ལྟ་བའི་བརྗེད་བྱང་ཆེན་མོ།
༄༅། །ངྷརྨ་བྷ་དྲས་མཛད་པའི་ལྟ་བའི་བརྗེད་བྱང་ཆེན་མོ་བཞུགས།
༄༅། །སྤྱིར་གང་ཟག་རྣམས་ཀྱི་ལྟ་བའི་བྱེ་བྲག་ལ། ཐར་བ་སྒྲུབ་པར་འདོད་པ་དང་མི་འདོད་པ་ཞེས་གྲགས་པ་དང་། འཇིག་རྟེན་ཕལ་པ་དང་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་ལྟ་བ་ཞེས་གྲགས་པ་ཡང་ཡོད། ནང་པ་སངས་རྒྱས་པས་བརྟགས་པ། འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ལྟ་བ་ཞེས་གྲགས་པ་ཡང་ཡོད་ན། དེ་དག་ལས་འདིར་མདོར་བསྡུས་པ་ཅུང་ཟད་ཙམ་བརྗོད་པ། བཤེས་གཉེན་དང་ལུང་ལ་བརྟེན་པ་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་ལྟ་བ་དང་། འཇིག་རྟེན་ཕལ་པའི་ལྟ་བ་བསྟན་ཆོས་ཀྱིས་བློ་མ་བསྒྱུར་བ་གཉིས་ཀྱི་དབང་དུ་བྱས་ཏེ་དབྱེ་ན། འཇིག་རྟེན་ཕལ་པའི་ལྟ་བ་ནི། ཕྱི་ནང་གི་དངོས་པོ་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་འདི་ལ་དངོས་བདག་ཏུ་ལྟ་སྟེ། དེ་ཡང་ལུས་ལ་བརྟེན་ནས་བདག་ཏུ་ལྟ། དེ་དང་འབྲེལ་བ་ལ་བརྟེན་ནས་བདག་གིར་ལྟ། མ་འབྲེལ་བ་ལ་བརྟེན་ནས་གཞན་དུ་ལྟ་སྟེ། དེ་ལྟར་དངོས་པོ་གསུམ་དུ་ཡང་དག་པར་གྲུབ་པར་ལྟའོ། །དེ་ལ་བདག་ཏུ་ལྟ་བ་དེ་ཡང་མཚན་ཉིད་རྣམ་པར་དཔྱད་པ་ མེད་པར་བདག་ཏུ་ལྟ་སྟེ། མདོ་ལས། བྱིས་པ ་སོ་སོའི་སྐྱེ་བོ་རྣམས་ཐོག་མ་མེད་པའི་དུས་ནས་ བདག་གི་མཚན་ཉིད་ལ་རྣམ་པར་དཔྱད་པ་མེད ་པར། བདག་གོ་སྙམས་པའི་བློ་ཀུན་ནས་འབྱུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་གཅིག་རྟག་ཏུ་ལྟ་སྟེ། དེ་ལ་གཅིག་པུར་ལྟ་བ་ནི། འགྲོ་བ་རྣམས་འདི་སྙམ་དུ་རང་གཅིག་པུ་སྙམ་པའི་བློ་རྟག་ཏུ་སྐྱེའི། ང་གཉིས་སམ་ང་མང་པོ་ཡོད་པའི་བློ་སྐྱེ་མི་སྲིད་དོ། །༼དེ་ཡང་ལུས་ལ་དམིགས་ནས་བདག་ཏུ་ལྟ། གནས་དང་སྤྱོད་པ་ལ་རང་དང་འབྲེལ་པས་བདག་གིར་ལྟ། དེ་བཞིན་དུ་མ་འབྲེལ་བ་ལ་བརྟེན་ནས་གཞན་དུ་ལྟའོ། །དེ་ཡང་ཚུལ་འདི་ལྟར་ལྟ་སྟེ། བདག་ལས་གཞན་ནི་བདག་མ་ཡིན། བདག་ནི་གཞན་མ་ཡིན་སྙམས་པའོ། །མཉམ་པོར་ལྟ་བ་ནི། ངའི་ལུས་ངའི་སེམས་ཞེས་བྱ་བ་བྱེ་བྲག་ཕྱེ་ཡང་བདག་ཏུ་མཉམ་ཤིང་དུ་མར་སོང་བའི་བློ་མི་སྐྱེའོ། །ཁྱབ་པར་ལྟ་བ་ནི། ལུས་དང་སེམས་ལ་བྱེ་བྲག་ཇི་ལྟར་ཕྱེ་བ་ནི་བདག་ལས་གྱེས་ཤིང་གུད་དུ་སོང་བའི་བློ་མི་སྐྱེའོ། །བྱེད་པ་པོར་ལྟ་བ་ནི། དུད་འགྲོ་མན་ཆད་བྱེད་པ་པོར་ལྟ་ཞིང་ཆགས་པའི་དབང་གིས་བྱ་བ་སྣ་ཚོགས་ལ་འཇུག་པའི་བློ་འབྱུང་སྟེ། ལས་སྣ་ཚོགས་མངོན་པར་འདུ་བྱེད་དོ། །འདུ་བྱེད་པའི་དབང་གིས་ལས་ཀྱི་བག་ཆགས་གསོག་གོ །ལས་ཀྱི་བག་ཆགས་ཀྱི་དབང་གིས་རྣམ་པར་སྨིན་པ་གྲུབ་པ་དང་རྣམ་ཤེས་སྐྱེ་བར་འགྱུར་རོ། །དེས་སྲིད་པའི་ཉིང་མཚམས་སྦྱོར་བ་རྒྱུན་མི་ཆད་པར་གྲུབ་བོ། །དེ་ཀ་ལ་གང་ཟག་ཅེས་བྱའོ། །རིལ་པོར་འཛིན་པ་ཞེས་ཀྱང་བྱའོ། །༽རྟག་པར་ལྟ་བ་ནི། འདི་སྙམ་དུ་གཞོན་ནུ་དང་དར་ལ་བབ་པ་དང་། རྒས་པ་ལ་སོགས་པའི་གནས་སྐབས་སུ་ཡང་ལུས་འགྱུར་བ་དམིགས་ཀྱང་། ང་ནི་གཞོན་ནུ་ཙམ་གྱི་ང་ཉིད་ཀྱང་ད་ལྟའི་ང་འདི་ཉིད་ཡིན་ནོ། །སྙམ་དུ་རྟག་པའི་བློ་འབྱུང་ལ། དེ་བཞིན་དུ་ཚེ་སྔ་མ་ནས་འདི་རུ་སྐྱེས། འདི་ནས་སྐྱེ་བ་གཞན་དུ་འཕོ་སྙམ་སྟེ། ང་སྔ་ཕྱི་དུམ་བུར་སྐྱེ་བའི་བློ་སྐྱེ་མི་སྲིད་དོ། །བཤེས་གཉེན་དང་ལུང་གིས་བསྒྱུར་བའི་ལྟ་བ་ལ་གཉིས་ཏེ། ཕྱི་རོལ་མུ་སྟེགས་ཅན་དང་། ནང་པ་སངས་རྒྱས་པའོ། །དེ་ལ་ཕྱི་རོལ་པ་ནི། འཇིག་རྟེན་ཕལ་པའི་བདག་དེ་ཉིད་གཞིར་བྱས་ཏེ། མཚན་ཉིད་ཀུན་ཏུ་བརྟགས་ནས། བདག་རྟག་གོ་ཞེའམ། བདག་ཆད་དོ་ཞེས་འབྱེད་དོ། །དེ་ལྟར་བདག་ཏུ་ལྟ་བར་མཚུངས་ཀྱང་འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་ལ་རྒྱུ་གང་ལས་བྱུང་བར་སྨྲ་བ་ནི་མི་མཐུན་ཏེ། ཁ་ཅིག། །འཇིག་རྟེན་འདི་ནི་དབང་ཕྱུག་གིས་སྤྲུལ་ཏོ། །ཞེའོ། །དེ་བཞིན་དུ་ཁ་ཅིག། །བདག་བྱེད་པ་པོས་བྱས་སོ། །ཞེའོ། །ཁ་ཅིག། །རང་བཞིན་ཞེས་བྱ་བ་མངོན་དུ་བྱར་མི་ནུས་པ། དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཞིག་ལས་བྱུང་ངོ་། །ཞེའོ། །ཁ་ཅིག། །རྒྱུ་མེད་པ་ལས་གློ་བུར་དུ་བྱུང་སྟེ། དེ་ལས་འབྲས་བུ་སྐྱེད་པའི་བྱ་བ་མི་འདོད་དོ། །ཞེས་ཆད་པར་ལྟའོ། །ཁ་ཅིག་ནི། དུས་ཀྱི་དབང་ལས་བྱུང་ངོ་ཞེས་དུས་རྒྱུར་ལྟའོ། །དེ་ལ་བདག་དང་བདག་གིར་ལྟ་བ་ཐམས་ཅད་ཀྱང་གཞི་ཕུང་པོ་ལྔ་ལ་བརྟེན་ནས་ལྟ་སྟེ། དེ་ཡང་བདག་ཏུ་ལྟ་བ་གཅིག །བདག་གིར་ལྟ་བ་གསུམ་སྟེ་བཞི། གཞི་ཕུང་པོ་ལྔས་ཕྱེ་བས་འཇིག་ཚོགས་ཀྱི་རི་བོ་ཉི་ཤུར་འགྱུར་རོ། །དེ་ལ་བདག་ཏུ་ལྟ་བ་ནི། འདི་ལྟར་གཟུགས་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བདག་ཡིན་ཏེ་བདག་པོ་དང་འདྲ་ཞེས་བྱ་བའི་བར་དུའོ། །བདག་གིར་ལྟ་བ་གསུམ་ལ། ཕུང་པོ་ལྔ་བདག་གིར་བྱེད་པར་ལྟ་བ་ནི། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲ་ཞེས་བྱ་བ་རྣམས་སོ། །བདག་ཕུང་པོ་ལྔ་དང་ལྡན་པར་སྨྲ་བ་ནི། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་ཞེས་པ་ནས། །བདག་རྣམ་པར་ཤེས་པ་དང་ལྡན་ཏེ་རྒྱན་དང་འདྲ་ཞེས་པ་རྣམས་སོ། །ཕུང་པོ་ལྔ་བདག་གི་གནས་སུ་ལྟ་བ་ནི། །བདག་གཟུགས་ལ་གནས་ཏེ་སྣོད་དང་འདྲ་ཞེས་པ་ནས། བདག་རྣམ་པར་ཤེས་པ་ལ་གནས་ཏེ་སྣོད་དང་འདྲ་ཞེས་བྱ་བའི་བར་དུ་ལྟ་བ་རྣམས་སོ། །དེ་ལ་བདག་གིར་ལྟ་བ་འདི་རྣམས་ལ། ཁ་ཅིག་བདག་དང་ཕུང་པོ་འབྲེལ་ཞིང་ལྡན་པར་སྨྲའོ། །ཁ་ཅིག་བདག་གཟུགས་དང་ལྡན་པ་མ་ཡིན་སེམས་དང་ལྡན་པ་མ་ཡིན་ཞེས་སྨྲའོ། །ཁ་ཅིག་ནི་བདག་གམ་སྐྱེས་བུ་ནི་གདོད་མ་ནས། རང་དག་པར་བྱུང་བས་གང་གིས་ཀྱང་མ་བསྐྱེད་པ། སྐྱེ་བ་མ་ཡིན། བྱས་པ་མ་ཡིན། གང་ཡང་མི་སྐྱེད་པས་རང་བཞིན་རྒྱུ་མ་ཡིན་ཏེ། དེ་བས་ན་སྐྱེས་བུ་མངོན་པར་འདུས་མ་བྱས་པ། སྐྱེ་བ་མེད་པ། འགག་པ་མེད་པ། ཀ་དག་པའི་རང་བཞིན་དུ་གནས་པ། དུས་གསུམ་དུ་འཕོ་འགྱུར་མེད་པ་སྟེ། འདི་ལ་རྟག་ཏུ་གོམས་པར་བྱས་ན་གྲོལ་བར་འགྱུར་རོ། །ཞེས་དྲང་སྲོང་སེར་སྐྱ་བ་སྨྲ་སྟེ། དྲང་སྲོང་སེར་སྐྱ་བའི་ལུང་ལས། རང་བཞིན་གང་ཞིག་མཐོང་བ་མིན། །ཡོན་ཏན་གསུམ་ཚོགས་ཀུན་ཏུ་སྐྱེད། །དེ་ལས་བཟློག་པ་སྐྱེས་བུ་ཉིད། །དེ་ལ་རྟག་ཏུ་གོམས་པར་གྱིས། །ཞེས་འདོད་དེ་དེ་ལྟར་ལྟའོ། །རྣམ་པར་ཤེས་པ་ཉིད་བདག་ཏུ་ལྟ་བའི་རིགས་ལས། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ཞེས་བྱ་བ་ནི། འདི་སྐད་དུ། སྲིད་པ་གསུམ་གྱི་འགྲོ་བ་ཐམས་ཅད་དང་རྣམ་པར་གྲོལ་བ་ཐམས་ཅད་ཀྱི་སེམས་ནི་གཅིག་པ་ཡིན། རྟག་པ་ཡིན། རང་བཞིན་དག་པ་ཡིན་ཏེ་ཐ་དད་དུ་དབྱེ་བ་མེད་དོ། །འཇིག་རྟེན་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་སེམས་ཉིད་ཡིན་ཏེ། འོན་ཀྱང་སེམས་ཀྱི་རང་བཞིན་སྣ་ཚོགས་སུ་འགྱུར་བ་མེད་དོ། །དེ་ལ་བརྒལ་བ། འོ་ན་འགྲོ་བ་གཅིག་གྲོལ་བས་ཀུན་གྲོལ་བར་ཇི་ལྟར་མི་འགྱུར། འགྲོ་བ་གཅིག་བཅིངས་པ་དང་སྡུག་བསྔལ་བས་ཀུན་བཅིངས་པ་དང་སྡུག་བསྔལ་བར་ཅིས་མི་འགྱུར་ཞེས་རྒྱུད་ཐ་དད་དུ་འདོད་པ་རྣམས་ཀྱིས་བརྒལ་བ་དང་། དེ་ལ་འདི་སྐད་དུ། འོ་ན་བུམ་པ་གཅིག་གི་ནང་དྲི་མས་གང་བས། ནམ་མཁའ་དྲི་མས་གང་བར་འགྱུར་རམ། བུམ་པ་གཅིག་གི་ནང་དུ་བཅུད་དང་སྨན་གྱིས་གང་བས། ནམ་མཁའ་བཅུད་དང་སྨན་གྱིས་གང་བར་འགྱུར་རམ། བུམ་པའི་ནམ་མཁའ་དང་། ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་ལ་ངོ་བོ་ཐ་དད་ཡོད་དམ། འགྲོ་བ་བཅིངས་པ་དང་གྲོལ་བར་མཐོང་བ་ནི་སེམས་ཀྱི་རང་བཞིན་མ་མཐོང་བས། གྲོལ་བ་དང་བཅིངས་པ་ཐ་དད་དུ་མཐོང་བར་ཟད་དེ། སེམས་ཀྱི་རང་བཞིན་མཐོང་ན་ཐ་དད་མེད་དེ་ཐམས་ཅད་གཅིག་པ་ཡིན་ནོ། །གཅིག་པོ་དེ་ནི་སྣ་ཚོགས་ཐམས་ཅད་དུ་ཁྱབ་པ། རྟག་པ། དག་པ་ཡིན་ནོ། །ཞེས་ལྟའོ། །ལྟ་བ་དེ་རྣམས་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པ་འཇིག་རྟེན་གྱི་ལྟ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི། བདག་འབའ་ཞིག་པའི་སྟོང་པ་ཞེས་བྱ་བ་དེ་ཡིན་པར་བཤད་དེ། དེའི་ལྟ་བ་ནི་འདི་སྐད་དུ། འཇིག་རྟེན་ཕྱི་ནང་གི་དངོས་པོ་ལས་དང་ཉོན་མོངས་པའི་དྲ་བས་ཀུན་ནས་དཀྲིས་པའི་བསླུ་བ་ཡིད་བརྟན་དུ་མི་རུང་བ་འདི་ནི། ཡང་དག་པར་ཡོད་པ་མ་ཡིན་ཏེ། ཡང་དག་པར་ཡོད་པ་ནི། བདག་ཅེས་བྱ་བ་ཕྲ་བ་མི་གསལ་བ་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཞིག་ལུས་སོ། །དེ་ཡང་ཕྲ་སྟེ་དེ་ནི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བ། མི་གསལ་ཏེ་དེ་ནི་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པའི་བློས་མངོན་དུ་བྱར་མི་ནུས་པ། ལྷ་ཆེན་པོ་ཐམས་ཅད་མཁྱེན་པ་རྣམས་དང་། །དྲང་སྲོང་ཆེན་པོ་ལྔ་མངོན་པར་ཤེས་པ་དང་ལྡན་པ་རྣམས་ཀྱིས་བཤད་པའི་ལུང་གིས་གྲུབ་པ། ལས་དང་ཡོན་ཏན་ཙམ་ལས་རྗེས་སུ་དཔག་པར་བྱའོ། །དེ་ཡང་རང་བཞིན་ནི་མི་འགྱུར། གནས་སྐབས་ནི་འགྱུར་དུ་རུང་སྟེ། བདག་ཀུན་ནས་ཉོན་མོངས་པར་ཡང་འགྱུར་དུ་རུང་། རྣམ་པར་བྱང་བར་ཡང་འགྱུར་དུ་རུང་ངོ་། །དེ་ལ་བདག་ཀུན་ནས་ཉོན་མོངས་པར་བྱེད་པ་ནི། བདག་གི་བྱེད་པ་ངན་པ། ཡིད་ལ་བྱ་བ་ངན་པ་ལ་ཞུགས་པས། འདོད་པ་ལ་ཆགས་ཤིང་སྲེད་པའི་དབང་གིས་མི་དགེ་བ་བཅུའི་ལམ་ལ་སྤྱོད་ཅིང་། འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཤིང་ཞེན་པས་སྲེད་པ་དང་། མཚན་མ་སྣ་ཚོགས་སུ་འཛིན་ཅིང་ཞེན་པའི་དབང་གིས། བདག་དེ་ཀུན་ནས་ཉོན་མོངས་པར་འགྱུར་རོ། །བདག་དེ་རྣམ་པར་བྱང་བར་བྱེད་པ་ནི། བདག་གི་བྱེད་པ་བཟང་པོ། ཡིད་ལ་བྱ་བ་བཟང་པོ་ལ་ཞུགས་པས་སྡིག་ཏོ་མི་དགེ་བའི་ཆོས་རྣམས་སྤངས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས། འདོད་པ་ཐམས་ཅད་ལ་མ་ཆགས་པའི་དྲང་སྲོང་གི་དཀའ་ཐུབ་བཟུང་བ་དང་། བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པར་བྱས་ཏེ། མཚན་མ་ཅི་ཡང་མི་འཛིན་པའི་སྙོམས་པར་འཇུག་པ་ལ་གནས་པས་བདག་རྣམ་པར་བྱང་བར་འགྱུར་རོ། །ཞེས་འདོད་དོ། །སྤྱིར་རྟག་ཆད་གཉིས་སུ་ལྟ་བའི་གཞི་ནི། རྟག་པར་ལྟ་བ་རྣམས་ནི། ཚངས་པ་ཆེན་པོ་རྟག །དབང་སྒྱུར་གྱི་ལྷ་རྟག །བདག་རྟག །རང་བཞིན་རྟག །རྡུལ་ཕྲ་རབ་རྟག །དེ་རྣམས་ལས་མི་རྟག་པའི་འཇིག་རྟེན་མངོན་པར་གྲུབ་བོ་ཞེའོ། །ཆད་པར་ལྟ་བ་རྣམས་ནི། རྒྱུ་མེད། འབྲས་བུ་མེད། བྱེད་རྩོལ་མེད། ཡོན་ཏན་ཁྱད་པར་ཅན་མེད་དོ། །ཞེས་འདོད་དོ། །ལྟ་བ་དེ་དག་ཐམས་ཅད་བསྡུས་ནས་སངས་རྒྱས་པས་འཇིག་རྟེན་པའི་ལྟ་བ་ཞེས་བཏགས་ཏེ། གང་གི་ཕྱིར་དེ་དག་ཀུན་གྱིས་བདག་ཏུ་ལྟ་བ་མ་བཏང་བས། འཇིག་རྟེན་ལས་འདའ་བར་མི་ནུས་ཏེ། འདི་ལྟར་བདག་བྱེད་པ་ལ་ཆགས་པའི་བློའི་རུམ་དུ་ཞུགས་པས་དེའི་བྱ་བ་ངན་པ་རྣམས་ཀྱང་མི་ལྡོག་གོ །དེ་ལྟར་ལས་མ་ལོག་པས་ལས་ཀྱི་རྣམ་པར་སྨིན་པའི་ཚེ་མི་ལྡོག་སྟེ། ལས་དང་ཚེ་ལས་མ་གྲོལ་ན་ཐ ར་བ་ཐོབ་པར་མི་འགྱུར་རོ། །ཞེས་སངས་རྒྱས་པ་འདོད་དོ། །སངས་རྒྱས་པ་རང་གི་གཞུང་གིས། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི། རྒྱུ་དང་འབྲས་བུའི་མཚན་ཉིད་ནི་ཐེག་པ་ཆེ་ཆུང་མེད་པས་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དུ་སྨྲ་སྟེ། འདི་སྐད་དུ། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་དག་ནི། དབང་ཕྱུག་གིས་མ་སྤྲུལ། བྱེད་པ་པོས་མ་བྱས། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་མ་བྱུང་། དུས་ཀྱིས་མ་བསྒྱུར་ཏེ། རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ཙམ་ལས་གྲུབ་པ། རྒྱུ་འབྲས་བུ་ལ་ལྟོས། འབྲས་བུ་རྒྱུ་ལ་ལྟོས་ཏེ། རང་གྲུབ་པ་མེད་པ། རྒྱུ་དང་རྐྱེན་འཚོགས་ན་ནི་འབྲས་བུ་སྐྱེ་བ། མ་འཚོགས་ན་ནི་སྐྱེ་བར་ཡང་མི་འགྱུར་བ། རྒྱུ་ལ་བར་ཆོད་ཀྱི་གེགས་མི་སྲིད་པའི་རྒྱུ་ཡང་མི་སྲིད་དེ་རྐྱེན་ལ་རག་ལས་པ་ཙམ་མོ། །དེ་ལྟ་བས་ན། འཇིག་རྟེན་ཀུན་འབྱུང་བ་དང་། སྡུག་བསྔལ་གྱི་ཆོས་ཐམས་ཅད་ལས་འདས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགྱུར་དུ་རུང་ངོ་། །ཞེས་འདོད་པ་ནི་མཐུན་ནོ། །དེ་བས་ན་སངས་རྒྱས་པ་ཐམས་ཅད་ཉོན་མོངས་པ་རྣམས་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བ་ཡིན་ཏེ། འདི་སྤངས་ནས། སྟོང་ པ་དང་། བདག་མེད ་པའི་ལྟ་བ་ལ་གནས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། །སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བར་འདོད་པ་མཐུན་ནོ། །དེ་ལ་སངས་རྒྱས་པ་ནང་གི་བྱེ་བྲག་ནི། ཉན་ཐོས་དག་འདི་སྐད་དུ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཞེས་ཟེར་ཏེ། འཇིག་རྟེན་ཕྱི་ནང་གི་དངོས་པོ་འདི་ལ་བདག་ཅེས་བྱ་བ་ནི་སྐྲའི་རྩེ་མོ་འབུམ་གྱི་ཆ་ཙམ་ཡང་གཏན་མེད་དེ། ཕུང་པོ་ཙམ་དུ་ཟད་པས། བདག་གཅིག་པུ་མེད་དེ་དུ་མ་འདུས་པ ་ཙམ་མི་རྟག་པའི་མཚན་ཉིད་དོ། །དེ་ཡང་གཉེན་པོས་བཅོམ་ན་དེ་ལྟ་བུའི་བློ་མི་འབྱུང་བ་དང་། བློ་ཡིས་གཞན་བསལ་ན་དེ་ལྟ་བུའི་བློ་མི་འབྱུང་བ་ནི། ཀུན་རྫོབ་ཏུ་ཡོད་པ་དེ་ལས་བཟློག་པ་ནི་དོན་དམ་པར་ཡོད་པའོ། །ཞེས་འདོད་དོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ལྟ་བ་མི་མཐུན་པ་སྨྲ་བ་ནི། བྱེ་བྲག་ཏུ་སྨྲ་བ་ནི། ལུང་བྱེ་བྲག་བཤད་མཛོད་ཆེན་པོ་ཞེས་བྱ་བ་ལ་བརྟེན་ནས། ཆོས་ཐམས་ཅད་ལ་རྫས་སུ་ཡོད་པར་སྨྲ་བ་པ། ཞེས་བྱ་སྟེ། དེ་ཡང་ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་མ་བྱས་གསུམ་རྟག་པ་དང་། དབང་པོ་དང་ཡུལ་གྱི་གཞི་ལས། རྡུལ་ཕྲ་རབ་དབྱིབས་དང་མཐུན་པ་ཆ་ཤས་དང་བྲལ་བ་དོན་དམ་པར་རྫས་སུ་ཡོད་པ་དང་། དབང་པོ་དང་དོན་ལ་བརྟེན་པའི་བློ། དོན་ལ་ཐུག་ཕྲད་དུ་གཅོད་པ་དང་། དེའི་ཕྱིར་བློ་རྣམ་པ་མེད་པར་སྐྱེའོ། །ཞེས་བྱ་བ་ལ་སོགས་པར་སྨྲའོ། །མདོ་སྡེ་པ་ནི། མདོ་སྤྱིའི་ལུང་བཙན་པར་བྱེད་པས་མདོ་སྡེ་པ། ཞེས་བྱ་སྟེ། དེ་དག་ནི་འདུས་མ་བྱས་ཐམས་ཅད་ཀྱང་མོ་གཤམ་གྱི་བུ་བཞིན་དུ་སྨྲ། དེ་ལ་སོ་སོར་བརྟགས་པའི་འགོག་པ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་མཚོ་ལ་ཁྱག་ཞུ་བ་ལྟ་བུར་སྨྲ། མི་ལྡན་པའི་འདུ་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དག་ཀྱང་རྫས་མེད་པར་སྨྲ། དབང་པོ་དང་དོན་དུ་ཕྲད་པའི་བློ་རྣམ་པ་དང་བཅས་པར་སྐྱེ་ཞིང་། དབང་པོ་དང་དོན་ཡང་ཁ་དོག་དང་མཐུན་པའི་རྡུལ་ཕྲ་རབ་རྫས་སུ་ཡོད་དོ། །ཞེས་བྱ་བ་ལ་སོགས་པ་ལྟ་བ་མི་མཐུན་པའི་བྱེ་བྲག་མང་དུ་ཡོད་ལ། བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང་། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཡུལ་གྱིས་ཕྱེ་བ་ཡང་ཡོད་དོ། །གཞན་ཡང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས། སྡེ་པའི་བྱེ་བྲག་གིས། རྫས་སུ་དུ་ཡོད་མི་མཐུན་པར་སྨྲ་བ་མང་སྟེ། འདི་ལྟར་སྡེ་པ་ཁ་ཅིག །གཟུགས་ཀྱི་གཞི་ལས་ཡུལ་ལྔ་དབང་པོ་ལྔ་འབྱུང་བ་ཆེན་པོ་བཞི་སྟེ་རྫས་སུ་བཅུ་བཞི། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྫས་གཅིག་ཡིན་ཏེ་བཅོ་ལྔ། མི་ལྡན་པ་ཐམས་ཅད་རྫས་གཅིག་ཡིན་ཏེ་བཅུ་དྲུག །འདུས་མ་བྱས་གསུམ་རྫས་གསུམ་ཡིན་ཏེ་བཅུ་དགུ་ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། ཚོར་བ་དང་འདུ་ཤེས་གཉིས་ཀྱང་ཡོད་དེ། དེ་ལྟར་ན་རྫས་ཉི་ཤུ་རྩ་གཅིག་གོ། ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། སངས་རྒྱས་ཀྱིས་གསུངས་པའི་ཕུང་པོ་ལྔ་ཆར་རྫས་སུ་གྲུབ་པ་ཡིན་པས། སེམས་པ་ཡང་རྫས་སུ་ཡོད་དོ། །དེ་ལྟར་ན་རྫས་ཉི་ཤུ་རྩ་གཉིས་སོ། །ཞེས་འདོད་དོ། །སྡེ་པ་ཁ་ཅིག་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གཞི་ལས་ཇི་སྐད་དུ་གྲགས་པ་ཐམས་ཅད་རྫས་སུ་ཡོད་དེ། ཆོས་བརྒྱ་རྫས་སུ་ཡོད་དོ། །ཞེས་འདོད་དོ། །གཞི་དེ་ཉིད་ལས་ཁ་ཅིག་ནི། སེམས་ལས་བྱུང་བའི་འདུ་བྱེད་རྣམས་ལ་ཡང་། ཁ་ཅིག་ནི་རྫས་སུ་ཡོད་པ། ཁ་ཅིག་ནི་ཆ་ལ་བཏགས་པ་སྟེ་རྫས་སུ་མེད་དོ། །ཞེས་འདོད་དོ། །དེ་ལ་རྫས་ཞེས་བྱ་བ་རང་གི་ངོ་བོ་དང་ངེས་ཚིག་ནི། ཕྱི་རོལ་པ་བྱེ་བྲག་པའི་གཞུང་ལས་རྫས་ཀྱི་ངོ་བོ་དགུར་སྨྲ་སྟེ། འབྱུང་བ་ཆེན་པོ་བཞི། ནམ་མཁའ་དང་ལྔ། ཕྱོགས་དང་དུས་གཉིས་ཏེ་བདུན། བདག་དང་ཡིད་གཉིས་ཏེ་དགུ་རྫས་རང་གི་ངོ་བོར་འདོད་དོ། །རྫས་སྤྱིའི་མཚན་ཉིད་དུ། བྱ་བ་དང་ལྡན་པ། ཡོན་ཏན་དང་ལྡན་པ། འདུ་བའི་རྒྱུར་གྱུར་པའོ། །རྫས་ཀྱི་ངེས་པའི་ཚིག་ནི། དྲ་བྱ་ཅེས་པའི་སྒྲས་ཡོངས་སུ་གཟུང་བར་བྱ་བ་སྟེ། གཟུང་ཞིང་བཅང་དུ་རུང་བའི་ཕྱིར་ནོར་རྫས་ཞེས་བྱ་སྟེ། ཇི་ལྟར་འཇིག་རྟེན་ཕལ་པ་རྣམས་གསེར་དང་དངུལ་ལ་སོགས་པ་དོན་ཆེ་བའི་ཕྱིར། རྫས་སུ་ལྟ་ཞིང་འཛིན་པར་བྱེད་ལ། དྲང་བའི་རྡོ་བཅོན་ལ་སོགས་པ་དོན་ཆུང་བ་རྣམས་རྫས་སུ་མི་འཛིན་ཅིང་མི་འཆང་ངོ་། །དེ་བཞིན་དུ་བསྟན་ཆོས་ཀྱིས་བློ་བསྒྱུར་བའི་གང་ཟག་ལྟ་བ་ལ་གནས་ཤིང་ཞེན་པ་རྣམས། རང་རང་གི་ལུང་དང་རིགས་པ་ལ་བརྟེན་ནས། ཤེས་བྱ་རྣམས་ལ་བློས་རྣམ་པར་གཞལ་ཏེ། གང་དང་གང་ངོ་བོ་ཉིད་དུ་གྲུབ་ཅིང་གཟུང་ཞིང་བཅང་དུ་རུང་བ་མཐོང་བ་ལ་རྫས་སུ་གྲུབ་པ། ཞེས་འདོད་དོ། །དེ་ལ་ཕྱི་རོལ་པའི་རྫས་ཀྱི་གཞི་དགུ་ལས། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱང་། བདག་ཅེས་བྱ་བའི་རྫས་ནི་ཐམས་ཅད་དུ་གཏན་མེད་པར་ལྟ་བ་ནི་མཐུན་ནོ། །དེ་ལས་ཉན་ཐོས་པ ་ཁ་ཅིག་ནི། ལྷག་མ་བརྒྱད་ཆར་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི། ཕྱོགས་དང་དུས་ཀྱང་རྫས་སུ་མེད་དེ། ལྷག་མ་དྲུག་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི། ནམ་མཁའ་ཡང་རྫས་སུ་མེད་དེ། གཟུགས་དང་ཡིད་རྫས་སུ་འདོད་དོ། །རྣལ་འབྱོར་སྤྱོད་པ་བ་ནི། འབྱུང་བ་ཆེན་པོ་བཞི་ཡང་རྫས་སུ་མེད་དེ། ཡིད་འབའ་ཞིག་རྫས་སུ་ཡོད་དོ། །ཞེས་འདོད་དོ། །དབུ་མ་པ་ནི། ཡིད་ཀྱང་དོན་དམ་པར་རྫས་སུ་མེད་དེ། ཡང་དག་པར་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ། ངོ་བོ་ཉིད་མེད་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དུ་འདོད་དོ། །གསང་སྔགས་ཀྱི་གཞུང་ཡང་། དོན་དམ་པའི་མཚན་ཉིད་དེ་དང་མཐུན་པར་འདོད་དེ། ལྟ་བའི་བྱེ་བྲག་འདི་དག་ཀྱང་རྫས་སུ་ཡོད་མེད་ཀྱི་གཞི་ལས་བརྩམས་ཏེ། ལྟ་བའི་དབྱེ་བ་མདོར་བསྡུས་ཏེ་བསྟན་པའོ། །གཞན་ཡང་། ཐེག་པ་འོག་མ་དང་གོང་མར་གྲགས་པ་ལས། ལྟ་བ་མཐུན་པ་དང་ཁྱད་པར་དུ་དབྱེ་བའི་གཞི་ལས་བརྩམས་ཏེ། ལྟ་བའི་བྱེ་བྲག་བསྡུས་ཏེ་བསྟན་པ། ནང་པ་སངས་རྒྱས་པའི་གཞུང་དུ་གྲུབ་པ་ཐམས་ཅད་ལྟ་བ་གོང་འོག་གི་བྱེ་བྲག་དབྱེ་བ་མེད་ཀྱང་། །གོང་མ་གོང་མ་རྣམས་འོག་མ་འོག་མ་རྣམས་ཀྱི་སྤྲོས་པ་ཆོད་པའི་རིགས་ལས་བོག་མི་འདོན་ཕྱིར་མི་ལྡོག་གོ །སྤྲོས་པ་མ་ཆོད་པའི་རིགས་ལས་སྤྲོས་པ་གཅད་པར་བྱ་བ་ཡོད་ཅིང་། གཅོད་ཀྱང་གཞི་ཁྱད་དུ་མི་གསོད་ཕྱིར་མི་ཟློག་གོ ། དེ་བས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ནི་རོ་གཅིག་པའི་ཚུལ་གཅིག་ལས། འདི་ལྟར་དེ་བཞིན་ཉིད་ཀྱི་རྗེས་སུ་གཞོལ་བ། དེ་བཞིན་ཉིད་ཀྱི་ཐོག་ཏུ་འབབ་པ་ཤ་སྟག་སྟེ། བདག་ཡོད་པར་འདོད་པ་དང་། མེད་པར་འདོད་པ ་ལྟར་གཞི་ཚུལ་ཐ་དད་དུ་འགྱུར་བ་མེད་དེ། འདི་ལྟར་ བདག་མེད་པར་སྨྲ་བ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རྩད་ཀྱང་ཆོད་པར་གྱུར་པས། ཐེག་པ ་མཐོ་དམན་ཐམས་ཅད་ཀྱང་། དངོས་པོའི་སྤྲོས་པ་ཇེ་ཞི་ཇེ་ཞིར་སྟོན་པར་ཟད་དེ། གཞི་ཐ་དད་དུ་སྨྲ་བ་མེད་དོ། །དེ་བས་ན་ཐེག་པ་ཆེ་ཆུང་དང་ལྟ་བ་གོང་འོག་ལ་གཞི་ལམ་སྲོལ་སོ་སོར་འགྲོ་བ་ཡང་མེད་ལ། འབྲས་བུ་སོ་སོར་གྲུབ་པ་ཡང་མེད་དོ། །ཞེས་ཤེས་པར་བྱའོ། །གང་དག་ལམ་སྒོ་ཅུང་ཟད་ཐ་དད་དུ་སྨྲ་བ་ཡང་ཚུལ་གཅིག་ཏུ་བསྡུ་རུ་རུང་བ་ཁོ་ན་ཡིན་ནོ། །དེ་དག་ཀྱང་འདི་ལྟ་སྟེ། ཉན་ཐོས་ཀྱི་ཚུལ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ལ། གང་ཟག་གི་ བདག་མེད་པར་སྤྲོས་པ ་བཅད་པ་དེ་ལ། ཐེག་པ་ཆེན་པོ་པས་ཀྱང་ཁྱོད་ཀྱི་གང་ཟག་གི་ བདག་མེད་པ ་དེ་བས་ཁྱད་པར་དུ་འཕགས་པའི་ བདག་མེད་པ ་ལྟ་བུ་གཉིས་པ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །གང་ཟག་གི་ བདག་མེད་པ ་མ་ཡིན་ཏེ་ཡོད་དོ། །ཞེས་ཕྱིར་མི་ཟློག་གོ །སྤྲོས་པ་མ་ཆོད་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ཆོས་རྫས་སུ་འདོད་པ་ལ་སྤྲོས་པ་གཅད་པར་བྱ་བ་ཡོད་ཀྱང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས། མཚན་ཉིད་ནི་ཅི་ཞེས་ཁྱད་དུ་མི་གསོད་དོ། །ཕུང་པོ་དང་། ཁམས་དང་སྐྱེ་ མཆེད་མ་ཡིན་ཏེ། བདག་དང་འཇིག་རྟེན་ཡིན་ནོ། །ཞེས་ཕྱིར་མི་ཟློག་གོ། །དེ་ནས་རྣལ་འབྱོར་སྤྱོད་པ་པས། དེའི་སྟེང་དུ་ཆོས་རྣམས་གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པའི་དངོས་པོས་ཀུན་ནས་སྟོང་ངོ་། །ཞེས་སྤྲོས་པ་བཅད་པ་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག །ཁྱོད་ཀྱི་གཟུང་འཛིན་གྱི་དངོས་པོར་ཀུན་ཏུ་བརྟགས་པས་སྟོང་པ་ལས་ལྷག་པ་སྟོང་པ་ཉིད་གཉིས་པ་བཅད་དུ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །གཉིས་པོས་མི་སྟོང་སྟེ་གཉིས་པོ་རྫས་སུ་གྲུབ་པའོ། །ཞེས་ཕྱིར་མི་ཟློག་གོ །སྤྲོས་པ་མ་ཆོད་པས་སེམས་དང་སེམས་ལས་བྱུང་བ་གཉིས་པོས་སྟོང་པ་རང་རིག་པའི་སྐད་གཅིག་མ། ཡང་དག་པར་ཡོད་པ་ལ་སྤྲོས་པ་གཅོད་པར་བྱེད་ཅིང་རང་རིག་སྐད་ཅིག་མ་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་དོ། །རང་རིག་པ་མ་ཡིན་ཏེ་བེམས་པོ་ཡིན་ནོ་ཞེའམ། སྐད་ཅིག་མ་མ་ཡིན་ཏེ་རྟག་པ་ཡིན་ནོ། །ཞེས་ཕྱིར་མི་ཟློག་གོ །མདོ་སྡེ་དབུ་མ་པ། ཉན་ཐོས་མདོ་སྡེ་པ་ལ་བོགས་མི་འབྱིན་ཅིང་ཁྱད་དུ་མི་གསོད་པ་དང་། ཕྱིར་མི་ཟློག་པའི་ཚུལ་ཡང་དེ་དང་མཐུན་ནོ། །དབུ་མ་རྣམ་གཉིས་ཀུན་རྫོབ་ཀྱི་ཚུལ་མི་མཐུན་པ་ལ། ལུང་དང་རིགས་པ་གང་ཆེ་བ་ནི། རྒྱུད་དང་མདོ་སྡེ་སྤྱིའི་གཞུང་དང་། རིགས་པ་སྤྱིའི་ཚུལ་དང་། དབུ་མའི་མཁན་པོ་གཞུང་ཕྱི་མོ་མཛད་པའི་སློབ་དཔོན་ཀླུ་སྒྲུབ་དང་། ཨཱརྱ་དེ་བའི་གཞུང་ལྟར་ན་ཡང་། རྣལ་འབྱོར་སྤྱོད་པའི་དབུ་མའི་གཞུང་དོན་ཆེ་བར་སྣང་ངོ་། །དབུ་མའི་གཞུང་གི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་དང་བྲལ་བ། ཡང་དག་པའི་ཀུན་རྫོབ་ཀྱི་དབང་ལ་ཀུན་ནས་ཉོན་མོངས་པ་དང་། །རྣམ་པར་བྱང་བའི་ཆོས་སྤང་བ་དང་བླང་བར་བྱ་བའི་དོན་སོ་སོ་བྱ་བ་བྱེད་པ་རྫས་སུ་ཡོད་དོ། །ཞེས་འདོད་པ་ལ། གསང་སྔགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འདོད་པའང་། འདི་སྐད་དུ་ཁྱོད་ཀྱི་དོན་དམ་པར་སྤྲོས་པ་དང་བྲལ་བ་ལས་ལྷག་པར་སྤྲོས་པ་དང་བྲལ་བ་གཉིས་པ་འདི་ལྟ་བུ་ཡོད་དོ། །ཞེས་བོགས་མི་འབྱིན་ནོ། །དོན་དམ་པར་སྤྲོས་པ་དང་བྲལ་བ་མ་ཡིན་ཏེ། སྐུའམ་ཡེ་ཤེས་སམ་ཆེ་བའི་ཡོན་ཏན་གྱི་བཀོད་པ་འདི་ལྟ་བུ་དག་དོན་དམ་པར་གྲུབ་པ་ཡོད་དོ། །ཞེས་མི་ཟློག་གོ །ཀུན་རྫོབ་ཀྱི་མཚན་ཉིད་དོན་བྱེད་རྫས་སུ་འདོད་པ་ལ་སྤྲོས་པ་གཅོད་པར་བྱེད་ཀྱང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་དོ། །ཀུན་རྫོབ་ཀྱི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་མ་ཡིན་ཏེ་རང་བྱུང་རང་གྲུབ་ཏུ་རྐྱེན་ལ་ལྟོས་པ་མེད་པ་ཡིན་ནོ། །ཞེའམ། དབང་ཕྱུག་གིས་སྤྲུལ་པའམ། བྱེད་པ་པོས་བྱས་པའམ། རྒྱུ་དང་རྐྱེན་མེད་པར་བྱུང་བའམ། དུས་ཀྱིས་བསྒྱུར་བའི་མཚན་ཉིད་ཅན་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་མི་ཟློག་གོ །གསང་སྔགས་སྤྱིའི་ཚུལ་ལས་ཀུན་རྫོབ་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྨྲ་བ་ཡང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཞེས་བྱ་བ། གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད་ཅིང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ལས་འདས་ཏེ་མི་ལྡན་ནོ་ཞེའམ། བདག་དང་བདག་གིས་བྱས་པའི་མཚན་ཉིད་ཅན་ནོ། །ཞེས་བྱ་བ་ལ་སོགས་པར་ཕྱིར་མི་ཟློག་གོ །འོ་ན་ཇི་ལྟར་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་དུ་སྣང་བར་འདྲ་ཡང་། ཡོངས་སུ་དག་པར་སྣང་བ་དང་། མ་དག་པར་སྣང་བ་གཉིས། སེམས་འཁྲུལ་བའི་བག་ཆགས་ཆེ་བ་དང་ཆུང་བར་སྣང་བའི་དབང་ལས། དག་པ་དང་མ་དག་པར་སྣང་བར་ཟད་པས་དེ་གཉིས་ལྟོས་ཏེ་བཞག་ན། འཁྲུལ་བ་ཆུང་བའི་སྣང་བ་ལྟར་བདེན་པར་འདོད་པར་ཟད་དེ། ཡང་དག་པར་གྲུབ་པའི་སྐུ་དང་ཡེ་ཤེས་ཅིག་འདོད་ན་ཀུན་རྫོབ་ཞེས་ཀྱང་ཅིའི་ཕྱིར་བརྗོད་དེ། འཁྲུལ་པའི་བག་ཆགས་འཐུག་སྲབ་ཀྱི་སྣང་བ་ཙམ་དུ་ཟད་དོ། །ཐ་མ་རྫོགས་པ་ཆེན་པོའི་ཚུལ་ལས། ཆོས་ཐམས་ཅད་མཉམ་པ་ཆེན་པོའི་ངང་དུ་བླང་དོར་མེད་པར་སྨྲ་བའང་བདེན་པ་གཉིས་ཀྱི་བརྡས་མི་སྟོན་ཏེ། ཆོས་ཐམས་ཅད་དབྱེར་མེད་པར་སྨྲ་ལ། ཐེག་པ་འོག་མ་རྣམས་ཀྱིས་རང་རང་སོ་སོའི་སྤྲོས་པ་ཇི་ལྟར་བཅད་པ་རྣམས། དེ་ལས་ལྷག་པའི་སྤྲོས་པ་གཅད་པའི་བོགས་ཀྱང་མི་འབྱིན་ལ། སྤྲོས་པ་དང་བྲལ་བ་མ་ཡིན་པ་སྐུ་དང་ཡེ་ཤེས་ལ་སོགས་ལྟ་བུའི་དངོས་པོའི་ངོ་བོ་ཉིད་གཅིག་དང་ལྡན་ནོ། །ཞེས་ཕྱིར་ཡང་མི་ཟློག་གོ །ཐེག་པ་འོག་མ་བའི་སྤང་བླང་གི་རྫས་འདོད་པ་ལ། སྤང་བླང་དང་བྲལ་བར་སྤྲོས་པ་གཅོད་ཅིང་གོལ་སྒྲིབ་སེལ་བར་སྟོན་ཡང་། གཞི་དེ་དག །གང་ན་ཡོད། སུ་ལ་གྲགས་ཞེས་ཁྱད་དུ་མི་གསོད། བདག་གིས་སྤྲུལ་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་ཕྱིར་མི་ཟློག་གོ །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རོ་གཅིག་པ་ཚུལ་གཅིག་པ་སྟེ། འདི་ལྟར་མཉམ་པ་ཆེན་པོའི་ངང་དུ་མཐར་མི་འཇུག་ཅིང་མི་འདུ་བ་མེད་དེ། ཇི་ལྟར་ཆུ་ཕྲན་ཐམས་ཅད་ཀྱང་ཆུ་ཆེན་པོ་རྣམས་དང་འགྲོགས་ཏེ། རྒྱ་མཚོ་ཆེན་པོར་ཕྱིན་པ་ན་ཐམས་ཅད་ལན་ཚྭའི་རོར་གཅིག་པ་བཞིན་དུ། ཐེག་ པ་འོག་མ་པའི་སྒོ་ཕྲ་མོ་ཐམས་ཅད་ཀྱང་གང་ཟག་གི་བདག་མེད ་པར་རྟོགས་པའི་ཆུས། དངོས་པོར་ལྟ་བའི་ལྗན་ལྗིན་རྣམས་རིམས་ཀྱིས་དེད་དེ། ཐེག་པ་ཆེན་པོ་ཆེན་པོ་རྣམས་དང་བསྡོངས་ནས། མཐར་རྫོགས་པ་ཆེན་པོའི་རྒྱ་མཚོ་ཆེན་པོར་བབ་པ་ན། མཉམ་པ་ཆེན་པོའི་ངང་དུ་རོ་མི་གཅིག་པའི་མཚན་ཉིད་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། །འདི་ལྟར་སངས་རྒྱས་པའི་ཐེག་པ་རྣམས་ལས། གོང་མ་གོང་མས་འོག་མ་འོག་མ་རྣམས་ཀྱི་ལྟ་བ་ལ། སྤྲོས་པ་ཆོད་པ་དང་མ་ཆོད་པའི་བྱེ་བྲག་ལས་ཆོད་པ་རྣམས་ལས་བོགས་མི་འབྱིན་པ་དང་། ཕྱིར་མི་ཟློག་པ་གཉིས། སྤྲོས་པ་མ་ཆོད་པ་རྣམས་ལས་སྤྲོས་པ་གཅོད་པར་བྱེད་ཀྱང་། གཞི་ཁྱད་དུ་མི་གསོད་པ་དང་། གཞི་ཕྱིར་མི་ཟློག་པ་ གཉིས་ཏེ། དེ་ལྟར་ཚུལ་བཞིའི་སྒོ་ནས། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་ཅིང་ཚུལ་གཅིག་པར་ཤེས་པར་བྱ་བ་དང་། ལྟ་བ་མཐོ་དམན་གྱི་བྱེ་བྲག་ཀྱང་ཤེས་པར་བྱ་བ་འདི་ནི། ལྟ་བའི་བྱེ་བྲག་མདོར་བསྡུས་པ་ཕྱོགས་གཅིག་ཡིན་ཏེ། ཚུལ་འདི་ནི་ལྟ་བའི་བྱེ་བྲག་བཤད་པ་ཐམས་ཅད་ཀྱི་ནང་ན་ཡང་སྙིང་པོའི་མཆོག་ཏུ་འདི་ཟུང་ཤིག ། ལྟ་བའི་བྱེ་བྲག་ཇི་སྐད་བཤད་པ་དེ་དག་ནི། ཕྱི་རོལ་མུ་སྟེགས་ཅན་རྣམས་ཀྱི་ལྟ་བའི་བྱེ་བྲག་བཤད་པ་ནི་སྤྱིར་གྲགས་པའི་གཞུང་བསྟན་པའོ། །ནང་པ་སངས་རྒྱས་པའི་ལྟ་བའི་བྱེ་བྲག་བསྟན་པ་དེ་དག་ནི། སྤྱིར་ཆོས་རྣམས་ལས། ཕྱི་རོལ་མུ་སྟེགས་ཅན་གྱིས་རྫས་ཀྱི་དངོས་པོ་དགུ་བཞག་པའི་གཞི་དེ་ལས། སངས་རྒྱས་པ་རྣམས་ཀྱིས་ཐེག་པ་རིམ་པ་རིམ་པས་རྫས་ཀྱི་རིམ་པ་རིམ་པར་སྤྲོས་པ་གཅད་པའི་ཚུལ་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པའི་ཚུལ་གཅིག་པ་འབྲས་བུ་ཐ་དད་མེད་པར་མཉམ་པ་ཆེན་པོའི་ངང་དུ་རོ་གཅིག་པར་ བསྟན་པའོ། །ད་ནི་སངས་རྒྱས་པ་ནང་གི་བྱེ་བྲག་མི་མཐུན་པ་ཅུང་ཟད་བསྟན་པར་བྱ་སྟེ། དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ནི། རྫས་ཡོད་མེད་དུ་འདོད་པའི་སྐབས་སུ་ཕལ་ཆེར་བཤད་ཟིན་ཏོ། །དེར་མ་སྨོས་པ་ཅུང་ཟད་བསྟན་ན། ཉན་ཐོས་བྱེ་བྱག་ཏུ་སྨྲ་བའི་གཞུང་ལ་ཡང་། གནས་མ་བུའི་སྡེ་ལ་སོགས་པ་ཁ་ཅིག། །གང་ཟག་ཡོད་པར་སྨྲ་སྟེ། གང་ཟག་དེ་དང་ཕུང་པོ་ཀླུ་དང་ཆུ་བཞིན་དུ་དེ་ཉིད་དང་གཞན་དུ་མེད་པར་སྨྲའོ། །མུ་སྟེགས་ཅན་ལས་ཁྱད་པར་དུ་གང་ཟག་མི་རྟག་པར་སྨྲའོ། །གང་ཟག་ལ་རྫུས་ཏེ་བྱུང་བའི་སེམས་ཅན། ཞེས་འདོགས་ཏེ། དེས་རྡུལ་ཕྲ་རབ་ལས་བསྡུས་པའི་ལུས་ལེན་ཅིང་འདོར་བར་བྱེད་དོ། །ཞེས་འདོད་དོ། །འདི་ནི་སངས་རྒྱས་པའི་ལྟ་བ་ཐམས་ཅད་ཀྱི་མཐའ་རྨང་གཞི་ཡིན་ནོ། །ཞེས་གྲགས་སོ། །བྱེ་བྲག་ཏུ་སྨྲ་བ་ཕལ་ཆེར་ནི། གང་ཟག་གམ་སེམས་ཅན་ཞེས་བྱ་བ་གཏན་ མེད་པར་སྨྲའོ། །སྤྱིར་ཉན་ཐོས་པ་ནི། བདག ་ལ་ཆགས་པ་སྤངས་པས་གྲོལ་བར་འདོད་པ་ལས། ཆགས་པ་སྤོང་བའི་ཐབས་ཀྱི་སྒོ་གསུམ་དུ་སྨྲ་སྟེ། མི་སྡུག་པ་བསྒོམ་པས་ཆགས་པ་སྤོང་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་བསྒོམ་པས་སེམས་མཉམ་པར་བཞག་པ་ཐོབ་པའི་ཕྱིར་འདོད་པར་ཆགས་པའི་གཉེན་པོར་གྱུར་ཏེ་ཆགས་པ་སྤོངས་པ་དང་། བདེན་པ་བཞིའི་དོན་བསྒོམས་པས་ཆགས་པ་སྤོངས་པའོ། །ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་རྣམས་ཀྱི་ལྟ་བ་དང་། ཏིང་ངེ་འཛིན་དང་། སྤོང་ཚད་གསུམ་གྱི་བྱེ་བྲག་མདོར་བསྡུས་པ་ནི། ཉན་ཐོས་རྣམས་ཀྱི་ལྟ་བ་ནི། གང་ཟག་ལ་ བདག་མེད་པར་རྟོགས་པའོ། །ཏིང་ངེ་འཛིན་ནི། དམིགས་པ ་དང་བཅས་པའི་ས་ལ་གནས་པའོ། །སྤོང་ཚད་ནི། སྲིད་པ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོངས་པའོ། །ཞེའོ། །རང་སངས་རྒྱས་རྣམས་ཀྱི་ལྟ་བ་ནི། ཆོས་ལས་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་སོ། །ཏིང་ངེ་ འཛིན་ཚིག་གི་དོན་མེད་པར་རྟོགས་ཏེ་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པས། གཟུང་བའི་རྟོག་པ་ཉམས་པར་བྱས་ཏེ། འོན་ཀྱང་བརྗོད་དུ་མེད་དོ་སྙམ་པའི་འདུ་ཤེས་འཇུག་པས་འཛིན་པའི་རྟོག་པ་ནི་མ་སྤངས་སོ། །སྤོང་ཚད་ནི་གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་སོ། །ཞེའོ། །ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ལྟ་བ་ནི། ཆོས་དང་གང་ཟག་གཉིས་ཀ་ལ་ བདག་མེད་པར་རྟོགས་སོ། །ཏིང་ངེ་འཛིན་ནི། གཟུང་བ་དང་འཛིན་པའི་རྟོག་པ ་ཐམས་ཅད་ལས་འདས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་གནས་སོ། །སྤོང་ཚད་ནི། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤོངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ། །ཞེའོ། །གཞན་ཡང་འདི་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུའི་བྱེ་བྲག་ནི། ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི། ལས་ཀྱི་ཚེ་རྣམ་པར་སྦྱོང་བ་ལ་མཐུ་ཆུང་སྟེ། ཕྱི་ནང་གི་གནོད་པས་ཀྱང་བརྫིར་རུང་ངོ་། །རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ནི། རྣམ་པར་སྦྱོང་པ་ལ་མཐུ་ཆེ་སྟེ་ཕྱི་ནང་གི་གནོད་པས་མི་བརྫིའོ། །བྱང་ཆུབ་སེམས་དཔའ་རྣམས་ནི། ས་དང་པོ་ཐོབ་ནས་དབང་བཅུའི་གཞི་ཐོབ་སྟེ། དེ་ནས་རིམ་གྱིས་འཕེལ་ནས་ས་བཅུ་པ་ལ་དབང་བཅུ་མཐར་ཕྱིན་པའི་མཐུ་ཐོབ་བོ། །དེ་བཞིན་གཤེགས་པ་ནི། བྱིན་རླབས་བསམ་གྱིས་མི་ཁྱབ་སྟེ། མཐུའི་ཚད་གཟུངས་བའི་གནས་མ་ཡིན་ནོ། །ཞེའོ། །རང་སངས་རྒྱས་ཀྱང་གཉིས་ཏེ། ཚོགས་ན་སྤྱོད་པ་དབང་པོ་རྟུལ་པོ་གྲོགས་ལ་ལྟོས་པ་དང་། བསེ་རུ་ལྟ་བུ་དབང་པོ་རྣོན་པོ་གྲོགས་ལ་མི་ལྟོས་པ་སྟེ། འདི་དག་ལ་ཡང་། ཞུགས་པ་དང་འབྲས་བུ་ཐོབ་པའི་བྱེ་བྲག་གིས་གང་ཟག་ནི་རྣམ་པ་བཞི་ཡིན་ལ། ཚོགས་བསགས་པའི་བྱེ་བྲག་དང་། དབང་པོ་རྣོ་རྟུལ་གྱི་བྱེ་བྲག་དང་། ཏིང་ངེ་འཛིན་གྱི་བྱེ་བྲག་ལས། མཐུའི་བྱེ་བྲག་ཀྱང་ཡོད་དོ། །ཞེའོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་གཉིས་ཏེ། རྣམ་པ་དང་བཅས་པར་སྨྲ་བ་དང་། རྣམ་པ་མེད་པར་སྨྲ་བའོ། །རྣམ་པ་དང་བཅས་པར་སྨྲ་བ་ལ་ཡང་། ནང་གསེས་ཀྱི་བྱེ་བྲག་རྣམ་པ་གཉིས་ཏེ། རྣམ་པ་བདེན་པར་སྨྲ་བ་དང་། རྣམ་པ་བརྫུན་པར་སྨྲ་བའོ། །དེ་དག་ལ་ཡང་རྣམ་པ་འདྲ་གཞི་ཡོད་པར་སྨྲ་བ་དང་། འདྲ་གཞི་མེད་པར་སྨྲ་བ་ལ་སོགས་པ་ནང་མི་མཐུན་པར་སྨྲ་བ་དུ་མ་གྲགས་མོད་ཀྱི། མདོ་འདི་དག་ཙམ་དུ་འདུས་པས་འདི་དག་ཙམ་བཤད་དོ། །དེ་ལ་རྣམ་པ་དང་བཅས་པར་སྨྲ་བ་ཞེས་བྱ་བ་ནི། རྣམ་པའི་སྒྲ་ནི་འདིར་འདྲ་སྣང་ལ་བྱ་སྟེ། དེ་ཡང་འདྲ་གཞི་ཡོད་པར་འདོད་པ་རྣམས་ནི། འདྲ་གཞི་དང་འདྲ་བའི་རྣམ་པར་ཤེས་པ་སྐྱེ་བ་འདྲ་སྣང་སྟེ། འདྲ་གཞི་མེད་པ་ན་གཏན་མེད་ཀྱང་། ཡོད་པས་འདྲ་བར་སྣང་བ་ལ་འདྲ་སྣང་། ཞེས་བྱའོ། །བསྡུས་ནས་རྣམ་པ་དང་བཅས་པར་སྨྲ་བ་ཞེས་བྱ་བ་ཕྱི་རོལ་གྱི་དོན་མེད་ཀྱང་ཡོད་པ་དང་འདྲ་བར་རྣམ་པར་ཤེས་པ་ཉིད། གཟུང་བ་དང་འཛིན་པའི་རྣམ་པར་དབྱེ་བ་ཡོད་དོ། །ཞེས་འདོད་དོ། །དེ་ལ་ཡང་འདྲ་གཞི་ཡོད་པར་འདོད་པ་ནི། རྣམ་པར་ཤེས་པ་ལས་གུད་ན་ཕྱི་རོལ་གྱི་དོན་མེད་ཀྱང་། སེམས་ཉིད་ཕྱི་རོལ་གྱི་དོན་ལྟ་བུར་སྣང་བ་བརྟན་པ་ཞིག་ཡོད་དེ། དེས་འདྲ་གཞི་བྱས་ནས་རྣམ་པར་ཤེས་པ་ཐམས་ཅད་དེའི་རྣམ་པར་སྐྱེའོ། །ཞེའོ། །འདྲ་གཞི་མེད་པར་སྨྲ་བ་ནི། ཕྱིའི་སྐྱེ་མཆེད་དུ་སྣང་བའི་རིམ་པ་གཉིས་པ་མེད་དེ། རྣམ་པར་ཤེས་པ་ཉིད་དོན་ཡོད་པར་སྣང་བ་ལྟ་བུའོ། །ཞེའོ། །དེ་ལ་རྣམ་པ་བདེན་པར་སྨྲ་བ་ནི། ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཐམས་ཅད་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཇི་ལྟར་སྣང་བ་དེ་བཞིན་དུ་ཡང་དག་པར་བདེན་པ་སྟེ། སེམས་ཅན་གྱི་དུས་ནའང་དེ་བཞིན་དུ་བདེན་པ་ཉིད་ཡིན་ལ། སངས་རྒྱས་ཀྱི་ས་ལ་ཡང་སྐུ་དང་ཞིང་གི་བཀོད་པ་ཐམས་ཅད་དེ་བཞིན་དུ་ཡང་དག་པར་བདེན་པ་ཡིན་ནོ། །ཞེའོ། །རྣམ་པ་རྫུན་པར་སྨྲ་བ་ནི། སེམས་ཅན་གྱི་དུས་ན་ཡང་གཟུང་འཛིན་དུ་སྐྱེ་བའི་རྟོག་པ་ནི་ཡོད་པ་ཡིན་ལ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཡང་དག་པར་ན་གཉིས་པོས་སྟོང་པ། རང་རིག་པའི་མཚན་ཉིད་ཙམ་དུ་ཡོད་ལ། སངས་རྒྱས་པའི་དུས་ན་ཡང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཙམ་མངའ་སྟེ། འོན་ཀྱང་ཡང་དག་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་མ་ཙམ་མོ། །རྣམ་པ་མེད་པར་སྨྲ་བ་ནི། སེམས་ཅན་ཀུན་གྱི་དུས་ན་ཡང་སེམས་དང་སེམས་ལས་བྱུང་བ་གཟུང་འཛིན་གྱི་རྣམ་པ་སྐད་གཅིག་ཙམ་ཡང་སྐྱེ་མ་མྱོང་སྟེ། གསལ་བ་རང་རིག་པའི་མཚན་ཉིད་ཙམ་དུ་གནས་སོ། །ཡུལ་དང་ཡུལ་ཅན་དུ་སྣང་བ་སྙམ་བྱེད་པ་འདི་ནི། སེམས་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དེ་ཉིད་ལ་བག་ཆགས་ཞེས་བྱ། གཟུང་འཛིན་ཞེས་བྱ། ཀུན་བརྟགས་ཞེས་བྱའོ། །གང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ནི་རྫས་སུ་ཡོད་པར་མི་རུང་སྟེ། བཏགས་པ་ཙམ་མོ། །འཕགས་པའི་དུས་ན་ཡང་ངོ་བོ་ཉིད་དེ་ལས་བོགས་དབྱུང་དུ་མེད་དེ། འོན་ཀྱང་ཁྱད་པར་ནི་གློ་བུར་བའི་བག་ཆགས་ཡོད་པ་སྙམ་བྱེད་པ། དེ་དང་བྲལ་བའོ། །ཞེའོ། །དེ་བས་ན་འཕགས་པའི་དུས་ནའང་དག་པ་འཇིག་རྟེན་པའི་ཡེ་ཤེས་མི་འདོད་དོ། །སངས་རྒྱས་པའི་འདོད་པ་སྤྱིར་བསྡུ་ན། འཇིག་རྟེན་ལས་ལས་སྐྱེ་བར་འདོད་པར་འདྲ་བ་ལས། ཁ་ཅིག་ནི། ༼ཉན་ཐོས་པ། ༽ ལས་ཀྱི་ངོ་བོ་ཉིད་ནི་ལས་སེམས་པ་དང་སེམས་པས་ཀུན་ནས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། ལས་དེས་ལས་ཀྱི་བག་ཆགས་རྒྱུད་ལ་བསགས་པའི་མཐུས། རྣམ་པར་ཤེས་པ་སྐྱེ་བ་དང་རྣམ་པར་སྨིན་པ་མངོན་པར་གྲུབ་པ་གཉིས་སྐྱེད་དོ། །དེ་ལ་རྣམ་སྨིན་མངོན་པར་འགྲུབ་པ་ནི། ལུས་དང་གནས་དང་སྤྱོད་ཡུལ་དུ་སྨིན་ཅིང་གྲུབ་པ་འདི་ཉིད་ཡིན་ནོ། །དེ་ཉིད་སེམས་ཀྱི་དབང་ལས་གྲུབ་པ་ཡིན་ཡང་། བག་ཆགས་ཀྱི་འབྲས་བུ་སེམས་ལས་གཞན་དུ་སྨིན་པ་ཡིན་ནོ། །དེ་ཉིད་ཀྱིས་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་བྱས་པས། བག་ཆགས་གང་གིས་རྣམ་པར་ཤེས་པ་སྐྱེད་པར་བྱས་པའི་བག་ཆགས་དེས། རྒྱུའི་རྐྱེན་བྱས་ནས་རྣམ་པར་ཤེས་པ་ཡུལ་ལ་དམིགས་ཤིང་སྐྱེའོ། །ཞེས་ཟེར་རོ། །ཁ་ཅིག་ནི། ༼སེམས་ཙམ་པ། ༽ལས་ཀྱི་བག་ཆགས་སེམས་ཀྱི་རྒྱུད་ལ་བསགས་པ་ནི་བདེན་ན། དེ་ཉིད་ཀྱི་ཕྱིར་བག་ཆགས་ཀྱི་འབྲས་བུ་ཡང་སེམས་ཀྱི་རྒྱུད་ཉིད་ལ་སྨིན་པར་རིགས་ཏེ་དཔེར་ན་ཞིང་ལ་ས་བོན་བཏབ་པ་འབྲས་བུ་རིའི་རྩེ་མོ་ལ་སྨིན་པ་ག་ལ་སྲིད། དེ་བས་ན་ལས་ཀྱི་བག་ཆགས་སེམས་ཀྱི་རྒྱུད་ལ་བསགས་ཤིང་སྨིན་པའི་སེམས་དེ་ཉིད་ལུས་དང་གནས་དང་སྤྱོད་ཡུལ་ལྟར་རྣམ་པར་སྨིན་པ་ཡིན་ནོ། །དེ་བས་ན་ཇི་སྲིད་དུ་ཆོས་སུ་བརྟགས་ཤིང་གྲགས་པ་ཐམས་ཅད་སེམས་ཉིད་གྱུར་པ་ཡིན་ནོ། །ཞེའོ། །དེ་ལ་ཡང་བག་ཆགས་ཀྱི་དབང་གིས་སེམས་ཉིད་ཡུལ་ལྟ་བུ་ཞེས་པ་དང་། ཡུལ་ལྟ་བུར་སྣང་བ་དེ་ཁོ་ན་བག་ཆགས་སྨིན་པ་ཡིན་པས། སེམས་ཀྱི་ཡུལ་བག་ཆགས་ཡིན་ནོ། །ཞེས་པ་དང་། གཞན་ཡང་། འཇུག་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པའི་བག་ཆགས་ཀུན་གཞི་ལ་བསགས་པ་དབང་དུ་གྱུར་ཅིང་མཐུར་གྱུར་པ་ན། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་འབྲས་བུའི་ངོ་བོ་རྣམ་པར་སྨིན་པ་སྟེ། དེ་ཉིད་ལུས་དང་གནས་དང་སྤྱོད་ཡུལ་དུ་སྣང་བ་ཡིན་ནོ། །སྣང་བ་དེ་ཉིད་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་དང་ཡང་དམིགས་པའི་རྐྱེན་ཡང་བྱེད་དོ། །འཇུག་པའི་རྣམ་ཤེས་རང་གིས་བཞག་པའི་རྒྱུ་མཐུན་པའི་བག་ཆགས་ཀྱིས་རྒྱུའི་རྐྱེན་བྱེད་དོ། །ཟེར་རོ། །བསྡུས་ན་གཞུང་འདི་དག་ཀུན། ཕྱི་རོལ་པ་ལྟར་དབང་ཕྱུག་དང་། བདག་དང་། རང་བཞིན་ལ་སོགས་པ་རྒྱུ་གཞན་དུ་མི་ཚོལ་ཏེ། རྣམ་པར་ཤེས་པ་རང་གིས་བསགས་པའི་ལས་རང་ལ་སྐྱེ། རང་གི་གནས་དང་སྤྱོད་ཡུལ་ཀྱང་གྲུབ་པར་འདོད་པར་འདྲ་བས། ལྷག་པར་རྩོད་སྒོ་ཆེན་པོ་མེད་དོ། །༼དབུ་མ་པ་ནི། ༽ ཇི་སྐད་དུ་འདོད་པ་བཤད་པ་འདི་ཉིད་ལྟ་བའི་གཞིར་བཞག་ནས། ཀུན་རྫོབ་ཀྱི་བདེན་པར་སྨྲ་བ་དེ་ཉིད་རིགས་པ་དམ་པས་གཞལ་ན། ཇི་ལྟར་སྣང་ཞིང་མྱོང་བ་དེ་ལྟར་ཡང་དག་པར་གྲུབ་པ་མེད་དེ། སྤྲོས་པ་དང་བྲལ་བར་སྨྲའོ། །དེ་ཡང་དོན་དམ་པའི་ལྟ་བ་མཐུན་ཡང་། ཀུན་རྫོབ་ཀྱི་བྱེ་བྲག་གིས། མདོ་སྡེ་དབུ་མ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་སུ་གྱེས་སོ། །དེ་ལ་མདོ་སྡེ་དབུ་མ་ནི་ཀུན་རྫོབ་ཉན་ཐོས་མདོ་སྡེ་པ་དང་མཐུན་པས། ཚུལ་ཐ་དད་དུ་མ་ཡང་མེད། འཕགས་པའི་དུས་ན་ཡང་ཕུང་པོ་མ་ལུས་པའི་མྱ་ངན་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་སྨྲ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས། ཇི་སྐད་དུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟེ། བཅོ་བརྒྱད་གང་ཞེ་ན། གང་གི་མཚན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་པ་དང་། གང་གི་ནམ་ལ། ལྷ་དང་བཅས། བདུད་དང་བཅས། དགེ་སྦྱོང་དང་བཅས། བྲམ་ཟེ་དང་བཅས་པའི་འཇིག་རྟེན་སྡུག་བསྔལ་ཐམས་ཅད་ཟད་པའི་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ། དེ་བཞིན་གཤེགས་པ་ལ། འཁྲུལ་པ་མི་མངའ་འོ། །ཅ་ཅོ་མི་མངའ་འོ། །ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནི་སྨོན་ལམ་གྱི་ལས་ཀྱིས་བསྒྲུབ་པ་རྣམ་པར་སྨིན་པའི་ལུས་ཀྱི་ཐ་མ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱིས་བསྡུས་པ་དེས། གང་གི་ནམ་ལ། ཏིང་ངེ་འཛིན་ནམ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བརྙེས་ནས་བདུད་བཞི་ལས་རྒྱལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཞེས་བྱ། བདེ་བར་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་ནོ། །དེ་ནས་གང་གི་ནམ་ལ། ཕུང་པོ་མ་ལུས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། སོ་སོར་བརྟགས་པའི་འགོག་པ་ཞེས་བྱ། མྱ་ངན་ལས་འདས་པ་ཞེས་བྱ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་གཞུང་འདི་འཛིན་ཏོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ནི། ཀུན་རྫོབ་སེམས་ཙམ་དང་མཐུན་པར་སྨྲ་བས། སེམས་ཙམ་ལ་དོན་དམ་པའི་ལྟ་བའི་བྱེ་བྲག་མང་དུ་ཡོད་པ་ལ་བརྟེན་ནས། རྣལ་འབྱོར་སྤྱོད་པའི་ཀུན་རྫོབ་ཀྱི་ལྟ་བའི་བྱེ་བྲག་ཀྱང་སྣ་ཚོགས་སུ་འཛིན་ཏོ། །དེའི་དབང་གིས་སེམས་ཅན་གྱི་དུས་ན་ཡང་ཤེས་བྱའི་མཚན་ཉིད་སྣ་ཚོགས་སུ་སྨྲ་ལ། འཕགས་པའི་དུས་ན་ཡང་ཀུན་རྫོབ་ཀྱི་མཚན་ཉིད། དེ་བཞིན་གཤེགས་པ་ལ་སྐུ་དང་། ཡེ་ཤེས་དང་། ཞིང་གི་བཀོད་པ་ལ་སོགས་པ་གཞུང་རྣམས་ལས་ཇི་ལྟར་གྲགས་པ་ལས། དེ་དང་མཐུན་པར་སྨྲ་སྟེ། ཁ་ཅིག་ནི། ༼དབུ་མ་པ། ༽ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དང་ལྡན་ཏེ། དེ་ཡང་འགྲོ་བ་དྲུག་གི་དབང་པོ་དྲུག་དུས་གཅིག་ཏུ་བསྡུས་པ་བཞིན་དུ་ཐམས་ཅད་གཟིགས་སོ། །མཁྱེན་ཏོ། །ལོངས་སྤྱོད་དོ། །ཟེར་རོ། །ཁ་ཅིག་ནི། གཟུགས་ཀྱི་ཆོས་ལས་ནི་འདས་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ། རྣམ་པ་ནི་ཐམས་ཅད་མཁྱེན། དངོས་སུ་དབང་པོ་དང་དོན་གྱི་ལོངས་སྤྱོད་པ་ནི་མི་མངའ་འོ། །ཞེས་ཟེར་རོ། །ཁ་ཅིག་ནི། ཡེ་ཤེས་དེ་ཡང་རྟག་ཏུ་ཡིད་བདེ་བའི་ལོངས་སྤྱོད་དང་ལྡན་ནོ། །ཞེས་ཟེར་རོ། །ཁ་ཅིག་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ཙམ་སྟེ། མྱོང་སྣང་ཐམས་ཅད་དང་བྲལ་ལོ། །ཞེས་ཟེར་རོ། །ཁ་ཅིག་ནི། སངས་རྒྱས་ཀྱི་མཚན་ཉིད་དེ་ལྟ་བུ་ཞིག་ན་སེམས་ཙམ་པ་ཉིད་དང་ཁྱད་ཅི་ཡོད། ཡེ་ཤེས་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་ཀུན་རྫོབ་ཡིན་པར་ཁས་ལེན་པ་ནི་བཟང་ན། དེ་ཕྱིན་ཅི་ལོག་དང་ལྡན་པ་ཞིག་གམ་བྲལ་བ་ཞིག །གལ་ཏེ་ལྡན་པ་ཞིག་ན་ནི་སངས་རྒྱས་སུ་ཡང་ཇི་ལྟར་རུང་། གལ་ཏེ་བྲལ་པ་ཞིག་ན་ནི། ཕྱིན་ཅི་ལོག་མེད་པ་ཞེས་བྱ་བ་དང་། ཡང་དག་པ་ཞེས་བྱ་བ་དང་། དམ་པའི་དོན་ཞེས་བྱ་བ་ནི་རྣམ་གྲངས་ཙམ་དུ་མ་ཟད་དམ། ཕྱིན་ཅི་ལོག་ནི་མེད་ལ། རིག་པས་ཀྱང་གནོད་ཅེས་བྱ་བ་འདི་སུའི་ལུང་། ཕྱིན་ཅི་ལོག་མེད་པའི་དངོས་པོ་སྐྱེ་འགག་ཡོད་ན་དོན་དམ་པར་ཆོས་ཐམས་ཅད་གདོད་མ་ནས། སྐྱེ་བ་མེད་པ། ངོ་བོ་ཉིད་མེད་པ། སྤྲོས་པ་ཉེ་བར་ཞི་བ་ཞེས་འབྱུང་བ་དེ་ཆོས་ཅན་གང་གི་ཆོས་སུ་གཞག །དེ་བས་ན་བཅོམ་ལྡན་འདས་ཀྱི་མདོ་ལས། ཇི་ལྟར་ན་ནི་རྣམ་པར་གྲོལ། །ཞེས་པའི་ལན་དུ། སེམས་ནི་ངོ་བོ་ཉིད་མེད་ཕྱིར། །རྒྱུ་དང་འབྲས་བུ་རྣམ་སྤང་ཞིང་། །ལས་དང་ཚེ་ལས་རྣམ་གྲོལ་ན། །ནམ་མཁའ་ལྟ་བུར་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ཏེ། གལ་ཏེ་ཡང་དག་པར་ན་སེམས་དང་ངོ་བོ་ཉིད་ཅིག་ཡོད་པར་བདེན་ན་ནི། ཡང་དག་པར་ཐོབ་པའི་སངས་རྒྱས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཞིག་ཏུ་གྲུབ་པར་རིགས་ལ། དེ་སྟེ་ཡང་དག་པར་ན་སེམས་ངོ་བོ་ཉིད་མེད་པར་བདེན་ན། ཡང་དག་པར་ཐོབ་པའི་སངས་རྒྱས་ཀྱང་སྤྲོས་པ་ཐམས་ཅད་ཞི་བའི་མཚན་ཉིད་དུ་རིགས་སོ། །དེ་བས་ན་ཤེས་བྱ་ཡོངས་སུ་གཅོད་པའི་དུས་ན། ཡང་དག་པར་ན་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་སྨྲ་བ་རྣམས་ཀྱིས། ཡང་དག་པའི་དུས་ན། རྒྱུ་དང་འབྲས་བུའི་དངོས་པོ་སྐྱེ་བའི་མཚན་ཉིད་ཁས་བླང་དུ་མི་རུང་ངོ་། །དེ་བས་ན་སངས་རྒྱས་ཀྱི་ས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་མོ། །དབུ་མའི་ལྟ་བ་མདོར་བསྡུ་ན། མ་ཡ་སྟེ་སྒྱུ་མ་ལྟ་བུར་འདོད་པ་དང་། ཨ་པྲ་ཏི་སྟི་ཏེ་རབ་ཏུ་མི་གནས་པར་འདོད་པའོ། །དེ་ལ་སྒྱུ་མ་ལྟ་བུ་ནི། ཕྱི་ནང་གི་དངོས་པོར་སྣང་བ་རྣམས་ལ། རིགས་པ་དམ་པས་གཞལ་ཞིང་བརྟགས་ན། ཡང་དག་པའི་དངོས་པོ་ཡང་མི་རྙེད་ལ། མངོན་སུམ་དུ་དམིགས་པས་གཞལ་ན་རྒྱུ་དང་འབྲས་བུའི་དངོས་པོར་ཡང་དེ་བཞིན་དུ་ བདེན་ཏེ། བདེན་པ་འདི་གཉིས་ཀ་ཡང་ཁྱད་དུ་གསོད་དུ་མི་རུང་བས། བསྡུས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་ནི། ངོ་བོ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཉིད་ནི་བདེན་ནོ། །ཞེས་འདོད་དོ། །རབ་ཏུ་ཤིན་ཏུ་མི་གནས་པ་ནི། ཆོས་ཐམས་ཅད་ལ་མིང་དང་བརྡ་དང་ཐ་སྙད་ཀྱི་མཚན་ཉིད་སྣ་ཚོགས་སུ་བསྟན་ཅིང་། རྣམ་པར་བཞག་ཀྱང་ཇི་ལྟ་བུའི་མཚན་ཉིད་དུའང་གནས་པ་མི་འགྲུབ་སྟེ། རགས་པ་ཨ་ཅང་ཆེས་ཀྱི། ཐ་ན་རབ་ཏུ་ཕྲ་བ་ཞེའམ། ཤིན་ཏུ་ཟབ་པའི་གནས་གཅིག་ལ་ཡང་མི་གནས་མི་རྟེན་པས། རབ་ཏུ་ཤིན་ཏུ་མི་གནས་པ་ཞེས་བྱའོ། །འདི་ནི་ཤེས་བྱ་ཡོངས་སུ་གཅོད་པའི་དུས་ནའང་འདི་ལྟར་གཅོད་ལ། སངས་རྒྱས་ཀྱི་སའི་དུས་ནའང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྤྲོས་པ་ཡོངས་སུ་ཞི་བའི་མཚན་ཉིད་དུ་འདོད་དོ། །ད་ནི་གསང་སྔགས་ཀྱི་གཞུང་ལས་གྲགས་པའི་ལྟ་བ་ཅུང་ཟད་བརྗོད་པར་བྱ་སྟེ། དོན་དམ་པར་སྐྱེ་འགག་མེད་པར་འདོད་པ་ནི་དབུ་མ་དང་མཐུན་ནོ། །ཀུན་རྫོབ་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྱུ་མ་ཙམ་དུ་ལྟ་བའང་མཐུན་ནོ། །བྱེ་བྲག་ཏུ་ན། སྒྱུ་མའི་མཚན་ཉིད་དེ་དག་ཀྱང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་བྱེ་བྲག་ཏུ་བྱས་པའོ། །གཞན་ཡང་དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་པ་དང་། ཐབས་མཁས་པའི་སྤྱོད་ཡུལ་ཡིན་པ་དང་། སྙིང་རྗེ་ཆེན་པོས་གཞི་ཟིན་པའི་སྤྱོད་ཡུལ་ཡིན་པ་ལ་སོགས་པ་ཁྱད་པར་དུ་མ་ཡོད་མོད་ཀྱི། མདོར་བསྡུས་ན་དེ་དག་ཀུན་ཚང་ཞིང་འདུས་པའི་རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བའི་སྒོ་ནས་བདག་དང་གཞན་གྱི་དོན་ཐམས་ཅད་རྫོགས་པར་གྲུབ་པར་ལྟའོ། །དེ་ལ་ནང་གསེས་ཀྱི་བྱེ་བྲག་ནི། བྱ་བ་རྒྱུད་ཀྱི་ཚུལ་གྱི་ལྷར་ལྟ་བ་ཡང་ཆོས་ཉིད་དག་པའི་སྒོ་ནས་ལྷར་ལྟ་ཞེས་གྲགས་ཏེ། དེ་ཡང་བདེན་པ་གཉིས་དབྱེར་མེད་པར་ལྟ་བའི་མཐུས་གྲུབ་སྟེ། ཆོས་ཉིད་སངས་རྒྱས་ཡིན་ན། ཆོས་ཅན་སངས་རྒྱས་མ་ཡིན་པར་མི་རུང་སྟེ། ཆོས་ཅན་གྱི་ངོ་བོ་ཉིད་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཅན་དང་ཆོས་ཉིད་སངས་རྒྱས་ པ་ཡིན་ཞིང་། བདག་དང་སངས་རྒྱས་དབྱེར་མེད ་པར་རྟོགས་ཤིང་། ཅི་ཡང་མི་གནས་ཅི་ལ་ཡང་མི་ལེན་པའི་ཤེས་རབ་དང་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་ལམ་ཡིན་པར་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་འབྱུང་སྟེ། འདི་ལྟར་སྡོང་པོ་བརྒྱན་པའི་མདོ་ལས། གང་ཞིག་ བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་རྣམས། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་ཡོངས་སུ་དག་པའི་ལྷའི་རང་བཞིན་ཡིན་པ་ལ་དེ་བཞིན་དུ་བསྒོམ་ཞིང་བསྟེན་པས་དེ་ཉིད་འགྲུབ་པར་འགྱུར་ཏེ། བདག་དང་གཞན་གྱི་དོན་སྤྱོད་པར་ནུས་སོ། །སྤྱིར་སངས་རྒྱས་པའི་གང་ཟག་གི་སྤྱོད་པ་ཡང་། ཐེག་པ་ཆུང་ངུ་བ་ནི། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་སློབ་བོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ནི། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་བོ། །གསང་སྔགས་ཀྱི་ཚུལ་གྱིས་ནི་སངས་རྒྱས་ཀྱི་རྗེས་སུ་སློབ་སྟེ། དེ་ཡང་ཐེག་པ་འོག་མ་པ་ལྟར་རང་བཞིན་ཐ་དད་པའི་རྗེས་སུ་སློབ་པ་མ་ཡིན་གྱི། སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་བོ། །དེ་ལ། ཀྲྀ་ཡ་དག་པ་ཆོས་ཉིད་ཀྱི་ལྷར་ལྟ་བ་ཞེས་བྱ་བ་དང་། ཡོ་ག་དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་མི་གནས་པའི་ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཐམས་ཅད་དུ་ཁྱབ་ཅིང་བྱིན་གྱིས་བརླབས་པའི་ལྷ་ཡིན་པ་དང་། རྣལ་འབྱོར་ཆེན་པོ་དེ་གཉི་གའི་སྟེང་དུ་ལྷུན་གྱིས་གྲུབ་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ལྟ་བ་དང་། རྫོགས་པ་ཆེན་པོ་བྱ་རྩོལ་དང་བླང་དོར་ཐམས་ཅད་དང་བྲལ་བར་ལྟ། ཞེས་བྱ་བ་འདི་རྣམས་བདེན་ པ་གཉིས་དབྱེར་མེད་པར་ལྟ་བའི་གཞི་ལས་བྱུང་བར་མཐུན་ཡང་། ཐོག་མ་མེད་པའི་དུས་ནས་དངོས་བདག ་གི་རྣམ་རྟོག་ཞེན་པའི་དབང་གིས་ལྟ་བས་ཆོད་ཀྱང་། སྤྱོད་པ་ཉམས་སུ་ལེན་པའི་དུས་ན། ཁུ་འཁྲིག་ཆེ་ཆུང་ཟློག་པ་དང་མ་བཟློག་པའི་དབང་ལས། དེ་དང་མཐུན་པའི་སྒོ་སོ་སོར་བསྟན་པར་ཟད་དེ། འདི་ལྟར་བྱ་བའི་རྒྱུད་ལས་དངོས་གྲུབ་རབ་འབྲིང་ཐོབ་པའི་རྒྱུ་ཡང་། གཙང་སྦྲས་གཞི་བཟུང་བའི་དཀའ་ཐུབ་རབ་འབྲིང་གསུམ། སྔར་བསགས་པའི་བསོད་ནམས་ཀྱི་ལས་རྣམ་པར་སྨིན་པ་ལས་བྱུང་བ་རབ་འབྲིང་གསུམ་དང་། སེམས་མཉམ་པར་བཞག་པ་རབ་འབྲིང་གསུམ་དང་། དད་པ་རབ་འབྲིང་གསུམ་ལས་དངོས་གྲུབ་རབ་འབྲིང་གསུམ་འབྱུང་བར་བཤད་དོ། །རྣལ་འབྱོར་གྱི་རྒྱུད་ལས། གཙང་སྦྲས་གཞི་བཟུང་བའི་དཀའ་ཐུབ་མེད་དུ་ཟིན་ཀྱང། ལྷག་མ་རབ་འབྲིང་གསུམ་ལས་དངོས་གྲུབ་རབ་འབྲིང་གསུམ་འབྱུང་བར་བཤད་དོ། །རྣལ་འབྱོར་ཆེན་པོའི་ཚུལ་ལས་དཀའ་ཐུབ་དང་སྐལ་པ་གཉིས་ག་མེད་ཀྱང་ལྷག་མ་གཉིས་རབ་འབྲིང་གསུམ་ལས་དངོས་གྲུབ་རྣམ་པ་གསུམ་འབྱུང་བར་བཤད་དོ། །དེ་བས་ན་ལྟ་སྤྱོད་ཀྱི་བྱེ་བྲག་གི་ཁྱད་པར་འདི་དག་ཀྱང་། དངོས་བདག་གི་ཞེན་པ་ཆེ་ཆུང་གི་སྣོད་ཀྱི་དབང་དུ་གསུངས་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ལ་ངོ་བོ་ཉིད་སོ་སོར་གྲུབ་པ་ནི་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་མཚན་ཉིད་ཀྱི་ཐེག་པའི་ལྟ་སྤྱོད་ཀྱི་བྱེ་བྲག་སྣོད་ཀྱི་དབང་དུ་གསུངས་པར་ཟད་དེ། ཆོས་ཀྱི་མཚན་ཉིད་ལ། རྒྱུ་རང་གྲུབ་དང་། རྐྱེན་རང་གྲུབ་དང་། འབྲས་བུ་རང་གྲུབ་སོ་སོར་སྤྱད་དགོས་པ་ཡོད་པར་མི་བལྟ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་མི་འབྱུང་བ་ཞིག་ན་ཞེའམ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ཅིང་མངོན་པར་རྫོགས་པར་འཚང་རྒྱ་པར་མི་འགྱུར་ཏེ། ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་མདོར་བསྡུ་ན། གོང་དུ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པ་ཚུལ་གཅིག་པར་སྨོས་པའི་སྐབས་བཞིན་དུ་ཐེག་ པ་མཐོ་དམན་ཐམས་ཅད་ལ། ཆོས་ཐམས་ཅད་ལ་བདག་མེད ་པར་ལྟ་བ་ལས་ཚུལ་ཐ་དད་མེད་དོ། །ལམ་ཐམས་ཅད་ལ་རྣམ་པར་ཐར་པའི་སྒོ་གསུམ་ལ་རྟེན་པ་ལས་ལམ་ཐ་དད་མེད་དོ། །ལམ་གྱི་གྲོགས་ཐམས་ཅད་སྙིང་རྗེ་ཆེན་པོས་གཞི་བཟུང་བའི་ཐབས་ལ་མཁས་པའི་སྤྱོད་པ་ལ་རིམ་གྱིས་བསླབ་པ་མ་གཏོགས་པ་ལམ་གྱི་གྲོགས་ཐ་དད་མེད་དོ། །མཐར་ཐུག་པའི་འབྲས་བུ་ཐམས་ཅད་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་མཐར་ཐུག་པ་ཟིན་པའི་འབྲས་བུ་གཞན་མེད་དོ། །སངས་རྒྱས་ཀྱི་ས་ལ་ཡང་ལམ་སོ་སོ་ནས་བསྒྲུབ་པའི་དབང་གིས། སངས་རྒྱས་ཀྱི་འབྲས་བུ་སོ་སོ་བྱེ་བྲག་མི་འདྲ་བ་ཐོབ་པ་གང་ཡང་མེད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། གང་ཟག་གི་རྒྱུད་རིགས་ཐ་དད་མེད་དོ། །གཞུང་ལས་རིགས་ཀྱི་དབྱེ་བ་གསུངས་པ་ཡང་རྐྱེན་གྱི་དབང་གིས་གནས་ངན་ལེན་གྱི་བག་ཆགས་དང་རྣམ་པ་དཀར་བའི་བག་ཆགས་འཐུག་སྲབ་ཀྱི་དབང་ལས་དེ་ལྟར་བསྟན་པར་ཟད་དོ། །ད་ནི་ལྟ་བའི་བྱེ་བྲག་དེ་དག་གི་དགག་སྒྲུབ་ཀྱི་རིགས་པ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་རང་གི་ལྟ་བ་སྒྲུབ་ཅིང་འོག་མའི་ལྟ་བ་འགོགས་པ་ན། ཉན་ཐོས་པ། མུ་སྟེགས་ཀྱི་ལྟ་བ་སུན་འབྱིན་པའི་སྐབས་སུ། འདི་སྐད་དུ། སོ་སོའི་སྐྱེ་བོ་འཇིག་རྟེན་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་དང་ལྡན་གྱི་སྟེང་དུ། ཁྱེད་ཀྱིས་ལྷག་པར་ཀུན་ཏུ་བརྟགས་པའི་བདག་གིས་བསྣན་ན་ཡང་། བདག་ཏུ་ལྟ་བར་འཛིན་པ་ན། གཞན་ཐམས་ཅད་ལས་ལོག་པའི་ཕྱིར། བདག་གཅིག་པུར་འཛིན། ལས་དང་བྱ་བ་ཐམས་ཅད་རག་ལུས་པའི་ཕྱིར། བདག་བྱེད་པ་པོར་འཛིན། སྐྱེ་གནས་ཐམས་ཅད་དུ་འཇུག་ཅིང་འཕོ་བའི་ཕྱིར། གང་ཟག་རྟག་པར་འཛིན། དེ་བཞིན་ཐམས་ཅད་དུ་འཇུག་པས་ཁྱབ་པར་འཛིན་ པ་དང་། འཕྲོ་གཞིར་གྱུར་པས་སྙིང་པོར་འཛིན་པ་ཡིན་ལ། རྟེན་གྱི་ཕུང་པོ་ལ་དམིགས་ཏེ་བདག་དང་བདག་གིར་ལྟ་བ་ཡིན་ན། ཕུང་པོ་ལ་ནི་ཁྱེད་འདོད་པའི་བདག་དེ་ལྟ་བུ་ཤེས་པ་གང་གིས་ཀྱང་མ་དམིགས་ཏེ། འདི་ལྟར་གཟུགས་ནི་འབྱུང་བ་ཆེན་པོ་རྡུལ་འདུས་པ་ཙམ། ཕྱོགས་ཀྱི་ཆ་ཅན་དུ་དམིགས་པ་ལས། ཡན་ལག་ཅན་གྱི་རྫས་གཅིག་པུ་ཆ་མེད་པ་མ་དམིགས་སོ། །སེམས་ནི་ཚོགས་དྲུག་སེམས་ལས་བྱུང་བ་དང་བཅས་པ། དམིགས་པ་དང་རྣམ་པའི་ཆ་ཅན་དུ་དམིགས་ཏེ། སྤྱི་ཁྱབ་པའི་རྫས་ནི་མ་དམིགས་སོ། །དེ་བས་ན་ཕུང་པོ་ལ་བདག་གཅིག་པུར་འཛིན་པ་ཉམས་སོ། ། བདག་མེད་པས་བདག་དེ་ཡང་བྱེད་པ ་པོ་ཡང་མ་ཡིན་ཏེ། ཕུང་པོ་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་གནས་པར་མངོན་སུམ་དང་མི་དམིགས་པས་གྲུབ་པས། བྱེད་པ་པོ་ཡང་མ་གྲུབ་ལ། གང་ཟག་རྟག་པ་ཡང་མ་གྲུབ་བོ། །དེ་ལྟར་ན་སྤྱིའི་རྫས་མ་གྲུབ་པ་ཉིད་ཀྱིས། ཁྱབ་པ་ཡང་མི་འགྲུབ་ལ། གཅིག་པུར་བཞག་པ་ཡང་མ་གྲུབ་པས། སྙིང་པོ་ཡང་མི་འགྲུབ་སྟེ། ད་ལྟ་ཕྱི་ནང་གི་དངོས་པོ། དབང་པོའི་མངོན་སུམ་དང་། རང་རིག་པའི་མངོན་སུམ་གྱིས་གྲུབ་པ་འདི་ནི། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །ཞེས་ བདག་ནི་མེད། ཆོས་ཙམ་ནི་ཡོད་པར་སྒྲུབ་བོ། །འདི་ལྟ་བུའི་རིགས་པ ་རེ་རེའི་ངོར་བྱས་ཏེ། ལྟ་བའི་རིམ་པ་རྣམ་པར་གཞག་པར་ཟད་ཀྱི། རིགས་པའི་ཤུགས་བརྡས་ན་ནི་ཉན་ཐོས་ཀྱི་ཕུང་པོ་ལ་གཅིག་པུ་མེད་པ། བྱེད་པ་པོ་མེད་པ། གང་ཟག་མེད་པ། སྤྱིའི་རྫས་མེད་པ། སྙིང་པོའི་རྫས་མེད་པ། འདི་ཉིད་ཀྱིས་མཐར་གཏུགས་ན་ཆོས་ཐམས་ཅད་ལ་སྣང་བ་དམིགས་ཀྱང་། གཅིག་པུར་བཞག་པ་མི་རྙེད། བྱེད་པར་བཞག་པ་མི་རྙེད། གང་ཟག་ཏུ་བཞག་པ་མི་རྙེད། སྤྱིར་བཞག་པ་མི་རྙེད། སྙིང་པོར་བཞག་པ་མི་རྙེད་དེ། གལ་ཏེ་ཕུང་པོ་ལ་དེ་ལྟ་བུ་ཞིག་རྙེད་པར་གྱུར་ན་ནི། བདག་གི་ངོ་བོར་གྲུབ་པར་འགྱུར་རོ། །གལ་ཏེ་མ་རྙེད་ན་ནི་ཆོས་སྣ་ཚོགས་སུ་གཞག་པའི་གཞི་ཡང་མི་རྙེད་དེ། འདི་ལྟར་གཅིག་མ་གྲུབ་པས་དུ་མའི་གཞི་མི་རྙེད་དེ། དུ་མའི་བློ་ཡང་ཐ་སྙད་ཀྱི་བློར་འགྱུར་རོ། །བྱེད་པོ་མ་གྲུབ་པས་ལས་དང་བྱ་བ་ཐམས་ཅད་མི་འགྲུབ་སྟེ། འདུ་བྱེད་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་འགྱུར་རོ། །གང་ཟག་མ་གྲུབ་པས་གང་ཟག་གཅིག་གི་ཤེས་པའི་རྒྱུད་ཀྱིས་བསྡུས་པའི་ཕུང་པོའི་རྒྱུན་ཡང་། བདག་ཏུ་ལྟ་བའི་སྒྱུ་འཕྲུལ་ཙམ་དུ་འགྱུར་རོ། །ཁྱབ་པ་མ་གྲུབ་པས་སྤྱིའི་མཚན་ཉིད་མི་འགྲུབ་བོ། །སྙིང་པོ་མ་གྲུབ་པས་རང་གི་མཚན་ཉིད་གཞག་པ་མི་འགྲུབ་བོ། །རྟག་པ་མ་གྲུབ་པས་རྒྱུ་དང་འབྲས་བུ་ཐམས་ཅད་གཞན་དང་གཞན་དུ་འགྱུར་ཏེ། རང་གིས་ནི་ཆོས་གཉིས་ལ་ཁྱབ་ཏུ་མི་རུང་ངོ་། །རང་ཞེས་བྱ་བ་གཅིག་པུ་བཞག་པ་མ་རྙེད་པ་ཙམ་གྱིས། དེ་ལས་ལྟོས་པའི་གཞན་དུ་གཞག་པ་མི་འགྲུབ་ལ། རང་དང་གཞན་དུ་གཞག་པ་མ་གྲུབ་ན། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །འདི་སྐད་དུ། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །ཆོས་ཀྱི་དམ་པ་རྟོགས་པར་འགྱུར། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་གསུངས་པའི་ཚུལ་ཡང་དེ་འདྲའོ། །སྡོང་པོ་བརྒྱན་པའི་མདོ་ལས། བྱེད་པ་པོ་ལ་ཆགས་པས་ལས་རྣམས་ཡོད་པར་འགྱུར་ཏེ། བྱེད་ པ་པོ་མེད་ན་ལས་ཡང་དག་པར་ཡོད་པར་མི་འགྱུར་རོ། །ཞེས་གསུངས་པའམ། གཞན་དུ་ན། བདག ་ཏུ་འཛིན་པ་ཡོངས་སུ་སྤངས་ནས་ནི། །ཆོས་སུ་འཛིན་པར་བྱེད་པ་གང་ཡང་མེད། །བདག་འཛིན་སྒྱུ་མཁན་ཡོད་ཀྱི་བར་དུ་ནི། །རི་འདྲའི་ཞི་གནས་ཐོབ་ཀྱང་གྲོལ་མི་འགྱུར། །ཞེས་པའམ། གང་ཟག་ལ་ བདག་མེད་པར་རྟོགས་པས་བག་ཆགས་ལ་སོགས་པའི་གནས་མེད། ཞེས་གསུངས་པ ་ལྟ་བུ་དོན་འདྲ་སྟེ། གང་ཟག་གི་བདག་འདོད་པའང་ཕུང་པོ་ལ་དམིགས་ཏེ། དངོས་གཞི་གཅིག་འགྲུབ་པར་ འདོད་པ་ཡིན་ལ། ཆོས་ཀྱི་བདག་འདོད་པའང་། ཕུང་པོ་ལ་དངོས་གཞི་ཞིག་འདོད་པ་ཡིན་ཏེ། དེ་བས་ན་ཇི་སྲིད་དུ་ཆོས་ཀྱི་ངོ་བོ་འདོད་པ་མ་བཏང་གི་བར་དུ་གང་ཟག་གི་བདག་ཀྱང་གཏོང་བར་མི་འགྱུར་རོ། །གང་གི་ཚེ་གང་ཟག་གི་བདག་ལྷག་མ་མ་ལུས་པ་བཏང་བ་དེའི་ཚེ། ཆོས་ཀྱི་བདག་ཤིན་ཏུ་ཕྲ་བའི་ཆ་ཡང་རྙེད་པར་མི་འགྱུར་རོ། །དེ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་རྙེད་པར་མི་འགྱུར་ཏེ། ཐ་སྙད་ཐམས་ཅད་ལས་འདས་པའི་བློ་འདི་ནི། སྟོང་པ་ཉིད་ཀྱི་དོན་ཤེས་པ་ཞེས་བྱ་སྟེ། འདིས་མྱ་ངན་ལས་འདས་པར་འགྱུར་རོ། །ཇི་སྐད་དུ། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། དངོས་པོར་ལྟ་བ་མ་ལོག་པར། མཚན་ཉིད་ཀྱི་བློ་ལྡོག་པར་མི་འགྱུར་རོ། །དེ་མ་ལོག་ན་སྲེད་པའི་བློ་ལྡོག་པར་མི་འགྱུར་རོ། །ཇི་སྲིད་དུ་སྲེད་པ་མ་ལོག་པ་དེ་སྲིད་དུ། སྲིད་པ་ཀུན་ཏུ་སྦྱོར་བ་ལྡོག་པར་མི་འགྱུར་རོ། །འདི་ནི་གང་ཟག་ལ་ བདག་མེད་པར་རྟོགས་པའི་ཤུགས་ཀྱིས། ཆོས་མཉམ་པ ་ཉིད་དུ་ལམ་བསྟན་པ་ཡིན་ནོ། །མདོར་ན་ཉན་ཐོས་ཀྱི་གང་ཟག་གི་བདག་གཅིག་རྟག་བཤིག་པས། རང་གི་ཆོས་ཀྱི་མཚན་ཉིད་འཇིག་གོ །སེམས་ཙམ་གྱིས་ཕྱི་རོལ་གྱི་རྡུལ་ཕྲ་རབ་ལ་ཕྱོགས་ཆའི་གནོད་པ་བསྒྲུབ་པས། རང་གི་སེམས་དང་སེམས་ལས་བྱུང་བའང་རྣམ་པ་དང་དུས་ཀྱི་ཆ་ཤས་ཀྱི་གནོད་པ་འགྲུབ་བོ། །རྡུལ་ཕྲ་རབ་ལ་ཆོས་ཅན་ཤེས་པ་གང་གིས་ཀྱང་མ་གྲུབ་ཞེས་བརྒལ་ནའང་། རང་གི་སེམས་ཀྱི་དུས་ཀྱི་མཐའི་སྐད་ཅིག་མ། ཤེས་པ་གང་གིས་ཀྱང་མ་དམིགས་སོ། །དུས་ཀྱི་མཐའི་སྐད་ཅིག་མ་ལྟ་ཞོག་གི །རྣམ་པར་ཤེས་པའི་ཁམས་ཀྱི་རྒྱུ་བ་ཉིད་ཀྱང་རྗེས་སུ་དཔག་པ་ཙམ་གྱི་ཡུལ་ཏེ། འདི་སྐད་དུ། བཟང་སྐྱོང་གིས་ཞུས་པའི་མདོ་ལས། གཞོན་ནུ་སྨན་ཆེན་གྱིས་ཞུས་པའི་སྐབས་ནས། སྨན་ཆེན་རླུང་གི་ཁམས་ནི། སྒྲ་འུར་འུར་པོར་གྲགས་པ་དང་། རྩི་ཤིང་གཡོ་བ་དང་། ས་ཚུབ་ལྡང་བ་དང་། ལུས་གཡོ་བར་བྱེད་པ་ལ་རྗེས་སུ་དཔག་གི །རླུང་གི་ཁམས་ནི་མི་མཐོང་མི་རིག་གོ །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་དེ་ཡང་། དྲན་པ་དང་། ཚོར་བ་དང་། སེམས་པ་དག་ལས་རྗེས་སུ་དཔག་གི །རྣམ་པར་ཤེས་པའི་ཁམས་ནི་མི་མཐོང་མི་རིག་གོ །ཞེས་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སེམས་ལས་བྱུང་བ་ལས། རྗེས་སུ་དཔག་པར་བྱ་བ་ཡིན་ན། དེའི་དུས་ཀྱི་མཐའི་སྐད་ཅིག་ལ་ལྟ་ཅི་སྨོས། དེ་བས་ན་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་དང་། དུས་ཀྱི་མཐའ་སྐད་ཅིག་མ་གཉིས་ལ། རིགས་པས་གནོད་པ་མཚུངས་སོ། །དེ་བཞིན་དུ་དབུ་མས་ཆོས་རྣམས་ལ་ཡང་དག་པར་སྒྲུབ་པའི་རིག་པ་མི་བཟོད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་རིགས་པ་འདི་ཉིད་ཀྱིས། རང་གི་ཡང་དག་པའི་ཀུན་རྫོབ་ཀྱི་རྫས་སུ་གྲུབ་པར་འདོད་པ་ལ་གནོད་དེ། འདི་ལྟར་ཆོས་ཅན་གྱི་དངོས་པོ་གཅིག་ལ། མཚན་ཉིད་གཅིག་གིས་གཅིག་སྤངས་པའི་འགལ་བ་གཉིས། བདེན་པར་རྩལ་མཉམ་དུ་ནི་བསྒྲུབ་ཏུ་མི་རུང་ལ། མི་མཉམ་ན་ནི་གཅིག་ཤོས་འཁྲུལ་པའི་སྤྱོད་ཡུལ་དུ་འགྱུར། གང་འཁྲུལ་པ་དེ་ནི་ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་པས། རང་གི་བདག་ཉིད་ཐོབ་པར་མི་འགྱུར་ཏེ། དེ་ལྟར་ཡོངས་སུ་བཟུང་བར་བྱ་བ་མ་ཡིན་པ་དེ་ལ་ནི་རྫས་ཀྱི་ཐ་སྙད་མི་འཇུག་གོ། ། ། ལྟ་བའི་བྱེ་བྲག་རྫོགས་སོ།། །། ལྟ་བའི་བརྗེད་བྱང་ཆེན་པོ་ཞེས་གྲགས་པ་ངྷརྨ་བྷ་དྲས་མཛད་པའོ།། །།