གཏུམ་མོའི་མེ་དབང་ཡེ་ཤེས་རབ་འབར། ངེས་དོན་དབང་པོ།
གཏུམ་མོའི་མེ་དབང་ཡེ་ཤེས་རབ་འབར་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། བདེ་ཆེན་ཕྱག་རྒྱ་སྒྱུ་མའི་གར། །རྣམ་རོལ་རྡོ་རྗེ་རྣལ་འབྱོར་མར། །གུས་པས་འདུད་དོ་དེའི་ཆོ་ག །རྗེས་གནང་བཅས་པ་འདིར་འགོད་བྱ། །དེ་ལ་འདིར་གཏུམ་མོའི་རྣལ་འབྱོར་ལ་བརྩོན་པ་དག་ལ་བྱིན་རླབས་དབང་གི་ཆོ་ག་བྱ་བའི་ཕྱིར་གཏེར་ཆེན་ཟུང་གི་དགོངས་པའི་ཆུ་བོ་དཀྱུས་གཅིག་ཏུ་བསྡེབས་ཏེ་བསྒྲུབ་པ་ལའང་དོན་གསུམ་སྟེ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ནི། ཡིད་དུ་འོང་བའི་གནས་སུ་སྟེགས་བུ་གྲུ་བཞི་པའི་དབུས་སུ་ཆོས་འབྱུང་བསྣོལ་མ་དམར་པོ་ལ། དཀྱིལ་དུ་གཙོ་མོའི་མཚན་མ་དང་། ཆོས་འབྱུང་རྣམས་ལ་གཡུང་དྲུང་དགའ་བ་འཁྱིལ་པ་རེ་རེ། དེའི་ཕྱི་རིམ་སྣ་ལྔའི་མུ་ཁྱུད། དེ་
རྒྱབ་ཐོད་ར་དང་རྡོ་རྗེ་མེ་རིས་བསྐོར་བས་མཛེས་པར་བྱ། དེ་སྟེང་མཉྫིའི་ཁར་བུམ་པ་ཆས་ལྡན། ཁ་རྒྱན་དུ་མེ་ལོང་མེ་ཤེལ་རྨ་བྱའི་མདངས་སོགས་འཛུག །དེའི་མདུན་དུ་ཀ་པཱ་ལ་བདུད་རྩི་དམར་པོས་བཀང་བ། མེ་ལོང་ལ་ཧ་རི་ནི་ས་ཡི་སྔགས་བྲིས་པའི་ཁ་ཁེབས་དང་བཅས་པ་བཀོད། དེ་དག་གི་གཡས་སུ་མར་མེ། གཡོན་དུ་དཔལ་གཏོར་ནོར་བུའི་དབྱིབས་ཅན་གཡུང་དྲུང་གིས་མཚན་པ་ལ་དར་དམར་གྱི་གདུགས་ཕུབ་པ་དང་། རྒྱབ་བམ་གང་བདེར་ཧེ་རུ་ཀའི་ཆས་རྐང་གླིང་སོགས་བསགས། གཞན་ཡང་གཏེར་སྲུང་སྤྱི་སྒེར་གྱི་གཏོར་མ་དང་། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་སྦྲེང་ཚར་དུ་བཤམ། སྐོང་ཚོགས་དང་སྦྲེལ་
ན་གྷ་ཎའི་ལོངས་སྤྱོད་བརྗིད་ལྡན་དུ་བཤམས་ལ། སྔོན་འགྲོའི་བསང་གཏོར་སོགས་སྤྱི་ལྟར་བྱས་ནས། དངོས་གཞི་སྒྲུབ་པའི་རིམ་པ་ནི། རྒྱས་པར་སྤྲུལ་སྐུའི་སྙིང་ཐིག་ལྟར་འཕགས་མའི་ལས་བྱང་རྒྱས་པ་སྐོང་ཚོགས་བཅས་བསྒྲུབས་ནས་ལྷག་གཏོར་གྱི་མཇུག་ཏུ་འཇུག་པ་དང་། ལོང་ཁྱབ་མ་བྱུང་ཡང་། བདག་མདུན་དག་པ་རབ་འབྱམས་ཀྱི་རོལ་པས། །རྡོ་རྗེ་སྙིང་པོར་ལྟར། ཧྲཱི༔ སྐྱབས་ཡུལ་སྐྱབས་འགྲོ་རང་གྲོལ་གྱི༔ བྱང་སེམས་སྟོང་ཉིད་སྙིང་རྗེ་ཆེ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ པདྨ་ཉི་ཟླ་བམ་རོའི་སྟེང༔ སེམས་ཉིད་ཉ་ལྡང་ལྟ་བུའི་ཧྲཱི༔ མཁའ་འགྲོ་ཡོངས་འདུས་གཙོ་མོ་མཆོག༔ བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་ནག་མདོག༔ ཕྱག་གཡས་ཟངས་གྲི་ནམ་མཁར་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཁྲོ་ཞལ་སྤྱན་གསུམ་སྡང་མིག་བསྒྲད༔ སྨིན་མཚམས་ཁྲོ་གཉེར་གྲུ་གསུམ་བསྡུས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ ཐུར་སིལ་སྐུ་སྟོད་ཁྱབ་པར་གཏིབས༔ སྤྱི་གཙུག་རྟོག་མེད་ཕག་ཞལ་འཕྱོ༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ རིན་ཆེན་དུར་ཁྲོད་རུས་པས་བརྒྱན༔ དཔའ་བོ་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ མེ་
རླུང་འོད་ལྔ་འཁྲིགས་པའི་དབུས༔ དམ་ཚིག་ཡེ་ཤེས་དབྱེར་མེད་གསལ༔ སྤྱི་གཙུག་སངས་རྒྱས་མཁའ་འགྲོ་དཀར༔ མགྲིན་པར་པདྨ་མཁའ་འགྲོ་དམར༔ སྙིང་ཁར་རྡོ་རྗེ་མཁའ་འགྲོ་མཐིང༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ གསང་བར་ལས་ཀྱི་མཁའ་འགྲོ་ལྗང༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཀུན༔ མ་སྐྱེས་རྫོགས་པའི་ཚུལ་དུ་བསྲེ༔ མི་རྟོག་ས་ལེར་མ་ཡེངས་བལྟ༔ གཉིས་མེད་ཕྱོགས་ལྷུང་བྲལ་བར་བཞག༔ དེ་ཡང་ཆོ་འཕྲུལ་གྲགས་སྟོང་སྔགས༔ སྲོག་འདྲེན་གནད་ནས་འདི་ལྟར་བཟླས༔ ཨོཾ་བཻ་རོ་ཙ་ནཱི་ཡེ༔ སརྦ་ཡོ་གི་ནཱི༔ ཧ་རི་ནི་ས༔ སརྦ་ཌཱཀྐི་ནཱི༔ ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ ཞེས་བདག་མདུན་ལ་དམིགས་པའི་སྤྲོ་བསྡུ་ཡང་ཡང་དུ་བྱས་ལ་མཐར། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་ནི། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ མཁའ་འགྲོ་མ་ཚོགས་རྣམས་ཀྱིས་བསྐོར༔ ཡེ་ཤེས་ལྔ་ལྡན་སྐུ་གསུང་ཐུགས༔ མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད་དེ་དུང་ཆོས་ཀྱི་ཆུ་ཕུལ་བས། ལྷ་རྣམས་རྗེས་ཆགས་ཀྱིས་ཞུ་སྟེ་བུམ་ཆུར་དམིགས། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །
འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་བཟོད་པར་གསོལ། ༈ དེ་ནས་བྱིན་རླབས་དབང་གི་ཆོ་ག་ནི། སྣོད་ལྡན་གྱི་སློབ་མ་རྣམས་རས་དཀར་དྲི་མེད་གྱོན་ནས་གྲལ་ལ་འཁོད་དེ། ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ལ། བགེགས་གཏོར་བཤམས་ཏེ་ཆབ་ཀྱིས་བྲན་ལ་དབང་ཆེན་ཁྲོ་བོའི་ང་རྒྱལ་གྱིས་སྦྱང་སྤེལ་བསྒྱུར་ནས། ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དང་སུམྦྷ་ནི་སོགས་ཀྱིས་བསྐྲད་དེ། སླར་ཡང་མཚམས་གཅད་པ་ནི། ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གྭའུ་དང༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་སྲུང་བའི་འཁོར་ལོས་བཅིངས་པར་བསམ་ལ། སློབ་མ་རྣམས་རྒྱུད་འཆོས་པ་ནས་གཟུང་ལས་འབྲས་ཀྱི་ལོ་རྒྱུས་དང་། དབང་བཤད་སྤྱི་ལྟར་བྱས་ནས་འཁྱོག་མཚམས། ལྷ་དང་དཀྱིལ་འཁོར་གང་ལྟ་བུ་ལ་བརྟེན་པ་ཡིན་ཞེ་ན། འདིར་རྡོ་རྗེ་ཐེག་
པའི་ལམ་ལ་དབྱེ་ན་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞིའི། ཕྱི་མ་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་གསུམ་དུ་དབྱེ་བ་ལ། སྔ་འགྱུར་རང་ལུགས་ལྟར་དུ་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་ཆེན་ཨ་ཏི་ཡོ་ག་གསུམ་ལས། ལམ་འདི་ཉིད་ལུང་ཨ་ནུའི་དགོངས་པ་དབང་གཉིས་པའི་དོན་གྱི་རྫོགས་རིམ་ཆགས་ཅན་ཐིག་ལེ་དང་ཆགས་མེད་རླུང་ལ་བསླབ་པའི་གདམས་ངག་མ་རྒྱུད་ཀྱི་ཕྱོགས་ཡིན་པ་དང་། སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་ལྷའི་གཙོ་བོ་ཡང་རྣལ་འབྱོར་མ་ཉིད་ཡིན་ཏེ། དེ་ཡང་དོན་ལྷ་ཡབ་ཡུམ་ལ་བཟང་ངན་མེད་ཀྱང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང་ཐབས་དེའི་ཡན་ལག་ཡིན་པ་དང་། དཔེ་ལ་མཚོན་ན་དོན་གྱི་ཡེ་ཤེས་བདེ་བ་ཆེན་པོ་ཡང་དངོས་ཡིད་ཀྱི་ལས་རྒྱ་ལ་བསྟེན་ཏེ་མངོན་དུ་སྣང་བར་མཛད་པའི་ཉེ་ལམ་མཆོག་ཏུ་ཟབ་པ་ནི་ཆགས་ལམ་སྦྱོང་བས་བསྒྲུབ་དགོས་པ་དང་། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་རྩ་རླུང་ཁམས་ཀྱི་རྣལ་འབྱོར་གནད་དུ་བསྣུན་པས་ནང་གི་ཐབས་ཁྱད་པར་ཅན་དང་། གནས་ཡུལ་ཞིང་སྐྱེས་ཀྱི་ཕོ་ཉ་མོའམ། རྣལ་འབྱོར་མ་རྣམས་ཀྱང་དབང་དུ་བྱེད་པ་སྟེ།
དེ་དག་གི་ཚོགས་ཀྱི་བདག་པོར་འགྱུར་བའི་ཕྱིར་དང་། རྣམ་ཀུན་མཆོག་ལྡན་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གོ་འཕང་སྒྲུབ་པའི་གཞི་ཡང་ལམ་ཟབ་མོ་འདི་ཉིད་བརྟེན་པ་ལས་འབྱུང་ཞིང་། རིག་པ་འཛིན་པ་རྣམས་ཀྱང་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་འཁྲིད་པའི་ལྷག་པའི་ལྷ་ནི་རྡོ་རྗེ་རྣལ་འབྱོར་མ་ཉིད་ཡིན་ཅིང་། དེ་ཉིད་དང་རྡོ་རྗེ་ཕག་མོ་ངོ་བོ་གཅིག་ལས་རྣམ་རོལ་གྱི་ཁྱད་པར་ཙམ་སྟེ། འདི་ཉིད་སྒྲུབ་པའི་ཐབས་གསར་རྙིང་རིས་མེད་ལ་བཀའ་གཏེར་སྙན་བརྒྱུད་མན་ངག་གི་སྲོལ་ཀ་ཇི་སྙེད་ཅིག་མཆིས་པ་ལས། ད་ལམ་འདི་ནི་ཁྱད་པར་དུ་གྱུར་པ་ཉེ་བརྒྱུད་གཏེར་མའི་དབང་དུ་བྱས་པར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མ་འོངས་ཕྱི་མའི་དོན་དུ་ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོར་དྲིལ་ཏེ་བཀའ་བསྩལ་པ། ཆོས་དབྱིངས་བདེ་ཆེན་ཕག་མོ་ཡི༔ ཟབ་གསང་བླ་མེད་གནད་ཀྱི་མཆོག༔ དྷཱཀྐིའི་སྲོག་དབང་དམ་པ་འདི༔ བདག་འདྲ་ཐོད་ཕྲེང་པད་འབྱུང་གིས༔ མ་རྒྱུད་ཀུན་གྱི་བཅུད་བསྡུས་ནས༔ སྐལ་ལྡན་རྗེ་འབངས་གྲོགས་གསུམ་ལ༔ གདམས་པ་ཕྱི་རབས་དོན་དུ་གཏེར་
དུ་སྦས༔ ཞེས་གསུངས་ཏེ་རིན་པོ་ཆེའི་སྒྲོམ་བུར་བསྩལ་ཏེ་ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་དང་། ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་སོགས་ལ་གཏེར་དུ་སྦ་བར་མཛད་དེ་གཏེར་སྲུང་རྣམས་ལ་གཉེར་དུ་བཅོལ་པ་ལས། གདུལ་བྱའི་འགྲོ་དོན་དུས་ལ་བབ་པའི་ཚེ་ན་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འདུལ་རྡོ་རྗེ་དང་། ཀློང་གསལ་སྙིང་པོ་གཉིས་ཀྱིས་གཏེར་ནས་དྲངས་ཏེ་སྐལ་པ་དང་ལྡན་པ་རྣམས་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་བཀའ་དྲིན་གཞལ་བར་དཀའ་བ་མཛད་དེ། དེ་དག་ལས་ལུང་ཟིན་གཏེར་སློབ་རྣམས་ལས་རིམ་པར་སེལ་མེད་བརྒྱུད་པའི་གདམས་ངག །ཉམས་མྱོང་གི་དྲོད་ཚད་དང་ལྡན་ཅིང་བྱིན་རླབས་ཀྱི་ངད་མ་ཡལ་བར་ཆུ་བོ་གཅིག་འདྲེས་སུ་བདག་ཅག་གི་འདྲེན་མཆོག་མཚན་བརྗོད་པར་དཀའ་བ་འདི་ཞེས་བྱ་བའི་བར་དུ་བྱོན་པ་ལགས། དེ་ཉིད་ཀྱི་དྲུང་ནས་བདག་གིས་ལེགས་པར་ཐོབ་པའི་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་གཏུམ་མོའི་མེ་དབང་ཟབ་མོ་ཞུ་བའི་ཆེད་དུ་མཎྜལ་ཕུལ་མཛོད། ཅེས་མཚམས་སྦྱར། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆེད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་
རིན་པོ་ཆེ༔ སྙན་བརྒྱུད་ཐུགས་རྗེའི་ཆུ་བོ་ལས༔ རྡོ་རྗེ་ཕག་མོའི་དབང་བཞི་མཆོག༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ གསུམ་དང་། བླ་མས། ཡེ་ཤེས་རྩེ་མོའི་དཀྱིལ་འཁོར་དུ༔ སྣོད་ཡོད་སྐལ་ལྡན་རེ་རེ་ཙམ༔ གསང་ཚིག་སུ་ལ་སྨྲ་བ་མིན༔ དེ་བས་གསང་ཆེན་ཐུབ་པར་གྱིས༔ ས་མ་ཡ་སརྦ་ཨི་དན་ན་ར་ཀན༔ ཞེས་གནང་བ་བྱིན་ཞིང་དམ་བསྒྲག །དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་ལ། དེ་དག་གི་དྲུང་དུ་བདུན་རྣམ་དག་གིས་ཚོགས་གསག་པའི་སླད་དུ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བྱ། ཡེ་ཤེས་དབབ་པ་ནི། ལས་བུམ་གྱི་ཆུས་བསངས་ཤིང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་གཞན་གཉིས་སྣང་གི་རྟོག་པ་སྦྱངས། སྟོང་པའི་ངང་ལས༔ ནམ་མཁའ་ས་གཞི་ཆོས་འབྱུང་གི་དབུས་སུ༔ པཾ་ལས་པདྨ༔ ཨ་ལས་ཟླ་བ༔ མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡི་གེ་ཨཿདམར་པོ་ཚེག་དྲག་
དང་བཅས་པ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོ༔ སྐུ་མདོག་དམར་མོ་སྤྱི་བོ་ན་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ༔ གཡས་པས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ གྲུ་མོ་ན་ཁ་ཊྭཱཾ་ག་བརྟེན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བའི་རྟིང་པ་བྷ་ག་ལ་གཏད་པ༔ ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཕྱེད་འགྱིང་གིས་བཞུགས་པ༔ བགེགས་དཔུང་ཐམས་ཅད་ཟིལ་གྱིས་གནོན་ཅིང༔ རང་འོད་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བརྗིད་པ༔ ཕྱི་ནང་ཟང་ཐལ་གྱི་དབུས་སུ༔ དབུ་རྐྱང་རོ་གསུམ་ཀ་བའི་ཚུལ་དུ་ཟུག་པའི་འདུས་མདོར་ཉི་མའི་དཀྱིལ་འཁོར་ལ་མེའི་ས་བོན་རཾ་གཉིས་གཤིབ་མར་གནས་པ༔ རོ་རྐྱང་གི་རྒྱུ་བ་ཆེར་འབར་ཞིང་རྩ་འཁོར་ལྔ་ཡང་སྣང་ལ་རང་བཞིན་མེད་པར་བསྐྱེད་པའི་ལྟེ་བར་མ་ཧ་རི་ནི་ས་དང་ཧྲཱིཿར་ཙ་ཧྲི་ཡ་རྣམས་གཉིས་གཉིས་ཀྱིས་མཚན་པ་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་གནས་ཡུལ་གྱི་
དཔའ་བོ་རྣལ་འབྱོར་མ་རྣམས་ཨ་ཤད་མེའི་རྣམ་པར་དམར་འཁྱུག་འཁྱུག་སྤྱན་དྲངས་ཏེ་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་མོས་འདུན་རྩེ་གཅིག་ཏུ་གྱིས་ཤིག༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བསྡུ་ན་དེ་ཙམ་མམ། རྒྱས་པ་ངག་འདོན་ལྟར། ཨོཾ་ཨཱཿཧཱུྃ་ཧྲཱི༔ གདོད་ནས་ཡེ་གསལ་སྣང་སྲིད་ཆོས་དབྱིངས་ཀློང༔
མདངས་གསལ་གཞོན་ནུ་བུམ་སྐུའི་ལྷ་ཚོགས་རྣམས༔ འཕོ་མེད་ལོངས་སྐུའི་ཚོམ་བུར་ལམ་མེར་གསལ༔ ཀུན་བཟང་ཡབ་ཡུམ་སྣང་མཐའ་ན་བཟའ་དཀར༔ རྟ་ཕག་ཡབ་ཡུམ་རིག་འཛིན་གཙོ་མཆོག་ནི༔ ཨོ་རྒྱན་ཡབ་ཡུམ་ཁྲག་འཐུང་བདུད་འདུལ་གླིང༔ ཀློང་གསལ་སྙིང་པོ་མངྒ་རསྨིའི་མཚན། །ཆོས་ཉིད་རྒྱ་མཚོ་ནམ་མཁའ་རྒྱ་མཚོ་དང་། །བཀྲ་ཤིས་མཚན་ཅན་རྩ་བའི་བླ་མའི་ཞབས།་་་སྤྲུལ་སྐུ་སྙིང་ཐིག་ལྟར་ན། མངྒརསྨི་ཨོ་རྒྱན་རྣམ་གྲོལ་དང་། །བརྩོན་འགྲུས་རྒྱ་མཚོ་རྩ་བའི་བླ་མའི་ཞེས་ཁ་བསྒྱུར་རོ། །མཆན། དགོངས་བརྡ་སྙན་བརྒྱུད་དགུ་ལྡན་བླ་མ་དང༔ རིག་འཛིན་གྲུབ་ཐོབ་རྒྱལ་བ་རྒྱ་མཚོའི་ཚོགས༔ རྡོ་རྗེ་ཕག་མོ་རིགས་བཞིའི་མཁའ་འགྲོ་དང༔ རྩ་གསུམ་སྐུ་གསུམ་རྩ་བརྒྱུད་བླ་མ་དང༔ བར་ཆད་ཀུན་སེལ་ཉེ་མགོན་ཡབ་ཡུམ་དང༔ མ་སྲིང་དམ་ཅན་རྒྱ་མཚོ་འཁོར་བཅས་རྣམས༔ ཆོས་དབྱིངས་མཁའ་ལ་འཇའ་འོད་ལམས་སེ་ལམ༔ ཐུགས་རྗེའི་བྱིན་རླབས་ན་བུན་ཐུ་ལུ་ལུ༔ སྐུ་ཡིག་ཕྱག་མཚན་མེ་དཔུང་ཐོ་རོ་རོ༔ དབང་བྱིན་དྲག་སྔགས་རུ་ལུ་ཏི་རི་རི༔ བག་ཆགས་སྲེག་བྱེད་མེ་དཔུང་ལྷབས་སེ་ལྷབ༔ དྲི་མེད་
རས་དཀར་འདི་ལ་བྱིན་ཕོབ་ཅིག༔ ཕུང་ཁམས་བདེ་དྲོད་མེ་དཔུང་འཁྱིལ་ལི་ལི༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་སྐུར་ཅིག༔ ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས༔ ངག་ལ་ནུས་པ་ཐོབ་པར་བྱིན་གྱིས་རློབས༔ རིག་པའི་རྩལ་དབང་ཐོབ་པར་བྱིན་གྱིས་རློབས༔ རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས༔ སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འགྲུབ་ནས་ཀྱང༔ སྣང་བ་བཞི་རྫོགས་འཕོ་མེད་དབྱིངས་སུ་ཨ༔ ཨོཾ་སརྦ་མ་ཧཱ་གུ་རུ་དེ་ཝ་ཌཱཀྐི་ནཱི༔ མ་ཧ་རི་ནི་ས༔ ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་བྱིན་དབབ་པར་བྱའོ། །མཐར་བརྟན་པར་བྱ་བ་ནི། རྡོ་རྗེ་མེ་ཏོག་དང་བཅས། ཏིཥྛ་བཛྲ༔ ཞེས་བརྗོད། དབང་དངོས་ནི། ཐོག་མར་འཇུག་པའི་སླད་དུ་འདིའི་རྗེས་ཟློས་གྱིས་ཤིག །ཨེ་མ༔ རིགས་ཀྱི་བདག་ཉིད་བླ་མ་རིན་པོ་ཆེ༔ བདག་ཅག་སྣོད་ལྡན་བུ་མཆོག་ལ༔ ཟག་མེད་རྡོ་རྗེའི་དབྱིངས་ཀློང་མཆོག་བསྒྲུབ་ཕྱིར༔ བདེ་གསང་གཏུམ་མོའི་གཟི་བྱིན་བསྩལ་དུ་གསོལ༔ དེ་ནས་བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ གཞོན་ནུ་བུམ་སྐུ་འཕོ་མེད་ཆོས་དབྱིངས་ཀློང༔ རང་སྣང་
འཇའ་ཟེར་མེ་དཔུང་དུར་ཁྲོད་དབུས༔ རིགས་བཞི་མཁའ་འགྲོ་འབུམ་ཕྲག་རྒྱ་མཚོའི་གཙོ༔ ཀུན་བཟང་རྡོ་རྗེ་ཕག་མོའི་དབང་རྫོགས་ཤོག༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་མ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཕྱི་རྣམ་པར་དག་པ་བུམ་པའི་རྣམ་པ་ལ༔ ནང་ལྟར་ན་རང་སྣང་ཡེ་ཤེས་ལས་གྲུབ་པའི་ཐར་པ་ཆེན་པོ་ལྷའི་གཞལ་ཡས་ཁང༔ གསང་བ་ལྟར་ན་རང་བྱུང་གི་ཡེ་ཤེས་ལས་གྲུབ་པའི་དུར་ཁྲོད་ཆེན་པོ་རབ་འཇིགས་འབར་བའི་གཞལ་ཡས་ཁང་གི་དབུས་སུ༔ པདྨ་དང་ཉི་ཟླ་འབར་བའི་སྟེང་དུ་དབྱིངས་གསལ་རྡོ་རྗེ་ཕག་མོ་ལ་རིགས་བཞི་མཁའ་འགྲོ་ལ་སོགས་ཌཱཀྐི་བྱེ་བ་ས་ཡས་བསྐོར་བ༔ ཁྱེད་རང་རྣམས་ལ་དབང་བསྐུར་པས༔ ལྷ་ཚོགས་དེ་དག་རྣམས་ཀྱི་སྤྱི་བོ་ནས་སྐུ་ཡི་གཟི་བྱིན་ཨོཾ་དཀར་གྱི་རྣམ་པ་སྐར་མདའ་མཆེད་པ་ལྟ་བུར་འཕྲོས༔ སློབ་མའི་ལུས་ལ་ཕོག༔ ལུས་ཀྱི་སྒྲིབ་པ་དག༔ ལུས་ལྷ་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་མོས་པ་མཛོད་ཅིག༔ བྷནྡྷ་མགྲིན་པར་བཞག་ལ༔ ཧཱུྃ་ཧྲཱི༔ བྷནྡྷ་མཚན་ལྡན་ཆོས་དབྱིངས་བདེ་ཆེན་
ཀློང༔ ཟག་མེད་བཅུད་མཆོག་པདྨ་རཀྟས་བཀང༔ གྲགས་སྟོང་རྡོ་རྗེ་རྒྱལ་ཀུན་ཟབ་གསང་གསུང༔ དོན་དམ་སྤྲོས་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་མ་ཧ་རི་ནི་ས་ཝཱ་ཀ་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱི་ལྟར་བྷནྡྷ་ཆོས་དབྱིངས་ལ༔ ནང་ལྟར་ཟག་མེད་བཅུད་མཆོག་པདྨ་རཀྟ་འཁྱིལ༔ གསང་བ་བཅོམ་ལྡན་ཕག་མོའི་ལྷ་ཚོགས་ཀྱི་མགྲིན་པར་ལྗགས་སྟེང་ཨཱཿདམར་པོ་ལས་ཨཱཿདམར་གྱི་འོད་ཟེར་མར་མེའི་རྩེ་མོ་ལྟ་བུ་འཕྲོས༔ ངག་སྒྲིབ་དག༔ ངག་སྙིང་པོ་བཟླས་པ་ལ་དབང༔ ངག་གི་བདེན་པ་དང་ནུས་སྟོབས་ཕུན་སུམ་ཚོགས་པ་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ ཤེས་རབ་ཡེ་ཤེས་ཀྱི་དབང་ནི༔ རིག་མ་སློབ་བུའི་ལག་ཏུ་གཏད་ལ༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མཆོག༔ ཟག་མེད་དགའ་བཞི་སྟེར་བའི་གནས་སྦྱིན་མ༔ རིགས་ལྔ་ཌཱཀྐི་རྒྱ་མཚོའི་གཙོ་མཆོག་མ༔ བདེ་ཆེན་མཁའ་དབྱིངས་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བེ་རོ་ཙ་ནཱི་མ་ཧ་རི་ནི་ས་ས་མ་ཡ་སིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡབ་ཡུམ་ལྷར་གསལ་ཞིང་
སྙོམས་པར་ཞུགས༔ དགའ་བཞི་ལྷན་སྐྱེས་ཡེ་ཤེས་ཐབས་ཤེས་གཉིས་སུ་མེད་པའི་གཉུག་མའི་དོན་རྟོགས་ནས༔ ཡིད་སྒྲིབ་དག༔ གཏུམ་མོ་ཉི་མའི་དཀྱིལ་འཁོར་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་ཀྱི་སྐུར་སངས་རྒྱས་པར་འགྱུར་རོ༔ དེ་ནས་མེ་ཤེལ་དང་རྨ་བྱའི་མདོངས་མེ་ལོང་གི་ངོས་ལ་བསྟན་ཅིང༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་མེ་ཤེལ་སྒྲིབ་མེད་ལ༔ འགགས་མེད་ལོངས་སྐུ་མེ་ལོང་གཟུགས་བཞིན་གསལ༔ ལྷུན་གྲུབ་སྤྲུལ་སྐུ་རྨ་བྱའི་མདོངས་འོད་ལྟར༔ གཉིས་མེད་ཀློང་གྲོལ་གཞོན་ནུ་བུམ་པའི་སྐུ༔ ཆོས་དབྱིངས་ཡེ་གྲོལ་དུ་མ་རོ་གཅིག་པས༔ འཁོར་འདས་མཉམ་ཉིད་དབྱིངས་རིག་དྭངས་མའི་མདངས༔ འཕོ་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་མ་ཧ་རི་ནི་ས་སརྦ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ་ཕཊཿཕཊ༔ རང་གྲོལ་གྱི་རྟོག་པ་བག་ཆགས་སྐྱེ་མཆེད་དང་བྲལ་བ་སོ་མ་དེ་རང་བྱུང་གི་ཡེ་ཤེས་ཡིན་པས་དེ་ངོ་ཤེས་པར་གྱིས་ཤིག༔ སྒོ་གསུམ་ཐ་དད་དུ་འཛིན་པའི་སྡིག་སྒྲིབ་དག་ནས༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་རོ༔ དེ་ནས་སྦྱོར་བ་བཞི་ལྡན་གྱི་རླུང་འཛིན་
དུ་གཞུག་ལ། འོ་ཁྱོད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་གྱིས་ཤིག༔ རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད་པའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་མེའི་རང་བཞིན་ཚོན་གང་བའི་སྙིང་གར་མེའི་ས་བོན་རཾཿགྱིས་མཚན་པར་སྒོམས༔ ཕྱག་ན་ཌཱ་མ་རུ་དང་དྲིལ་བུ་བསྣམས་པར་སྒོམས༔ རང་གི་སྣ་བུག་ནས་རླུང་དལ་གྱིས་རྔུབས༔ རོ་རྐྱང་གཉིས་ནས་ཉི་མའི་དཀྱིལ་འཁོར་ལ་ཕོག༔ ཨ་ཤད་མེའི་རང་བཞིན་ཨ༔ མེའི་ས་བོན་རཾཿལས་མེ་འབར་བ་རྡོ་རྗེ་ཕག་མོ་ལ་ཕོག༔ ཕག་མོས་བདེ་བ་མ་བཟོད་པས་གར་ཐབས་འཁྱུགས༔ ཌཱ་མ་རུ་དཀྲོལ་བས་ཐུགས་ཀའི་རཾཿལས་མེ་འབར་བས་རང་བཞིན་དབྱིངས་ཀྱི་ཕག་མོ་མེའི་རང་བཞིན་སྤྲིན་ཕུང་འཐིབས་པ་ལྟར་རང་གི་བ་སྤུའི་བུ་ག་རྣམས་སུ་བབ༔ བ་སྤུའི་བུ་ག་ནས་མེ་དཔུང་ཕྱིར་འུར་ནས་མེ་ལྕེ་བུ་གའི་ཕག་མོ་རྣམས་ལ་ཕོག༔ ཕག་མོ་རྣམས་ཀྱིས་མེ་ལྕེའི་རྩེ་ལ་གར་ཐབས་འཁྱུགས་པར་སྒོམས༔ མེ་ལྕེ་བཤང་ལམ་ནས་ཕྱིར་འཕྲོས་པས་ཕྱི་རོལ་ནས་མེ་དཔུང་འུར་སྒྲ་ཚག་སྒྲ་དང་བཅས་པའི་མེས་རང་ལུས་ཁྱབ་པར་སྒོམས༔ མེ་ལྕེའི་རྩེ་མོ་ནས་ཕག་མོ་ཚོན་
གང་བ་གྲངས་མེད་ཀྱིས་གར་སྟབས་འཁྱུགས་པར་སྒོམས༔ མེའི་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དཔག་ཏུ་མེད་པ་འཕྲོས༔ འཇིག་རྟེན་ཁམས་ཀྱི་སྲེག་བྱེད་མེའི་ནུས་པ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་སྒོམས་ཤིག༔ བྱས་ལ། རླུང་ཁུག་རེ་རེ་བཞིན་ནས་མང་དུ་འཛིན། བླ་མས་ཌཱ་དྲིལ་བཅས། རིག་པ་མ་ཡེངས་པར་གཏུམ་མོ་བསྒོམ་དུ་བཅུག་ལ། ཧཱུྃ༔ ངོ་བོ་ཆོས་སྐུའི་ཡེ་ཤེས་ལས༔ རྣམ་པ་ཨ་ཤད་མེ་དཔུང་གི༔ རྩ་འདབ་འཁོར་ལོ་བཞི་བརྟེན་ལ༔ ཟག་མེད་བདེ་དྲོད་ཆི་ལི་ལི༔ དགའ་བཞི་མཆོག་གི་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ནས། གང་དུ་བསྒོམ་པའི་མེ་དཔུང་བ་སྤུའི་ཁུང་བུ་ནས་ཕྱིར་འཕྲོས་པས་སྣང་སྲིད་ཐམས་ཅད་མེའི་རྣམ་པར་སྒོམས་ཤིག༔ བྱས་ལ། མེ་དབང་ནི། དཔལ་འབར་སྦར་བ་ལག་ཏུ་ཐོགས་ལ། ཧཱུྃ་ཧྲཱི༔ དཔལ་འབར་ཡེ་ཤེས་མེ་དཔུང་གཞལ་ཡས་སུ༔ བདེ་ཆེན་ཡེ་ཤེས་ཌཱ་ཀི་སྤྲིན་ཕུང་འཁྲིགས༔ རྩ་གསུམ་དཔའ་བོ་རིག་འཛིན་གྲངས་མེད་ཀྱི༔ གནས་ལྔར་ཡེ་ཤེས་བདེ་གསང་འཁོར་ལྔ་ནས༔
འཇའ་འོད་ཡེ་ཤེས་མེ་དཔུང་ལྷབས་སེ་ལྷབ༔ སྐལ་ལྡན་མཆེད་ལྕམ་རྣམས་ལ་དབང་བསྐུར་བས༔ ལུས་ལ་ཟག་མེད་བདེ་དྲོད་འཇའ་འོད་འཁྱིལ༔ བར་ཆད་བགེགས་དཔུང་ཐམས་ཅད་གཞོབ་ཏུ་བསྲེགས༔ ཟག་མེད་བདེ་དྲོད་འབར་བའི་དབང་རྫོགས་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་བཛྲ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་མེ་དབང་བསྐུར་བ་ཙམ་གྱིས་ཁྱོད་རང་གི་སྤྱི་བོར་མེའི་དྭངས་མ་མ་དཀར་པོ༔ མགྲིན་པར་མེའི་དྭངས་མ་ཧ་དམར་པོ༔ སྙིང་གར་མེའི་དྭངས་མ་རི་སྔོན་པོ༔ ལྟེ་བར་མེའི་དྭངས་མ་ནི་སེར་པོ༔ གསང་གནས་སུ་མེའི་དྭངས་མ་ས་ལྗང་གུ་རེ་བསམས་ལ༔ མེ་དབང་བསྐུར་བ་ཙམ་གྱིས་ལུས་ཀྱི་ས་བོན་རྣམས་དང༔ སྣང་སྲིད་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་གནས་ལྔ་ནས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་བྱུང་ནས༔ སྣང་ཞེན་དངོས་པོར་འཛིན་པའི་བག་ཆགས་ཐམས་ཅད་བསྲེགས༔ ལུས་ཀྱི་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེས་ཁེངས་ནས་ལུས་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུ་ལ་བདེ་དྲོད་ཆི་ལི་ལི་འབར་ཞིང་སྣང་སྟོང་རྡོ་རྗེ་ཕག་མོའི་སྐུར་གྱུར་པའི་མོས་པ་མཛོད་ལ། སྤྲོས་བྲལ་བདེ་བ་ཆེན་
པོའི་ངང་ནས་རླུང་བུམ་ཆེན་ལྡིར༔ རོལ་མོ་རྣམས་དྲག་ཏུ་སྦིར༔ དེས་སྐུ་བཞི་ཡེ་ཤེས་མངོན་དུ་འབྱུང་བར་འགྱུར༔ ཧེ་རུ་ཀའི་དབང་ནི༔ རས་དཀར་དྲི་མེད༔ རུས་པའི་རྒྱན་དྲུག༔ ཐོད་རྔ་རྐང་གླིང་རྣམས་ཐོགས་ལ༔ ཧཱུྃ་ཧྲཱི༔ རང་རིག་འཕོ་མེད་རྡོ་རྗེའི་དབྱིངས་ཀློང་ལ༔ སྣང་སྲིད་དག་པ་རབ་འབྱམས་ཆོས་ཀྱི་སྐུ༔ མ་རྟོགས་འཁྲུལ་པའི་འཁོར་བ་དོང་སྤྲུག་ཕྱིར༔ ཟླ་བྲལ་མཐུ་སྟོབས་ནུས་པའི་དབང་རྫོགས་ཤོག༔ སྣང་བ་གང་ལ་གཏད་མེད་ཀྱི་ངང་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ༔ སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དབང་མཆོག་དམ་པ་དང་ལྡན་པར་འགྱུར་རོ༔ དེ་ནས་བར་ཆད་ཀུན་སེལ་ཕྱིར་གཏོར་མའི་དབང་ནི༔ ཧཱུྃ་ཧྲཱི༔ དཔལ་གཏོར་སྣང་སྲིད་འཇའ་སྐུ་འོད་ཀྱི་ཀློང༔ རིག་འཛིན་རྩ་གསུམ་དཔའ་བོ་མཁའ་འགྲོ་དང༔ མ་ཚོགས་ཌཱཀྐི་གྲངས་མེད་ཚོམ་བུར་གསལ༔ དུར་ཁྲོད་བརྒྱད་སོགས་ཧེ་རུའི་གནས་བཅུ་ཡི༔ ཞིང་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས༔ རྣམ་མང་འཇའ་ཚོན་ལྟ་བུར་བྱིན་ཐིབས་བྱོན༔ དད་ལྡན་བུ་ཡི་བར་ཆད་སེལ་བ་དང༔ ས་ལམ་ཡོན་ཏན་ཡར་ངོ་ལྟར་འཕེལ་ནས༔ གཞོམ་གཞིག་མི་མངའ་རྡོ་རྗེའི་སྐུ་བརྙེས་ནས༔ འཕོ་མེད་འོད་སྐུ་འགྲུབ་པའི་དབང་རྫོགས་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ སརྦ་དྷརྨ་
པཱ་ལ་སརྦ་ཀྵེ་ཏྲ་པཱ་ལ་སརྦ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ འདིས་བསྐྱེད་རྫོགས་ལ་བརྟན་པ་ཐོབ༔ ལུས་བདེ་དྲོད་འབར༔ ངག་ལ་ནུས་པ་ཐོབ༔ སེམས་ལ་ཏིང་ངེ་འཛིན་འཕེལ་ཞིང༔ རང་སྣང་དབང་དུ་འདུ་བ་དང༔ གཞན་སྣང་ཟིལ་གྱིས་གནོན༔ དམ་སྲི་རྒྱལ་འགོང་ལ་སོགས་བདུད་ཀྱི་བར་ཆད་མི་ཚུགས་ཤིང༔ འདྲེ་ངན་ཀུན་སྲུང་ཆེན་པོ་ཡིན་པས༔ དམ་ཚིག་གི་དཀར་ཆས་རས་རྐྱང་དང༔ ཧེ་རུ་ཀའི་ཆས་དང་མ་བྲལ་བར་བྱའོ༔ འདི་ནི་ཤིན་ཏུ་གཉན་པས་གཅིག་བརྒྱུད་དམ༔ ཚུལ་བཞིན་སྒྲུབ་པ་མཁན་ལ་ནན་ཅིང༔ དམ་ཚིག་གཡེལ་མཁན་རྣམས་ལ༔ སྲུང་མ་དམ་ཅན་རྒྱ་མཚོ་ཐམས་ཅད་གཤེད་དུ་འབེབ་པ་དང༔ ཚེའི་དུས་བྱས་ནས་མནར་མེད་པའི་དམྱལ་བར་ལྟུང་ངེས་པས༔ སྐལ་ལྡན་རྣམས་ལ་སྤེལ་རྒྱ༔ སྐལ་མེད་རྣམས་ལ་གསང་རྒྱ༔ བདུད་མགོན་ལྕམ་དྲལ་རྣམས་ཀྱིས་བཀའ་འདི་སྲུངས༔ ཞེས་དམ་བསྒྲགས་མཐར། དེ་ལྟར་མེ་དབང་ཐོབ་ནས་ལས་ལ་སྦྱར་བ་ནི། གྲང་ཐུབ། ཚ་ཐུབ་གཉིས་དང་། དེའི་ཡན་ལག་གོ །དང་པོ་ནི། སྟན་གྱི་སྟེང་དུ་ཐབ་མགལ་དྲུག་པའམ། མེ་ཐབ་དྲུག་འཆིང་དུ་བཅའ་ལ། དེའི་ཚུལ་ནི། ལུས་ཨང་ཚུགས་སུ་བྱས་ཏེ་རྐང་པ་གཡོན་པ་ནང་དང་གཡས་རྒྱབ་ཏུ་བྱས་པའི་ཙོག་
པུར་འདུག་ལ། ལག་པ་ཡང་གཡས་པ་རྒྱབ་ཏུ་བྱས་པའི་གྲུ་མོ་པུས་མོར་གཏད་ལ། རྡོ་རྗེ་འཆང་གི་ཕྱག་རྒྱ་དང་ལྡན་པར་པུས་འཁྱུད་ཀྱིས་བསྡམས་ཏེ། ལུས་བདུད་རྩི་ལྔ་ཡིས་བཀྲུས་ནས་རས་དཀར་དྲི་མ་མེད་པ་ཆུ་ལ་བཅུག་པ་གྱོན་ལ། དམིགས་པ་འདི་བཞིན་དུ་དགོས་ཏེ། སྔར་བཞིན་རྡོ་རྗེ་ཕག་མོ་བསྐྱེད་ལ་ལྟེ་བའི་ཕག་མོ་ལས་དཔེར་ན་གཙུབ་ཤིང་ངམ་མེ་ཤེལ་ལས་མེ་འབྱུང་བ་ལྟར་རྩ་འདབ་འཁོར་ལོ་བཞི་བཅས་མེས་ཁེངས་པས་ལུས་ཀྱི་ནང་ཐམས་ཅད་མེ་དམར་འུར་འུར་འབར། དེ་ལས་མེ་སྟགས་ལྕགས་ཀྱུའི་རྣམ་པར་བཤང་ལམ་ནས་ཕྱིར་ཐོན་པས་ཕྱི་རོལ་ཐམས་ཅད་མེ་རིའི་ གུར་ཁང ་དམར་ནག་ཏུ་འཁྲིགས་ཏེ་འུར་ཏི་རི་རི་འབར་བར་བསམ་ལ་དྲག་ཏུ་རླུང་ལ་འབད་པ་ཐོན་པར་བྱའོ། །ཐུན་འཇོག་ཁར་ཕྱིའི་མེ་རིའི་གུར་ལྟེ་བའི་མཁའ་འགྲོའི་ཐུགས་ཀར་ཐིམ། མཁའ་འགྲོ་མེ་རི་རཾཿབཅས་ཨ་ཤད་ལ་ཐིམ་པར་བསམ་ལ་སྟོང་ཉིད་བདེ་བ་ཆེན་པོའི་རྒྱས་ཐེབས་པར་བྱའོ། །གཉིས་པ་ནི། དབྱར་ཚ་བ་ཆེ་བའི་དུས་སུ་ཚད་པའི་ནད་ཕོག་པ་ལྟ་བུ་ལ་ཆུ་རླུང་དུ་འཛིན་ལ་ལས་ལ་སྦྱར་བའོ། །གསུམ་པ་ནི། མ་ཞུ་བ། དུག་ཐབས་སོགས་ལ་ཆུ་རླུང་མང་བས་སྐྱུགས་གཏང་བ་
དང་། ཆུ་རླུང་དང་བཅས་ཕོ་སྐོར་གྱི་འདྲེན་གཏང་བ་སོགས་སོ། །རྗེས་ཀྱི་དམ་ཚིག་ཏུ་ལུས་ལ་བཀུ་མཉེ་བྱའོ། །དེ་ནས་མཐའ་རྟེན་རྣམས་དང་། བཀྲ་ཤིས་པའི་ཚིགས་སུ་བཅད་པས་དགེ་ལེགས་སུ་བྱས་ལ་མཐར། དེ་ལྟར་རྡོ་རྗེ་ཐེག་པའི་མྱུར་ལམ་ཁྱད་པར་དུ་འཕགས་པ་གཏུམ་མོའི་རྣལ་འབྱོར་གྱི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་གཟུང་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །དང་མཎྜལ་ཕུལ། དགེ་བ་བསྔོ་བས་མཐའ་བརྒྱན་པར་བྱས་ལ། རྗེས་ཀྱི་གཏང་རག །མཆོད་བསྟོད། ནོངས་བཤགས། གཤེགས་བསྡུ། བཀྲ་ཤིས། བསྔོ་བ། སྨོན་ལམ་སོགས་ཀྱིས་མཐའ་བསྡུ་བར་བྱའོ། །དེ་ལྟར་གཏེར་ཆེན་ཟུང་གིས་རང་སྐལ་དུ་བཞེས་པའི་ཟབ་ཆོས་ལ་རང་བཟོའི་གཟུ་ལུམ་རས་ཆོད་ལྟ་བུ་མ་ཡིན་པར། དད་པ་གསུམ་གྱིས་ཀུན་ནས་བསླངས་ཏེ་རྣམ་པར་དཀར་བའི་བསམ་པས་དགོས་པའི་ཆ་རྣམས་ཕན་ཚུན་དུ་ཁ་བསྐངས་ཏེ་ནག་འགྲོས་བཀླག་ཆོག་ཏུ་སྦྱོར་བ་པོ་ནི་ཀཿཐོག་པའི་བྲན་དུ་སྐྱེས་པ་ངེས་དོན་དབང་པོས་མདོ་ཁམས་རྡོ་རྗེའི་གདན་དུ་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ།། །།