གསང་ཐིག་སྙིང་པོའི་སྐོར་ལས་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་གྲོལ་བྱེད་ཁྲིད་ཀྱི་ཡི་གེ་འདུས་གསལ་དུ་བཀོད་པ་ཟབ་དོན་རྒྱ་མཚོ། བསྟན་གཉིས་གཡུང་དྲུང་གླིང་པ།
གསང་ཐིག་སྙིང་པོའི་སྐོར་ལས། མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་གྲོལ་བྱེད་ཁྲིད་ཀྱི་ཡི་གེ་འདུས་གསལ་དུ་བཀོད་པ་ཟབ་དོན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་དྷཱ་ཀི་ནཱི་ཡཻ། ལྷན་སྐྱེས་རང་བཞིན་བདེ་བ་ཆེ། །མཆོག་ཏུ་མི་འགྱུར་རྒྱལ་ཀུན་ཡུམ། །རྡོ་རྗེ་བཙུན་མོ་གནས་གསུམ་གྱི། །མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ། །གང་ལ་བསྟེན་ནས་བདེ་བླག་ཏུ། །སྲིད་པའི་འཆིང་བ་དགྲོལ་བ་ལ། །ཟབ་མྱུར་རིམ་བཞིའི་རྣལ་འབྱོར་གྱི། །གཞུང་དོན་གོ་བདེའི་ངག་གིས་འདོམ། །ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དབྱིངས་ཀྱི་ཡུམ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལུང་མན་ངག་མཐའ་ཡས་པ་རྣམས་ཀྱི་སྙིང་པོའི་ཟབ་བཅུད་གཅིག་ཏུ་དྲིལ་བ། གསང་ཐིག་གི་ཆོས་སྐོར་བདུན་གྱི་ནང་ཚན་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་
སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་མན་ངག་ཁྲིད་ཀྱི་རིམ་པ་ཉམས་སུ་ལེན་པའི་ཚུལ་ལ་གསུམ། སྔོན་འགྲོའི་ཆོས་ཀྱིས་རྒྱུད་སྦྱང་བ། དངོས་གཞིའི་རིམ་པ་ཉམས་སུ་ལེན་པ། རྗེས་ཀྱི་རྣལ་འབྱོར་ལམ་དུ་བྱ་བའོ། །དང་པོ་ནི། ཐུན་མོང་བློ་ལྡོག་རྣམ་བཞིས་བློ་ཁ་ཆོས་ལ་སྒྱུར་བ་དང་། ཐུན་མིན་སྐྱབས་སེམས། གསག་སྦྱོང་བྱིན་རླབས་བསྐུལ་བ་བཅས་སྔོན་དུ་འགྲོ་བའི་རིམ་པ་རྣམས་ཡབ་བཀའི་ཁྲིད་ཡིག་ཏུ་བཤད་པ་ལྟར་བྱའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ནི། རིམ་པ་གཉིས་ལ་རྣལ་འབྱོར་བཞིས་བསྡུས་པ་སྟེ། དེའང་འདུས་པའི་རྒྱུད་ཕྱི་མ་ལས། སངས་
རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་སྦྱང་གཞི་དང་སྦྱང་བྱ་ལ་ལྟོས་ནས་སྦྱོང་བྱེད་རིམ་པ་གཉིས་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་དགོངས་པར་གནས་པ་སྟེ། བྱིས་པ་སོ་སོ་སྐྱེ་བོའི་ལོག་པའི་རྣམ་པར་རྟོག་པས་ཀུན་ཏུ་བརྟགས་ཏེ་གློ་བུར་དུ་བཅོས་པའི་སྣོད་བཅུད་ཐ་མལ་དུ་འཛིན་ཅིང་ཞེན་པའི་འཁྲུལ་པ་གློ་བུར་བ་སྦྱོང་བ་ལ་བསྐྱེད་པའི་རིམ་པ་དང་། ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་གཟུང་བ་དང་འཛིན་པར་སྣང་ཞིང་འཕོ་བའི་བག་ཆགས་ས་བོན་བཅས་སྦྱོང་བ་ལ་རྫོགས་པའི་རིམ་པ་གཉིས་སུ་གསུངས་ཤིང་། སོ་སྐྱེའི་གནས་སྐབས་སུ་བསྐྱེད་རིམ་གྱི་ལམ་དང་། འཕགས་པའི་གནས་སྐབས་སུ་རྫོགས་རིམ་གྱི་ལམ་གཙོ་ཆེ་བར་བརྟེན་དགོས་པ་དང་། སྐྱེ་བ་ཀུན་རྫོབ་བདེན་པ་བསྐྱེད་རིམ་གྱིས་སྦྱོང་ཞིང་འཆི་བ་དོན་དམ་བདེན་པ་རྫོགས་རིམ་གྱིས་སྦྱོང་དགོས་པ་དང་། དབང་བཞི་ལས་བུམ་དབང་གི་ལམ་བསྐྱེད་རིམ་དང་། གོང་མ་གསུམ་གྱི་ལམ་རྫོགས་རིམ་མཚན་བཅས་མཚན་མེད་ལ་འབད་དགོས་པ་དང་། ལས་བཞི་གྲུབ་པ་བརྒྱད་སོགས་བསྐྱེད་རིམ་གྱིས་འགྲུབ་ཅིང་། ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྫོགས་རིམ་གྱིས་འགྲུབ་པ་དང་། མཆོག་
གི་དངོས་རྒྱུ་རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་ལའང་ཐོག་མར་ལྷན་ཅིག་བྱེད་པའི་རྐྱེན་བསྐྱེད་རིམ་ལ་བརྟེན་ནས་སེམས་དུལ་བར་བྱེད་དགོས་པའང་རྡོ་རྗེ་སྙིང་འགྲེལ་ལས། དང་པོ་ཞིང་རྣམས་སྦྱང་དོན་དུ། །ཀོ་ཊ་བ་རྣམས་འདེབས་བྱེད་ཅིང་། །ཕྱི་ནས་སྤྱངས་པའི་ཞིང་ལ་ནི། །སཱ་ལུའི་ས་བོན་འདེབས་པ་བཞིན། །ཞེས་དང་། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །ཞེས་གསུངས་པ་ལྟར། དཔེར་ན་ས་བོན་ཉིད་འབྲས་བུའི་ཉེ་བར་ལེན་པའི་རྒྱུ་དངོས་ཡིན་ཡང་། དེ་ལ་ཞིང་ས་གཤིན་པོ་དང་ཆུ་ལུད་སོགས་ལྷན་ཅིག་བྱེད་རྐྱེན་རྣམས་མེད་ན་མི་འབྱུང་བའི་རྒྱུ་ཡིན་པ་ལྟར། ཐོག་མར་བསྐྱེད་རིམ་གྱིས་རྒྱུད་དུལ་བར་བྱས་པ་ལ་བདེ་སྟོང་ཡེ་ཤེས་ཆེན་པོའི་རྫོགས་རིམ་གྱི་རྣལ་འབྱོར་དང་ལྡན་པས་མཆོག་གི་འབྲས་བུ་བདེ་བླག་ཏུ་སྨིན་པ་ཡིན་ནོ། །དེ་ལའང་ཡོ་ག་རྣམ་པ་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་ག་གཞི། རྫོགས་པ་ཨ་ནུ་ཡོ་ག་ལམ། རྫོགས་ཆེན་ཨ་ཏི་ཡོ་ག་འབྲས་བུའི་ཚུལ་གྱིས་དབང་པོ་དམན་འབྲིང་མཆོག་གི་རིམ་པ་དང་མཐུན་པའི་བསྐྱེད་རྫོགས་ཀྱི་སྒོམ་རིམ་རྒྱས་འབྲིང་བསྡུས་པའི་ཚུལ་སོ་སོར་འབྱུང་བ་ལས། འདིར་ནི་ཤེས་རབ་མ་རྒྱུད་ཀུན་གྱི་ཡང་ཟབ་ཡེ་ཤེས་མཁའ་འགྲོའི་ཟབ་ལམ་ཨ་ནུ་ཡོ་ག་དང་མཐུན་པའི་སྒོམ་རིམ་སྟོན་པ་སྟེ།
དེ་ལ་བཞི། ཐུན་མོང་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར། ཁྱད་པར་གཏུམ་མོའི་རྣལ་འབྱོར། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་ཞེན་སྦྱོང་བར་བྱེད་པ་བསྐྱེད་རིམ་སྟེ་འདི་ལ་གཉིས། རྣལ་འབྱོར་དངོས་དང། དེའི་ཡོན་ཏན་བསྟན་པའོ། །དང་པོ་ལའང་བཞི། རྩ་བ་ཕྱག་རྒྱ་གཅིག་པ། རྩལ་སྦྱོད་ཕྱི་ནང་སྤྲོ་བ། ཡན་ལག་བཟླས་པའི་རིམ་པ། དགོངས་པས་དབྱིངས་སུ་སྐྱེལ་བའོ། །དང་པོ་ནི། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་སྤྲོས་པ་དང་བྲལ་བའི་བསྐྱེད་རིམ་ལ་གཅིག་ཅར་དུ་འཇུག་པ་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་མཚན་དང་ས་བོན་སྙིང་པོ་གང་རུང་དྲན་པའམ་བརྗོད་པ་ཙམ་གྱིས་རྫོགས་པ་དང་། རིམ་གྱིས་འཇུག་པ་ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་སྣང་བ་ལྷའི་ཕྱག་རྒྱར་རང་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་བདེ་སྟོང་དབྱེར་མེད་ཀྱི་བསྐྱེད་རིམ་སྟེ། རང་ཤར་ལས། གཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་
གྱིས་འཇུག་ནས་ནི། །ཞེས་གསུངས་པ་ལྟར་རོ། །དེའི་དོན་ཉམས་སུ་ལེན་པའི་ཐོག་མར། སྔོན་འགྲོ་རྣམས་མདོར་བསྡུས་པ་ཙམ་དང་། གསོལ་འདེབས་དབང་ལེན་ནན་དུ་བྱས་ནས། ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད། རླུང་རོ་བསལ་ལ་དལ་བར་བཞག །སེམས་རང་བབ་ལྷུག་པའི་ངང་ནས། ཨཿཞེས་བརྗོད་པས། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་རྣམ་པར་དག་པ་གཉུག་མ་བྱང་ཆུབ་སེམས་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ནོ། །སྙམ་དུ་ཤེས་པར་བྱས་ལ་མཉམ་པར་བཞག །དེའི་ངང་ལས་རང་བྱུང་ཡེ་ཤེས་འོད་གསལ་བའི་རིག་པ་དང་གདོད་ནས་ཟུང་དུ་འཇུག་པའི་རང་རྩལ། སྣོད་རྣམ་པར་དག་པ་ཀུན་བཟང་རྡོ་རྗེ་བཙུན་མོའི་བྷ་ག་གསང་བ་ཆེན་པོའི་འབྱུང་གནས་ཐབས་ཤེས་ཀྱི་རང་བཞིན་ཆོས་འབྱུང་དམར་པོ་བསྣོལ་མ། རྣམ་ཐར་སྒོ་གསུམ་མཚོན་པའི་ལོགས་གསུམ་དང་ཕ་རོལ་ཕྱིན་པ་དྲུག་མཚོན་པའི་ཟུར་དྲུག་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་ཁ་གདེངས་གཡེལ་བ་གྱེན་དུ་བསྟན་པའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་རྣམས་བརྩེགས་མར་གསལ་གདབ། དེའི་སྟེང་དུ་བཅུད་རྣམ་པར་དག་པ་ལྷའི་ཕྱག་རྒྱར་རྫོགས་པ་ནི། རླུང་སེམས་དབྱེར་མེད་པའི་ངོ་བོ་ཡི་
གེ་བཾ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁའ་ལ་སྐར་ཆེན་ཤར་བ་ལྟར་ལྷག་གིས་གསལ་བར་བསྒོམ། དེ་ལ་སེམས་ཟིན་པ་ན་བཾ་ཡོངས་སུ་གྱུར་པ་ལས། རང་ཉིད་ཀུན་བཟང་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་མཚོ་རྒྱལ་ཏེ་སྐུ་གསུམ་དབྱེར་མེད་གཟུགས་སྐུའི་རྣམ་པར་ཤར་བ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་བ་ལ་དམར་བའི་མདངས་ཆགས་པ། ཞི་ཞིང་འཛུམ་ལ་ཤིན་ཏུ་ཆགས་པའི་ཉམས་ཅན། སྤྱན་གསུམ་ལྟ་སྟངས་ནམ་མཁའི་དབྱིངས་སུ་གཟིགས་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་ཕྱར་ཅིང་གཡོན་པས་ཐོད་པ་བདུད་རྩིས་བཀང་བ་ཐུགས་ཀར་བསྣམས་པ། དར་དཀར་པོའི་སྟོད་གཡོགས་དང་ཁ་དོག་སྣ་ཚོགས་པའི་དར་གྱི་སྨད་ཤམ་ལྷབ་ལྷུབ་ཏུ་གྲོལ་བ། བཻ་ཌཱུརྻ་དང་པདྨ་རཱ་ག་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་པའི་ཕྲེང་བས་བརྒྱན་པ། སྤྱི་བོར་འཁོར་ལོ། སྙན་རྒྱན། ཕྱག་ཞབས་ཀྱི་གདུ་བུ། མགུལ་རྒྱན། སྐ་རགས་བཅས་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། དབུ་སྐྲ་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ཡིད་བཞིན་ནོར་བུ་འོད་འབར་བས་བརྒྱན་ཅིང་ལྷག་མ་ལྕང་ལོ་སིལ་བུར་གྲོལ་བ། རིན་པོ་ཆེའི་དབུ་རྒྱན་དར་མེ་ཏོག་ཕྲེང་བས་མཛེས་པ། ཞབས་གཉིས་འདོར་སྟབས་ཀྱིས་བཞེངས་ཏེ་བཞུགས་པའི་སྐུ་
ལས་ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་མུ་མཐའ་མེད་པར་འཕྲོ་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་གསུམ་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་འདུས་པའི་ངོ་བོར་གསལ་འཚེར་འོད་འབར་བ་བསྒོམ་པ་ནི་རྩ་བའི་དམིགས་པ་དངོས་ཡིན་ནོ། །དེ་ལ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱེད་པའི་ཡན་ལག་གསུམ་ལས། དང་པོ་གསལ་སྣང་ལ་བསླབ་པ་ནི། ཐོག་མར་སྤྱན་དབུས་མ་ཁོ་ན་ལ་སེམས་འཛིན། དེའི་གཟུགས་དབྱིབས་ཁ་དོག་ཤིན་ཏུ་གསལ་བ་དང་། གཡས་གཡོན་གྱི་སྤྱན། སྙན་གཉིས། ཤངས། ཞལ། ཞལ་རས་ཡོངས་རྫོགས་ནས་རིམ་གྱིས་སྐུ །ཕྱག་མཚན། རྒྱན་ཆ་ལུགས། ཞི་ཆགས་ཀྱི་ཉམས་འགྱུར་སོགས་རེ་རེ་ནས་གསལ་བཏབ་སྟེ་སེམས་བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མི་གཏང་བར་བསྒོམ་བྱ་དེ་ཉིད་ལ་བློ་བར་མ་ཆད་དུ་འཇུག །ཐོག་མར་གསལ་སྣང་སྐྱེས་པ་དང་འཕྲོ་འཇོག་ཅིང་སླར་དམིགས་པ་ལ་འཇུག་པ་སོགས་སྣ་མ་སུན་པའི་ཐུན་ཐུང་ལ་གྲངས་མང་བ་བྱ། གོམས་ནས་རིམ་པར་ཐུན་ཇེ་རིང་དུ་བཏང་ལ། ཐུན་རིང་ཐུང་ཇི་ཙམ་བཅད་པ་དེའི་ཐོག་མཐར་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཏིང་འཛིན་རྩེ་གཅིག་པས་འཁྱོངས་པ་གལ་ཆེ་བ་ནི། ཕྱི་ནས་
བཤད་པའི་རྫོགས་རིམ་རྣམས་ལའང་གོ་དགོས་སོ། །དེ་ལྟར་བསྒོམས་པས་ཕྲ་བ་ཆ་ཤས་ནས་རགས་པ་སྐུ་ཡོངས་རྫོགས་ཀྱི་བར་དུ་གསལ་སྣང་སྐྱེས་པ་ན་ལྷའི་སྐུ་དེ་ཉིད་དྭངས་གསལ་རྙོགས་པ་མེད་པ་ཆུ་སྣོད་དྭངས་པར་ཤར་བའི་ཟླ་གཟུགས་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཁ་དོག་སོ་སོར་གསལ་ཡང་དངོས་མཚན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ་ལ་བློ་བཞག །ལས་དང་པོ་པས་གསལ་སྣང་ཐོན་པ་དཀའ་ཡང་མོས་པ་རྩེ་གཅིག་པས་སྒོམ་པ་དང་། བྲིས་སྐུ་ལེགས་པོ་སོགས་ལ་ལྟ་ཞིང་སེམས་བཟུང་བ་སོགས་བྱས་པས་རིམ་གྱིས་གསལ་སྣང་འགྲུབ་པར་འགྱུར་རོ། །གཉིས་པ་ང་རྒྱལ་ལ་བསླབ་པ་ནི། རང་ཉིད་ཐ་མལ་དུ་ཞེན་པའི་བདག་འཛིན་སྤངས་ལ། དྲི་མ་ཐམས་ཅད་སྤངས་ཤིང་ཡོན་ཏན་མ་ལུས་པ་རྫོགས་པ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་དབྱིངས་ཕྱུག་མཁའ་འགྲོའི་ཚོགས་རྗེ་ཡེ་ཤེས་མཚོ་རྒྱལ་དེ་ཉིད་ངའོ་སྙམ་དུ་བཅོས་མིན་གྱི་ང་རྒྱལ་ཐོག་མར་བསྐྱེད་ལ་གསལ་སྣང་དང་ང་རྒྱལ་བརྟན་པོ་ཟུང་དུ་འཇུག་པ་དེ་ཡིས་གཟུང་འཛིན་ཐ་མལ་པའི་སྣང་ཞེན་འགོག་ནུས་པ་བྱུང་ན་སྔགས་ཀྱི་ཞི་གནས་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །སྤྱིར་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་སྣང་གསལ་མིན་གང་ལྟར་ཡང་བདག་ཉིད་ཡེ་ཤེས་མཁའ་འགྲོ་དངོས་ཡིན།
དེའི་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་བདག་ལ་རྫོགས་པའོ་སྙམ་པའི་ང་རྒྱལ་དང་མ་བྲལ་བ་བྱས་པས་བྱིན་རླབས་ཐོགས་མེད་དུ་འབྱུང་བར་གསུངས་སོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། དོན་དམ་ཡེ་ཤེས་དབྱིངས་ཀྱི་རང་བཞིན་ལ་སྤྲོས་པའི་མཚན་མ་མི་མངའ་ཡང་། ཀུན་རྫོབ་གདུལ་བྱའི་སེམས་ཅན་དྲང་བའི་སླད་དུ་གང་འདུལ་དེར་སྟོན་གྱི་རྣམ་པར་ཤར་བ་ཉིད་ངེས་པར་བྱས་ཏེ། ཞལ་གཅིག་ཆོས་དབྱིངས་ཐིག་ལེ་ཉག་གཅིག །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་རང་བཞིན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། དོན་དམ་དབྱིངས་ལ་འགྱུར་བ་མེད་པས་ཞི་ཞིང་འགྲོ་ལ་རྗེས་སུ་བརྩེ་བས་འཛུམ་ཞིང་ཆགས་པའི་ཉམས་ཅན། དབྱིངས་སྐུ་གསུམ་གྱི་རང་བཞིན་ལས་འབྲལ་བ་མེད་པས་སྤྱན་གསུམ་ལྟ་སྟངས་མཁའ་ལ་གཟིགས་ཤིང་འོད་གསལ་ཆོས་ཉིད་མངོན་སུམ་ངོ་སྤྲོད་པའི་བྱིན་རླབས་འབེབ་པ། གཟུང་འཛིན་གྱི་ཞེན་སྣང་དབྱིངས་སུ་གཅོད་པས་གཡས་གྲི་གུག་གདེངས་ཤིང་། སྒྲུབ་པ་པོ་ལ་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་སྩོལ་བས་གཡོན་པས་བདུད་རྩིའི་ཐོད་པ་བསྣམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བས་དར་གྱི་སྟོད་གཡོགས་སྨད་
ཤམ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་གཞན་དག་དགེ་བ་ལ་འགོད་པས་དབུ་སྐྲ་ཐོར་ཅོག་ཏུ་བཅིངས་པའི་ལྷག་མ་ཐུར་དུ་གྲོལ་བ། ཆེ་བའི་ཡོན་ཏན་འགྲན་ཟླ་དང་བྲལ་ཞིང་འདོད་རྒུ་ལྷུན་གྱིས་གྲུབ་པས་ཡིད་བཞིན་ནོར་བུས་དབུར་བརྒྱན་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རིན་པོ་ཆེ་དང་མེ་ཏོག་ཁ་དོག་སྣ་ཚོགས་པས་བརྒྱན་པ། ཕྱག་རྒྱ་ལྔ་ནི་ཡེ་ཤེས་ལྔ་སྟེ། འཁོར་ལོ་ཆོས་དབྱིངས། རྣ་ཆ་སོར་རྟོག །མགུལ་ཆུ་མཉམ་ཉིད། གདུ་བུ་མེ་ལོང་ལྟ་བུ། སྐ་རགས་བྱ་བ་གྲུབ་པའི་ཡེ་ཤེས་ལྔ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་བརྡ་སྟོན་པས་གཡེར་ཁའི་ཕྲེང་བ་དཔྱངས་པ། དོན་དམ་བདེན་པས་མྱང་འདས་དང་ཀུན་རྫོབ་བདེན་པས་འཁོར་བའི་མཐའ་ལ་མཉམ་པར་གནས་པས་ཞབས་གཉིས་འདོར་སྟབས་སུ་བཞེངས་ཏེ་བཞུགས་པ། ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཀྱི་རང་གདངས་ཕྱིར་གསལ་འགག་མེད་དུ་འཆར་བས་འོད་དང་ཟེར་ཐག་ཐིག་ལེ་ཁ་དོག་ལྔ་ལྡན་དུ་འཁྲིགས་པ། འཁོར་བ་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་གདན་སྣ་ཚོགས་པདྨ། རྡུལ་གྱི་ཆོས་དག་པས་ཉི་མ། ཁུ་བའི་ཆོས་དག་པས་ཟླ་བའི་དཀྱིལ་འཁོར་རྣམས་དང་། རྒྱས་པར་ན་སྐུའི་དབྱིབས་ཀྱི་མཚན་ཉིད་སོ་སོའི་དག་པའང་དྲན་པ་བྱུང་ན་མཆོག་ཏུ་འགྱུར་ལ།
མཚོན་བྱེད་ལྷའི་རྣམ་པ་རེ་རེ་བཞིན་སྒོམ་པ་དང་ལྷན་ཅིག་མཚོན་བྱ་དོན་གྱི་དག་པ་དྲན་པ་དགོས་ཀྱང་། ལས་དང་པོ་པས་དེ་ལྟར་མི་ནུས་ན། གསལ་སྣང་ཇི་ཙམ་ཐེབ་པར་བྱས་པའི་མཐར་སྐུའི་རྣམ་པ་ཕྱག་མཚན་རྒྱན་དང་བཅས་པར་སྣང་བ་འདི་རྣམས། གདོད་ནས་སྤྲོས་བྲལ་ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་མོ་ལ་ཡེ་ཤེས་དང་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ཉིད་གཟུགས་སྐུའི་རྣམ་པའི་བརྡ་དང་ཐབས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་གུས་བསྒོམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་རོ། །ཐུན་དངོས་གཞི་ཇི་ཙམ་བྱེད་ཀྱང་ཏིང་ངེ་འཛིན་དེ་ཁོ་ན་ལ་མཉམ་པར་བཞག་ཅིང་། ཐུན་བསྡུ་བ་ན་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣང་སྲིད་བརྟན་གཡོ་ཐམས་ཅད་ལ་ཁྱབ། སྣོད་གཞལ་ཡས་ཁང་། བཅུད་ལྷའི་སྐུར་དག་པར་བྱས། དེ་ཐམས་ཅད་རིམ་པར་འོད་དུ་ཞུ་ཆོས་འབྱུང་ལ་ཐིམ། དེ་རང་ལ། རང་ཡང་མཐའ་ནས་དབུས་སུ་འདུས་ཏེ་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ། དེའང་ཞབས་ཀྱུ་ནས་གྱེན་ལ་རིམ་གྱིས་ཐིམ་ཏེ་མཐར་ཐིག་ལེ་དང་། དེའང་ནཱ་ད་ཤིན་ཏུ་ཕྲ་བར་གྱུར་པ་ལ་སེམས་བཟུང་། དེའང་མི་དམིགས་པར་ཡལ་བར་མོས་ལ་བློ་ལས་འདས་པའི་གནས་ལུགས་ཀ་དག་གི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་ཆུ་ལས་རླབས་གཡོས་པ་བཞིན་བདེ་རླུང་སེམས་
གསུམ་དབྱེར་མེད་པའི་གཉུག་མའི་ལྷ་སྐུར་ལམ་གྱིས་གསལ་བཏབ། གཟུགས་སྣང་ལྷ། སྒྲ་གྲགས་གསུང་། དྲན་རིག་ཐུགས་འོད་གསལ་ཆེན་པོའི་རང་བཞིན། ཐམས་ཅད་ཡེ་ཤེས་ཆེན་པོའི་འཁོར་ལོར་མོས་ལ་དྲན་ཤེས་དང་མ་བྲལ་བས་ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་རྩལ་སྦྱོང་སྤྲོ་བ་ནི། རྩ་བའི་དམིགས་པ་དེ་ལ་གསལ་སྣང་སྐྱེས་ཤིང་བརྟན་པ་ཐོབ་པ་ན། དང་པོ་ནང་ལུས་དཀྱིལ་གྱི་ལྷ་ཚོགས་གསལ་བར་བསྒོམ་སྟེ། དེའང་གཤིས་ལུགས་ལས་རང་ཤར་དུ་བྱུང་བའི་གཉུག་མའི་ལུས་ངག་ཡིད་གསུམ་གྱི་རྟེན་རྩ་རླུང་ཐིག་ལེའི་དྭངས་མ་རྣམས་ལུས་ཀྱི་གནས་སོ་སོར་ལྷ་སྐུའི་རྣམ་པར་གསལ་འདེབས་པ་སྟེ། རང་ཉིད་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བའི་སྤྱི་བོ་དུང་ཁང་གི་དབུས་སུ་པདྨ་ཉི་མའི་གདན་ལ་དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་དུ། ཁྲོ་བོ་ཀུན་གྱི་ཚོགས་རྗེ་ཆེ་མཆོག་བཛྲ་ཧེ་རུ་ཀ་མཐིང་ནག་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང་དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་བརྐྱང་བསྐུམ་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་ཤིང་རིགས་ལྔ་ཁྲག་འཐུང་གནས་ཡུལ་སྒོ་སྐྱོང་དབང་ཕྱུག་སོགས་ཁྲོ་བོའི་སྤྲིན་རབ་འབྱམས་
སྤྲོ་བ། མགྲིན་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་གསང་བ་ཀུན་གྱི་བདག་པོ་པདྨ་རྡོ་རྗེ་ཆོས་དམར་གསལ་ཁྲོ་འཛུམ་གྱི་ཉམས་ཅན། ཕྱག་གཡས་པདྨ་ཐུགས་ཀར་བསྣམས་ཤིང་གཡོན་པས་དྲིལ་བུ་དཀུར་བརྟེན་པ། དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་ཞིང་། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ་ལ་རིག་འཛིན་རྣམ་བཞིའི་ས་ལ་བཞུགས་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། ཐུགས་ཀར་པདྨ་ཉི་མ་ཟླ་བའི་གདན་ལ་ཐོག་མའི་མགོན་པོ་ཀུན་བཟང་མཐིང་ག་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ཅན་ལ་རང་འོད་ཀྱི་ཡུམ་ཀུན་ཏུ་བཟང་མོ་དཀར་གསལ་ཐལ་སྦྱར་ཅན་གྱིས་འཁྱུད་པ། གཉིས་ཀ་རྒྱན་མེད་གཅེར་བུའི་རྣམ་པ་ཡེ་ཤེས་འོད་ལྔ་འཁྲིགས་པའི་ཀློང་དུ་བཞུགས་པ་ལ་རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་སོགས་ཞི་བའི་ལྷ་ཚོགས་ཚོམ་བུར་བརྡལ་བ། དེའི་ཐུགས་ཀར་པདྨ་ཉི་ཟླའི་གདན་ལ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་ཞི་འཛུམ་དར་དང་རུས་པ་རིན་པོ་ཆེའི་རྒྱན་ལྡན། རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྐྱིལ་མོ་ཀྲུང་གིས་འོད་ལྔའི་ཀློང་ན་བཞུགས་པ། ཕྱི་རོལ་གྱི་ཡུལ་ཉི་ཤུ་རྩ་བཞི་ནང་རང་ལུས་རྩ་མདུད་ཡིག་འབྲུའི་གཟུགས་སུ་གནས་པ་ལ། ཐིག་ལེ་དཀར་ཆ་བདེ་བའི་རང་བཞིན་དཔའ་བོ་དང་། རཀྟ་དམར་ཆ་སྟོང་
པའི་རང་བཞིན་དཔའ་མོའི་རྣམ་པར་ཤར་བ་ནི། སྤྱི་བོ་ཛ་ལན་དྷ་རར་དཔའ་བོ་མ་ཧཱ་ཀངྐ་དང་དཔའ་མོ་གཏུམ་མིག་མ། སྨིན་མཚམས་སུ་པུལླི་ར་མ་ལར་ཐོད་པའི་དུམ་བུ་དང་རབ་གཏུམ་མ། ལྟག་པར་ཨརྦུ་ཏར་མཆེ་བ་རྣམ་གཙིགས་དང་སྣ་ཆེན་མ། སྨིན་དབུས་རཱ་མེ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། རྣ་བ་གཡས་པ་ཨཽ་ཌཱི་ཡ་ནར་ཀངྐཱ་ལ་དང་འོད་ལྡན་མ། རྣ་བ་གཡོན་པ་གོ་དཱ་ཝ་རིར་སུ་ར་བཱི་ར་དང་བརྟན་པའི་བློ་ཅན་མ། མིག་གཉིས་དེ་བཱི་ཀོ་ཊིར་རྡོ་རྗེའི་འོད་ཅན་དང་ལངྐའི་དབང་ཕྱུག་མ། ཕྲག་པ་མ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་པ་ཐམས་ཅད་སྐུ་མདོག་མཐིང་ག །མགྲིན་པ་ལམྦ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། མཆན་ཁུང་ཀཱ་མ་རཱུ་པར་ཨངྐུ་རཱི་དང་ཨེ་རཱ་བ་ཏི། ནུ་མ་ཨོ་ཊེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་མ། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་ཤུགས་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་ཀ་ལིངྐར་རབ་ཏུ་བཟང་པོ་དང་སྔོ་སང་ལྷ་མོ། སྙིང་ག་ཀཉྩི་ཀར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམས་བར་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་ས་སྤྱོད་གསུང་གི་འཁོར་ལོ་པ་ཐམས་ཅད་སྐུ་མདོག་དམར་པོ། མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་འཆང་མ། བཤང་
ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། མཐེ་བོང་མ་རུ་ཏར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བརླ་སཽ་རཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་སུ་ཝརྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་ནཱ་ག་རར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། པུས་མོ་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། བོལ་གོང་སིནྡྷུའིི་གྲོང་དུ་པདྨ་གར་དབང་དང་སྟོབས་ཆེན་མ་སྟེ་ས་འོག་སྤྱོད་པ་སྐུའི་འཁོར་ལོ་པ་ཐམས་ཅད་དཀར་པོ། ཡབ་ཡུམ་ཐམས་ཅད་ཀྱང་གྲི་གུག་ཐོད་ཁྲག་འཛིན་ཅིང་མཉམ་པར་སྦྱོར་བ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་པའི་སྐུར་གསལ་བཏབ་ལ་བསྒོམ། ལུས་དཀྱིལ་ལ་གསལ་སྣང་ཐོབ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྒོམ་སྟེ། དེའང་ཕྲིན་ལས་ཀྱི་གཞུང་བསྲང་། དམ་ཚིག་པ་བསྐྱེད་པའི་སྐབས་སུ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལས་རྟེན་དཀྱིལ་འཁོར་གྱི་འོག་གཞི་ཡུམ་ལྔའི་མཁའ་ཀློང་གི་རང་བཞིན་འབྱུང་ལྔའི་དཀྱིལ་འཁོར་རིམ་བརྩེགས་ཀྱི་སྟེང་དུ། འཁྲུལ་རྟོག་གི་བར་དུ་གཅོད་པས་མི་ཕྱེད་པའི་རྡོ་རྗེའི་སྲུང་འཁོར་མེ་འོད་འབར་བའི་ནང་། ཚོགས་བརྒྱད་རྣམ་པར་དག་པ་དུར་ཁྲོད་བརྒྱད་ཀྱི་དབུས་སུ། ཕུང་པོ་ལྔ་རྣམ་པར་དག་པ་
གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། ཤ་ཁྲག་དྲོད་དབུགས་རྣམ་པར་དག་པ་སྒོ་ཁང་རྟ་བབས་རིམ་བཞི་ཆོས་འཁོར་གདུགས་ཀྱིས་མཛེས་པ། རྩིག་པ་རིམ་ལྔའི་སྟེང་དུ་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་རྣམས་དང་འདོད་སྣམས་ལ་རྡོ་རྗེའི་རིག་མ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་སྤྲིན་སྤྲོ་བ། རྒྱལ་མཚན་བ་དན་རྔ་ཡབ་ཆུན་འཕྱང་སོགས་ཡེ་ཤེས་རང་སྣང་གི་རྒྱན་དང་བཀོད་པ་དཔག་ཏུ་མེད་པས་སྤྲས་པ། གོ་འཕང་བླ་ན་མེད་པ་ལ་འགྲན་ཟླ་ཐམས་ཅད་སྤངས་པས་དབུས་ཕྱུར་བུ་རྡོ་རྗེ་ནོར་བུའི་ཏོག་མངོན་པར་མཐོ་ཞིང་། སྤྲོས་མཚན་གྱིས་མི་ཕྱེད་པའི་ཡེ་ཤེས་འོད་ལྔའི་ཐིག་ལེ་གཅིག་ཏུ་འཁྱིལ་པ། ཕོ་བྲང་གི་ནང་དུ་ཆོས་འབྱུང་བསྣོལ་མ། ལྷ་སོ་སོའི་གདན་དང་བཅས་པ་གསལ་བར་བསྒོམ། དེ་ནས་བརྟེན་པ་ལྷའི་དཀྱིལ་འཁོར་གཙོ་མོ་ལུས་དཀྱིལ་བཅས་གསལ་གདབ། དེ་ནས་ཕྱི་རོལ་དུ་བཀོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་ཚིག་ཙམ་བརྗོད་པས་གཅིག་ཅར་དུ་བསྐྱེད་དེ། གཙོ་མོའི་ཕྱོགས་བཞིར་པད་འདབ་ཀྱི་སྟེང་ཟླ་བའི་དཀྱིལ་འཁོར་རེ་རེ་ལ། ཤར་དུ་མནྡཱ་ར་བ་དང་སངས་རྒྱས་སྤྱན་མ་དབྱེར་མེད་པ་དཀར་ལ་དམར་བའི་མདངས་ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་འཁོར་ལོས་མཚན་པའི་གྲི་གུག །ཐུགས་ཀར་བུདྡྷ་ཐོད་ཕྲེང་དཀར་པོ་གཡས་འཁོར་ལོ།
གཡས་སུ་ཤཱཀྱ་དེ་བཱི་དང་མ་མཱ་ཀི་དབྱེར་མེད་པ་དཀར་ལ་སེར་བའི་མདངས་སྒེག་ཅིང་རྒྱས་པའི་ཉམས་ཅན། ཕྱག་གཡས་རིན་པོ་ཆེས་མཚན་པའི་གྲི་གུག །ཐུགས་ཀར་རཏྣ་ཐོད་ཕྲེང་སེར་པོ་གཡས་རིན་པོ་ཆེ། རྒྱབ་ཏུ་ཀཱ་ལ་སིདྡྷི་དང་གོས་དཀར་མོ་དབྱེར་མེད་པ་དམར་ལ་སྨུག་པའི་མདངས་མཛེས་ཤིང་ཆགས་པའི་ཉམས་ཅན། ཐུགས་ཀར་པདྨ་ཐོད་ཕྲེང་དམར་པོ་གཡས་པདྨ། གཡོན་དུ་བཀྲ་ཤིས་ཁྱེ་འདྲེན་དང་དམ་ཚིག་སྒྲོལ་མ་དབྱེར་མེད་པ་དཀར་ལ་ལྗང་བའི་མདངས་ཁྲོ་གཏུམ་ཉམས་མཆེ་བ་ཅུང་ཟད་གཙིགས་པ། གཡས་རལ་གྲིས་མཚན་པའི་གྲི་གུག །ཐུགས་ཀར་ཀརྨ་ཐོད་ཕྲེང་ལྗང་གུ་གཡས་རྒྱ་གྲམ། ཡུམ་བཞིས་ཕྱག་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་ཞབས་གཉིས་གར་སྟབས་ཚུལ་གྱིས་རང་འོད་དཀར་སེར་དམར་ལྗང་ཐིག་ལེ་འཁྱིལ་པའི་ཀློང་ན་འགྱིང་བ། རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་གཙོ་མོ་དང་མཚུངས་པ། ཐོད་ཕྲེང་རིགས་བཞི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཕྱག་གཡོན་པ་རྣམས་དྲིལ་བུ་དང་ཞབས་སྐྱིལ་ཀྲུང་རང་འོད་ཀྱི་ཀློང་ན་བཞུགས་པ། ཆོས་འབྱུང་གི་ཟུར་དྲུག་ལ་ཚེ་འགུགས་ཕོ་ཉ་མགྱོགས་མ་དྲུག་འཁོད་པ་ནི། ཆོས་འབྱུང་ནང་མའི་གཡོན་ཟུར་དུ་སེམས་རྣམ་པར་དག་པ་རང་བྱུང་ཡེ་ཤེས་
ཀྱི་མདངས་རྩལ་འོད་གསལ་མཁའ་འགྲོ་ཁྱབ་བྱེད་མ་མཐིང་ནག་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ། གཡས་ཟུར་དུ་ནམ་མཁའ་དང་རྣམ་ཤེས་དག་པ་མེ་ལོང་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་མཁའ་འགྲོ་སྣང་བྱེད་མ་སྔོན་མོ་རྡོ་རྗེ་ཐོད་ཁྲག་བསྣམས་པ། རྒྱབ་ཟུར་དུ་ཆུ་ཁམས་ཁྲག་རྣམ་པར་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་རྩལ་རིན་ཆེན་མཁའ་འགྲོ་སྡུད་བྱེད་མ་སེར་མོ་རིན་ཆེན་ཐོད་ཁྲག་བསྣམས་པ། ཆོས་འབྱུང་ཕྱི་མའི་མདུན་ཟུར་དུ་ས་ཁམས་ཤ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་རྩལ་སངས་རྒྱས་མཁའ་འགྲོ་བརྟན་བྱེད་མ་དཀར་མོ་འཁོར་ལོ་ཐོད་ཁྲག་བསྣམས་པ། གཡས་ཟུར་དུ་མེ་ཁམས་དྲོད་རྣམ་པར་དག་པ་སོར་རྟོག་ཡེ་ཤེས་ཀྱི་རང་རྩལ་པདྨ་མཁའ་འགྲོ་སྲེག་བྱེད་མ་དམར་མོ་པདྨ་ཐོད་ཁྲག་བསྣམས་པ། གཡོན་ཟུར་དུ་རླུང་ཁམས་དབུགས་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་རང་རྩལ་ལས་ཀྱི་མཁའ་འགྲོ་སྐྱོད་བྱེད་མ་ལྗང་གུ་ཐོད་ཁྲག་བསྣམས་པ། ཤར་སྒོར་ཁ་གདོང་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཕག་གདོང་སེར་མོ་གཡས་ཞགས་པ། ནུབ་སྒོར་ཁྱི་གདོང་དམར་མོ་གཡས་ལྕགས་སྒྲོག །བྱང་སྒོར་སྦྲུལ་གདོང་ལྗང་གུ་གཡས་དྲིལ་བུ། སྒོ་མ་བཞི་པོའི་གཡོན་རྣམས་ཐོད་ཁྲག་ཐོགས་པ། ཤར་ལྷོར་ལྷ་མོ་བརྟན་བྱེད་མ་དཀར་སེར་ཕྱེད་གཟུགས། ལྷོ་
ནུབ་ཏུ་ཕོ་ཉ་མོ་དམར་སེར་ཕྱེད་གཟུགས། ནུབ་བྱང་དུ་མཆེ་བ་མ་དམར་ལྗང་ཕྱེད་གཟུགས། བྱང་ཤར་དུ་འཇོམས་བྱེད་མ་དཀར་ལྗང་ཕྱེད་གཟུགས། མཚམས་མ་བཞི་པོ་གྲི་ཐོད་ཐོགས་པ། རྣལ་འབྱོར་མ་ཐམས་ཅད་དར་དང་རུས་པའི་རྒྱན་ལྡན། ཞབས་གཉིས་གར་སྟབས་མཛད་པ། ཕྱི་ནང་པདྨའི་མུ་ཁྱུད་དང་བར་ཁྱམས་རྣམས་སུ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་དང་། ཕྱིའི་མུ་ཁྱུད་ལ་དཔལ་མགོན་རྒྱལ་ཆེན་སོགས་འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ཀྱིས་བསྐོར་བ། སྟེང་འོག་ཕྱོགས་མཚམས་རྣམས་སུ་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་གཏིབས་པ་ལྟར་མོས་པས་བསྐྱེད། གནས་གསུམ་བྱིན་བརླབས། ཡེ་ཤེས་ལྔ་ཡིས་དབང་བསྐུར། རང་རིགས་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པས་རྒྱས་གདབ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསྟིམ། བརྟན་པར་བཞུགས་སུ་གསོལ་ལ་ཕྱག་བྱ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད། རྡོ་རྗེའི་གླུ་ཡིས་བསྟོད་ཅིང་འདོད་དོན་གསོལ་བ་རྣམས་ཀྱི་ཏིང་ངེ་འཛིན་སྤྱི་ལྟར་མ་ཆད་པར་བྱས་ལ་གསལ་སྣང་ཤིན་ཏུ་བརྟན་པར་བྱ། དེ་ལ་གོམས་པ་བརྟན་ནས་སྣང་སྲིད་སྣོད་བཅུད་ཅིར་སྣང་ཐམས་ཅད་ལྷའི་འཁོར་ལོ་བསམ་ཡས་སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱར་གསལ་ནས་ཐ་མལ་
གྱི་སྣང་ཞེན་མ་ལུས་པ་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་སྐུར་རྫོགས་པའི་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་བྱའོ། །དེ་དག་ཀྱང་ཐོག་མར་ཡིད་ཀྱི་ཡུལ། བར་དུ་དབང་པོའི་ཡུལ། མཐར་རེག་པའི་ཡུལ་དུ་གསལ་ཞིང་བརྟན་པ་ན་ཡུལ་གསུམ་གྱད་དུ་གྱུར་པ་ཞེས་བྱ་སྟེ། གསལ་བའི་ཚད། གསལ་ལེ། སང་ངེ་། ལྷག་གེ །ལྷང་ངེ་བ་བཞི་དང་། བརྟན་པའི་ཚད། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་བཞི་སྟེ་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པའི་ཚེ་སྣང་བ་ལྷའི་དཀྱིལ་འཁོར་དང་འདྲེས་པ་ཡིན་ནོ། །བསྐྱེད་རིམ་དེ་དག་གཞི་འཁོར་བ་དང་མཐུན་པ་ལམ་དུ་བྱས་པས་སྦྱང་བྱ་སྲིད་པའི་བག་ཆགས་སྦྱོང་ཞིང་དག༵་པར་བྱེད། འབྲས་བུ་མྱང་འདས་ཀྱི་བཞུག་ཚུལ་དང་མཐུན་པའི་མོས་པ་ལམ་དུ་བྱས་པས་རང་རང་གི་ཡེ་ཤེས་རྫོ༵གས་པར་བྱེད། ལམ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་ཏིང་ངེ་འཛིན་སོ་སོས་རིམ་པ་གཉིས་པའི་ཡེ་ཤེས་སྨི༵ན་པར་བྱེད་པ་རྣམས་དམིགས་པ་རེ་རེ་བཞིན་དེ་དང་དེའོ་སྙམ་པའི་ང་རྒྱལ་བཟུང་བ་གལ་ཆེ་རུང་འདིར་ཡི་གེས་འཇིགས་པས་རྣམ་བཤད་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ཡན་ལག་བཟླས་པའི་རིམ་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་གྱི་དགོངས་པའོ། །དང་པོ་བསྙེན་པའི་དགོངས་པ་ལ་དམིགས་པའི་
གཞི་དགོད་པ་ནི། རང་ཉིད་གཙོ་མོ་ཡེ་ཤེས་མཁའ་འགྲོར་གསལ་བའི་ཐུགས་ཀར་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་ཁ་དོག་ལྔ་ལྡན་འོད་ཀྱི་གོང་བུར་འཁྱིལ་པའི་ཀློང་དུ། པདྨ་ཉི་མ་བཾ་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྟེང་དུ་ཡེ་ཤེས་སེམས་མ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་གསལ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། རྣ་ལྟག་གཡས་སུ་ཕག་ཞལ་ངུར་སྒྲ་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་ཅིང་གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་དུ་རྡོ་རྗེའི་ཁ་ཊྭཱཾ་ག་བརྟེན་ཅིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་རོལ་པ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དགའ་བ་འཁྱིལ་པ། ངོ་བོ་སྟོང་པ་ཉིད། རང་བཞིན་གསལ་བ་ཆེན་པོ། རྣམ་པ་གཡུང་དྲུང་གཡོན་དུ་འཁྱིལ་པ། ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་སྟེ་མཚན་ཉིད་བཞི་དང་ལྡན་པའི་དབུས་སུ་བཾ་ཡིག་དཀར་ལ་དམར་བའི་མདངས་འོད་ཅན། དེའི་མཐའ་སྐོར་དུ་བསྙེན་སྔགས་ཡིག་འབྲུ་བཅུ་དྲུག་པས་གཡོན་སྐོར་དུ་བསྐོར་བ་གསལ་བཏབ་ལ་སེམས་བཟུང་། དེ་ལ་གསལ་སྣང་བརྟན་པ་ན་ངག་གིས་བཟླས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་
བཅས་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུ་འཕྲོས། ནང་ལུས་ཀྱི་དཀྱིལ་འཁོར་དང་། ཕྱིའི་འཁོར་ཚོགས། ཆོས་འབྱུང་གཞལ་ཡས་ཁང་ཁོར་ཡུག་དུར་ཁྲོད་སྲུང་འཁོར་དང་བཅས་པ་མེ་ལོང་ལ་ཉི་ཟེར་ཕོག་པ་ལྟར་རིམ་གྱིས་གསལ་བར་བྱས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སངས་ཀྱིས་དག །ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་རབ་ཏུ་འབར་བར་བསམས་ལ་གསལ་སྣང་འདོན། དེ་ལ་གོམས་པ་བརྟན་ནས། སླར་ཡང་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུ་ཁྱབ་པར་འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་མཁའ་སྤྱོད་དག་པའི་ཞིང་ཁམས་ཐམས་ཅད་རབ་ཏུ་གཡོས། དེ་དག་ན་བཞུགས་པའི་བརྒྱུད་གསུམ་རིག་འཛིན་བླ་མ། ཡི་དམ་ཞི་ཁྲོའི་དཀྱིལ་འཁོར། བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཕྱག་རྒྱ་སྙིང་པོ་ཕྱག་མཚན་འོད་ཟེར་ཐིག་ལེ་ཁ་དོག་སྣ་ཚོགས་པའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་གནས་གསུམ་གྱི་ཕོ་ཉ་རྣམ་པ་གསུམ་གྱི་ཐུགས་
རྗེའི་བྱིན་རླབས། མཐུ་སྟོབས་ནུས་རྩལ་ཅི་མཆིས་པ་ཐམས་ཅད་བདག་གི་རྒྱུད་ལ་ཡོངས་སུ་རྫོགས། ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་དབྱེར་མེད་རོ་མཉམ་དུ་གྱུར་ནས་མཁའ་སྤྱོད་ཆེན་པོར་མངའ་དབང་སྒྱུར་བའི་རིག་འཛིན་རྩལ་འཆང་མཆོག་གི་གོ་འཕང་འགྲུབ་པར་བསམ་ལ་བསྙེན་སྔགས་བཟླ། གྲངས་ཚད་འབུམ་ཕྲག་བདུན་བཟླས་པས་བདག་དོན་བྱིན་རླབས་ཐོབ་པར་གསུངས་སོ། །གཉིས་པ་སྒྲུབ་པའི་དགོངས་པ་ནི། གཙོ་མོའི་ཐུགས་སྲོག་གི་མཐར་སྒྲུབ་སྔགས་ཀྱིས་གཡོན་དུ་བསྐོར་བ་གསལ་གདབ། བཟླས་པས་ཐུགས་རྒྱུད་བསྐུལ་བས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བདེ་བ་ཆེན་པོའི་འོད་ཟེར་གྱི་སྤྲིན་ཕུང་འཁྲིགས་པས་ཕྱི་ནང་ཐམས་ཅད་ལ་ཁྱབ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཤིན་ཏུ་དགྱེས་པ་བསྐྱེད། ཐམས་ཅད་ཀྱང་བདེ་ཆེན་ཡེ་ཤེས་ཀྱི་ཉམས་འབར་ཏེ་སྐུ་དགྱེས་པའི་གར་སྟབས་བསྒྱུར། གསུངས་སྔགས་ཀྱི་སྒྲ་དབྱངས་སྒྲོག །གཙོ་འཁོར་ཐམས་ཅད་ལས་བདེ་ཆེན་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས་པས་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཀུན་ལ་ཁྱབ། ཁམས་གསུམ་གྱི་འགྲོ་བ་མཐའ་དག་ཐོག་མེད་ནས་འཁྲུལ་པའི་གཟུང་ བ་ཡུལ་དུ་ཞེན་པ་དང་འཛིན་པ་བདག་
ཏུ་རྟོག་པའི ་དྲི་མ་མཐའ་དག་སྐད་ཅིག་ལ་སྦྱངས། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་རྡོ་རྗེའི་གོ་འཕང་ལ་བཀོད། སྣང་བ་ཐམས་ཅད་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་སྐུ །གྲགས་པ་ཐམས་ཅད་མི་ཤིགས་སྔགས་ཀྱི་རང་སྒྲ །དྲན་རྟོག་བདེ་ཆེན་ཡེ་ཤེས་ཀྱི་རོལ་པར་གྱུར་ནས་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷན་སྐྱེས་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པར་བསམས་ལ་སྒྲུབ་སྔགས་བཟླ། གྲངས་འབུམ་ཕྲག་གསུམ་གྱིས་གཞན་དོན་དུ་དངོས་གྲུབ་རྣམ་པ་གཉིས་འགྲུབ་པར་གསུངས་སོ། །བསྙེན་སྒྲུབ་ཀྱི་བཟླས་པའི་སྐབས་རྣམ་པར་རྟོག་པས་མི་གཡེང་བར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་དམིགས་པའི་གསལ་སྣང་བརྟན་པོས་བཟླས་པ་སྐྱོན་དང་བྲལ་བར་བཟླས་པས་ངག་ལ་སྔགས་ཀྱི་གཟེར་ཐེབས་པར་བྱའོ། །གསུམ་པ་ལས་སྦྱོར་གྱི་དགོངས་པ་ནི། དུས་གྲངས་རྟགས་ཚད་གང་ཡང་རུང་བའི་བཟླས་པ་མཐར་ཕྱིན་ནས་དམིགས་པ་དང་སྔགས་ཀྱི་ཤམ་བུས་ཁ་བསྒྱུར་བ་སྟེ། དེ་ལ་བཞི། དང་པོ་ཞི་བའི་ལས་ནི། ཐོ་རངས་ཀྱི་དུས་སུ་ཁ་ཤར་དུ་བལྟས་ལ། རང་ཉིད་བདེ་ཆེན་ཡེ་ཤེས་མཁའ་འགྲོ་ལུས་དཀྱིལ་དང་བཅས་པའི་གཙོ་འཁོར་ཐམས་ཅད་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཐུགས་སྲོག་སྔགས་ཕྲེང་རྣམས་ཀྱང་ཤེལ་
ལྟར་དཀར་བ་ལས་འོད་ཟེར་ཟླ་ཤེལ་ལྟར་དཀར་ཞིང་བདུད་རྩིའི་རང་བཞིན་ཅན་དཔག་ཏུ་མེད་པ་ཕྱི་ནང་ཁྱབ་པར་འཕྲོས་པས། རང་གཞན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་སོགས་མི་མཐུན་གནོད་པའི་ཕྱོགས་ཐམས་ཅད་མུན་ལ་ཉི་མ་ཤར་བ་ལྟར་སངས་ཀྱིས་བསལ་ནས་ཞི་བར་བསམས་ལ་སྒྲུབ་སྔགས་ལ་ལས་སྔགས་བཏགས་པ་བཟླ། གཉིས་པ་རྒྱས་པའི་ལས་ནི། ཉི་ཤར་ལ་ཁ་བྱང་དུ་བལྟས་ཏེ། ལྷ་ཚོགས་ས་བོན་སྔགས་ཕྲེང་དང་བཅས་པ་གསེར་བཙོ་མའི་མདངས་ལྟར་སེར་བ་ལས་འོད་ཟེར་ཛམྦུའི་ཆུ་བོའི་གསེར་མདོག་ལྟ་བུ་འཕྲོས་པས། བདག་གཞན་ཀུན་གྱི་ཚེ་དང་བསོད་ནམས། དཔལ་འབྱོར་སྙན་གྲགས། ཉམས་རྟོགས་ཡེ་ཤེས་སོགས་ལེགས་ཚོགས་ཡོན་ཏན་མ་ལུས་པ་འཕེལ་ཞིང་རྒྱས་པར་བསམས་ལ་སྒྲུབ་སྔགས་ལས་སྔགས་ཤམ་ཅན་བཟླ། གསུམ་པ་དབང་གི་ལས་ནི། དགོངས་མོ་ཁ་ནུབ་ཏུ་བལྟས་ལ། ལྷ་ཚོགས་ས་བོན་སྔགས་ཕྲེང་བཅས་པ་བྱེ་རུའི་སྡོང་པོར་ཏིལ་མར་གྱིས་བྱུགས་པ་ལྟར་དམར་བ་ལས་རྗེས་ཆགས་ཀྱི་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ལྡན་འཕྲོས་པས། ཁམས་གསུམ་གྱི་བརྟན་གཡོའི་དྭངས་བཅུད། ཁྱད་པར་སྲིད་པ་གསུམ་གྱི་དཔལ་འབྱོར་ཕུན་ཚོགས། རླུང་སེམས་སྣང་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་
ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ་པས་སྣང་སེམས་རང་དབང་འདུས་པར་བསམས་ལ་སྒྲུབ་སྔགས་ལས་སྔགས་བཏགས་པ་བཟླ། བཞི་པ་དྲག་པོའི་ལས་ནི། སྲོད་ཀྱི་དུས་ཁ་ལྷོར་བལྟས་ཏེ། ལྷ་ཚོགས་ས་བོན་སྔགས་ཕྲེང་དང་བཅས་པ་མཐིང་ནག་དུས་ཀྱི་མུན་པ་ཆེན་པོའི་ཁ་དོག་ལྟ་བུ་ལས་མེ་ཕུང་དང་མཚོན་ཆའི་རང་བཞིན་གྱི་འོད་ཟེར་ཚ་ཞིང་རྩུབ་ལ་རྣོ་ཞིང་ངར་བ། ཁྲོ་ཆུང་གི་ཚྭ་ཚྭ་སེར་རྒོད་འབབ་པ་ལྟར་འཕྲོས་པས། བདག་གཞན་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། བར་དུ་གཅོད་པའི་ལོག་འདྲེན་འབྱུང་པོ་གདུག་པ་ཅན་སྐད་ཅིག་ཉིད་ལ་ཚར་བཅད། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་བཅོམ་པར་བསམས་ལ་སྒྲུབ་སྔགས་ལས་སྔགས་སྤེལ་བ་བཟླ། ཞག་གྲངས་བདུན་ཕྲག་གཅིག་གིས་བདག་གཞན་གཉིས་དོན་གྱི་ལས་བཞིའི་ཕྲིན་ལས་ཇི་ལྟར་འདོད་པ་འགྲུབ་པར་གསུངས་སོ། །འཕྲོ་འདུའི་ཏིང་ངེ་འཛིན་མེད་ན་དམིགས་གཏད་ཕྱོགས་གཅིག་གིས་འདོད་པའི་དོན་མི་འགྲུབ་པས་ཕྲིན་ལས་རྣམ་པ་བཞི་གང་འདོད་སྒྲུབ་པ་ལ་འཕྲོ་འདུའི་གཟེར་ཐེབས་པར་བྱའོ། །བཞི་པ་དགོངས་པས་དབྱིངས་སུ་བསྐྱལ་བ་ནི། དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་སྣང་བ་
ཐམས་ཅད་སྣང་དུས་ཉིད་ནས་བདེན་དངོས་སུ་གྲུབ་པ་མེད་པ་ཆུ་ཟླའམ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་ངོ་བོ་སྟོང་པ་ཉིད་དུ་ཤེས་ཤིང་། སྟོང་བཞིན་དུ་རང་མདངས་འགག་པ་མེད་པ་ལྷའི་དཀྱིལ་འཁོར་དུ་ལམ་མེར་སྣང་བས། སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པ། ཅིར་ཡང་མ་ཡིན་པས་ཅིར་ཡང་འཆར་བ། དེ་ཐམས་ཅད་ཀྱང་གདོད་མ་ནས་སྐྱེ་འགག་འཕོ་འགྱུར་བྲལ་བའི་རང་རིག་རང་གསལ་གཉུག་མ་གཤིས་ཀྱི་གནས་ལུགས་ལས་གཞན་དུ་མ་གྲུབ་པར་རྟོགས་པའི་ངང་བཞག་ཆེན་པོར་གོམས་པ་བརྟན་པས། སྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལ་ཟློས་ཏེ་ལྷ་དང་ཆོས་ཉིད་རོ་མཉམ་དུ་སྨིན་པའི་དགོངས་པ་མི་འགྱུར་བའི་གཟེར་ཐེབས་པར་བྱའོ། །དེ་ལྟ་བུའི་གདིང་ཐོབ་པས་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་གཅིག་ཏུ་འདྲེས་ནས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ། ཡེ་ཤེས་ཆེན་པོའི་རྩལ་འབྱོངས། ཕྲིན་ལས་སྣ་ཚོགས་ལ་རང་དབང་དུ་སྒྱུར་བར་འགྱུར་རོ། །གཉིས་པ་ཡོན་ཏན་བསྟན་པ་ནི། དེ་ལྟར་བསྐྱེད་རིམ་བསྒོམ་པ་དང་བཟླས་པ་ཚུལ་བཞིན་དུ་བྱས་པའི་འབྲས་བུ་སྤྱིར་ནི། གཏེར་གཞུང་ལས། དེ་ལྟར་བསྙེན་སྒྲུབ་བཟླས་པ་ཡིས༔ རབ་ཏུ་མཁའ་འགྲོའི་དངོས་ཞལ་མཐོང༔ གསུང་ཐོས་
བདེ་ཆེན་ཡེ་ཤེས་འཐོབ༔ འབྲིང་དུ་དེ་རྣམས་ཉམས་སུ་སྟེ༔ ཐ་མ་རྨི་ལམ་ཚུལ་དུ་འཆར༔ གཞན་ཡང་བུད་མེད་ཚོགས་མང་འདུ༔ ཆགས་དང་དགའ་བས་ཟས་ནོར་སྟེར༔ མེ་ཏོག་སྨན་ལྗོངས་ཉམས་དགར་རྩེ༔ བརྡ་ཡི་གླུ་ལེན་རོལ་མོ་འཁྲོལ༔ ཕྱག་མཚན་དམ་ཚིག་རྫས་མང་རྙེད༔ དེ་ལྟའི་རྨི་ལམ་མཐོང་བ་དང༔ དངོས་སུ་ཉམས་དགའ་བག་ཕེབས་ཤིང༔ ཟབ་གསང་ཤེས་རབ་རྩོལ་མེད་འཆར༔ རྡོ་རྗེའི་མགུར་གླུ་ཐོགས་པ་མེད༔ མཐོང་ཚད་ཉམས་འུར་སྣང་བ་འགྱུར༔ ནང་ནུབ་བཟའ་བཏུང་ཉིན་མོར་མི༔ མཚན་མོར་མཁའ་འགྲོ་འདུ་བ་དང༔ ལུས་བདེ་ངག་ནུས་སེམས་རྟོགས་འབར༔ གཞན་རྒྱུད་བྱིན་རླབས་རྩོལ་མེད་འབྱུང༔ ལུས་ཡང་རླུང་རྒྱུ་མི་ཚོར་ཞིང༔ རྟོགས་པ་བརྟན་པོའི་དྲོད་ཐོབ་འགྱུར༔ དེ་ལྟར་བྱུང་ན་ཐུན་མོང་དང༔ མཆོག་གི་དངོས་གྲུབ་དཀའ་བ་མེད༔ དེ་ཕྱིར་བརྩོན་པས་བསྒྲུབ་པར་བྱ༔ ཞེས་གདམས་པར་མཛད་པ་ལྟར་ལ། ཁྱད་པར་སྣང་སྲིད་གཞིར་བཞེངས་ཆེན་པོའི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན་པས་ཐ་མལ་གྱི་སྣང་ཞེན་ལྷའི་འཁོར་ལོར་དག །སྤྱན་དང་མངོན་ཤེས་འགྲུབ། རྫུ་འཕྲུལ་ལ་དབང་བསྒྱུར། རྣམ་པར་སྨིན་པའི་རིག་འཛིན་ཚེ་འདིར་འགྲུབ་པར་འགྱུར་རོ། ༈ །གཉིས་པ་ཟབ་པ་སྔགས་ཀྱི་རྣལ་འབྱོར་ནི། གཞུང་འདི་
ཉིད་དུ་བཤད་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ། དེ་ལ་གཉིས། རྣལ་འབྱོར་དངོས་དང་། དེ་ཉིད་བསྒོམ་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། བདེ་ཞིང་འབོལ་བའི་གདན་ལ་འཁོད། ལུས་གནད་བསྲང་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་ལན་གསུམ་ཕྱིར་བུས་ཏེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བགེགས་དང་བར་ཆད་མ་ལུས་པ་སངས་ཀྱིས་དག་པར་མོས། དེ་ནས་ཐོག་མར་ཕྱི་ལུས་ཀྱི་སྟོང་ར་བསྒོམ་པ་ནི། རང་ཉིད་གཙོ་མོ་ཡེ་ཤེས་མཁའ་འགྲོ་ཞལ་ཕྱག་ཁ་དོག་གོང་དུ་སྨོས་པ་ལྟར་ཤིན་ཏུ་གསལ་ཞིང་བརྟན་པའི་སྐུ་ལུས་ཀྱི་ནང་དར་དཀར་གྱི་གུར་ཕུབ་པ་ལྟར་སྟོང་སང་ངེ་བ་ལ་སེམས་བཟུང་། དེ་ལ་གསལ་སྣང་བརྟན་པ་དང་ནང་རྩའི་སྟོང་ར་བསྒོམ་པ་ནི། ལུས་ཀྱི་དབུས་སུ་རྩའི་གཙོ་མོ་ཨ་བ་དྷཱུ་ཏི་ཡར་སྣ་སྤྱི་བོ་དང་མར་སྣ་ལྟེ་འོག་ཏུ་ཟུག་པ། དྲང་བ་སྨྱུག་མ་ལྟ་བུ། སྲབ་པ་པདྨའི་འདབ་མ་ལྟ་བུ། དྭངས་པ་ཏིལ་མར་གྱི་མར་མེ་ལྟ་བུ། ཁ་དོག་དཀར་གསལ་ཤེལ་དཀར་གྱི་ཀ་བ་བཙུགས་པ་ལྟ་བུ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ལ་ཡུན་རིང་སེམས་བཟུང་། དེ་ལ་གསལ་སྣང་བརྟན་པ་ན་གསང་བ་ཐིག་ལེའི་སྟོང་ར་ནི། སྙིང་གར་དབུ་མའི་ནང་དུ་ཆོས་འབྱུང་དམར་པོ་གདེངས་
ཀ་གཡེལ་བ་གྱེན་དུ་བསྟན་ཅིང་རྩ་བ་ཕྲ་མོ་ཐུར་དུ་ཟུག་པའི་ནང་དུ་ཟླ་བའི་གདན་ལ། མི་ཤིགས་པའི་ཐིག་ལེ་བཾ་ཡིག་དཀར་པོའི་རྣམ་པ་ཅན་བདེ་ཕྲི་ལེར་གནས་པ་ལས་བདེ་ཆེན་གྱི་འོད་ཟེར་འཕྲོ་བས་དབུ་མའི་ནང་ཁྱབ་ཅིང་བདེ་བས་གང་བར་བསམས་ལ་སེམས་ཅི་གནས་སུ་བཟུང་། དེའི་ངང་ལས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་ཕྱི་རོལ་གྱི་ཡུལ་སོ་སོར་འཕྲོ་བར་བརྩམ་པ་ན་དེ་མ་ཐག་ཏུ་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ། ཡུལ་དུ་སྣང་ཙམ་པ་དེ་ལས་ཞེན་འཛིན་གྱི་རྟོག་པ་སྤངས་ཏེ་སྙིང་གའི་བཾ་ཡིག་དཀར་པོ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལ་མི་གནས་ན་འཇམ་རླུང་བུམ་པ་ཅན་ཇི་ཙམ་ནུས་པ་གཡོ་མེད་དུ་བཅིངས་ཤིང་སྙིང་གའི་ཡི་གེ་ལ་སེམས་བཟུང་། དེས་ངལ་ཞིང་སྐྱོ་ན་སྙིང་གར་དམིགས་པའི་རྩི་དང་མ་བྲལ་བར་བསྙེན་སྒྲུབ་ཀྱི་སྔགས་གང་རུང་ཡིད་བཟླས་སམ། རྔུབ་པ་ཨོཾ། གནས་པ་སྔགས་དངོས་གཞི། དབྱུང་བ་ཧཱུྃ་དང་སྦྱར་བའི་རྡོ་རྗེའི་བཟླས་པ། དེ་གཉིས་རེས་མོའམ་གནད་དུ་གང་འགྲོ་ལ་རྩེ་གཅིག་ཏུ་གཅུན། དེ་ལྟར་སྒོམ་པའི་སྐབས་དང་སྐབས་སུ་རེས་མོས་ལྟ་བུ་དང་། མཐར་ཐུན་འཇོག་པའི་ཚེ་རྗེས་གཞིག་གི་རྣལ་འབྱོར་འདི་ལྟར་བསྒོམ་པར་བྱ་སྟེ། སྙིང་གའི་བཾ་ཡིག་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ། དེ་ཐམས་
ཅད་བདེ་བ་ཆེན་པོའི་ངོ་བོར་འོད་དཀར་དམར་མདངས་ལྡན་གྱི་རྣམ་པར་ཞུ་ཞིང་འདུས་ཏེ་རང་གི་སྨིན་མཚམས་བརྒྱུད་དབུ་མའི་ཡར་རྩེ་ནས་ཞུགས་ཤིང་སྙིང་གའི་བཾ་ཡིག་ལ་ཐིམ། བདེ་བ་ཆེན་པོའི་ཡེ་ཤེས་ནམ་ཡང་མི་གཡོ་མི་འགྱུར་བར་བརྟན་པར་གྱུར་པའི་མོས་པས་འཇམ་རླུང་བཟུང་། རང་ཉིད་ལྷར་གསལ་བའང་སྟོད་སྨད་ནས་རིམ་གྱིས་འདུས་ཏེ་དབུ་མ་ལ་ཐིམ། དེ་ཆོས་འབྱུང་ལ་ཐིམ། དེ་ཟླ་གདན་དང་དེ་བཾ་ལ་ཐིམ། དེའང་མས་རིམ་གྱིས་ཐིམ་ཏེ་མཐར་ན་དཱ་སྐྲ་རྩེ་ཙམ་ལ་སེམས་འཛིན། དེའང་དབྱིངས་སུ་ཡལ་ནས་ལྷན་སྐྱེས་བདེ་བ་སྟོང་ཉིད་འོད་གསལ་རྣམ་པར་མི་རྟོག་པ་ཟུང་དུ་འཇུག་པའི་སྨྲ་བསམ་བརྗོད་བྲལ་གྱི་ཡེ་ཤེས་ཆེན་པོའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན་སླར་ཡང་ཆུ་ལས་ཆུ་རླབས་གཡོས་པ་ལྟར་རང་ཉིད་གཉུག་མའི་ལྷ་སྐུར་ལམ་གྱིས་གསལ། ཕྱི་སྣོད་ཆོས་འབྱུང་གི་གཞལ་ཡས་ཁང་། ནང་བཅུད་ཡེ་ཤེས་ཀྱི་མཁའ་འགྲོ་གཙོ་འཁོར་གྱི་རང་བཞིན་དུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འཁོར་ལོར་ལྡངས་ལ་སྤྱོད་ལམ་བྱའོ། །དེ་ལྟར་ཡང་ནས་ཡང་དུ་གོམས་ཤིང་གསལ་སྣང་རྩེ་གཅིག་ཏུ་བརྟན་པས་དབུ་མའི་མདུད་པ་གྲོལ་ནས་ཁ་བྱེ། རླུང་སེམས་དེར་འདུ་བའི་ཕྱིའི་རྟགས། དུ་བ་སྨྲིག་རྒྱུ་མེ་ཁྱེར་ལ་སོགས་པའི་སྣང་ཉམས་དང། རྟགས་ཅན་ནང་དུ་བདེ་
གསལ་མི་རྟོག་པ་ལ་སོགས་པའི་ཤེས་ཉམས་དུ་མ་འཆར། ཞི་གནས་ཀྱི་བསམ་གཏན་མཐར་ཐུག་པ་འགྲུབ་པར་འགྱུར་བ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འབྱུང་བའི་ཚུལ་ནི། གཞུང་ཉིད་ལས། རྩེ་གཅིག་གོམས་པས་དབུ་མ་བྱེ༔ རླུང་སེམས་འདུ་བའི་ཕྱི་ནང་གི༔ རྟགས་དང་རྟགས་ཅན་མངོན་དུ་ཤར༔ བསམ་གཏན་མཆོག་ཏུ་འགྲུབ་པར་འགྱུར༔ ལས་ཀུན་ཚིག་ཙམ་བརྗོད་པས་འགྲུབ༔ ལུས་བདེ་ཡང་རྩལ་སྟོབས་དང་ལྡན༔ དུས་མིན་འཆི་དང་བར་ཆད་ཞི༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ གོམས་པ་བརྟན་པས་འཆི་མེད་འགྲུབ༔ ཅེས་གསུངས་སོ། །བསྒོམ་རིམ་འདི་ནི་དུས་འཁོར་རྩ་བའི་རྒྱུད་ལས། ཨེ་ཡི་དབུས་སུ་ཝཾ་ཡིག་ཉིད། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །མཁའ་དབྱིངས་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་སུ་སྦྱོར་བ་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ །རྣམ་པར་བཅད་བྱ་རྡུལ་ཉིད་གསུང་། །ཨ་ཡིག་མུན་ཆུད་ཐུགས་རབ་བརྗོད། །མཁའ་ཁམས་ཨི་ལ་རྣམ་པར་གནས། །ཞེས་དང་། དགྱེས་རྡོར་བརྟག་གཉིས་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་པ་ལྟར་བླ་མེད་རྒྱུད་སྡེ་ཀུན་གྱི་གླེང་
གཞིའི་ཡི་གེ་ཐབས་ཤེས་ཟུང་འཇུག་ཨེ་ཝཾ་གི་རྣམ་པ་དེ་ཉིད་གཞིའི་བཞུགས་ཚུལ་དང་མཐུན་པར་སྒོམ་པས་ལམ་དུ་བྱས་པས། འབྲས་བུ་ཟུང་འཇུག་གི་གོ་འཕང་འགྲུབ་པར་བྱེད་པ་ལ་དམིགས་པའི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡང་བཅུད་སྙིང་པོར་གྲུབ་པ་དང་། ཁྱད་པར་དུ་བཤད་རྒྱུད་རྒྱ་མཚོ་ལས། མི་ཤིགས་ཐིག་ལེ་བཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །ཅེས་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་གསུངས་པའི་དོན་སྙིང་ག་དྭངས་མ་ལྔ་འདུས་ཀྱི་དབུས་ན་སེམས་ཀྱི་དྭངས་མ་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡི་གེ་ཝཾ་དབྱིབས་སྟོང་གསལ་འགག་མེད་ཀྱི་རྣམ་པར་གནས་པ་དེ་ལ་གནད་དུ་བསྣུན་པར་སོང་བས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པ་ལ་མཆོག་ཏུ་ཟབ་པ་སྟེ། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། མར་མེ་རང་གི་རང་ལ་གསལ་བ་ལྟར་འདི་ཉིད་རྐྱེན་གཞན་ལ་མི་ལྟོས་པར་རང་ཉིད་ཀྱི་ངོ་བོས་བདེ་བ་གསལ་བར་འཆར་བར་བྱེད་པས་དྲིལ་བུ་རིམ་ལྔ་སོགས་མ་རྒྱུད་ཀྱི་རྫོགས་རིམ་རྣམས་སུ་སྒོམ་
ཚུལ་རྒྱས་བསྡུས་ཀྱི་བྱེ་བྲག་ལས་བསྒོམ་དོན་གྱི་ཟབ་ཏིག་ཐམས་ཅད་འདིར་འདུས་པ་ཡིན་ནོ། ༈ །གསུམ་པ་ཁྱད་པར་གཏུམ་མོའི་རྣལ་འབྱོར་ལ་གསུམ། དྲོད་སྐྱེད་པ། བདེ་བ་སྤེལ་བ། ཡན་ལག་གི་ཆོས་ལྔ་བསྟན་པའོ། །དང་པོ་ནི། ལུས་གནད་ཙོག་པུར་རྒལ་ཚིགས་དྲང་པོར་བསྲང་ཞིང་རྐང་ལག་གཉིས་བསྣོལ་མར་བསྡམས་པའི་མེ་ཐབ་དྲུག་ཆིངས་བཅའ། དམིགས་པའི་གནད་རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུའི་སྟོང་རར་གསལ་བའི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན། ཡར་སྣེ་སྤྱི་བོ་དང་མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཧད་པོར་ཡོད་པ། གཡས་སུ་རོ་མ་དམར་མོ་དང་གཡོན་དུ་རྐྱང་མ་དམར་མོ་གཉིས་དབུ་མ་ལས་ཕྲ་བ་སུམ་གཤིབས་སུ་ཡོད་པའི་རོ་རྐྱང་གི་ཡར་སྣ་སྤྱི་བོ་ནས་ཐུར་དུ་གུག་སྟེ་སྣ་བུག་གཡས་གཡོན་དུ་དེང་ངེ་ཟུག་པ། མར་སྣེ་གཉིས་ལྟེ་འོག་དབུ་མའི་ནང་དུ་གྱེན་ལྡོག་གིས་ཆུད་པ། སྤྱི་བོར་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་དཀར་པོ། མགྲིན་པར་རོ་འདུས་འཁོར་ལོ་རྩ་འདབ་བཅུ་དྲུག་དམར་པོ། སྙིང་གར་དྲན་པ་རྣམ་བཀོད་འཁོར་ལོ་རྩ་འདབ་བརྒྱད་སྔོན་པོ། ལྟེ་བར་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སེར་པོ། དེ་རྣམས་དབུ་མ་ལས་གདུགས་ཀྱི་རྩིབས་མ་ལྟར་གྱེས་ཤིང་ཁ་སྦྱོར་གྱི་དབྱིབས་ཅན་སོག་མའི་སྦུ་གུ་ལྟར་སྟོང་སང་ངེ་བ། དྭངས་ཤིང་
གསལ་ལ་རྙོགས་པ་མེད་པ་གསལ་ཐེབས་ངེས་སུ་བསྒོམ། དེ་ནས་སྤྱི་བོའི་འཁོར་ལོའི་ལྟེ་བར་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་ཅན་མགོ་ཐུར་དུ་བསྟན་པ། སྙིང་གའི་འཁོར་ལོའི་ལྟེ་བར་བཾ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ། ལྟེ་འོག་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་རཾ་ཡིག་དམར་ས་ལེ་བའི་རྣམ་པ་ཅན་རྣམས་ལེགས་པར་གསལ་གདབ། ཐུན་འགོར་རླུང་རོ་དགུ་ཕྲུགས་སུ་འབུད། ཐུན་ཕྱི་མ་རྣམས་ལ་ལན་གསུམ་རེ་བསལ། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་ལྟེ་འོག་ཏུ་བཅིང་། སྣ་བུག་གཡོན་ནས་ནང་དུ་རྔུབས་པའི་རླུང་རྣམས་རོ་རྐྱང་གཉིས་བརྒྱུད་ལྟེ་འོག་ཏུ་སོང་བས་གཏུམ་མོའི་རཾ་ལས་མེ་ལྕེ་ཤིན་ཏུ་ཕྲ་བ་གཅན་གཟན་གྱི་སྤུ་རྩེ་ཙམ་གློག་གི་ཟེར་མ་གཡོ་བ་ལྟ་བུ་འོད་དམར་ཆེམ་ཆེམ་ཁྱུག་པ་བྱུང་། ལྟེ་བའི་གནས་སུ་སླེབ་པས་ལྟེ་བའི་འཁོར་ལོ་མེས་གང་རྩ་འཁོར་དེས་གར་ཁྱབ་ཀྱི་སྙིགས་མའི་ཁམས་ཐམས་ཅད་རང་སར་སྐེམ། དྭངས་མ་དངུལ་ཆུའི་མདོག་ལྟ་བུ་འཕེལ་བས་རྩ་འཁོར་གང་བར་དམིགས། རྟགས་ཐོན་བྱེད་སྐབས་འདི་ལ་དྲོད་ཀྱི་སྣེ་ཅུང་ཟད་མ་རྙེད་བར་དུ་སྦྱང་། དྲོད་སྐྱེས་རིམ་གྱིས་མེ་ལྕེ་འཁོར་ལོ་རྣམས་སུ་ཡར་བསྲིང་ཞིང་མེའང་ཇེ་སྦོམ་དུ་དགོས་པ་ཤེས་པར་བྱ། དེ་ནས་རླུང་སྔར་ལྟར་བཟུང་བས་མེ་སྙིང་གར་སླེབ། རྩ་འཁོར་མེས་གང་། དེའི་ཐད་ཀྱི་སྙིགས་མ་སྐམ།
དྭངས་མ་འཕེལ། དེ་བཞིན་དུ་མགྲིན་པ་དང་། སྤྱི་བོའི་བར་དུ་སླེབ་པས་རྩ་འཁོར་ཐམས་ཅད་མེ་འོད་ཚ་ངད་ཀྱིས་ཁྱབ། སྙིགས་མ་སྐམ། དྭངས་མ་འཕེལ། མཐར་ལུས་ཀྱི་ནང་ཐམས་ཅད་མེ་འོད་དང་ཚད་པའི་ངད་ཀྱིས་ཁྱབ་ཅིང་གང་། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་མཐོང་ཡུལ་ཐམས་ཅད་མེས་གང་བའི་ཀློང་དུ་རང་གི་ལུས་དམར་ཐིང་ལྕགས་བསྲེགས་ཀྱི་མདོག་ལྟ་བུ། དངོས་པོ་གང་ལ་རེག་ཀྱང་སྐད་ཅིག་གིས་ཐལ་བར་བྱེད་ནུས་པ་ལྟ་བུའི་ཤིན་ཏུ་ཚ་བའི་ངད་པ་དང་ལྡན་པར་བསྒོམས་ལ་རླུང་བཟུང་། སླར་མེ་ལྕེ་དེ་ལས་ཀྱང་རྒྱ་ཆེ་བར་མཆེད་ཅིང་འཕྲོས་པས་ཕྱི་སྣོད་ནང་བཅུད་ཐམས་ཅད་ཡེ་ཤེས་མེ་ཕུང་ཚ་དབལ་དང་ལྡན་པའི་ཀློང་ཆེན་པོ་གཅིག་ཏུ་འཁྱིལ་བར་བསྒོམས་ལ་རླུང་བཟུང་། མཐར་དེ་དག་ཐམས་ཅད་ཚུར་འདུས་རང་གི་ལུས་ལ་ཞུགས། ལུས་ཀྱི་ནང་གང་བའི་མེ་རྣམས་ཀྱང་ལྟེ་བའི་རཾ་ལ་ཐིམ་པས་ནུས་པའི་སྟོབས་བསྐྱེད་དེ་སྔར་ལས་ཀྱང་འབར་བའི་ཤུགས་དང་འོད་ཟེར་གཟི་བརྗིད་ཆེས་ཆེ་བར་བསྒོམ། དེ་ལ་ཐུན་གཅིག་བྱ། ཡང་རླུང་བུམ་པ་ཅན་བཟུང་སྟེ་ལྟེ་འོག་གཏུམ་མོ་སྦར་བ་ནས་བརྩམ། མེའི་སྤྲོ་བསྡུ་གོང་སྨོས་ལྟར་རྫོགས་པར་བྱས་ལ་རྩེ་གཅིག་ཏུ་རྩལ་སྦྱང་། འདིའི་སྐབས་སུ་འཁྲུལ་འཁོར་ཡན་ལག་བཞི་ཆ་ཆ་ནས་བསྒྲིམ། རྐང་པའི་སོར་མོ་བསྐུམ། སྐབས་སྐབས་
ལྟོ་བ་སྒལ་པ་ལ་གཅེར་ཅིང་བརྡབ་པ་ལན་ཁ་ཤས་བྱ། ཐུན་མཚམས་དང་ནུབ་མོ་ཉལ་བའི་སྐབས་སུ་མེ་ཐམས་ཅད་ལྟེ་འོག་གི་མེ་ལ་བསྡུས་ཏེ་རཾ་ཡིག་མེ་འབར་བ་ལ་སེམས་བསྲེས་ནས་བཞག །སྤྱོད་ལམ་ཐམས་ཅད་དུ་མེ་དམིགས་དེ་ཉིད་མ་བརྗེད་པའི་དྲན་འཛིན་གྱི་རྟེན་བྱས་ལ་སྲན་བཙུགས་ནས་བསྒོམས་པས་དྲོད་ཀྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་ལ་བརྟན་པ་ཐོབ་པ་འགྱུར་རོ། །དེའི་འབྲས་བུའང་། གཞུང་ཉིད་ལས། འདི་ནི་བདུན་ཕྲག་གཅིག་གཉིས་གསུམ༔ ཉམས་དང་སྦྱར་ཏེ་བསྒོམ་པ་ཡིས༔ ཕྱི་ནང་དྲོད་སྐྱེ་གོས་མི་དགོས༔ གངས་ཁྲོད་གཅེར་བུར་སྡོད་ཀྱང་ཚུགས༔ ནད་རྙིང་བྱང་ཞིང་གསར་མི་འབྱུང་ཿ རྫུ་འཕྲུལ་མངོན་ཤེས་ཅི་རིགས་འཐོབ༔ མཐར་གྱིས་རྡོ་རྗེའི་ལུས་འགྲུབ་བོ༔ ཞེས་འབྱུང་བ་ལྟར་རོ། །དེ་དག་ཀྱང་ཧེ་རུ་ཀ་གལ་པོ་ལས། དཀྱིལ་འཁོར་བཞི་ཡང་ལྟེ་བ་ནས། །ཙན་དྷཱ་ལཱི་ནི་འབར་བ་ཡི། །ཕྱག་རྒྱ་ཆེན་པོའི་བདག་ཉིད་འགྱུར། །རྫོགས་པའི་སངས་རྒྱས་འདོད་པ་ཡི། །རྣལ་འབྱོར་པ་ཡིས་གཟུང་བར་བྱ། །ཞེས་སོགས་གསུངས་པའི་དོན་ནོ། །དེ་ཡན་ཆད་ཀྱི་རྣལ་འབྱོར་གསུམ་པོའི་སྒོམ་རིམ་ཉམས་སུ་བླངས་པས་སྔགས་ཀྱི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་བགྲོད་པར་འགྱུར་ཏེ། དབྱིབས་ཀྱི་རྣལ་འབྱོར་གྱིས་ཚོགས་ལམ་ཆུང་ངུ་།
སྔགས་ཀྱི་རྣལ་འབྱོར་གྱིས་འབྲིང་པོ། གཏུམ་མོ་དྲོད་ཀྱི་རྣལ་འབྱོར་གྱིས་ཆེན་པོ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །གཉིས་པ་བདེ་བ་སྤེལ་བ་ནི། ལུས་གནད་སྟོང་ར་ཡིག་འབྲུ་སོགས་དམིགས་པའི་གཞི་སྔ་མ་ལྟར་ལ། རླུང་རོ་བསལ། བུམ་ཅན་གྱི་རླུང་བཟུང་བས་ལྟེ་བའི་གཏུམ་མོ་རཾ་ཡིག་ལས་མེ་ལྕེ་ཕྲ་ཞིང་ཁྱུག་པ་བྱུང་། གཡས་རོ་མའི་རྩ་ལས་བརྒྱུད་དེ་སྣ་བུག་གཡས་པ་ནས་ཕྱིར་ཐོན། མེ་འོད་ཀྱི་ནམ་མཁའི་དབྱིངས་ཁྱབ་ཅིང་གང་། ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ལྷ་ཚོགས་རྣམས་དང་། ཁྱད་པར་གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་པ་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་བས་བདེ་བ་ཆེན་པོའི་ཉམས་བསམ་གྱིས་མི་ཁྱབ་པར་འབར། ཟག་མེད་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་རང་གི་སྣ་བུག་གཡོན་པ་བརྒྱུད་དེ་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པས་རྩ་བ་གསུམ་གྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་ཞུགས་ནས་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བར་བསམ། སླར་ཡང་རླུང་སྦྱོར་གྱིས་བསྐུལ་བས་གཏུམ་མོ་ཡེ་ཤེས་ཀྱི་མེ་དབུ་མའི་ནང་ནས་གྱེན་དུ་འབར་བས་འཁོར་ལོ་བཞི་མེས་གང་། སྤྱི་བོ་བདེ་བ་ཆེན་པོའི་ཐིག་ལེ་ཧཾ་ཡིག་ལ་རེག་པས་དེ་ལས་བདེ་བའི་རང་བཞིན་གྱི་
བདུད་རྩི་དཀར་པོའི་རྒྱུན་བ་ཐག་ལྟ་བུ་ནར་གྱིས་བབས། སྤྱི་བོའི་རྩ་འཁོར་དཀར་མེར་གྱིས་གང་། དགའ་བའི་ཡེ་ཤེས་སྐྱེས་པར་བསམས་ལ་ངོས་བཟུང་། དེ་ལས་མགྲིན་པར་བབས། རྩ་འཁོར་གང་། མཆོག་དགའི་ཡེ་ཤེས་སྐྱེས། སྙིང་གར་བབས། རྩ་འཁོར་གང་། ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས། ལྟེ་བར་བབས། རྩ་འཁོར་གང་། ལྷན་སྐྱེས་དགའ་བ་བཅས་ལུགས་འབྱུང་ཡས་བབས་ཀྱི་དགའ་བཞིའི་ཡེ་ཤེས་མཐར་ཐུག་སྐྱེས་པར་བསམ། བདེ་བ་དངོས་སུ་སྐྱེས་ན་རེ་རེ་བཞིན་བདེ་བའི་རང་ངོར་བལྟས་ལ་སྟོང་ཉིད་དང་བསྲེ། མཐར་ལྟེ་བའི་རཾ་ལ་རེག་པས་ལྕགས་སྲེག་ལ་སྣུམ་ཐིགས་ཕོག་པ་ལྟར་མེ་ལྕེ་དམར་ཁྱུག་གེ་འབར། བདུད་རྩིའི་ཐིག་ལེ་གྱེན་ལ་ལྡོག་སྟེ་ལྟེ་བའི་འཁོར་ལོ་གང་བས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་དགའ། སྤྱི་བོ་གང་བས་ལྷན་སྐྱེས་ཏེ་ལུགས་ལྡོག་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་མཐར་ཐུག་སྐྱེས་པར་བསམས་ལ་རང་ངོ་བསྐྱང་། མཐར་ལུས་ཀྱི་ནང་གང་བའི་བདེ་བའི་དྭངས་མ་ཐམས་ཅད་སྙིང་གའི་བཾ་ཡིག་ལ་ཐིམ་པས་བདེ་རླུང་སེམས་གསུམ་དབྱེར་མེད་ཡེ་ཤེས་ཆེན་པོར་རོ་མཉམ་དུ་གྱུར་པར་བསམས་ལ་འཇམ་རླུང་བཟུང་། དབྱིངས་རིག་བསྲེས་ལ་གནས་ལུགས་མ་བཅོས་པའི་རང་བབས་གཉུག་མ་
གཤིས་ཀྱི་ངང་བསྐྱང་ལ་ཅི་གནས་སུ་མཉམ་པར་བཞག །འདི་ལ་གོམས་པ་བརྟན་ན་དགའ་བ་བཞིའི་ཉམས་མྱོང་གིས་སྣང་མཆེད་ཐོབ་པ་ཉེར་ཐོབ་ཀྱི་སྟོང་པ་བཞིའི་ཡེ་ཤེས་རྗེས་མཐུན་པ་དྲངས་ཏེ་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །འདིའི་ཡོན་ཏན་ནི། དེ་ལྟར་བརྩོན་པས་དགའ་བཞི་ཡིས༔ སྟོང་བཞིའི་ཡེ་ཤེས་རྗེས་མཐུན་འདྲེན༔ སྲོག་དང་འཛིན་པའི་མཐུ་གྲུབ་པས༔ སྣང་བ་ཐམས་ཅད་བདེ་བར་འཆར༔ བདེ་གསལ་མི་རྟོག་རང་ཤར་འབྱུང༔ སྤྱན་དང་མངོན་ཤེས་ལ་སོགས་པའི༔ དྲོད་དང་རྩེ་མོའི་ཡེ་ཤེས་འདྲེན༔ རྩ་རླུང་ཐིག་ལེར་རང་དབང་ཐོབ༔ ཅེས་གསུངས་ཏེ་རྣལ་འབྱོར་གྱི་རིམ་པ་འདིས་ནི་སྦྱོར་ལམ་དྲོད་དང་རྩེ་མོའི་བར་དུ་བགྲོད་པའང་བསྟན་ཏོ། །འདི་དག་ཉམས་སུ་བླངས་ནས་གཏན་ལ་དབབ་པའི་ཚུལ་ཡང་དགོངས་འདུས་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རྩ་ནི་ཁྱིམ་དང་འདྲ་བ་ལ། །རླུང་ནི་བདག་པོ་ལྟ་བུ་ཡིན། །ནོར་དང་འདྲ་བའི་ཐིག་ལེ་ཉིད། །རྩལ་སྦྱོང་ཉམས་སུ་ལེན་པའི་གནད། །ལུས་ངག་ཡིད་གསུམ་གཏན་ལ་དབབ། །ཕེབ་ནས་རིམ་བཞིན་ལས་ལ་སྦྱར། །བདག་དང་དེ་བཞིན་གཞན་དག་གི །མཚན་ཉིད་ལྡན་པ་རྣམ་པར་སྦྱོང་། །འབྱོངས་ནས་ཀུན་
རྫོབ་དོན་དམ་ཉིད། །གཉིས་མཉམ་ཉིད་དུ་གཏན་ལ་དབབ། །དེ་ལྟར་གཏན་ལ་སུས་ཕེབས་པ། །མཆོག་དང་ཐུན་མོང་ལས་ཀུན་འབྱུང་། །ཞེས་དང་། སྒོ་གསུམ་གྱི་གནད་ལ་བརྟེན་ནས་རྩ་རླུང་ཁམས་རྣམས་ཀྱི་སྙིགས་མ་དག་པར་བྱེད་ཅིང་ཐམས་ཅད་ཀྱང་ཨ་བ་དྷཱུ་ཏིའི་དབྱིངས་སུ་དག་པ་ལས་རྡོ་རྗེ་གསུམ་མངོན་དུ་བརྙེས་ཤིང་ལམ་རྟགས་ཀྱི་ཡོན་ཏན་ཞོར་ལས་འབྱུང་སྟེ། རྩ་དག་རླུང་དག་ཐིག་ལེ་དག །ཡེ་ཤེས་རོལ་པ་ངང་གིས་འཆར། །ཞེས་སོགས་རྒྱ་ཆེར་འབྱུང་ངོ་། །གསུམ་པ་ཡན་ལག་གི་ཆོས་ལྔ་ནི། གཏུམ་མོ་ཉིད་ཉམས་ལེན་གྱི་གཞིར་བཟུང་ནས་དེའི་ཡན་ལག་གི་རྣལ་འབྱོར་དུ་བྱ་བ་སྟེ་དེ་ལ་ལྔ། དང་པོ་སྒྱུ་ལུས་ཀྱི་རྩལ་སྦྱོང་བ་ནི། རླུང་དང་གཏུམ་མོའི་རྣལ་འབྱོར་མཐར་ཕྱིན་པའི་གང་ཟག་གིས་བདེ་རླུང་སེམས་གསུམ་ཟུང་དུ་འཇུག་པ་དག་པའི་སྒྱུ་ལུས་དང་། མ་དག་པའི་ཆོས་རྣམས་སྒྱུ་མའི་ཚུལ་དུ་སྦྱོང་བར་གསུངས་པའི་ཉམས་ལེན་ཟབ་པའི་གནད་ནི། སྟོང་ར་ལུས་དཀྱིལ་གྱི་ལྷ་དང་བཅས་པ་དབྱིབས་ཀྱི་རྣལ་འབྱོར་གྱི་སྐབས་སུ་བཤད་པ་ལྟར་གསལ་གདབ། རླུང་བུམ་པ་ཅན་བཟུང་ནས་སྤྱི་བོའི་ཁྲག་འཐུང་གི་ལྷ་ཚོགས་ལ་སེམས་གཏད་པས། དེ་རྣམས་ལས་མེའི་འོད་ཟེར་འཇའ་ཚོན་གྱི་མདངས་ཅན་བྱུང་། ཞུ་བདེའི་རང་བཞིན་ཅན་གྱི་ལུས་དཀྱིལ་གྱི་ལྷ་རྣམས་ལ་ཕོག་པས་
ཐམས་ཅད་ཀྱང་སྒྱུ་མ་འཇའ་ཚོན་ལྟ་བུའི་ལྷའི་སྐུར་གྱུར། འོད་ཟེར་ཕྱི་རོལ་དུ་འཕྲོས་ནས་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་དེ་དག་རྣམས་ཀྱང་ངོ་བོ་བདེ་བ་ཆེན་པོ། རྣམ་པ་སྒྱུ་མའི་རང་བཞིན་ཅན་གྱི་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བར་བསམས་ལ་རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ་ལ་ཡུན་རིང་སེམས་བཟུང་། མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་རིམ་གྱིས་འདུས་ནས་རང་ལ་ཐིམ། རང་ཉིད་ཀྱང་འོད་གསལ་གྱི་དབྱིངས་སུ་བསྡུ། ཡང་སྒྱུ་མའི་སྐུར་ལྡངས་ཤིང་སྔར་ལྟར་སྦྱངས་པས་དག་པའི་སྒྱུ་ལུས་འབྱོང་། ཕྱིའི་ཚོགས་དྲུག་གི་ཡུལ་དུ་གང་ཤར། དགྲ་གཉེན་བར་མའི་སྣང་བ། གང་དུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་ཤར་ཐམས་ཅད་དཔེ་བརྒྱད་ཀྱིས་མཚོན་པའི་སྒྱུ་མའི་རང་གཟུགས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུའི་རང་བཞིན་དུ་རྩལ་སྦྱང་ཞིང་ལམ་དུ་བསླང་ན་མ་དག་པའི་སྒྱུ་ལུས་འབྱོང་། ཏིང་ངེ་འཛིན་ལ་བོགས་འདོན་པའི་ཆེད་དུ། སྔ་དྲོ་ཉི་མ་འཆར་བའི་དུས་སུ་ཁ་ནུབ་ཏུ་བལྟ། མདུན་དུ་ཤེལ་ལམ་མེ་ལོང་དྭངས་པ་ཞིག་བཙུགས། བར་དུ་ཆུ་སྣོད་དྭངས་པ་བཞག །མཁའ་འགྲོའི་སྐུ་འགྱིང་ལོག་ཏུ་བྲིས་པ་ཞིག་མེ་ལོང་ལ་འཆར་དུ་བཅུག །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུར་ཤེས་པར་བྱས་ལ་སེམས་
རྩེ་གཅིག་ཏུ་བཟུང་། སེམས་ཟིན་པ་ན་ལྷ་སྐུ་དེ་ལྟ་བུ་གྲངས་མེད་པ་སྤྲོས་ཏེ་སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་གསལ་བར་བལྟས་པས་རྩལ་སྦྱང། འཛིན་རྟོག་གི་རྣམ་པ་གང་སྐྱེས་ཀྱང་བདེན་ཞེན་མ་ཞུགས་པར་སྒྱུ་མའི་རང་བཞིན་དུ་ཤེས་པས། ཕཊ་བརྗོད་ཅིང་རྦད་ཀྱིས་བཅད་དོ། །གཉིས་པ་རྨི་ལམ་གྱིས་ཚད་འཛིན་པ་ནི། ཉིན་མོ་ཅིར་སྣང་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་དྲན་འདུན་རྒྱུན་ཆགས་སུ་བྱ། ནུབ་མོ་ཉལ་ཁར་ལུས་གནད་ཙོག་པུའི་ངང་བུམ་ཅན་གྱི་རླུང་སྦྱོར་བྱ། ལུས་དཀྱིལ་གྱི་མགྲིན་པའི་རིག་འཛིན་བླ་མ་ལ་སེམས་གཏད། རྨི་ལམ་མྱུར་དུ་ཟིན་པར་བྱ་སྙམ་པའི་འདུན་པ་དང་གསོལ་འདེབས་དྲག་ཏུ་བྱས་པས་འཁོར་རྣམས་འོད་དུ་ཞུ་གཙོ་བོ་ལ་ཐིམ། གཙོ་བོ་བླ་མའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད། འདི་རྨི་ལམ་རྨི་བ་ཡིན་སྙམ་དུ་བསམ། དེ་ནས་ཐིག་ལེ་ཁོ་ན་ལ་སེམས་བཟུང་བ་ལས་རྣམ་རྟོག་གཞན་གྱི་བར་མ་ཆོད་པར་བྱ། འཇམ་རླུང་བཟུང་ནས་གཉིད་ལོག་པས་རྨི་ལམ་ལ་རྨིས་པ་དང་། རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང། ལན་ཁ་ཤས་ཀྱིས་ཟིན་པར་དཀའ་ཡང་གཉུག་བསྲིངས་ནས་ཉིན་མཚན་སྤེལ་མར་བསྒོམས་ན་འཇིགས་སྐྲག་ལྟ་བུ་ལ་བརྟེན་ནས་ཟིན་ཅིང་དེ་ནས་ནམ་འདོད་དུ་ངོ་
ཤེས་པ་འབྱུང་། ཟིན་པ་ལ་བརྟན་པ་ཐོབ་ནས་ཆེ་ཆུང་བཟང་ངན་གཟུགས་དབྱིབས་སོགས་སྣ་ཚོགས་སུ་བསྒྱུར་ཞིང་སྦྱང་བ་དང་། གཅིག་ལས་དུ་མ་སྤེལ་ཞིང་བསྡུ་བ་དང་། སྤྲུལ་བསྒྱུར་སྣ་ཚོགས་པས་ཞིང་ཁམས་ལྟ་ཞིང་ཆོས་ཉན་པ་སོགས་རིམ་པར་སྦྱང་། མཐར་སྒྱུ་ལུས་དང་བསྲེས་ལྷ་སྐུར་ལྡང་། འོད་གསལ་དང་བསྲེས་ཏེ་མི་རྟོག་གཉུག་མའི་ངང་དུ་བཞག །ཉིན་གྱི་སྣང་བ་ཤར་ཚད། ཁྱད་པར་འཇིགས་སྐྲག་རྟོག་པ་གློ་བུར་བ་ནམ་སྐྱེས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ། ཤེལ་ལམ་མེ་ལོང་དྭངས་པ་ལ་གཟུགས་བརྙན་མ་ངེས་པ་འཆར་དུ་གཞུག་ཅིང་རྨི་ལམ་ཡིན་སྙམ་དུ་བསམ། མཚན་མོ་རྨི་ལམ་རྨིས་པ་དྲན་དུ་བཅུག་ལ་མདང་དེ་ལྟར་རྨིས་ཀྱང་ངོ་མ་ཤེས། དོ་ནུབ་ཅི་ནས་ཀྱང་རྨི་ལམ་ལ་རྨི་ལམ་དུ་ངོས་ཟིན་པར་བྱ་སྙམ་འཕེན་པ་དྲག་ཏུ་བཏང་། སྣང་བ་ལ་བདེན་ཞེན་སྤང་། རྟོག་པ་གང་ཤར་ངོས་ཟིན་པར་བྱས་ལ་སྣང་སྟོང་བདེན་མེད་བུན་ལང་ངེ་བའི་ངང་དུ་རྩལ་སྦྱང་། བསྒྱུར་སྤེལ་ཞིང་ཁམས་ལྟ་བའི་སྐབས་རྣམས་སུ་ཉིན་མོ་འདུན་པ་དྲག་ཏུ་བྱ་བ་གནད་དོ། །གསུམ་པ་འོད་གསལ་གྱི་གནས་ལུགས་མངོན་དུ་བྱ་བ་ནི། གནས་ཤིན་ཏུ་དབེན་པར་ལུས་ངག་ཡིད་གསུམ་དལ་བར་བྱས་ལ་གཉུག་མའི་ཤེས་པ་བཟོ་མེད་དུ་བསྐྱང་བ་ལ་ནན་ཏན་བྱ། དམིགས་པ་ལུས་དཀྱིལ་གྱི་ལྷ་གསལ་
གདབ་ལ་སྙིང་གའི་རྡོ་རྗེ་ཐོད་ཕྲེང་ལ་སེམས་གཏད་ཅིང་བུམ་ཅན་གྱི་རླུང་སྦྱོར་བྱ། འཁོར་གྱི་ཞི་ལྷ་རྣམས་བདེ་ཆེན་གྱི་ངོ་བོར་ཞུ་ནས་ཀུན་བཟང་ལ་ཐིམ། དེ་རྡོ་རྗེ་ཐོད་ཕྲེང་ལ་ཐིམ། དེའི་ཐུགས་ཀར་བཾ་ཡིག་དཀར་གསལ་ཕྲ་མོ་སྤུས་བྲིས་པ་ལྟ་བུ་གསལ་ལྷག་གེ་བ་འོད་ཀྱིས་ལུས་གང་བ་ལ་སེམས་གཏད། མཐར་ཅིར་ཡང་མི་རྟོག་པའི་ངང་དུ་བཞག་པས་ཕྲ་རགས་སྒོ་གསུམ་གྱི་རྟོག་པ་འགག་ནས་མ་བཅོས་པའི་རིག་པ་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག །ཉིན་མོ་དེ་ལ་ཡང་ཡང་སྦྱང་། ཉལ་ཁར་ལུས་གནད་ཙོག་པུར་བྱས་ལ་སྔར་གྱི་དམིགས་པ་དེ་དྲག་ཏུ་གཅུན་ཅིང་བཾ་ཡིག་ལ་སེམས་གཏད་པའམ། མི་རྟོག་པའི་ངང་ལ་གཉིད་དུ་འགྲོ་བར་བྱས་པས་གོམས་ནས་ངོས་ཟིན་ཅིང་སྲབ་མཐུག་གི་འོད་གསལ་འཆར་བ་རྣམས་ངོ་ཤེས་ཏེ་ཏིང་ངེ་འཛིན་ལ་འཇོག་ནུས་པ་འབྱུང་། འདིའི་སྐབས་སུ་དམ་ཚིག་ཉམས་ཆག་བཤགས། དབང་ཡང་ཡང་ལེན། གསང་བའི་ཁྲུས་ཆུ་འཐོར་འཐུང་བྱ། དགོང་མོ་ཚིལ་ཆེན་གྱི་ཞུན་མར་སྦར་བ་མཁའ་འགྲོའི་དཀྱིལ་འཁོར་དུ་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱས་ལ་འོད་གསལ་ཟིན་པའི་གསོལ་བ་གདབ། མེ་ལོང་དྭངས་པའི་ལྟེ་བར་བཾ་ཡིག་ཕྲ་མོ་བྲིས་པ་མཚན་མོ་མར་མེའི་སྣང་བས་གསལ་བ་ལ་ཡིད་མིག་རླུང་གསུམ་རྩེ་
གཅིག་ཏུ་གཏད། གཉིད་དུ་འགྲོ་ཁར་ལྷག་པར་སེམས་བཟུང་། འོད་གསལ་སྦྱོང་བའི་སྐབས་སུ་དམ་ཉམས་དང་གྲིབ་ཅན་གྱི་མི་དང་ཟས་གོས་ལ་ཤིན་ཏུ་འཛེམ། བཅུད་ལྡན་གྱི་བཟའ་བཏུང་ཁྲིགས་བཅད་ཉུང་ངུ་བརྟེན། མཁའ་འགྲོ་ལ་ཤ་ཆེན་གྱི་སྤོས་དང་ཚོགས་མཆོད་ཡང་ཡང་འབུལ། ཉིན་མོ་གཉིད་མི་ལོག །བྱང་སེམས་ཅུང་ཟད་ཀྱང་མི་ཉམས་པར་བྱ་བ་རྣམས་གནད་དུ་ཆེའོ། །བཞི་པ་གོང་དུ་འཕོ་བས་མཚམས་སྦྱོར་བ་ལ། ཐོག་མར་སྦྱང་བ་ནི། ལུས་གནད་བསྲང་། མཁའ་འགྲོའི་སྐུའི་སྟོང་ར་དང་རྩ་དབུ་མ་གསལ་གདབ། འདི་ལ་རྟེན་མེད་དུ་འཕོ་ན་སྤྱི་བོར་ལྷ་གསལ་མི་དགོས། རྟེན་ཅན་དུ་འཕོ་བ་ལའང་ཆོས་སྐུར་འཕོ་ན་ཀུན་བཟང་ཡབ་ཡུམ། ལོངས་སྐུར་འཕོ་ན་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ། སྤྲུལ་སྐུར་འཕོ་ན་པདྨ་རྡོ་རྗེ་ཆོས་ཡབ་ཡུམ་གང་འདོད་པ་གསལ་གདབ། དབུ་མའི་ནང་སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་པ་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱིས་ཁྲིགས་སེ་བཀག་པའི་སྟེང་དུ་རང་གི་རླུང་སེམས་དབྱེར་མེད་པའི་ངོ་བོ་བཾ་ཡིག་དཀར་པོ་ལ་རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད་ཅིང་འདུན་པ་དྲག་ཏུ་གཅུན། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རླུང་དབུ་མའི་ནང་ནས་ཡར་སོང་། སྙིང་གའི་ཟླ་དཀྱིལ་ལ་རེག་
པའི་རྐྱེན་གྱིས་ཐིག་ལེ་སྤར་གྱིས་འཕར། འོག་རླུང་བསྐྱོད་སྟེང་རླུང་ཕྱིར་བཏང་། མིག་གྱེན་དུ་ལྡོག་ལ། ཧི་ཀ་བརྗོད་པས་ཚངས་བུག་ནས་སྐར་མདའ་ལྟར་སོང་། རྟེན་མེད་ལ་ནམ་མཁའ་དང་འདྲེས། རྟེན་ཅན་ལ་ཡུལ་སོ་སོའི་ཞབས་ལ་རེག་ཙམ་བྱས་ནས་སླར་སྤྱི་བོའི་དབུ་མ་ནས་མར་བྱོན། སྙིང་གར་སྔར་ལྟར་འཁོད། ཡང་སྤར་བ་སོགས་ཐུན་རེ་ལ་བརྒྱ་རྩ་ལས་མི་ཉུང་བར་རྟགས་མ་ཐོན་བར་དུ་སྦྱང་། ཐུན་མཚམས་རྣམས་སུ་བཾ་ཡིག་མར་བྱུང་། ལྟེ་འོག་ཏུ་ལྕི་ཐིང་གིས་གནས། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས། འདི་ལ་རླུང་གནད་ཆུན་པ། དམིགས་པ་རྩེ་གཅིག་པ། རླུང་དང་ལུས་སྟོད་དུ་སྒྲིམ་པ་རྣམས་གལ་ཆེ། དུས་རྟག་ཏུ་ངེས་འབྱུང་སྐྱོ་ཤས་བསྐྱེད། དུག་གསུམ་དང་ཆོས་བརྒྱད་ཀྱི་རྗེས་སུ་མི་འབྲང་བར་ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བསྟུང་བ་རྣམས་གནད། ལས་ལ་སྦྱར་བ་ནི། རང་འཆི་བར་ངེས་པའི་སྐབས་སུ། ལུས་ལོངས་སྤྱོད་འཛའ་བཤེས་གང་ལའང་སྙིང་པོ་མེད་པར་ཤེས་ནས་ཅི་ལའང་མ་ཆགས་པར་བྱ། འབྱོར་བ་གང་ཡོད་བླ་མ་དཀོན་མཆོག་ལ་བསྔོས་ཏེ་གང་ལའང་མ་ཞེན་པར་རྒྱལ་བས་གསུངས་པའི་འདུ་ཤེས་བཅུ་ཡིད་ལ་བྱ། སྔར་གྱི་དམིགས་པ་རྣམས་གསལ་བཏབ་ཏེ་བཾ་
ཡིག་གི་ཐིག་ལེ་ཕྱིར་མི་འབེབ་པར་ཡང་ནས་ཡང་དུ་སྤར། རྟེན་མེད་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །རྟེན་ཅན་ལ་ཡིག་འབྲུ་ལྷ་དང་བླ་མའི་ཐུགས་ཀར་ཐིམ། དེ་ཉིད་མཁའ་སྤྱོད་དམ་བདེ་བ་ཅན་དུ་གཤེགས་པར་མོས་ལ་ཞིང་ཁམས་དང་དེའི་བདག་པོ་ཡིད་ལ་བྱས་ཏེ་སྤྲོ་དུང་ངེ་བའི་ངང་ནས་རིག་པ་སྤྲོ་བསྡུ་དང་བྲལ་བར་འཇོག་གོ །ལྔ་པ་བར་དོར་གྲོལ་བར་བྱ་བ་ནི། ད་ལྟའི་སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས། གྲོགས་རྣམས་ཀྱང་བར་དོའི་སེམས་ཅན་ཁོ་ན་ཡིན་སྙམ་དུ་ཡང་ནས་ཡང་དུ་ཐག་བཅད་ལ་སྦྱང་། ཡིད་ཆེས་པ་ན་རང་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་མཁའ་འགྲོའི་སྐུ་ལུས་དཀྱིལ་དང་བཅས་པ་གསལ་གདབ། དེ་ལས་བདེ་སྟོང་གི་རང་བཞིན་ཅན་གྱི་འོད་ཟེར་མུ་མཐའ་མེད་པ་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བདག་གཞན་དུ་ཞེན་པའི་འཛིན་པ་དང་དུག་གསུམ་གྱི་རྟོག་པ་ཐམས་ཅད་སལ་གྱིས་སྦྱངས། གཟུགས་སྣང་ཐམས་ཅད་བདེ་རླུང་སེམས་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་མཁའ་འགྲོའི་སྐུ་སྣང་སྟོང་། སྒྲར་གྲགས་པ་ཐམས་ཅད་རང་བྱུང་རྡོ་རྗེའི་སྔགས་གྲགས་སྟོང་། དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་རིག་སྟོང་དུ་ལམ་གྱིས་ཤར་བར་བསམ་ལ་སེམས་བཟུང་། བར་དོའི་འདུན་པ་དྲག་ཏུ་བྱ། རྟོག་པ་
གང་ཤར་རྡོ་རྗེ་གསུམ་དང་བསྲེ། འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་། ང་རྒྱལ་ལྷར་སྣང་ངམ་མི་རྟོག་པ། ཕྲག་དོག་དག་སྣང་དང་བསྲེ་ཞིང་གོང་དུ་འཕོ་བ་དང་སྒྱུ་ལུས་སོགས་ལམ་དུ་ཁྱེར་ལ་རྩལ་སྦྱངས་པས་ཆེད་དུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་ཆོད་པར་འགྱུར། སྤྱིར་དུས་རྟག་ཏུ་ཚེ་འདིའི་སྣང་བ་ལ་ཆགས་ཞེན་འཛིན་འཁྲིས་སྤངས་ནས། ནམ་འཆི་ངེས་མེད་དང་བར་དོའི་འདུན་པ་དུང་ངེ་བ་དང་མ་བྲལ་བར་བྱས་པས་མྱུར་དུ་འབྱོངས་པར་འགྱུར་རོ། ༈ །བཞི་པ་མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ་གཉིས། ཆོས་ཀྱི་ཕྱག་རྒྱ་དངོས། རྒྱས་འདེབས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རོ། །དང་པོ་ལའང་གཉིས། རང་ལུས་ཐབས་ལྡན། གཞན་ལུས་ཕོ་ཉ་ལ་བསྟེན་པའོ། །དང་པོ་ནི། གོང་དུ་བཤད་པའི་རྣལ་འབྱོར་རྣམས་ལ་ཉམས་མྱོང་ཅི་ལྟར་རིགས་པ་སྐྱེས་ནས་འདི་ཉིད་ཀྱི་ཉམས་ལེན་ལ་འཇུག་པ་ན། སྔོན་འགྲོ་ཇི་ལྟར་རིགས་པས་རྒྱུད་སྦྱང་། བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་སྔོན་བཻཌཱུརྻའི་མདངས་ལྟ་བུ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྒེག་ཅིང་ཆགས་པའི་ཉམས་ཅན་གཟི་བརྗིད་འབར་བ།
དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་ཤིང་པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་གདབ། དེའི་སྐུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། གཡས་གཡོན་དུ་རོ་རྐྱང་གཉིས། འཁོར་ལོ་བཞི། ལྟེ་འོག་ནས་རྩ་གསུམ་སྦུབས་གཅིག་ཏུ་འདྲེས་ཏེ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ། འཁོར་ལོ་བཞིའི་ཐད་རྣམས་སུའང་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པ་ལས་རྩ་འདབ་རྣམས་གདུགས་རྩིབས་ལྟར་གྱེས་པ། སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་བྱང་སེམས་ཐིག་ལེའི་རང་བཞིན་ཧཾ་མགོ་ཐུར་བསྟན་དང་། འཁོར་ལོའི་ལྟེ་བར་ཧཾ་གྱེན་བསྟན་དཀར་པོ། མགྲིན་དབུས་ཨོཾ་དམར་པོ། སྙིང་དབུས་ཧཱུྃ་སྔོན་པོ། ལྟེ་དབུས་ཨཱཿདམར་སེར། གསང་གནས་སུ་ཧོཿལྗང་གུ །ནོར་བུའི་རྩ་བར་ཨཱཿ སྐེད་པར་ཧཱུྃ། རྩེ་མོར་ཨོཾ་ཡིག་འོད་འབར་བ། རྩ་འདབ་རྣམས་དང་ཡུལ་ཉེར་བཞིའི་རྩ་ཕྲན། རྐང་ལག་བཞི་དང་ཚིགས་ཆེན་བཞི་རྣམས་ལ་ལྷའི་ངོ་བོ་ཐིག་ལེ་བདེ་བའི་རང་བཞིན་དཀར་དམར་གྱི་མདངས་ལྡན་རེ་གསལ་གདབ། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རྩ་ཁམས་ཐིག་ལེ་དང་བཅས་པ་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སོང་བར་བསམས་ལ་བདེ་ཉམས་སྤར་ཅིང་སྟོང་ཉིད་ཀྱི་རྒྱས་འདེབས། དེ་ནས་རང་གི་མདུན་དུ་སྔར་འདྲིས་པ་ལྟ་བུའི་
བུ་མོ་ཡིད་དུ་འོང་ཞིང་ལང་ཚོ་རྒྱས་པ། དྲན་པ་ཙམ་གྱི་བདེ་བ་བཟོད་མེད་དུ་གཡོ་ནུས་པ་ཞིག་གིས་ཆགས་པའི་རྣམ་འགྱུར་སྟོན་པར་བསམ། ས་མ་ཡ་སཏྭཾ༔ ཞེས་ཆགས་པའི་བརྡས་བསྐུལ་བས། ས་མ་ཡ་ཧོཿ ཞེས་ལན་བཏབ། རཱ་ག་ཡ་ཧོཿ ཞེས་སྦྱོར་བའི་བརྡས་བསྐུལ་བས། རཱ་ག་ཡ་མི༔ ཞེས་ལན་བཏབ་སྟེ་ཟིམ་བུའི་མིག་གིས་བལྟ། སིད་དང་ཧ་ལ་སོགས་པའི་སྒྲ་དབྱུང་། རེག་ཅིང་འོ་བྱ་བ་དང་། མཆུ་དང་ལྕེ་འཇིབ་པ་སོགས་ཆགས་པ་ཆེས་ཆེར་བསྐུལ་ཏེ་གསང་རྩ་ངོམ་ཞིང་པང་དུ་བསླེབས་པ་ན། སྐད་ཅིག་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་དམར་རྗེས་ཆགས་ཀྱི་ཉམས་རྒྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣང་སྟོང་སྒྱུ་མ་ལྟ་བུའི་འོད་ཀྱི་སྐུ །རྩ་འཁོར་ཡི་གེ་དང་བཅས་པ་གསལ་གདབ། གསང་བའི་པདྨོའི་དབུས་སུ་རྩ་མཛེས་པའི་རྩེར་ཨ་ཡིག་གིས་མཛེས་པར་གསལ། ཛཿཞེས་རེག །ཧཱུྃ་གིས་འཁྱུད། བཾ་ཞེས་སྤྲད། ཐབས་ཁྱད་པར་ཅན་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ལ། ཧོཿཞེས་ཡབ་ཀྱིས་གསོར། ཡུམ་གྱིས་བསྐྱོད་པའི་བདེ་བ་བསྐུལ་བས་སྤྱི་བོའི་ཧཾ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། རྩ་ཁམས་
གཞན་གྱི་དྭངས་མ་རྣམས་ཀྱང་འདུས་ཏེ་སྨིན་མཚམས་ཡན་གྱི་དབུ་མའི་ནང་གང་། དགའ་བའི་ཡེ་ཤེས་སྐྱེས། ཆེར་འཕེལ་ནས་དེའི་རྩ་ཁམས་ཐམས་ཅད་ལ་ཁྱབ་པས་དགའ་བ་མཐར་ཕྱིན་པར་བསམས་ལ་སྤྱི་བོའི་བུམ་ཅན་གཅུན། རྣམ་པར་མི་རྟོག་པའི་ངང་ལ་རེ་ཞིག་བཞག་པ་ནི་ཕྱི་མ་རྣམས་ལ་འགྲེ། དེ་ནས་རིམ་པར་མགྲིན་པར་བབས་པས་མཆོག་དགའ། སྙིང་གར་བབས་པས་ཁྱད་དགའ། ལྟེ་གསང་ནས་ནོར་བུའི་རྩེ་མོར་སོན་པས་ལྷན་སྐྱེས་དགའ་བའི་ཡེ་ཤེས་ཉམས་སུ་མྱང་བ་ཁྱབ་ཅིང་བརྟན་པར་མོས། དེའི་ཚེ་ཡབ་ཡུམ་གཉིས་ཀྱི་རྩ་དབུ་མ། རླུང་ལྡང་འཇུག །ཐིག་ལེ་དཀར་དམར། དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བ་སྟེ་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ་པ་ནི་ཡས་བབ་རྒྱུའི་དགའ་བ་བཞིའོ། །དེ་ནས་དྭངས་མ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་དེ་མ་ཐག་གྱེན་ལ་དྲངས་དགོས་པས་རྐང་ལག་གི་ཉྭ་བཞི་སྒྲིམ། སོར་ཚིགས་རྣམས་བསྐུམ། ལྟོ་བ་སྒལ་པར་བརྡབ། ལྕེ་རྩེ་དང་མིག་གྱེན་དུ་ཕྱོགས་པ་ལུས་འཁྲུལ་འཁོར་གྱི་འདྲེན་དང་། གསང་རླུང་གྱེན་དུ་དྲང་། ཧཱུྃ་རིང་དང་ཧག་གི་སྒྲ་བྱ་བ་དག་གདངས་ཀྱི་འདྲེན་དང་། ཤེས་པ་སྤྱི་བོའི་ཧཾ་ལ་གཏད། ཐིག་ལེ་རྣམས་སོག་སྦུབ་ནས་ཆུ་དྲངས་པ་ལྟར་དཀར་ཕྲི་ལི་ལི་གྱེན་ལ་བཙན་ཐབས་སུ་ལྡོག་པར་བསམ་
པའི་དམིགས་པ་རྩེ་གཅིག་པ་ཡིད་འདྲེན་གྱི་གནད་གསུམ་དང་ལྡན་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་ཧཾ་ཡིག་གི་བར་དུ་རིམ་གྱིས་བརྟན་པས་དགའ་མཆོག་ཁྱད་དགའ་ལྷན་སྐྱེས་ཏེ་མས་བརྟན་འབྲས་བུའི་དགའ་བཞི་ཉམས་སུ་མྱོང་བར་མོས། འཁོར་ལོ་སོ་སོར་བུམ་པ་ཅན་དྲག་ཏུ་གཅུན། སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་སོགས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱད་པར་དགྲམ། ཧཾ་ཡིག་ལ་རྟེན་བྱས་ཏེ་བདེ་རླུང་སེམས་གསུམ་དབྱེར་མེད་པའི་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག་གོ །གཉིས་པ་གཞན་ལུས་ལ་བསྟེན་པ་ནི། རང་ལུས་ཐབས་ལྡན་ལ་བསྟེན་ནས་དབབ་འདྲེན་དགྲམ་གསུམ་རང་དབང་ཐོབ། བདེ་སྟོང་ཟག་མེད་ཀྱི་ཉམས་མྱོང་ཁྱད་པར་ཅན་སྐྱེས། དྲོད་ཐོབ་པའི་རྣལ་འབྱོར་པས་བདེ་བའི་བོགས་དབྱུང་ཞིང་དཔེའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི། བླ་མ་དང་ཡི་དམ་ལྷས་ལུང་བསྟན་པའམ། པདྨ་ཅན་སོགས་མཚན་ཉིད་ལྡན་པའི་རིག་མ་ལེགས་པར་བརྟག །རྫས་སྔགས་ཏིང་ངེ་འཛིན་གྱིས་དགུག་ཅིང་དབང་དུ་བྱ། ཕྱི་དྲང་ངེས་ཀྱི་ཆོས་བཤད། ནང་དབང་བསྐུར་ཅིང་དམ་ཚིག་ཕོག །གསང་བ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་བསླབ་པས་རྒྱུད་སྦྱངས། དེ་ནས་སྐབས་སུ་བབས་པ་ན་ཡབ་
ཡུམ་གཉིས་ཀས་ཁྲུས་དང་བཀུ་མཉེ་བྱ། བཅུད་ལྡན་ཟས་སྨན་གྱིས་ཁམས་སྤེལ། གནས་ཤིན་ཏུ་དབེན་པར་གདན་འབོལ་ཞིང་བདེ་བ་ལ་འཁོད། གཟུགས་ལ་བལྟ་བ་སོགས་འདོད་ལྔ་ལ་བསླབ་པས་ཆགས་པའི་མདངས་བསྐྱེད་ཅིང་བདེ་བ་བསླང་། དངོས་གཞི་རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བཏབ་ལ་ཆགས་པའི་བརྡས་བསྐུལ་བ་ནས་བརྩམ་དབབ་འདྲེན་དགྲམ་ཞིང་ཀ་དག་གི་དབྱིངས་སུ་བསྐྱལ་བའི་བར་རང་ལུས་ཐབས་ལྡན་སྐབས་སུ་ཇི་སྐད་བཤད་པའི་རིམ་པ་ལ་ཡང་ནས་ཡང་དུ་སྦྱངས་པས། ཐབས་ཤེས་ཀྱི་རྩ་རླུང་ཐིག་ལེ་ཁ་སྦྱར་བ་ལས་བྱུང་བའི་བདེ་བས་མཉམ་རྗེས་ཁོར་ཡུག་ཏུ་སེམས་རྒྱུད་གང་། ཡུལ་སྣང་སྟོང་པའི་འོད་གསལ་རྩོལ་མེད་དུ་འཆར། བདེ་སྟོང་ཟུང་འཇུག་མཚོན་བརྗོད་ལས་འདས་པའི་ཡེ་ཤེས་དཔེའི་ཚུལ་དུ་ཤར་ནས་སྦྱོར་ལམ་ཆོས་མཆོག་ལ་སླེབ་པ་ཡིན་ནོ། །དེ་དག་ཀྱང་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། དེ་ལྟར་དང་པོ་རང་ལུས་དང་། །དེ་ནས་རིམ་པར་གཞན་ལུས་ལ། །བརྟེན་ནས་ལམ་གྱི་རྩལ་སྦྱང་ཞིང་། །གཉིས་མེད་དབྱིངས་སུ་བསྲེ་བར་བྱ། །དེ་དང་ཡང་དག་ངེས་ལྡན་པའི། །སྣ་ཚོགས་ལས་ཀྱི་རིམ་པ་ཡང་། །མངོན་ཤེས་ལ་སོགས་ལས་ལ་སྦྱར། །གཏན་ལ་འབེབས་ནས་གཞན་དོན་སྤྱད། །འབྲས་བུ་སྐུ་གསུམ་ངང་དུ་
བསྐྱལ། །ཞེས་སོགས་ཀྱིས་ཉམས་སུ་ལེན་ཚུལ་དྲོད་རྟགས་ཀྱི་རིམ་པ་རྒྱས་པར་བསྟན་ཅིང་། དགོས་པ་དང་ཡོན་ཏན་ཡང་། །འདོད་དང་འདོད་ཆགས་རྣམ་བྲལ་ཡང་། །འདོད་ཆགས་ཉིད་ལས་མ་གཡོས་པར། །འདོད་ཆགས་རང་སར་དེ་གྲོལ་ཞིང་། །ཆགས་པས་ཆགས་པ་དབང་དུ་སྟེ། །ཆགས་པས་སེམས་ཅན་རང་གྲོལ་འགྱུར། །དེ་བས་འདོད་ལ་ཆགས་བྲལ་བ། །རང་བབས་ཆགས་པ་མེད་པར་འཆར། །ཆགས་པའི་འབྲས་བུ་བདེ་གསལ་ནས། །མི་རྟོག་ཡེ་ཤེས་ཏིང་འཛིན་སྐྱེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེང་དུས་སྔགས་ལ་སྤྱོད་པ་རྣམས་ཀྱིས་ཚད་ལྡན་ཉམས་སུ་ལོན་པ་ཤིན་ཏུ་དཀོན་པས་འདིར་ས་བཅད་ཙམ་ལས་རྒྱས་པར་མ་སྤྲོས་པས་རྟོགས་པར་འདོད་ན་རིགས་མཐུན་གྱི་གཞུང་གཞན་ལས་བླང་བར་བྱའོ། །གཉིས་པ་རྒྱས་འདེབས་ཀྱི་རྣལ་འབྱོར་ནི། རྒྱུད་ལས། བདེ་སྟོང་ཟག་པ་མེད་པ་ཡི། །ཡེ་ཤེས་རང་ས་ཟིན་པའི་གནད། །གཤིས་ལ་གཡོ་བ་མེད་བཞིན་དུ། །བཅས་བཅོས་བཟོ་མེད་ལྷུག་པའི་ཀློང་། །རང་གསལ་ཉིད་དུ་གནས་པར་བཞག །ཅེས་སོགས་ཀྱིས་བསྟན་པའི་དོན་བཞིན། ལས་ཀྱི་ཕྱག་རྒྱའི་ཉེ་རྒྱུ་ལ་བསྟེན་ཏེ་བདེ་བས་ཐབས་བྱས་ནས་དྲངས་པའི་མཚོན་བྱེད་དཔེའི་ཡེ་ཤེས་གཞོན་ནུ་མའི་བདེ་བ་དང་། ལྐུགས་པའི་རྨི་ལམ་ལྟར་སོ་
སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱང་ཡང་སྨྲར་མི་བཏུབ་པ། ཡིད་ཆེས་ཡོད་ཀྱང་འདི་ཞེས་དམིགས་སུ་མེད་པ་དེ་ཉིད་ཁོ་ན་ལ་རྟེན་བྱས་ཏེ། མཚོན་བྱ་བརྟེན་པ་དོན་དམ་པའི་བདེན་པ་རང་བྱུང་གཉུག་མ་གཤིས་ཀྱི་གནས་ལུགས། ཅིར་ཡང་མ་ཡིན་ལ་གང་དུའང་མ་གྲུབ་པ། སོ་སོ་རང་རིག་པའི་སྤྱོད་ཡུལ། གཟུང་འཛིན་གཉིས་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཐ་མལ་གྱི་ཤེས་པ་བཟོ་བཅོས་མ་བྱས་པའི་རིག་སྟོང་རྗེན་པ་སྐད་ཅིག་མ་འདི་ཉིད་ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་ཆོས་ཀྱི་སྐུའི་ལྟ་བར་ཐག་བཅད། སྣང་ཆ་རྟེན་འབྱུང་སྒྱུ་མའི་འཁྲུལ་འཁོར་ཅིར་ཡང་སྣང་ལ་གང་དུའང་མ་འགག་པ་ཀུན་རྫོབ་གྱི་བདེན་པའང་རང་བཞིན་གྱིས་སྟོང་པའི་ངང་ལས་གསལ་བའི་མདངས་རང་བྱུང་དུ་ཤར་བས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་སྒོམ་པས་ལམ་དུ་བྱ་བ་ན། སྟོང་གསལ་རིག་པའི་སྙིང་པོ་ཅན་དེ་ཉིད་ངོས་བཟུང་བ་བློས་བཟོ་བཅོས་མི་བྱ། གོ་བ་དང་ཉམས་མྱོང་གིས་མ་བསླད་པར་གཤིས་ལུགས་གཉུག་མའི་ངང་ལ་རང་བབས་སུ་བཞག །རྣམ་རྟོག་གི་འཕྲོ་འདུ་ཇི་ལྟར་ཤར་ཡང་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟའི་ཤེས་པ་སྐད་ཅིག་མ་ལ་དགག་སྒྲུབ་བཅོས་བསྒྱུར་ཅིའང་མི་བྱ་བར་ཤར་མ་ཐག་
དྲན་པས་ཟིན་པར་བྱས་ཏེ་འགྱུ་བ་རང་ཐོག་བཞག་པས་འགྱུ་སྟོང་སྐྱེ་མེད་དུ་གྲོལ། རིག་པ་རང་ས་ཟིན་པར་འགྱུར། མདོར་ན་ཡིད་དཔྱོད་ཀྱི་ཉམས་མྱོང་ཕྲལ། ལྟ་སྒོམ་གྱི་ཞེན་པས་མ་བསླད་པར་རང་རིག་པའི་རང་ངོ་ལ་ཆོས་ཉིད་ཀྱི་དྲན་པའི་གསལ་འདེབས་ཙམ་མ་གཏོགས་སེམས་དང་་་སེམས་བྱུང་གི་སྤྲོས་པ་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་རྒྱས་བཏབ་ལ་མཉམ་པར་བཞག་པས། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དྭངས་མར་སྨིན། དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་འཕོ་འགྱུར་མེད་པར་བརྟན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་། སློབ་པའི་ཟུང་འཇུག་ལ་སྦྱོར། འདོད་ན་མྱུར་དུ་མཐར་ཐུག་རྡོ་རྗེ་གསུམ་གྱི་སྐུ་དང་ཡེ་ཤེས་འགྲུབ་པར་འགྱུར་ཏེ། གཞུང་ལས། མཆོག་ཏུ་མི་འགྱུར་ཏིང་འཛིན་གྱིས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ བདེན་མཐོང་སློབ་པའི་འོད་གསལ་ཆེ༔ ཇི་བཞིན་གྲུབ་པའི་རིག་འཛིན་ནི༔ འདོད་ན་མྱུར་དུ་མཐར་ཐུག་གི༔ འབྲས་བུ་སྐུ་དང་ཡེ་ཤེས་འཐོབ༔ ཅེས་དང་། ཐུན་མོང་གི་དངོས་གྲུབ་ཞོར་ལ་འབྱུང་བའི་ཚུལ་ཡང་། རྒྱུད་ལས། གནས་སྐབས་ཡུལ་གྱི་འབྲས་བུ་ཡང་། །ཚེ་ལ་དབང་འབྱོར་ཐོབ་པ་དང་། །ལོངས་སྤྱོད་ཉིད་ལ་དབང་འབྱོར་བ། །ཐུན་མོང་གང་དང་
གང་དག་རྣམས། །རྩོལ་མེད་རང་བྱུང་ལྷུག་པར་རོ། །ཞེས་གསུངས་སོ། ༈ །གསུམ་པ་རྗེས་ཀྱི་རྣལ་འབྱོར་ལམ་དུ་བྱ་བའི་ཚུལ་ནི། དེ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་རྟེན་བུམ་པ། གསང་བ། ཤེར་ཡེ། བཞི་པ་སྟེ་ཟབ་མོ་དབང་བཞིའི་ལམ་མཆོག་ཟབ་ལ་གནད་འདྲིལ་བ་དབྱིབས་སྔགས་གཏུམ་མོ་ཆོས་ཀྱི་རྣལ་འབྱོར་བཞི་པོ་གང་ཟག་རིམ་སྐྱེས་པས་སྔོན་འགྲོ་ནས་བཟུང་། དངོས་གཞིའི་ཉམས་ལེན་ཐམས་ཅད་སྔ་མ་རྣམས་ལ་ཉམས་མྱོང་སྐྱེས་ནས་ཕྱི་མ་ལ་རིམ་གྱིས་འཇུག །ཐོད་རྒལ་བས་མོས་པ་དང་འཚམ་པར་ཅི་རིགས་ཉམས་སུ་བླང་། གཅིག་ཅར་བ་ལ་བླ་མའི་རྣལ་འབྱོར་གྱི་རྗེས་སུ་རིག་པ་གཅེར་མཐོང་དུ་ངོ་སྤྲད་ལ་དེ་ཀའི་རྒྱུན་བསྐྱངས་པས་ཀྱང་ཆོག །ལས་དང་པོ་པས་ཐུན་བཞིའམ་དྲུག་སོགས་བཅད། ཡུན་ཐུང་ལ་གྲངས་མང་བ་དང་དམིགས་པ་མ་ཡེངས་པར་རྩེ་གཅིག་ཏུ་གསལ་བ་གལ་ཆེ། ཐུན་མཐར་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་དགེ་བ་ཡོངས་སུ་བསྔོ་བས་སྤེལ་ཞིང་སྨོན་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་དུ་གདབ། ཐུན་མཚམས་སུ་ཉམས་མྱོང་ངོ་བོ་མ་ཤོར་བར་དྲན་པའི་རྩིས་ཟིན་པར་བྱས་ནས་སྤྱོད་ལམ་ལ་འཇུག །འགྲོ་འདུག་རྡོ་རྗེའི་གར། སྒུལ་སྐྱོད་བདེ་ཆེན་གྱི་རང་རྩལ། བཟའ་བཏུང་ཡེ་ཤེས་བདུད་རྩི་ལུས་དཀྱིལ་གྱི་ལྷ་ལ་ཕུལ་བ་ནང་གི་ཚོགས་
འཁོར་དུ་ལོངས་སྤྱད། ཉལ་བའི་ཚེ་སྙིང་གའི་བཾ་ཡིག་ལ་སེམས་བཟུང་། ལྡང་བའི་ཚེ་སྟོང་ཉིད་འོད་གསལ་གྱི་ངང་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་བཞེང་། བློ་འདས་ཀྱི་ལྟ་བ་རྟོགས་ཀྱང་རྒྱུ་འབྲས་ཀྱི་བླང་དོར་ཕྲ་ཞིབ་ནས་སྤྱད། ཐ་མལ་གྱི་སྣང་ཞེན་འཛིན་པ་རྦད་ཀྱིས་བཅད་ལ་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། རླུང་གི་དམ་ཚིག་ཏུ་བར་རླུང་ཐད་ཀར་བཟུང་། གཏུམ་མོའི་དམ་ཚིག་ཏུ་ལྟེ་བའི་མེ་དམིགས་ཀྱི་འབར་སྣང་ལ་སེམས་བརྟན་པར་བྱ། ཐིག་ལེའི་དམ་ཚིག་ཏུ་བདེ་བའི་རང་ཉམས་ཀྱི་ངོ་བོ་བསྐྱང་བ་རྣམས་དང་དུས་རྟག་ཏུ་མི་བྲལ་བ་གལ་ཆེ། དེ་ལྟ་བུའི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་ཅིང་གནད་དུ་འགྲོ་བའི་ཚེ་མེ་འབར་བའི་སྔོན་དུ་དུད་པ་འབྱུང་བ་བཞིན་སྔོན་གྱི་སྡིིག་སྒྲིབ་བསླངས་ནས་ཕྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས། ནང་རྩ་རླུང་ཐིག་ལེ་བསམ་གཏན་བྱིང་རྒོད་ཀྱི་གེགས། གསང་བ་ཏིང་ངེ་འཛིན་སེམས་འཁྲུགས་ཀྱི་གེགས་སོགས་ཉམས་འཇམ་རྩུབ་མཐོ་དམན་ཤིན་ཏུ་མང་པོ་འབྱུང་བར་འགྱུར་ལ། གང་ལྟར་བྱུང་ཡང་རེ་དོགས་དགག་སྒྲུབ་ཅིའང་མི་བྱ་བར་ཞེན་འཁྲིས་ཀྱི་མདུད་པ་བཅད། ཉམས་མྱོང་དང་བསྲེས་ནས་གྲོགས་སུ་ཁྱེར་ལ་ལམ་དུ་བསླང་། རིག་པའི་རང་ཚུགས་མ་ཤོར་བར་ངོ་བོ་བསྐྱངས་པས་སྦྲུལ་མདུད་
རང་སར་ཞིག་པ་ལྟར་གེགས་རྣམས་རང་གྲོལ། ཉམས་མྱོང་ན་འཕར་བར་འགྱུར་རོ། །ཉམས་ལེན་དེ་རྣམས་ཀུན་གྱི་བོགས་འདོན་དུ་འཁོར་བ་ལ་ངེས་འབྱུང་གི་སྐྱོ་ཤས་ཆེན་པོ་བསྐྱེད། སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པའི་བྱང་སེམས་བསྒོམ། གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོ་བླ་མའི་མོས་གུས་ཁོ་ན་ཡིན་པས་བླ་མ་ཉིད་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད། ཚད་བཟུང་མེད་པའི་གདུང་ཤུགས་ཀྱི་མོས་གུས་དྲག་པོ་རྩལ་དུ་བཏོན། ཞེན་འཁྲིས་མེད་པའི་འོ་དོད་ཀྱིས་གསོལ་བ་གདབ། གནས་ལུགས་མ་བཅོས་པའི་ངང་དུ་ཐུགས་ཡིད་བསྲེ། སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་ལྷུན་རྫོགས་ཆེན་པོའི་བསྐྱེད་རིམ་དང་བདེ་རླུང་སེམས་གསུམ་དབྱེར་མི་ཕྱེད་པ་ཟུང་འཇུག་ཆེན་པོའི་རྟོགས་པ་སྤེལ་ནས་དབྱིབས་ཀྱི་རྣལ་འབྱོར་ལ་བོགས་འདོན། མུན་པའི་ཁང་བུར་བྱེད་པ་བཅིངས་པའི་བཙན་ཐབས་གྱི་སྦྱོར་བ་ལ་བརྟེན་ནས་ཡུལ་དབང་ཤེས་གསུམ་ནང་དུ་སྡུད་ཅིང་ཉིན་མཚན་གྱི་རྟགས་སྣང་གསལ་ལ་བརྟན་པར་བྱས་ཏེ་སྔགས་ཀྱི་རྣལ་འབྱོར་ལ་བོགས་འདོན། རང་ལུས་འབྱོངས་ནས་གཞན་ལུས་ལ་རང་དབང་ཐོབ་པའི་རྣལ་འབྱོར་པས་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་གྱི་དྭངས་བཅུད་ལེན་པའི་ཐབས་ཟབ་མོས་འཆི་མེད་རྡོ་རྗེའི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐུ་བསྒྲུབ། རྒྱས་འདེབས་ཕྱག་རྒྱ་
ཆེན་པོའི་རྣལ་འབྱོར་ལ་བོགས་འདོན་ཅིང་ཉམས་རྟོགས་བརྟན་མི་བརྟན་བརྟགས་པའི་སླད་དུ། དུར་ཁྲོད་ལ་སོགས་པའི་གནས་གཉན་ཅིང་འཇིགས་ལ་ཡ་ང་བའི་གནས་སུ་ཕྱིན་ཏེ་རྒྱུད་ནས་གསུངས་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བརྩམ་པར་གསུངས་ཀྱང་། ནུས་པའི་གདིང་དང་མི་ལྡན་པས་ཕུང་པོ་གཟན་བསྐྱུར་གྱི་བདུད་གཅོད་བྱ། རྣམ་རྟོག་གང་སྐྱེས་ཐམས་ཅད་སྟོང་ཉིད་ཀྱི་དབྱིངས་སུ་བསྐྱལ། བདག་ཏུ་རྟོག་པའི་སྙེམས་པ་རྩད་ནས་བཅད། སྤྱིར་གནས་ལུགས་ལ་བརྟན་པ་ཅི་རིགས་ཐོབ་པའི་གང་ཟག་གིས་སྣང་བ་ལ་རྩིས་གདབ་མེད་པ་བུ་ཆུང་ལྟ་བུའི་སྤྱོད་པ་དང་། བརྟན་པ་འབྲིང་དུ་ཐོབ་པས་རེ་དོགས་ཀྱི་འཆིང་བ་མེད་པས་གང་ཤར་ཐད་ཀར་གཅོད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་པས་གང་ལའང་འཇིགས་སྐྲག་དང་བག་ཚ་མེད་པ་སེང་གེ་ལྟ་བུའི་སྤྱོད་པས་གནས་དང་ཡུལ་རྣམས་སུ་བགྲོད་ཅིང་བརྟུལ་ཞུགས་སྤྱོད་པས་དེར་གནས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པའི་མཐུ་ཐོབ་ནས་མཁའ་སྤྱོད་ཆེན་པོའི་ཞིང་དུ་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་གོ་འཕང་འགྲུབ་པར་འགྱུར་རོ། །གསང་དོན་རང་གིས་མ་རྟོགས་གཞན་ལ་འཆད། །གསང་བ་རྗེན་པར་ཕྱུངས་སོགས་ནོངས་པ་ཀུན། །བླ་མ་ཡེ་ཤེས་མཁའ་འགྲོའི་སྤྱན་སྔར་བཤགས། །འདི་
གཏན་ཀུན་ཏུ་སྒྲིབ་མེད་ཚངས་པ་སྩོལ། །ཚིག་ཉུང་དོན་ཟབ་མཁའ་འགྲོའི་ཁ་རླངས་ཅན། །ཟབ་གསང་ཉམས་སུ་ལེན་པའི་སྒྲུབ་པ་པོར། །བར་གཅོད་ཀུན་ཞི་ཉམས་རྟོགས་རྩོལ་མེད་རྒྱས། །གྲུབ་གཉིས་བསླུ་མེད་བརྙེས་པར་བྱིན་གྱིས་རློབས། །སྐྱེ་ཀུན་བླ་མ་ཡེ་ཤེས་མཁའ་འགྲོ་ཡིས། །རྗེས་སུ་བཟུང་ནས་གསང་ལམ་མཐའ་རུ་ཕྱིན། །དབྱིངས་ཕྱུག་ཚོགས་རྗེ་བདེ་ཆེན་རྒྱལ་མོ་དང་། ཁ་སྦྱོར་བདེ་ཆེན་རྡོ་རྗེའི་སྐུ་བརྙེས་ཤོག །དོན་ཟབ་བཅུད་དུ་འདྲིལ་བའི་གདམས་སྐོར་རྩ་བའི་གཞུང་ཉིད་ཚིག་སྣ་བསྡུས་པས་ཁྲིད་ཡིག་གསལ་བ་ཞིག་དགོས་ཞེས། སྔ་འགྱུར་བསྟན་པའི་རྩ་ལག་མདོ་ཁམས་རྫོགས་ཆེན་ཆོས་སྡེའི་མཁན་བླ་མ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དཀོན་མཆོག་འོད་ཟེར་ནས་ནན་བསྐུལ་མཛད་པ་དང་། མོས་ལྡན་གཞན་དག་གིས་ཀྱང་བསྐུལ་བ་ལྟར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གནས་ཆེན་ཟབ་བུ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།