གསོལ་འདེབས་བར་ཆད་འཕྲང་སྒྲོལ།
སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ གསོལ་འདེབས་བར་ཆད་འཕྲང་སྒྲོལ་བཞུགས༔ ན་མོ་ཨརྱ་ཏཱ་ར་ཡེ༔ སྐྱེ་མེད་སྤྲོས་བྲལ་ཀུན་བཟང་མོ༔ འགགས་མེད་རྡོ་རྗེ་ཕག་མོ་ཡུམ༔ རིས་སུ་ཆད་མེད་སྤྲུལ་པའི་སྐུ༔ དབྱེར་མེད་འཕགས་མ་སྒྲོལ་མར་འདུད༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ གསོལ་འདེབས་བར་ཆད་འཕྲང་སྒྲོལ་འདི༔ མཚོ་རྒྱལ་མ་སྤེལ་བརྡར་ཐོབ་ལ༔ བྲག་དམར་གཡའ་མ་ལུང་གི་གནས༔ ཁྱུང་གཤོག་བརྐྱངས་འདྲའི་བྲག་ལ་སྦོས༔ དུས་བབས་ལས་ལྡན་སྐྱེས་བུ་ལ༔ འཕྲད་ནས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ གང་གིས་ཉམས་སུ་ལེན་པ་ཡི༔ རང་ལུས་འཁོར་ལོ་ལྔ་ལྡན་གྱི༔ ཙིཏྟ་གེ་སར་བཞད་པའི་དབུས༔ ཏཱ་རེ་ལྷ་ལྔའི་མཐའ་བསྐོར་དུ༔ འཇིགས་སྐྱོབས་བརྒྱད་ཀྱིས་བསྐོར་བར་བསྒོམ༔ རང་རིག་དབྱེར་མེད་ཤེས་པར་བྱ༔ བདག་གཅིག་མ་ཡིན་མཁའ་མཉམ་འགྲོ༔ འཇིགས་ཆེན་སྡུག་བསྔལ་རྣམ་པ་དྲུག༔ གནས་སྐབས་བར་ཆད་འཇིགས་པ་བརྒྱད༔ ཕྱི་ཡི་འཇིགས་པ་འབྱུང་བ་ལྔ༔ ནང་གི་འཇིགས་པ་ཉོན་མོངས་ལྔ༔ གསང་བའི་འཇིགས་པ་མ་རིག་འཁྲུལ༔ དོན་གྱི་འཇིགས་པ་རྟག་ཆད་གཉིས༔ སྤྱི་མཐུན་འཇིགས་པ་སྣ་ཚོགས་ལས༔ སྒྲོལ་ཕྱིར་ཁྱེད་ཤེས་སྐྱབས་འགྲོ་དང༔ ཐེག་ཆེན་སེམས་བསྐྱེད་སྔོན་འགྲོ་ཞིང༔ ཡེངས་མེད་བསམ་གཏན་གདེངས་ལྡན་པའི་༔ ཉམས་ལེན་གཅིག་དྲིལ་འདི་ལ་བརྩོན༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གདོད་མའི་ཆོས་དབྱིངས་མཁའ་ཁྱབ་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་མཁའ་འགྲོ་རྗེ་བཙུན་མ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལྟ་བའི་འཇིགས་པ་མ་རིག་འཁྲུལ་རྟོག་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ དུག་ལྔ་གནས་དག་ཡེ་ཤེས་འོད་ལྔའི་ཞིང༔ རིགས་ལྔ་ལོངས་སྐུའི་མཁའ་འགྲོ་ཏཱ་རེ་མ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བསྒོམ་པའི་འཇིགས་པ་རྟག་ཆད་ལྟ་ངན་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གང་འདུལ་ཐབས་མངའ་ཐུགས་རྗེ་སྤྲུལ་པའི་ཞིང༔ ཐབས་མཁས་སྤྲུལ་སྐུའི་མཁའ་འགྲོ་འཕགས་མ་རྗེ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ སྤྱོད་པའི་འཇིགས་པ་མི་མཐུན་བསམ་སྦྱོར་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཆོས་དབྱིངས་བརྗོད་མེད་སྤྲོས་བྲལ་ཕོ་བྲང་ནས༔ ཀུན་གཞི་རང་རིག་དུས་གསུམ་རྒྱལ་བའི་ཡུམ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གཞི་ཡི་འཇིགས་པ་སྒྲིབ་གཉིས་བག་ཆགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ རང་གསལ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ སྒྱུ་མའི་རང་མདངས་འཕགས་མ་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལམ་གྱི་འཇིགས་པ་ལོག་པའི་གོལ་ས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འཁོར་འདས་གཞི་ཐོག་གཅིག་གྲོལ་གདོད་མའི་ས༔ རང་བྱུང་རིག་པ་རྗེན་མཐོང་སྒྲོལ་མཛད་ཡུམ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འབྲས་བུའི་འཇིགས་པ་གཟུང་འཛིན་སྣང་ཆ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འོག་མིན་བདེ་ཆེན་པོ་ཊ་ལ་ཡི་ཞིང༔ འཇིགས་པ་ཀུན་སྐྱོབས་འཕགས་མ་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འཇིགས་ཆེན་འཁོར་བ་རིགས་དྲུག་སྡུག་བསྔལ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གནས་སྐབས་མཐར་ཐུག་རྣམ་ཀུན་འགྲོ་བའི་སྐྱབས༔ དུས་གསུམ་རྒྱལ་བ་ཀུན་ཡུམ་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འཇིགས་པ་ཆེན་པོ་བརྒྱད་ཀྱི་འཕྲང་ལས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཀུན་ཁྱབ་ནམ་མཁའ་ས་ཆུ་མེ་རླུང་རྣམས༔ ཡུམ་ལྔའི་ཀློང་དུ་དབང་བསྒྱུར་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ཕྱི་ཡི་འཇིགས་པ་འབྱུང་ལྔའི་གཡོས་ལང་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཀུན་གསལ་ཡེ་ཤེས་འོད་ལྔའི་རྩལ་ཤར་བའི༔ རིགས་ལྔ་རྒྱལ་བའི་ཡུམ་མཆོག་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ནང་གི་འཇིགས་པ་དུག་ལྔའི་སྟོབས་ཤུགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཆོས་ཉིད་དབྱིངས་ལས་སྒྱུ་འཕྲུལ་དྲྭ་བའི་གར༔ ཐུགས་རྗེ་སྤྲུལ་སྐུའི་གཉེན་གཅིག་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གསང་བའི་འཇིགས་པ་རྨུག་འཐིབ་བྱིང་རྒོད་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ སེམས་ཉིད་ཆོས་དབྱིངས་སྤྲོས་པའི་མཐའ་བྲལ་ངང་༔ དོན་དམ་མ་བཅོས་ངོ་བོ་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ དོན་གྱི་འཇིགས་པ་མཐའ་གཉིས་ལམ་གོལ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ནད་གདོན་བར་ཆད་འཇིགས་པ་ཀུན་ཞི་བའི༔ མེ་ལོང་ཡེ་ཤེས་རྩལ་ཤར་སྒྲོལ་མ་དཀར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བདེ་བའི་འཇིགས་པ་ནད་གདོན་བར་ཆད་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཕུན་ཚོགས་འཕགས་པའི་ནོར་བདུན་གྱིས་ཕྱུག་པའི༔ མཉམ་ཉིད་ཡེ་ཤེས་ཟློས་གར་སྒྲོལ་མ་སེར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བསོད་ནམས་འཇིགས་པ་སེར་སྣའི་འཆིང་བ་གྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ སངས་རྒྱས་སེམས་ཅན་གཉིས་མེད་དགོངས་པར་བསྡུས༔ སོར་རྟོག་ཡེ་ཤེས་རོལ་རྩལ་སྒྲོལ་མ་དམར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གང་འདུལ་འཇིགས་པ་དབང་དུ་མ་གྱུར་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཐབས་མཁས་སྒོ་ནས་གདུལ་དཀའ་མ་རུང་འདུལ༔ བྱ་གྲུབ་ཡེ་ཤེས་སྒྱུ་འཕྲུལ་སྒྲོལ་མ་སྔོ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལོག་པའི་བསམ་སྦྱོར་འཆིང་བའི་དགྲ་བགེགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འཕགས་མ་སྒྲོལ་མའི་སྣང་སྟོང་ཡེ་ཤེས་འཕྲུལ༔ འཇིགས་ཀུན་སྐྱོབས་པའི་ལས་མཛད་ལྷ་མོ་བརྒྱད༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ཉེར་འཚེའི་འཇིགས་པ་བརྒྱད་དང་བཅུ་དྲུག་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གཞན་ཡང་སྡང་བར་བྱེད་པའི་གཟུགས་ཅན་དགྲ༔ གནོད་པར་སེམས་པའི་ཕྲ་རགས་འབྱུང་པོ་བགེགས༔ སྤྱི་མཐུན་འཇིགས་པ་གང་ཡང་རུང་བ་རྣམས༔ འཕགས་མ་སྒྲོལ་མའི་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཨཱརྱ་ཏཱ་རེ་ལྷ་ལྔ་འཇིགས་སྐྱོབས་བརྒྱད༔ གསོལ་བ་འདེབས་སོ་བརྩེ་ཆེན་སྤྱན་གྱིས་གཟིགས༔ ཐུགས་རྗེའི་ཤུགས་ཕྱུང་བདག་སོགས་འགྲོ་བ་ཀུན༔ སྐྱིད་སྡུག་རེ་ལྟོས་གཞན་ན་ཡོད་མིན་པས༔ བྱམས་པའི་ཡུམ་གྱུར་འཕགས་མ་སྒྲོལ་མ་མཁྱེན༔ གནས་སྐབས་མཐར་ཐུག་དུས་དང་རྣམ་ཀུན་ཏུ༔ སྐྱབས་ཀྱི་མཆོག་གྱུར་ཨཱརྱ་ཏཱ་རེ་མ༔ ཁ་ཞེ་མེད་པར་སྙིང་ཁུང་རུས་གཏིང་ནས༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ བདག་གི་སྒོ་གསུམ་ལོངས་སྤྱོད་བཅས་པ་རྣམས༔ རྣམ་མང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ ཕང་བའི་སེམས་དང་འཛིན་པ་མེད་པས་འབུལ༔ ཉེ་བར་དགོངས་ཏེ་ཐུགས་རྗེ་ཆེན་པོས་བཞེས༔ ཚེ་རབས་ཐོག་མེད་དུས་ནས་བསགས་པ་ཡི༔ དུག་ལྔའི་དབང་སོང་སྒྲིབ་གཉིས་སྡིག་ལྟུང་ཀུན༔ རྒྱལ་བའི་ཡུམ་གྱུར་ཁྱེད་ཀྱི་སྤྱན་སྔ་རུ༔ ད་ལྟ་བཤགས་ཤིང་ཕྱིན་ཆད་བསྡོམས་པར་བགྱིད༔ དུས་གསུམ་རྒྱལ་ཀུན་འཕགས་མ་ཁྱེད་ཀྱི་སྲས༔ འགྲོ་བ་ཀུན་ལ་བུ་གཅིག་མ་ལྟར་བྱམས༔ སེམས་ཅན་སྡུག་བསྔལ་འཇིགས་ཀུན་ཁྱོད་སྒྲོལ་བས༔ བདག་ནི་དགའ་བ་ཆེན་པོས་རྗེས་ཡི་རང༔ འཕགས་མ་ཁྱེད་ནི་སྐུ་གསུམ་བདག་ཉིད་དེ༔ སླར་ཡང་སྙིགས་མའི་འགྲོ་ཀུན་རྗེས་འཛིན་ཕྱིར༔ སྤྲུལ་པ་བྱེ་བ་ཕྲག་བརྒྱར་འཇིག་རྟེན་ཁམས༔ རྟག་ཏུ་འབྱོན་ཞིང་ཆོས་འཁོར་བསྐོར་བར་བསྐུལ༔ ཁྱོད་ནི་མ་རྟོགས་སྣང་ཆས་ཡེ་ཤེས་ལྷ༔ ཡང་དག་རྟོགས་ན་ཐིག་ལེ་གཅིག་ལ་རྫོགས༔ གཞན་ལས་མ་བྱུང་ཉི་དང་ཟེར་བཞིན་སྟེ༔ རང་རིག་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ༔ བྱང་སེམས་དགྲ་བཅོམ་རྫོགས་པའི་སངས་རྒྱས་རྣམས༔ སྔ་རབས་འབྱོན་དང་ཕྱིས་འབྱུང་ད་ལྟ་བཞུགས༔ ཇི་ལྟར་བསྔོས་བཞིན་དུས་གསུམ་དགེ་ཚོགས་རྣམས༔ ཕ་མཐའ་ཡོངས་བྲལ་གདོད་མའི་ཀློང་དུ་བསྔོ༔ བདག་ནི་དུས་ངན་ཐ་མའི་འཇིག་རྟེན་འདིར༔ ལས་དབང་བཙན་པའི་སྟོབས་ཀྱིས་སྐྱེས་ནའང༔ སངས་རྒྱས་མཛད་དཀའ་བྱང་ཆུབ་སྤྱོད་དཀའ་རྣམས༔ སེམས་བསྐྱེད་སྟོབས་སྨིན་ཡང་དག་འགྲུབ་པར་ཤོག༔ བདག་ནི་དེང་བཟུང་སྙིང་པོ་མཆིས་ཀྱི་བར༔ བྱང་ཆུབ་སེམས་དཔའ་མི་འཇིགས་སྦྱིན་པ་ལྟར༔ བདེ་བས་འཚོ་བའི་དཔལ་ལ་དབང་འབྱོར་ཏེ༔ འགྲོ་ཀུན་ཅི་འདོད་དགའ་བའི་ལོངས་སྤྱོད་ཀྱི༔ སྦྱིན་པའི་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ མ་རིག་གཉིད་སངས་བློ་གྲོས་མ་རྒྱས་བར༔ བདག་ནི་ བྱང་སེམས་བྱམས་པ་མགོན་པོ ་ལྟར༔ ཁྲེལ་དང་བག་ཡོད་ངོ་ཚ་རབ་ཤེས་ཤིང༔ འགྲོ་ཀུན་འཆལ་བ་མེད་པའི་ཁྲིམས་ཀྱིས་འཚོ༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་རྣམ་མཁྱེན་དེ་བཞིན་མ་གཤེགས་བར༔ བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལྟར༔ སྡུག་བསྔལ་སྒོས་ཁུར་བདེ་བས་འགྲོ་ཀུན་སྒྲོལ༔ བཟོད་པའི་ ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་དགྲ་བཅོམ་ཡང་དག་མ་རྫོགས་བར༔ བྱང་ཆུབ་སེམས་དཔའ་ཐུགས་བསྐྱེད་མཐའ་ཡས་ལྟར༔ དོན་གཉིས་སྒྲུབ་ལ་ཞུམ་པ་མེད་པའི་བློས༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ རྣམ་པ་ཀུན་མཁྱེན་གོ་འཕང་མ་ཐོབ་བར༔ བདག་ནི་བྱང་སེམས་ཀུན་ཏུ་བཟང་པོ་ལྟར༔ གཡོ་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ བསམ་གཏན་ ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་རྫོགས་པའི་སངས་རྒྱས་མ་ཐོབ་བར༔ བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལྟར༔ བློ་གྲོས་ཕུན་སུམ་ཚོགས་པའི་སྒོ་ཕྱེ་སྟེ༔ དོན་དམ་ཆོས་ཀྱི་འཁོར་ལོས་འགྲོ་ཀུན་སྨིན༔ ཤེས་རབ་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ མངོན་པར་བྱང་ཆུབ་བདེ་བར་མ་གཤེགས་བར༔ བདག་ནི་བྱང་སེམས་མཐུ་ཆེན་ཐོབ་པ་ལྟར༔ མ་བྱམས་བུ་ལ་བརྩེ་བཞིན་འགྲོ་ཀུན་སྐྱོངས༔ ཚད་མེད་བྱམས་པ་ཆེན་པོ་ཐོབ་པར་ཤོག༔ བདག་ནི་བདེ་ཆེན་ས་ལ་མ་བཞག་བར༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ལྟར༔ ཐུགས་བསྐྱེད་རྒྱ་ཆེ་གཏིང་དཔག་དཀའ་བ་ཡི༔ ཚད་མེད་སྙིང་རྗེ་ཆེན་པོ་ཐོབ་པར་ཤོག༔ རྫོགས་ཆེན་གཞི་ཡི་གནས་ལུགས་མ་རྟོགས་བར༔ བདག་ནི་བྱང་སེམས་དྲི་མེད་སྣང་བ་ལྟར༔ འགྲོ་ཀུན་དབང་ཕྱུག་སྤྲོ་བ་བསྐྱེད་པ་དང༔ ཚད་མེད་དགའ་བ་ཆེན་པོ་ཐོབ་པར་ཤོག༔ བདག་ནི་གདོད་མའི་བཙན་ས་མ་ཟིན་བར༔ བྱང་ཆུབ་སེམས་དཔའ་རྒྱལ་ཀུན་སྤྱི་མེས་ལྟར༔ ཉེ་རིང་ཆགས་སྡང་གཉིས་དང་བྲལ་བ་ཡི༔ ཚད་མེད་བཏང་སྙོམ་ཆེན་པོ་ཐོབ་པར་ཤོག༔ དེང་བཟུང་འབྲས་བུ་ཁོང་དུ་མ་ཆུབ་བར༔ བདག་ལ་སྐྱབས་དང་རེ་ས་གཞན་མེད་པས༔ རྒྱལ་ཡུམ་འཕགས་མ་ཁྱེད་ཀྱི་ཐུགས་རྗེ་ཡིས༔ འདི་ཕྱི་བར་དོ་ངན་འགྲོའི་གཡང་ས་སྒྲོལ༔ ལྔ་བརྒྱའི་འགྲོ་བ་སྡུག་བསྔལ་གྱིས་མནར་ཚེ༔ ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་མ་འདྲེན་ན༔ ལས་ཀྱི་འཕྲོ་སྦྱངས་འབྲས་བུ་ཐོབ་པའི་ཚེ༔ ཐུགས་རྗེ་ཅི་མངའ་དོན་འབྲས་མི་ཆུང་ངམ༔ དུས་གསུམ་རྒྱལ་ཡུམ་འཕགས་མ་སྒྲོལ་མ་རྗེ༔ ལྷང་ལྷང་གསོལ་བ་འདེབས་པའི་གང་ཟག་ལ༔ ཐུགས་རྗེ་མྱུར་བའི་ལྕགས་ཀྱུ་རྣོན་པོ་ཡིས༔ མ་གྱུར་འགྲོ་ཀུན་པོ་ཊ་ལ་རུ་དྲོངས༔ འཕགས་མ་ལྷ་མོ་སྒྲོལ་མ་འཁོར་བཅས་ལ༔ འདི་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ ཚེ་འདིར་བསམ་དོན་མཐའ་དག་མྱུར་འགྲུབ་ཅིང༔ མཐར་ཐུག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤོག༔ རྒྱལ་ཡུམ་ཁྱེད་ཀྱི་ཞལ་ཕྱག་སྐུ་ཚེ་དང༔ འཁོར་དང་གདུལ་བྱ་མཛད་ཕྲིན་ཅི་འདྲ་བ༔ དེ་ཉིད་ཇི་ལྟ་བ་བཞིན་བདག་འགྱུར་ཞིང༔ འགྲོ་ཀུན་ཡེ་རྫོགས་ཐིག་ལེའི་སར་འགོད་ཤོག༔ ཕྱི་ལྟར་སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ ནང་ལྟར་འགགས་མེད་རྡོ་རྗེ་ཕག་མོ་ཡུམ༔ གསང་བ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ དབྱེར་མེད་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཨེ་མ་མངའ་བདག་རྗེ་དང་བཻ་རོ་གཙོས༔ སྣོད་ལྡན་འདིར་ཚོགས་ཐམས་ཅད་ཉོན༔ རྒྱལ་ཀུན་བསྐྱེད་ཡུམ་སྒྲོལ་མ་ཡི༔ གསོལ་འདེབས་ཆད་འཕྲང་སྒྲོལ་འདི༔ ཟབ་པའི་མཐར་ཐུག་ཡིན་རེ་ཀན༔ དུས་ནི་སྙིགས་མ་ལྔ་བདོའི་དུས༔ མི་རྣམས་ཉོན་མོངས་ལས་ལ་སྤྱོད༔ དམ་པའི་ཆོས་ཀྱི་བྱིན་རླབས་ཉམས༔ བཙུན་པ་དམ་ཚིག་ཁྲེལ་མེད་དང༔ སྔགས་པ་སྨྱོན་སྤྱོད་གཏེར་རྫུན་དང༔ བུད་མེད་སྤོབས་ཆེ་སྙིང་རླུང་ཅན༔ ལྷ་བདུད་འདྲེ་མོའི་སྤྲུལ་པས་གང༔ མི་མིན་ནག་ཕྱོགས་ཟ་ཁ་དར༔ དཀར་ཕྱོགས་སྐྱོངས་བའི་ལྷ་རྣམས་རྒུད༔ ལྟ་སྒོམ་སྤྱོད་འབྲས་ཚུལ་བཞིན་དུ༔ སྒྲུབ་པའི་རྣལ་འབྱོར་ཉིན་སྐར་ཙམ༔ ཕྱི་སྣོད་འབྱུང་བའི་བཅུད་ཀྱང་ཉམས༔ སྐྱེ་འགྲོ་སེམས་ཅན་བསོད་ནམས་རྒུད༔ ནད་མཚོན་མུ་གེའི་བསྐལ་བ་འབྱུང༔ དུས་དེར་སྐྱོབས་པའི་ཟབ་ཆོས་འདི༔ རྒྱ་ལྔས་ཐོབ་ལ་གཏེར་དུ་སྦོས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྦས་ཡུལ་ལྷོ་ཁམས་རཱུ་སང་དར༔ མདོ་སྔགས་བདེ་དང་དོན་མི་འགྱུར༔ གསང་སྔགས་ལམ་སྟོན་ཞེས་གྲགས་པའི༔ ཁྱད་འཕགས་གླིང་པ་རྣམ་ལྔ་འབྱུང༔ ལས་དང་སྨོན་ལམ་སྐལ་ལྡན་པའི༔ འདི་ལྔ་གང་རུང་ཞིག་གིས་འབྱིན༔ འགྲོ་དོན་མཐའ་རུ་ཕྱིན་པར་འགྱུར༔ ས་མ་ཡཱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ཁ་ཐམ༔ ཙིཏྟ་ལ་གུ་ཧྱ༔