ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་། པདྨ་གར་དབང་ཕྲིན་ལས།
ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་ཞེས་བྱ་བ་བཞུགས་སོ། །
ན་མོ་ལོ་ཀེ་ཤྭ་ར་ཡ། ཤུལ་རིང་ལམ་དུ་སྡུག་བསྔལ་བྱེ་བ་བརྒྱས། །ཤིན་ཏུ་དུབ་པའི་འགྲོ་ལ་ཐུགས་རྗེའི་སྤྱན། །རབ་ཡངས་ཐབས་མཁས་ཕྱག་གིས་དབུགས་འབྱིན་པ། །བླ་མ་མཆོག་དང་དབྱེར་མེད་ཞབས་ལ་འདུད། །འགྲོ་བ་སྐྱོབ་མཛད་སྨིན་བྱེད་མཆོག །དེང་དུས་གསེར་ལས་དཀོན་པ་ཉིད། །སྐལ་བཟང་དཔལ་དུ་ཤར་བས་ན། །ཐར་འདོད་སྲོག་གི་ཟུངས་སུ་བསྟན། །ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དཀྱིལ་འཁོར་ཏུ་སློབ་མ་གཞུག་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་གཤོམ་གྱི་རིམ་པ་ནི། སྟེགས་གཙང་མའི་སྟེང་ཞི་དཀྱིལ་སྤྱི་ལྟར་ལ། དབུས་སུ་ལྷ་གནས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོར་དྲིལ། སྒོ་བཞིར་ཐིག་ལེ་དཀར་སེར་དམར་ལྗང་བཞི་བཀོད་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་དམར་ཁ་རྒྱན་དང་བཅས་པ། ཐུགས་རྗེ་ཆེན་པོ་དཀར་དམར་གཉིས་ཀྱི་སྐུ་ཙཀ །ཡིག་བདུན་སོ་སོའི་ཙཀླི་རྣམས་དང་། མདུན་དུ་དབང་གཏོར་སྐུ་ཙཀ་གིས་བརྒྱན་པ། ཅི་བདེ་བར་ཐོད་ཆང་བུ་རམ་དང་བདུད་རྩི་བཏབ་པ། མར་མེ། དབུ་རྒྱན། ཕྲེང་བ། མེ་ལོང་ལ་མཚལ་གྱིས་ཡིག་བདུན་བྲིས་པ། །མེ་ལོང་ལ་ཤེལ་རྡོ་བཙུགས་པ། རས་དཀར་ཁ་གང་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། གདུགས། རྡོར་དྲིལ། རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ། མེ་ལོང་བཅས་བཀོད་པའི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་།
གཞན་ཡང་ལས་བུམ། དམ་ཆུ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར། དབང་དོན་སྒྲུབ་མཆོད་ནི། ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་ནུས་སྟོང་ཚིགས་བཅས། རྣམ་བུམ་ལྷ་སྐད་ཅིག་གིས་གསལ་གདབ་ལ། སྤྲོ་བསྡུའི་དམིགས་པ་བཅས་བཟླས་པ་དང་འོད་ཞུ་བྱ། ཐོད་ཆང་ལ་དམིགས་ནས་མ་ཎི་བརྒྱ་རྩ་བཟླས་ཏེ་མཆོད་བསྟོད་འབུལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་པ་རྣམས་ལ་གཏོར་མ་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་གྲུབ་པ་དང་། ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་བསྐུར་བ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱས། ཕྱག་འཚལ་ནས་ནང་དུ་འཁོད་པ་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་དང། ཁྱད་པར། དེ་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཚན་པོ་ཆེ་སྤྱི་དང་། ཁྱད་པར་སངས་རྒྱས་ཀུན་གྱི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པ་གདོང་དམར་བོད་ཀྱི་ཡུལ་དུ་སྐྱེས་པའི་འགྲོ་བ་མགོན་མེད་པ་རྣམས་ལ་ལྷག་པར་ཐུགས་རྗེ་ཆེན་པོས་དགོངས་ཏེ་ཕྱག་མཚན་དུ་བཞེས་པར་མཛད་པ། འཕགས་མཆོག་སྤྱན་རས་
གཟིགས་དབང་ཕྱུག་ལ་རྒྱུད་སྡེ་གོང་འོག་དང་འབྲེལ་བའི་རྒྱུད་སྒྲུབ་ཐབས་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་འཕགས་བོད་གཉིས་ཀྱི་ལྗོངས་སུ་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ། སྤྱན་རས་གཟིགས་དབང་ཉིད་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བསྟན་པ་ཨོ་རྒྱན་གྱི་གུ་རུ་པདྨཱ་ཀ་ར་ཉིད་ཀྱིས་གངས་ཅན་གྱི་གདུལ་བྱ་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ། འཕགས་པའི་ཆོས་སྐོར་རྒྱས་འབྲིང་བསྡུས་པའི་ཚུལ་དཔག་ཏུ་མེད་པ་མངའ་བདག་རྗེ་འབངས་རྣམས་ཀྱི་སྐལ་བར་བསྩལ་ནས་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་དུ་སྦས་པ་རྣམས་ཀྱི་ནང་ནས། སྐབས་སུ་བབ་པ་འདི་ནི་རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ཉིད་བསམ་བཞིན་བསྟན་འགྲོའི་དཔལ་དུ་སྲིད་པ་ཉེ་བར་བཟུང་བ་ཨོ་རྒྱན་རྡོ་རྗེ་གླིང་པས་གཏེར་ཁ་ཆེ་ཆུང་བརྒྱ་ཕྲག་གཅིག་སྤྱན་དྲངས་པར་མཛད་པའི་ནང་ནས་ཐུགས་རྗེ་ཆེན་པོ་ལའང་། རྒྱལ་བ་རྒྱ་མཚོ། ཡང་ཟབ་གནད་འདུས། ཡང་སྙིང་འདུས་པ། ངན་སོང་ཀུན་སྐྱོབ་དང་བཞིར་བཞུགས་པ་ལས། ད་ལམ་གླང་བྲག་བྱ་སྐྱིབས་ཅན་རྡོ་རྗེ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་བླ་
མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱེ་ཧོ༔ བླ་མ་དཀོན་མཆོག་ཐུགས་རྗེ་ཆེ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ སྡིག་སྒྲིབ་མ་རིག་འདམ་བྱིང་བའི༔ བླུན་རྨོངས་བདག་ཅག་བསྐྱབ་ཏུ་གསོལ༔ སྨིན་བྱེད་དབང་གིས་དྲང་བ་དང༔ གྲོལ་བྱེད་རིག་པའི་ཡེ་ཤེས་སྟོན༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དྲི་བ་ལན་གསུམ་དུ་བགྱིད་དགོས་པ་འདི་ལ་གསན་འཚལ༔ ཧོ༔ བུ་རྣམས་ལེགས་པར་ང་ལ་ཉོན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ ཁྱེད་རྣམས་འཇུག་པར་འདོད་པ་ལ༔ དམ་ཚིག་སྡོམ་པ་སྲུང་ནུས་སམ༔ ཡང་དག་དོན་ནི་བསྒོམ་ནུས་སམ༔ སྤྲོས་མེད་མྱ་ངན་འདའ་ནུས་སམ༔ ཞེས་དྲིས་པ་ལ་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས། ཧོ༔ འདི་ནས་བཟུང་སྟེ་བྱང་ཆུབ་བར༔ བླ་མའི་གསུང་ལས་འདའ་རེ་ཀན༔ ཡང་དག་དོན་ལས་གཡེལ་རེ་ཀན༔ ལུས་ངག་གཡེང་བ་ཀུན་སྤངས་ཏེ༔ མི་འདའ་གསུམ་པོ་མི་བསྒྲུབ་རེ༔ ཞེས་པའི་དྲིས་ལན་ཚར་
གསུམ་དུ་བསྐྱར། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་རབ་འབྱམས་མངོན་སུམ་བཞིན་དུ་གསལ་བའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་ལུས་ཅན་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ལས་བྱང་ལྟར་སྐྱབས་འགྲོ་ལན་གསུམ། སྨོན་པ་དང་འཇུག་པ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། ལས་བྱང་ལྟར་སེམས་བསྐྱེད་ལན་གསུམ། སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་ཅིང་མཆོད་པ་འབུལ་བ་སོགས་མཚན་བཅས་ཀྱི་དམིགས་པའི་རིམ་པ་སྤྱི་དང་མཐུན་པར་གསལ་འདེབས་ཤིང་། མཚན་མེད་རང་བྱུང་འོད་གསལ་བློ་འདས་ཆེན་པོའི་དགོངས་པའི་ཀློང་དུ་མཉམ་པར་འཇོག་བཞིན་པས་ཡན་ལག་བཅུ་པ་འདིའི་རྗེས་ཟློས། ལས་བྱང་ལྟར་རྗེས་ཟློས་བྱར་གཞུག །དེ་ནས་བདུད་རྩིའི་དམ་ཆུ་སྦྱིན་ཏེ། དམ་ལ་བཞག་པ་ནི། ཧོ༔ དམ་ཚིག་སྟོང་གསལ་འཛིན་མེད་དེ༔ བསྲུང་བྱ་བསྲུང་མཚམས་བྲལ་བ་དང༔ ཡེ་བསྲུང་ཆེན་པོའི་དམ་ཚིག་འདི༔ ཁྱོད་ལ་སྦྱིན་ནོ་ཐུབ་པར་གྱིས༔ ཉོན་མོངས་ཁམས་གསུམ་འཁོར་བ་འདིར༔ ལུས་ངག་ཡིད་གསུམ་
སྡུག་བསྔལ་མྱོང༔ ཐུབ་ན་སྐུ་གསུམ་སྐུ་ལྔ་ཐོབ༔ ཐུགས་རྗེ་ཆེན་པོ་དབྱེར་མེད་འགྱུར༔ དེས་ན་དམ་སྲུངས་ཆུ་འདི་ཐུངས༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་དམ་ལ་བཞག་པའི་དམ་ཚིག་གི་གནས་ལ་སྲུང་སྡོམ་གྱི་བསམ་པ་དྲག་པོ་བསྐྱེད་དེ་དམ་ཚིག་ཁས་ལེན་འདིའི་རྗེས་ཟློས་ལན་གསུམ་མཛོད༔ བླ་མ་ཐུགས་རྗེ་ཆེན་པོའི་དྲུང༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ བསྐལ་པ་ཞིག་ཀྱང་གཏོང་རེ་ཀན༔ ཞེས་བརྗོད། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་རྣམས་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས། གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་
དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར། དེའི་ཐུགས་ཀར་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་ཟླའི་གདན་ལ་སྤྱན་རས་གཟིགས་དམར་པོ་ཕྱག་གཉིས་མཉམ་གཞག་གིས་ཚེ་བུམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དེའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་གུག་དང་ཐོད་པ་བདུད་རྩིས་བཀང་བ་བསྣམས་པས་འཁྲིལ་པ། གཡས་སུ་སྲས་པོ་ནོར་བུ་འཛིན་པ་དཀར་པོ་ནོར་བུ་དང་པདྨའི་ཕྲེང་བ་འཛིན་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་སྔོ་ལྗང་ཨུཏྤལ་དང་པདྨའི་ཕྲེང་བ་འཛིན་པ། དེའི་ཕྱིར་པདྨ་འདབ་བཞི་ལ་རིགས་བཞི་ཡབ་ཡུམ། དེའི་ཕྱིར་པདྨ་འདབ་བརྒྱད་ལ་སེམས་དཔའ་ཡབ་ཡུམ་བརྒྱད། སྒོ་བཞི་ལ་སྒོ་བ་ཡབ་ཡུམ་བརྒྱད་རྣམས་བཞུགས་པ། སྤྱི་བོར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླ་རོའི་གདན་ལ་ཁྲོ་བོ་རྟ་མགྲིན་དམར་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ་ལ། ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་བསྣམས་པས་འཁྲིལ་བ། དེའི་ཕྱིར་འཁོར་ལོ་རྩིབས་
བཞི་ལ་རྟ་མགྲིན་རིགས་བཞི། དེའི་ཕྱིར་འཁོར་ལོ་རྩིབས་ཉེར་བཞི་པ་ལ་དབང་ཕྱུག་ཉེར་བཞི་དང་། སྒོ་བཞིར་རེ་རེ་སྟེ་ཉེར་བརྒྱད། སྤྱི་མགྲིན་སྙིང་ལྟེ་གསང་གནས་རྐང་མཐིལ་དྲུག་ཏུ་ཐུབ་པ་དྲུག །ཡན་ལག་བཞི་ལ་མཁའ་འགྲོ་ཡབ་ཡུམ། རྩ་དང་ཐིག་ལེའི་འོད་ཀློང་དུ་དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ་དང་། བ་སྤུའི་བུ་ག་རྣམས་སུ་བསྐལ་བཟང་གི་སངས་རྒྱས་སྟོང་སྤྲུལ་སྐུའི་རྣམ་པར་བཞུགས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་དང་བདག་མདུན་གྱི་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་གནས་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་དཀྱིལ་འཁོར་པ་དང་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་གི་ཚོགས་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ཏེ། ཁྱེད་རང་གི་སྤྱི་བོའི་གཙུག །དབང་པོའི་སྒོ །བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པར་བྱས་
པའི་མོས་པ་མཛོད་ཅིག །སྤོས་རོལ་དབྱངས་དང་བཅས་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བཏང་། འབེབ་སྔགས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ མང་དུ་བཟླས། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །གཉིས་པ་དབང་ནི། དེ་རྣམས་ཀྱིས་དབང་གི་གཞི་དགོད་པ་སོང་ནས། དབང་དངོས་བསྐུར་བ་ལ་དམིགས་པ་རྣམས་རིམ་པ་བཞིན་གསལ་འདེབས་པར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་དབང་བསྐུར་བའི་དགོངས་པ་གཏོད་ཅིང་ཕྲིན་ལས་ལ་འཇུག་པར་གྱུར། འདིར་སྤྲོ་ན་ཐུན་མོང་རིག་པའི་དབང་ལྔ་སྤྱི་ལྟར་བསྐུར་བར་བཤད། དེའང་དབང་བསྐུར་དངོས་ལ་སྤྲོས་བཅས། སྤྲོས་མེད། རབ་ཏུ་སྤྲོས་མེད། ཤིན་ཏུ་སྤྲོས་མེད། རིག་པ་རྩལ་གྱི་དབང་། ལྷུན་གྲུབ་
ཐོད་རྒལ་གྱི་དབང་། བྱིན་རླབས་གཏོར་མའི་དབང་། བཀའ་གཏད་གཞན་དོན་གྱི་དབང་དང་བརྒྱད་ལས། དང་པོ་སྤྲོས་བཅས་སྐུ་དབང་ལུས་ལ་བསྐུར་བ་ལའང་སྐུ་གསུང་ཐུགས་དབང་གསུམ་ལས། དང་པོའི་སླད་དུ་སློབ་དཔོན་དང་དབང་ལྷ་ལྷན་ཅིག་པས་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཇི་སྲིད་དངོས་པོར་འཛིན་བྱ་རྣམས༔ ཆུ་ཟླ་དར་གྱིས་འཚག་པ་འདྲ༔ འབྱུང་བ་དངོས་མེད་ཡུལ་འཛིན་བྲལ༔ སྣོད་བཅུད་ཨ་འཐས་དག་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བུམ་ཆུ་སྦྱིན་ཅིང་འཐོར། དེ་ནས་སྣོད་བཅུད་ཐ་མལ་གྱི་དངོས་འཛིན་སྟོང་སྟེ་ཡེ་ཡིན་གཞལ་ཡས་ཁང་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །ཁྱེད་རང་ཐུགས་རྗེ་ཆེན་པོར་ཀྲོང་གིས་གྱུར་པ་ལ་མདུན་གྱི་ལྷ་ཚོགས་རྣམས་ལས་གཉིས་པ་རེ་མཆེད་དེ་སྤྱི་བོ་ནས་ཐིམ་པས། དཀྱིལ་འཁོར་ལྷའི་སྐུའི་བྱིན་རླབས་ལུས་ལ་ཞུགས་པའི་མོས་པ་མཛོད། སྐུ་ཙཀ་ཐོགས་ཏེ། ཧྲཱི༔ ཆོས་སྐུ་སྣང་མཐའ་སྙིང་ནང་ན༔ སྟོང་ལ་ངང་དྭངས་ཆེན་པོར་བཞུགས༔ ལོངས་སྐུ་ཐུགས་ཆེན་
མིག་གི་དཀྱིལ༔ གསལ་འཚེར་འཇའ་རིས་ཚོམ་བུར་བཞུགས༔ སྤྲུལ་སྐུ་པད་འབྱུང་ཚོགས་དྲུག་ཡུལ༔ སྣ་ཚོགས་གཅེར་གྲོལ་ཆེན་པོར་བཞུགས༔ མ་བསྐྱེད་ཡེ་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་གནས་གསུམ་དུ་བཞག །ཐོད་པའི་བདུད་རྩི་བྱིན་པས་དཀྱིལ་འཁོར་ལྷའི་གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། ཧྲཱི༔ ཐོད་པ་སྟོང་ཉིད་ཆོས་ཀྱི་དབྱིངས༔ བུ་རམ་བདེ་གསལ་ཉམས་མྱོང་ངོ༔ ཆང་ནི་འཁོར་འདས་དབྱེར་མེད་དེ༔ སྨྲ་མེད་གྲགས་སྟོང་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བདུད་རྩི་སྦྱིན། དེ་ནས་མར་མེ་བསྟན་ཅིང་དབུ་རྒྱན་བསྐོན་ནས་ཕྲེང་བ་གཏད་པས་དཀྱིལ་འཁོར་ལྷའི་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པའི་མོས་པ་མཛོད། ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཉིད་ནི༔ ལྟ་བའི་ཞིང་ཁམས་མཐོང་ཡུལ་བྲལ༔ སྒོམ་པའི་ངོ་བོ་གསལ་ཡུལ་བྲལ༔ སྤྱོད་པའི་ངོ་བོ་ཞེན་འཛིན་བྲལ༔ རྟོགས་གྲོལ་སོ་མ་ལྷང་ངེ་བ༔ ཡབ་ཡུམ་སྣང་སྟོང་དབྱེར་མེད་དོན༔ སྐལ་ལྡན་ཁྱོད་ཀྱིས་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྒྱ་རྩ་བརྗོད་པར་གསུངས། དེ་ནས་ངེད་ཀྱིས་ཨ་ཞེས་བརྗོད་པ་དང་དམིགས་མེད་དུ་ལྷང་ངེར་བཞག་མཛོད༔
ཨ༔ ཞེས་མཉམ་པར་འཇོག་ཏུ་བཅུག་གོ །གཉིས་པ་སྤྲོས་མེད་སྔགས་དབང་ངག་ལ་བསྐུར་བ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་ཡིག་བདུན་གྱི་ཡིག་འབྲུ་རེ་རེ་བཞིན་བྱུང་སྟེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། མ་ཎི་བཟླ་བཞིན་དུ་ཐོད་ཆང་བླུད། དེ་ནས་ཨོཾ་སོགས་རིམ་པར་ཐོགས་ལ། ཨོཾ་ནི་ཡེ་ཤེས་ལྔ་ཡིན་ཏེ༔ ཞེ་སྡང་རང་གྲོལ་མེ་ལོང་སྐུ༔ ང་རྒྱལ་རང་གྲོལ་མཉམ་ཉིད་སྐུ༔ འདོད་ཆགས་རང་གྲོལ་སོར་རྟོག་སྐུ༔ ཕྲག་དོག་རང་གྲོལ་བྱ་གྲུབ་སྐུ༔ གཏི་མུག་རང་གྲོལ་ཆོས་དབྱིངས་སྐུ༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ནི་སྤྲོས་པ་ཀུན་བྲལ་ཏེ༔ ཚོགས་བརྒྱད་རང་གྲོལ་སེམས་དཔའི་སྐུ༔ སྣ་ཚོགས་ཤར་ཡང་དབྱིངས་སུ་གཅིག༔ དོན་ལ་ཡོད་མེད་མཐའ་ལས་འདས༔ སྐྱེ་མེད་ཡུམ་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཎི་ནི་རྟོག་པ་གཞི་ཐོག་ལོག༔ ལྟ་བ་སྤྲོས་པ་བྲལ་བ་ལ༔ སྒོམ་པ་ཐུན་བཟུང་མེད་པ་ཡིས༔ སྤྱོད་པ་འཛིན་མེད་སྣང་སྟོང་ཀློང༔ འབྲས་བུ་ཐོབ་རྒྱུ་བྲལ་བ་སྟེ༔ བློ་འདས་བྱར་མེད་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པད་ནི་ཉོན་མོངས་དྲི་མ་བྲལ༔ གསལ་བའི་མདངས་ལ་འོད་ཀྱི་དལ༔ ཟེར་གྱི་ཚོམ་བུ་ངང་གིས་སྟོང༔
དྲི་མེད་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མེ་ནི་འཁོར་བའི་ཞེན་འཛིན་བསྲེགས༔ བློས་བྱས་འདོད་པས་འཆིང་ཡུལ་ཚིག༔ ངང་གིས་རང་གསལ་ལྷ་ཚོགས་ཤར༔ གཞོན་ནུ་བུམ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧཱུྃ་ནི་དུག་ལྔ་རྩད་ནས་གཅོད༔ རྒྱུད་དྲུག་འཁོར་བའི་གནས་ནས་འདྲེན༔ སྐྱེ་མེད་ངང་ལས་འགག་མེད་ཤར༔ བློ་ཟད་ཞེན་བྲལ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿནི་སྐུ་གསུམ་ངང་གིས་རྫོགས༔ སྟོང་པས་གཟུགས་མེད་ཆོས་སྐུར་གྲོལ༔ གསལ་བས་གཟུགས་ཁམས་ལོངས་སྐུར་གྲོལ༔ མ་འགགས་འདོད་ཁམས་སྤྲུལ་སྐུར་གྲོལ༔ རིག་པ་གཅེར་བུའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་སྤྱི་བོར་བཞག་གོ །གསུམ་པ་རབ་ཏུ་སྤྲོས་མེད་ཐུགས་དབང་སེམས་ལ་བསྐུར་བ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་འོད་ཟེར་དང་ཕྱག་མཚན་གྱི་ཚོགས་འཕྲོས་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་དང་ཚིག་དོན་ལའང་སོམས་མཛོད། མེ་ལོང་ལ་ཡིག་བདུན་མཚལ་གྱིས་བྲིས་པ་ཐོགས་ཏེ། ཧོ༔ ཀུན་གཞི་སྐྱེ་མེད་མེ་ལོང་གཡའ་དག་འདྲ༔ འཁོར་འདས་མ་གྲུབ་གསལ་སྟོང་གཟུགས་བརྙན་ནི༔
རྣམ་པ་གསལ་ཡང་གཟུགས་བརྙན་ངོ་བོས་སྟོང༔ ཤར་ཡང་མ་གྲུབ་བདེན་མེད་ཀུན་སྣང་བ༔ ཡེ་གྲོལ་གཅེར་གྲོལ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་མེ་ལོང་སྙིང་གར་བཞག །བཞི་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཚིག་གིས་ངོ་སྤྲོད་དུ་གདབ་པ་ནི་འདི་ལ་གསན་འཚལ། མེ་ལོང་ལ་ཤེལ་རྡོ་བཙུགས་པ་ཐོགས་ཏེ། ཧྲཱི༔ དྲི་མེད་གསལ་དག་གཞི་ཡི་ཀློང༔ སེམས་ཅན་ཀུན་གྱི་ཙིཏྟར་གནས༔ འགྱུ་རྟོག་དྲན་པ་རང་སངས་དེ༔ སེམས་ཅན་ཀུན་གྱི་རྩ་ལ་གནས༔ ཞི་གནས་ལྷག་མཐོང་དབྱེར་མེད་པ༔ རྟོག་པ་གཉིས་ཀྱི་བར་ན་གནས༔ སྐུ་གསུམ་འཛིན་བྲལ་རིག་སྐུ་དེ༔ བར་སྣང་དག་པའི་དབྱིངས་ན་གནས༔ ངང་དེར་གནས་ཤིང་ངང་དེར་གྲོལ༔ ཆོས་ཟད་འཛིན་བྲལ་རྟོགས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཤེལ་རྡོ་སྤྱི་བོར་བཞག །ལྔ་པ་རིག་པ་རྩལ་གྱི་དབང་མཆོག་བསྐུར་བ་ནི། སློབ་མས་སྟོད་གོས་ཕུད་དེ་གནས་པ་ལ་ལྟ་སྒོམ་སྤྱོད་པའི་གདིང་སྐྱེད་པར་བྱེད་པ་ཡིན་པས་ཚིག་འདི་ལ་མ་ཡེངས་པར་གསན་འཚལ། ཧོ༔ གཉིས་འཛིན་རྟོག་པ་གཞི་མེད་ལ༔ ཨ་འཐས་ཞེན་པ་ཚི་རེ་ཆད༔ རྟག་ཆད་བྲལ་བའི་རིག་སྐུ་ལ༔ ཡོད་མེད་སེམས་པ་ཐང་རེ་
ཆད༔ ཡེ་གྲོལ་རང་རིག་སྐུ་གསུམ་ལ༔ བསྐྱར་ནས་སྒོམ་པ་ཚི་རེ་ཆད༔ སེམས་རིག་རྣམ་རྟོག་མཚན་མ་རྣམས༔ བྱུང་གནས་འགྲོ་གསུམ་འདུག་གམ་ལྟོས༔ བྱུང་ངོ་སྙམ་པ་བདག་རྟོག་ཡིན༔ གནས་སོ་སྙམ་པ་དེར་རྟོག་ཡིན༔ འགྲོ་འོ་སྙམ་པ་རང་མདངས་ཡིན༔ ཆུ་ཡི་ཆུ་བུར་ཇི་བཞིན་དུ༔ ཤར་གྲོལ་ཡན་པ་བྱུང་རྒྱལ་སྐྱོངས༔ ཞེས་བརྗོད་མཐར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་སྣ་ཚོགས་པ་བྱ་བར་གསུངས་སོ། །དྲུག་པ་ལྷུན་གྲུབ་ཐོད་རྒལ་གྱི་དབང་བསྐུར་བ་ལ་སློབ་མ་རྣམས་སེང་གེ་དང་གླང་ཆེན་དྲང་སྲོང་ཙོག་པུ་སྟེ་འདུག་སྟངས་གསུམ་དང་། སྟེང་དང་ཐད་ཀ་དང་ཅུང་ཟད་ཐུར་དུ་གཟིགས་པ་སྟེ། གཟིགས་སྟངས་རྣམས་ཚིགས་བཅད་གསུམ་དང་མཉམ་དུ་འཕོ་ཞིང་ནམ་མཁར་ཟིམ་བུས་བལྟ་བ་དང་མ་ཡེངས་པར་གསན་འཚལ། ཨ༔ ལུས་ནི་ཆོས་བདུན་ངང་དེར་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ ཆོས་ཀྱི་སྐུ་ཡང་དབྱིངས་སུ་ཐིམ༔ ཨ༔ ལུས་ནི་ཅེར་ཉལ་ཟིལ་བུར་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ ལོངས་སྤྱོད་སྐུ་ཡང་
དབྱིངས་སུ་ཐིམ༔ ཨ༔ ལུས་ནི་ཙོག་པུའི་ངང་དུ་འདུག༔ ངག་ནི་ལྐུགས་པ་བརྗོད་མེད་ངང༔ རིག་པ་སྤྲོས་མེད་དབྱིངས་སུ་གཏོད༔ འོད་སྐུ་རྣམས་ལ་བློ་མི་འཆོས༔ སྤྲུལ་པའི་སྐུ་ཡང་དབྱིངས་སུ་ཐིམ༔ ཞེས་བརྗོད། བདུན་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། གཞན་ཡང་རྩ་གསུམ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པའམ་ཏིལ་གོང་ཁ་ཕྱེ་བ་ལྟར་བཞུགས་པའི་སྤྱི་མགྲིན་སྙིང་ལྟེའི་གནས་བཞི་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་བདུད་རྩི་དང་བཅས་པ་དཀར་དམར་མཐིང་སེར་ལྗང་བའི་ཁ་དོག་ལྔ་ལྡན་ཤིག་གིས་བྱུང་། ཁྱེད་རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །རྡོ་རྗེ་བཞིའི་བྱིན་རླབས་ཞུགས། སྐུ་བཞི་ཐོབ་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཕྱི་སྣོད་ཐམས་ཅད་བྷནྡྷའི་ཞལ་བུ་ལ༔ ནང་བཅུད་ཐམས་ཅད་གཏོར་མའི་རང་བཞིན་ཏེ༔ སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ཞིང༔ ཆགས་མེད་པདྨའི་གཏོར་གཞོང་དུ༔
ཞེན་པ་མེད་པའི་གཏོར་མ་བཤམས༔ སྤང་བླང་མེད་པའི་ལྷ་ཚོགས་ལ༔ རྫོགས་ལྡན་དབྱིངས་རིག་ངང་དུ་འབུལ༔ ཚོགས་དྲུག་ཡུལ་དག་དབང་ཐོབ་ནས༔ ཐུགས་རྗེ་ཆེ་དང་དབྱེར་མེད་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷ་དབང་ལུས་ལ་བསྐུར་པ་ཡིས༔ ལུས་དག་སྣང་སྟོང་ཐུགས་རྗེ་ཆེ༔ སྔགས་དབང་ངག་ལ་བསྐུར་པ་ཡིས༔ ངག་དག་ཆོས་ཚིག་མ་ཎིའི་དབྱངས༔ ཆོས་དབང་སེམས་ལ་བསྐུར་པ་ཡིས༔ གཟུང་འཛིན་རང་གྲོལ་སྐྱེས་གྲོལ་ཐུགས༔ སེམས་དབང་ཡེ་ཤེས་རིག་པའི་རྩལ༔ ཡེ་ནས་དམིགས་གཏད་མེད་པས་གཏོར༔ མ་འགགས་ཀུན་ལ་ཁྱབ་པས་མ༔ འདོད་ཡོན་ཕུང་ལྔ་རང་གྲོལ་བས༔ ཁམས་དག་ཡེ་ཤེས་བདུད་རྩི་ལྔ༔ གཉིས་མེད་ཐུགས་རྗེ་རྩ་གསུམ་ལྷ༔ རང་ལ་རང་ལོངས་སྤྱོད་པ་སྟེ༔ ལྷུན་གྲུབ་ཆེན་པོར་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི་ཨ་ཧ་ར་ཨ་ཧ་ར་ཧཱུྃ༔ ཨ་ཧ་རི་ནི་ས་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཨ་བྷི་ཥིཉྩ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་བཞག །གཏོར་ཟན་དངོས་གྲུབ་ཏུ་སྦྱིན་པར་བྱའོ། །བརྒྱད་པ་བཀའ་གཏད་གཞན་དོན་གྱི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ།
དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ཀྱེ༔ བླ་མ་ཐུགས་ཆེན་སྤྱན་རས་གཟིགས༔ བདག་ཅག་སྣོད་ལྡན་བུ་མཆོག་ལ༔ དབང་གི་ཆུ་བོ་གང་བྱོ་ཡི༔ གདམས་གཏད་ལུང་རྣམས་རྫོགས་པར་ཞུ༔ དེ་ནས་སློབ་མ་སེང་གེའི་ཁྲི་ལ་བཀོད་ཅིང་མཆོད་པའི་ཚོགས་དུ་མས་མཐའ་བསྐོར་ཏེ་མེ་ཏོག་གི་ཆར་འབེབས་ཤིང་། གླུ་དབྱངས་རོལ་མོ་དུ་མའི་བཀྲ་ཤིས་ཀྱིས་མངའ་གསོལ་ཏེ་ལག་ཏུ་ཤེལ་དཀར་གཏད་ཅིང་དབུ་སྟེང་དུ་གདུགས་བཟང་པོ་བསྐོར་བའི་མོས་པ་མཛོད། ཤེལ་དང་གདུགས་ཐོགས་ཏེ། ཧོ༔ ལྟ་བ་ཕྱོགས་ལྷུང་བྲལ་བ་ནི༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔ བལྟ་བྱ་ལྟ་བྱེད་གཉིས་ལས་འདས༔ བློ་འདས་ཆེན་པོ་སྣང་མཐའ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་ནས༔ ཆོས་སྐུའི་བསྟན་པ་ཁྱེད་ལ་གཏད༔ རིགས་ཀྱི་བུས་ལྟ་བ་ཕྱོགས་ལྷུང་དང་བྲལ་བའི་དབང་མཆོག་ཐོབ་སྟེ་ཆོས་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ ཅེས་ལག་ཏུ་གཏད། དབུ་རྒྱན་བསྐོན་རྡོར་དྲིལ་ལག་ཏུ་གཏད་དེ། ཧོ༔ སྒོམ་པ་རང་གསལ་ཡེངས་མེད་འདི༔ འཁོར་འདས་ཀུན་གྱི་ཁོང་སྲོག་ཡིན༔ བསྒོམ་བྱ་སྒོམ་བྱེད་གཉིས་ལས་
འདས༔ ཡེ་གྲོལ་རང་གསལ་ཐུགས་རྗེ་ཆེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལོངས་སྐུའི་བསྟན་པ་ཁྱོད་ལ་གཏད༔ རིགས་ཀྱི་བུས་སྒོམ་པ་རྩོལ་བྱས་དང་བྲལ་བའི་དབང་མཆོག་ཐོབ་སྟེ་ལོངས་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ གླེགས་བམ་མེ་ལོང་ཡིག་དྲུག་རྣམས་ལག་ཏུ་གཏད་ལ། ཧོ༔ སྤྱོད་པ་སྤང་བླང་རང་གྲོལ་བ༔ འཁོར་འདས་ཀུན་གྱི་རང་བཞིན་ཡིན༔ སྤྱད་བྱ་སྤྱོད་བྱེད་གཉིས་ལས་འདས༔ ཡེ་གྲོལ་རང་གསལ་བླ་མ་ཉིད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲུལ་སྐུའི་བསྟན་པ་ཁྱེད་ལ་གཏད༔ རིགས་ཀྱི་བུས་སྤྱོད་པ་སྤང་བླང་དང་བྲལ་བའི་དབང་མཆོག་ཐོབ་སྟེ་སྤྲུལ་སྐུའི་བསྟན་པ་གསུམ་གྱིས་སེམས་ཅན་གྱི་དོན་གྱིས་ཤིག༔ ཅེས་མེ་ཏོག་གཏོར་རོལ་མོ་སྦིར། དེ་ནས་བླ་མའི་ཐུགས་ཀ་ནས་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་པ་ཞིག་སློབ་མའི་སྙིང་གར་འཕྲོས་པའི་མོས་པ་མཛོད༔ གླེགས་བམ་ཐོགས་ཏེ། ཧོ༔ འཁོར་འདས་ཆོས་རྣམས་གཞི་རྩ་བྲལ༔ མེད་བཞིན་སྣང་བ་ཀུན་གྱི་ལམ༔ རིག་ པ་སྐྱེ་མེད་བརྡལ་བ་འདི༔ རེ་དོགས ་བྲལ་བ་ཨ་ལ་ལ༔ འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ༔ ཀུན་གྱིས་མཆོད་འོས་མོས་རྟེན་དུ༔ དེ་རིང་ཉིད་དུ་གྱུར་པ་འོ༔ ཞེས་ལག་ཏུ་གཏད།
འོ་བུ་ཁྱོད་ཀྱིས་དུས་འདི་ནས་ལྟ་སྤྱོད་གཞན་དང་མ་བསྲེ་བར་རང་ཚུགས་ཟིན་པར་གྱིས་ཤིག༔ མེ་ལོང་དང་ཡིག་བདུན་བཅང་ཞིང་མ་ཎིའི་བྲོ་ར་ཆོས་ཤིག༔ འགྲོ་བ་ཀུན་ལ་དབང་ཆོས་ཀྱི་ཆར་ཕོབ་ཅིག༔ ལམ་འཕྲང་ཡིག་བདུན་ཚུགས་ཤིག༔ གཟུངས་རྒྱུན་ནར་མར་ཆོས་ཤིག༔ ཚེས་བཅུའི་མཆོད་པ་རྒྱུན་མ་བཅད་ཅིག༔ བླ་མ་ལ་མོས་གུས་སྐྱེད་ཅིག༔ རང་ཉིད་ཏིང་ངེ་འཛིན་ལས་མ་གཡོས་ཤིག༔ དྲེད་པོ་ཁ་གསག་མཁན་ལ་ཡིག་ཆ་མི་བསྟན་ཞིང་རང་གི་བརྒྱུད་པ་ཟིན་ངེས་པ་ལ་གདམས་པ་རྫོགས་པར་སྟོན་ཅིག༔ ལྟ་བ་ནམ་མཁའི་མདུང་བསྐོར་ཡིན་ཡང་སྤྱོད་པ་ཆོས་མིན་མ་འཆོལ་ཅིག༔ སྤྱོད་པ་རྒྱུ་འབྲས་ལ་ཞིབ་ཀྱང་ཀ་དག་གི་དོན་ལ་སྐྱོལ་ཅིག༔ བསྒོམ་བྱའི་རྩོལ་བ་ཞིག་ཀྱང་བསྙེན་སྒྲུབ་ཁ་གསོས་ཤིག༔ ཡེ་གྲོལ་སྣང་སེམས་ཀྱི་བར་ལག་འགྱེལ་ཀྱང་མ་ཡེངས་དྲན་པའི་བྱ་ར་བསྟེན་ཅིག༔ གང་བབ་གཤིས་ཀྱི་འདུག་ཚུལ་ཡིན་ཡང་མི་འདའ་བ་གསུམ་གྱིས་གཞི་སྣང་ལ་ཟློས་ཤིག༔ བླ་མ་དང་ཐུགས་ཡིད་འདྲེས་ཀྱང་གདུང་ཤུགས་མོས་གུས་ཀྱིས་གསོལ་བ་ཐོབ་ཅིག༔ རི་ཀླུང་ལ་དབྱེ་བ་མེད་ཀྱང་ཐབས་ཤེས་ཀྱིས་ས་ཡང་དབེན་གནས་དང་རི་ཁྲོད་འགྲིམ་པར་བྱོས་ཤིག༔ ཅེས་གདམས།
ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པར་གྱུར་པ་ལ༔ བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གིས་ཤིས་པ་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག༔ ཅེས་བྱས་ལ་ཞལ་ནས་གསུངས་པས་ཐོག་དྲངས་ཏེ་ཤིས་བརྗོད་རྒྱས་པར་སྤེལ། གསུམ་པ་དབང་གི་རྗེས་ནི། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་དང་། དཀྱིལ་འཁོར་རྗེས་རིམ་ཚོགས་ལ་རོལ་ཅིང་ལྷག་མ་གཏང་བ་ནས་ཤིས་པ་བརྗོད་པའི་བར་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཐུགས་རྗེའི་འོད་ཀྱིས་སྒྲིབ་གཉིས་མུན་ཁང་བརྟོལ། །རང་བྱུང་སྤྱན་རས་དྲི་མེད་གཟིགས་པ་ཡིས། །ཉམ་ཐག་འགྲོ་རྣམས་དབུགས་ཆེན་འབྱིན་པ་ཡི། །ཕྲིན་ལས་མུ་ཁྱུད་མཁའ་དང་མཉམ་པར་ཤོག །འདིའི་གཏེར་གཞུང་ཉིད་རྒྱུད་ཀྱི་ལུང་སྦྱོར་སོགས་རྒྱས་དྲགས་པས་དབང་ཆོག་གི་དངོས་དོན་མ་ཚང་བ་མེད་པར་བསྡུས་ཏེ་བཀླགས་པས་ཆོག་པའི་ཁྲིགས་སུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།