སྨོན་འཇུག་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་ཡིད་བཞིན་ནོར་བུ།།
ཨོཾ་སྭ་སྟི། བདེ་ཆེན་བྱང་སེམས་དབྱེར་མེད་རང་བཞིན་སྐུ། །ཐུབ་མཆོག་དེ་སྲས་འཁོར་འདས་དགེ་ལེགས་ཀྱི། །གཏེར་དབང་རྒྱལ་པོ་བླ་མ་རིན་ཆེན་ལ། །ཕྱག་འཚལ་བསྟོད་དེ་འགྲོ་མགོན་དེ་ཉིད་ཀྱིས། །སེམས་བསྐྱེད་ཆོ་གའི་རིམ་པ་ཕལ་ཆེར་དུས། །བདག་ལའང་མངོན་པར་བཀའ་བསྩལ་དེ་ཡི་སྒྲོས། །བློ་གསལ་ཡུལ་མིན་བདག་མིན་འོན་ཀྱང་ནི། །དེ་ལྟའི་དྲིན་བརྟེན་འདིར་གསལ་ཡི་གེར་འབྲི། །འདི་ལྟར་འདས་པ་དང་མ་བྱོན་པ་དང་ད་ལྟར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེ་བ་མེད་པའི་ངོ་བོ་ཚད་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འདྲེས་པའི་རང་བཞིན། མི་ཟད་རྒྱན་གྱི་འཁོར་ལོའི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་མཛད་པ། ཐམས་ཅད་བདེ་བ་ཆེན་པོའི་ས་ལ་ངེས་པར་འགོད་པ། འགྲོ་བའི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་གསུངས་པ་ནི། འདི་ལྟར། དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་ཞུ་འཚལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བདག ་གིས་སྤྱིར་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་པོ་དགེ་བ་ལ་བཀོལ་སྙམ་དུ་བསམ། མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་བཟུང་སྟེ། སང་ཉི་མ་ད་ཙམ་གྱི་བར་དུ་ལུས་ངག་ཡིད་གསུམ་པོ་དགེ་བ་ལ་བཀོལ་སྙམ་དུ་ བསམ། དེ་ནས་ཐམས་ཅད་ཐུགས་དམ་ལ་མཉམ་པར་བཞག་ནས། ཆོས་གསན་པར་ཞུ་འཚལ།
ཐུགས་དམ་ཡང་བསྲུང་བའི་འཁོར་ལོ་གལ་ཤིན་ཏུ་ཆེ་བ་ལགས་ཏེ། དེ་ཡང༌། དགེ་བའི་བཤེས་གཉེན་ཞང་ཞུང་གིས་གླང་རི་ཐང་དུ་བསྲུང་བའི་འཁོར་ལོ་སྒོམ་དུ་མ་བཅུག་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་མཛད་པས། དགེ་འདུན་འགའ་རེ་གྲོངས་ཆད་དུ་གྱུར་པ་ཡིན། དེ་ཡང་སྲུང་བའི་འཁོར་ལོ་འདི་ལྟར་དུ་བསྒོམས་པས། མི་མཐུན་པའི་རྐྱེན་དང་བར་ཆད་བཟློག་པ་དང༌། མཐུན་ཕྱོགས་ཐམས་ཅད་བཀྲ་ཤིས་དང་བདེ་ལེགས་འབྱུང་བ་ཡིན་པས་ཐུགས་ཕུན་སུམ་ཚོགས་པ་མ་ཡེངས་པར་སྒོམ་པར་ཞུ་འཚལ། ཡུལ་རིས་དང་རྒྱལ་ཁམས་འདི་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཤིན་ཏུ་ཆེ་བ་ཞིག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་བཞུགས་པར་བསམ། དེའི་ཐུགས་ཀར་ཁྱེད་རང་སོ་སོའི་ཡི་དམ་གྱི་ལྷ་གང་ཡིན་པ་ཝལ་གྱིས་བསྒོམ། དེ་ཐེག་པ་ཆེན་པོ་གསང་སྔགས་སུ་སྲུང་བའི་འཁོར་ལོ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་འདི་ལས་ཟབ་པ་མེད་པ་ཡིན། དེ་ནས་ཐུགས་དམ་དེའི་ངང་ལ་མ་ཡེངས་པར་མཛད་ནས་ཆོས་གསན་པ་ཞུ་འཚལ་ལོ།།
དེ་ལ་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མའི་རིན་པོ་ཆེའི་ཞལ་སྔ་ནས། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་པོ་མི་སྡོད་མི་རྟག་པ་ཡིན། དེ་ལ་དམ་པའི་ཆོས་རིན་པོ་ཆེ་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་པར་སོང་ན་བདེ་བ་གཏན་མེད་པ་ཡིན་པས། འཚང་རྒྱ་བར་བྱེད་པའི་རྒྱུ་ངེས་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལགས་ཏེ། རྒྱུ་དེ་མེད་པར་སོང་ན་འབྲས་བུ་སངས་རྒྱས་མི་འབྱུང་བ་ཡིན་པས་ན། མེད་ན་མི་འབྱུང་བའི་རྒྱུ་འབྲས་བགྱི་བ་ལགས་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བྱེད་པ་གལ་ཆེ་བ་ལགས་སོ། །
འོ་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གང་ལ་གསུང་སྙམ་པར་སོང་ན། བཅོམ་ལྡན་འདས་འཁོར་དང་བཅས་པ། ཡུལ་དགྲ་མཐའ་བྱ་བར་བྱོན་པའི་དུས་སུ། རྟ་ཆག་གསོལ་དགོས་པ་བྱུང་བ་ཡིན་པར་གདའ། དེའི་དུས་ན་འཕགས་པ་ཀུན་དགའ་བོས། བུ་མོ་ཞིག་ལ་རྟ་ཆག་འདྲུར་བཅུག་པ་ལ། བུ་མོ་དེ་ན་རེ། འཕགས་པས་གཏམ་བག་སྟེ་སྟེར་ན་ངས་རྟ་ཆག་འདྲུ་བྱ་བས། སངས་རྒྱས་བྱ་བ་ཅི་ལ་ཟེར་བ་ཡིན་ཞུས་པས། དེ་ལ་འཕགས་པའི་དགོངས་པ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཆེ་བའི་ལོ་རྒྱུས་བཤད་པས་ནི་མོས་མི་གོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆེ་བའི་ཡོན་ཏན་བཤད་པར་སོང་ན་གོ་སྟེ་འོང་དགོངས་ནས་བཤད་པ་ཡིན་པར་གདའ། དེ་ནས་བཙུན་མོ་རིན་པོ་ཆེ་བཤད་པའི་སྐབས་སུ། མོ་ན་རེ་ཆག་དྲུས་པའི་དགེ་བའི་རྩ་བས། བཙུན་མོ་རིན་པོ་ཆེ་གྱུར་ཅིག །ཞེས་སྨོན་ལམ་བཏབ་པས། དེ་ཕྱིས་ཀྱི་དུས་ན་བཅོམ་ལྡན་འདས་ཀྱིས་གསན་ནས། འཕགས་པ་ཀུན་དགའ་བོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས། དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པར་སོང་ན། མོ་དེ་ལ་མོས་པས་འཚང་རྒྱ་བ་ཡིན་པ་ལ། ཁྱོད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ལོ་རྒྱུས་བཤད་པས། མོ་དེ་ལ་སྨོན་པས། དེའི་ཇོ་མོར་འོང་འདུག་གསུང་སྐད། དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པར་སོང་ན། དེ་ལ་སྨོན་པས། དེས་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་སོང་བ་ལ། བྱང་ཆུབ་ཀྱི་སེམས་བགྱི་བ་ལགས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་སངས་རྒྱས་ལ་བརྟེན་པ་དང༌། ཆོས་ལ་བརྟེན་པ་དང༌། དགེ་འདུན་ལ་བརྟེན་པ་གསུམ་ཡིན་གསུངས། དེ་ལ་ཐོག་མར་སངས་རྒྱས་ལ་བརྟེན་པ་བགྱི་བ་ལགས་ཏེ། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བས་མཆིལ་ལྷམ་དང་ས་སྣ་ལྔའི་འགྲོན་བུ་དང༌། གདུགས་ཚོད་ལ་སོགས་པ་དྲངས་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པའི་སྨོན་ལམ་བཏབ་པས། ཕྱིས་ཀྱི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་བཅོམ་ལྡན་འདས་བསྟན་པའི་བདག་པོ་འདི་ཉིད་ཡིན་པར་གསུངས་པས། དེ་སངས་རྒྱས་ལ་བརྟེན་པ་ལགས་སོ།།
ད་ནི་དགེ་འདུན་ལ་བརྟེན་བགྱི་བ་ལགས་ཏེ། དགེ་བསྙེན་ཆེན་པོ་ལི་ཙ་བྱི་དྲི་མ་མེད་པ་བྱ་བ་དེ་སྙུང་བའི་དུས་ན། རྗེ་བཙུན་འཇམ་དབྱངས་ལ་སོགས་པ་ཐམས་ཅད་སྙུན་དྲི་ལ་བྱོན་པ་ཡིན་པར་གདའ། དེའི་དུས་ན་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་འབབ་པའི་མེ་ཏོག་དེ་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་སྤྲུགས་ཀྱང་སྐུ་ལུས་ལ་མི་འགོ་ལ། ཉན་ཐོས་རྣམས་ཀྱིས་ནི་སྤྲུགས་ཀྱང་འབྱར་ནས་བྱུང་བ་ཡིན་པར་གདའ། དེ་ལ་ཁྱིམ་སྲུང་གི་ལྷ་མོ་རྣམས་ཀྱིས་ཁྱེད་ཉན་ཐོས་རྣམས་ཀྱིས་ནི། མེ་ཏོག་ཕར་སྤྲུགས་ཀྱང་ལུས་ལ་འགོ་བའི་རྒྱུ་མཚན་འདོད་པ་ལ་འཇིགས་པས་དེ་ལྟར་འབྱུང་བ་ཡིན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་སྤྲུགས་ཀྱང་མི་འགོ་བའི་རྒྱུ་མཚན་འདོད་པ་ལ་མི་འཇིགས་པས། དེ་ལྟར་དུ་འབྱུང་བ་ཡིན་བྱ་བ་ཟེར་བ་ལ། འོ་ན་ཁྱེད་རྣམས་ལ་ཡང་མི་འགོ་བ་འདུག་པས། ཁྱེད་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཡིན་ཟེར་སྐད། ངེད་རྟེན་གྱི་གང་ཟག་འདི་ལྟ་བུ་བརྟེན་པ་ལ་བྱང་ཆུབ་སེམས་དཔའ་མ་ཡིན་པ་འོས་ཅི་ཡོད་བྱ་བ་གསུངས་པ་ཡིན་པར་གདའ། དེ་དགེ་འདུན་ལ་བརྟེན་པ་ལགས།
དེ་ནས་ཆོས་ལ་བརྟེན་པ་ལ་གསུམ་ཡིན་གསུངས། ལུག་རྫི་ལྟ་བུའི་བྱང་ཆུབ་སེམས་དཔའ་དང༌། རྗེ་དཔོན་ལྟ་བུའི་བྱང་ཆུབ་སེམས་དཔའ་དང༌། མཉན་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་གསུམ་ལས།
དང་པོ་ནི་སེམས་ཅན་ཐམས་ཅད་སྔོན་ལ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས། རང་ཉིད་ཕྱི་ནས་འཚང་རྒྱ་བར་འདོད་པ་དེ་ལ་གསུང་བ་ཡིན་ཏེ། དེ་ཡང་དཔེར་ན་གང་ལྟ་བུ་ཡིན་སྙམ་ན། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་དགོངས་སམ་སྨོན་ལམ་དང་འདྲ་བ་ཡིན་ཏེ། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་སྔོན་ལ་རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་བདག་འཚང་རྒྱ་བར་མ་གྱུར་ཅིག སྙམ་པའི་སྨོན་ལམ་བཏབ་པ་དེ་ལྟ་བུ་ཡིན་ཏེ། དེ་ལུག་རྫི་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལགས།
གཉིས་པ་ནི། རང་ཉིད་སྔོན་ལ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཕྱིས་ནས་འཚང་རྒྱ་བར་འདོད་པ་དེ་ལ་གསུངས་པ་ཡིན་ཏེ། དེ་རྗེ་དཔོན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལགས།
དེ་ནས་མཉན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་རང་གཞན་ཐམས་ཅད་དུས་མཉམ་དུ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པ་དེ་ལ་གསུངས་པ་ཡིན་ཏེ། ད་ལྟ་ངེད་རང་གིས་དུས་རྒྱུན་ཏུ་ཕྱག་ལེན་ལ་འདེབས་པའི་རིམ་པ་འདི་ལ་གསུངས་པ་ཡིན། དེ་བས་ན་དེ་བསྐྱེད་པའི་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཕུང་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད། ཁར་རྗེ་དབང་ཐང༌། ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། གསོལ་བ་བཏབ་བོ། །མེ་ཏོག་རེ་ཕྱག་ཏུ་བཟུང་ནས་རྗེས་ཟློས་མཛད་པ་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཇི་ལྟར་ཐུགས་རིན་པོ་ཆེ་བསྐྱེད་པར་མཛད་པ་དེ་བཞིན་དུ་སློབ་དཔོན་གྱིས་ བདག་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་པའི་རྗེས་ལ། སློབ་དཔོན་གྱིས་ཐབས་ཡིན་ཞེས་པ་དང༌། ཡུལ་གྱིས་ལེགས་སོ་ཞེས་བརྗོད་ལ། མེ་ཏོག་རེ་འཐོར་དུ་བཅུག་སྟེ་མེ་ཏོག་གཏོར་བ་ཐམས་ཅད་ཀྱང༌། བླ་མ་དམ་པའི་དབུའི་ཐོག་ཏུ་གཏོར་བས། མེ་ཏོག་གི་གདུགས་ཆེན་པོ་རེ་རེར་གྱུར་པར་བསམ་ནས། རང་གིས་མགོ་ཐོག་ན་ཡར་འཐོར་བ་ཡིན་ཏེ། དེ་ལྟར་ཡང༌། འདུས་པ་རིན་པོ་ཆེའི་ཏོག་ལས། མེ་ཏོག་གང་གིས་ཁྱོད་ལ་མངོན་གཏོར་བས། །ཕྱོགས་བཅུ་ཀུན་ཏུ་དེ་དག་གདུགས་གྱུར་ཏེ། །དུས་ཀུན་བདེ་བའི་འབྱུང་གནས་ཞིང་དུ་ནི། །རྐང་གཉིས་གཙོ་བོའི་དབུ་ལ་གདུགས་སུ་ཤོག །ཅེས་གསུངས་པའོ། །ད་རུང་ལན་གྲངས་མང་དུ་འཚལ་བས་སོ་བདུན་རེ་མཛད་པར་ཞུ་འཚལ།
དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བར་བྱེད་པའི་ཕྱིར་དུ་རྒྱུ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། མདོར་བསྡུས་ན་བཞིར་འདུས་པ་ཡིན་ཏེ། བསོད་ནམས་ཀྱིས་ཚོགས་རྒྱ་ཆེན་པོ་བསགས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། སྐྱབས་འགྲོ་ཁྱད་པར་ཅན་བྱས་པ་ལས་སྐྱེ་བ་དང༌། ཚད་མེད་པ་བཞི་ལ་བློ་སྦྱངས་པ་ལས་སྐྱེ་བ་དང༌། རྒྱུའི་གཙོ་བོ་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་བཞི་ཡིན། དེ་ཡང་བསོད་ནམས་ཀྱི་ཚོགས་བསགས་པ་བྱ་བ་བགྱི་བ་ལགས་ཏེ། འདིར་འབྲས་བུས་རྒྱུ་དཔོག་ན་གོང་དུ་བསོད་ནམས་ཀྱི་ཚོགས་མ་བསགས་པར་སོང་ན། ད་ལྟར་ཡང་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས། རྣ་ལམ་དུ་ཡང་ཐོས་པར་དཀའ་བ་ཡིན་ནོ།། དེ་ལྟར་ཡང༌། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ།། ཞེས་གསུངས་པ་དང༌། གཞན་ཡང་བཅོམ་ལྡན་འདས་ཀྱིས། ཁ་བ་ཅན་ན་ཡོད་པའི་སྐྱེས་པ་དང་བུད་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ་རྣམས་ནི། ཕྱིར་མི་ལྡོག་པར་ལུང་བསྟན་ཏེ། དེ་ཐམས་ཅད་ངའི་འཁོར་གྱི་དཀྱིལ་འཁོར་འདི་ཉིད་ན་ཡོད་པ་རིག་པར་བྱའོ། །ཅེས་གསུངས་པས། དེས་ན་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ལགས།
དེ་ནས་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ་ལགས་ཏེ། དེ་ཡང་གོང་དུ་སྐྱབས་སུ་འགྲོ་བ་མ་བྱས་པར་སོང་ན། ད་ལྟ་ལྷ་དཀོན་མཆོག་གསུམ་གྱི་སྒྲ་རྣ་ལམ་དུ་ཡང་ཐོས་པར་མི་འགྱུར་བ་ཡིན་པས། དེས་ན་སྐྱབས་སུ་འགྲོ་བ་ཡང་དཔག་ཏུ་མེད་པ་བྱས་པ་ལགས།
ཚད་མེད་པ་བཞི་ལ་བློ་སྦྱངས་པ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ། འོན་ཀྱང་བོད་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པས། ཇོ་བོ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཅི་རིགས་པ་མངའ་བ་ཡིན་པས།
རྒྱུའི་གཙོ་བོ་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་མངའ། མི་མངའ་ཡང་བསྐྱེད་པར་ཞུ་འཚལ། དེ་ལྟར་རྒྱུ་བཞི་པོ་ཁྱེད་ལ་ཚང༌། རྐྱེན་བླ་མ་དམ་པས་བྱས་ནས། རྒྱུ་རྐྱེན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་འཛོམས་པ་ལས། ཁྱེད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་གསུངས།
དེ་ཡང་བསོད་ནམས་ཀྱིས་ཚོགས་གསོག་པ་ལ། སྤྱིར་བསོད་ནམས་ཀྱི་ཚོགས་མཐའ་དག་གསོག་དགོས་པ་ལགས། སྒོས་བྱེ་བྲག་ཏུ་འདི་ལྟར་སྒོམ་པར་ཞུ་འཚལ། ཁྱེད་རང་ཐམས་ཅད་ཀྱི་མདུན་འདིར་མཚོ་ཤིན་ཏུ་སྔོ་བ། འཇམ་པ་འབོལ་བ་དྭངས་པ། ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཞིག་བསམ། མཚོ་དེའི་ནང་ན་པདྨའི་སྡོང་པོ་ཆེན་པོ། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་གྲུབ་པ། ནོར་བུ་རིན་པོ་ཆེའི་སྡོང་པོ་ཡལ་ག་དང་ལོ་འདབ་ཐམས་ཅད་རྡོ་རྗེ་རིན་པོ་ཆེ་ལས་གྲུབ་པ། རྩ་བ་ཡེ་ཤེས་ཀྱི་རྡོ་རྗེ་དབང་ཆེན་གསེར་གྱི་ས་གཞི་མན་ཆད་ན་མར་ལ་ཏལ་གྱིས་སླེབ་པའི་པདྨའི་སྡོང་པོ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་པར་བསམ། པདྨའི་སྡོང་པོ་དེའི་དབུས་ཀྱི་ལྟེ་བ་ལ། གདན་གཞི་བརྩིགས་ཀྱི་སྟེང་ན་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེ་བཞུགས་པར་བསམ། དེ་ཅི་འདྲ་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། འོད་འདོམ་གང་བ། འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ། མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པར་བྱེད་པའི་བཅོམ་ལྡན་འདས་བསྟན་པའི་བདག་པོ་དེ་ལྟར་བཞུགས་པར་བསམ། བླ་མ་རིན་པོ་ཆེའི་མདུན་དྲང་པོའི་པདྨ་རྣམས་ལ། ཡི་དམ་གྱི་ལྷར་གྱུར་ཚད་ཐམས་ཅད་བཞུགས་པར་བསམ། བླ་མ་རིན་པོ་ཆེའི་མདུན་རྒྱབ་གཡས་གཡོན་གྱི་པདྨ་རྣམས་ལ་འདས་མ་བྱོན་ད་ལྟར་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་རང་སངས་རྒྱས་དང་བཅས་པ་ཐམས་ཅད་བཞུགས་པར་བསམ། བླ་མ་རིན་པོ་ཆེའི་སྐུ་ཕྲག་པ་ཡན་ཆོད་ཀྱི་པདྨ་རྣམས་ལ། ཁྱེད་རང་སོ་སོའི་མཁན་པོ་སློབ་དཔོན་དུ་གྱུར་ཚད་ཐམས་ཅད་བཞུགས་པར་བསམ། བླ་མ་རིན་པོ་ཆེའི་སྤྱི་བོ་ཡན་ཆོད་ཀྱི་པདྨ་རྣམས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་གོང་མ་རྣམས་བཞུགས་པར་བསམ། འོག་གི་པདྨ་རྣམས་ལ། དམ་པ་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་དཔལ་ལྡན་མགོན་པོ་དང༌། དཔལ་ལྷ་མོས་གཙོ་བྱས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་བའི་སྲུང་མ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཕྲོག་མ་མ་བུའི་ཚོགས་དང་བཅས་པ། མདོར་ན་ཆོས་སྐྱོང་བར་ཞལ་གྱིས་བཞེས་ཚད་ཐམས་ཅད་བཞུགས་པར་བསམ། དེ་ལྟར་འདས་མ་འོངས་ད་ལྟར་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བཅས་པ། རྒྱལ་བ་རྒྱ་མཚོའི་ཚོགས་དེ་རྣམས་ཐམས་ཅད་ལ། རང་ཉིད་ཀྱིས་ཤེས་རབ་ཀྱི་མིག་གམ། ཡིད་ཀྱིས་ཅེར་གྱིས་ལྟ་བ་ལགས།
དེ་ལྟར་ཡང་བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་ལ། །ཅེས་གསུངས་པས། དེ་སྐུ་བལྟ་བའི་མཆོད་པ་བགྱི་བ་ལགས།
རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། ཕྱག་དཔག་ཏུ་མེད་པ་འཚལ་བར་བསམ། དེ་ལྟར་ཡང་དེ་ཉིད་ལས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་གསུངས་པས་དེ་ལ་ཕྱག་འཚལ་བའི་མཆོད་པ་བགྱི་བ་ལགས།
དེ་ནས་དབྱངས་དང་བསྟོད་པ་དཔག་ཏུ་མེད་པས་བསྟོད་པར་བསམ། དེ་ལྟར་ཡང༌། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་གསུངས་པས། དེ་བསྟོད་པའི་མཆོད་པར་བརྗོད་པ་ལགས།
ལུས་ཀྱི་མཆོད་པ་འདི་རྣམས་ཐམས་ཅད་རྒྱ་ནམ་མཁའི་མཐའ་དང་མཉམ་པ། ཆོས་ཀྱི་དབྱིངས་དང་མཉམ་པ། ཡུན་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འབྱུང་བ་ལས་དུས་གསུམ་གྱི་འཕགས་པ་ཐམས་ཅད་མཆོད་པ། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་ཡོན་ཆབ་ཀྱི་ཚོགས་དཔག་ཏུ་མེད་པས་ཀྱང་མཆོད་རྩོལ་ཅིག དེ་བཞིན་དུ་མེ་ཏོག་དང༌། བདུག་སྤོས་དང༌། སྣང་གསལ་དང༌། དྲི་ཆབ་དང༌། བྱུག་པ་དང༌། ཞལ་ཟས་དང༌། སིལ་སྙན་གྱི་ཚོགས་དཔག་ཏུ་མེད་པས་ཀྱང་མཆོད་རྩོལ་ཅིག །དེ་ཡང་དེ་བཞིན་གཤེགས་རིན་ཆེན་སྙིང་པོ་ལ། རྒྱལ་པོ་རྩིབས་ཀྱིས་མུ་ཁྱུད་ཀྱིས། རིན་པོ་ཆེ་དང༌། ཉི་མའི་འོད་དང་འོད་ཟེར་དཔག་ཏུ་མེད་པ་ཕུལ་བས། ཕྱིས་ཀྱི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པར་གྱུར་པར་གསུངས་པ་ཡིན་པས། འོ་ན་འོད་ཟེར་ལ་དེ་ལྟ་བུ་འབྱུང་ལ། གཞན་ལ་དེ་ལྟར་མི་འབྱུང་ངམ་སྙམ་ན། གཞན་དག་ལ་དེ་ཁོ་ན་བཞིན་དུ་བྱུང་བ་ཡིན། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། འཇིག་རྟེན་གྱི་ཁམས་གཞན་དག་ན། སྤོས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དཔག་ཏུ་མེད་པ་ཡིན་གསུང་སྐད། དེ་ཡང༌། སྤོས་གཅིག་པུ་ལ་དེ་ལྟར་དུ་འབྱུང་ལ། གཞན་ལ་མི་འབྱུང་ངམ་སྙམ་ན། འདིར་ཇི་ལྟར་བཤམས་པའི་མཆོད་པ་འདི་རྣམས། རེ་རེ་ལ་ཡང་དེ་ཁོ་ན་བཞིན་འབྱུང་བ་ཡིན། དེ་འབྱུང་བར་བྱེད་པ་ལ་ཡང་ད་ལྟར་གྱིས་མཆོད་པ་འདི་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཕུལ་བས་འབྱུང་བ་ཡིན་པས། ཐུགས་མ་ཡེངས་པར་མཛད་ནས། ངས་ཇི་ལྟར་སྤོར་བ་བཞིན་དུ་འབུལ་བ་ཞུ་འཚལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། རོལ་མོའི་ཚོགས་དཔག་ཏུ་མེད་པས་ཀྱང་མཆོད་རྩོལ་ཅིག གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། ཉེས་པའི་སྐྱོན་མེད་ཅིང༌། ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བ་དཔག་ཏུ་མེད་པས་ཀྱང་མཆོད་རྩོལ་ཅིག གཞན་ཡང་འཆི་བ་མེད་པའི་ཞལ་ཟས་ཀྱི་བདུད་རྩིའི་ཚོགས་དཔག་ཏུ་མེད་པས་ཀྱང་མཆོད་རྩོལ་ཅིག གཞན་ཡང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལས་གྲུབ་པའི་ནོར་བུ་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་པ་ལས་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་པ་དཔག་ཏུ་མེད་པ་བསམས་ལ་ཡང་མཆོད་རྩོལ་ཅིག །གཞན་ཡང་ཕས་ཀྱི་རྒོལ་བ་ངན་པ་ཐམས་ཅད་འཇོམས་པར་བྱེད་པའི་རྗེ་བཙུན་གསང་བའི་ བདག་པོའི་སྐུ་དཔག་ཏུ་མེད་པ ་སོམས་ལ་ཡང་མཆོད་རྩོལ་ཅིག མཆོད་པ་དེ་རྣམས་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལམ། སྤྲིན་ཕུང་གིས་མཆོད་པ་བགྱི་བ་ལགས། དེ་ཡང་རྣམ་འཕྲུལ་ནི་དངོས་པོ་གཅིག་ལ་ཡང༌། དེའི་རྣམ་པར་འཕྲུལ་པའི་རིགས་མི་འདྲ་བ་དཔག་ཏུ་མེད་པ་བསམས་ནས་འབུལ་བ་ལ་ཟེར་བ་ལགས་ལ། སྤྲིན་ཕུང་ནི་དེའི་དངོས་པོ་དེ་ལ་ཡང་སྤྲིན་གྱི་ཕུང་པོ་ལྟར་དཔག་ཏུ་མེད་པ་བསམས་ནས་འབུལ་བ་ལ་ཟེར་བ་ལགས། མདོར་ན་ཆོས་ཀྱི་དབྱིངས་དང་མཉམ་པར་བསམས་ནས་འབུལ་བ་ཡིན་ཏེ། དེ་ལྟར་ཡང༌། ཀུན་ཏུ་བཟང་པོའི་ལུས་ནི་ནམ་མཁའི་རང་བཞིན་ཏེ། །ཐམས་ཅད་ཞིང་ལ་མི་གནས་དེ་བཞིན་ཉིད་ལ་གནས། །ཞེས་གསུངས་སོ། །གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱི་བཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན། བདག་པོས་ཡོངས་སུ་བཟུང་བ་མེད་པའི་ཡོན་ཆབ་ཀྱི་ཚོགས་ཇི་སྙེད་ཅིག་ཡོད་པ ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག །དེ་བཞིན་དུ། མེ་ཏོག་དང༌། བདུག་སྤོས་དང༌། སྣང་གསལ་དང༌། དྲི་དང༌། བྱུག་པ་དང༌། ཞལ་ཟས་དང༌། རོལ་མོའི་ཚོགས་དཔག་ཏུ་མེད་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག གཞན་ཡང་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། རོལ་མོའི་ཚོགས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ། ཉེས་པའི་སྐྱོན་དང་བྲལ་བ། ལེགས་པའི་ཡོན་ཏན་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་གང་བ་ལ་སོགས་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག གཞན་ཡང་འཆི་བ་མེད་པའི་ཞལ་ཟས་ཀྱི་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག གཞན་ཡང་རིན་པོ་ཆེའི་རི་བོ། ཉི་མ་དང་ཟླ་བ། མ་རྨོས་པའི་ལོ་ཏོག ཕུ་ཆུའི་རྒྱུན་སྒྲ། ཨར་མོ་ལི་ཀའི་རྡོ་ལེབ་དང༌། མནན་ན་ནེམ་གྱིས་བྱེད་པ། བཏེགས་ན་སྤར་གྱིས་བྱེད་པ། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱང༌། འདིར་རང་ཉིད་ཀྱིས་བདག་ཏུ་བཟུང་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་ཕུལ་རྩོལ་ཅིག གཞན་ཡང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། དེ་དང་ཉེ་བ་བདུན་ལ་སོགས་པས་ཀྱང་མཆོད་སྩོལ་ཅིག མཆོད་པ་དེ་རྣམས་ཐམས་ཅད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་པོས་ཡོངས་སུ་མ་བཟུང་བ་ལ། བདག་པོས་ཡོངས་སུ་བཟུང་བ་མེད་པའི་མཆོད་པ ་བགྱི་བ་ལགས། གཞན་ཡང༌། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ན་ལྷ་དང་མི་རྣམས་ཀྱིས་མཆོད་པའི་བྱེ་བྲག དགའ་བ་དང་དགོད་པ་དང༌། རྩེད་འཇོའི་བདེ་བའི་བྱེ་བྲག་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག དེ་བཞིན་དུ་གཟུགས་སྡུག་གུ སྒྲ་སྙན་པ། དྲི་ཞིམ་པོ། རོ་མངར་བ། རེག་བྱ་འཇམ་པོའི་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག གཞན་ཡང་ཁྱེད་རང་སོ་སོའི་ཡི་དམ་གྱི་ལྷ་བསྒོམས་པའི་ཐུགས་ཀ་ནས། ཡོན་ཆབ་ཀྱི་ལྷ་མོ་རིན་པོ་ཆེའི་བུམ་པ་དང་གཞོང་པ་ཡོན་ཆབ་ཀྱིས་བཀང་བ་ལ་སོགས་པ། ཕྱིའི་མཆོད་པ་ལྔས་ཀྱང་མཆོད་རྩོལ་ཅིག ནང་གི་མཆོད་པ་གཟུགས་རྡོ་རྗེ་མ་ལ་སོགས་པས་ཀྱང་མཆོད་རྩོལ་ཅིག གསང་བའི་མཆོད་པ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཀྱང་མཆོད་རྩོལ་ཅིག དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པའི་དོན་གྱིས་ཀྱང་མཆོད་རྩོལ་ཅིག མཆོད་པ་དེ་རྣམས་ཐམས་ཅད་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱིས་མཆོད་པ་བརྗོད་པ་བགྱི་བ་ལགས། ད་ཇི་ལྟར་བཤམས་པའི་ཡོན་ཆབ་ལ་སོགས་པ་མཆོད་པའི་ཚོགས་འདི་དག་ཐམས་ཅད་ཀྱང་ཕུལ་རྩོལ་ཅིག གཞན་ཡང༌། མཆོད་ཁང་གོང་འོག་ཐམས་ཅད་ན་སྐུ་གསུང་ཐུགས་ཀྱི་རྟེན་ཇི་སྙེད་ཅིག་བཞུགས་པའི་སྤྱན་སྔར། མཆོད་པའི་རྟེན་བཀོད་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཁྱེད་རང་སོ་སོའི་བདག་ཏུ་བཟུང་ལ། འདིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་ཕུལ་མཛོད་ཅིག གཏོར་མ་སྐབས་འདིར་ཡང་ལན་གཅིག་བསྔོ། བདུན་འདི་ཡང་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ལ་འབུལ་བ་ཞུ་འཚལ་ལོ། །དེ་རྫས་རིམ་པར་བཤམས་པའི་མཆོད་པ་ལགས། ད་ཁྱེད་རང་གི་ལུས་བླ་མ་དཀོན་མཆོག་ལ་བྲན་དང་གཡོག་ཏུ་ཕུལ་མཛོད་ཅིག ལུས་ལ་མཁོ་བའི་ཁ་རྗེ་དང་དབང་ཐང༌། ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་ཀྱང་མཆོད་རྩོལ་ཅིག དེ་ལུས་དབུལ་བའི་མཆོད་པ་བགྱི་བ་ལགས་ཏེ། མཆོད་པ་དེ་རྣམས་ནི་ཀུན་བཟང་སྤྱོད་པ་ལས་གསུངས་པ་ཡིན། མཆོད་པ་རྣམ་པ་བདུན་དག་བྱ། ཞེས་པའི་དོན་ལགས།
ད་སྡིག་པ་བཤགས་པ་ཞིག་བགྱི་བས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྒྱལ་བུ་དགེ་མཐོང་མི་སུམ་སྟོང་དུས་གཅིག་ཏུ་སྡིག་པ་བཤགས་པས་བཅོམ་ལྡན་འདས་ཀྱི་ཞལ་ནས། རྒྱལ་རིགས་དྲ་མ་ལེགས་སོ་ལེགས་སོ། །རང་ཉིད་ཀྱི་སྡིག་པ་བཤགས་པའི་ཐོག་ཏུ་གཞན་ཐམས་ཅད་ཀྱང་སྡིག་པ་དང་བྲལ་བར་བྱས་པས། ཁྱོད་ནི་རྒྱལ་རིགས་དྲ་མའོ། །ཁྱེད་རྣམས་ཐམས་ཅད་སྡིག་པ་བཤགས་པས། ད་ནི་བྱང་ཆུབ་སེམས་དཔའ་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དང་འདྲ་བར་ངེད་རང་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལུས་ངག་ཡིད་གསུམ་ལ་བརྟེན་ནས་སྡིག་པ་མི་དགེ་བའི་ལས་བགྱིས་པ་ཐམས་ཅད་ཤིན་ཏུ་མ་ལེགས་སོ། །སྙམ་ནས་འགྱོད་པ་དྲག་པོ་བསྐྱེད་པ་ཞུ་འཚལ། དེ་སུན་འབྱིན་པར་བྱེད་པའི་སྟོབས་ལགས།
དེ་ཐམས་ཅད་སོ་སོར་བཤགས་པས་སོ་སོར་བཤགས་སོ། །སྙམ་དུ་བཤགས་པ་རེ་མཛད་པར་ཞུ་འཚལ། དེ་བཤགས་པའི་སྟོབས་ལགས།
ད་ཕྱིན་ཆད་ལུས་དང་སྲོག་ལ་བབ་ཀྱང་སྡིག་པ་མི་དགེ་བའི་ལས་མི་བྱའོ། །སྙམ་དུ་དམ་བཅས་པར་ཞུ་འཚལ། དེ་སོར་ཆུད་པར་བྱེད་པའི་སྟོབས་ལགས།
སྡིག་པ་མི་དགེ་བའི་ལས་མི་བྱ་བའི་སྟེང་དུ་བླ་མ་དང་དཀོན་མཆོག་ལ་བརྟེན་པར་བྱའོ་སྙམ་དུ་བསམ། དེ་རྟེན་གྱི་སྟོབས་བགྱི་བ་ལགས་ཏེ། དེ་ལྟར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པས། སྡིག་པ་དང་སྒྲིབ་པ་ཐམས་ཅད་རྩ་བ་ནས་འདག་པ་ཡིན་ཏེ། མ་དག་སྙམ་ན་གཉེན་པོ་ལ་ཐེ་ཚོམ་ཟོས་པས་ཉེས་པ་ཤིན་ཏུ་ཆེ་བ་ཡིན།
དམ་པའི་ཆོས་འདུལ་བར་དགེ་འདུན་གཙོ་སྟེ། བཤགས་པ་དང་ལས་ཐམས་ཅད་དགེ་འདུན་གྱིས་སྤྱན་སྔར་བྱས་པས་འདག་པ་ཡོང་བ་ཡིན། ཐེག་པ་ཆེན་པོ་གསང་སྔགས་སུ་སངས་རྒྱས་གཙོ་སྟེ། ཞིང་བསམ་པ་དངོས་པོ་གཅིག་ཏུ་བྱས་ནས་བཤགས་པས་འདག་པ་ལགས། འདིར་ཆོས་གཙོ་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རང་གི་རྒྱུད་སྦྱངས་པར་བྱས་པས། སྡིག་པ་དང་སྒྲིབ་པ་ཐམས་ཅད་འདག་པ་དང་འབྱང་བར་འོང་བ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །
རྗེས་སུ་ཡི་རང་བ་རེ་བསྒོམ་པར་ཞུ་འཚལ། འཕགས་པ་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མདོར་ན་འཁོར་འདས་མ་ལུས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བས། རྗེས་སུ་ཡི་རང་ངོ༌། །སྙམ་དུ་རྗེས་སུ་ཡི་རང་བ་རྒྱ་ཆེན་པོ་དེ་བསྒོམ་པར་ཞུ་འཚལ། དེ་ཡང༌། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། རྗེས་སུ་ཡི་རང་འདི་ལྟར་དུ་བསྒོམས་པས། བསོད་ནམས་ཀྱི་ཚོགས་མཉམ་པར་ཐོབ་པ་ཡིན་གསུངས། དེ་དཔེར་ན་གང་ལྟ་བུ་ཡིན་སྙམ་ན། བདག་ཅག་གིས་གང་བྱེད་ཀྱང་ལོངས་མཉམ་པར་སྤྱོད་པ་སྟེ། རྗེས་སུ་ཡི་རང་བའི་འབྲས་བུ་ཡིན་གསུངས་སྐད། དེས་ན་བདག་ལ་ བདག་གི་ཁྱད་པར་ཙམ་མ་གཏོགས་པའི་ལོངས་སྤྱོད་པ་ལ་ཁྱད་པར་མེད་པ ་ཡོང་ལགས་པས། དེས་ན་གཞན་གྱི་དགེ་བའི་རྩ་བ་མཐོང་ན། དེ་ལ་ཆགས་སྡང་གི་བསམ་པ་ཕྲག་དོག་མི་བྱ་བར། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་རེ་བྱེད་དགོས་ལགས། དེ་ཡང་དགེ་བའི་རྩ་བ་ལ་ཇི་ལྟར་བྱུང་བ་བཞིན་ཏུ། མི་དགེ་བ་ལ་རྗེས་སུ་ཡི་རང་བ་བྱས་ཀྱང༌། དེ་གོང་བཞིན་འབྱུང་བ་ཡིན་པས། ཉེས་པ་ཤིན་ཏུ་ཆེ་བ་ལགས་པས། དེ་ལྟ་བུའི་བསམ་པ་མི་སྐྱེད་པ་གལ་ཆེ་བ་ལགས།
དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར། རང་ཉིད་ཚངས་པའི་རྒྱལ་པོར་བྱས་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། བཟོ་བོས་མ་བྱས་པ། ལྷུན་གྱིས་གྲུབ་པ་ལག་ན་ཐོགས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་ཁྲིད། མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་མཆོད་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བ་མཛད་དུ་གསོལ། ཞེས་པའི་བསྐུལ་མ་འདེབས་པ་ལགས། འདིས་རང་ཉིད་ཚངས་པའི་རྒྱལ་པོར་གྱུར་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་པའི་རྒྱུ་ལགས། ཡང་རང་ཉིད་ཚངས་པའི་རྒྱལ་པོར་བྱས་ནས་འཆི་བ་མེད་པ་ཞལ་ཟས་ཀྱི་བདུད་རྩི་ནི་ལག་ན་ཐོགས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་ཁྲིད། མཆོད་པའི་སྤྲིན་ཕུང་ཐམས་ཅད་ཀྱིས་མཆོད་ནས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས། ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ཞེས་པའི་གསོལ་བ་འདེབས་པ་ལགས། འདིས་རང་ཉིད་ཀྱི་འཆི་བ་མེད་པའི་ཞལ་ཟས་ཀྱིས་བདུད་རྩི་ཐོབ་པར་བྱེད་པའི་རྒྱུ་ལགས།
སྐབས་འདིར་ཡོན་མཆོད་ཐམས་ཅད་ཐུགས་དམ་ལ་མཉམ་པར་བཞག་ནས། དགེ་བའི་རྩ་བ་བསྔོ་བ་རེ་མཛད་པ་ཞུ་འཚལ། བདག་དང་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང༌། ཡོད་པའི་དགེ་བའི་རྩ་བ་འདིས། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་དང༌། དེ་ཁོ་ན་བཞིན་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །དེ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་བགྱི་བ་ལགས།
སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་བགྱི་བ་ལགས་ཏེ། དེ་ཡང་ཡུལ་དང༌། དུས་དང༌། ཆེད་དུ་བྱ་བ་གསུམ་གྱིས་ཁྱད་པར་དུ་བྱས་པས་ན་ཁྱད་པར་ལགས་ལ། ཐུན་མོང་གི་སྐྱབས་གནས་དཀོན་མཆོག་གསུམ་ལགས། སངས་རྒྱས་ཆོས་ཀྱི་སྐུ་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བ་ཙམ་ལ་བཞེད་པ་ལགས། ལོངས་སྤྱོད་རྫོགས་པའི་སྐུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུ་ལ་བཞེད་པ་ལགས། སྤྲུལ་པའི་སྐུ་ཉན་ཐོས་མཆོག་ཟུང་ལྟ་བུ་ལ་བཞེད་པ་ལགས། ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། རྟོགས་པའི་ཆོས་འགོག་པ་དང་ལམ་གྱི་བདེན་པ་ལ་བཞེད་པ་ལགས། དགེ་འདུན་གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པ་ཡན་ཆད། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་མན་ཆད་ལ་བཞེད་པ་ལགས་ཏེ། དེ་ཐམས་ཅད་མཐར་ཐུག་གི་སྐྱབས་གནས་མ་ཡིན། །ཅེས་གསུངས་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དུས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་ལ། ཆེད་དུ་བྱ་བ་རང་ཉིད་ཞི་བདེ་འདོད་པའི་བསམ་པས་སྐྱབས་སུ་འགྲོ་བ་ལགས་སོ། །
ཁྱད་པར་བའི་སྐྱབས་གནས་དཀོན་མཆོག་གསུམ་ལས། སངས་རྒྱས་ཆོས་ཀྱི་སྐུ་ནི་དག་པ་གཉིས་ལྡན་དྲི་མེད་ཆོས་སྐུ་བགྱི་བ་དེ་ལ་འདོད་པ་ལགས། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཞིང་ཁམས་སྣང་ཞིང༌། ཞིང་ཁམས་ཐམས་ཅད་དུ་སྐུས་ཁྱབ་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལྟ་བུ་ལ་བཞེད་པ་ལགས། མཆོག་གི་སྤྲུལ་པའི་སྐུ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུ་ལ་བཞེད་པ་ལགས། སྐྱེ་བ་སྤྲུལ་པའི་སྐུ། སྟག་དང་རི་བོང་ལ་སོགས་པས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ལ་བཞེད་པ་ལགས། མངོན་པར་རྟོགས་པའི་ཆོས་མྱ་ངན་ལས་འདས་པ་བགྱི་བ་ལགས། དགེ་འདུན་དག་པའི་ས་ལ་གནས་པའམ། བྱང་ཆུབ་སེམས་དཔའ་ཆེན་པོ་རིགས་གསུམ་མགོན་པོ་ལྟ་བུ་ལ་བཞེད་པ་ལགས། དེ་ཐམས་ཅད་མཐར་ཐུག་གི་སྐྱབས་གནས་སུ་གསུངས་ཏེ། ཡང་དེ་ཉིད་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་གསུངས།
དུས་སངས་མ་རྒྱས་ཀྱི་བར་དུ་སྐྱབས་སུ་འགྲོ་ལ། ཆེད་དུ་བྱ་བ་རང་གཞན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པས་སྐྱབས་སུ་འགྲོ་བ་ཡིན་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སངས་རྒྱས་ལ་སྟོན་པ་བྱ། དམ་པའི་ཆོས་ལ་ལམ་ཞུ། འཕགས་པའི་དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་བྱ་སྙམ་དུ་ བསམ་ནས། ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་སྣོམས་ལ། རྗེས་བཟློས་མཛད་པར་ཞུ་འཚལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་པ། དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཞི་བ་དོན་དམ་པ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་བྱའོ། །ཐབས་ཡིན་ནོ་ལེགས་སོ། །ཞེས་བརྗོད་དོ། །
དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ཐུབ་པའི་གསུང་རབ་ཏུ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། ཇོ་བོ་རྗེས་མདོར་བསྡུས་ནས་བརྒྱད་དུ་གསུངས་ཏེ། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་དང༌། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བའི་ཕན་ཡོན་དང༌། མི་དང་མི་མ་ཡིན་གྱིས་གནོད་པས་མི་ཚུགས་པའི་ཕན་ཡོན་དང༌། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པའི་ཕན་ཡོན་དང༌། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོར་འཕེལ་བར་འགྱུར་བའི་ཕན་ཡོན་དང༌། ཤི་ནས་ངན་སོང་དང་ངན་འགྲོར་ལོག་པར་མི་འགྲོ་བའི་ཕན་ཡོན་དང༌། ལམ་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེ་བའི་ཕན་ཡོན་ནོ། །དེ་ཡང་སྐྱབས་སུ་འགྲོ་བར་འགྱུར་པ་ཁྱད་པར་ཅན་བྱས་ན། རང་ཉིད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་དག་ཨ་ཆང་ཆེ་སྟེ། གཞན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཕན་ཡོན་བགྱི་བ་ལགས་ཏེ། ཕན་ཡོན་ཕུན་སུམ་ཚོགས་པ་དེ་རྣམས་འབྱུང་བར་བྱེད་པ་ལ། བསླབ་བྱ་འདི་རྣམས་ལ་སློབ་དགོས་ཏེ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ན། ལྷ་གཞན་ལ་ཕྱག་མི་འཚལ་བ་དང༌། ཆོས་དཀོན་མཆོག་སྐྱབས་སུ་སོང་ནས། སེམས་ཅན་ལ་འཚེ་བ་སྤོང་བ་དང༌། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས། གྲོགས་མུ་སྟེགས་ཅན་ལ་མི་བསྟེན་པ་དང༌། དཀོན་མཆོག་གསུམ་ལ་གུས་པ་བསྒྲུབ་ཅིང༌། མི་གུས་པ་སྤང་བ་དང༌། དྲུག་པོ་སོ་སོའི་བསླབ་བྱ་དྲུག་བགྱི་བ་ལགས།
ད་ནི་ཐུན་མོང་གི་བསླབ་བྱ་རྣམ་པ་ལྔ་ལགས་ཏེ། སྲོག་དང་བྱ་དགའི་ཆེད་དུ་ལྷ་དཀོན་མཆོག་གསུམ་མི་སྤང་བ་དང༌། དགོས་པ་གལ་པོ་ཆེ་ལ་ཡང་ཐབས་གཞན་མི་བཙལ་བ་དང༌། དུས་དང་དུས་ཀྱི་མཆོད་པ་ལ་བསླབ་པར་བྱ་བ་དང༌། ཕྱོགས་གང་དང་གང་དུ་འགྲོ་བ་དེ་དང་དེའི་ལྷ་ལ་སྐྱབས་སུ་འགྲོ་བ་དང༌། སྐྱབས་སུ་འགྲོ་བ་སྤེལ་ཞིང་སྦྱང་བ་ལ་བསླབ་པ་དང་ལྔ་ལགས་ཏེ།
མདོར་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན། ཁྱོད་ཅི་ཤེས་ང་དེ་ཤེས་སུ་བློ་ཁེལ་བ་ཞིག་དགོས་པ་ལགས་པས། ཞེ་ཐག་པ་ནས་བློ་ཁེལ་བའི་བསམ་པ་དེ་ལྟ་བུ་ཞིག་ཡོད་པར་སོང་ན། མི་མཐུན་པའི་རྐྱེན་དང་བར་ཆད་ནད་དང་གནོད་པ་ལ་སོགས་པ་ཐམས་ཅད་ཀྱང༌། འདི་འབའ་ཞིག་གིས་འདག་པར་བྱེད་པ་འོང་སྟེ། འདི་ཚོ་རེ་འགའ་ལས་མི་གསུང༌། སྔོན་གྱི་དུས་ན་དགེ་བའི་བཤེས་གཉེན་ཁམས་པ་ལུང་པ་བྱ་བ་དེ་ལ་ཁམས་གཞི་ཚན་ཆེན་པོ་བྱུང་ནས། སློབ་མ་རྣམས་ཀྱིས་ད་ནི་སློབ་དཔོན་ཡང་མཚམས་བཅད་རན་པ་འདུག་བྱ་བ་ཟེར་བ་ལ། ང་ཤི་ན་ཡང་སྐྱབས་སུ་འགྲོ་བས་ཤི། ཕན་ན་ཡང་སྐྱབས་སུ་འགྲོ་བས་ཕན་གསུངས་ནས། སྐྱབས་སུ་འགྲོ་བ་འབའ་ཞིག་མཛད་པས། ཁམས་དྭངས་པ་ཡིན་པར་གདའ། གཞན་ཡང་དགེ་བའི་བཤེས་གཉེན་ཡེར་པ་ཞང་བཙུན་བགྱི་བ་དེ་ལ། ཁམས་གཞི་བྱུང་བ་ལ་གོང་ལྟར་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་མཚམས་རན་འདུག་བྱས་པ་ཡིན་གདའ་བ་ལ། ང་ཕན་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ཕན་ལ། ཤི་ན་ཡང་སྐྱབས་སུ་འགྲོ་བས་ཤི་བྱ་བ་གསུངས་ནས། སྐྱབས་སུ་འགྲོ་བ་འབའ་ཞིག་མཛད་པས། རེ་ཤིག་གི་དུས་གདུང་བའི་ཤུགས་ཀྱིས། བདག་ཡེར་པ་ཞང་བཙུན་ཞེས་བགྱི་བ། སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཞེས་བརྗོད་པས། ཁོང་གི་སྤྱི་བོ་ན་ཡར་སྲོག་ཆགས་རིང་མོའི་གཟུགས་ཆེན་པོ་ཞིག་བུད་ནས། བདག་ཟུར་ཕུད་རྒྱུན་ཐལ་ཞེས་བྱ་བ་ཡང༌། སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཞེས་བྱ་བ་ཟེར་སྐད། དེ་ནས་ཚེགས་མ་བྱུང་བར་དེ་རང་གིས་སངས་དྭངས་པ་ཡིན་པར་གདའ། གཞན་ཡང་དགེ་བའི་བཤེས་གཉེན་འཇད་བགྱི་བ་དེ། དགེ་བའི་བཤེས་གཉེན་དུམ་བུ་རིངས་དེ་བརྟག་པ་ལ་ཤིན་ཏུ་མཁས་པར་ཡིན་པར་གདའ་བས་སྤྱན་སྔར་ཕྱིན་ནས། གཟིགས་སུ་ཕུལ་བས། མཚམས་བཅད་དགོས་པར་འདུག་གསུངས་པ་ལ། དེའི་རྒྱགས་མེད་ནས། ལྷ་ས་ན་མར་ཕྱིན་ནས། སྐྱབས་སུ་འགྲོ་བ་བྱེད་ཀྱིན་ཇོ་བོ་ལ་བསྐོར་བ་བྱས་པས། དེ་ནས་ཟླ་བ་ཕྱེད་ལོན་པ་དང༌། དགེ་བའི་བཤེས་གཉེན་པའི་སྤྱན་སྔར་ཡར་ཕྱིན་ནས། ཡང་གཟིགས་སུ་ཕུལ་བས། ཁྱོད་ཀྱི་དེའི་བར་ལ་ཅི་བྱས་པ་ཡིན། ད་མཚམས་བཅད་མི་དགོས་པ་འདུག་ཟེར་སྐད། དེ་བས་ན་སྐྱབས་དཀོན་མཆོག་གསུམ་ལ་བློ་ཁེལ་བར་བྱེད་པ་གལ་ཆེ་སྟེ། ཞེ་ཐག་པ་ནས་བློ་ཁེལ་བའི་བསམ་པ་དེ་ལྟ་བུ་ཡོད་ན། གཞན་དག་གི་སྲུང་བའི་འཁོར་ལོ་སྒོམ་པ་ལ་ཡང༌། མེ་རིས་མེ་ལྷ་མི་ཐུབ་པ་དང༌། མདའི་དྲ་བས་འབྱུང་པོ་མི་ཐུབ་པ་ལ་སོགས་པ་ཟེར་བ་དེ་ཡང༌། གོང་གི་བསམ་པ་དེ་ཡོད་ན་ཐུབ་པ་ཡིན་ཏེ། མདའ་དང་མེ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་ལེགས་པར་འོང་བ་ཡིན། །དེ་ལྟ་བུའི་སྐྱབས་སུ་འགྲོ་བ་ཁྱད་པར་བ་དང༌། ཐུན་མོང་གཉིས་ཀྱི་ཁྱད་པར་དེ་གོང་དུ་སྙན་དུ་གསོལ་བ་དེ་རྣམས་དག་ཨ་ཅང་ཡང་ཆེ་སྟེ། སྤྱིར་ཐུན་མོང་བ་བྱ་བ་དེ་སྐྱབས་གནས་དཀོན་མཆོག་གསུམ་ཡུལ་མཐུན་པས་ན་ཐུན་མོང་བ་ཡིན་ལ། ཁྱད་པར་བའི་གོ་བ། རང་གཞན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པའི་བསམ་པ་དེས་ཁྱད་པར་དུ་བྱས་པས་ཁྱད་པར་བ་བྱ་བ་ཡིན་གསུངས། དེ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་པ་ལས། བྱང་ཆུབ་ཀྱི་སེམས་སྐྱེ་བ་བྱ་བ་ལགས།
ད་ཚད་མེད་པ་བཞི་ལ་བློ་སྦྱང་བ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་བགྱི་བ་ལགས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་མ་ཡིན་སྙམ་དུ་བསམ། དེ་བྱམས་པ་ཡིན།
མ་འདི་དག་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཁྱམས་པས། སྙིང་རེ་རྗེ་སྙམ་དུ་བསམ་པ་དེ་སྙིང་རྗེ་ཡིན།
སྙིང་རྗེ་བའི་མ་འདི་དག་བདེ་བ་དང་ལྡན་ན་དགའ། སྡུག་བསྔལ་དང་བྲལ་ན་དགའ་སྙམ་དུ་བསམ་པ་དེ་དགའ་བ་ཡིན།
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མར་གྱུར་པ་ལ་ཉེ་རིང་མེད་པར་སེམས་སྙོམས་པ་དེ་བཏང་སྙོམས་བྱ་བ་ལགས།
ད་རྒྱུའི་གཙོ་བོ་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལས། བྱང་ཆུབ་ཀྱི་སེམས་སྐྱེ་བ་བགྱི་བ་ལགས་ཏེ། དེ་ཡང་ཇོ་བོ་རྗེའི་ཞལ་ནས། བླ་མ་ལ་སོ་སོ་སྐྱེ་བོའི་འདུ་ཤེས་སྐྱེས་པར་སོང་ན། བྱང་ཆུབ་ཀྱི་སེམས་གཏན་ནས་མི་སྐྱེ། བྱང་ཆུབ་སེམས་དཔའི་འདུ་ཤེས་སྐྱེས་ན། སྐྱེའམ་མི་སྐྱེ་ཐེ་ཚོམ་ཟ་སྟེ་མི་སྐྱེ། དེ་བས་ན། བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་ཞེ་ཐག་པ་ནས་སྐྱེས་པ་ཞིག་དགོས་པ་ལགས་པས། བདག་གི་བླ་མ་འདི་ངེས་པར་ཡང་དག་པའི་སངས་རྒྱས་ཡིན་པར་འདུག་ཨང་སྙམ་དུ་བསམ། མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང༌། ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། སྐབས་འདི་སེམས་བསྐྱེད་པའི་ཡོན་དུ་དམིགས་པའི་མེ་ཏོག་འདྲ་ཡོད་ན་ཡང་འབུལ་བར་ཞུ་འཚལ། ཡང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཕུང་ཐམས་ཅད་ཀྱིས་མཆོད་ནས་གསོལ་བ་འདེབས་པས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས་རྗེས་བཟློས་མཛད་པ་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། སློབ་དཔོན་བྱང་ཆུབ་སེམས་དཔས་བདག་བྱང་ཆུབ་སེམས་དཔར་བཟུང་དུ་གསོལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་ཆོས་འདི་གོ་དགོས་པ་ཡིན། གོ་རྒྱུའི་ཆོས་དེ་གང་ཡིན་སྙམ་པར་སོང་ན། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་པོར་མི་བསྡོད། མི་རྟག་པ་ཡིན་ཏེ། དེ་ལྟར་ཡང་འདུས་བྱས་གཡོ་བའི་རང་བཞིན་ལའང་རྟག་པ་མེད། ཆོས་ཀུན་རྣམ་པར་འཇིག་པ་བློ་དང་ལྡན་པས་ཤེས། །ཅེས་གསུངས་པས། སང་དང་འཆི་བ་གང་སྔ་མི་ཤེས། གནངས་དང་འཆི་བ་གང་སྔ་མི་ཤེས་པར་གནས་པ་ཡིན་པས། སང་ཙམ་འཆི་བ་སུ་ཡིས་ཤེས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ནི་བཤེས་པ་མ་ཡིན་ནོ། །ཞེས་གསུངས་པས། དེས་ན་ནམ་འཆི་ཆ་མེད། ཚེ་ལ་ལོང་མེད་པར་ཅིས་ཀྱང་འཆི་ངེས་པ་ལགས། ཤི་ནས་ཕ་རོལ་དུ་སྐྱེའམ་མི་སྐྱེ་སྙམ་ན་སྐྱེ་བ་ལགས། སྐྱེ་ན་ལུས་སྐྱེའམ་སེམས་སྐྱེ་སྙམ་ན། ལུས་འབྱུང་བཞིའི་བརྡོས་བཅས་འདི། ཚུ་རོལ་དུ་ཐམས་ཅད་ཀྱི་མདུན་ནང་དུ་འཇོག་པས། གང་གིས་ཀྱང་སྐྱེ་བར་མི་འདོད་པ་ལགས། སེམས་རྟག་ན་སྐྱེར་མི་བཏུབ། ཆད་ན་སྐྱེ་རྒྱུ་མེད་པ་འོང་བ་ཡིན་ཏེ། དེ་ཡང༌། ས་ལུ་ལྗང་པ་ལས། བཅོམ་ལྡན་འདས་ཀྱི་ཞལ་ནས་རྟག་པ་མ་ཡིན། ཆད་པ་མ་ཡིན། འཕོ་བ་མ་ཡིན། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ། དེ་དང་འདྲ་བའི་རྒྱུད་དུ་རྟོགས་པས། ཞེས་གསུངས།
དེ་ཡང་རྟག་པ་མ་ཡིན་པ་གང་གིས་ཤེས་སྙམ་ན། སྔོན་གྱི་དུས་སུ། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ངམ་སྟག་ར་ཀླུ་གོང་བྱ་བ་དེ་ཤི་བ་ལ། བོན་པོ་རྣམས་ཀྱིས་དེའི་བླ་བཀུག་པས། ཁོའི་ཆས་ཇི་ལྟ་བ་བཞིན་དེར་བྱུང་བ་དང༌། མངའ་བདག་གིས་སློབ་དཔོན་པདྨ་ལ་ཟུར་ངོམ་བྱས་ནས། བོན་པོས་ཀྱང་འདི་འདྲ་ཡོང་བར་འདུག་ཟེར་སྐད། སློབ་དཔོན་གྱིས་ཞལ་ནས་ངས་ཁྱེད་རྒྱལ་བློན་གཉིས་ལ། དབང་བསྐུར་བའི་དུས་ཀྱི་གསང་མཚན་གང་ཡིན་ཁོ་ལ་དྲིས་དང་བྱ་བ་གསུངས་ནས་དྲིས་པས་དེ་ང་ལ་ཆ་མེད་ཟེར་སྐད། འོ་ན་དེའི་དུས་ན་ཁྱོད་གར་ཡོད་བྱས་པས། དེའི་དུས་ན་ཁྱེད་ཀྱིས་མེ་རི་དང༌། རྡོ་རྗེའི་ར་བ་བསྒོམས་པས། ང་ནང་དུ་མ་ཆུད་ཟེར་སྐད། འོ་ན་ཁྱོད་སུ་ཡིན་པས། ང་ཕུ་འདིའི་བྲག་བཙན་ཡིན་ཟེར་སྐད། འོ་ན་ཁྱོད་འདི་ལྟར་དུ་བྱེད་པ་ཅི་ཡིན་བྱས་པས། ང་ལ་བོན་པོ་རྣམས་ཀྱིས་རྔན་པ་བྱིན་ནས། འདི་ལྟར་གྱིས་ཟེར་བས། འདི་ལྟར་བྱས་པ་ཡིན་ཟེར་སྐད། བློན་པོ་ཆེན་པོ་གར་སྐྱེས་བྱས་པས། དེ་ང་ལ་ཆ་མེད། ལུག་གི་ཤན་པ་ལུག་རུང་བ་བྱེད་པ་ལ་དབང་ཡང༌། རྣམ་པར་ཤེས་པ་གར་སོང་ཆ་མེད། ངའི་དེ་ཡང་དེ་དང་འདྲ་མོད་ཟེར་སྐད། སློབ་དཔོན་གྱིས་ཞལ་ནས། འོ་ན་ཁྱེད་རང་གི་རང་གཟུགས་སྟོན་ཅིག་གསུངས་ནས། སེ་གོལ་ཞིག་གཏོགས་པས། རྒད་པོ་མགོ་སེ་ཏེ་ལེ་བ་ཞིག་ཏུ་སོང་བ་ཡིན་པར་གདའ། དེ་ནས་མངའ་བདག་གིས། སློབ་དཔོན་ལ་བློན་པོ་ཆེན་པོ་གར་སྐྱེས་ཞུས་པས། སྟོད་ལུང་གི་མདའ་ཕ་གི་ན། སྦུར་པ་ཞིག་ཏུ་སྐྱེས་ནས་ཡོད་གསུངས། དེར་སློབ་དཔོན་འཁོར་དང་བཅས་པ་དང༌། མངའ་བདག་འཁོར་དང་བཅས་པ་ཕྱོགས་དེར་བྱོན་པ་དང༌། སློབ་དཔོན་ལྟག་ཅིག་ཏུ་བཞུགས་ནས། མངའ་བདག་ལ་སྨད་དེའི་ལྗི་བ་དེ་ཡར་ཁོག་དང་གསུངས། དེ་ནས་ཡར་བཏེགས་པ་དང་འདི་ན་ཁུང་བུ་ཞིག་མིན་པ་གཞན་ཅི་ཡང་མི་སྣང་བྱ་བ་ཞུས་པས། ཁུང་བུ་དེ་ན་མར། བློན་པོ་ཆེན་པོ་བློན་པོ་ཆེན་པོ་གྱིས་ལ་གསུང་ཐོང་དང་གསུངས། དེ་ལྟར་བཏང་བ་དང༌། སྦུར་པ་ཆེན་པོ་ར་ཟིང་ཟིང་བ་ཞིག་བྱུང་ནས། སྔར་གྱི་རྒྱལ་བློན་གྱི་དྲན་པ་སད་ནས་ཞེ་ས་དང་སྡུག་བབས་ལ་སོགས་བྱེད་དུ་བྱུང་བ་ཡིན་པར་གདའ། ད་འདི་ནས་ཚེ་འཕོས་ནས་གར་སྐྱེ་ཞུས་པས། མིར་སྐྱེ་བ་འདུག་ཟེར་སྐད། དེ་ལ་མངའ་བདག་གི་ཞལ་ནས། འོ་ན་འདི་ངས་གསོད་པ་ཡིན་ཟེར་བ་དང༌། བསད་པས་མི་ཕན་སྦུར་པར་སྐྱེ་བའི་ལས་དེ་ཟད་པ་དང༌། ཚེ་འཕོས་ནས་གཟོད་མིར་སྐྱེ་བར་འདུག་གསུངས། དེར་མངའ་བདག་དཀོན་མཆོག་གསུམ་ལ་མོས་གུས་ཁྱད་པར་ཅན་ཐོབ་ནས། བླ་མ་དཀོན་མཆོག་གསུམ་ལ་འབུལ་བ་ཡིན་གསུངས་ནས། གཏེར་ཡིག་ཐམས་ཅད་སློབ་དཔོན་ལ་ཕུལ་བས། ད་ལྟ་གཏེར་ཡིག་ཐམས་ཅད་བསམ་ཡས་ན་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན། དེ་བས་ན་རྟག་པ་མ་ཡིན་ཏེ། རེས་མིར་སྐྱེས་ལ་རེས་སྦུར་པར་སྐྱེས་པ་ལགས། ཆད་ན་སྐྱེ་རྒྱུ་མེད་པ་ཡིན། འོ་ན་གང་སྐྱེས་སྙམ་ན་རྒྱུ་རྐྱེན་ལས་སྐྱེས་པའི་རྣམ་པར་རྟོག་པ་དེའི་རང་གཟུགས་སུ་སྐྱེ་བ་དང་འཁོར་བ་ཡིན་པས། རྣམ་པར་རྟོག་པ་གང་སྐྱེས་པ་དེ་སྟོབས་སུ་གྱུར་པ་ལས། ཕ་རོལ་དུ་ཡང་དེའི་རང་གཟུགས་སུ་སྐྱེ་བ་དེ་ལ་བསམ་པའི་རང་གཟུགས་བྱ་བ་ཡང་དེ་ལ་གསུང་པ་ཡིན། དེས་ཉོན་མོངས་པ་གསུམ་ལྟ་བུ་ལ་གོམས་ཤིང་འདྲིས་པར་བྱས། ཤི་ཁར་ཡང་དེས་མཚམས་སྦྱར་བར་སོང་ན་འཁོར་བ་དང་ངན་སོང་གི་གནས་གསུམ་ཡིན་ལ།
ད་ལྟ་ལས་དགེ་བ་བཅུ་ལྟ་བུ་ལ་གོམས་ཤིང་འདྲིས་པར་བྱས། འཆི་ཁར་ཡང་དེས་མཚམས་སྦྱར་ནས། ཕ་རོལ་དུ་ལྷ་དང་མིའི་གོ་འཕང་ཐོབ་པ་ཡིན་ཏེ། སྤྱིར་འཆི་ཁ་མའི་མཚམས་སྦྱོར་འདི་གནད་ཤིན་ཏུ་ཆེ་བ་ཡིན་ཏེ།
སྔོན་གྱི་དུས་ན་རྒྱལ་པོ་མྱ་ངན་མེད་བགྱི་བ་དེ། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ཁོང་ལས་ཆེ་བ་མེད་པ་ཡིན་པར་གདའ། རྒྱལ་པོ་ན་བ་ལ་ནང་གི་གཡོག་མོས་བསིལ་གཡབ་ཀྱི་ཡུ་བ་ཤོར་ནས་ཐུགས་ཀར་ཕོག་པས། རྒྱལ་པོ་གཡོག་མོ་ལ་ཞེ་སྡང་སྐྱེས་པ་དེས་མཚམས་སྦྱར་ནས་གྲོངས་པ་ལ། ཁོང་རང་གིས་བླ་མཆོད་དགྲ་བཅོམ་པ་ཞིག་གི་དགོངས་པ་ལ། རྒྱལ་པོ་འདིས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ནི་ཁོང་ལས་ཆེ་བ་མེད་པ་ཡིན་པས། དེ་གར་སྐྱེས་ན་སྙམ་པའི་མངོན་ཤེས་ཀྱིས་གཟིགས་པས། འཆི་ཁའི་མཚམས་སྦྱོར་གཡོག་མོ་ལ་ཞེ་སྡང་སྐྱེས་པ་དེས་བྱས་ནས། ཁོང་རང་གི་ཕོ་བྲང་གི་མདུན་ན་མཚེའུ་ཞིག་ཡོད་པའི་ནང་ན་སྲོག་ཆགས་སྦྲུལ་ཞིག་ཏུ་སྐྱེས་ནས་འདུག་སྐད། དེ་ཁ་གདངས་ནས་སྲོག་ཆགས་མང་པོ་ཟོས་པས། མནར་མེད་པའི་སེམས་ཅན་དམྱལ་བར་འགྲོ་བ་འདུག་པས། དེ་ཐུགས་ཀྱིས་མ་བཟོད་ནས། མཚེའུ་ཁ་དེར་བྱོན་ནས། རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོ་ཞེས་གསུང་བཏང་བས། སྔར་གྱིས་དྲན་པ་སད་ནས་མགོ་བཏེགས་གིས་བྱུང་བ་ཡིན་པ་གདའ། རྒྱལ་པོ་ཆེན་པོ་ཞལ་ཚུམས་ཞེས་གསུངས་པས། ཁོ་ཁ་བཙུམས་ནས་སེམས་ཅན་མ་ཟོས་པས། དེ་ནས་ཚེ་འཕོས་པ་དང༌། ལྷའི་སྐྱེ་གནས་སུ་སྐྱེས་པ་ཡིན་གསུངས་པས། བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་གོམས་ཤིང་འདྲིས་པར་བྱས། འཆི་ཁར་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟན་པ་གསལ་བཏབ་པས་དེས་མཚམས་སྦྱར་ནས། ཕ་རོལ་དུ་རང་གཟུགས་སུ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡིན་ཏེ། དེ་ལྟར་ཡང༌། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ། །དཔལ་ལྡན་རྡོ་རྗེ་འཆང་དུ་འགྱུར། །ཞེས་གསུངས་སོ། །
དེ་ཡང་གཡོ་སྒྱུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང༌། སངས་རྒྱ་བར་གསུངས་ཏེ། དེ་ཡང་དཔའ་བར་འགྲོ་བའི་མདོ་ལས། བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་བར་དུ་གཅོད་པ་བརྩམས་པས། བཅོམ་ལྡན་འདས་ཀྱིས་ཞགས་པས་འཆིང་བ་རྣམ་པ་ལྔས་བཅིངས་པ་དང༌། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པས། སྡིག་ཅན་ཁྱོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གྱིས་དང༌། བཅིངས་པ་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་དང༌། ཁོས་བཅིངས་པ་ལས་གྲོལ་བར་འདོད་པའི་བསམ་པས། སེམས་བསྐྱེད་པས་བཅིངས་པ་ལས་གྲོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཞལ་ནས། སྡིག་ཅན་ཁྱོད་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལ་ཁོས་ཤགས་བཏབ། བཅོམ་ལྡན་འདས་ཀྱིས་སེམས་ལས་ནི་ལས། ལས་ལས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཞེས་གསུངས་ནས། ངས་ཞེ་ཐག་པ་ནས་སེམས་བསྐྱེད་པ་ནི་མ་ཡིན། བཅིངས་པ་ལས་གྲོལ་བར་འདོད་པའི་བསམ་པ་གཡོ་སྒྱུས་སེམས་བསྐྱེད་པ་ཡང༌། འཚང་རྒྱ་བར་ལུང་སྟོན་པ་མི་རིགས་བྱ་བ་ཟེར་བ་ལ། བཅོམ་ལྡན་འདས་ཀྱི་ཞལ་ནས། སྡིག་ཅན་ཁྱོད་དུ་མ་ཟད་མ་འོངས་དུས་ན། ཁྱོད་འདྲ་བ་ཤ་སྟག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐམས་ཅད་ཕྱིར་མི་ལྡོག་པར་ང་ཉིད་ཀྱིས་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །
གཡོ་སྒྱུས་སེམས་བསྐྱེད་པ་ཡང་འཚང་རྒྱ་བར་གསུངས་ན། ངེད་རང་ཐམས་ཅད་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་སེམས་བསྐྱེད་པས། འཚང་མི་རྒྱ་བའི་དོན་མེད་པ་ཡིན་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་གྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་སྙམ་དུ་བསམས་ནས་མེ་ཏོག་ཕྱག་ན་བསྣམས་ནས་རྗེས་བཟློས་མཛད་པ་ཞུ་འཚལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་ཐོག་མ་མེད་པ ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་དགེ་བའི་རང་བཞིན་གྱི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐུགས་རིན་པོ་ཆེ་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་པས་ཀྱང༌། སེམས་བསྐྱེད་པར་བགྱིས་ཏེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་དགྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཞེས་ལན་གསུམ་དང༌། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །
བྱང་ཆུབ་ཀྱི་སེམས་བསྲུང་བར་བྱེད་པ་ལ། བསླབ་བྱ་འདི་རྣམས་ལ་སློབ་དགོས་ཏེ། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལ་བསླབ་པ་དང༌། ཕན་ཡོན་མཐོང་ཞིང་རྗེས་སུ་དྲན་པར་བྱ་བ་ལ་བསླབ་པ་དང༌། སྤེལ་ཞིང་སྦྱངས་པ་ལ་བསླབ་པ་དང༌། སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་དང༌། ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ཉམས་སུ་བླང་བ་ལ་བསླབ་པར་བྱའོ། །དེ་ཡང༌། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་འདི། སྨོན་པ་སྐྱེ་བར་བྱེད་པའི་རྒྱུ། འཇུག་པ་སྡོམ་པའི་ངོ་བོ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དམ་ཚིག་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་དེ་བསོད་ནམས་ཀྱི་ཚོགས་ལས་བྱུང་བ་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས། སེར་སྣ་ལ་སོགས་པའི་དྲུག་སྤངས་ནས། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ཡིན། དེ་བསོད་ནམས་ཀྱི་ཚོགས་ཡིན་པས་ཉམས་སུ་བླང་བར་བྱ་བ་ལ་བསླབ་པ་བགྱི་བ་ལགས། དེ་ཡང་ཕྱག་རྒྱ་ཆེན་པོ་ནི་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དངོས་པོ་ཤིན་ཏུ་ཕྲ་བ་ཁབ་སྐུད་དམ། ནས་རྡོག་ལྟ་བུ་ཡིན་ན་ཡང༌། བྱང་ཆུབ་ཀྱི་སེམས་ཀྱི་དབང་བྱས་པས། བྱང་ཆུབ་ཀྱི་སེམས་དེ་ལ་རྒྱ་ཅི་ཙམ་ཡོད་པ་དངོས་པོ་དེ་ལ་ཡང༌། རྒྱ་དེ་ཙམ་དུ་འབྱུང་བར་འོང་བར་ལགས་སོ། །
དེས་ན་ཕན་ཡོན་མཐོང་ཞིང་རྗེས་སུ་དྲན་པར་བྱ་བ་ལ་བསླབ་པ་ནི། སྤྱིར་བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། མདོར་བསྡུས་ན་ཐོག་མ་བར་དང་ཐ་མར་དགེ་བ་གསུམ་དུ་འདུས་པ་ཡིན་ཏེ། དེ་ཡང་ཐོག་མར་དགེ་བ་ཚེ་འདིའི་བདེ་སྐྱིད་སྙན་གསུམ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་ནོ། །དེ་ལྟར་ཡང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ཡོད་ན། །ལྷ་དང་མི་སོགས་འཇིག་རྟེན་ན་ཡང་ཡོད། །ཅེས་གསུངས། བར་དུ་དགེ་བ་ས་དང་ལམ་གྱི་ཡོན་ཏན་དང༌། བདེ་སྐྱིད་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བ་ཡིན་ཏེ། བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོད་མེད་ན།། འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང༌། །ཞེས་གསུངས། ཐ་མར་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡང༌། བྱང་ཆུབ་ཀྱི་སེམས་ལས་འབྱུང་སྟེ། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང༌། །ཞེས་གསུངས་པ་དང༌། གཞན་ཡང༌། ད་ལྟ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་རྣམ་པ་གསུམ་བྱས་པས། འབྲས་བུ་སྐུ་གསུམ་ཐོབ་པ་ཡིན་ཏེ། ད་ལྟ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱས་པས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པ་ཡིན། ད་ལྟ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱས་པས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ཡིན། ད་ལྟ་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱས་པས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་འོང་བ་ཡིན་ཏེ། དེ་ཕན་ཡོན་མཐོང་བ་བགྱི་བ་ལགས། རྗེས་སུ་དྲན་པ་བགྱི་བ་ཡིན་ཏེ། གོམས་པ་འདེགས་པ་དང༌། འཇོག་པའི་བར་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་པར་གོམས་པར་བྱེད་པ་ལ་ཟེར་བ་ཡིན་ནོ། །
དེ་ནས་སྤེལ་ཞིང་སྦྱང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་འཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག ཅེས་པ་འདི་ལ་ཉིན་ལན་གསུམ་མཚན་ལན་གསུམ་ལ་སོགས་པ་ཅི་ནུས་ཚད་ལ་འབད་པ་ལགས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤེལ་བའི་དུས་ན། སྡིག་པ་དང་སྒྲིབ་པ་ཐམས་ཅད། དཔེར་ན་ཚྭ་རེག་དང་གྲང་རེག་ལྟར་ལྷན་ཅིག་ཏུ་མི་གནས་པར་འགལ་བ་ཡིན་པས་ན་འདག་པ་དང་འབྱང་བར་འོང་བ་དེ་ལ་སྤེལ་ཞིང་སྦྱང་བ་ལ་བསླབ་པ་བགྱི་བ་ལགས།
དེ་ནས་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ་ནི། གཞན་གྱིས་མི་འཐད་པའི་ལས་བྱས་པ་ལྟ་བུ་ལ་བརྟེན་ནས། ངན་པ་འདི་དང་གཏན་དུ་མི་འཕྲད་དགོས་སྙམ་པའི་བསམ་པ་བསྐྱེད་པར་སོང་ན། དེ་སེམས་ཅན་བློས་སྤང་བ་བགྱི་བ་ལགས་ཏེ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དོན་གོ་ཤ་ཚ་བཏང་ནས་ཁྱོད་རང་བཟང་ན་ཡང་རེ་འདོད་མེད། ངན་ན་ཡང་རེ་འདོད་མེད་སྙམ་པ་དེ་ཡིན། དེས་ན་དེ་ལྟ་བུའི་བསམ་པ་ཉིན་ཞག་ཕྲུགས་གཅིག་གི་དྲུག་ཆ་ལ་སྐྱེས་ན། དེའི་ཉེས་པ་ཕོག་པ་ཡིན་ཏེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། གཞན་གྱི་ལམ་སྣ་འདྲེན་མཁན་ལ་སོགས་པ་ཡིན་ན། དེ་ལྟ་བུའི་ཡུལ་མཐོང་བའི་དུས་སུ། སེམས་ཅན་འདི་འདྲ་བ་ལ་བླ་མ་ང་འདྲ་བ་དགོས་པ་ཡིན་སྙམ་དུ་གོ་ཆ་ཆེན་པོ་དགོས་ནས་དེའི་དོན་བྱེད་དགོས་པ་ཡིན། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དེས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ་དུས་རིང་ཐུང་རྣམ་པ་གསུམ་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ནས། རྫོགས་པའི་སངས་རྒྱས་ལ་འགོད་དགོས་སྙམ་པ་དེ་ཡིན་གསུང་སྐད། དེས་ན་དམན་པ་དང་མ་རུངས་པ་དེ་ལྟ་བུ་མཐོང་ན། དེ་ལ་བརྩེ་བའི་སེམས་ཀྱིས་དེའི་དོན་བྱེད་དགོས་པ་ཡིན་ཏེ། དེ་ཉམས་སུ་བླང་བ་ལ་བསླབ་པ་ཡིན།
དེ་ནས་ནག་པོའི་ཆོས་བཞི་སྤངས་ཤིང༌། དཀར་པོའི་ཆོས་བཞི་ཉམས་སུ་བླང་བར་བྱ་བ་ལ་བསླབ་པ་ལགས་ཏེ། དེ་ཡང་བླ་མ་དང་མཆོད་པར་འོས་པ་མགོ་སྐོར་ན་ནག་པོའི་ཆོས་ཡིན་པས་དེ་སྤོངས། བླ་མ་དང་དཀོན་མཆོག་ལ་བསྙེན་བཀུར་དང་ཞབས་ཏོག་བྱེད་པ་དེ་དཀར་པོའི་ཆོས་ཡིན་པས་ཉམས་སུ་བླང་བར་བྱ་བ་ལ་བསླབ་པར་བྱ་ལ། བསླབ་པ་ལ་གཞན་ཡང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་བརྗོད་པར་སོང་ན། དེ་ནག་པོའི་ཆོས་ཡིན་པས་སྤོངས་ལ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བསྔགས་པ་བརྗོད་པ་ལགས། དེ་དཀར་པོའི་ཆོས་ཡིན་པས་ཉམས་སུ་བླང་བར་བྱ་བ་ལ་བསླབ་པ་ལགས། གཞན་གྱི་དགེ་བའི་རྩ་བ་ལ་འགྱོད་པ་སྐྱེས་ན། དེ་ནག་པོའི་ཆོས་ཡིན་པས་དེ་སྤོངས་ལ། གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རངས་བྱེད་དགོས་པ་ཡིན། དེ་དཀར་པོའི་ཆོས་ཡིན་པས་ཉམས་སུ་བླང་བར་བྱ་བ་ལ་བསླབ་པ་ལགས། སེམས་ཅན་གཡོ་དང་སྒྱུས་མགོ་བསྐོར་ན། ནག་པོའི་ཆོས་ཡིན་པས་དེ་སྤོངས་ལ་དྲང་པོའི་ཆོས་ཀྱིས་སེམས་ཅན་ལ་ཕན་པ་དང༌། བདེ་བ་བསྒྲུབ་པ་ལགས། དེ་དཀར་པོའི་ཆོས་ཡིན་པས་ཉམས་སུ་བླང་བར་བྱ་བ་ལ་བསླབ་པ་ལགས་ཏེ། དེ་ལྟར་ཡང༌། དྲང་པོའི་ཆོས་ཀྱིས་འཇིག་རྟེན་ཀུན་ཏུ་བདེ། །གཡོ་དང་སྒྱུས་ནི་མཛའ་བཤེས་ཕུང་བར་བྱེད། །ཅེས་གསུངས་སོ། །
དེ་ལྟ་བུའི་ནག་པོའི་ཆོས་བཞི་པོ་དེ་ཐུན་ཚོད་ལས་འདས་ནས་སྤྱད་ན། བྱང་ཆུབ་ཀྱི་སེམས་ཉམས་པར་གཞན་ནས་དགེ་བའི་བཤེས་གཉེན་ཚན་རེ་བཞེད་པ་ཡིན་པར་གདའ་སྟེ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། བརྗེད་པའི་རྒྱུས་བརྗེད་པ་མ་གཏོགས་པ་ཉམས་པའི་རྒྱུ་མ་ཡིན་གསུངས། དེ་ལྟ་བུ་ཡང་ཤེས་པར་བྱ། དེ་ནས་སྐབས་འདིར་ཡན་ལག་བདུན་པ་ཚར་རེ་མཛད་པར་ཞུ། དེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་གོ་རིམ་ཐམས་ཅད་ཚར་བ་ལགས།
ད་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། འདི་ལ་དགེ་བའི་བཤེས་གཉེན་ཚན་རེ་ཁས་བླངས་ནི་ཆེ། ཉམས་ལེན་ནི་ཆུང་བས། བེའུ་སྦྲེལ་གཡང་ལ་ལྷུང་བའི་དོགས་ཡོད་བྱ་བ་ཟེར་ནས། ཤིན་ཏུ་གཙིགས་པ་ཡིན་པར་གདའ་སྟེ། དེ་ལ་ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དགེ་བའི་རྩ་བ་བྱས་པ་དང༌། ཆོས་ཀྱིས་བྱས་པས་བེའུ་སྦྲེལ་གཡང་ལ་འགྲིལ་དགོས་མེད་པ་ལགས། འོ་ན་གང་ལྟ་བུ་ཞིག་འགྲོ་སྙམ་ན། རྣལ་འབྱོར་པ་ཕན་ཚུན་ནང་དུ་རྩོད་པའི་ལས་བྱས་ན་དེ་ལྟ་བུར་འགྲོ་བ་ཡིན་ཏེ། དེ་ལྟར་ཡང་རྣལ་འབྱོར་རྩོད་པ་བྱུང་བའི་ཚེ། །གཅིག་ལན་གཅིག་གིས་བྱས་པ་ནི། །བེའུ་སྦྲེལ་གཡང་ལ་ལྷུང་བ་ལྟར། །གཉིས་ཀ་ངན་པ་ལྷུང་བར་འགྱུར། །ཞེས་གསུངས་པ་ཡིན་སྐད། དེས་ན་སེམས་བསྐྱེད་པ་བྱས་པ་ན། བྱ་རྒོད་གྱི་སྤུ་གསེབ་ཏུ་ཕ་ཝང་ཉལ་བ་བཞིན་དུ། གུང་རྒྱུད་དང་ཡང་རྒྱུད་དུ་འོང་བ་ཡིན་ཏེ། སྔོན་གྱི་དུས་སུ་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་འཁོར་ལྔ་བརྒྱ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མཛད་པས། འཁོར་དེ་རྣམས་ཀྱི་བསླབ་བྱ་ཉམས་པའི་ཉེས་པས། རྟ་ལྔ་བརྒྱར་སྐྱེས་པ་ཡིན་པར་གདའ། དེ་ལ་བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས། རྟ་དེ་རྣམས་ཀྱི་ནང་དུ་རྟ་ཅང་ཤེས་ཤིག་ཏུ་ བསམས་བཞིན་སྲིད་པ་ཉེ་བར་བླངས་པ་ཡིན་པར་གདའ། དེའི་དུས་ན་ཡུལ་ཕྱོགས་དེ་ན། བཅོམ་ལྡན་འདས་འཁོར་ལྔ་བརྒྱ་དང་བཅས་པ་དེར་བྱོན་པ་ལ། རྟ་ཅང་ཤེས་ལ་ཆག་བྲེ་དོ་དོ་ཡོད་པའི་བྲེ་རེ་བཅོམ་ལྡན་འདས་ལ་དྲངས། རྟ་ལྔ་བརྒྱ་པོ་ལ་ཆག་བྲེ་རེ་རེ་ཡོད་པའི་ཕྱེད་ཕྱེད་འཁོར་ལྔ་བརྒྱ་པོ་ལ་དྲངས་ནས། དབྱར་ཟླ་གསུམ་དུ་སྡིག་པ་བཤགས་པས། དེ་རྣམས་དེ་ནས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་ཡིན་པར་གདའ། དེ་ནས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གསུངས། གཞན་ཡང་དགེ་བའི་བཤེས་གཉེན་དོན་སྡིངས་པ་བྱ་བ། དེས་ཐམས་ཅད་ལ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མཛད་པ་ལ། ཁོང་གིས་སློབ་དཔོན་དགེ་བའི་བཤེས་གཉེན་ཡ་གད་པ་བྱ་བའི་ཞལ་ནས། ཁྱོད་སུ་སྣང་སྣང་ལ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མ་ཡིན་གསུང་སྐད་པ་ལ། ངས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ཞིག་བྱུང་བ་ཡིན་པས། ནུབ་གཅིག་རྨི་ལམ་ན། རྗེ་བཙུན་བྱམས་པས་སྲིད་པའི་འཁོར་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་ཞིག་ལ་ཆོས་གསུང་ཞིང་གདའ་བ་ལ། ངའི་མགོ་ན་ལྕམ་པའི་མེ་ཏོག་ངན་ནེ་བ་ཚན་གཅིག་གདའ་བ་དེ། རྗེ་བཙུན་གྱི་དབུ་ཐོག་ན་ཡར་གཏོར་བ་དང༌། མེ་ཏོག་གི་གདུགས་ཆེན་པོ་ཞིག་ཏུ་གྱུར་བ་དེ་ལ་དགའ་བ་ཞིག་སྐྱེས་པ་དང༌། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཀྱིས་ཐམས་ཅད་ལ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གྱིས་ཤིག་དང༌། ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། ངས་དེ་ལྟར་དུ་བྱས་པ་ཡིན་ཟེར་སྐད། དེར་ཁོང་གི་སློབ་མ་རྣམས་དང༌། སློབ་དཔོན་ཡ་གད་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཞུས་པ་ཡིན་པར་གདའ། དེ་ལྟ་བུའི་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ་ནི་གཉིས་ཏེ། སྨོན་པ་བརྟན་པ་དང༌། བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་དང་གཉིས་ལས་སྐྱེ་བ་ཡིན་པས། བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད། ཁ་རྗེ་དབང་ཐང༌། ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས་རྗེས་ཟློས་མཛད་པར་ཞུ་འཚལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། སློབ་དཔོན་ཁྱེད་ལས་བདག་བྱང་ཆུབ་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་འཚལ་གྱིས། གནོད་པ་མ་མཆིས་ན་མྱུར་དུ་སྩལ་ཅིང་གནང་བར་རིགས་སོ། །ཐབས་ཡིན་ནོ།། ལེགས་སོ། ཞེས་སོ། །ཡང་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཚོགས་ཐམས་ཅད་ཀྱིས་མཆོད་ནས། སྡོམ་པ་ལ་བསྐུལ་མ་གདབ་པས། མེ་ཏོག་རེ་ཕྱག་ན་བསྣམས་ནས་རྗེས་ཟློས་མཛད་པར་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། སློབ་དཔོན་གྱིས་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མྱུར་དུ་སྩལ་དུ་གསོལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ལགས་སམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བསླབ་བམ། སློབ་བམ། དེ་ཡང༌། ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ་བྱ་བ་ནི། གོང་དུ་སྨོན་པ་ལ་སོགས་པ་སེམས་བསྐྱེད་པ་ཡིན་ནམ་ཞེས་བགྱི་བ་ལགས། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་པ་ནི། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོས་སམ་ཞེས་པ་ལགས། དགེ་བ་ཆོས་བསྡུད། སེམས་ཅན་དོན་བྱེད། སྡོམ་པའི་ཚུལ་ཁྲིམས་ལ་དེ་སྔ་ཕན་ཆད་བསླབ་བམ། ད་ཕྱིན་ཆད་སློབ་བམ་བགྱི་བ་ལགས། དེས་བར་ཆད་ མེད་པ་ལགས། དེ་ནས་བདག ་གི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་པའི་གཏེར་མཛོད། ཚུལ་ཁྲིམས་རིན་པོ་ཆེ་ཡུན་རིང་པོ་མི་ཐོགས་པར་མྱུར་དུ་ཐོབ་པར་འདུག་ཨང་སྙམ་དུ་དགའ་བ་དང༌། སྤྲོ་བདེར་སྐྱེད་པར་ཞུ་འཚལ། དེ་ནས་ཡང་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ལུས་ལོངས་སྤྱོད། ཁ་རྗེ་དབང་ཐང་ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས། རྗེས་ཟློས་བྱ་མི་དགོས་པས། ཐུགས་མ་ཡེངས་པར་གསན་པར་ཞུ་འཚལ། རིགས་ཀྱི་བུ་ཁྱེད་ཀྱིས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐོབ་པར་འདོད་དམ། ཞེས་པ་དང༌། ཡུལ་གྱིས་འདོད་ལགས། ཞེས་ལན་གསུམ་བརྗོད་པའི་རྗེས་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད། དེ་ལ་ཁྱོད་ཀྱིས་ཐོབ་རྒྱུའི་སྡོམ་པ་དེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང་གསུམ་གྱིས་ཐོབ་པ་ལགས། ཡང༌། བླ་མ་ལ་ཡང་དག་པར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཚོགས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས། རྗེས་ཟློས་བྱ་མི་དགོས་པས། ཐུགས་མ་ཡེངས་པར་དུང་ངེ་གསན་པར་ཞུ་འཚལ། དེ་ཡང་ངས་ཁྱོད་ལ་ལན་གསུམ་ཕོག ཁྱོད་ཀྱིས་ལན་གསུམ་བླངས་པའི་རྗེས་ལ་སྡོམ་པ་ཐམས་ཅད་ཐོབ་པ་ཡིན། ཐོབ་པ་ལ་ཐོབ་པར་ཤེས་པར་འཚལ་བ་ལགས། རིགས་ཀྱི་བུ་ཁྱོད་ཀྱི་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་གང་ཡིན་པ་དང༌། ཚུལ་ཁྲིམས་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སློབ་པར་མཛད་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་དང༌། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་བསླབ་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་མཛད་པའི་གཞི་གང་དག་ལ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་ཐོབ་པར་འདོད་དམ། ཞེས་པ་དང༌། འདོད་ལགས་ཞེས་ལན་གསུམ་བརྗོད་པའི་རྗེས། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །དེ་ཡང་དགེ་བ་ཆོས་བསྡུད། དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་མཐའ་དག་བྱེད་པའི་སྡོམ་པ་དང༌། སེམས་ཅན་དོན་བྱེད་ཀྱི་སྡོམ་པ། འཚམས་པོ་ལ་འཚམས་པོ། རྒྱལ་པོ་ལ་དཀར་ཡོལ། སྤྲང་པོ་ལ་ཕ་འབབ། མདོར་ན་སེམས་ཅན་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་སྡོམ་པ་དང༌། སྡོམ་པའི་ཚུལ་ཁྲིམས། སོ་སོ་ཐར་པ་རིགས་བདུན། ཡོན་བདག་པ་རྣམས་ཀྱི་བསྙེན་གནས་ཀྱི་སྡོམ་པ་དང༌། དགེ་བསྙེན་གྱི་སྡོམ་པ་སྣ་གཅིག་བསྲུང་བ་དང༌། སྣ་འགའ་བསྲུང་བ་ཡན་ཆོད་ནས། གསང་སྔགས་རིག་པ་འཛིན་པའི་སྡོམ་པ་མན་ཆད་ཐོབ་པ་ལགས་ཏེ། དེ་ལྟར་ཡང༌། སངས་རྒྱས་རྣལ་འབྱོར་(རྡོ་རྗེ་མཁའ་འགྲོ་མ་)སྡོམ་པ་ལས། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌།། དགེ་བའི་ཆོས་ནི་སྡུད་པ་དང༌།།སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་སོ། །དེ་ལྟར་ངས་ཁྱོད་ལ་སྡོམ་པ་ཕོག་ཅིང༌། ཁྱོད་ཀྱིས་བླངས་པའི་སྐབས་དེར། བླ་མ་རིན་པོ་ཆེ་དང༌། ཡི་དམ་གྱི་ལྷ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔོན་གྱི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས། མདུན་གྱི་ནམ་མཁའ་ལ་བྱོན་ནས་བཞུགས་པ་ལགས། དེ་ལྟར་བྱོན་ནས་བཞུགས་པར་ཡང་བསམ་པའི་སྲིན་ལག་བརྐྱང་བ་དང༌། ངེད་རང་གིས་སྲིན་ལག་སྦྲེལ་བར་བསམ་ནས། ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཡར་ལངས་པར་བསམས་ལ། སྙིམ་པ་ནས་ཀྱི་བཀོང༌། ཐལ་མོ་སྦྱར་ལ། ངའི་རྗེས་ཟློས་མཛད་ཅིང་ཡར་བཞེངས་པར་ཞུ་འཚལ། ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པར་མ་གྱུར་གྱི་བར་དུ། བླ་མ་རིན་པོ་ཆེ་དང་མི་འབྲལ་བར་གྱུར་ཅིག ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དབུགས་འབྱིན་པར་གྱུར་ཅིག ཅེས་བརྗོད་ཅིང༌། རང་གིས་ཀྱང་ཡར་ལངས་ལ། དེ་ནས་འདི་ལྟར་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ། བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ། ལན་གསུམ་གྱིས་བར་དུ་བླངས་པ་ལས་འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང༌། རབ་འབྱམས་འཇིག་རྟེན་གྱི་ཁམས་ན། ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་བརྗོད་ཅིང༌། རང་གིས་ཀྱང་ཕྱག་བྱ་ཞིང་གཞན་རྣམས་ལ་ཡང་ཕྱོགས་ཐམས་ཅད་ལ་ཕྱག་འཚལ་བར་བསམས་ནས། ཕྱག་འཚལ་དུ་ཆུག དེ་ལྟར་ལན་གསུམ་བྱའོ། །འདིར་ཇི་ལྟར་བཤམས་པའི་མཆོད་པ་ཐམས་ཅད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕོ་བྲང་དང་གཤེགས་ཤུལ་ཐམས་ཅད་དུ། འཇའ་ཚོན་འཁྲུགས་པ་དང༌། སྤོས་ཀྱི་ངད་ལྡང་བ་དང༌། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ལྟས་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་པར་གདའ། དེའི་དུས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར། སོ་སོའི་བྱང་ཆུབ་སེམས་དཔའ་ཞུ་བར་དབང་བ་དེས། བཅོམ་ལྡན་འདས་ལ་ཕྱག་འཚལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། ལྟས་དེ་ལྟ་བུ་བྱུང་བར་བྱེད་པའི་རྒྱུ་ཅི་ལགས། རྐྱེན་ཅི་ལགས། ཞེས་ཞུ་བ་ཡིན་པར་གདའ། དེ་ལ་བཅོམ་ལྡན་འདས་དེས། མཁྱེན་ཅིང་གཟིགས་པའི་གནད་ཀས། རིགས་ཀྱི་བུ་འདི་ནི་མི་མཇེད་ཀྱི་ཁམས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ། བྱང་ཆུབ་སེམས་དཔའ་འདི་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་འདི་རྣམས་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བྱིན་པའི་ལྟས་ཡིན། དེ་རྣམས་ཐམས་ཅད་ལ་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པར་དགོངས། བྱང་ཆུབ་སེམས་དཔའ་དེ་རྣམས་ནི་སྤུན་དྲུང་པོར་དགོངས་བགྱི་བ་ཡིན་པར་གདའ་སྟེ། སྡོམ་པ་ཉི་ཤུ་པ་ལས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱི་རྒྱས་པ་དང༌། །བུ་སྡུག་ལྟ་བུར་དགོངས་པར་འགྱུར། །ཞེས་གསུངས་པས་ཁྱེད་རྣམས་ཐམས་ཅད་ཀྱིས། སངས་རྒྱས་ཐམས་ཅད་ལ་ཕ་ཡི་འདུ་ཤེས་འཇོག་པ་ལགས། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སྤུན་དྲུང་པོའི་འདུ་ཤེས་འཇོག བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་མི་ཟད་པའི་གཏེར་མཛོད་ཀྱི་འདུ་ཤེས་བསྐྱེད་དགོས་པ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བྱ་བ་ཡང་ཁྱེད་རང་རྣམས་ལ་ཟེར་བ་ཡིན། བྱང་ཆུབ་སེམས་དཔའ་ཆེན་པོ་བྱ་བ་ཡང་ཁྱེད་རང་རྣམས་ལ་ཟེར་བ་ཡིན་གསུངས། དེས་ན་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའ་འབའ་ཞིག་ཡིན། ཆོས་རྗེ་རིན་པོ་ཆེའི་སྤྱན་སྔར། མཁན་སློབ་རྣམ་པས་དབུ་མཛད་དགེ་བའི་བཤེས་བསྙེན་འགའ་ཚོགས་པའི་དུས་གཅིག་ན། མཁན་པོ་རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་པ་འདི་རྣམས་རབ་སངས་རྒྱས། འབྲིང་བྱང་ཆུབ་སེམས་དཔའ། ཐ་མ་ཉན་ཐོས་དང་རང་སངས་རྒྱས་བྱ་བ་ཡིན་གསུང་བ་ལ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། མཁན་པོ་རིན་པོ་ཆེ་དེ་སྐད་མ་གསུངས་ཤིག ངའི་འདི་ན་ནི་ཉན་ཐོས་དང་རང་སངས་རྒྱས་མེད་པ་ཡིན་ནོ་གསུངས། དེ་ཡང་གང་ལ་དགོངས་ན། སེམས་མ་བསྐྱེད་ན་མ་བསྐྱེད། སྐྱེད་ཕྱིན་ཆད་བྱང་ཆུབ་སེམས་དཔའ་མཐོ་དམན་འབྲིང་གསུམ་མ་གཏོགས་པ་གཞན་མེད་པ་ཡིན་པས། དེ་ལྟར་དུ་ཤེས་པར་བྱ། གཞན་ཡང་སྔར་སྨོན་པའི་སྐབས་སུ། བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་མེད་པར་སོང་ན། བྱང་ཆུབ་ཀྱི་སེམས་མི་སྐྱེ་བས། ངེས་པར་སངས་རྒྱས་ཀྱི་འདུ་ཤེས་སྐྱེད་དགོས་པར་གསུངས་པ་དང༌། འདིར་འཇུག་པའི་སྐབས་སུ། བདག་བྱང་ཆུབ་སེམས་དཔའ་ཞེས་པ་ནས། སློབ་དཔོན་བྱང་ཆུབ་སེམས་དཔའ་བ་འབྱུང་བ་གཉིས་འདི་འགལ་ལམ་སྙམ་ན། སྨོན་པ་འབྲས་བུ་ལ་དམ་བཅའ་བ་ཡིན་པས། འབྲས་བུ་སངས་རྒྱས་ཀྱི་འདུ་ཤེས་ངེས་པར་དགོས་པ་ཡིན་ལ། འཇུག་པ་རྒྱུ་ལ་དམ་བཅའ་བ་ཡིན་པས་ན། འདིར་དེ་ལྟར་བྱུང་བ་ཡིན་གསུངས། བྱང་ཆུབ་སེམས་དཔའ་འདིས་གཞན་བསྲུང་བར་བྱེད་པ་གལ་ཆེ་སྟེ། གྱ་ཚོམ་དུ་མ་བསྒྲག་གསུངས་པས། གཞན་མ་དད་པས་ཐོས་ནས་སྡིག་པ་གསོག་པའི་དོགས་ཡོད་པས། དེ་བས་ བསགས་པར་སོང་ན་བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་ཅི་ཙམ་ཡོད་པ་དེ་ཙམ་དུ་སྡིག་པ་བསགས་ན། ཉེས་བྱས་ཀྱང་དེ་ཙམ་གྱི་ཆེ་བ་ཡིན་པས། གཞན་མ་དད་པ་རྣམས་ལ་གསང་བར་བྱེད་པ་གལ་ཆེ། དེས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་རིམ་པ་ཐམས་ཅད་ཚར་བ་ལགས་སོ། །
ད་ནི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་པས། འདི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དབང་བཞི་པའི་དོན་ཡིན། འདི་ཡི་དུས་སུ་བླ་མ་ལ་སངས་རྒྱས་གཅིག་པུའི་འདུ་ཤེས་ཀྱིས་མི་ཕན་པས། ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་དགོས་པ་ཡིན་ཏེ། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས། བླ་མ་ལ་ཇི་ལྟར་མཐོང་བ་བཞིན་དུ་རང་ཉིད་ལ་ཡང་དེའི་ཡོན་ཏན་སྐྱེ་བ་ཡིན་པས། བླ་མ་ལ་སྤྲུལ་པའི་སྐུར་མཐོང་ན་རང་ཉིད་ཀྱིས་གཞན་དོན་འགྲུབ་པར་འགྱུར་ལ། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་ན་འདོད་པའི་དོན་འགྲུབ་ལ། ཆོས་ཀྱི་སྐུར་མཐོང་ན་རང་ཉིད་ལ་རྟོགས་པ་སྐྱེ་བ་ཡིན་གསུངས་སྐད། དེས་ན་ཆོས་རྗེ་རིན་པོ་ཆེས་བཙུན་ཆུང་ཞིག་ལ་ཁྱོད་ཀྱིས་ང་ལ་ཆོས་སྐུར་མཐོང་ངམ་གསུངས་པ་ལ། རིན་པོ་ཆེ་དག་ཨ་ཅང་ཡང་ཆེ་སྟེ། ང་རང་ཡང་ཆོས་ཀྱི་སྐུ་ཡིན་ཟེར་བ་ལ་མཉེས་པ་ཡིན་པར་གདའ་སྟེ། བླ་མ་ལ་ཆོས་ཀྱི་སྐུར་མཐོང་ན་རང་ཉིད་ལ་ཡང་དེའི་རྟོགས་པ་སྐྱེ་བ་མཐོང་ཆོས་ཡིན་ཏེ། དེ་བས་ན་དབང་དེ་ཡང་མཚན་ཉིད་བླ་མ་རིན་པོ་ཆེ་ལྟ་བུ་ཞིག་ལས་ཐོབ་དགོས་པ་ཡིན་ཏེ། དེ་ཐོབ་པ་ལ་རྟོགས་པ་སྐྱེས་པ་ཞིག་དགོས་པ་ཡིན། དེ་མ་རྟོགས་པ་ཆོ་གའི་དབང་དེ་ནི་གཞན་ལས་ཀྱང་ཐོབ་པ་ཡིན། དེ་བས་ན་འདི་བསྐྱེད་པའི་བླ་མ་ལ། སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་དང༌། ཡོན་དུ་གསེར་ཕུལ་བ་དང༌། མར་མེ་མཛད་ཀྱིས་ཀྱང་ཕྱག་འཚལ་དགོས་པ་ཡིན། དེ་ཡང་ཡོན་དུ་གསེར་བྱ་བ་ཡིན་ཏེ། ཁྱེད་རང་ཐམས་ཅད་ཀྱིས་འབུལ་བ་ཞབས་ཏོག་དང༌། ཞབས་འབྲིང་བགྱིས་པ་འདི་དག་ཐམས་ཅད་ལས་ལྷག་པ་མེད་པ་དེ་ལ་གསུངས་པ་ལགས། མར་མེ་མཛད་ཀྱིས་ཀྱང་ཕྱག་བྱ་བ་ལགས་ཏེ། བཅོམ་ལྡན་འདས་མར་མེ་མཛད་ལ་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བས། རལ་པ་གསེར་བཙོ་མའི་མདོག་ལྟ་བུ་གདན་ལ་བཏིང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གསུངས་པ་དང་འདྲ་བར། ངེད་རང་ཐམས་ཅད་ཀྱིས་བླ་མ་རིན་པོ་ཆེའི་ཞབས་ཀྱིས་པད་མོ་ལ་བཏུགས་ནས་ཕྱག་དཔག་ཏུ་མེད་པ་འཚལ་བར་བསམ། དེ་ཡང་ས་གུལ་ལ་ཤོང་ན་དངོས་སུ་འཚལ་དགོས་པ་ལགས། གཞན་ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་མཁར་གྱི་སྟེང་དུ། ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་གཅིག མུ་དྲའི་ཕྱག་རྒྱ་སླ་ང་ཙམ་གཅིག སྤང་སྐོང་ཕྱག་རྒྱ་གཅིག་དང་གསུམ་བྱོན་པ་འདི་ལྟར་དུ་མཚོན་ལུགས་རྣམ་པ་གསུམ། མཚོན་པའི་བརྡར་བྱོན་པ་ཡིན་ཏེ། ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་དེ་སེམས་ཉིད་དྲི་མ་མེད་པའི་བརྡར་བྱོན་པ་ཡིན་ལ། དེ་ཐབས་གང་གིས་མངོན་དུ་འགྱུར་སྙམ་པ་ལ། མུ་དྲའི་ཕྱག་རྒྱ་སླ་ང་ཙམ་པ་ལགས་ཏེ། ངེད་རང་གི་མཉམ་གཞག་གི་ཕྱག་རྒྱ་འདི་ལ་གསུངས་པ་ལགས་པས། འདིས་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར་བའི་གནད་ཀས་དེའི་བརྡར་བྱོན་པ་ཡིན། སངས་རྒྱས་ཅི་ཙམ་ཞིག་ལ་ཕྱག་འཚལ་མོས་གུས་བྱས་པ་ཡིན་ན། སེམས་ཀྱི་རང་བཞིན་མཐོང་སྙམ་པ་ལ། སངས་རྒྱས་ལ་སོགས་པ་ལ་ཕྱག་བྱས་མོས་གུས་བྱས་ན་མཐོང་ཞེས་པའི་བརྡ་ལ། སྤང་སྐོང་ཕྱག་རྒྱ་པ་བྱོན་པ་ཡིན། དེས་དེ་ལྟ་བུའི་སེམས་ཉིད་དྲི་མ་མེད་པ་དེ་རྟོགས་ཤིང༌། མངོན་དུ་འགྱུར་བར་བྱེད་པ་ལ། བླ་མ་དམ་པ་དགོས་པ་ཡིན། དེ་ལྟར་ཡང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བསྟེན་པ་དང༌། །རང་གི་བསོད་ནམས་ལས་ཤེས་བྱ།། ཞེས་པ་དང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །ཅེས་གསུངས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བསྡུས་པའི་བདག་ཉིད་བླ་མ་དམ་པ་ཡིན་པས། ཡང་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཚོགས་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཡུལ་རིས་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས། མཆོག་གི་སྐྱབས་འགྲོ་བགྱི་བས་རྗེས་ཟློས་རེ་མཛད་པར་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་ནས། ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པ། བླ་མ་རིན་པོ་ཆེའི་སྐུ་ལ་སྐྱབས་སུ་མཆིའོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་གྱུར་པ། བླ་མ་རིན་པོ་ཆེའི་གསུང་ལ་སྐྱབས་སུ་མཆིའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པ། བླ་མ་རིན་པོ་ཆེའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང༌། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད། ད་ཁྱེད་རང་སོ་སོའི་ལུས་ཡི་དམ་གྱི་ལྷ་གང་ཡིན་པ་ཝལ་གྱིས་བསྒོམ། ཡི་དམ་ལྷ་ངོས་བཟུང་མེད་པ་ཀུན་ཇོ་བོ་ཐུགས་རྗེ་ཆེན་པོར་བསྒོམ་པར་ཞུ་འཚལ། དེ་ལྟར་ཡི་དམ་གྱི་ལྷ་སྒོམ་པའི་དུས། ཡི་དམ་གྱི་ལྷ་གང་ནས་ཀྱང་འོངས་པ་མེད་ཅིང༌། ཐ་མལ་པའི་ལུས་གང་དུ་ཡང་སོང་བ་མེད་ཅིང༌། དེ་སྒོམ་པའི་དུས་ན། ཡི་དམ་གྱི་ལྷའི་སྐུར་སྣང་ལ། ཐ་མལ་པའི་ལུས་སུ་བཟུང་བའི་དུས། ཐ་མལ་པའི་ལུས་གང་ནས་ཀྱང་འོངས་པ་མེད་ཅིང༌། ཡི་དམ་གྱི་ལྷ་གར་ཡང་སོང་བ་མེད་པར་སོང་ན་ཡང་དེར་བཟུང་བའི་དུས། ཐ་མལ་པའི་ལུས་སུ་སྣང་བ་ཡིན་པས། བྱེད་པ་པོ་གཞན་མེད་པར་རང་གི་སེམས་ཡིན་ཏེ། སེམས་ཀྱིས་གར་བཏགས་པ་དང་བཟུང་བར་སྣང་བ་ཡིན་ནོ། །དེ་ལྟར་ཡང༌། རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང༌། །ཞེས་གསུངས་སོ། །དེ་བཞིན་དེ་ལྟ་བུའི་ངེས་པའི་ཤེས་པ་ཞིག་ཡོད་པར་སོང་ན། ནད་དང་གནོད་པ་སྡུག་བསྔལ་མི་མཐུན་རྐྱེན་དང་བར་ཆད་ཐམས་ཅད་ཟློག་པར་བྱེད་པ་ལ་ཚེགས་མེད་པས། ད་ལྟར་ནད་དང་གནོད་པ་མང་བ་འདུག་པ་འདི་ཡང་རང་ཉིད་ཐ་མལ་པའི་ལུས་སུ་བཟུང་བས་ལན་པ་ཡིན། དེ་ལྟར་མ་ཡིན་པ་བླ་མ་དམ་པའམ། ཡི་དམ་གྱི་ལྷར་བསྒོམ་པའི་དུས་ན། དེའི་སྐུ་ལ་ཉེས་པ་དེ་དག་གནས་པའི་ས་མེད་པས་མྱུར་དུ་འདག་པ་ཡིན་ནོ།། སྔོན་དཔལ་ལྡན་ཕག་མོ་གྲུ་པས་ཚོགས་ཆོས་གྱེས་ནས་ཡར་ལ་བཞུད་དུས་ཤིག་ལ། སྔགས་བུ་མི་གཞོན་ཞིག་གིས་སྐད་བཏང་ནས། བླ་མ་རིན་པོ་ཆེ་ང་ལ་ཐུགས་ལ་འདོགས་པར་ཞུ་བྱ་བ་ཟེར་བ་ལ། ཞལ་ཕྱིར་ལ་གཟིགས་ནས་ཁོ་བོ་བསྒོམ་གསུངས་སྐད། དེ་ལ་དེའི་དུས་ན། སྔགས་བུ་དེ་ཁམས་གཞིས་ཟིན་པ་ཞིག་ཡིན་པར་གདའ་བ་དེ་སྤྱིལ་པོ་ཞིག་ཏུ་ཕྱིན་ནས། དཔལ་ཕག་མོ་གྲུ་པ་སྒོམ་ཞིང་བསྡད་པས། ནམ་སྲོད་ལ་ཁོ་ལ་གནོད་བྱེད་དེ་བྱུང་ནས། འདི་ན་ནི་བླ་མ་ཆེན་པོ་དེ་གདའ། ངའི་ནད་པ་དེ་གར་སོང་ན་བྱ་བ་ཟེར་སྐད། ཁོས་དེ་ཕན་པར་རིགས་ནས་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས། ནམ་ཕྱེད་ཀྱི་དུས་ན་ཡང་བྱུང་ནས་མདུན་ཕྱོགས་ལ་སོགས་པར་འོང་མི་ཕོད་པར་བྱས་ནས་གོང་ལྟར་ཟེར་སྐད། དེ་བས་ཀྱང་ཤིན་ཏུ་ཕན་པ་རིགས་ནས། འབད་འབུངས་སྟོན་ནས་སྒོམ་པས། ནམ་ཐོ་རངས་ཀྱི་དུས་ན་མ་ཀི་ཡར་ཆབ་གཙང་པོའི་འགྲམ་ན་ཡར་འགྲོ་མར་འགྲོ་བྱེད་ཀྱིན་ངུ་ཞིང་དགོན་པ་ན་ཡར་ལྟ་ཡང་མི་ཕོད་པར་གདའ་སྐད། དེས་ནུབ་གཅིག་པོ་དེ་རང་གིས་ནད་དང་གནོད་པ་ཐམས་ཅད་དེས་དག་པ་ཡིན་པར་གདའ། དེ་ཡང་སྔར་གྱི་སྔགས་བུའི་ལུས་གང་དུ་ཡང་སོང་བ་མེད་ལ། དཔལ་ལྡན་ཕག་མོ་གྲུ་པའི་སྐུ་གང་ནས་ཀྱང་འོངས་པ་མེད་ཀྱང༌། དེར་སྒོམ་པའི་དུས་ན། དེའི་སྐུར་གྱུར་པས་ནད་དང་གནོད་པ་འདག་པ་ཡིན་ལ། སྔར་སྔགས་པའི་ལུས་བཟུང་བའི་དུས་ན། དཔལ་ལྡན་ཕག་མོ་གྲུ་པ་གར་ཡང་སོང་བ་མེད་ཅིང༌། སྔགས་བུའི་ལུས་གང་ནས་ཀྱང་འོངས་པ་མེད་པ། དེར་བཟུང་བའི་དུས་སུ་སྔགས་བུའི་ལུས་སུ་སྣང་ནས་ནད་དང་གནོད་པ་དེ་ལྟར་དུ་བྱུང་ནས། སེམས་ཀྱིས་གང་བསམ་པ་དེའི་ལུས་སུ་འོངས་ནས། སེམས་ཀྱི་ལུས་དང༌། ལུས་ཀྱི་སྣང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་ལས། སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག ཅེས་གསུངས་པས། སེམས་གང་ཡིན་པར་སོང་ན་ལུས་ལྟ་བུ་དང༌། ལུས་གང་ཡིན་པར་སོང་ན་སེམས་ལྟ་བུ་དང་སེམས་ཚིག་ཏུ་བརྗོད་པའི་ངག་དེ་ལྟ་བུར་བརྗོད་ཅིག །ཅེས་གསུངས་པ་ཡིན་པས། ཡང་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་སྐྱེད། མཆོད་པའི་སྤྲིན་ཚོགས་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་ཕྱག་ཏུ་བསྣམས་ནས། རྗེས་ཟློས་མཛད་པར་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། བཟུང་བ་དང༌། འཛིན་པ་ཐམས་ཅད་རྣམ་པར་སྤངས་པ། ཆོས་ བདག་མེད་པ ་མཉམ་པ་ཉིད་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་དང༌། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད། དེ་ཡང་ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཐུགས་ཇི་ལྟར་བསྐྱེད་པ་དེ་བཞིན་དུ། ངེད་རང་གིས་ཀྱང་དེ་ལྟར་དུ་སེམས་བསྐྱེད་པ་ཡིན་ནོ། །དེ་ལྟར་ཡང༌། དངོས་པོ་ཐམས་ཅད་དང་བྲལ་ཞིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་དང་བྲལ་བ། །ཆོས་ བདག་མེད་པ ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །དེས་སེམས་བསྐྱེད་པ་རྣམ་གསུམ་གྱིས་དངོས་གཞི་ཚར་བ་ལགས།།
ད་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དང༌། དེ་བསྐྱེད་པའི་དགེ་བའི་བཤེས་གཉེན་བླ་མ་རིན་པོ་ཆེ་དང་མི་འབྲལ་བའི་སྨོན་ལམ་བཏབ་པས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མཆོད་པའི་སྤྲིན་ཚོགས་ཐམས་ཅད་ཀྱིས་མཆོད། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང༌། ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་རེ་ཕྱག་ཏུ་བསྣམས་ནས་རྗེས་ཟློས་མཛད་པར་ཞུ་འཚལ། སློབ་དཔོན་དགོངས་སུ་གསོལ། ནམ་ཞིག་ཚེ་རབས་ཐམས་ཅད་དུ། བྱང་ཆུབ་ཀྱི་སེམས་མི་གཏོང་ཞིང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་བླ་མ་རིན་པོ་ཆེ་དང་མི་འབྲལ་བར་གྱུར་ཅིག ཞེས་ལན་གསུམ་དང༌། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པར་བྱའོ། །དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་གའི་གོ་རིམ་ཐམས་ཅད་ཚར་བ་ལགས། ད་དུས་རྒྱུན་གྱི་སྒོམ་རྒྱུ་དང༌། ལག་ལེན་ལ་འདེབས་རྒྱུ་འདི་ལགས་པས། ངས་ཇི་ལྟར་སྤྲོད་པ་བཞིན་དུ་ཐུགས་མ་ཡེངས་པར་བསྒོམ་པར་ཞུ་འཚལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱའོ་སྙམ་དུ་བསམ། དེ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དུས་རྒྱུན་ཆད་མེད་པར་སྒོམ་རྒྱུ་དང་ལག་ལེན་ལ་འདེབས་རྒྱུ་ལགས། དེའི་ཆེད་དུ་སྤྱིར་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་པོ་འདི་དགེ་བ་ལ་བཀོལ། མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་བཟུང་ནས་ཉི་མ་སང་ད་ཙམ་གྱི་བར་དུ། ཡང་ལུས་ངག་ཡིད་གསུམ་པོ་དགེ་བ་ལ་བཀོལ་སྙམ་དུ་བསམ། དེ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་རྒྱུན་ཆད་མེད་པར་སྒོམ་རྒྱུ་དང་ལག་ལེན་ལ་འདེབས་རྒྱུ་ལགས། དེ་ནས་ཁྱེད་རང་སོ་སོའི་ལུས་ཡི་དམ་གྱི་ལྷ་གང་ཡིན་པ་བསྒོམ། ཡི་དམ་གྱི་ལྷ་ངོས་བཟུང་མེད་པ་རྣམས། ཇོ་བོ་ཐུགས་རྗེ་ཆེན་པོ་ཝལ་གྱིས་བསྐྱེད། དེའི་ཐུགས་ཀ་ན་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེ་བཞུགས་པར་བསམ། དེ་ནས་རང་གི་སེམས་རིག་རིག་ཏུར་ཏུར་པོ། རྣམ་པར་རྟོག་པ་མི་སྐྱེ་དགུ་སྐྱེ། བསམ་མནོ་མི་བྱེད་དགུ་བྱེད་ཀྱི་སེམས་འདི་ལ་ནང་དུ་ཅེར་ལྟ་བ་ལགས། སེམས་དེ་ལ་དེ་ལྟར་བལྟས་པའི་དུས་ན། བལྟས་ཙམ་ཉིད་ལ་ཅིར་ཡང་གྲུབ་པ་མེད་པར་གནས་པ་ལགས། དེ་ལ་མཐོ་དམན་དང་བཟང་ངན་གྱི་རྟོག་པ་གང་ཡང་མ་སྐྱེས་པར་ཅི་གནས་གནས་ཀྱི་བར་སྐྱོང་བ་ལགས། དེ་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྒོམ་རྒྱུ་དང་ལག་ལེན་ལ་འདེབས་རྒྱུ་ལགས། ཐུགས་མ་ཡེངས་པར་དེ་ལྟར་བསྒོམ་པ་ཞུ་འཚལ། ངས་གཏོར་མ་འདི་དག་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ལ་ཕུལ་བས་ཁྱེད་རྣམས་ཀྱིས་གདོང་གྲོགས་མཛོད་ཅིག་ཅེས་པའི་བཀའ་བསྒོ་བགྱིད་འཚལ། དེ་ནས་དྲིལ་བུ་བསིལ་ཞིང༌། གཏོར་མ་ཕུལ་ནས་བཀའ་བསྒོ་བྱས་པའི་རྗེས་ལ། ཡི་གེ་བརྒྱ་པ་ཚར་བདུན་བདུན་ཙམ་བགྲང་བར་ཞུ་འཚལ། དེ་ལྟར་འབྲི་གུང་གནས་བཞུགས་འགྲོ་མགོན་གྱིས། །དེར་འདུས་རྒྱ་མཚོ་ལྟ་བུའི་ཚོགས་དབུས་སུ།། ཟབ་ཅིང་རྒྱ་ཆེ་བྱང་ཆུབ་སེམས་བསྐྱེད་པའི། །མཁའ་ལྟར་མཐའ་ནི་མངོན་པར་མི་ནུས་ཏེ། །འོན་ཀྱང་བདག་གིས་ཐོབ་པར་ཕལ་ཆེར་དུས། །ཅི་ཞིག་བཀའ་སྩལ་རིམ་པ་དེ་ཉིད་ཀྱི། །གསུང་ལ་ལྷག་པར་གུས་སོགས་དེ་དག་གིས། །དྲན་པས་བསྐུལ་བྱེད་ཟིན་ཙམ་ཡི་གེར་བྲིས། །འདི་ལ་ནོར་འཁྲུལ་ཉེས་སྐྱོན་ཅི་མཆིས་པ། །རབ་འབྱམས་བཀའ་དང་དེ་ཡི་དགོངས་འགྲེལ་དང༌།། བླ་མའི་དྲིན་དང་ཡངས་པའི་ཤེས་རབ་ཀྱི། །དམ་ཆོས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །འདི་བྲིས་དགེ་བས་མཁའ་མཉམ་འགྲོ་བའི་ཚོགས། །བྲལ་སོགས་ཡོན་ཏན་མཚན་དཔེ་ཀུན་མངའ་ཞིང༌། །མཚན་ཐོས་མི་ལྡོག་སར་འགོད་ཐུབ་དབང་མཆོག །ཚེ་འདིར་མྱུར་ཐོབ་བསྟན་པ་རྒྱས་བྱེད་ཤོག བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ། བླ་མ་རིན་པོ་ཆེའི་ཞབས་ཀྱིས་རྡུལ་ལ་རེག་ཅིང༌། དེ་ཉིད་ཀྱི་རིགས་སུ་གཏོགས་པ་བན་སྡོམ་དཔལ་གྱི་མིང་ཆེན་གྱིས། །རང་གཞན་གྱི་དོན་དུ་ཟིན་བྲིས་སུ་བཀོད་པའོ། །