བསད་ལས་སྒྲོལ་བྱེད་རལ་གྲི།
ཕུར་པ་གསང་བ་སྤུ་གྲི་ལས༔ བསད་ལས་སྒྲོལ་བྱེད་རལ་གྲི་ཞེས་བྱ་བ་བཞུགས༔
རྡོ་རྗེ་གཞོན་ནུའི་ལྷ་ལ་འདུད༔ ཕུར་པ་གསང་བ་སྤུ་གྲི་ཡི༔ བསད་ལས་རུ་དྲ་སྒྲོལ་བྱེད་འདི༔ གསང་སྔགས་འཛིན་པའི་རྣལ་འབྱོར་ལ༔ ཇག་ཆོམ་རྐུན་མས་འཚེ་བའམ༔ མ་ཉེས་ཁ་ཡོག་འབྱུང་བའི་ཚེ༔ བསད་པའི་ལས་རིམ་འདི་ཉིད་ལ༔ བརྩོན་པ་ཙམ་གྱིས་རྡུལ་དུ་བརླག༔ གོང་དུ་ཡི་དམ་གཞུང་བསྲངས་ཏེ༔ རྣལ་འབྱོར་མདུན་དུ་ཧོམ་ཁུང་ནི༔ དགྲ་ཡི་གཟུགས་བྱད་ཚང་བར་བྲི༔ སྲོག་སྙིང་ཛཿབཞིས་གཟིར་ནས་སུ༔ ཡན་ལག་ཛཿཧཱུྃ་བཾ་ཧོས་འཆིང༔ མཐའ་སྐོར་མིང་རུས་ནོར་རྫས་བཅས༔ ཁུག་ཅིག་ཨ་ཀརྴ་ཡ་ཛ༔ ཞེས་དང་གཙོ་བོའི་སྔགས་ཤམ་དུ༔ བསད་སྔགས་བཏང་ཞིང་དམོད་བཅོལ་བྲིས༔ ཐོག་མར་གསེར་སྐྱེམས་ཕུད་ཀྱིས་བརྔན༔ དེ་ནས་གཟུ་དཔང་གསོལ་བ་ནི༔ ཧོ༔ དགོངས་སུ་གསོལ་ལོ་སྐྱེ་མེད་ཆོས་ཀྱི་སྐུ༔ གསན་དུ་གསོལ་ལོ་རིགས་ལྔ་ལོངས་སྐུའི་ཚོགས༔ ཐུགས་རྗེས་གཟིགས་ཤིག་གང་འདུལ་སྤྲུལ་པའི་སྐུ༔ ཞིང་བཅུ་སྒྲོལ་བའི་གཟུ་དང་དཔང་པོ་མཛོད༔ ངས་ནི་མ་ཉེས་མ་ཡོ་དཀོན་མཆོག་གསུམ༔ རང་དོན་དོར་ཞིང་གཞན་དོན་དང་དུ་བླངས༔ ཚེ་གཅིག་བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་ཀྱང༔ ཞིང་བཅུ་དམ་ཉམས་འདི་ཡིས་མ་སྟེར་རོ༔ ཁྱད་པར་རྡོ་རྗེ་ཕུར་པའི་སྒོར་ཞུགས་ནས༔ རྩེ་གཅིག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ༔ བརྩོན་ཞིང་བསྐྱེད་རྫོགས་ཉམས་སུ་བླང་སྙམ་ཡང༔ སྡིག་ཅན་དམ་ཉམས་འདི་ཡིས་མ་སྟེར་རོ༔ མི་མེད་དབེན་པའི་བསམ་གཏན་ནགས་ཁྲོད་དུ༔ རིམ་གཉིས་ཏིང་འཛིན་ཟབ་མོ་བསྒོམ་ནས་སུ༔ བསྟན་དང་འགྲོ་བའི་ཕན་བདེ་སྤེལ་སྙམ་ཡང༔ ཉེས་བྱེད་སྡིག་ཅན་འདི་ཡིས་མ་སྟེར་རོ༔ ལོག་པར་འདྲེན་པའི་ཉེས་བྱེད་དམ་ཉམས་འདིས༔ བཙུན་པའི་ཚུལ་བཟུང་སྡོམ་པ་མི་བསྲུང་ཞིང༔ སངས་རྒྱས་བསྟན་པ་སྣ་ཚོགས་ཐབས་ཀྱིས་བཤིགས༔ ལས་དང་རྒྱུ་འབྲས་མེད་ཟེར་ཁྱད་གསོད་བྱས༔ ཤཀྱ་ཐུབ་པ་མི་བདེན་རྫུན་ཡིན་ཟེར༔ དུས་གསུམ་སངས་རྒྱས་ཐམས་ཅད་གཟུ་དང་དཔང༔ བྱང་སེམས་ཚུལ་བཟུང་གཞན་ལ་གནོད་པ་བྱེད༔ ཁ་ནས་འགྲོ་དོན་སྨོན་ཀྱང་འཇུག་གནོད་སྦྱོར༔ རྒྱལ་སྲས་བསླབ་པ་བཤད་ལ་ལོག་པར་ལྟ༔ བྱང་སེམས་འཕགས་པའི་ཚོགས་རྣམས་གཟུ་དང་དཔང༔ སྔགས་པའི་ཚུལ་འཆང་དམ་ཚིག་མི་བསྲུང་ཞིང༔ དུག་ལྔ་ལམ་ཁྱེར་མི་ཤེས་འཇོལ་ཉོག་སྤྱོད༔ ཐོ་ཅོའི་སྤྱོད་པ་གསང་སྔགས་བླ་བཙོང་བྱེད༔ པད་འབྱུང་ནང་པ་མ་ཡིན་མུ་སྟེགས་ཟེར༔ གསང་སྔགས་དཀྱིལ་འཁོར་ཐམས་ཅད་གཟུ་དང་དཔང༔ གཙོ་བོའི་ཚུལ་བཟུང་དམག་ཇག་འཁོར་དུ་བསགས༔ དངོས་སུ་འཕྲོག་ཅིང་ལྐོག་ནས་ནོར་རྫས་རྐུ༔ ཁ་མཆུ་མི་ཁ་ཉེས་མེད་ཁག་འདེབས་ཅིང༔ དོ་བརྡོ་ཕོད་བཙུགས་མཚོན་བརྡར་ཐད་ནས་ལངས༔ ནམ་མཁས་གར་ཁྱབ་སངས་རྒྱས་གཟུ་དང་དཔང༔ བླ་མའི་ཚུལ་བཟུང་ལྟ་བའི་གདེང་མེད་ཀྱང༔ དཀོན་མཆོག་དཀོར་ལ་རྔམས་ཤིང་མི་དགེ་སྤྱོད༔ གསང་སྔགས་ཟབ་ཆོས་ཉམས་སུ་མ་བླང་བར༔ དབང་བསྐུར་ཆོས་བཤད་དད་ཟས་དཀོར་ནོར་བསྡུ༔ རྒྱལ་ཁམས་མགོ་བསྐོར་བསྟན་པའི་བླ་བཙོང་བྱེད༔ བར་སྣང་གར་ཁྱབ་དམ་ཆོས་གཟུ་དང་དཔང༔ བྲན་གཡོག་ཚུལ་བཟུང་ཇག་ཆོམ་རྐུ་བ་དང༔ དབེན་པ་བརྟེན་པའི་རྣལ་འབྱོར་འཕྲོག་ཅིང་གསོད༔ སྡེ་དགོན་བརླག་དང་གཙུག་ལག་མཆོད་རྟེན་བཤིགས༔ རི་ཀླུང་རྔོན་རྒྱ་ཆོས་ཁྲིམས་རལ་བ་དང༔ བཀའ་འགལ་དམ་ལོག་དཀོན་མཆོག་རྒྱབ་རྟེན་བྱེད༔ ས་གཞིས་གར་ཁྱབ་དགེ་འདུན་གཟུ་དང་དཔང༔ ཉམས་ཆུང་ཚུལ་གནས་དམན་པའི་ས་བཟུང་སྟེ༔ སྒོ་གསུམ་ གང་གིས་ཉེས་པ་མ་བྱས ་ཀྱང༔ བཙན་བཙུག་གླེང་འདེབས་སྟེང་ནས་གཉའ་གནོན་བྱེད༔ མི་བསད་ནོར་འཕྲོག་སྦྲ་དང་ཁང་པ་བསྒྱེལ༔ འདི་ཡིས་མ་ཉེས་ཉེས་པ་སུ་ཡིས་བྱས༔ བླ་མ་ཡི་དམ་མཁའ་འགྲོ་གཟུ་དང་དཔང༔ རང་གིས་ཉེས་ པ་གང་ཡང་མ་བྱས ་ཀྱང༔ ལྟ་སྒོམ་སྤྱོད་པའི་གདེང་དང་མི་ལྡན་པས༔ སྔགས་པར་བརྫུས་ནས་རྦོད་གཏོང་མཐུ་གཏད་བྱེད༔ སྙིང་རྗེ་མེད་པའི་ཞེ་སྡང་དྲག་པོའི་སྒོས༔ ངོ་མདངས་གནག་ཅིང་སྡང་མིག་ཧུ་རེ་ལྟ༔ མིང་རུས་ངག་ཏུ་བརྗོད་ཅིང་ཁུག་ཅིག་ཟེར༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་གཟུ་དང་དཔང༔ ངས་ནི་མ་ཉེས་མ་ཡོ་གཟུ་དཔང་ལྷ༔ བདེན་རྫུན་ཤན་འབྱེད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཇི་སྙེད་མཁྱེན་པའི་ཐུགས་ཀྱིས་དགོངས་མཛོད་ལ༔ ཉེས་ཞིག་མེད་ན་དྲག་ཏུ་མི་བསྐུལ་གྱིས༔ ལྷ་ཚོགས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ ཁྲོ་འཁྲུགས་མི་བཟད་རྔམས་པའི་སྐུར་བཞེངས་ཤིག༔ དེང་སང་བསྐལ་པ་དུས་ཀྱི་ཐ་མ་འདིར༔ ཕུར་པ་སྒྲུབ་པའི་རིག་འཛིན་བདག་ཅག་ལ༔ ཡི་དམ་ལྷ་ཡི་མགོན་དང་སྐྱབས་མེད་ན༔ གསང་སྔགས་ཐབས་ལམ་ཟབ་མོ་སུ་ཡིས་འཛིན༔ དེ་ཕྱིར་ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ བདག་ལ་གནོད་པའི་དམ་ཉམས་དགྲ་བོ་འདི༔ སྐད་ཅིག་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ དེ་ནས་ཨེ་ཁང་བསྐྱེད་པ་ནི༔ ཨེ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཞེས་བརྗོད་པས་མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བ་ཟུར་གསུམ་གནམ་སྒོ་དང་ལྡན་པ་དཔང་མཐོ་ཞིང་གཏིང་ཟབ་པའི་ནང་དུ་གཏི་མུག་གི་མུན་པ་འཐིབ་པ༔ འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ཁ་ལ་ཞེ་སྡང་གི་མེ་འབར་བ༔ ལས་ཀྱི་གཤིན་རྗེ་ནག་པོའི་ལྟོ་བ༔ གཟའ་བདུད་རཱ་ཧུ་ལ་ཡི་གདོང་པ༔ བཙན་རྒོད་ཡ་བ་རྐྱ་བདུན་རྒྱུག་ལམ༔ བདུད་དང་སྲིན་པོ་གཉིས་ཀྱི་ཁ་བར༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་ཟ་ལམ༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་བཤན་ཁང༔ ཟ་བྱེད་ལས་ཀྱི་ཕོ་ཉ་སྣ་ཚོགས་སེང་གེ་ལྟར་རྔམས་པ༔ སྟག་ལྟར་འཕྱོ་བ༔ ཐོག་རྒོད་ལྟར་མྱུར་བ༔ ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་རྒྱུག་ཅིང་གར་བརྩེ་བ༔ ལས་མཁན་སྲིན་པོ་ཕོ་མོ་རྣམས་ལ་ལས་ཤ་ཟ་ཞིང་རྒྱུ་མ་འདྲེན་པ༔ ལ་ལས་ཁྲག་འཐུང་ཞིང་རུས་པ་མུར་བ༔ ཁུག་ལ་ཤོག༔ ཁྲིད་ལ་ཤོག༔ དེད་ལ་ཤོག་ཅེས་པའི་སྒྲ་འབྱིན་པ༔ འཇིགས་སུ་རུང་བ་རྡོ་རྗེ་ཅན་ཡང་གཡའ་ཞུམ་པ་གཅིག་ཏུ་གྱུར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མ་ར་ཡ་ཁུག་ཛ༔ དེའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཆེ་གེ་མོ་ལུས་སྐམ་ལ་རིད་པ༔ ངོ་ཞུམ་ཞིང་ངུ་བ༔ མིག་ཕུག་རྡིབ་ཅིང་འགྲམ་གཏིང་དུ་ལྷུང་བ༔ སྐེ་རེད་ཅིང་ལུས་ཉམས་ཐག་པ་སྙིང་ནས་ལྕགས་ཀྱུས་བཟུང་བ༔ སྐེ་ནས་ཞགས་པས་བཅིངས་བ༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་ཁ་ནས་ངུ་སྐད་འདོན་པ་སྔོ་ཞིང་ནག་ལ་ལྟོ་བ་སྒལ་ཚིགས་ལ་འབྱར་བ་ཉམས་ཐག་པའི་རྣམ་པ་ཅན་དུ་གྱུར༔ བདེན་བརྗོད་ནི༔ ན་མོ༔ རྗེ་བཙུན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ༔ སངས་རྒྱས་ཀྱི་བཀའ་བདེན་པ༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་བསྲུང་མ་རྣམས་ཀྱི༴སོགས། ཁྱད་པར་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ༔ སྲས་མཆོག་ཀཱི་ལ་རིགས་བཞི༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ༔ ཀེའུ་སེང་མཁའ་འགྲོ༔ དབང་ཕྱུག་ཉེར་བརྒྱད༔ མཁའ་འགྲོ་སོ་གཉིས༔ གིང་ཆེན་བཅོ་བརྒྱད༔ ཁྲ་ཐབས་ཉི་ཤུ༔ སྒོ་མ་བཞི༔ ཕུར་བསྲུང་མ་མོ་བཅུ་གཉིས༔ བསེ་ལྕགས་དུང་གི་སྐྱེས་བུ༔ གཏེར་བསྲུང་དཀར་མོ་ཉི་ཟླ་ལ་སོགས་པའི་ཕུར་བ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྤྲུལ་པ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ༔ བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་དགྲ༔ སེམས་ཅན་གྱི་སྤྱི་དགྲ༔ བླ་མའི་སྐུ་དགྲ༔ རྣལ་འབྱོར་བའི་སྒོས་དགྲ༔ ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དངོས་སུ་སྡང་བར་བྱེད་པའི་དགྲ༔ ལྐོག་ནས་གནོད་པར་བྱེད་པའི་བགེགས༔ མདོ་སྒྲུབ་དང་མཐུ་གཏད་བྱེད་པ༔ བསམ་ངན་དང་སྦྱོར་རྩུབ་འཆང་བ༔ དམག་ཇག་དང་རྐུ་འཕྲོག་ཤོམ་པ༔ བཀའ་འགལ་དང་དམ་ལོག་བྱེད་པ༔ མགོ་ལ་ཏིལ་རྡུང་བྱེད་ཅིང༔ ངོ་ལ་སྤྲེལ་ལྟར་འཛེག་པ༔ ལྐོག་ནས་འབུ་བཞིན་འབུག་ཅིང་མི་ཁའི་སྣ་འདྲེན་བྱེད་པ༔ ཟ་འདོད་དང་ཁ་མཆུ་གླེང་བ་དམ་སྲི་བདུད་རིགས་རྒྱབ་བརྟེན་སྣ་འདྲེན་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་ཆོས་ཀྱི་སྐྱབས་འོག༔ སྔགས་ཀྱི་གུར་ཁང༔ བོན་པོའི་གཤིན་གྲལ༔ ས་གསུམ་གང་ན་གནས་ཀྱང་རང་ལ་རང་དབང་མེད་པར་གཟུགས་ཀྱི་ལིང་ག་འདི་ལ་ཁུག་ཅིག༔ འགུགས་རྟགས་བྱུང་ནས་དེ་རྗེས་སུ༔ ལས་བཞིའི་ཕྱག་རྒྱས་གཟིར་བ་ནི༔ ཛ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ བཀའ་ཉན་འགུགས་པའི་ལས་མཛད་སྒོ་མ་ནི༔ དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་འཛིན༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བགེགས་ཀྱི༔ སྙིང་ནས་ཟུངས་ཤིག་ཨང་ཀུ་ཤ་ཡ་ཛ༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་རྔམས་པའི་བཀའ་ཉན་པ༔ འཆིང་བའི་ལས་མཛད་སྐྱ་ཀའི་མགོ་བརྙན་ཅན༔ ཕྱག་ན་འཆིང་བྱེད་དུག་སྦྲུལ་ཞགས་པ་བསྣམས༔ དགྲ་བགེགས་མགྲིན་པར་ཆིངས་ཤིག་པཱ་ཤ་ཧཱུྃ༔ བཾ༔ སྲིད་གསུམ་ཆེ་བཙན་ཁྲོ་རྒྱལ་ཧེ་རུ་ཀའི༔ བཀའ་ཉན་དྲག་ཏུ་སྡོམ་པའི་ལས་མཛད་མ༔ དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་འཛིན༔ ཡན་ལག་གཟུགས་བཞི་སྡོམས་ཤིག་སྥོ་ཊ་བཾ༔ ཧོ༔ སྲིད་པའི་ཕུར་བུ་དཔལ་ཆེན་ཆེ་མཆོག་གི༔ བཀའ་ཉན་མྱོས་ཤིང་བརྒྱལ་བའི་ལས་བྱེད་མ༔ ལྗང་མོ་ཁྲ་ཡི་མགོ་ཅན་དྲིལ་བུ་འཛིན༔ ཡིད་སེམས་མྱོས་པར་གྱིས་ཤིག་གནྜེ་ཧོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ སྐད་ཅིག་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཛྲ་ཨང་ཀུ་ཤ་ཡ་ཛ༔ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གནྜེ་ཧོ༔ དེ་ནས་ཕོ་ཉ་བསྐུལ་བ་ནི༔ དམར་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ རྣལ་འབྱོར་ཏིང་འཛིན་དྲག་ཤུལ་གྱིས༔ ཛཿ དཔལ་ཆེན་ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྲས་མཆོག་བཞི༔ སྐུ་མདོག་ཕྱག་མཚན་རང་རང་ཆ་ལུགས་རྔམས༔ སེར་ལྟར་འདྲིལ་ཞིང་གཟའ་རྒོད་ལྟར་དུ་རྒྱུ༔ ནད་མུག་མཚོན་གྱི་ཆར་བ་དྲག་ཏུ་འབེབ༔ མིང་པོ་བསེ་ལྕགས་དུང་གི་སྐྱེས་བུའི་ཚོགས༔ ཕྱག་ན་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ སྲིད་གསུམ་ཟས་སུ་ཟོས་ཀྱང་མ་ཚིམ་ཞིང༔ མ་འགྲང་གླལ་བའི་ཁང་སྒྲ་ལྷང་ལྷང་བྱེད༔ དགྲ་བོའི་ཡན་ལག་གཟུགས་བཞི་གཅོད་པར་བྱེད༔ གཞན་ཡང་ཀེའུ་སེང་དབང་ཕྱུག་ཉི་ཤུ་བརྒྱད༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང༔ གཏེར་བསྲུང་དཀར་མོ་ཉི་ཟླ་གཙོ་འཁོར་བྲན༔ ཀུན་ཀྱང་ཤ་ལ་རྔམས་ཤིང་ཁྲག་ལ་གདུང༔ དགྲ་བོའི་མི་རྒྱུད་ནོར་རྫས་ཧབ་ཐོབ་བྱེད༔ གཞན་ཡང་ཆོ་འཕྲུལ་མ་རུང་སྣ་དགུའི་ཚོགས༔ ནམ་མཁའི་གཟའ་སྐར་བས་ཀྱང་གྲངས་མང་ཞིང༔ ས་གཞིའི་རྩི་ཤིང་བས་ཀྱང་རྫོང་འཐུག་པ༔ ནམ་མཁའི་ཐོག་རྒོད་བས་ཀྱང་རྩལ་དྲག་པ༔ འཁོར་དང་བཅས་པ་བསྐུལ་ལོ་ས་མ་ཡཱ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་དབྱེ་ནི༔ བྱ་འུག་གི་སྒྲོ་ཐོགས་ཤིང༔ ཧཱུྃ༔ གསོན་ཅིག་རྩ་གསུམ་རབ་འབྱམས་ཚོགས༔ ཉོན་ཅིག་ལྷ་དང་བསྲུང་མ་རྣམས༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ སོ་ཐར་འདུལ་བའི་ཁྲིམས་ཡང་བཤིགས༔ བྱང་སེམས་བསླབ་བྱའི་རྒྱུ་ཡང་དཀྲུགས༔ གསང་སྔགས་དམ་ཚིག་ཁྱད་དུ་བསད༔ འདི་ལས་ཉེས་ཅན་སུ་མེད་ཀྱི༔ འདི་ལ་འགོ་བར་བྱེད་པའི་ལྷ༔ ཡེ་ཤེས་པ་རྣམས་ཐུགས་དམ་ཉམས༔ འཇིག་རྟེན་ལྷ་རྣམས་དམ་ཚིག་དོར༔ འདི་ཡི་མགོན་དང་སྐྱབས་མ་བྱེད༔ གལ་ཏེ་མགོན་དང་སྐྱབས་བྱེད་ན༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲིད་པ་གསུམ་ལ་དབང་བྱེད་ན༔ དགྲ་བགེགས་སྒྲོལ་ལ་ལྟ་ཅི་སྨོས༔ མགོན་སྐྱབས་བྱེད་པའི་ལྷ་དང་བཅས༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག༔ འདི་ལ་འགོ་བར་བྱེད་པའི་ལྷ༔ ཡེ་ཤེས་པ་ཞིག་ག་ལ་ཡོད༔ གལ་ཏེ་ཡོད་ན་དབྱིངས་སུ་གཤེགས༔ འཇིག་རྟེན་དྲེགས་པའི་ལྷ་སྲུང་རྣམས༔ རང་རང་གནས་སུ་བདེ་བར་སོང༔ སྡང་བར་བྱེད་ན་ཕ་ཡང་རུང༔ གནོད་པར་བྱེད་ན་མ་ཡང་རུང༔ བསྟན་ལ་འཚེ་ན་ལྷ་ཡང་རུང༔ རྡོ་རྗེ་གཞོན་ནུའི་ཏིང་འཛིན་གྱིས༔ སྐད་ཅིག་རྡུལ་དུ་བརླག་པར་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཾ་བཾ་ཧཱུྃ་ཕཊ༔ ལོག་འདྲེན་དགྲ་བགེགས་ལྷ་དང་དབྱེ༔ བདུད་དང་སྤྲོད༔ སྲོག་ཆོད༔ དབུགས་ལོངས༔ མ་ར་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཐལ་མོ་རྒྱབ་སྤྲད་སོགས་ཀྱིས་དབྱེ༔ ཐུན་བརྡེག་པ་ནི༔ ཧཱུྃ༔ ཡུངས་དཀར་ཁྲོ་བོ་འཆོལ་བའི་སྤྲིན༔ དཀར་ནག་རྡོ་ཕྱེ་ཁྲོ་མོ་འཕྲོ༔ ཟངས་ལྕགས་ཕྱེ་མ་ཁྲོ་ཆུང་འབར༔ ཞིང་བཅུའི་དམ་ཉམས་དགྲ་བགེགས་ཀྱི༔ སྲོག་གི་རྩ་ལ་མཱ་ར་ཡ༔ སྐྱིན་ཐང་སེར་བ་འདྲིལ་བཞིན་དུ༔ ཤ་ཁྲག་རུས་གསུམ་ཕྱེ་མར་རློགས༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཀྲོ་དྷ་ཀྲོ་དྷི་ཧེ་རུ་ཀ་མ་ར་ཡ་ཕཊ༔ ཅེས་བརྡེག་གོ༔ ཧཱུྃ༔ སྲས་མཆོག་རིགས་བཞིའི་ཀཱི་ལ་ཡ༔ སྐུ་མདོག་དཀར་སེར་དམར་ལྗང་ཁྲོ༔ ཕྱག་ན་ལས་བཞིའི་ཕུར་བུ་འདྲིལ༔ དགྲ་དང་བགེགས་ཀྱི་སྙིང་ལ་གཟིར༔ སྐམ་རློན་མི་མགོའི་ཕྲེང་བས་བརྒྱན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབྱིབས༔ ཟུར་གསུམ་དབལ་སོ་རྣོ་ལ་གཟེངས༔ མེ་འབར་དུག་གི་རླངས་པ་འཕྲོ༔ དགྲ་བགེགས་ཡན་ལག་བཞི་ལ་གདབ༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞིའི་དབྱིངས་སུ་འདྲེན༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་སྲས་མཆོག་རིགས་བཞིའི་ཕུར་པ་ནི༔ ཡན་ལག་བཞི་ལ་གདབ་པར་བྱ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཐུགས་ལས་ཧཱུྃ་བཅུ་དང༔ ཡུམ་ཆེན་ཐུགས་ལས་བྷྱོ་བཅུ་འཕྲོས༔ ཐབས་དང་ཤེས་རབ་རོལ་པ་ལས༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གཏུམ་ཞིང་ཁྲོས་འཁྲུགས་ཁྲོ་ཆས་རྫོགས༔ ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ དགྲ་བོའི་ཁམས་དང་དབང་པོ་བཅུར༔ གཟིར་ཞིང་དྲག་ཏུ་བསྡིགས་པར་བྱེད༔ སྐུ་ལ་ནད་མཚོན་དུག་རླངས་འཕྲོ༔ དུག་གསུམ་སྐྱེ་རྒྱུད་རྩད་ནས་གཅོད༔ དགྲ་དང་བགེགས་ལ་ཀཱི་ལ་ཡ༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ མཱ་ར་ཡ་རྦད༔ ཁྲོ་བཅུའི་ཕུར་བ་གནས་བཅུར་གདབ༔ བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྐྱོང་བསྲུང་མའི་དུས་ལ་བབ༔ ཀུན་ཀྱང་མི་བཟད་རྔམས་པའི་གཟུགས༔ ཕྱག་ན་མཆོག་གི་ཕུར་པ་འདྲིལ༔ དགྲ་བོའི་ལུས་ཀུན་གཟིར་བར་བྱེད༔ དམ་ཉམས་སྙིང་ལ་ཀཱི་ལ་ཡ༔ གནོད་བྱེད་སྲོག་ལ་མཱ་ར་ཡ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ དམ་ཅན་ལས་ཕུར་སྙིང་ཀར་གཟུང༔ དེ་ནས་གཙོ་ཕུར་བླངས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རྔམས་པ་ཞལ་གཅིག་ཕྱག་གཉིས་པ༔ སྲིད་གསུམ་སྒྲོལ་བྱེད་རི་རབ་ཕུར་བུ་འདྲིལ༔ དགྲ་བགེགས་བྱད་མའི་སྙིང་ལ་ཀཱི་ལ་ཡ༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང༔ སྣ་ཚོགས་རྣོ་དབལ་ལྡན་པའི་མཚོན་ཆ་འཛིན༔ བྱད་མ་དུམ་བུ་ཚལ་བར་བརླག་པར་བྱེད༔ ཕུར་བུའི་རྒྱ་མདུད་གོང་མ་གཞལ་མེད་ཁང༔ ཞི་བ་བཞི་བཅུ་རྩ་གཉིས་ཕོ་བྲང་གདབ༔ འཆང་ཟུང་མཚམས་ནས་འོད་ཟེར་སྣ་ལྔ་འཕྲོ༔ རྒྱུ་དྲུག་འཁོར་བར་འཁྱམས་པའི་དགྲ་བགེགས་འདྲེན༔ སྐེད་པ་རྒྱ་མདུད་མཁའ་སྤྱོད་སྤྲུལ་པའི་ཞིང༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོམ་བུ་འཁྲིགས༔ ཆང་ཟུང་མཚམས་ནས་གློ་སྟོང་ཁྱུགས་སེ་ཁྱུགས༔ བྱད་མ་རྒྱུ་དྲུག་གནས་ནས་སྤོར་བར་བྱེད༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡི་རི་རི༔ བྱད་མའི་བླ་ཡིད་རྣམ་ཤེས་འཁྱམས་པར་བྱེད༔ སྨད་དབལ་ཟུར་གསུམ་དུར་ཁྲོད་དྲག་པོའི་ཞིང༔ དཔལ་ཆེན་ཁྲོ་རྒྱལ་རྔམས་པའི་གཞལ་མེད་ཁང༔ ཕོ་བྲང་ཕྱི་ནང་མཚན་ཉིད་ཡོངས་སུ་རྫོགས༔ ཟ་གསོད་ཁྲོ་བོ་ཁྲོ་མོ་རྡུལ་ལྟར་འཚོགས༔ དབལ་ཟུར་རྩེ་ལས་བདུད་དམག་ཉི་ཁྲི་འགྱེད༔ ཤ་ཟ་ཁྲག་འཐུང་ངར་སྒྲ་མི་སྙན་སྒྲོག༔ བྱད་མའི་ཤ་ལ་ཧབ་ཐོབ་ཧུབས་སེ་ཧུབ༔ བར་མཚམས་སྦྲུལ་གྱི་ཆུན་པོ་ཉི་ལི་ལི༔ སྣ་ཚོགས་དུག་གི་ཁ་རླངས་གཏོང་བར་བྱེད༔ ལོག་འདྲེན་སྙིང་ལ་གཟིར་ཅིག་ཀཱི་ལ་ཡ༔ ཐབས་མཆོག་ཁྲོ་བོ་རོལ་པའི་ཏིང་འཛིན་གྱིས༔ ལན་གསུམ་གཡས་སུ་བསྐོར་ཞིང་བཏབ་པ་ཡིས༔ ཁོ་ཡི་ཚེ་བསོད་དཔལ་འབྱོར་འཕྲོ་རྣམས་བསྡུས༔ ཤེས་རབ་ཁྲོ་མོ་རོལ་པའི་ཏིང་འཛིན་གྱིས༔ ལན་གསུམ་གཡོན་དུ་བསྐོར་ཞིང་བཏབ་པ་ཡིས༔ རྣམ་ཤེས་དྭངས་མ་ལྔ་ལྡན་ཕུར་རྩེར་བླངས༔ ཐབས་ཤེས་གཉིས་མེད་རོལ་པའི་ཏིང་འཛིན་གྱིས༔ ཀླད་ལ་ལན་གསུམ་བསྐོར་ཞིང་འདྲིལ་བ་ཡིས༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀྱི་སྲས་སུ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མར་དྷ་ན་ཡེ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏུ་ཀརྨ་ཧུར་ཡ་བྷྱོ་བཟློག༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་ཀྲེམ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ ཞེས་ཚེ་ཁྲུས་ཀྱི་དགོངས་པའི་གནད་དང་ལྡན་པས་སྒོ་གསུམ་དུ་གདབ་བོ༔ དེ་ནས་སྒྲོལ་གྲི་ཐོགས་ལ༔ ཛ༔ རྣོ་དབལ་ལྡན་པའི་སྒྲོལ་གྲི་མཁའ་ལ་འཕྱར༔ ལས་བྱེད་ཕོ་ཉའི་ཚོགས་རྣམས་དགྲ་ལ་རུབ༔ ཕོ་ཉ་ཆོ་འཕྲུལ་ལྟས་ངན་རྡུལ་ལྟར་འཚུབས༔ མི་བཟད་ལས་ཀྱི་གཤིན་རྗེ་གཏུམ་ཞིང་རྔམས༔ གསོད་བྱེད་རལ་གྲི་ཁྲག་ཅན་གཅིག་ཐོགས་ནས༔ ཞིང་བཅུའི་སྐེ་ནས་བཟུང་ཞིང་དུམ་བུར་བཅད༔ ཕུར་བསྲུང་ལས་བྱེད་ཚོགས་རྣམས་ཁྲོས་ཤིང་གཏུམ༔ ཀུན་ཀྱང་དགྲ་བོའི་ཤ་རུས་རྔམས་ཟས་བྱེད༔ ཁྲོ་ཆུང་སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་ཀྱིས༔ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་རྦད་རྦད༔ རྒྱུག་རྒྱུག༔ གཏུབ་གཏུབ༔ དུམ་བུར་རྦུད་ཐུམ་བྷྱོ༔ དེ་ནས་གཏུན་ཁུང་དུ་རྡོ་རྗེའི་ཐོ་བས་བརྡུངས་ཤིང༔ ཛ༔ ཐབས་ཀྱི་རང་བཞིན་རྡོ་རྗེའི་གཏུན་ཤིང་གིས༔ ཤེས་རབ་བདག་མེད་སྟོང་པའི་གཏུན་ཁུང་དུ༔ གཟུང་འཛིན་འཆིང་བས་བཅིངས་པའི་དགྲ་བགེགས་ཀུན༔ དུག་ལྔ་ཤ་ཁྲག་རུས་བཅས་ཕྱེ་མར་འཐག༔ གཉིས་འཛིན་རོ་གཅིག་རྟོགས་པའི་ཀློང་དུ་བསྟིམས༔ འཁྲུལ་རྟོག་ཡུམ་གྱི་བྷ་གའི་ཀློང་དུ་བསྟིམ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་བར་མཛོད༔ བཛྲ་ཀཱི་ལི་ཀཱི་ལ་ཡ་པདྨོ་ཨ་ཀོ་ཊ་ཁ་ཐམ༔ བསྟབ་པ་ནི༔ གཏུན་ཁུང་དུ་ལིང་རོ་བཞག་ཅིང༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ་ཚོགས་རྣམས༔ མཐོ་དམན་གནམ་ས་ཙམ་གྱི་ཞལ་གདོངས་ལ༔ ཁྱབ་བྱེད་གློག་དམར་ལྟ་བུའི་ལྗགས་སྐྱོངས་ཤིག༔ ཀེང་རུས་རི་རབ་ལྟ་བུའི་མཆེ་བ་གཙིགས༔ ཐོགས་མེད་བར་སྣང་ཡངས་པའི་མགྲིན་པ་རུ༔ ཁམས་གསུམ་རྔམས་པའི་རྐན་སྒྲ་དང་བཅས་ཏེ༔ ལྷག་མ་རྗེས་ཤུལ་མེད་པར་ཞལ་བཞེས་ལ༔ སྲིད་གསུམ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ལོག་འདྲེན་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྙིང་རྗེའི་ཀློང་ལས་དྲག་པོའི་སྐུར་བཞེངས་ཏེ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་མཛད་པའི༔ ཕུར་པ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པ་འདི་བཞིན་སུས་བསྒྲུབ་པ༔ ལོག་འདྲེན་དགྲ་བགེགས་མ་ལུས་པ༔ ལོ་ཟླ་ཞག་ལ་མི་འགྱང་བར༔ མྱུར་དུ་བརླག་པའི་མཚོན་ཆའོ༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ ད་ལྟ་སྤེལ་བའི་གནས་མེད་ཀྱིས༔ ཟབ་པ་ས་ཡི་གཏེར་དུ་སྦོས༔ མ་འོངས་སྙིགས་མའི་དུས་ཀྱི་ཚེ༔ མཚོ་རྒྱལ་སྤྲུལ་པའི་སྐྱེས་བུ་ཡིས༔ གཏེར་ནས་འདོན་ཞིང་རྒྱ་ཆེར་སྤེལ༔ སྐལ་ལྡན་འགའ་ཞིག་གྲོལ་བར་འགྱུར༔ གཞན་ཡང་འགྲོ་དོན་རྒྱ་ཆེན་འབྱུང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོ་གྲུ་འཛིན་རི་ཡི་ལྟོ་བ་ནས་ཁྲོམ་གཏེར་དུ་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའི་ཡི་གེ་པ་ནི་དྷརྨ་པ་ཏི་ཀརྨ་ཝརྡྷས་བྲིས་པའི་དགེ་བས་བདུད་སྡེའི་དཔུང་ཚོགས་མིང་མེད་དུ་བརླག་ནས་ཟབ་ཆོས་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག དགེའོ༎ དགེའོ༎ དགེའོ༎