ་ཕབ་པའི་གཞི་ལ་གནས། །ཞེས་ཏེ། སྒྱུ་ལུས་བསྒོམ་པའི་ཚེ་བདག་ཉིད་གཅིག་པུ་སྒྱུ་མར་བསྒོམ་མམ་ཞེ་ན། མ་ཡིན་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་བསྒོམ་ཞེས་པ་ནི། ཛེ་ན་བ་སྟེ་རོལ་ཅེས་པའོ། །བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། ཕྱི་ནང་གི་དངོས་པོའི་བདག་ཉིད་ཀུན་ལ་ཡང་སྒྱུ་མས་ཁྱབ་པར་རྣམ་པར་རོལ་ལོ། །དེས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ནི། ཇི་ལྟར་སངས་རྒྱས་དག་པའི་སྒྱུ་ལུས་ལ་གནས་ནས་ཞི་སོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་བཞིན་དུ། དངོས་པོ་ཐམས་ཅད་སྒྱུ་མར་གཏན་ལ་ཕབ་པའི་གཞི་ལ་གནས་ནས་ཞི་སོགས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །དེར་མ་ཟད་ལམ་ཐམས་ཅད་ཀྱང་སྒྱུ་མའི་བདག་ཉིད་དུ་བསྟན་པ་ནི། ཡོ། རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོར་རང་ཉིད་འགྱུར། །ཅེས་ཏེ། ཡོ་ག་རྣལ་འབྱོར་ཏེ། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ལྷག་པས་ཏེ་ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་ལ་ཡང་སྒྱུ་མའི་སྐུ་རང་ཉིད་ཀྱིས་ཁྱབ་པར་གནས་སོ། །དེར་མ་ཟད་ལྷ་རྣམས་ལ་ཡང་སྒྱུ་ལུས་ཀྱི་ཁྱབ་པར་བསྟན་པ་ནི། རྡོ་རྗེ་ཅན་དང་མཁའ་འགྲོ་དང་། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཅེས་ཏེ། རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་ལྔའོ། །མཁའ་འགྲོ་ནི་རིག་མ་ལྷ་མོ་རྣམས་སོ། །རྣལ་འབྱོར་ནི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཏེ། དེ་ལྟ་བུའི་ལྷའི་དཀྱིལ་འཁོར་རྣམས་ལ་ཡང་སྒྱུ་མའི་སྐུ་རང་ཉིད་ཁྱབ་པར་གནས་སོ། །ལྔ་པ་སྒྱུ་ལུས་རྟོགས་པའི་ཕན་ཡོན་ནི། བྷ། ཡོན་ཏན་བརྒྱད་དང་ཉེར་ལྡ་པས། །སེམས་ཅན་ཐམས་ཅད་རིག་འགྱུར་ཞིང་། །འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །ཅེས་ཏེ། སྒྱུ་ལུས་བསྒོམས་པས་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། བྷ་དྷ་སྟེ་ལྡན་པ་ཞེས་ཏེ། སྒྱུ་ལུས་འོད་གསལ་གྱི་མེས་སྦྱངས་ཏེ། དག་པའི་སྒྱུ་ལུས་མངོན་དུ་གྱུར་པ་ན། གཟུགས་ཕྲ་བ་དང་རེག་པ་ཡང་བ་ལ་སོགས་པ་འཇིག་རྟེན་པའི་དབང་ཕྱུག་བརྒྱད་དང་། སྐུའི་དབང་ཕྱུག་སོགས་འཇིག་རྟེན་ལས་འདས་པའི་དབང་ཕྱུག་བརྒྱད་དང་ཉེ་བར་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་ནི་ཇི་ལྟ་བ་བཞིན་དུ་རིག་པར་འགྱུར་ཞིང་། དེའི་སྟོབས་ཀྱིས་སྐལ་བ་དང་འཚམ་པར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དག་པ་དང་། མ་དག་པའི་འཇིག་རྟེན་གྱི་ཁམས་མ་ལུས་པར་བདག་ཉིད་ཡེ་ཤེས་ཀྱི་ལུས་ཀྱིས་རྒྱུ་ཞིང་སྤྱོད་དོ། །འོ་ན་ཡེ་ཤེས་ཀྱི་ལུས་ཅན་གྱི་རྣལ་འབྱོར་པ་དེ། གནས་གང་དུ་གནས་ཤིང་ཡུལ་གང་ལ་ལོངས་སྤྱོད་ཅེ་ན། གེ གཙོ་བོ་གང་དུ་རྒྱུ་བ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་རོལ། །ཅེས་ཏེ། གེ་ཧ་ད་ཏ་ན་ཞེས་པ་ཁྱིམ་སྟེ་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཅན་དེ། གང་དུ་རྒྱུ་ཞིང་གནས་པ་དེའི་ཁྱིམ་ནི་ནམ་མཁའ་ཉིད་ལ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དུ་གནས་ཤིང་། གང་ལ་ལོངས་སྤྱོད་པའི་ཡུལ་ནི། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་ཅན་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙོམས་འཇུག་དང་། ཏིང་ངེ་འཛིན་གྱི་བདེ་བ་ལས་འདས་ཏེ། ཡེ་ཤེས་ཀྱི་རིག་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཟག་པ་མེད་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ནམ་མཁའ་དེ་ཉིད་དུ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྟག་ཏུ་རོལ་ལོ། །དེ་ལྟར་སྦས་པ་གསུམ་རྒྱས་པར་བཤད་ནས་མཇུག་བསྡུ་བ་ནི། འགྲེལ་ཆེན་དཔལ་ལྡན་འདུས་པ་ཡོངས་གསལ་བའི། །བཞུགས་པའི་ཚིག་དོན་འདི་དག་ནི། །རྡོ་རྗེ་ཕྲེང་བའི་རྗེས་འབྲངས་ནས། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །ཞེས་ཏེ། དཔལ་ལྡན་འདུས་པའི་བཞུགས་པའི་ཚིག་དོན་ཡོངས་སུ་གསལ་བར་བྱེད་པའི་ཚིགས་སུ་བཅད་པ་བཞི་བཅུ་པོ་འདི་དག་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། འཇམ་དཔལ་དབྱངས་ཀྱི་མཚན་ཅན་གྱིས་རྡོ་རྗེ་འཆང་ཆེན་པོས་བཤད་པ་ཡིན་ནོ། །དེ་ལྟར་སྦས་དོན་བཤད་ནས་བཞི་པ་བཞུགས་པའི་ཚིག་དེ་ཉིད། དགོངས་པ་ལུང་སྟོན་གྱི་ལུང་གིས་མཐར་ཐུག་དུ་བཤད་པ་ནི། དེ་ཉིད་འདི་སྐད་བདག་གི་ཐོས། །གསལ་བ་འགའ་ཞིག་དུས་ཡིན་ཏེ། །རྡོ་རྗེ་གསང་དབང་བཅོམ་ལྡན་འདས། །རྡོ་རྗེ་དམ་ཚིག་གསུམ་གྱི་མཆོག །ཡེ་ཤེས་དེ་བཞིན་གཤེགས་པ་ཀུན། །ཡེ་ཤེས་ཕུན་ཚོགས་བསམ་མི་ཁྱབ། །ཡོད་མེད་གཉིས་ཀ་ལས་འདས་པའི། །གནས་མེད་གནས་པ་ཞེས་བྱའོ། །ནམ་མཁའི་རང་བཞིན་འདི་ལ་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ། །འགྲོ་སྙིང་རྣམ་དག་ཅེས་བྱ་ལ། །ཐུབ་པ་ཆེན་པོ་བཞུགས་པར་མཛད། །ཅེས་ཏེ། དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནི། ཚིག་རྐང་པ་དང་པོ་གཉིས་ཀྱིས་བསྟན་ཏེ། འདི་ལྟར་ཟུང་འཇུག་གི་ཡེ་ཤེས་དེ་ནི་མི་བསླུ་བས་ན་དེ་ཁོ་ན་ཉིད་ཅེས་བྱ་སྟེ། དེ་ནི་འདི་སྐད་དམ་ཨེ་ཝཾ་ཞེས་པས་བསྟན་ཏོ། །ཟུང་འཇུག་དེ་མངོན་དུ་གྱུར་པ་ནི། བདག་གིས་ཐོས་ཞེས་པས་བསྟན་ཏེ། དུས་ནམ་གྱི་ཚེ་མངོན་དུ་གྱུར་ཞེ་ན། གསལ་བ་འགའ་ཞིག་ནི་འོད་གསལ་ཡིན་ལ། འོད་གསལ་མཐར་ཕྱིན་པའི་དུས་གཅིག་ན་མངོན་དུ་གྱུར་ཅེས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་པ་ནི། རྡོ་རྗེ་གསང་དབང་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་འཆད་དོ། །དེ་དག་གིས་ནི་ཟུང་འཇུག་གི་སྐུ་དེ་རྒྱུ་གང་ལས་བྱུང་ཞེ་ན། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་བྱུང་ཞེས་སྟོན་ཏེ། གསང་དབང་ནི་རླུང་སྟེ། གསང་བ་ནི་སེམས་ཡིན་ལ། དེ་ལ་དབང་བསྐུར་བའི་ཕྱིར་རོ། །རླུང་དེ་ཉིད་མི་ཟློག་པར་འབྱུང་བས་ན་རྡོ་རྗེ་ཞེས་བྱའོ། །དེ་ལྟ་བུའི་རླུང་དེ་ཉིད་བཅོམ་ལྡན་འདས་ཞེས་པས་བསྟན་ཏོ། །འོད་གསལ་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་དང་། འདའ་བར་མི་བྱ་བས་ན་དམ་ཚིག་སྟེ། དེ་ལས་བྱུང་བའི་ལུགས་ལྡོག་གི་སྣང་བ་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་པས་བསྟན་ཏོ། །བཤད་མ་ཐག་པ་དེ་ལྟ་བུའི་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་སྐུ་དེ་འབྱུང་ངོ་། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པས་བསྟན་ཏོ། །ཅིའི་ཕྱིར་ཟུང་འཇུག་གི་སྐུ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བྱ་ཞེ་ན། དེ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་ནི། ཡོད་མེད་གཉིས་ཀ་ལས་འདས་ཞེས་སོགས་ཚིགས་བཅད་ལྷག་མས་སྟོན་ནོ། །དེ་ལ་བཞུགས་ཅེས་དྲངས། སུ་ཞིག་ན། ཐུབ་པ་ཆེན་པོ་རྡོ་རྗེ་འཆང་ངོ་། །
གང་ལ་ཞེ་ན། འགྲོ་སྙིང་རྣམ་དག་ཅེས་བྱ་ལ་ཞེས་ཏེ། འགྲོ་བ་ནི་སེམས་ཅན་རྣམས་སོ། །དེའི་སྙིང་ནི་གཟུང་འཛིན་དུ་སྣང་བའི་སེམས་ཏེ། དེ་རྣམ་པར་དག་པའི་འོད་གསལ་ལ་བཞུགས་ཅེས་པའོ། །དེ་ནི་བཙུན་མོའི་བྷ་ག་ཞེས་པས་བསྟན་ཏོ། །འོད་གསལ་ལམ་བྷ་ག་དེ་ལ་ཚུལ་ཇི་ལྟར་བཞུགས་ཞེ་ན། སྤྲོས་པ་དང་བྲལ་བའི་ནམ་མཁའི་རང་བཞིན་གྱི་འོད་གསལ་འདི་ལ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་བརྟག་ན་མ་གྲུབ་པས་ཡོད་པ་ལས་འདས་ལ། འཇའ་ཚོན་ལྟར་སྣང་བ་ཙམ་དུ་གྲུབ་པས་མེད་པ་ལས་འདས་ཤིང་། ཡོད་མེད་གཉིས་ཀར་མ་གྲུབ་པས་གཉིས་ཀ་ལས་འདས་ཏེ། གནས་པ་མེད་པའི་ཚུལ་གྱིས་གནས་པའམ། བཞུགས་པ་ཞེས་བྱའོ། །འདིས་ནི་འོད་གསལ་དང་ཟུང་འཇུག་གཉིས་ཀ་བསྟན་པས་ན་མཐར་ཐུག་གོ །སྦས་དོན་དང་། མཐར་ཐུག་ཏུ་བཤད་པའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། དབེན་གསུམ་སྒྱུ་མ་དང་བཅས་པ་འོད་གསལ་དུ་བཅུག་ནས་ཟུང་འཇུག་ལོངས་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བ་རྫོགས་རིམ་པའི་དང་པོའི་སྦྱོར་བ་བསྟན་ཏོ། །
གཉིས་པ་འཁོར་ཕུན་སུམ་ཚོགས་པ་དྲང་ངེས་གཉིས་སུ་བཤད་པ་ལ། བསྡུས་པའི་དོན་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་བསྡུས་པའི་དོན་ནི། དྲང་དོན་དུ་བཤད་པ་ལ། སྔོན་བྱུང་ལྟར་ན། གང་དང་ལྷན་ཅིག་ཐོས་པའི་འཁོར་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཉིད་རྗེས་འཇུག་གི་མངོན་རྟོགས་ལྟར་ན་ཡུམ་གྱི་ཆོས་འབྱུང་དུ་ཆོ་ག་གསུམ་གྱིས་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་དྲང་དོན་གྱི་འབྱིན་སྔགས་ཀྱིས་ཕྱི་རོལ་དུ་སྤྲོས་ནས། སྤྱི་དང་ཁྱད་པར་གྱི་མཛད་པ་མཛད་དེ། ཚུར་བསྡུས་ནས་རང་རང་གི་གནས་སུ་བཀོད་པའི་བསྐྱེད་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །ངེས་དོན་དུ་བཤད་པས། ཡེ་ཤེས་ཀྱི་ཕྱག་རྒྱའི་ཆོས་འབྱུང་དུ་སྐད་ཅིག་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱི་རོལ་དུ་སྤྲོས་ཏེ། སྤྱི་དང་ཁྱད་པར་གྱི་མཛད་པ་མཛད་ནས། རང་རང་གི་གནས་སུ་བཀོད་པའི་ཟུང་འཇུག་གི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །དེ་ཡང་དྲང་ངེས་གཉིས་ཀྱི་ལྷ་གྲངས་དང་སྐུའི་རྣམ་པ་ལ་ཁྱད་པར་མེད་ཀྱང་། དྲང་དོན་གྱིས་ནི་བསྐྱེད་རིམ་ཀུན་བཏགས་ཀྱི་ལྷའི་འཁོར་ལོ་བསྒོམ་པ་ཡིན་ལ། ངེས་དོན་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་ཟུང་འཇུག་གི་སྐུ། ཡེ་ཤེས་དག་པའི་སྣང་ལུགས་ཉིད་ལས། ཐ་མི་དད་པའི་འཁོར་དུ་སྣང་བ་འབྱུང་བའོ། །ཡང་ན་སྟོན་པ་དང་འཁོར་ཐ་དད་དུ་བཤད་པའི་ཆ་ནས་དྲང་དོན་ཡིན་ལ། ཐ་མི་དད་དུ་བཤད་པའི་ཆ་ནས་ངེས་དོན་ཡིན་ནོ། །
གཉིས་པ་ཡན་ལག་གི་དོན་ལ་གཉིས་ཀྱི་དང་པོ་དྲང་དོན་དུ་བཤད་པ་ནི། འདི་སྐད་བདག་གིས་དུས་ཞེས་པ་གྲོགས་གང་དང་ལྷན་ཅིག་ཐོས་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་ཐོས་ཞེས་སྦྱར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི། ཆགས་བྲལ་གྱི་ལམ་གྱིས་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཏེ། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་སྨོས་ཏེ། སེམས་དཔའ་ཆེན་པོ་ནི། ངོ་བོ་ཉིད་ཤེས་པའི་སྒོ་ནས་འདོད་ཡོན་ལྔ་སྤྱད་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་དང་ཞེ་ན། གྲངས་བརྗོད་ཀྱིས་མི་ལང་ཞིང་། གཟུགས་དང་ཡོན་ཏན་ལ་སོགས་པ་ཚིག་གི་ཡུལ་ལས་འདས་པས་ཀྱང་བརྗོད་ཀྱིས་མི་ལང་བ་དང་། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའ་ིརྡུལ་ཕྲ་རབ་དང་མཉམ་པ་རྣམས་དང་ངོ་། །དེ་དག་གི་ནང་ནས། གང་གིས་ལྷའི་འཁོར་ལོ་ཡོངས་སུ་རྫོགས་པར་འགྱུར་བའི་འཁོར་གྱི་གཙོ་བོ་དེ་ཙམ་ཞིག་བསྟན་པའི་ཕྱིར། འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་དང་ཞེས་སོགས་སྨོས་ཏེ། དེ་དག་གི་ཚིག་གི་དོན་ནི་འགྲེལ་པར་གོ་སླའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། ཇི་སྐད་བཤད་པའི་འཁོར་ཕུན་སུམ་ཚོགས་པ་དེ་དག་གཙོ་བོ་ལས་ཐ་དད་པའི་རང་རྒྱུད་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་རྣམས་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡན་ལག་གི་ཆ་ཤས་སུ་གྱུར་པ་ཡིན་ཏེ། ཇི་སྐད་དུ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པའི་ཕྱིར་རོ། །འོ་ན་རང་གི་སྐུའི་ཆ་ཤས་ཀྱི་དཀྱིལ་འཁོར་བའི་ལྷར་སྤྲོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རང་གི་སྐུའི་ཆ་ཤས་རྣམས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་རྣམ་པར་སྤྲོས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུས་འདུལ་བའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར་ཡིན་ནོ། །
དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པས་མདོར་བསྟན་ནས། གཞུང་ལྷག་མས་དེ་ཉིད་རྒྱས་པར་བཤད་པ་ལ་གཉིས་ཏེ། གཟུངས་ཀྱི་དཀྱིལ་འཁོར་བསྟན་པ་དང་། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་བསྡུས་པའི་དོན་དང་། ཡན་ལག་གི་དོན་གཉིས་ཀྱི། བསྡུས་པའི་དོན་ནི། སྔོན་བྱུང་ལྟར་ན། སྟོན་པ་ཕུན་སུམ་ཚོགས་པ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པ་དེས། འདོད་པའི་ཁམས་ཀྱི་ཡུལ་ལ་ཆགས་པའི་སེམས་ཅན་རྣམས་འདོད་ཡོན་ལྔའི་སྒོ་ནས་གྲོལ་བར་བསྟན་པའི་ཕྱིར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་ཕུན་སུམ་ཚོགས་པ་དེ་དག་ཉིད་ཀྱི་ཐུགས་ཁར་བསྡུས་ནས་གཟུངས་ཀྱི་ལྷ་མོ་དགུར་སྤྲུལ་ཏེ། །དེ་དག་དང་ལྷན་ཅིག་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ཞིག་བསྟན་ཏོ། །རྗེས་འཇུག་གི་མངོན་རྟོགས་ལྟར་ན་དྲང་དོན་དུ་བཤད་པས་ནི། བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དོན་དུ་གཟུགས་ཀྱི་ལྷ་མོ་ལྔ་དང་ལྷན་ཅིག་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་སྟོན་ལ། ངེས་དོན་དུ་བཤད་པས་ནི། རྫོགས་རིམ་པས་མཆོག་གི་དངོས་གྲུབ་སྒྲུབ་པའི་དོན་དུ་གཟུངས་ཀྱི་ལྷ་མོ་ལྔ་དང་ལྷན་ཅིག་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་བསྟན་ཏོ། །ཞེས་བླ་མ་གོང་མ་འགོས་སྡོག་དག་བཞེད་དོ། །གཞན་དག་ནི་གཟུངས་ཀྱི་དཀྱིལ་འཁོར་ནི་སྔོན་བྱུང་སྟོན་པའི་རྣམ་ཐར་ཙམ་མ་གཏོགས་རྗེས་འཇུག་གི་མངོན་རྟོགས་ལ་སྦྱར་དུ་མེད་དོ་ཞེས་འཆད་དོ། །ཅིའི་ཕྱིར་གཟུངས་ཀྱི་དཀྱིལ་འཁོར་ཞེས་བྱ་ཞེ་ན། འཁོར་ལྷ་མོ་ཁོ་ནས་བསྐོར་བས་ན་གཟུངས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །
གཉིས་པ་ཡན་ལག་གི་དོན་ལ་གཉིས་ཀྱི་དང་པོ་དྲང་དོན་ནི། ཞུགས་པར་མཛད་དོ་ཞེས་སྦྱར་རོ། །ནམ་གྱི་ཚེ་ཞེ་ན། གླེང་གཞི་དེ་བཀོད་པ་ཕུན་སུམ་ཚོགས་པ་རྫོགས་པ་དེ་ནས་སོ། །གང་ཞིག་ཞེ་ན། དེ་བཞིན་གཤེགས་པའི་འཁོར་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་དོ། །གང་ལ་ན། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལའོ། །ཚུལ་ཇི་ལྟར་ན། རང་གི་ས་བོན་གྱི་ཡི་གེའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ནས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུའོ། །ཅི་ཞིག་མཛད་ནས་ཞེ་ན། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་གྱ་ནོམ་ལྷའི་རྣམ་པ་ཅན་གྱི་འདོད་ཆགས་འདུ་ཤེས་གསུམ་ཀྱིས་ཐ་མལ་པའི་འདོད་ཆགས་སྤང་བའི་ཕྱིར། ཆགས་བྲལ་གྱི་སྐུ་སྤངས་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ཆགས་ཅན་གྱི་གདུལ་བྱ་སྨིན་ཅིང་གྲོལ་བར་བྱ་བའི་དོན་དུ་ཡུལ་རྣམས་ལ་ཆགས་པར་མཛད་པ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་སྐུ་ལ་ཞུགས་པ་དེ་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མངོན་པར་བྱུང་བར་གྱུར་ཏེ་ཞེས་སྦྱར་རོ། །གང་ལས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་སོ། །ཚུལ་ཇི་ལྟར་ན། ཉིད་ཀྱི་སྐུ་སྔར་སྐྱེས་པའི་རྣམ་པར་ཡོད་པ་སྤངས་ནས། ལྷའི་བུ་མོའི་རྣམ་པ་ཅན་གྱི་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་སོ། །དགོངས་པ་ཅིའི་ཕྱིར་དུ་ཞེ་ན། བཅོམ་ལྡན་མཆོག་ཏུ་དགའ་བའི་བདེ་བས་ཡོངས་སུ་མཉེས་ཤིང་ཚིམ་པར་བྱ་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ལ་ལ་ནི་སངས་རྒྱས་སྤྱན་ལྟ་བུའོ་ཞེས་སོགས་ཏེ་གོ་སླའོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་རིམ་གྱིས་རྣམ་པར་དག་པའི་གནས་འོད་གསལ་མངོན་སུམ་དུ་བྱའོ་སྙམ་དུ་ཐུགས་རྩེ་གཅིག་ཏུ་མཛད་ནས། དེ་བཞིན་གཤེགས་པའི་འཁོར་དེ་དག་རང་ལས་བརྒྱུད་ཐ་དད་པའི་ཕི་རོལ་དུ་ཞེན་པ་སྤངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་ཡོངས་སུ་སྒྲུབ་པའི་སྐུ་བདག་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་པའོ། །གཞུང་ལྷག་མས་བཤད་པ་ནི་སྔ་མ་བཞིན་ནོ། །གཉིས་པ། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་ལ་གཉིས་ཏེ། བསྡུས་པའི་དོན་ནི། སྔོན་བྱུང་ལྟར་ན། རྒྱུད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིག་པའི་དབང་བསྐུར་བའི་ཕྱིར། ལྷ་བཅུ་གསུམ་གྱི་རང་བཞིན་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་སྤྲུལ་པ་གཅིག་སྟོན་ལ། རྗེས་འཇུག་གི་མངོན་རྟོགས་ལྟར་ན། དྲང་དོན་དུ་བཤད་པས་ནི་བསྐྱེད་རིམ་པའི་གཞལ་ཡས་ཁང་བསྐྱེད་པ་ནས། དཀྱིལ་འཁོར་རྒྱལ་མཆོག་གི་བར་སྒྲུབ་ཐབས་རྫོགས་པར་སྟོན་ལ། ངེས་དོན་གྱིས་ནི་རྫོགས་རིམ་པའི་སྒྲུབ་ཐབས་རྫོགས་པར་བསྟན་ཏོ། །རྗེ་འགོས་དང་སྡོག་བླ་མ་སྔ་མ་དག་དྲང་དོན་གྱི་བསྐྱེད་རིམ་པས་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བསྡུས་པའི་དཀྱིལ་འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་དང་ལྷན་ཅིག་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པར་སྟོན་ལ། ངེས་དོན་གྱི་རྫོགས་རིམ་པས། མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྡུས་པའི་དཀྱིལ་འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་དང་ལྷན་ཅིག་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་བསྟན་ཏོ་ཞེས་འཆད་དོ། །ཅིའི་ཕྱིར་མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་ཞེས་བྱ་ཞེ་ན། མི་བསྐྱོད་པ་དཀྱིལ་འཁོར་གྱི་གཙོ་བོར་ཡོད་ཅིང་། དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་གཉིས་ལྷ་བཅུ་གསུམ་དུ་བསྡུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །འོ་ན་དེ་བཞིན་གཤེགས་པ་ལྔ་ལས་མི་བསྐྱོད་པ་ཁོ་ན་འདིར་དཀྱིལ་འཁོར་གྱི་གཙོ་བོར་འཇོག་པ་ཅི་ཞེ་ན། གཞིའི་སྐབས་སུ་སེམས་ཅན་གྱི་རྒྱུད་འདིར་ཕུང་པོ་ལྔའི་ནང་ནས་སེམས་ཉིད་གཙོ་བོ་སྟེ། ཇི་སྐད་དུ། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། །ཡིད་གཙོ་ཡིད་ཀྱི་འགྲོས་ཅན་ཡིན། །ཞེས་གསུངས་པ་ལྟར། སྒོ་གསུམ་གྱི་ལས་ཐམས་ཅད་སེམས་སྔོན་དུ་འགྲོ་ཞིང་། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་སེམས་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུད་དུ། རྣམ་པར་ཤེས་པ་ཉིད་ཀྱི་རང་བཞིན་གྱི་མི་བསྐྱོད་པ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བཞག་ལ། ལམ་ཉམས་སུ་ལེན་པའི་ཚེ་ན་རྣལ་འབྱོར་པ་རང་གི་མེ་ཏོག་ཕོག་པའི་ལྷ་གང་ཡིན་པ་དེ་དཀྱིལ་འཁོར་གྱི་གཙོ་བོར་འགྱུར་རོ། །
གཉིས་པ་ཡན་ལག་གི་དོན་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི། དང་པོ་ལ་གཉིས་ཀྱི་དྲང་དོན་དུ་བཤད་པ་ནི། གཟུངས་དཀྱིལ་གྱི་བཀོད་པ་རྫོགས་པའི་རྗེས་ཐོགས་དེ་ནས། བྱིན་གྱིས་བརླབས་པ་སྟེ་སྤྲུལ་པར་མཛད་དོ། །ཞེས་སྦྱར། གང་གིས་ན་དེ་བཞིན་གཤེགས་པ་མི་བསྐྱོད་པས་སོ། །གང་ཞེ་ན། དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དྲི་མ་ཐམས་ཅད་དང་བྲལ་བའི་རྡུལ་མེད་པ་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །གང་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ནམ་མཁའི་དབུས་སུའོ། །དཀྱིལ་འཁོར་དེའི་ཁྱད་པར་ནི། གཞལ་ཡས་ཁང་གི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་ཤེལ་གྱི་ནང་དུ་ཆུད་པའི་གཟུགས་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མཐོང་བས་གསལ་བ་དེའི་ངོ་བོ་ཉིད་དོ། །ཨིནྜ་ནི་ལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པའི་ཁ་དོག་ཁྱད་པར་དང་ལྡན་པས་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་པའོ། །གཞལ་ཡས་ཁང་གི་ནང་ཕྱུང་བའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཁྱབ་པས་ན་སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་པའོ། །ཕྱོགས་བཅུར་ཁྲོ་བོའི་འོད་ཟེར་གྱི་ཚོགས་འབར་ཞིང་འཁྲུགས་པས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུག་པའོ། །ཟླ་བ་དང་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་རང་རང་གི་རིགས་ཀྱི་གདན་དང་ལྡན་པས་ན་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ནོ། །རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཀུན་གྱིས་རྟེན་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་གནས་སོ། །འདིས་ནི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་བསྟན་ཏོ། །གཞལ་ཡས་ཁང་བསྐྱེད་པའི་རྗེས་ཐོགས་དེ་ནས། བཞག་པར་གྱུར་ཏོ་ཞེས་སྦྱར་རོ། །སུ་ཞིག་ན། བཅོམ་ལྡན་འདས་སོ། །གང་དུ་ན། སྔར་བཤད་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུའོ། །འདིས་ནི་ལྷག་མོས་བསྒོམ་པ་བསྟན་ཏོ། །ལྷག་མོས་བསྒོམ་པའི་རྗེས་ཐོགས་དེ་ནས་ཞུགས་སོ་ཞེས་སྦྱར། གང་ལ་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཐུགས་ལའོ། །གང་ཞུགས་ན། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པའོ། །འདིས་ནི་ལྷག་མོས་ལུས་ལ་བསྡུ་བ་བསྟན་ཏོ། །གཉིས་པ་དེ་ཉིད་ངེས་དོན་དུ་བཤད་པ་ནི། བྱིན་གྱིས་བརླབས་ཏེ་འཇོག་པར་མཛད་དོ། །གང་གིས་ན། དེ་བཞིན་གཤེགས་པ་མི་བསྐྱོད་པས་ཞེས་ཏེ། མི་བསྐྱོད་པ་ནི་སེམས་གསུམ་གྱི་རང་བཞིན་གྱི་རྣམ་པར་ཤེས་པ་ཡིན་ལ། དེས་སོ། །གང་ཞིག་ཅེ་ན། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ་དེ་ཉིད་དོ། །གང་དུ་ཞེ་ན། དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞིར་ཞེས་ཏེ། འདའ་བར་མི་བྱ་བས་ན་དམ་ཚིག་ཆེན་པོ། སྙིང་པོ་ལེན་པས་ན་དཀྱིལ་འཁོར། སྒྲིབ་གཉིས་ཀྱི་དྲི་མ་མེད་པས་ན་རྡུལ་མེད་པ། ཀུན་ནས་མཉམ་པས་ན་གྲུ་བཞི་པ་སྟེ་འོད་གསལ་ལོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡིན་ལ། དེ་དག་གིས་བརྟེན་ཅིང་བཞུགས་པའི་གནས་སུ་མཛད་པའི་བཙུན་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྟོང་པ་འོད་གསལ་ཏེ། དེ་ཉིད་སངས་རྒྱས་རྣམས་བསྐྱེད་པའི་རྒྱུར་གྱུར་པས་ན་བྷ་ག་ཞེས་བྱ་སྟེ། དགོངས་པ་ལུང་སྟོན་ལས། སངས་རྒྱས་རྣམས་ཀྱིས་གང་བསྟེན་པའི། །སར་གྱུར་དེ་ནི་བཅུ་གསུམ་པ། །དེ་ནི་བཙུན་མོར་ཡང་དག་བཤད། །དག་ཆོས་བྷ་ག་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་དེ་ཡང་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཤེལ་ལྟར་རང་བཞིན་གྱིས་རྣམ་པར་དག་པས་ན་གསལ་བ། སྣང་བ་མེད་པའི་རང་བཞིན་ཡིན་པས་ན་དེའི་ངོ་བོ་ཉིད་དོ། །འོད་གསལ་ལ་འཇུག་པ་དང་ལྡང་བའི་ཚེ་རླུང་འོད་ཟེར་ལྔས་ཁྱབ་པས་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་རྒྱས་པའོ། །འོད་གསལ་དེ་ཉིད་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་ཡིན་པས་ན་སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་པའོ། །བསྲེག་ཅིང་གདུང་བར་བྱེད་པ་ཁྲོ་བོའི་འོད་ཟེར་དང་འདྲ་བའི་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཐིམ་ཞིང་འབྱུང་བའི་གནས་ཡིན་པས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུག་པའོ། །ཟླ་བའི་དཀྱིལ་འཁོར་སོགས་དང་ཆོས་མཚུངས་པའི་སྣང་མཆེད་ཐོབ་གསུམ་ཐིམ་ཞིང་འབྱུང་བའི་གནས་ཡིན་པས་ན་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ནོ། །རྡོ་རྗེ་འཆང་ཆེན་པོ་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་ཡིན་ལ། དེའི་གནས་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་གནས་སོ། །དེ་ལྟ་བུའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོད་གསལ་བ་དེར་བཞག་པར་གྱུར་ཏོ། །ཞེས་པའི་དོན་ནོ། །འདིས་ནི་སྒྱུ་ལུས་འོད་གསལ་དུ་འཇུག་པ་བསྟན་ཏོ། །འོད་གསལ་ལ་ཞུགས་པའི་རྗེས་ཐོགས་དེ་ནས་བཞག་པར་གྱུར་ཏོ། །ཞེས་སྦྱར། སུ་ཞིག་གིས་ན། བཅོམ་ལྡན་སོགས་སོ། །གང་དུ་ན། དཀྱིལ་འཁོར་ཆེན་པོའི་དབུས་སུའོ། །འདིས་ནི་འོད་གསལ་ལས་ཟུང་འཇུག་ལོངས་སྐུར་བཞེངས་པ་བསྟན་ཏོ། །ལོངས་སྐུར་བཞེངས་པའི་རྗེས་ཐོགས་དེ་ནས་ཞུགས་སོ་ཞེས་སྦྱར། གང་ལ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལའོ། །གང་ན་མི་བསྐྱོད་པ་ལ་སོགས་པའོ། །འདིས་ནི་ལོངས་སྐུ་གདུལ་བྱ་ཕལ་པ་ལ་མི་སྣང་བས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། ལོངས་སྐུ་དེ་ཉིད་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་སྤྲུལ་སྐུར་བསྒྱུར་བ་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དང་། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དང་། ཞར་བྱུང་ཆེད་དུ་བརྗོད་པ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་པ་བསྟན་པའོ། །དང་པོ་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་བསྟན་པ་ལ་གཉིས་ཀྱི། དང་པོ་བསྡུས་པའི་དོན་ནི། སྤྱི་དོན་དུ་བཤད་པས་ནི། ལྷག་མོས་མཛད་པ་དང་བཅས་པ་སྟོན་པས། སྔར་མདོར་བསྟན་དུ་དྲང་དོན་གྱི་སྐབས་སུ་ལྷག་མོས་བསྒོམ་པ་དེ་ཉིད་རྒྱས་པར་འཆད་དོ། །སྦས་དོན་དུ་བཤད་པས་དཀྱིལ་འཁོར་རྒྱལ་མཆོག་བཤད་པ་སྙོམས་འཇུག་གི་ཆོ་ག་དང་གསང་མཆོད་ཀྱི་སྙོམས་འཇུག་གི་ཆོ་ག་བསྟན་ཏོ། །མཐར་ཐུག་ཏུ་བཤད་པས་ན་སྔར་མདོར་བསྟན་ངེས་དོན་དུ་བཤད་པའི་འོད་གསལ་དེ་ཉིད་རྒྱས་པར་འཆད་དོ། །ཅིའི་ཕྱིར་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། ལྷ་རྣམས་སྐད་ཅིག་ཙམ་གྱིས་བསྐྱེད་པས། མངོན་བྱང་ལྔ་ལས་ལྷ་རྣམས་རིམ་གྱིས་བསྐྱེད་པ་ཟིལ་གྱིས་གནོན་པས་ན་དེ་སྐད་ཅེས་བྱའོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་གྱི། དང་པོ་སྤྱིའི་དོན་དུ་བཤད་པ་ནི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་རྗེས་ཐོགས་དེ་ནས། སྙོམས་པར་ཞུགས་པར་གྱུར་ཏོ་ཞེས་སྦྱར། སུ་ཞིག་ཅེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོའོ། །གང་ལ་ན་ལྷ་རྣམས་སྐད་ཅིག་ཙམ་གྱིས་བསྐྱེད་པས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་མངོན་བྱང་ལྔ་ལས་རིམ་གྱིས་བསྐྱེད་པ་ཟིལ་གྱིས་གནོན་པས་ན་ཟིལ་གནོན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལའོ། །སྙོམས་པར་ཞུགས་མ་ཐག་ཏུ་གཞལ་ཡས་ཁང་གི་ནང་གི་ནམ་མཁའི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་རིག་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་ཏེ། འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ། དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་ཏེ། རྡོ་རྗེ་སེམས་དཔའི་གོ་འཕང་ཉིད་ཐོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །གཉིས་པ་སྦས་དོན་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་སྦྱར། ཏིང་ངེ་འཛིན་ཇི་ལྟ་བུ་ལ་ཞེ་ན། ཏིང་ངེ་འཛིན་གང་གིས་ཕུང་པོ་ལ་སོགས་པའི་ངོ་བོ་རྣམས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པས་ཟིལ་གྱིས་གནོན་ཅིང་གཅིག་ཏུ་མཛད་ལ། དེ་ཉིད་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟིལ་གནོན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལའོ། །སྙོམས་པར་ཞུགས་མ་ཐག་ཏུ་ནམ་མཁའི་དབྱིངས་ཏེ། རྩ་སྦུབས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁོང་སྟོང་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་ཏེ། ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་གནས་པར་གྱུར་ཏོ་ཞེས་པའོ། །དེ་ནས་སེམས་ཅན་ཇི་སྙེད་པ་སྟེ། ཕུང་པོ་ལ་སོགས་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་ཏེ། ཐབས་ཀྱི་ཡེ་ཤེས་ཤར་བས། དེ་བཞིན་གཤེགས་པ་ཞེས་གསོལ་ལོ། །འདིས་ནི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་པ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་དང་། གསང་མཆོད་ཀྱི་དུས་སུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། འདོད་ཆགས་ཆེན་པོའི་མེས་ཁམས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་ནས་མཆོག་ཏུ་དགའ་བའ་ིབདེ་བ་མྱོང་བར་གྱུར་ཏོ། །ཞེས་བསྟན་ཏེ། འདོད་ཆགས་ཆོས་ཀྱི་སྦས་བའོ། །
གསུམ་པ་མཐར་ཐུག་ནི། སྙོམས་པར་ཞུགས་ཞེས་སྦྱར། གང་ལ་ན། ཕུང་པོ་ལྔའི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པར་མཛད་པས་ན་ཟིལ་གྱིས་གནོན་པ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་བ་འོད་གསལ་བའི་ཏིང་ངེ་འཛིན་ལའོ། །འོད་གསལ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ནམ་མཁའི་དབྱིངས་ཏེ་སྟོང་པ་ཉིད་གསུམ་པོ་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོ་སྟེ། ཐམས་ཅད་སྟོང་པ་འོད་གསལ་གྱི་ངོ་བོར་གནས་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཏེ། སྟོང་པ་ཉིད་གསུམ་ལ་གནས་པའི་སེམས་ཅན་སྟེ་ཕུང་པོ་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ་ཐམས་ཅད་སྟོང་པ་འོད་གསལ་གྱི་བྱིན་གྱིས་བརླབས་ཀྱིས་ཞེས་སོགས་སོ། །གཉིས་པ་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་གཉིས་ཀྱི། བསྡུས་པའི་དོན་ནི། དྲང་དོན་གྱིས་ནི་ལྷག་མོས་བསྒོམ་པ་སྔོན་དུ་སོང་བའི་བསྐྱེད་རིམ་པའི་རྣལ་འབྱོར་པས། རྣལ་འབྱོར་བཞི་ལས། གཙོ་བོའི་སྐུ་བསྐྱེད་པ་སྟོན་ལ། ངེས་དོན་གྱིས་ནི་རྫོགས་རིམ་པས་སྒྱུ་ལུས་འོད་གསལ་དུ་བཅུག་ནས། ལོངས་སྐུར་བཞེངས་ཏེ་སྤྲུལ་སྐུར་བསྒྱུར་བ་བསྟན་ཏོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཀྱི། དང་པོ་དྲང་དོན་བཤད་པ་ནི། ཟིལ་གནོན་རྡོ་རྗེ་ཏིང་ངེ་འཛིན་གྱི་འཇུག་ཐོགས་དེ་ནས་སྙོམས་པར་ཞུགས་པའོ། །སུ་ཞིག་ན། བཅོམ་ལྡན་འདས་ཞེས་སོ། །གང་ལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ། དེ་ཉིད་བསྐྱེད་རིམ་པ་རྣམས་ཀྱིས་འདའ་བར་མི་བྱ་བས་ན་དམ་ཚིག དེ་ལས་འབྱུང་ཞིང་སྐྱེས་པ་ནི་ལྷ་ཡི་སྐུ་ནི། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །མདོར་ན་རྣལ་འབྱོར་བཞི་ལས་བསྐྱེད་པའི་གཙོ་བོའི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ལའོ། །སྙོམས་པར་ཞུགས་པས་ཅི་ཞིག་མཛད་ཅེ་ན། བྱིན་གྱིས་བརླབས་སོ་ཞེས་སྦྱར་རོ། །གང་ཞེ་ན། རིག་པ་ཆེན་པོ་ནི་ༀ་ལ་སོགས་པའི་གསང་སྔགས་ཀྱི་ཡི་གེ་སྟེ། དེས་བསྐྱེད་པའི་སྐྱེས་བུའི་གཟུགས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འདིའོ། །གང་གིས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ༀ་ལ་སོགས་པས་བྱིན་གྱིས་བརླབས་ཀྱིས་སོ། །འདིས་ནི་མངོན་ བྱང་ལྔ་ལས། དང་པོའི་མགོན་པོ ་བསྐྱེད་པ་བསྟན་ཏོ། །བྱིན་གྱིས་བརླབས་པ་དེ་ཇི་ལྟ་བུའི་རྣམ་པར་གྱུར་ཅེ་ན། ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏེ། གདུལ་བྱ་རྣམས་ཀྱིས་གཟིགས་པ་གྱུར་ཏོ། །ཞེས་པ་སྟེ། འདིས་སྤྲུལ་སྐུ་བསྒྱུར་བ་བསྟན་ཏོ། །གཉིས་པ་ངེས་དོན་དུ་བཤད་པ་ནི་བྱིན་གྱིས་བརླབས་སོ་ཞེས་སྦྱར། གང་ན། ཆེན་པོ་མཆོག་ཏུ་ཚད་མེད་དང་། །མཁས་བརྩོན་པ་ཡི་ལས་བདག་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་པོ། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་ཏེ། ཆེན་པོའི་སྒྲ་ནི་མཆོག་ལ་ཡང་འཇུག་པས། དོན་དམ་ནི་མཆོག་ཡིན་པས། རིག་པ་ཆེན་པོ་ནི་དོན་དམ་པའི་བདེན་པའོ། །སྐྱེས་བུ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་གཉིས་དེ་དག་ལས་སྐྱེས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ནི་རིག་པ་ཆེན་པོ་སྐྱེས་བུའི་གཟུགས་ཞེས་བྱ་སྟེ་དེའོ། །ཚུལ་ཇི་ལྟར་དུ་བྱིན་གྱིས་བརླབ་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་བསྒྲུབས་པའི་བདག་ཉིད་དུ་བསྐྱེད་པའོ། །སུ་ཞིག་གིས་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོས་སོ། །ཅི་ཞིག་མཛད་ནས་ཞེ་ན། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནི་འོད་གསལ་ཡིན་ལ། དེ་ལས་འབྱུང་ཞིང་སྐྱེས་པ་ཟུང་འཇུག་གི་སྐུ་སྟེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །འདིས་འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པ་བསྟན་ཏོ། །དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ནི། བྱིན་གྱིས་བརླབས་མ་ཐག་ཏུ་ཞེས་སོགས་སྔ་མ་བཞིན་ནོ། །གཉིས་པ་ཞར་བྱུང་ཆེད་དུ་བརྗོད་པ་བསྟན་པ་ནི། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་དེ་ནས་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་དོ་ཞེས་སྦྱར། གཞན་གྱིས་མི་བསྐུལ་བ་རང་ཉིད་དགེས་བཞིན་དུ་བསྔགས་པར་བརྗོད་པ་ནི་ཆེད་དུ་བརྗོད་པའོ། །སུ་ཞིག་གིས་ཞེ་ན། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྔར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་པ་དེ་དག་སླར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ནས་ཕྱིར་སོང་སྟེའོ། །ཆེད་བརྗོད་ཀྱི་ངོ་བོ་ནི། ཨེ་མ་ཧོ་ཞེས་པ་ངོ་མཚར་བའི་ཚིག་སྟེ། རབ་ཏུ་བྱུང་བ་ངོ་མཚར་ཆེའོ་ཞེས་པའོ། །གང་ཞིག་རབ་ཏུ་བྱུང་བ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་དག་པ་དང་། མ་དག་པའི་ལྷའི་སྐུ་རྣམ་པ་གཉིས་ཏེ་དེ་དག་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རབ་ཏུ་བྱུང་བའོ། །ཅིའི་ཕྱིར་ངོ་མཚར་ཆེ་ཞེ་ན། བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཀུན་གྱི་ཐུན་མོང་མ་ཡིན་པའི་མན་ངག་ཡིན་པས། སྦས་ཞིང་གསང་བར་བྱ་བ་ཡིན་པའི་ཕྱིར་དང་། རབ་ཏུ་མི་རྟོག་པ་སྟེ་རྟོག་གེ་ལས་འདས་པའི་ཕྱིར་དང་། གནས་མེད་པ་སྟེ་ཁམས་གསུམ་དུ་མི་གནས་པའི་ཕྱིར་རོ། །བླ་མ་སྔ་མ་དག ཆེད་བརྗོད་འདིས་བསྐྱེད་རྫོགས་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་བསྟན་གསུང་སྟེ། དོན་དེ་གཞུང་འགྲེལ་ལས་མི་གསལ་ཞིང་། དཀྱིལ་འཁོར་རྒྱལ་མཆོག་འོག་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲུལ་པས་སྟོན་ནོ། །མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་འདི་ཡན་ཆད་ཀྱིས་རྫོགས་པར་འཆད་པའང་མི་འཐད་དེ། མི་བསྐྱོད་པའི་དཀྱིལ་འཁོར་དངོས་བསྐྱེད་པ་འོག་ནས་འབྱུང་བ་འདི་ཡིན་པའི་ཕྱིར་རོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཀྱི། དང་པོ་བསྡུས་པའི་དོན་ནི། སྔོན་བྱུང་སྟོན་པའི་རྣམ་འཕྲུལ་གྱི་དབང་དུ་བྱས་ནས། འཁོར་གྱི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དགོངས་པ་གཅིག་ཏུ་འདུས་ནས་རྡོ་རྗེ་འཆང་ཆེན་པོ་ལ་མཆོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ནས། གསང་བ་འདུས་པའི་དོན་ལ་གསོལ་བ་གདབ་པ་དང་། བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་དོན་རྟོགས་པར་དཀའ་བར་བསྟན་པ་དང་། འཁོར་རྣམས་ཀྱིས་སླར་ཡང་བསྐྱར་ནས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པ་བསྟན་ཏོ། །དེ་ཉིད་རྗེས་འཇུག་གི་མངོན་རྟོགས་ལྟར་ན་མ་འོངས་པའི་ཐོས་བསམ་ལ་སློབ་པ་རྣམས་གསང་བ་འདུས་པའི་རྒྱུད་བླ་མ་ལ་ཐོས་བསམ་བྱེད་པའི་སློབ་མས་ནི། བྱ་བ་འདི་ལྟར་གྱིས་ལ་ཞུས་ཤིག སློབ་དཔོན་གྱིས་ནི་འདི་ལྟར་གྱིས་ལ་ཤོད་ཅིག་ཅེས་སྟོན་པ་ཡིན་ཏེ། དེ་སྐད་དུ་ཡང་འགྲེལ་པ་ལས། ད་ནི་མ་འོངས་པའི་གདུལ་བྱ་རྣམས་ལ་སློབ་དཔོན་དང་སློབ་མའི་འབྲེལ་བ་བསྟན་པའི་ཕྱིར་ཞེས་གསུངས་སོ། །དེ་ལ་སློབ་མའི་བྱ་བ་མདོར་བསྡུས་ན་གསུམ་སྟེ། དང་པོ་ལོ་དང་ཟླ་བའི་བར་དུ་ལུས་ངག་གི་སྲི་ཞུས་མཉེས་པར་བྱ་བ་དང ། དེ་ནས་རིན་པོ་ཆེ་ལ་སོགས་པའི་མཆོད་པ་དང་། ཡོན་ཕུལ་བ་དང་། དེ་ནས་རང་གི་འདོད་པའི་ཆོས་ཞུ་བའི་དོན་དུ་གསོལ་བ་འདེབས་པའོ། །དང་པོ་གཉིས་ནི། མཆོད་དེ་ཕྱག་འཚལ་ནས་ཞེས་པ་ཡན་ཆད་ཀྱིས་བསྟན་ཏོ། །གསུམ་པ་ནི། བཤད་དུ་གསོལ་ཞེས་པ་ཡན་ཆད་དོ། །བླ་མའི་བྱ་བ་ཡང་མདོར་བསྡུས་ན་གསུམ་སྟེ། དང པོར་སྤྲོ་བ་བསྐྱེད་ཅིང་འདོད་པའི་དོན་ལ་བརྟག་པ་དང་། དཀྱིལ་འཁོར་བཞེངས་ཏེ་དབང་བསྐུར་བ་དང་། དེ་ནས་སྐལ་བ་འཚམ་པའི་ཆོས་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་གཞན་ལྟ་ཅི་སྨོས་ཞེས་པ་ཡན་ཆད་དོ། །གཉིས་པ་ནི། གསོལ་བ་བཏབ་པ་དེ་མཁྱེན་ནས་ཞེས་པ་ཡན་ཆད་ཀྱིས་བསྟན་ཏོ། །གསུམ་པ་ནི། ཤུགས་ཀྱིས་བསྟན་ཏོ། །
གཉིས་པ་ཡན་ལག་གི་དོན་ལ་བཞི་ལས། དང་པོ་སློབ་མའི་བྱ་བ་ཕྱག་དང་མཆོད་པའི་བྱ་བ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་ལ་གཉིས་ཀྱི། དང་པོ་དྲང་དོན་དུ་བཤད་པ་ནི། ཆེད་བརྗོད་རྫོགས་པའི་རྗེས་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ཀྱང་དགོངས་པ་གཅིག་ཏུ་འདུས་ནས། འདི་སྐད་ཅེས་གསོལ་ཏོ་ཞེས་སྦྱར་རོ། །གང་ལ་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལའོ། །ཅི་ཞིག་བྱས་ནས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་སོགས་སོ། །གཉིས་པ་ངེས་དོན་དུ་བཤད་པ་ནི། གཞན་རྣམས་སྔ་མ་དང་འདྲ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྒྱས་པར་སྤྲོས་པ་ཞེས་པ་ནི། གཟུགས་ལ་སོགས་ཏེ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པས་མཆོད་པ་ལན་མང་དུ་བྱས་པའོ། །དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་ནི་བུད་མེད་རིན་པོ་ཆེའོ། །གསོལ་གདབ་དངོས་ནི། བཅོམ་ལྡན་ཞེས་བོས་ནས། བཤད་དུ་གསོལ་ཞེས་སྦྱར་རོ། །གང་ཞེ་ན། འདུས་པ་གསང་བ་ལས་བྱུང་བ། ཞེས་ཏེ། གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ནོ། །རྡོ་རྗེ་དང་པད་མ་ཡང་དག་པར་སྦྱོར་བ་ནི་སྤྱིའི་དོན་ནོ། །ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདུས་པས་ན་འདུས་པ། གསང་བ་ནི་འོད་གསལ་བ། དེ་ལས་བྱུང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་སྟེ་མཐར་ཐུག་པའོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་པའི་གསང་ཞིང་སྦ་བར་བྱ་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིས་གསང་ཞེས་བྱའོ། །དེ་བཞིན་གཤེགས་པ་ལྔ་པོ་གཅིག་ཏུ་འདུས་པའི་མཚན་ཉིད་ཅན་ཡིན་པས་ན། རྡོ་རྗེ་སྙིང་པོ་འདུས་པའི་དེ་ཉིད་ཅེས་བྱའོ། །འདིས་ནི་འདི་སྐད་སྟོན་ཏེ་བསྐྱེད་རིམ་ཉན་པར་འདོད་པ་རྣམས་ཀྱིས་བླ་མ་ལ་དྲང་དོན་གྱི་མཆོད་པ་རིན་པོ་ཆེ་ལ་སོགས་པས་མཆོད་དེ། ཡི་གེའི་དོན་དང་། སྤྱིའི་དོན་གཉིས་ཀྱིས་བསྐྱེད་རིམ་གྱི་དོན་ལ་བཤད་པར་གསོལ་བ་འདེབས་པ་དང་། རྫོགས་རིམ་ཉན་པར་འདོད་པ་རྣམས་ཀྱིས་བླ་མ་ལ་ངེས་དོན་གྱི་མཆོད་པ་བུད་མེད་རིན་པོ་ཆེ་མང་པོས་མཆོད་དེ། སྦས་དོན་དང་མཐར་ཐུག་གཉིས་ཀྱིས་རྫོགས་པའི་རིམ་པ་བཤད་པར་གསོལ་བ་འདེབས་པ་ཡིན་ནོ། །གཉིས་པ་སློབ་དཔོན་གྱིས་སྤྲོ་བ་བསྐྱེད་ཅིང་ཞལ་གྱིས་བཞེས་པ་སྔོན་དུ་འགྲོ་བའི་རྒྱུད་ཀྱི་དོན་རྟོགས་པ་དཀའ་བར་བསྟན་པ་ནི། དེ་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ་ཞེས་སྦྱར། གང་ལ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལའོ། །གང་གིས་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོས་སོ། །ཚུལ་ཇི་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། དྲིས་པའི་དོན་བསྟན་པར་བཞེད་པས། ལེགས་སོ་ལེགས་སོ་ཞེས་ཞལ་གྱིས་བཞེས་པའོ། །འོན་ཀྱང་ཞེས་པ་ནི་རྣམ་པར་བརྟགས་པ་སྟེ། འདུས་པའི་དོན་འདི་ནི། དེ་བཞིན་གཤེགས་པ་སྟེ། རིན་པོ་ཆེ་ལྟ་བུའི་གང་ཟག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཐོས་པའི་ཕ་རོལ་དུ་སོན་པ། སངས་རྒྱས་ཉིད་མངོན་པར་འདོད་ཅིང་རིགས་ངེས་པ་དེ་དག་ཀྱང་ཐེ་ཚོམ་བསྐྱེད་པར་བྱེད་པ་ཡིན་ཏེ། འདུས་པའི་དོན་ནི། བླ་མའི་མན་ངག་དང་བྲལ་བ་ན། དེ་རྣམས་ཀྱིས་ཡུལ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཞན་ནི་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་དགེ་བའི་རྩ་བ་མ་སྨིན་ཅིང་མོས་པ་དམན་པ་རྣམས་ཏེ། དེ་དག་གིས་རྟོགས་པ་ལྟ་ཅི་སྨོས་ཞེས་པའོ། །འདིས་ནི་འདི་སྐད་སྟོན་ཏེ། སྤྱིར་རྒྱུད་འདི་ལ་མོས་པ་ནི་ལེགས་ན། འདིའང་ཤིན་ཏུ་ཟབ་པས་གོ་ཞིང་རྟོགས་པར་དཀའ་བ་ཡིན་པས། ད་རུང་ཐེག་པའི་ཚུལ་གཞན་ལ་བསླབས་ནས། གཟོད་འདིར་ཞུགས་ན་མི་རུང་ངམ་ཞེས་བརྗོད་པས། རྒྱུད་ཁྱད་པར་ཅན་དུ་དད་པ་བསྐྱེད་པར་བྱེད་པའོ། །གསུམ་པ་སླར་ཡང་འདོད་པའི་དོན་ལ་བསྐྱར་ཏེ་གསོལ་བ་གདབ་པ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་རིགས་ངེས་པའི་གང་ཟག་རྣམས་ཀྱིས་ཡང་ཡུལ་མ་ཡིན་ནོ་ཞེས་པ་ངོ་མཚར་དུ་གྱུར་ལ། པད་དཀར་ལྟ་བུ་ལ་སོགས་པ་རིགས་མ་ངེས་པ་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་རྨད་དུ་གྱུར་ནས། སླར་ཡང་བཅོམ་ལྡན་འདས་ལ་འོག་ནས་འབྱུང་བ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞེས་བོས་ནས་ཡང་དག་པར་བསྟན་དུ་གསོལ་ཞེས་སྦྱར་རོ། །གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེའོ་ཞེས་ཏེ། སྐུ་གསུང་ཐུགས་ཀྱི་གསང་བ་ནི། རིགས་གསུམ་གྱི་དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟེ་ཡི་གེའི་དོན་ནོ། །ༀ་ལ་སོགས་པ་ཡི་གེ་གསུམ་ནི་སྤྱིའི་དོན་ནོ། །ཡེ་ཤེས་གསུམ་པོ་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པ་དང་བཅས་པ་ནི་སྦས་པའི་དོན་ནོ། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ནི་མཐར་ཐུག་གི་དོན་ཏོ། །
སུ་ཞིག་ལ་སྟོན་པར་མི་སྤྲོ་བ་ཞེ་ན། རིན་པོ་ཆེ་ལྟ་བུའི་གང་ཟག་ཐོས་པའི་ཕ་རོལ་དུ་སོན་པ་ལ་སོགས་པ་འདི་ལྟ་བུ་ཡོན་ཏན་ཁྱད་པར་ཅན་ལ་ཡང་སྟོན་པར་མི་སྤྲོ་བ་དེའོ། །གང་ཟག་གང་ལ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལའོ། །ཅི་ཞིག་མཛད་ནས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་གིས་བྱིན་གྱིས་བརླབ་པར་མཛད་ཅེས་ཏེ་ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དམ་ཚིག་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་འབྱུང་བའི་ཚིག་ནི་དེ་བསྐྱེད་པའི་ས་བོན་གྱི་ཡི་གེ་ༀ་ལ་སོགས་པ་སྟེ་སྤྱིའི་དོན་ནོ། །རྡོ་རྗེའི་དམ་ཚིག་ནི་དབང་པོ་གཉིས་སྙོམས་པར་འཇུག་པའོ། །དེ་ལས་བྱུང་བའི་ཚིག་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེས་བྱིན་གྱིས་བརླབས་པ་ནི། དབང་བསྐུར་བར་བྱས་པ་སྟེ་སྦས་པའོ། །རྡོ་རྗེའི་དམ་ཚིག་ནི་འོད་གསལ་བའོ། །དེ་ལས་བྱུང་བའི་ཚིག་ནི་སྟོང་པ་གསུམ་སྟེ། དེས་བྱིན་གྱིས་བརླབས་པ་ནི། བཅོམ་ལྡན་འདས་ཀྱི་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་ལྷ་སྐུ་རྣམ་པ་གཉིས་གསལ་བར་མཛད་པ་ཡིན་ལ། དེ་སྟོན་ཅིག་ཅེས་པ་སྟེ་མཐར་ཐུག་པའོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་སོགས་སོ། །
འདི་སྐད་བསྟན་ཏེ། ཐེག་པའི་ཚུལ་འདི་ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའ་ལ། ཁྱད་པར་དུ་གྱུར་པ་ངོ་མཚར་བ་དེ་བས་ན་བསྐྱེད་རྫོགས་གཉིས་ཀྱི་དོན་ཅིས་ཀྱང་བཤད་དུ་གསོལ་ཞེས་བསྐྱར་ཏེ་གསོལ་བ་བཏབ་པའོ། །བཞི་པ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་སྤྲུལ་པ་སྟོན་པ་ལ་གཉིས་ཀྱི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི། དེ་ལྟར་གསོལ་བ་བཏབ་པའི་རྗེས་ཐོགས་དེ་ནས་བཅོམ་ལྡན་འདས་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས། དེ་རྣམས་ལ་དབང་བསྐུར་བའི་ཕྱིར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པའི་དོན་དུ། ཡེ་ཤེས་ཀྱང་ཡིན་ལ་སྒྲོན་མ་ཡང་ཡིན་པས་ན་ཡེ་ཤེས་སྒྲོན་མ་སྟེ་ཡི་གེའི་དོན་ནོ། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་སྣང་བར་མཛད་པས་ན་མི་བསྐྱོད་པ་ལ་ཡེ་ཤེས་སྒྲོན་མ་ཞེས་བྱ་སྟེ་སྤྱིའི་དོན་ནོ། །རྣམ་པར་ཤེས་པ་གསུམ་གྱི་སྣང་བས་ཕྱོགས་བཅུར་སྣང་བར་མཛད་པས་སྣང་བ་གསུམ་ནི་ཡེ་ཤེས་སྒྲོན་མ་སྟེ་སྦས་པའི་དོན་ནོ། །ཡེ་ཤེས་ནི་འོད་གསལ་དོན་དམ་པའི་བདེན་པ་ཡིན་ལ། དེ་ཉིད་སྣང་བ་མ་ལུས་པ་ཟིལ་གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་བྱེད་པས་ན་སྒྲོན་མ་དང་། མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་མཐར་ཐུག་པའོ། །རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་ཉོན་མོངས་པ་ལྔས་ཁྱབ་པའི་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ་ཉོན་མོངས་པའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ནི་བྱང་ཆུབ་ཡིན་ལ། དེའི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་མཁྱེན་ནས། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱང་བའི་ཕྱིར་ཞེ་སྡང་གི་རིགས་ནི་ཞེ་སྡང་རྡོ་རྗེ་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་ནི་སྔགས་ཏེ། འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཡང་དག་པར་ཕྱུང་ངོ་། །གང་ཞེ་ན། བཛྲ་དྷྲི་ཅེས་པ་སྟེ། མངོན་བྱང་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་པར་མཛད་པས་ན་རྡོ་རྗེ་འཆང་སྟེ་དྲང་བའི་དོན་ནོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པ་མཛད་པས་ན་རྡོ་རྗེ་འཆང་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་རྣལ་འབྱོར་བཞིས་བསྐྱེད་པ་རིག་པའི་སྐྱེས་བུ་བདེན་པ་གཉིས་ཀྱི་བདག་ཉིད་དེ་ཉིད་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་པར་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་ནག་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་དབྱེར་མི་ཕྱེད་པ་ཞུགས་སོ་ཞེས་པའོ། །འདིས་ནི་དེ་སྐད་བསྟན་ཏེ་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པས་ལྷག་མོས་མཛད་པ་དང་བཅས་པ་བསྐྱེད། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་དོན་དུ་བཤད་པས་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི་རྣལ་འབྱོར་བཞི་ལས་གཙོ་བོའི་སྐུ་བསྐྱེད། ཡང་ཟིལ་གནོན་རྡོ་རྗེ་སྦས་དོན་དུ་བཤད་པས་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཆོས་འབྱུང་དུ་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པ་དེ་ཉིད་འདིར། ཡེ་ཤེས་སྒྲོན་མེའི་ཏིང་ངེ་འཛིན་སྤྱི་དོན་དུ་བཤད་པས། ཆོས་འབྱུང་གི་གཙོ་བོའི་སྐུ་དེ་ཉིད་དྲང་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། སྤྲོས། བསྡུས། གཙོ་བོ་ལ་བཅུག་སྟེ། ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི། བསྐྱེད་རིམ་པའི་དང་པོའི་སྦྱོར་བའོ། །ཡང་ཟིལ་གནོན་རྡོ་རྗེ་མཐར་ཐུག་གི་སྒྱུ་ལུས་འོད་གསལ་དུ་བཅུག དམ་ཚིག་འབྱུང་བ་རྡོ་རྗེ་མཐར་ཐུག་གི་འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་ཏེ་སྤྲུལ་སྐུར་བསྒྱུར། ཡང་ཟིལ་གནོན་རྡོ་རྗེ་སྦས་བཤད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཆོས་འབྱུང་ཏུ་བདེ་བའི་སྣང་བ་ཙམ་ལས་སྐད་ཅིག་གིས་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་པ་དེ་ཉིད། འདིར་ཡེ་ཤེས་སྒྲོན་མ་སྦས་དོན་དང་མཐར་ཐུག་ཏུ་བཤད་པས། ཆོས་འབྱུང་གི་གཙོ་བོའི་སྐུ་དེ་ཉིད་ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། གཙོ་བོ་ལ་བཅུག་པས་སྤྲུལ་སྐུ་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་རྫོགས་རིམ་པའི་དང་པོའི་སྦྱོར་བའོ། །
འོ་ན་མདོར་བྱས་སུ་མི་བསྐྱོད་པ་དབྱུང་བ་མན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཤད་པ་དང་། འདིར་མི་བསྐྱོད་པ་བྱུང་བ་ཡན་ཆད་དང་པོའི་སྦྱོར་བར་བཤད་པས་མི་མཐུན་ནོ་ཞེ་ན། སྐྱོན་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་དང་པོའི་སྦྱོར་བ་ནི་རང་དོན་ཡིན་ལ། དཀྱིལ་འཁོར་རྒྱལ་མཆོག་ནི་གཞན་དོན་ཡིན་པར་དགོངས་ནས། མི་བསྐྱོད་པ་དབྱུང་བ་གཞན་དོན་ཡིན་པས་ན་དཀྱིལ་འཁོར་རྒྱལ་མཆོག་ཏུ་བཤད་ལ། སློབ་དཔོན་ཟླ་གྲགས་ཀྱིས། འཁོར་བསྐྱེད་པའི་ཆོ་ག་ནི་དཀྱིལ་འཁོར་རྒྱལ་མཆོག་དང་། གཙོ་བོ་བསྐྱེད་པའི་ཆོ་ག་ནི་དང་པོའི་སྦྱོར་བ་ཡིན་པར་དགོངས་ནས། མི་བསྐྱོད་འབྱུང་བ་ཡན་ཆད་གཙོ་བོ་བསྐྱེད་པའི་ཆོ་ག་ཡིན་པས་དང་པོའི་སྦྱོར་བར་བཤད་ཀྱི་དོན་ལ་མི་མཐུན་པ་མེད་དོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་བསྟན་པ་ལ་གཉིས་ཀྱི། དང་པོ་བསྡུས་དོན་ནི། འདིར་དྲང་བའི་དོན་དང་ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་གསུམ་གྱི་རིམ་པ་གཉིས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་གཉིས་སྟོན་ཏེ། དེ་ཡང་སྐྱེ་མཆོག་གི་ཏིང་ངེ་འཛིན་རྣམས་དྲང་དོན་དུ་བཤད་པས། ཡུམ་གྱི་ཆོས་འབྱུང་ཆོ་ག་གསུམ་གྱིས་བསྐྱེད་པའི་འཁོར་དེ་རྣམས། དྲང་དོན་གྱི་འབྱིན་སྔགས་ཀྱིས་གཙོ་བོའི་ཐུགས་ཁ་ནས་ཕྱུང་སྟེ། སྤྲོས། བསྡུས། རང་རང་གི་གནས་སུ་བཀོད་པ་སྒྲ་ཇི་བཞིན་དུ་བཤད་པས་བསྐྱེད་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །ཡང་ཏིང་ངེ་འཛིན་རྣམས་ངེས་དོན་དུ་བཤད་པས་ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས་སྐད་ཅིག་གིས་བསྐྱེད་པའི་འཁོར་གྱི་ལྷ་དེ་རྣམས་ངེས་དོན་གྱི་འབྱིན་སྔགས་ཀྱིས་ཕྱུང་སྟེ། སྤྲོས། བསྡུས། རང་རང་གི་གནས་སུ་འགོད་པ་སྒྲ་ཇི་བཞིན་དུ་བཤད་པས་རྫོགས་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །ཡན་ལག་གི་དོན་ལ་བཞི་ལས་དང་པོ་དེ་བཞིན་གཤེགས་པ་བཞི་འབྱུང་བའི་ཆོ་ག་ནི། གཙོ་བོ་ཕྱུང་བའི་རྗེས་ཐོགས་དེ་ནས་བཅོམ་ལྡན་འདས་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་དྲང་ངེས་སུ་བཤད་པ་ནི་སྔར་བསྟན་ཟིན་ཏོ། །གང་ཞིག་ཅེ་ན། སེམས་ཅན་གཏི་མུག་ཅན་རྣམས་སྦྱོང་བའི་ཕྱིར་ཞི་བའི་ཚུལ་ཅན་གང་ཡིན་པ་ནི་གཏི་མུག་གི་རིགས་ཏེ། རྣམ་པར་སྣང་མཛད་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པས་སོ། །སྙིང་པོ་དེ་གང་ཞེ་ན། ཛཱི་ན་ཛིག་ཅེས་ཏེ། རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་ལས་རྒྱལ་བས་ན་རྒྱལ་བ་སྟེ་དྲང་དོན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས་གནོན་པས་ན་རྒྱལ་བ་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་སྤྱན་སྔར་ཏེ་མདུན་དུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་ཞེ་ན། སྐུ་གསུང་ཐུགས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །ཚུལ་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་རྡོ་རྗེ་འཆང་ཆེན་པོ་ཉིད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་དབྱེར་མི་ཕྱེད་པའི་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་པོའི་ཚུལ་དུའོ། །ཕྲིན་ལས་ཅི་ཞིག་མཛད་ནས་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཏི་མུག་ཅན་རྣམས་ཀྱི་གཏི་མུག་སྦྱངས་ཏེ། གཏི་མུག་རྣམ་པར་དག་པའི་གནས་ལ་བཀོད་ནས་སོ། །རྣམ་པར་སྣང་མཛད་ཕྱུང་བའི་རྗེས་ཐོག་དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དབལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ནི། རིན་པོ་ཆེ་འབྱུང་བའི་རྡོ་རྗེའི་དབལ་དེ་དྲང་བའི་དོན་ནོ། །དོན་དམ་འོད་གསལ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ནི། རིན་པོ་ཆེ་འབྱུང་བའི་རྡོ་རྗེའི་དབལ་ཏེ་ངེས་དོན་ནོ། །གང་ཞིག་ཅེ་ན། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་ཡིད་བཞིན་གྱི་ནོར་བུའི་རིགས་ནི་རིན་ཆེན་འབྱུང་ལྡན་ཡིན་ལ། དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན་བཅོམ་ལྡན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་དེ་གང་ཞེ་ན། རནྟ་དྷྲིག་ཅེས་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་རིན་པོ་ཆེར་འཛིན་པར་མཛད་པས་ན། རིན་ཆེན་འཆང་སྟེ་དྲང་བའི་དོན་ནོ། །ཡང་དག་པའི་མཐའ་རྟོགས་པའི་རིན་པོ་ཆེ་འཛིན་པར་མཛད་པས་ན་རིན་ཆེན་འཆང་སྟེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ལྷོར་ཕྱོགས་ཏེ་གཡས་ཕྱོགས་སུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་ན་སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །ཚུལ་ཇི་ལྟར་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད་རིན་ཆེན་དབལ་གྱི་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་དུ་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་སེར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དཀར་པོའི་ཚུལ་དུའོ། །ཕྲིན་ལས་ཅི་ཞིག་མཛད་ནས་ཞེ་ན། ནམ་མཁའི་གནས་ཀྱིས་ཏེ། ནམ་མཁའ་ལྟར་གོས་པ་མེད་པའི་མཉམ་ཉིད་ཀྱི་ཡེ་ཤེས་ཀྱི་ནོར་གྱིས་དྲེགས་ཤིང་། ཁེངས་པའི་སེམས་ཅན་རྣམས། སྦྱིན་པས་འདུལ་བར་མཛད་ཅིང་། ང་རྒྱལ་རྣམ་པར་དག་པའི་གནས་ལ་བཞག་ནས་སོ། །རིན་ཆེན་འབྱུང་ལྡན་ཕྱུང་བའི་རྗེས་ཐོག་དེ་ནས། བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ནི་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་དྲང་བའི་དོན་ནོ། །དོན་དམ་འོད་གསལ་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ནི་དེ་ཉིད་ཀྱི་ངེས་པའི་དོན་ནོ། །གང་ཞིག་ཅེ་ན། སོ་སོར་རྟོག་པའི་ཡེ་ཤེས་ལ་ཆགས་པ་ནི་རྡོ་རྗེ་འདོད་ཆགས་ཀྱི་རིགས་ཏེ་དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །
སྙིང་པོ་གང་ཞེ་ན། ཨ་རོ་ལྀག་ཞེས་པ་སྟེ། འཁོར་བ་མ་ལུས་པ་ལས་འདས་པས་ན་ཨ་རི་ལིག་སྟེ་དྲང་བའི་དོན་ནོ། །ཡེ་ཤེས་གསུམ་གྱིས་དོན་དམ་པའི་བདེན་པར་བགྲོད་པས་ན་ཨ་རོ་ལིཀ་སྟེ་ངེས་པའི་དོན་ཏོ། །འདི་ཕྱུང་མ་ཐག་ཏུ་རྒྱབ་ཏུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་ན་སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །ཚུལ་ཇི་ལྟར་ན་བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད་འཇིག་རྟེན་དབང་ཕྱུག་རིག་པའི་བདག་པོ་ནི་འོད་དཔག་མེད་ཡིན་ལ། དེའི་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་པར་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་དམར་པོ། གཡས་ཞལ་ནག་པོ་གཡོན་ཞལ་དཀར་པོའི་ཚུལ་དུའོ། །ཕྲིན་ལས་ཅི་ཞིག་མཛད་ནས་ཞེ་ན། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདོད་ཆགས་ཀྱིས་འདོད་ཆགས་སྤངས་ཏེ། འདོད་ཆགས་རྣམ་པར་དག་པའི་གནས་ལ་སྦྱར་ནས་སོ། །འོད་དཔག་མེད་ཕྱུང་བའི་རྗེས་ཐོགས་དེ་ནས་བཅོམ་ལྡན་འདས་གདོན་མི་ཟ་བའི་མཆོག དམ་ཚིག་འབྱུང་བའི་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ་ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་གདོན་མི་ཟ་བའི་མཆོག དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དྲང་དོན་ནི། བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཡོད་གྲུབ་པ་ལ་དམིགས་པ་ཡིན་ལ། ངེས་དོན་ནི་འོད་གསལ་ལ་དམིགས་པའོ། །གང་ཞེ་ན། ཉོན་མོངས་པ་དང་ཕྲག་དོག་རྣམ་པར་སྦྱོང་བ་དང་། ཉོན་མོངས་པས་དམ་ཚིག་ཉམས་པ་ལ་སོགས་པའི་ཉེས་པ་སེལ་བར་བྱེད་པའི་དོན་གྱི་རིགས་ནི། དམ་ཚིག་འགུགས་པའི་རིགས་ཏེ་དོན་ཡོད་གྲུབ་པའོ། །དྲང་བའི་དོན་ནོ། །དམ་ཚིག་ནི་ཁམས་ཕྲ་བ་སྟེ། དེས་ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་བདེན་པར་བཀུག་ནས་མཆོག་ཏུ་དགའ་བ་བསྐྱེད་པས། ཡོངས་སུ་སྦྱོང་བའི་རིགས་ནི། དམ་ཚིག་འགུགས་པའི་རིགས་ཏེ། ངེས་པའི་དོན་ནོ། །དེའི་མཆོག་གི་སྙིང་པོའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་པྲཛྙ་དྷྲིག་ཅེས་ཏེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཛིན་པར་མཛད་པས་ན་ཤེས་རབ་འཆང་ཏེ་དྲང་དོན་ཏོ། །ཁམས་ཕྲ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འཛིན་པར་མཛད་པས་ན་ཤེས་རབ་འཆང་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་བྱང་ཕྱོགས་ཏེ་གཡོན་ཕྱོགས་སུ་བཞུགས་སོ་ཞེས་སྦྱར་རོ། །གང་གི་ན། སྐུ་གསུང་ཐུགས་རྡོ་རྗེ་ཡིའོ། །ཚུལ་ཇི་ལྟར་ན། བཅོམ་ལྡན་འདས་རིག་པའི་སྐྱེས་བུ་དེ་ཉིད་གྲུབ་པ་གདོན་མི་ཟ་བ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་དང་དབྱེར་མེད་པར་སྦྱོར་བའི་ཐབས་ཀྱིས་དབུས་ཞལ་ལྗང་ཁུ། གཡས་ཞལ་ནག་པོ། གཡོན་ཞལ་དཀར་པོའི་ཚུལ་དུའོ། །ཕྲིན་ལས་ཅི་ཞིག་མཛད་ནས་ཞེ་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཕྲག་དོག་ཅན་རྣམས་ཀྱི་ཕྲག་དོག་གི་དྲི་མ་སྦྱངས་ཏེ། ཕྲག་དོག་རྣམ་པར་དག་པའི་གནས་ལ་བཀོད་ནས་སོ། །འོ་ན་དེ་ལྟ་བུའི་བསྐྱེད་རྫོགས་གཉིས་ཀྱི་རིགས་ལྔ་པོ་དེ་བསྒོམ་པ་ལ་ཕན་ཡོན་ཅི་འབྱུང་ཞེ་ན། ཞེ་སྡང་མི་བསྐྱོད་པ་དང་། གཏི་མུག་རྣམ་སྣང་དང་། འདོད་ཆགས་འོད་དཔག་མེད་དང་། ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་དང་། དམ་ཚིག་དོན་ཡོད་གྲུབ་པ་སྟེ། རིགས་ལྔར་རྟོགས་པ་འདི་རྣམས་བསྐྱེད་རིམ་པས་བསྒོམས་པས་ནི། གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་ཟག་པ་མེད་པའི་བདེ་བའི་རང་བཞིན་གྱི་ཐར་པ་བསྒྲུབ་པར་བྱེད་པའོ། །དྲང་བའི་དོན་ནོ། །ངེས་པའི་དོན་ནི། བདེ་བའི་སྣང་བ་ཙམ་ལས་གྲུབ་པའི་རིགས་ལྔར་རྟོགས་པ་འདི་དག་རྫོགས་རིམ་པས་བསྒོམས་པས་འདོད་པ་ལ་ལོངས་སྤྱོད་པས། མཐར་ཐུག་གི་ཐར་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་པའམ། ཡང་ན་རིགས་ལྔ་ནི་གཟུགས་ལ་སོགས་ཕུང་པོ་ལྔ་སྟེ། དེ་དག་འོད་གསལ་དུ་བཅུག་སྟེ་བསྒོམས་པས་འདོད་པ་ཐུན་མོང་གི་དངོས་གྲུབ་དང་། ཐར་པ་མཆོག་གི་དངོས་གྲུབ་ཐོབ་སྟེ། བཤད་རྒྱུད་ལས། ཕུང་པོ་འདི་དག་སངས་རྒྱས་ཏེ། །རྫོགས་པའི་བྱང་ཆུབ་རྐྱེན་དུ་བྱུང་སྟེ་དེ་རྣམས་འདོད། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཡང་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས་སོ། །སྲ་བ་རྣམ་སྣང་ལ་སོགས་པའི་ལོངས་སྤྱོད་ཀྱི་ཕྱིར། ལྷ་མོ་བཞི་དབྱུང་བའི་ཆོ་ག་ནི། དེ་བཞིན་གཤེགས་པ་བཞི་ཕྱུང་བའི་རྗེས་ཐོག་དེ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ནི་མཱ་མ་ཀི་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གང་ཞེ་ན། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་མཱ་མ་ཀིའི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་དེ་ཤཱ་ར་ཏི་ཞེས་ཏེ། ཞེ་སྡང་ནི་མི་བསྐྱོད་པ་སྟེ། དེ་ལ་དགའ་བས་ན་ཞེ་སྡང་དགའ་སྟེ་དྲང་དོན་ནོ། །ཞེ་སྡང་རྣམ་པར་དག་པ་ལ་དགའ་བ་ནི་ཞེ་སྡང་དགའ་སྟེ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། མཱ་མ་ཀིའི་གཟུགས་འཛིན་པར་གྱུར་ཏེ། སྔོ་དཀར་དམར་བའི་ཚུལ་དུའོ། །མཱ་མ་ཀི་ཕྱུང་བའི་རྗེས་ཐོག་དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཡིན་ལ། དེའི་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ན། བཙུན་མོའི་མཆོག་སྤྱན་མའི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་ལས་སོ། །སྙིང་པོ་ནི་མོ་ཧ་ར་ཏི་ཞེས་ཏེ། གཏི་མུག་གི་རྣམ་སྣང་ཡིན་ལ། དེ་ལ་དགའ་བས་ན་གཏི་མུག་དགའ་བ་སྟེ་དྲང་དོན་ནོ། །གཏི་མུག་རྣམ་པར་དག་པ་ལ་དགའ་བ་ནི་ངེས་དོན་ནོ། །འདི་ཕྱུང་བ་ཐག་ཏུ་ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ་སྤྱན་མའི་གཟུགས་འཛིན་པར་གྱུར་ཏེ། དཀར་ནག་དམར་བའི་ཚུལ་དུའོ། །འདིར་མཱ་མ་ཀི་ལྷོ་ནུབ་དང་། སྤྱན་མ་ཤར་ལྷོར་འབྱུང་བ་རིགས་ཀྱང་གོ་ལོག་པ་ནི་རྒྱུད་ལ་རང་དགར་འཇུག་པ་སྤང་བའི་ཕྱིར་རོ། །སྤྱན་མ་ཕྱུང་བའི་རྗེས་ཐོགས་དེ་ནས། འདོད་ཆགས་འཛིན་པ་ནི་འོད་དཔག་མེད་དེ། དེ་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྱུང་ངོ་ཞེས་སྦྱར་རོ། །གང་ན། བཙུན་མོའི་མཆོག་གོས་དཀར་མོའི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་ར་ག་ར་ཏི་ཞེས་ཏེ། འདོད་ཆགས་ནི་འོད་དཔག་མེད་ཡིན་ལ། དེ་ལ་དགའ་བས་ན་ཞེས་པ་དྲང་དོན་དང་། འདོད་ཆགས་རྣམ་པར་དག་པ་ལ་དགའ་བས་ན་ཞེས་པ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ། གོས་དཀར་མོའི་གཟུགས་འཛིན་པར་གྱུར་ཏེ། དམར་ནག་དཀར་མའི་ཚུལ་དུའོ། །གོས་དཀར་མོ་ཕྱུང་བའི་རྗེས་ཐོག་དེ་ནས། སྐུ་གསུང་ཐུགས་བསླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་སྐུ་གསུང་ཐུགས་བསླུ་བ་སྟེ་མི་རྟག་པའོ་ཞེས་གཞན་ལ་རབ་ཏུ་སྟོན་པ་ན་ཡི་གེའི་དོན་ནོ། །སྐུ་གསུང་ཐུགས་ལ་སོགས་པའི་ཆོས་ཐམས་ཅད་བསླུ་བ་སྟེ་སྟོང་པའོ་ཞེས་པ་ནི་སྤྱིའི་དོན་ནོ། །སྐུ་གསུང་ཐུགས་ནི་སྣང་བ་གསུམ་སྟེ་དེ་དག་ཁམ་ཕྲ་བ་དང་ལྷན་ཅིག་སྐད་ཅིག་རེ་རེར་རྗེས་སུ་མྱོང་སྟེ། སླར་ཡང་དངོས་པོ་མེད་པར་བྱས་ནས། འོད་གསལ་ལ་ཞུགས་པ་ནི་བསླུ་བ་སྟེ་སྦས་པའོ། །སྐུ་གསུང་ཐུགས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡིན་ལ། དེ་རྣམས་རིལ་འཛིན་དང་རྗེས་གཞིག་གིས་རིམ་གྱིས་མི་སྣང་བར་བྱས་པ་ནི་བསླུ་བ་སྟེ་མཐར་ཐུག་གོ །ཅི་ཞིག་ཕྱུང་ཞེ་ན། ཤེས་རབ་འཆང་བ་ནི་དོན་ཡོད་གྲུབ་པ་ཡིན་ལ། དེ་རྗེས་སུ་ཆགས་པའི་རྡོ་རྗེའི་དམ་ཚིག་ནི་སྒྲོལ་མ་སྟེ། དེའི་སྙིང་པོ་འདིའོ། །གང་ལས་ཞེ་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་བཛྲ་ར་ཏི་ཞེས་ཏེ། རྡོ་རྗེ་ནི་དོན་ཡོད་གྲུབ་པ་ཡིན་ལ། དེ་ལ་དགའ་བས་ན་ཞེས་པ་དྲང་དོན་ནོ། །རྡོ་རྗེ་ཡེ་ཤེས་ལ་དགའ་བས་ན་ཞེས་པ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་བྱང་ཕྱོགས་ཀྱི་གྲྭར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན། རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་དེ། སྒྲོལ་མའི་གཟུགས་འཛིན་པར་གྱུར་ཏེ། ལྗང་ནག་དཀར་བའི་ཚུལ་དུའོ། །ལྷ་མོ་བཞི་པོ་འདི་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷན་ཅིག་སྤྱོད་པའི་བཙུན་མོ་ཡིན་པས་བཙུན་མོ་མཆོག་ཅེས་བྱ་ལ། དེ་རྣམས་དང་ཡང་དག་པར་སྦྱོར་བ་མཛད་པས། ཕུན་སུམ་ཚོགས་པའི་མཆོག་བསྐྱེད་པས་ན་དམ་ཚིག་ཕུན་སུམ་ཚོགས་པའོ་ཞེས་གསུངས་སོ། །
གསུམ་པ་སྒོ་བ་བཞི་དབྱུང་བའི་ཆོ་ག་ནི། ལྷ་མོ་བཞི་ཕྱུང་བའི་རྗེས་ཐོགས་དེ་ནས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་རྣམ་སྣང་གི་དབང་བསྐུར་བའི་རྡོ་རྗེ་ནི། རྣམ་སྣང་རྡོ་རྗེ་སྟེ། ཁྲོ་བོ་གཤིན་རྗེ་གཤེད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གང་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་བསྐྱེད་པའི་ཁྲོ་བོ་ཆེན་པོ་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་ཡ་མན་ཏ་ཀྲིད་ཅེས་ཏེ། གཤིན་རྗེ་གཤེད་ནི་དམྱལ་བ་སྟེ། དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་དྲང་བའི་དོན་ནོ། །གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ། དེ་དོན་དམ་པའི་བདེན་པས་མཐར་ཐུག་པར་མཛད་ཅིང་འཇིག་པར་མཛད་པས་ན་གཤིན་རྗེ་མཐར་བྱེད་དེ་ངེས་པའི་དོན་ནོ། །འདི་ཕྱུང་མ་ཐག་ཏུ་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ། །ཚུལ་ཇི་ལྟར་ན། རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ནི་བགེགས་རྣམས་ཡིན་ལ། དེ་དག་བསྐྱེད་པར་བྱེད་པ་སྟེ། འཇིགས་ཤིང་སྐྲག་པར་བྱེད་པ་ཁྲོ་བོ་ཆེན་པོའི་ཚུལ་དུའོ། །གཤིན་རྗེ་གཤེད་ཕྱུང་བའི་རྗེས་ཐོག་དེ་ནས། མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་མངོན་པར་བྱང་ཆུབ་པ་ནི་རིན་འབྱུང་ཡིན་ལ། དེའི་ཅོད་པན་ཅན་གྱི་རྡོ་རྗེ་ནི། ཁྲོ་བོ་གཞན་གྱིས་མི་ཐུབ་པས་ཏེ། དེ་ལ་དམིགས་པ་ནི་དྲང་བའི་དོན་ནོ། །མངོན་པར་བྱང་ཆུབ་པའི་རྡོ་རྗེ་ནི་འོད་གསལ་ཏེ་དེ་ལ་དམིགས་པ་ནི་ངེས་དོན་ནོ། །གང་ཞིག་ཅེ་ན། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི། པྲཛྙ་ན་ཏ་ཀྲིད་ཅེས་ཏེ། ཤེས་རབ་ཀྱིས་ཉོན་མོངས་པ་འཇིག་པར་མཛད་པས་ན་ཤེས་རབ་མཐར་བྱེད་དེ་དྲང་བའི་དོན་ནོ། །ཤེས་རབ་ནི་རྟོགས་པ་སྟེ། དེ་འོད་གསལ་དུ་འཇུག་པས་མཐར་བྱེད་པས་ན་ཞེས་པ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེའི་དམ་ཚིག་གི་གདུག་པ་རྣམས་བསྙེངས་པ་སྟེ་སྐྲག་པ་བྱེད་པའམ། ཡང་ན་རྡོ་རྗེ་དམ་ཚིག་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་བསྙེངས་པ་སྟེ་འཇིགས་ཤིང་སྐྲག་པར་བྱེད་པ་ཁྲོ་བོ་ཆེན་པོའི་ཚུལ་དུའོ། །ཤེས་རབ་མཐར་བྱེད་ཕྱུང་བའི་རྗེས་ཐོག་དེ་ནས། ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། དེ་ལ་ཆོས་རིན་པོ་ཆེ་ནི་འོད་དཔག་ཏུ་མེད་པའོ། །དེའི་འབྱུང་གནས་རྡོ་རྗེ་ནི་དེའི་རིགས་སུ་གཏོགས་པ་རྟ་མགྲིན་ཏེ། དེ་ལ་དམིགས་པ་ནི་དྲང་བའི་དོན་ནོ། །ཆོས་རིན་པོ་ཆེ་ནི་འོད་གསལ་བའོ། །དེའི་འབྱུང་གནས་རྡོ་རྗེ་ནི་དེ་ལས་བྱུང་བའི་རྟ་མགྲིན་ཏེ་དེ་ལ་དམིགས་པ་ནི་ངེས་པའི་དོན་ནོ། །གང་ཞེ་ན། ཁྲོ་བོ་ཆེན་པོ་རྟ་མགྲིན་གྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་པད་མན་ཏ་ཀྲིད་ཅེས་ཏེ། པད་མ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པས་མ་གོས་ཤིང་། དེ་ཉིད་འཇིག་པར་མཛད་པས་ན་པད་མ་མཐར་བྱེད་དེ་དྲང་དོན་ནོ། །པད་མ་ནི་སྐྱེ་གནས། མཐའ་ནི་ནང་སྟེ་དེར་དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་ཀྱིས་མཆོག་ཏུ་དགའ་བའི་བདེ་བ་བསྐྱེད་པས་ན་ཞེས་པ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཁྲོ་བོའི་ཚུལ་དུའོ། །རྟ་མགྲིན་ཕྱུང་བའི་རྗེས་ཐོག་དེ་ནས་སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །དེ་ལ་སྐུ་གསུང་ཐུགས་ནི་དོན་ཡོད་གྲུབ་པའོ། །དེའི་རྡོ་རྗེ་ནི་ཁྲོ་བོ་བདུད་རྩིའི་ཐབས་སྦྱོར་ཏེ། དེ་ལ་དམིགས་པ་ནི་དྲང་དོན་ནོ། །སྐུ་གསུང་ཐུགས་རྡོ་རྗེ་རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པ་ནི་ངེས་དོན་ནོ། །གང་ཞེ་ན། ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྙིང་པོ་ནི་བིག་ནན་ཏ་ཀྲིད་ཅེས་ཏེ། བགེགས་རྣམས་མཐར་མཛད་ཅིང་འཇིག་པར་མཛད་པས་ན་བགེགས་མཐར་བྱེད་དེ་དྲང་བའི་དོན་ནོ། ཁམས་བཞི་འཕེལ་བ་དང་འགྲིབ་པས་ལུས་གཟིར་བས་ན་བགེགས་ཞེས་བྱ་ལ། དེ་རྣམས་ཐབས་ཀྱི་ཡེ་ཤེས་ཤར་བས་འཇིག་པར་མཛད་པས་ན་ཞེས་པ་ངེས་དོན་ནོ། །འདི་ཕྱུང་མ་ཐག་ཏུ་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན། རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཁྲོ་བོ་ཆེན་པོའི་ཚུལ་དུའོ། ཁྲོ་བོ་བཞི་པོ་དེ་རྣམས་བྱང་ཕྱོགས་ལ་སོགས་པའི་སྒོར་ཞུགས་ནས་ཅི་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་པ་རྣམས་ཏེ་དེ་རྣམས་མཉེས་པར་བྱ་བའི་ཕྱིར་རོ། །དམ་ཚིག་ལ་སེམས་པས་ན་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རྣམ་པར་འཇིག་པའི་བྱ་བ་མཛད་ཅེས་པའོ། །བཞི་པ་ལྷ་ལྷག་མ་རྣམས་ལ་བསྒྲེ་བའི་ཚུལ་གྱིས་བསྟན་པ་ནི། སྒོ་རྣམས་པ་བཞིར་བགོད་ནས་ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ། མཚམས་བཞི་དང་སྟེང་འོག་རྣམས་སུ་མི་གཡོ་བ་ལ་སོགས་པའི་ཁྲོ་བོ་གཞན་དྲུག་བཀོད་པར་བྱའོ། །ཤར་ཕྱོགས་ཀྱི་སྣམ་བུ་ནས་བརྩམས་ཏེ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དགོད་དོ། །ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ཕྱོགས་ཀྱི་མཚམས་ནས་བརྩམས་ཏེ། གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་བཞི་དགོད་དོ། །ཐམས་ཅད་ཀྱི་གདན་དང་། སྐུ་མདོག་ཕྱག་མཚན་ལ་སོགས་པའི་ངེས་པ་ནི་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །དེ་ལྟར་ན་ལྷ་སུམ་ཅུ་རྩ་གཉིས་འགོད་པར་ཤེས་པར་བྱའོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་འགོད་དགོས་ཏེ། སྐུ་ཡི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་འགོད་པར་བཤད་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། ཕྱུང་བའི་དཀྱིལ་འཁོར་ནི། སྐུའི་དཀྱིལ་འཁོར་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། སྐུའི་དཀྱིལ་འཁོར་ལ་ཇི་ལྟར་བཞུགས་པའི་ལྷ་རྣམས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པར་ཡུམ་གྱི་བྷ་གར་བབ་ནས། དེ་དག་ལྷར་བསྐྱེད་དེ། ཕྱི་རོལ་དུ་འབྱིན་པ་ཡིན་པའི་ཕྱིར་རོ། །འོ་ན་སྐུའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་ཡོད་པའི་ཕྱིར་ཞེས་བྱ་བ་སྟེ། རྡོ་རྗེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་ཡོད་པའི་ཕྱིར་ཟེར་རམ། ཡུམ་ལ་ཡོད་པའི་ཕྱིར་ཟེར་རམ། གཉིས་ཀ་ལ་ཡོད་པའི་ཕྱིར་ཟེར། གང་ལྟར་ཡང་གཏན་ཚིགས་མ་གྲུབ་སྟེ་ཡབ་ལ་ཉི་ཤུ་རྩ་བདུན་ལས་མེད་ཅིང་། ཡུམ་ལ་ཉི་ཤུ་རྩ་བཞི་ལས་མེད་པའི་ཕྱིར་དང་། ཡབ་ཡུམ་གཉིས་ཀ་ལ་བསྡོམས་ན་ལྔ་བཅུ་རྩ་གཅིག་ཡོད་པས། མང་བར་འགྱུར་བའི་ཕྱིར་རོ་ཞེ་ན། ཡབ་ཡུམ་གང་རུང་རེ་རེའི་གཏན་ཚིགས་སུ་མི་འགོད་ཀྱི། ཡབ་ཡུམ་གཉིས་ཀ་སྡོམ་པ་གཏན་ཚིགས་སུ་གཏོང་སྟེ། དཔེར་ན་བུ་བསྐྱེད་པ་ལ་ཕ་མ་གཉིས་ཀ་དགོས་པ་ལྟར། ལྷ་མངལ་སྐྱེས་ཀྱི་ཚུལ་དུ་བསྐྱེད་པ་ལ་ཡང་་ཡབ་ཡུམ་གཉིས་ཀ་རྒྱུར་དགོས་པའི་ཕྱིར་རོ། །
དེ་ལྟ་ན་ཡང་མང་བའི་ཉེས་པ་མེད་དེ། ཡབ་ཡུམ་གྱི་ལྷ་རྣམ་དག་གཅིག་པ་རྣམས་གཅིག་ཏུ་བགྲངས་ཤིང་། རྣམ་དག་མི་གཅིག་པ་རྣམས་ཐ་དད་དུ་བགྲངས་པས་སུམ་ཅུ་རྩ་གཉིས་ལས་མེད་པའི་ཕྱིར་རོ། །དེའང་འདི་ལྟར། ཡབ་ཡུམ་གྱི་རིགས་ལྔ་ཕུང་པོ་ལྔ་རྣམ་པར་དག་པ་ཡིན་པས་རྣམ་དག་གཅིག །ཡབ་ཀྱི་ཡུམ་བཞི་དང་། ཡུམ་གྱི་ཡུམ་བཞི་ནི་འབྱུང་བ་བཞི་རྣམ་པར་དག་པ་ཡིན་པས་རྣམ་དག་གཅིག ཡབ་ཀྱི་ཁྲོ་བོ་བཅུ་དང་ཡུམ་གྱི་ཁྲོ་མོ་བཅུ་ནི་ཡན་ལག་བཅུ་རྣམ་པར་དག་པ་ཡིན་པས་རྣམ་དག་གཅིག་པས་གཅིག་ཏུ་བགྲངས་པས་བཅུ་དགུ་ཡོད་ལ་ཡབ་ཀྱི་བྱང་ཆུབ་སེམས་དཔའ་བརྒྱད་ནི་དབང་པོ་ལྔ་རྣམ་པར་དག་པ་ཡིན་ལ། ཡུམ་གྱི་གཟུགས་རྡོ་རྗེ་ལ་སོགས་པ་ལྔ་ནི་ཡུལ་ལྔ་རྣམ་པར་དག་པ་ཡིན་པས་དེ་དག་སོ་སོར་བགྲངས་པས་བཅུ་གསུམ་སྟེ། དེ་ལྟར་ན་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་ལ་སུམ་ཅུ་རྩ་གཉིས་ལས་མེད་པའི་ཕྱིར་རོ། །
འོ་ན་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཡོད་པར་གང་གིས་གྲུབ་ཅེ་ན། རྡོ་རྗེ་ཕྲེང་བའི་ལུང་གིས་འགྲུབ་སྟེ། རྡོ་རྗེ་ཕྲེང་བ་ལས། སེམས་ཀྱིས་གཞན་ནི་མི་བསམ་པར། །སེམས་དཔའ་ཆེན་པོས་མཉན་པར་གྱིས། །རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་ཞུགས། །རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་ཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་ཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་ཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་ཞུགས། །ཡང་། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་པོ་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་པོ། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་གདགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། ཁ་ཡི་པད་མར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །འོག་གི་རྐང་པར་བཞུགས་པ་ནི། དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་གསུངས་སོ། །རྩ་བའི་རྒྱུད་དུ་ཡང་། ལྷ་སུམ་ཅུ་རྩ་གཉིས་ཚང་བར་གསུངས་ཏེ། དཀྱིལ་འཁོར་དུ་བཀོད་པའི་ལྷ་བཅུ་གསུམ་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་ལྷ་མོ་ལྔ་གླེང་གཞིའི་སྐབས་ནས་གསུངས་ཤིང་། མཚམས་བཞི་དང་། སྟེང་འོག་གི་ཁྲོ་བོ་རྣམས་ཀྱི་ཕྲེང་སྔགས་ལེའུ་བཅུ་བཞི་པ་ནས་གསུངས་པས་དེ་དག་བསྣན་པས་སོ། །
འོན་ཀྱང་དཀྱིལ་འཁོར་དུ་ལྷ་རྣམས་རྫོགས་པར་མི་འགོད་པ་ནི། སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་སྤང་བའི་ཕྱིར་རོ། །དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ནི། བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས། དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་གཉིས་སུ་བཞེད་པ་ཡིན་ནོ། །རྒྱལ་པོ་ཨིནྡྲ་བྷོ་ཏི་ནི། ལེའུ་དང་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷ་བཅུ་གསུམ་འགོད་པ་དང་། ལེའུ་བཞི་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལྷ་བཅུ་གསུམ་གྱི་མཚན་མ་ལས་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས། ལྷ་བཅུ་གསུམ་དུ་བཞེད་པ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཞབས། བཅུ་གསུམ་གྱི་སྟེང་དུ་གཟུགས་རྡོ་རྗེ་མ་ནས་ཆོས་དབྱིངས་རྡོ་རྗེ་མའི་བར་ལྷ་མོ་དྲུག་བསྣན་ནས་ལྷ་བཅུ་དགུར་བཞེད་དོ། །པཎྜི་ཏ་མགྲིན་གསུམ་པ། ལྷ་ཉི་ཤུ་རྩ་ལྔར་བཞེད་ཅེས་གྲགས་ཀྱང་འདི་བཞེད་མི་གསལ་མོད། བཅུ་གསུམ་གྱི་སྟེང་དུ་བྱང་ཆུབ་སེམས་དཔའ་བརྒྱད་དང་། མཚམས་བཞིའི་ཁྲོ་བོ་བསྣན་པ་ཡིན་ནམ་སྙམ་མོ། །
ལེའུའི་མཚན་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་རྡོ་རྗེ་གསུམ་ཡིན་ལ། གསང་བ་དེ་གསུམ་འདུས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱ་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཡིན་ཅིང་། དེ་ལེའུ་འདིས་སྟོན་པས་ན་དེ་སྐད་ཅེས་བྱའོ། །ལེའུ་ནི་ཇི་ལྟར་གོས་ཀྱིས་མཆུ་སྦྲང་ལ་སོགས་པ་ཉེ་བར་འཚེ་བ་ལོག་པ་བཞིན་དུ། རྒྱུད་ཀྱི་དོན་འདིས་ཀྱང་ཀུན་ནས་ཉོན་མོངས་པ་གསུམ་གྱི་ཉེ་བར་འཚེ་བ་ལོག་པས་གོས་དང་འདྲ་བའི་ཕྱིར་ལེའུ་སྟེ། དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ། །ལེའུ་དེ་ལྟ་བུ་བཅུ་བདུན་ཡོད་པའི་ལེའུ་དང་པོའི་རྣམ་བཤད་དོ།། །།