Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།

1 occurrence of རྟོག་པའི་ཡུལ་བ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ། བློ་གྲོས་མཐའ་ཡས།


1 occurrence of རྟོག་པའི་ཡུལ་བ་
[Clear Hits]

 
previousཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ། བློ་གྲོས་མཐའ་ཡས།no next

ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ། བློ་གྲོས་མཐའ་ཡས།


RTZ024_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ། །


RTZ024_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྵི་ཏི་གརྦྷཱ་ཡ། བྱམས་པའི་གོ་མནབས་འཁོར་བའི་གཡུལ་ངོར་ཞུགས། །སྙིང་སྟོབས་ཟློག་མེད་དཔའ་བོ་གཅིག་པུ་པ། །བཙོ་མ་གསེར་མདོག་འོད་ཀྱི་དྲྭ་བ་ཅན། །གངས་ཅན་མགོན་དུ་སྣ་ཚོགས་འཕྲུལ་ལ་འདུད། །སྲོང་བཙན་ཐུགས་ཀྱི་ཐིག་ལེ་སྟེ། །པདྨའི་གདམས་ཟབ་བདུད་རྩིའི་བཅུད། །གང་སྤྱོད་སྐལ་པ་སྦོམ་པའི་ཕྱིར། །འཇུག་སྒོ་ལག་ཏུ་བླང་བདེར་བཀོད། །ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་དབང་བསྐུར་སྒྲུབ་ཆེན་དང་འབྲེལ་བའི་ལུགས་ནི་དཀྱིལ་ཆོག་ཆེན་མོར་གསལ་བ་ལྟར་ལ། འདིར་དབང་བསྐུར་དཀྱུས་མ་ཙམ་ལག་ཏུ་ལེན་པའི་ཚུལ་བཤད་པ་ལ་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། གཞུང་ལས། ས་དང་དཀྱིལ་འཁོར་སློབ་མ་གསུམ༔ ཞེས་པ་ལྟར་དང་པོ་ས་སྟ་གོན་ནི། གང་དུ་བྱ་བའི་གནས་སུ་དཀར་གཏོར་དང་ཉེར་སྤྱོད་ལྔ་བཤམས་ལ། རང་


RTZ024_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར་གསལ་གཡས་པདྨས་མཚན་པའི་དབྱུག་པ་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་ཞིང་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གྱུར་ཞེས་མོས། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མཆོད་ཕུན་སུམ་ཚོགས་པ་འདོད་པའི་དངོས་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། རང་གི་མདུན་དུ་ས་ལྷ་སེར་མོ་རིན་པོ་ཆེའི་རྒྱན་ཕྲེང་དང་དར་གྱི་ན་བཟའ་གསོལ་བ་ཕྱག་གཉིས་བུམ་པ་དང་དཔང་པོར་ཕྱེ་བའི་ཕྱག་རྒྱ་ཅན། ས་གསེབ་ནས་ལྟེ་བ་ཡན་ཆད་འཐོན་པ་འཁོར་ས་ལྷ་དཔག་ཏུ་མེད་པ་བྱོན་པར་གྱུར་པར་བསམ། བཛྲ་ས་མ་ཡ་ཛཿ སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་དང་། ༒


RTZ024_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། རིན་ཆེན་རྒྱན་ཕྲེང་འཛིན་པ་ཡི། །ལྷ་མོ་འཁོར་བཅས་བདག་ལ་དགོངས། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ལན་གསུམ་བརྗོད་པས་ཅི་བདེར་བྱིན་པར་མོས་ལ་གཏོར་མཆོད་གཤེགས། སྒྲུབ་གནས་རྙིང་པར་འདི་ཙམ་གྱིས་ཆོག །གཞི་མ་དུལ་བ་སོགས་ལ་སྦྱོང་བ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དྲན་པར་བྱས་ལ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར་པར་མོས། བཟུང་བ་ནི། སེང་ལྡེང་སོགས་ཀྱི་ཕུར་པ་སོར་བཞི་པ་ཧྲཱིཿཡིག་དང་མེ་ཏོག་གིས་མཚན་པ་དྲིས་བྱུག་པ་དཀྱིལ་འཁོར་གྱི་གཞིའི་དབུས་སུ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བཟླས་པ་བཏབ། སྲུང་བ་ནི། བདག་ཉིད་རྟ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེའི་ས་གཞི་རྭ་གུར་ཕྱི་རོལ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་དང་བཅས་པའི་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བར་མཚམས་མེད་པར་བཅིངས་པར་གྱུར། ཅེས་བསམ་མོ། །གཉིས་པ་ལ་དཀྱིལ་འཁོར་དང་ཞར་བྱུང་བུམ་པ་སྟ་གོན་གཉིས་ཏེ་དཀྱིལ་འཁོར་གྱི་གཞིར་མཎྜལ་དྲིའི་ཐིག་ལེ་དབུས་སུ་གྲུ་བཞི། དེ་རྒྱབ་དྲུག །དེ་རྒྱབ་ཕྱོགས་བཞིར་བཞི་རྣམས་ཟླུམ་པོ་བྱས་པའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པ་བཀོད། གཡས་སུ་རྣམ་བུམ་མགུལ་ཆིངས་སེར་པོ། གཡོན་དུ་ལས་བུམ་ལྗང་གུ་ཅན་གཉིས་ཀར་བ་དཀར་མོའི་འོ་མ་དང་རྒྱུན་འབབ་ཀྱི་ཆུ། རྫས་སོ་ལྔས་སུམ་གཉིས་བཀང་ཞིང་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཀོད། སྨན་རག་


RTZ024_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མཆོད་སྤྱི་ལྟར་བཤམས་ལ་ཕྲིན་ལས་ཀྱི་གཞུང་ཚང་བར་གཏང་བའམ། མདོར་བསྡུ་ན། མཆོད་པ་བྱིན་རླབས་ནས་དངོས་གཞི་ཏིང་འཛིན་རྣམ་གསུམ་ལ་འཇུག་ཀྱང་རུང། གང་ལྟར་བསྟོད་པ་ཡན་གྲུབ་ནས་བཟླས་པ་ཅི་རིགས་བྱ། དེ་ནས་སྟ་གོན་གྱི་ལྷ་ལ་གནང་བ་ཞུ་བ་ནི། ཐུགས་རྗེ་མཆོག་གི་དཀྱིལ་འཁོར་རྣམས། །ཀུན་ནས་མཆོད་ཅིང་གསོལ་འདེབས་ན། །བདག་དང་སློབ་མར་ཕན་པའི་ཆེད། །བཀྲམ་པའི་དཀྱིལ་འཁོར་སྒྲུབ་འཚལ་ན། །ཅི་བདེ་བར་ནི་སྤྱོད་ལ་དགོངས། །ལན་གསུམ་བརྗོད་ཅིང་ཅི་བདེར་གྱིས་ཤིག་པའི་གནང་བ་ཐོབ་པར་མོས། བཛྲ་ཨུཏྟིཥྛ༔ ལྷ་ཚོགས་ནམ་མཁར་བཏེགས། བུམ་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ཡིག་ཞུ་བ་ལས་རིན་པོ་ཆེ་ལས་གྲུབ་པའི་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་པད་དཀར་འདབ་མ་དྲུག་པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཕགས་མཆོག་ཐུགས་རྗེའི་བདག་པོ། འདབ་མ་དྲུག་ལ་འགྲོ་འདུལ་གྱི་ཐུབ་པ་དྲུག །དེའི་ཕྱི་རོལ་གྱི་ཕྱོགས་བཞིར་པདྨ་དང་ཉི་མ་ལ་ཁྲོ་བོ་ཆེན་པོ་བཞི་དང་བཅས་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ལས་བུམ་གྱི་ནང་དུ་རྣམ་པར་འཇོམས་པ་ལྗང་སྔོན་གཡས་རྡོ་རྗེ་རྒྱ་གྲམ་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་


RTZ024_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་དང་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས། །ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ། །ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ལས་བུམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་དྲངས་ལ། བདག་གི་ཐུགས་ལས་སྔགས་ཀྱི་ཕྲེང་བ་ནི། །བར་མ་ཆད་པར་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་སྲོག་དང་། །སྐུ་ཡི་ཆ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པའི་ཆུ་དང་གཉིས་མེད་རོ་གཅིག་གྱུར། །ཞེས་པའི་དམིགས་པ་དང་རྣམ་རྒྱལ་ལ་ཡིག་བཅུ་དང་། ལས་བུམ་ལ།


RTZ024_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ་དམ། ཡང་ན་རྣམ་འཇོམས་དང་འཁྱིལ་པ་གཉིས་མིང་གི་རྣམ་གྲངས་ཡིན་པས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཟླས་ཀྱང་རུང་ངོ་། །མཐར་དུང་ཞལ་གྱི་མཆོད་ཡོན། ཨོཾ་ཨཱཿཧཱུྃ་གིས་བུམ་པར་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་གྱི་ལྷས་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་བར་དུ་བར་ཆད་བསྲུང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་ཅིང་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ལ་ཡོལ་བས་བསྒྲིབ། རྫས་བཞི་འདུ་བྱས་ལ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། ཕྱག་དང་མེ་ཏོག་བཅས་འཁོད་པ་ལ་སློབ་དཔོན་གྱིས། དེའང་ཞལ་གདམས་རིན་ཆེན་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ཟད་མ་གཏང་གསུང་གི་སྲས༔ བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང༔ ནམ་འཆི་ངེས་མེད་གློག་གི་རྩེ་དགའ་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཚེ་འདིའི་འདུན་མ་གང་ལྟར་བྱས་ཀྱང་སླ༔ དེ་བས་འཇིག་རྟེན་ཕྱི་མ་བཤུལ་ཐག་རིང༔ གཏན་དུ་བདེ་བའི་འདུན་ཤོམ་ད་ལྟ་རན༔ ཕྱི་མའི་འདུན་གྲབ་ཚུད་ཅིག་


RTZ024_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་སྲས༔ ཚེ་འདིའི་ལྟར་སྣང་དགྲ་འདུལ་གཉེན་སྐྱོང་དང༔ འཁོར་གཡོག་ནོར་རྫས་ས་མཁར་སྐྱོང་བྲན་སོགས༔ འཇིག་རྟེན་འཁོར་བའི་བྱ་བས་དོན་མི་འགྲུབ༔ དོན་ལྡན་ཆོས་ལ་སོམས་ཤིག་གསུང་གི་སྲས༔ འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྨི་ལམ་ན་ནོར་བུ་རྙེད་པ་ལྟ་བུ་ཡུད་ཙམ་པ་འདི་ཐོབ་པའི་དུས་སུ། ཟིན་མེད་སྡུག་བསྔལ་གྱི་རང་བཞིན་འཁོར་བ་ལ་ཞེན་པ་ལོག་པའི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་སྙིང་ནས་ཐར་པའི་ལམ་ལ་འཇུག་ཅིང་བརྩོན་པས་བསྒྲུབ་པ་ཁོ་ན་གལ་ཆེ། འཇུག་སྒོ་ཐེག་པའི་རྣམ་གྲངས་ལའང་ཁྱད་པར་ཆེ་བ་ཡིན་ཏེ། ལུས་ཅན་ཐར་པ་གཉེར་བ་ཀུན༔ འཇུག་ཡུལ་གཅིག་ཀྱང་འཇུག་པའི་ལམ༔ མྱུར་དང་བུལ་བའི་ཁྱད་པར་ཆེ༔ འགའ་ཞིག་རྒྱུ་ཡི་ཐེག་ལ་སྤྱོད༔ དེ་ཡང་གྲངས་མེད་གསུམ་གྱིས་སོ༔ ཁ་ཅིག་རྒྱུ་ལམ་འོག་མར་སྤྱོད༔ ཉོན་མོངས་ཆེ་སྤོང་ཡེ་ཤེས་སྒྲུབ༔ སྤང་གཉེན་སོ་སོར་གཉིས་སུ་འཛིན༔ སྐྱེ་བ་བཅུ་དྲུག་ཙམ་ནས་སོ༔ ཚེ་གཅིག་སངས་རྒྱས་སྟོན་པ་པོ༔ ཉོན་མོངས་མི་སྤོང་ལམ་ཁྱེར་བ༔


RTZ024_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་གཉེན་གཉིས་མེད་དབུ་མ་པ༔ མཆོག་གི་ཐེག་པ་འདི་ཉིད་དོ༔ ཞེས་ཚེ་གཅིག་ཏུ་འཚང་རྒྱ་བར་ངེས་པའི་ཐེག་པར་འཇུག་པ་ལ་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ལ་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ བླ་མ་རྡོ་རྗེ་སློབ་དཔོན་བཅས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཡི་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ ཐུགས་རྗེ་ཆེན་པོའི་ས་ཐོབ་ཕྱིར༔ མགོན་པོས་གཞུག་ཅིང་གནང་དུ་གསོལ༔ ཞེས་ལན་གསུམ་ཞུ། སློབ་དཔོན་གྱིས། ཀྱེ་ཧོཿཁྱེད་ཅག་ལས་འཕྲོ་ཅན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ དུས་གསུམ་བྱོན་པའི་སངས་རྒྱས་ཀྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ ཆོ་ག་ཟབ་མོ་འདི་མཁྱེན་པས༔ བྱང་ཆུབ་སྤྱོད་པ་མཉམ་མེད་ཐོབ༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ༔ ཁྱེད་ཅག་བླ་མེད་མཆོག་ཐོབ་ཕྱིར༔ འདི་


RTZ024_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན། མདུན་གྱི་ནམ་མཁར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིད་བཞིན་དྲྭ་བའི་དཀྱིལ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་། དགེ་བ་ལ་ཡི་རངས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་སྙིང་པོར་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། ཕྱི་སོ་སོ་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ། གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདི་རྣམས་ཀྱི་རྗེས་ཟློས། བླ་མ་དཀྱིལ་འཁོར་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་


RTZ024_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མ་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ དཀོན་མཆོག་གསུམ་ནི་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་བཟུང་བར་བྱ༔ སློབ་དཔོན་ཡང་ནི་བཟུང་བར་བྱ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ ཉིན་དང་མཚན་མོ་རྣམ་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནི་རིགས་ལྔའི་དམ་ཚིག་སྟེ༔ དེ་རྣམས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། དམ་ཚིག་སྦྱིན་པ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་གསུམ་ལ་གུས་ཤིང་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་རྣམས་ཀྱི་དམ་ཚིག་


RTZ024_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས༔ ལུས་དང་སྲོག་ལ་བབས་པར་གྱུར་ན་ཡང༔ ཅུང་ཟད་ཙམ་ཡང་དམ་ལས་འདའ་མི་བྱ༔ སྤྲོ་ན་དམ་ཚིག་རྣམ་གཞག་བཤད། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་རང་བཞིན་དུ་གསལ་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ་འབྲུ་གསུམ་བརྗོད། ཉེར་སྤྱོད་ལྔ་བཏེགས་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ་སོགས་ཀྱིས་མཆོད། མཎྜལ་པདྨ་འདབ་བརྒྱད་ཁར་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་དུ་བྱང་ཆུབ་ཀྱི་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་དམར་པོས་བརྒྱན་པ་ལག་ཏུ་བཟུང་ལ། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས་བདག་ལ་བཟང་ངན་གྱི་པྲ་བརྟག་པ་བསྟན་དུ་གསོལ་བསམ་པའི་བློས་འདིའི་རྗེས་ཟློས་བཅས་ཏེ་འདོར་བར་ཞུ། བཛྲ་ཧཱ་ས་ཧ༔ ཞེས་སོ་ཤིང་འདོར་དུ་གཞུག །དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །ལས་བུམ་གྱི་ཆུ་སྦྱིན་ལ། ཁྱོར་ཆུ་ལན་གསུམ་འཐུངས་པས་སྒོ་གསུམ་གྱི་དྲི་མ་དག་པར་མོས་ཤིག །ཡིག་བརྒྱ་བརྗོད། ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པ་འདི་ལ་


RTZ024_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གསན་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨོས་ཅི་དགོས༔ གང་གིས་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པར་འགྲུབ༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྩ་བ་གསུམ་གྱི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཞེས་སྤྲོ་བ་བསྐྱེད། སྲུང་སྐུད་དམར་པོ་མདུད་པ་གསུམ་ལྡན་ལས་སྔགས་ཀྱིས་བཏབ་པ་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་ཏེ། རྡོ་རྗེའི་མདུད་པས་ཁམས་འཕོ་བ་སོགས་སྒོ་གསུམ་ལ་བར་ཆད་ཐམས་ཅད་སྲུང་བར་མོས་ཤིག །ལས་སྔགས་མཐར། རཀྵ་རཀྵ་ཀུ་རུ་ཧཱུྃ༔ ཞེས་བརྗོད་ལ་མདུད་པའི་སྟེང་དུ་ལས་ཆུ་དང་རྡོ་རྗེའི་རྒྱས་གདབ་ལ། ཨོཾ་བཛྲ་རཀྵ་ཧཱུྃ༔ ཀུ་ཤའི་ཆུན་པོ་ཆེ་ཆུང་ལག་གཡས་གཡོན་དུ་གཏད་ལ། དྷཱིཿདང་ཧཱུྃ་ལས་སྐྱེས་ཤིང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཀུ་ཤའི་ཕོན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །དྷཱིཿཧཱུྃ་དང་འབྲུ་གསུམ་བརྗོད། དོ་ནུབ་ཀུ་ཤའི་


RTZ024_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་ལ་བླ་མ་དང་དཀྱིལ་འཁོར་པ་ལ་མགོ་ཕྱོགས་ཏེ་དད་པའི་སེམས་ཀྱིས་ཉལ་བས་ལས་འཕྲོ་དང་མཐུན་པའི་རྨི་ལམ་གྱི་ལྟས་མཐོང་བར་འགྱུར་རོ། །དེས་སྟ་གོན་གྱི་རིམ་པ་གྲུབ་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་བསྔོ་སྨོན་བརྗོད་ལ་གྲོལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་སྒྲུབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་ཚོམ་བུ་གོང་སྨོས་ཀྱི་སྟེང་ཁྲིའུ་ལ་སྟ་གོན་བྱས་པའི་རྣམ་བུམ་བཞག་པའི་ཁར་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏ་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་ཅུ་གང་དང་སིནྡྷུ་རས་བྱུགས་པའི་དབུས་སུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཧྲཱིཿམ་རྩིབས་བཞིར་ར་ཙ་ཧྲི་ཡ། དེ་རྒྱབ་པདྨ་འདབ་བཞི་ལ་ཧ་རི་ནི་ས་རྣམས་མདུན་ནས་བརྩམ་གཡས་སྐོར་དུ་བཀོད། དེ་རྒྱབ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་སྤྱི་ལྟར་བྲིས་པས་བཀབ་ལ་དར་དཀར་དམར་གྱི་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་མེ་ཏོག་ཕྲེང་བ་དང་ལྷ་ཙཀ ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ་དང་མེ་ལོང་རྨ་བྱའི་མདོངས། བྱང་དུ་གཏོར་དབང་ཞིང་བཀོད་མ། བར་མཚམས་སུ་དབང་ཕྲེང་སྔགས་བྱང་། སློབ་དཔོན་དུ་མངའ་གསོལ་བའི་ཆས་སོགས་བཞག །གཏོར་མ་ཞིང་བཀོད་མ་ནི། ཆོས་སྨན་དང་མངར་གསུམ་སྦྱར་བའི་ཟན་ལ་རི་རབ་བང་རིམ་བཞི་པའི་སྟེང་སྟེགས་བུ་གྲུ་བཞི། དེ་སྟེང་ཕོ་བྲང་གྲུ་བཞི་སྒོ་བཞི་ཁ་བད་ཏོག་གིས་སྤྲས་པ་ལ་སྐུ་དང་ས་བོན་ཕྱག་མཚན་གང་རིགས། གཡས་གཡོན་དུ་ཉི་ཟླ། འཇའ་སྐོར་ལྔ་ལྡན་ལ་དར་མཐིང་སྔོན་གྱི་གདུགས་ཕུབ་པའོ། །དེའི་མཐའ་སྐོར་གྱི་ཤར་དུ་སྨན་རཀ་གཏོར་གསུམ། ནུབ་ཏུ་གཏེར་སྲུང་གི་གཏོར་མ། མཐའ་སྐོར་དུ་མཚམས་འཛིན་ཉེར་སྤྱོད་ལྔ་སོགས་ཀྱིས་བསྐོར་ཞིང་ཚོགས་ཀྱི་མཆོད་པ། སྔོན་


RTZ024_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆད་བརྟན་གྱི་གཏོར་མ་སོགས་ཀྱང་འདུ་བྱའོ། །དེ་ནས་ཕྲིན་ལས་ཀྱི་གཞུང་གི་བགེགས་གཏོར་བཏང་ཞིང་བཀའ་བསྒོ་བ་ནས་མཐར་ཆགས་སུ་བཏང་སྟེ། བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་དག་པ་རབ་འབྱམས་སུ་གསལ་བཏབ་ལ་སྤྱན་འདྲེན་སྐབས་སྔར་བཏེགས་པའི་སྟ་གོན་གྱི་ལྷ་ཡང་བཀུག་སྟེ་བསྟིམ། ཛཔ྄་ཀྱི་སྐབས་ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་འགྲུབ་དང་། སྤྲོ་ན་བུམ་དཀྱིལ་སྐད་ཅིག་གིས་གསལ་བཏབ་ཅིང་སྤྲོ་བསྡུ་བཅས་བུམ་བཟླས་དང་འོད་ཞུ་བྱ། ཐོད་པའི་བདུད་རྩི་དང་མེ་ལོང་གི་དཀྱིལ་འཁོར་ཐུགས་རྗེ་ཆེན་པོ་རིགས་ལྔ་ཡབ་ཡུམ་བདེ་སྦྱོར་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས་པ་ཐོད་པའི་བདུད་རྩིར་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿར་ཙ་ཧྲི་ཡ་ཧྲཱིཿམ་ཧ་རི་ནི་ས་གྷ་ན་གུ་ཡ་བོ་དྷི་ཙིཏྟ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཞེས་བདུད་རྩི་སྒྲུབ་པའི་སྔགས་ཅི་རིགས་བཟླས་ལ་མཐར་སྟོང་ཚིགས་མཆོད་བསྟོད་ཀྱང་བྱ། དེ་ནས་ཚོགས་མཆོད་འབུལ། ཐུགས་དམ་བསྐུལ། གཏེར་སྲུང་གཏོར་འབུལ། ཆད་བརྟན་གྱི་བར་དུ་བཏང་ལ་སྤྲོ་ན་བདག་འཇུག་རྒྱས་པར་བླང་། བསྡུ་ན་ལས་བྱང་གི་སྔོན་འགྲོའི་སྐབས་ལྟར་ཏིང་ངེ་འཛིན་གྱི་དབང་ལེན་ཅིང་དབང་དུས་སུ་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་ལ་མཉམ་པར་འཇོག་གོ །གཉིས་པ་དབང་བསྐུར་བ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་གཏང་ཞིང་བཀའ་བསྒོ་བརྗོད་ལ་དྲག་སྔགས་གུལ་ཡུངས་རོལ་མོའི་ཚམ་རྔམ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་ཁྱད་པར། དེའང་སློབ་དཔོན་སངས་རྒྱས་


RTZ024_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ཞལ་ནས། དུས་གསུམ་སངས་རྒྱས་ཐུགས་རྗེ་གཅིག་བསྡུས་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ༔ ཕྱོགས་དུས་རྒྱལ་བ་གཞན་ལས་ཐུགས་རྗེ་མྱུར༔ ལྷག་པར་བོད་ཡུལ་འགྲོ་བའི་ལྷ་སྐལ་ཡིན༔ དེ་ཕྱིར་བདག་འདྲ་པདྨ་ཐོད་ཕྲེང་གིས༔ རྒྱ་བོད་ཀུན་ཏུ་ལྷ་མཆོག་འདི་ཉིད་ཀྱི༔ སྒྲུབ་ཐབས་མ་བུ་ཆ་ལག་ཚང་བ་ནི༔ རྒྱས་བསྡུས་མང་ཞིག་སྔ་ཕྱིར་བསྟན་ཅིང་སྦས༔ ཀུན་གྱི་བཅུད་ཐིག་ཡིད་བཞིན་འོད་མཆོག་འདི༔ ལྷ་སྲས་རྗེ་འབངས་རྣམས་ལ་བརྩེ་བས་བཤད༔ ཅེས་གསུངས་པ་ལྟར་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཀྱི་སྨིན་གྲོལ་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་མཐའ་ཡས་པ་དུས་གསུམ་དུ་བྱོན་ཅིང་འབྱོན་ལ་འབྱོན་པར་འགྱུར་བ་རྣམས་ཀྱི་ནང་ནས་ཡང་སྙིང་བཅུད་ཀྱི་ཐིགས་པར་གྱུར་པ། ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུ་འདི་ཉིད། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཁར་བོད་ཡུལ་སའི་ལྟེ་བ་ར་ས་འཕྲུལ་སྣང་གི་གཙང་ཁང་བྱང་མ་རང་བྱུང་ཐུགས་རྗེ་ཆེན་པོའི་མདུན་དུ། འཕགས་པ་ཡིད་བཞིན་དྲྭ་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་རྒྱལ་སྲས་ལྷ་རྗེ། བཻ་རོ་ཙ་ན། ནམ་མཁའི་སྙིང་པོ། སངས་རྒྱས་ཡེ་ཤེས། ཨ་ཙར་ས་ལེ། ཇོ་མོ་མཚོ་རྒྱལ་སོགས་ལ་སྨིན་གྲོལ་གདམས་པ་མ་བུ་ཆ་ལག་དང་བཅས་པ་གནང་ཞིང་རྒྱལ་སྲས་མཆོག་


RTZ024_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱལ་པོ་ལ་བཀའ་གཏད། མ་འོངས་དྲག་སྤྱོད་ཐ་མའི་དོན་བྱེད་པར་ལུང་བསྟན་པ་ལྟར་མཁའ་འགྲོ་ཆེན་མོས་སྲིན་ཤོག་ལ་བརྡའི་ཡི་གེར་བཏབ་སྟེ་ཕྱི་ནང་གི་སྒྲུབ་སྐོར་ཡན་ལག་ཚང་བ། དམ་རྫས་མྱང་གྲོལ། སྐྱེ་བདུན་དུང་རྣ་ཅན་གྱི་གདུང་རིན་པོ་ཆེའི་རིགས། མཁའ་འགྲོའི་བླ་རྡོ་རྣམས་ཀོང་བུ་ཆུ་ལྷ་ཁང་། གསང་སྒྲུབ་ཚེ་ཆུ་རིལ་བུར་བཅས་པ་སྦས་ཡུལ་པདྨ་འབུམ་གླིང་གི་བདེ་མཆོག་རཱ་ག་རཀྵའི་ཕུག་པ། བཀའ་སྲུང་ཚོགས་བདག་སྒྲུབ་ཐབས་བླ་རྡོ་སྲོག་འཁོར་བཅས་པ་ཚངས་པ་རླུང་གནོན་གྱི་ལྷ་ཁང་དུ་སྦས་ཤིང་ཕྱི་ནང་གསང་བའི་བཀའ་སྲུང་རྣམས་ལ་གཉེར་དུ་གཏད་པ། སུམ་ཅུ་ཁ་རལ་གྱི་དུས་རྟགས་མངོན་དུ་གྱུར་པའི་ཚེ་རྒྱལ་སྲས་ལྷ་རྗེའི་སྐུ་སྤྲུལ། གུ་རུ་རིན་པོ་ཆེའི་གསུང་ལས་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས། ཀོང་པོ་མཆིམས་ཡུལ་བུ་ཆུ་གཏེར་གྱི་ལྷ་ཁང་གི་རང་བྱུང་ཐུགས་རྗེ་ཆེན་པོའི་སྐུ་དྲུང་སོགས་གནས་སོ་སོ་ནས་སྤྱན་དྲངས་ཏེ་འགྲོ་དོན་དར་རྒྱས་སུ་མཛད་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་སྤྱན་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་ཕྲེང་བ་སྦྱིན། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་


RTZ024_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཐུགས་རྗེ་རོལ་པ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པར་སྤྲོ་ལ་དངོས་གྲུབ་རྣམ་གཉིས་འཚལ༔ དེ་ཕྱིར་བརྩེ་བས་དགོངས་ཏེ་དཀྱིལ་འཁོར་ཆེར༔ གཞུག་ཅིང་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཀྲི་ཡ་ཨུ་བྷ་ཡོ་ག་དང༔ མ་ཧཱ་ཨ་ནུ་ཨ་ཏི་ཡི༔ ས་མ་ཡ་ལ་བསླབ་པར་བྱ༔ དབང་གི་སྲོག་དམ་ཚིག་ལ་གནས་དགོས་པས་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྡོ་རྗེ་ཐེག་པའི་འདུལ་བ་ལ་ལེགས་པར་སློབ་སྙམ་པས་འདིའི་རྗེས་ཟློས། ཐུགས་རྗེ་མཆོག་གི་དཀྱིལ་འཁོར་དུ༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་གསུམ་བསླབ་བྱ་དང༔ རིག་སྔགས་འཆང་བའི་སྡོམ་པ་རྣམས༔ མ་ལུས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། དཔང་པོའི་ཚུལ་དུ་དམ་ཚིག་རྡོ་རྗེའི་ཆུ་ནན་བྱིན་པར་མོས་ཤིག །ནང་མཆོད་སྦྱིན་ལ། བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ༔ རྡོ་རྗེ་མགོར་བཞག་ལ། སློབ་དཔོན་བརྙས་པར་མི་བྱ་སྟེ༔ འདི་ནི་སངས་རྒྱས་ཀུན་དང་མཉམ༔ ཞེས་བརྗོད་ལ་དྲིལ་བུ་དཀྲོལ། ལས་ཀྱི་རྡོ་རྗེས་ཁྲིད་དེ་ཡོལ་བའི་ནང་དུ་ཞུགས་པར་མོས། ཛཿཧཱུྃ་བཾ་ཧོ༔ ཞེས་ཡོལ་བ་བསལ། བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ གཞལ་ཡས་ཁང་གི་སྒོ་བཞི་ཕྱེ་བར་གྱུར་པར་མོས་ལ་ཤར་གྱི་སྒོ་ནང་དུ་འཁོད་དེ་དཀྱིལ་འཁོར་གྱི་ལྷ་རྣམས་


RTZ024_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོའི་ཚུལ་དང་ལྡན་པས་ཕྱག་བྱ་བ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ་གིས་ཕྱག་བྱ། ཕྱག་མཚན་ནམ་ཚོམ་བུའི་དཀྱིལ་འཁོར་བཀོད་ལ། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ལས་མ་ཉམས་པའི་མེ་ཏོག་གཅིག་བཏོན་པ་རིན་པོ་ཆེའི་ཕྲེང་བར་མོས་པས་དཀྱིལ་འཁོར་གྱི་གཙོ་བོ་ལ་འབུལ་བའི་བློས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་ཆེན་པོར་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷ་དེ་ལ༔ བབས་ཏེ་རྗེས་སུ་བརྩེ་བས་བདག་ཟུངས་ཤིག༔ པུཥྤེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཞེས་མེ་ཏོག་དོར་གཞུག །དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི༔ འདི་ནི་རབ་ཏུ་བཟུང་བར་མཛོད༔ ཅེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། ཁྱེད་རང་གི་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་ཕྱེ་ལ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མིག་དར་བསལ། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་


RTZ024_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང་སྤྲོ་བ་སྐྱེད་མཛོད། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ཤར་སྒོར་སེང་གེས་བཏེག་པའི་པད་ཟླའི་གདན་ལ་ཁྱེད་རང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ཇི་ལྟ་བའི་སྐུར་གསལ་བར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེའི་ཆ་སྨད་དུ་ཟླ་བ་ལ་ས་བོན་ཧྲཱིཿལ་ཡིག་བཅུའི་སྔགས་ཀྱིས་འཁོར་བ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་པ་རང་འདྲ་བ་དཔག་ཏུ་མེད་པ་བྱོན་ཏེ། ཐུགས་སྲོག་ཡི་གེའི་འཁོར་ལོ་ལ་སིབ་སིབ་ཐིམ་པར་གྱུར་པའི་མོས་འདུན་མཛོད་ཅིག །བདུད་རྩི་ལྔ། ཟླ་མཚན་བྱི་ལའི་བྲུན་སོགས་འབེབ་བྱེད་ཀྱི་རྫས་ཀྱིས་བདུག་ཅིང་། ཡིག་བཅུའི་ཤམ་བུར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླ་ཞིང་། ཌཱ་དྲིལ་སོགས་རོལ་མོའི་སྒྲ་སྦྱར་བས་ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཕེབས་པའི་རྟགས་འབྱུང་ངོ་། །དེ་ལྟར་ཕེབས་པའི་ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་རེག་ཅིང་། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་དག་གིས་ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞི་དབང་རྣམས་རིམ་པར་བསྐུར་བའི་ཐོག་མ་བུམ་དབང་འཁོར་དང་བཅས་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེ་ནས་


RTZ024_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་འདུན་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་སུ་མེད་པ་གདན་གསུམ་ཚང་བའི་དབང་གི་ལྷས་མི་བསྐྱོད་ཐུགས་རྗེ་ཆེན་པོའི་རང་བཞིན་བུམ་པའི་ཆུས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་རིན་ཆེན་རྒྱན་ལྡན་པ༔ ཐུགས་རྗེ་རོལ་པ་མཆོག་གི་ཕོ་བྲང་ཆེ༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས་དབང་བསྐུར༔ ལས་དང་ཉོན་མོངས་དྲི་མ་རང་དག་སྟེ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་བཅས་པའི་ཡལ་འདབ་ཀྱིས་བུམ་ཆུ་བླངས་ལ་སྤྱི་བོར་བླུགས། ལུས་ཐམས་ཅད་བདུད་རྩིས་གང་། དྲི་མ་དག །བདེ་བ་ཆེན་པོ་མྱོང་། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དབང་གི་ལྷ་ཚོགས་རྣམས་ཀྱིས་རིན་འབྱུང་ཐུགས་རྗེ་ཆེན་པོའི་རང་བཞིན་ཅོད་པན་གྱིས་མངོན་པར་དབང་བསྐུར་བར་གྱུར། དབུ་རྒྱན་མགོར་བཅིངས་ལ། སངས་རྒྱས་ཀུན་གྱི་ཅོད་པན་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ ཅོད་པན་དབང་ནི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དར་དཔྱང་རྣ་ལྟག་གཡས་གཡོན་དུ་བཅིངས་ལ། ཨོཾ་བཛྲ་ཏུཥྱ་ཧོ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་སྣང་མཐའ་ཐུགས་རྗེ་ཆེན་པོའི་


RTZ024_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྡོ་རྗེས་མངོན་པར་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་སུ་གཏད་ཅིང་གསོར་དུ་གཞུག་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་དོན་གྲུབ་ཐུགས་རྗེ་ཆེན་པོའི་རང་བཞིན་དྲིལ་བུས་མངོན་པར་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་དུ་གཏད་ཅིང་ལན་དགུར་དཀྲོལ་གཞུག་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་གྷཱཎྜེ་ཧོ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་རྣམ་སྣང་ཐུགས་རྗེ་ཆེན་པོའི་རང་བཞིན་མིང་གིས་མངོན་པར་དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་མིང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ མིང་གི་དབང་ནི་ཁྱོད་ཀྱིས་ལོངས༔ ཀྱེ་དཔལ་ཐུགས་རྗེ་ཡེ་ཤེས་རོལ་པ་རྩལ་ཞེས་པའི་མིང་བཏགས་ཤིང་རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེ་རྣམས་ཀྱིས་མ་རིག་པ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་རིག་པར་བྱེད་ཅིང་། སངས་རྒྱས་ལྔའི་ཕྲིན་ལས་སྒྲུབ་པ་ལ་དབང་བའི་སྐལ་པ་ཅན་དུ་བྱས་སོ། ཁྱོད་རང་རྡོར་སེམས་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར། རྡོ་རྗེ་དྲིལ་བུ་སྦྱིན་ལ། ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔


RTZ024_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་དབང༔ སླར་ཡང་དབང་གི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ རྣམ་རྒྱལ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། བདུད་རྩིས་ལུས་གང་། དྲི་མ་དག །དབང་རྟགས་སུ་དཔལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ནམ་མཁའི་དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ནས་མཐའ་རྟེན་རྡོ་རྗེ་སློབ་དཔོན་ཆོས་ཀྱི་བདག་པོའི་གོ་འཕང་དུ་མངའ་གསོལ་བ་ལ་འདུན་པ་འདི་ལྟར་མཛོད། ཁྱེད་རང་རྣམས་རིན་པོ་ཆེའི་ཁྲི་ལ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རྣམ་པས་འཁོད་པའི་དབུ་ལ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེངས། ཕྱག་ཏུ་གླེགས་བམ་རྡོར་དྲིལ་དབང་བུམ་སོགས་གཏད། ཆོས་ཀྱི་འཁོར་ལོ་དང་དུང་དཀར། མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང་བཅས་ཏེ་མངའ་གསོལ་བ་ལ། རྒྱལ་བ་སྲས་དང་བཅས་པས་རྗེས་སུ་གནང་ཞིང་ཤིས་པ་བརྗོད་པར་


RTZ024_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཤིག །སློབ་མ་ཐུན་མིན་ལ་ཁྲི་སོགས་དངོས་སུ་བྱ་ཞིང་དབང་ཞུ་དབང་གོས་གསོལ། དཀྱུས་ཙམ་དུ་པུས་ཏི་རྡོར་དྲིལ་དང་རྗེས་གནང་ཙཀ་ལི་ཙམ་གཏད་ལ། ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་དབྱུངས་ཤིག༔ ཅེས་པའི་རྗེས་གནང་སྦྱིན། མེ་ཏོག་འཐོར་ལ་རྟེན་སྙིང་དང་ཤིས་པ་བརྗོད། དེས་ནི་ལུས་ཀྱི་ཞེན་པ་ཟློག༔ སྣང་སྟོང་དཀྱིལ་འཁོར་ཆེན་པོར་རྟོགས༔ བསྐྱེད་རིམ་སྣང་སྲིད་གཞིར་བཞེངས་བསྒོམ༔ ཐ་མལ་འཁྲུལ་སྣང་གཅོད་ལ་དབང༔ སྣ་ཚོགས་སྤྲུལ་སྐུས་དོན་ནུས་སོ༔ ཞེས་རྟོགས་པ་བསྐྱེད། དེའི་རྗེས་འབྲེལ་དུ་ལྷ་སྔགས་རིག་པའི་དབང་བསྐུར་རྣམས་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྐུ་ལྷ་སྐུ་ཕྱག་རྒྱའི་ཚོགས་གཉིས་པ་ཞིག་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ཕུང་ཁམས་ལ་ཐིམ་པར་གྱུར། ཞེས་མོས་ལ་ཙཀ་ལི་རྣམས་རིམ་པར་མགོར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་སྤྱན་རས་གཟིགས༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རྒྱལ་ཀུན་དང༔ འགྲོ་དོན་ཐུགས་རྗེའི་དབང་གིས་སྐུར་བཞེངས་ལ༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ཤར་ཕྱོགས་


RTZ024_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འཕོ་ལྟུང་ལྷ་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བཟོད་པའི་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ཤར་ལྷོའི་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འཐབ་རྩོད་ལྷ་མིན་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ལྷོ་ནུབ་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འདོད་ཁམས་མི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཎི་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བསམ་གཏན་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ནུབ་ཀྱི་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ གཏི་མུག་བྱོལ་སོང་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ པད་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ནུབ་བྱང་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ བཀྲེས་སྐོམ་ཡི་དྭགས་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མེ་ཀཱ་ཡ་


RTZ024_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཏིང་འཛིན་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་བྱང་ཤར་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ ཚ་གྲང་དམྱལ་བར་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧཱུྃ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བྱམས་པ་ཚད་མེད་ཁྲོ་རྒྱལ་མི་གཡོ་མགོན༔ ཤར་ཕྱོགས་སྒོ་ཁྱུད་ཞི་བའི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཛཿཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྙིང་རྗེ་ཚད་མེད་ཁྲོ་རྒྱལ་གཤིན་རྗེ་གཤེད༔ ལྷོ་ཕྱོགས་སྒོ་ཁྱུད་རྒྱས་པའི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཧཱུྃ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ དགའ་བ་མཐར་སོན་པདྨ་དབང་ཆེན་རྒྱལ༔ ནུབ་ཕྱོགས་སྒོ་ཁྱུད་དབང་གི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ བཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ དམིགས་མེད་བཏང་སྙོམས་མཉམ་ཉིད་རྣམ་པར་འཇོམས༔ བྱང་ཕྱོགས་སྒོ་ཁྱུད་ལས་རབ་རྫོགས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཧོཿཀཱ་ཡ་བཛྲ་ཨ་བྷི་


RTZ024_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གསུང་སྔགས་ཡི་གེའི་འཁོར་ལོ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་གྱུར། རིན་པོ་ཆེས་བྲིས་པའི་སྔགས་བྱང་དང་། ཕྲེང་བ་མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་འབྲུ་བཅུ་སྐུ་ལྔ་ཡེ་ཤེས་ལྔ༔ ཡི་གེ་དྲུག་པ་ཕ་རོལ་ཕྱིན་པ་དྲུག༔ ཡི་གེ་བཞི་པ་ཚད་མེད་སྐུ་བཞི་སྟེ༔ སྐྱེ་མེད་ཆོས་སྐུའི་བཅུད་ཕུར་ཡི་གེ་ཧྲཱི༔ སྐུ་གསུང་ཐུགས་ཨོཾ་ཨཱཿཧཱུྃ་སྲོག་ཐིག་ཧྲཱི༔ འདབ་དྲུག་ལ་ཨོཾ་མ་ཎི་པདྨེ་ཧཱུྃ༔ རང་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲ༔ གྲགས་སྟོང་དབྱེར་མེད་ཆུ་བོའི་གཞུང་བཞིན་ཟློས༔ རིག་སྔགས་ཆེན་མོའི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུ་བརྗོད། ཁྱེད་རང་ཐུགས་རྗེ་ཆེན་པོར་གསལ་བ་ཐུགས་སྲོག་ཧྲཱིཿཡིག་ལ་ཐིམ་ཞིང་། ཧྲཱིཿདེ་ཡང་ནམ་མཁའ་ལ་ཁུག་རྣ་ཡལ་བའམ། ཆུ་ལ་ཆུ་བུར་ཐིམ་པ་ལྟར་དམིགས་མེད་དུ་གྱུར། ཅེས་བློ་བྲལ་གྱི་ངང་དུ་བཞག །དེ་དག་གིས་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་འཁོར་ལོར་རྟོགས་པར་བྱས་པ་ཡིན་ནོ། །དེ་ནས་མཆོག་དབང་གསུམ་པོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ རང་བྱུང་བདེ་སྟོང་ཟུང་འཇུག་བདག་སྒྲུབ་ན༔ གར་གྱི་དབང་ཕྱུག་ཐུགས་རྗེའི་ལྷ་ཚོགས་རྣམས༔ རྗེས་སུ་བརྩེ་བས་བཟུང་


RTZ024_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྨིན་གྲོལ་མཛོད༔ ལན་གསུམ། དེ་ལ་ཐོག་མར་གསང་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་ཐུགས་རྗེ་ཆེན་པོའི་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྣང་ལ་རང་བཞིན་མེད་པར་གསལ་བར་གྱུར། བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་ཡུམ་གསང་བ་ཡེ་ཤེས་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་སྟོང་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་གི་ལྕེ་ཐོག་ཏུ་མྱོང་བས་རྩ་གསུམ་འཁོར་ལོ་བཞི་པོ་ངོ་བོ་བྱང་ཆུབ་ཀྱི་སེམས། རྣམ་པ་ཐབས་ཤེས་ཡི་གེའི་སྤྲིན་གྱིས་ཁྱབ་པས་བ་སྤུའི་བུ་ག་ཚུན་ཆད་མེར་མེར་ཡམ་ཡམ་ཤིག་ཤིག་ཏུ་གྱུར་ཏེ་བདེ་བ་ཆེན་པོར་གནས་པར་མོས། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ རང་བྱུང་ཐབས་ཀྱི་ག་པུར་དང༔ ཤེས་རབ་པདྨའི་སིཧླ༔ དུང་ཆེན་ནང་དུ་བདུད་རྩི་ཆེན་པོར་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་ཁམས་མདུད་གྲོལ་དྭངས་མ་ཆེན་པོས་ཁྱབ༔ ངག་གི་དགྲ་བཅོམ་གསུང་གི་དངོས་གྲུབ་ཐོབ༔ གུ་ཧྱ་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཡིག་བཅུ་དང་དབྱངས་གསལ་བརྗོད། ཨ་ཧོ་མ་ཧཱ་སུ་ཁས་བདུད་རྩི་མྱང་དུ་གཞུག །དེས་ནི་ངག་གི་ཞེན་པ་ལོག༔ གྲགས་སྟོང་རྡོ་རྗེའི་སྔགས་སུ་རྟོགས༔ རྩ་དང་ཐིག་ལེ་ལས་སུ་རུང༔ རྫོགས་རིམ་གཏུམ་མོ་རླུང་སྦྱོར་བསྒོམ༔ ལྔ་ལྡན་ལོངས་སྐུར་སངས་རྒྱས་ཐོབ༔ ཅེས་རྟོགས་པ་བསྐྱེད། གཉིས་པ་ཤེས་རབ་ཡེ་


RTZ024_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་དབང་གི་སླད་དུ་མཚན་ཉིད་དང་ལྡན་པའི་རིག་མ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་སྦྱིན་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ བྷཉྫ་མོཀྵ་ཧོ༔ ཁྱེད་རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་གཟུངས་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་དང་བདེ་སྟོང་གཉིས་སུ་མེད་པར་མཉམ་པར་སྦྱར་བས། ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་སྤྱི་མགྲིན་སྙིང་ག་ལྟེ་བར་དགའ་བ་མཆོག་དགའ་དགའ་བྲལ་ནོར་བུའི་རྩེ་མོར་ཟག་མེད་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་ཞིང། སླར་ལུས་ཀྱི་གནད་དང་རླུང་བཅིངས་པས་བྱང་སེམས་མས་ནས་ཡར་སྤྱན་དྲངས་ལུགས་བཟློག་གི་དགའ་བ་བཞི་ཉམས་སུ་མྱོང་བར་གྱུར་པའི་མོས་པ་མཛོད། དེས་ནི་ཡིད་ཀྱི་ཞེན་པ་ཟློག༔ ཚོར་བ་བདེ་སྟོང་ངོ་བོར་རྟོགས༔ དྭངས་མ་ཟག་མེད་བདེ་བར་རྫོགས༔ ལས་ཀྱི་ཕྱག་རྒྱར་སྦྱོར་ལ་དབང༔ སྙིགས་མ་ལུས་དག་འོད་སྐུར་གྲོལ༔ ཟག་བཅས་མི་སྣང་ཆོས་སྐུ་ཐོབ༔ ཅེས་རྟོགས་པ་བསྐྱེད། གསུམ་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་ཁྲེགས་ཆོད་ཀ་དག་གི་ངོ་སྤྲོད་འདི་ལ་གསན་ཏེ་ངོ་བོ་སྤྲོས་བྲལ་གྱི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། དེ་ཡང་གསུམ་པའི་སྐབས་སྐྱེས་པའི༔ ནམ་མཁའ་གང་བའི་བདེ་ཆེན་པོ༔ དེ་ཡི་རང་ངོར་བལྟས་པ་ན༔ བདེ་བའི་ངོ་བོ་འདི་ཞེས་པ༔


RTZ024_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་རྟོག་པའི་ཡུལ་འདས་པ༔ ལྐུག་པས་བུ་རམ་ཟོས་འདྲ་བ༔ དཔེ་ཙམ་བརྗོད་ན་མེ་ལོང་ནི༔ ཀུན་གསལ་གཡའ་དག་གཟུགས་བརྙན་གྱི༔ རི་མོ་མེད་པ་གསལ་ལེ་བ༔ འདི་ཀ་གདོད་མའི་ཡེ་ཤེས་ཏེ༔ བདེ་སྟོང་ཟུང་འཇུག་ཀུན་ཏུ་བཟང༔ ཆོས་ཉིད་མངོན་སུམ་དགོངས་པ་འོ༔ འདི་ཡིས་འཁོར་འདས་ཆོས་ཀུན་མཚོན༔ གཞི་ལ་ཡོད་ཀྱང་རང་མ་ཤེས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ སྣ་ཚོགས་འཆར་བ་འཁྲུལ་པ་འོ༔ རང་ངོ་ཤེས་ཚེ་འཁོར་བ་ཡི༔ འཁྲུལ་པ་ཀ་ནས་དག་པའི་ཕྱིར༔ ཁྲེགས་ཆོད་རིག་པ་དབྱེར་མེད་དུ༔ ངོ་ཤེས་ཉམས་ལེན་སྙིང་པོར་གྱིས༔ མེ་ལོང་བསྟན་ལ། དེའི་དོན་ནི་དབང་གསུམ་པའི་སྐབས་སུ་སྐྱེས་པའི་ནམ་མཁའ་གང་བའི་བདེ་བ་ཆེན་པོ་དེའི་རང་ངོར་བལྟས་པས། འདི་ཞེས་མཚོན་མེད་སྒྲ་དང་ རྟོགཔའིཡུལ་ལས་འདས་པའི་གསལ་སྟོང་བདེ་ ་ཆེན་པོ་ནི། གདོད་མའི་ཡེ་ཤེས་དཔལ་ཀུན་ཏུ་བཟང་པོ་ཆོས་ཉིད་མངོན་སུམ་གྱི་དགོངས་པའོ། །དེའང་དཔེ་ཇི་ལྟ་ན་མེ་ལོང་གཡའ་དང་བྲལ་བ་གཟུགས་བརྙན་མེད་པའི་མཐིང་གསལ་ལེ་བ། རྣམ་འགྱུར་མ་དམིགས་ཀྱང་རྣམ་པ་མཚོན་དུ་ཡོད་པ་ནི། སྟོང་ལ་ངོས་བཟུང་མེད་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པར་ཤེས་པར་མཛོད་ཅིག །དེ་ནས་ཐོད་རྒལ་ལྷུན་གྲུབ་ཀྱི་ངོ་སྤྲོད་པའང་འདི་ལ་གསན་ཏེ་ལམ་སྣང་འོད་གསལ་མངོན་སུམ་


RTZ024_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བྱེད་ཀྱི་གནད་ལ་གཟིར་མཛོད། དེ་ཡང་ཀ་དག་སྟོང་པའི་མདངས༔ རིག་རྩལ་འཆར་སྒོ་ཅིར་སྣང་བ༔ རིག་སྟོང་ལམ་དུ་ཁྱེར་བ་སྟེ༔ དབྱིངས་རིག་མེ་ལོང་དག་པ་ལ༔ རིག་རྩལ་ཐིག་ལེ་ཐིག་ཕྲན་དང༔ རྡོ་རྗེ་ལུག་རྒྱུད་སྐུ་དང་ཞིང༔ སྣ་ཚོགས་སྣང་བ་རྨ་བྱའི་མདོངས༔ མེ་ལོང་མདོངས་འོད་མེད་བཞིན་གསལ༔ གསལ་སྟོང་ངོ་བོ་དེར་མ་དམིགས༔ དམིགས་མེད་ངང་ནས་སྐུ་དང་ཞིང༔ ལྷུན་གྲུབ་གོང་འཕེལ་སྣང་བ་ཀུན༔ གཞི་ཐོག་རིག་སྟོང་ཕེབས་པར་དགོས༔ མེ་ལོང་ནང་དུ་རྨ་བྱའི་མདོངས་འཆར་བ་བསྟན་ལ། ཞེས་པའི་དོན་ནི། ཀ་དག་གི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར་བ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གོང་འཕེལ་གྱི་སྣང་བ་སྐུ་དང་ཞིང་ཁམས་སུ་འཆར་བ་ཉིད་དེ། ཇི་ལྟར་ན། དབྱིངས་ཡེ་ཟང་ཐལ་མེ་ལོང་དྲི་བྲལ་དེ་ལ་རིག་པ་སྐུ་ལྔ་ཡེ་ཤེས་ལྔའི་མདངས་རྩལ་ཐིག་ལེ་ཐིག་ཕྲན་ལུག་རྒྱུད་སྐུ་དང་ཞིང་ཁམས་མཚོན་པའི་རྨ་བྱའི་མདོངས་འཆར་བ་དཔེར་བྱས་པ་སྟེ། མེ་ལོང་ནང་དུ་མདངས་འོད་མེད་ཀྱང་སྣང་བ་དེ་ལ་བལྟས་པས་བལྟ་བྱ་ལྟ་བྱེད་ཡོད་ཀྱང་ལྟ་ཡུལ་མ་གྲུབ་པ་ནི་ལྷུན་གྲུབ་ཐོད་རྒལ་གྱི་དགོངས་པར་ཤེས་པར་མཛོད་ཅིག །དེས་ནི་སྒོ་གསུམ་མངོན་ཞེན་ཟློག༔ ཐམས་ཅད་རང་རིག་ཆོས་སྐུར་རྟོགས༔ བསམ་བརྗོད་བློ་དང་ཆོས་ཀུན་ཟད༔ རང་སྣང་རིས་མེད་དགོངས་པ་


RTZ024_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཤར༔ རྫོགས་པ་ཆེན་པོ་བསྒོམ་ལ་དབང༔ ངོ་བོ་ཉིད་སྐུ་ཀུན་བཟང་འགྲུབ༔ ཅེས་རྟོགས་པ་བསྐྱེད། བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་ཡོངས་འདུས་པདྨ་གར་གྱི་དབང༔ མོས་ལྡན་བུ་ལ་བྱིན་རློབས་བརྩེ་བས་དགོངས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པའི༔ རང་བྱུང་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔ ལན་གསུམ། གཏོར་མ་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཐུབ་དྲུག་སྒོ་བ་བཞི་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་སྤྱི་བོར་སྤྱན་དྲངས་པ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་བསྐྱེད་པས་ཡེ་ཤེས་པའི་རང་གཟུགས་གཉིས་པ་འཕྲོས་ནས་ཐིམ་པས་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བྱིན་གྱིས་བརླབས། ཡོན་ཏན་ཕྲིན་ལས་དང་དབྱེར་མེད་པའི་ནུས་མཐུ་རྫོགས་པར་ཐོབ་པར་མོས་ཤིག །སྤོས་དང་རོལ་མོས་སྣ་དྲངས་གཏོར་མ་སྤྱི་བོར་ཐོགས་ལ། ཧྲཱིཿཧཱུྃ་ཨཱ༔ ཕྱི་ནི་རིན་ཆེན་གཞལ་ཡས་གསལ་ལ་བརྗིད༔ འབྲུ་བཅུད་དྲི་སྨན་རིན་ཆེན་དམ་རྫས་ཚོགས༔ ནང་དུ་ཐུགས་རྗེ་རོལ་པའི་ལྷ་ཚོགས་བཞུགས༔ དབྱིངས་རིག་དབྱེར་མེད་འོད་ལྔ་འཇའ་ཟེར་འཁྱིལ༔ རྒྱལ་བ་ཞི་ཁྲོ་སྣོད་བཅུད་ཡོངས་འདུས་དབང༔


RTZ024_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ཡི་བྱིན་རླབས་ལུས་ལ་བསྩལ་དུ་གསོལ༔ ཟག་བཅས་གནས་འགྱུར་ལྷ་སྐུར་བསྐྱེད་དུ་གསོལ༔ གསུང་གི་བྱིན་རླབས་ངག་ལ་བསྟིམ་དུ་གསོལ༔ ཐ་མལ་སྒྲ་ཚིག་སྔགས་སུ་སྦྱང་དུ་གསོལ༔ ཐུགས་ཀྱི་བྱིན་རླབས་སེམས་ལ་བསྐྲུན་དུ་གསོལ༔ རང་རིག་ཡེ་ཤེས་ནང་ནས་སྦར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རབ་འབྱམས་ཡོངས་རྫོགས་བྱིན༔ བདག་གི་ལུས་ངག་ཡིད་གསུམ་བརླབས་ནས་ཀྱང༔ འགྲོ་དོན་ཕྲིན་ལས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་མ་ཧཱ་བ་ལིཾ་ཏ་བྷྲཱུྃ་ཙཀྲ་མ་དྷ་ལ་བྷྲཱུྃ༔ གཏོར་མ་གནས་བཞིར་བཞག་ལ། གཏོར་མའི་ཆ་ཤས་དང་བདུད་རྩི་བསྲེས་པ་སྦྱིན། མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། གཏོར་དབང་འདི་ཉིད་དབང་བསྐུར་ཡོངས་རྫོགས་ཡིན་པས་ཟུར་དུ་སྦྱིན་ཡང་ཆོག་ལ། ཐོག་མར་བསྐུར་ན་བྱིན་རླབས་ཀྱི་སྒོ་འབྱེད་དང་། འདིར་ཡོངས་རྫོགས་མཐའ་རྟེན་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དཀྱིལ་འཁོར་དུ། དབང་བཞི་མཐའ་རྟེན་དང་བཅས་རྫོགས་པར་གྲུབ་པ་ཡིན་པས་དབང་དུས་སུ་ཁས་བླངས་པའི་དམ་ཚིག་སྡོམ་པའི་གནས་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །


RTZ024_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་བདག་གིས་བགྱིད། །བདག་གི་སྒོ་གསུམ་ལོངས་སྤྱོད་བཅས། །དེང་ནས་འདྲེན་པ་ཁྱེད་ལ་འབུལ། །ཉེས་ལྟུང་དྲི་མས་གོས་གྱུར་ན། །ཆ་ཡིས་སྤྱད་ཅིང་བསྐྱབ་ཏུ་གསོལ། །ཞེས་གཏང་རག་གི་ཡོན་དང་། མཎྜལ་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་བཟོད་གསོལ། མདུན་བསྐྱེད་བསྐྱེད་བསྟིམ་གང་འོས་དང་། བསྔོ་བ་ཤིས་བརྗོད། བདག་བསྐྱེད་བསྡུ་ལྡང་བཅས་ལས་བྱང་ལྟར་བྱའོ། །ཐུགས་རྗེའི་འོད་སྣང་སྲིད་པའི་མཐར་བཀྱེ་བས། །མི་འཛད་འཁོར་བའི་འདམ་རྫབ་སྐེམ་པ་དང་། །དྲི་མེད་སྐུ་དང་ཡེ་ཤེས་འབྲས་བཟང་སྨིན། །ཐམས་ཅད་མཉམ་ཉིད་བདེ་ལྡན་ཞིང་གྱུར་ཅིག །ཅེས་ཟབ་གཏེར་རིན་པོ་ཆེའི་མཛོད་དུ་འོས་པའི་དབྱིག་གི་ཁྱད་པར་རྣམས་བྱི་དོར་བྱ་བའི་ཞར་བྱུང་དུ་རང་གཞན་ཕོངས་པ་སེལ་བའི་ཆ་རྐྱེན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་ཆེན་ཉིད་ཀྱི་གསུང་དང་གཏེར་གཞུང་གི་དགོངས་པ་གུང་བསྡེབས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །


previousཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ། བློ་གྲོས་མཐའ་ཡས།no next