བླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བྱེད་རབ་གསལ་སྐལ་ལྡན་བགྲོད་པའི་མྱུར་ལམ།
༈ བླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བྱེད་རབ་གསལ་སྐལ་ལྡན་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀཱ་ར་ཡེ། །མཐའ་ཡས་ཡོན་ཏན་རིན་ཆེན་ཀུན་འབྱུང་གནས། །རྣམ་དག་རྒྱལ་བའི་དཀྱིལ་འཁོར་རྒྱ་མཚོ་ཆེར། །འཇུག་འདོད་དོན་གཉིས་སྙིང་པོའི་ནོར་བུ་མཆོག །སྐལ་ལྡན་བྱང་ཆུབ་གྲུ་རྫིང་འདིར་ཞུགས་ཀྱེ། །དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་ཡེ་ཤེས་རོལ་པ་གཅིག་ཏུ་འདུས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དྲང་དང་ངེས་པའི་ཆོས་ཚུལ་དུ་མས་འགྲོ་རྣམས་ཀུན་མཁྱེན་ཀྱི་གོ་འཕང་མངོན་དུ་སྟོན་པའི་དཀྱིལ་འཁོར་ཀུན་གྱི་གཙོ་མཆོག་དཔལ་ཧེ་རུ་ཀའི་སྐུར་བཞེངས་ནས་སྨིན་གྲོལ་གྱི་སར་བཀོད་པའི་གང་འདུལ་ཐབས་གྱིས་སྐྱོང་བའི། ཇི་ལྟར་ཆུ་ཀླུང་ཟླ་གཟུགས་བཞིན། །སྣ་ཚོགས་སྒྱུ་འཕྲུལ་གར་རྩེད་སྟོན། །ཅེས་པ་ལྟར་འདིར་ནི་བླ་མེད་ངེས་པའི་དོན་གྱི་ཡང་སྙིང་གཅིག་ཏུ་དྲིལ་བ་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་མཆོག་གི་བླ་མའི་རྣལ་འབྱོར་ལ་འཇུག་པའི་མངོན་པར་རྟོགས་པ་ཐོ་ཙམ་བཀོད་པ་སྟེ། རབ་ཏུ་གོང་མ་དག་གི་བྱིན་གྱིས་བརླབས་པའི་སྒྲུབ་གནས་སམ། དབེན་ཞིང་ཉམས་དགའ་བྱིན་ཆགས་པའི་གནས་སུ་གཙང་སྦྲ་བྱི་དོར་ལེགས་པར་བྱས་ལ། དཀོན་མཆོག་གི་རྟེན་བཀྲམ་ལ་མཆོད་བའི་ཡོ་བྱད་སྣ་ཚོགས་པ་དང་། ཁྱད་པར་ཐབས་ཤེས་ཀྱི་རྫས་ནང་མཆོད་ལ་སོགས་པ་རྒྱ་ཆེར་བཤམས་ལ། གཞན་ཡང་བཀོད་པ་རབ་ཏུ་མཛེས་པས་བརྒྱན་པར་བྱ་བ་སོགས་མདོར་ན་ཚོགས་གཉིས་བསོད་ནམས་ཀྱི་ཞིང་དུ་མོས་པར་ཡོ་བྱད་ཀྱི་རྣམ་པ་དུ་ུམ་མདུན་དུ་བརྡལ་བར་བྱའོ། །དེ་ནས་ཐོག་མར་རང་ཉིད་ལྷ་ཡི་རྣལ་འབྱོར་དང་ལྡན་པས་བདུད་རྩི་བྱིན་གྱིས་བརླབ་བ་ནི། ༀ་ཨཱཿབིགྷྣཱན་སོགས་ཀྱིས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་རྃ་ཀྃ་རྣམས་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་
གཅིག་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དཔྲལ་བ་རང་ལ་བསྟན་པ་ཕྱི་དཀར་ལ་ནང་དམར་བ་དེའི་དབུས་སུ་མུ། ཤར་དུ་བི། ལྷོར་ར། ནུབ་ཏུ་ཤུ། བྱང་དུ་མ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན། ཤར་ལྷོར་གོ། ལྷོ་ནུབ་ཏུ་ཀུ། ནུབ་བྱང་དུ་ད། བྱང་ཤར་དུ་ཧ་སྟེ་ཤ་ལྔ་པོ་སླར་ཡང་ཡིག་འབྲུ་དེ་དག་གིས་མཚན་པར་གྱུར་བ་དང་། རང་གི་སྣ་བུག་གཡོན་པ་ནས་ཧཱུྃ་གི་དབྱིབས་ཅན་གྱི་རླུང་གཡོས་པས་མེ་སྤར་ཐོད་པ་དྲོས། རྫས་རྣམས་ཁོལ། མ་དག་པའི་དྲི་མ་སྦྱངས། སྟེང་དུ་ༀ་དཀར་ཨཱཿདམར་ཧཱུྃ་སྔོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། བདེ་བ་ཆེན་པོའི་རང་བཞི་ཅན་དུ་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བདུད་རྩི་བྱིན་གྱིས་བརླབས། དེ་ནས་སྔོན་འགྲོ་གཏོར་མ་བྱིན་གྱིས་བརླབ་པ་ཡང་གོང་ལྟར་བྱ་ཞིང་། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་པ་ལིཾ་གྲྀ་ཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡ་ཙྪནྟུ་ཡ་ཐཻ་བྃ་ཡ་ཐཻ་ཥྚཾ། བྷཱུཉྫ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད་ལ། ཧཱུྃ། གང་དག་བླ་མེད་དཀྱིལ་འཁོར་འདིར། །མངོན་པར་འདུད་པའི་ཞིང་སྐྱོང་བརྒྱད། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་ཚོགས་ཇི་སྙེད་པ། །འདིར་བཤམས་མཆོད་རྫས་འདོད་ཡོན་རྣམས། །དགྱེས་
དགུར་ཚིམ་པར་ལོངས་སྤྱོད་རོལ། །ཡང་དག་བྱང་ཆུབ་བསྒྲུབ་པ་ལ། །བར་ཆད་ནད་གདོན་ཞི་བར་མཛོད། །ཚེ་དཔལ་འབྱོར་པའི་དབང་དང་ལྡན། །བརྟན་གཡོའི་སྲིད་བཅུད་མ་ལུས་སྡུད། །མངོན་སྤྱོད་ལས་ཀྱི་དངོས་གྲུབ་སོགས། །ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད། །ཅེས་དང་། དེང་འདིར་གནོད་ཅིང་འཚེ་བ་ཡི། །བསམ་སྦྱོར་ལོག་ལྟར་གྱུར་པ་རྣམས། །སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག །ཧཱུྃ་ཧཱུྃ། སུམ་བྷ་ནི་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བར་མེད་རྡོ་རྗེའི་རྭ་བ་དྲྭ་བ་གུར་དང་བླ་རེ་ཕྱི་རོལ་ཡེ་ཤེས་ཀྱི་མེ་དཔུང་འབར་བས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བས་ཀུན་ནས་ཀུན་ཏུ་གཏམས་པར་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཅེས་སྲུང་འཁོར་བསྒོམས་ལ། དེ་ནས་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི་བདུད་རྩི་བྲན་ལ། ༀ་ཨཱཿབིགྷྣཱན་གྱིས་བསངས་། སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་ཡངས་པར་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། གཞན་ཡང་མཆོད་པའི་བྱེ་བྲག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་མཐུ་དང་ལྡན་པར་གྱུར། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཧོ། ལན་གསུམ་དང་། ༀ་བཛྲ་སྥ་ར་
ཁཾ། ལན་གསུམ། ༀ་བཛྲ་ཨརྒྷ་ཾཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻཝི་དྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཅེས་བྱིན་གྱིས་བརླབས་ལ། སྐྱབས་སུ་འགྲོ་བ་ནི། ན་མོ། དུས་གསུམ་སངས་རྒྱས་དམ་པའི་ཆོས། །ཚོགས་མཆོག་བླ་ན་མེད་པའི་མགོན། །བདག་ཉིད་ཆེན་པོ་རྡོ་རྗེ་ཅན། །དཔལ་ལྡན་བླ་མ་རིན་པོ་ཆེ། །རྩ་བ་བརྒྱུད་པར་བཅས་རྣམས་དང་། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ། །ཆོས་སྐྱོང་རྒྱ་མཚོ་ཚོགས་བཅས་ལ། །བདག་ནི་རྟག་པར་སྐྱབས་སུ་མཆི། །ལན་བདུན་ནམ་ཉེར་གཅིག་བརྗོད། སེམས་བསྐྱེད་ནི། གཞན་ཕན་སྙིང་རྗེས་ཀུན་བསླང་སྟེ། །བླ་མ་བདེ་གཤེགས་ཀུན་འདུས་ཀྱི། །གོ་འཕང་དམ་པ་བསྒྲུབ་ནས་ནི། །འགྲོ་སྒྲོལ་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་དང་། སྐབས་འདིར་སྦྱང་བྱ་སྒྲིབ་གཉིས་ཀྱི་དྲི་མ་རྣམས་སྦྱོང་བྱེད་གཉེན་པོ་རྟེན་གྱི་སྟོབས་ཁྱད་པར་དུ་འཕགས་པ་བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་དུ་སྒོམ་བཟླས་ཀྱི་རིམ་པ་བསྟན་པ་ནི། རང་གི་སྤྱི་གཙུག་ཚངས་པའི་གནས་སྟེང་དུ། །པད་དཀར་ཟླ་དཀྱིལ་སྟེང་དུ་ཧཱུྃ་དཀར་ལས། །བླ་མ་ཧེ་རུ་ཀ་དཔལ་དཔའ་པོ་ཆེ། །རྡོ་རྗེ་སེམས་དཔའ་རིགས་ཀུན་བདག་པོ་མཆོག །སྐུ་མདོག་དཀར་པོ་ཟླ་བའི་རྒྱབ་ཡོལ་ཅན། །ལོངས་སྐུ་མཚན་དཔེའི་ཆ་རྫོགས་ཞལ་གཅིག་པ། །ཕྱག་གཉིས་རྡོར་དྲིལ་འགྱིང་བག་ཚུལ་དུ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་ཞབས་རྡོར་སྐྱིལ། །པང་དུ་རྡོ་རྗེ་སྙེམས་མ་མདོག་དཀར་གཡས། །གྲི་གུག་གཡོན་པས་ཐོད་ཆང་འཛིན་པ་
འཁྲིལ། །གནས་གསུམ་སྐུ་གསུམ་ངོ་བོ་ཡིག་འབྲུས་མཚན། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་ཐུགས་ཀར་ཟླ་དཀྱིལ་དབུས། །ཧཱུྃ་དཀར་མཐའ་མར་སྔགས་ཕྲེང་བསྐོར་བར་གྱུར། །སྐུ་ཡི་ཆ་ལས་བདུད་རྩི་འོ་མའི་རྒྱུན། །དཀར་ཞིང་བསིལ་བ་རེག་ན་བདེ་བ་འབབ། །སྡིག་སྒྲིབ་མ་ལུས་བྱང་ཞིང་དག་གྱུར་ནས། །རང་ལུས་འོད་དུ་གསལ་བ་དེ་ཡི་ངང་། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་དང་། ཡིག་དྲུག་བཟླས་པའི་མཐར། ཀྱེ་ཧོ། བདག་ནི་ཉོན་མོངས་མ་རིག་དབང་། །སྒྲིབ་བའི་དྲྭ་བར་འཐུམས་པ་ཡི། །དམ་ཚིག་ཉེས་བའི་ཚོགས་ཀུན་འཤགས། །དག་ཚངས་དབུགས་དབྱུང་མཛད་དུ་གསོལ། །ཅེས་གསོལ་བས། བླ་མ་རྡོ་རྗེ་སེམས་དཔའ་ཡིས། །བུ་ཁྱོད་ནོངས་པ་བྱང་ངོ་ཞེས། །གནང་བ་ཐོབ་པའི་མོད་ཉིད་དུ། །འོད་ཞུ་རང་ལ་ཐིམ་པར་གྱུར། །དར་གཅིག་ཉམས་ལེན་བསྐྱངས་ལ། འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་རྒྱུ་དང་བྲལ་བར་ཤོག །བདེ་བས་རྟག་པར་ཉེར་འཚོ་ཞིང་། །ཆོས་རྣམས་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ་གྱིས་ཚད་མེད་བཞི་བསྒོམ་ལ། དེ་ནས་མདུན་མཁར་བླ་མའི་དཀྱིལ་འཁོར་བསྐྱེད་པ་གསལ་བཏབ་པ་ནི། མདུན་བསྐྱེད་རྟེན་རྣམས་བསངས་སྦྱངས་ལ། ༀ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གིས་ཆོས་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེ་རང་བཞིན་མེད་པའི་བདག་ཉིད་དེ་ཁོ་ནའི་ངོ་བོར་སྦྱངས་ལ། སྟོང་པའི་ངང་ལས་མདུན་གྱི་མཁའ་དབྱིངས་སུ། །སྔོན་གྱི་སྨོན་ལམ་ཚོགས་གཉིས་རྫོགས་པའི་སྟོབས། །ཆོས་དབྱིངས་རང་
བཞིན་བསམ་མི་ཁྱབ་པ་དང་། །སངས་རྒྱས་ཞིང་སྦྱང་དག་པའི་སྦྱོར་པའི་མཐུས། །བདག་སོགས་མོས་པའི་རྟེན་འབྱུང་ལྷག་བསམ་གྱིས། །གནས་འདིར་ཐར་པ་ཆེན་པོའི་ཕོ་བྲང་མཆོག །ཞིང་ཁམས་བཀོད་པ་ཡོན་ཏན་ལྷུན་གྲུབ་པར། །ཕུན་སུམ་ཚོགས་པའི་རང་བཞིན་ལྡན་གྱུར་ཅིག །དེ་དབུས་པད་སྡོང་ཡལ་ག་ལྔར་གྱེས་པའི། དབུས་སུ་དྲི་མེད་པད་དཀར་འདབ་མ་བརྒྱད། །གེ་སར་ཟེའུ་འབྲུ་དེ་སྟེང་སེང་གེའི་ཁྲིར། །མ་ཆགས་སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཆུ་ཤེལ་ཉ་གང་སྟེང་། །རྒྱལ་བ་ ཀུན་གྱི་ཡེ་ཤེས་རྣམ ་པར་རོལ། །གསང་གསུམ་མི་བཟད་རྒྱན་འཁོར་ལྔ་ཡི་བདག །འཕགས་མཆོག་འཇིག་རྟེན་དབང་ཕྱུག་དངོས་སྣང་བ། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ནི། །བགྲེས་ཉམས་ཞྭ་ནག་གསེར་མདངས་ཁྱུང་གཤོག་གསོལ། །དབུ་སྐྱེས་རབ་དཀར་ལྟ་སྟངས་དབྱིངས་སུ་གཟིགས། །ཞལ་གཅིག་ཕྱག་གཉིས་གཡས་པ་ས་གནོན་དང་། །གཡོན་པས་མཉམ་བཞག་འཆི་མེད་བུམ་པ་བསྣམས། །ཆོས་གོས་རྣམ་གསུམ་ཞབས་གཉིས་སྐྱིལ་མོ་ཀྲུང་། །ཏིང་འཛིན་བྱེ་བ་ཕྲག་བརྒྱའི་འོད་ཟེར་གྱིས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་ཅིང་བཞུགས། །ཤར་གྱི་འདབ་སྟེང་གླང་ཆེན་བཏེགས་པའི་ཁྲིར། །པད་ཟླའི་སྟེང་དུ་འོད་སྣང་མཐའ་ཡས་མགོན། །རིགས་དྲུག་ཁྱབ་བདག་ཞྭ་དམར་ཅོད་པན་ཅན། །མི་ཕམ་ཆོས་གྲུབ་རྒྱ་མཚོ་སྐུ་ཤ་རྒྱས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་
དྲིལ་བུ་འཛིན། །ཆོས་གོས་རྣམ་གསུམ་ཟ་འོག་བེར་ཆེན་གསོལ། །ཞབས་གཉིས་རྡོར་སྐྱིལ་གཟི་བྱིན་རབ་ཏུ་འབར། །འབྲེལ་ཚད་དོན་དང་ལྡན་ཞིང་ལྷམ་མེར་བཞུགས། །ལྷོ་ཡི་འདབ་སྟེང་ཅང་ཤེས་བཏེགས་པའི་ཁྲིར། །པད་ཟླའི་སྟེང་དུ་ཐུགས་རྗེ་ཆེན་པོའི་འཕྲུལ། །བཀའ་དྲིན་མཉམ་མེད་དཔལ་ལྡན་འབྲུག་པ་མཆོག །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་སྐུ་མདོག་དཀར། །དབུ་ལ་སྒོམ་ཞྭ་རིན་ཆེན་སྤྲིན་དཔུང་མཛེས། །ཕྱག་གཡས་མཆོག་སྦྱིན་པད་དཀར་གཡོན་མཉམ་བཞག །ཆོས་གོས་རྣམ་གསུམ་རྡོ་རྗེ་སྐྱིལ་མོ་ཀྲུང་། །ཕན་བདེའི་ཆར་གྱིས་རྟག་ཏུ་སྐྱོང་བཞིན་བཞུགས། །ནུབ་ཀྱི་ཟླ་སྟེང་རྨ་བྱས་བཏེགས་པའི་ཁྲིར། །པད་ཟླའི་སྟེང་དུ་བྱམས་ཆེན་ཤེས་རབ་གཉེན། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་བགྲེས་ཉམས་ལྡན། །དབང་རྟགས་ཅོད་པན་རྭ་གའི་མདངས་དང་ལྡན། །ཕྱག་གཉིས་ཆོས་འཆད་རལ་གྲི་པུསྟི་ཀཿ། ཆོས་གོས་རྣམ་གསུམ་ཞབས་གཉིས་སྐྱིལ་མོ་ཀྲུང་། །འགྲོ་རྣམས་མཁྱེན་བརྩེས་ཡང་དག་སར་བཀོད་ཕྱིར། །བཤད་སྒྲུབ་ཕྲིན་ལས་སྣང་བ་རྒྱས་པར་བཞུགས། །བྱང་གི་འདབ་སྟེང་ཁྱུང་ཆེན་བཏེགས་པའི་ཁྲིར། །པད་ཟླའི་སྟེང་དུ་མཚོ་སྐྱེས་རྣམ་པར་རོལ། །གྲུབ་པའི་དབང་ཕྱུག་དཔལ་ལྡན་དཔའ་བོ་མཆོག །རྡོ་རྗེ་གཙུག་ལག་དགའ་བའི་དབང་པོའི་སྡེ། །བགྲེས་ཚུལ་དབང་ཞུ་པདྨ་ཟུར་བརྒྱད་གསོལ། །ཕྱག་གཉིས་རྡོ་རྗེ་སྡིགས་མཛུབ་དྲིལ་དཀུར་
བརྟེན། །མེ་ཁ་ལི་ལྗང་བླ་གོས་ངུར་སྨྲིག་བཀླུབས། །ཞབས་གཉིས་ཕྱེད་སྐྱིལ་བདེ་སྟོང་ཡེ་ཤེས་རྒྱས། །ཤར་ལྷོའི་འདབ་སྟེང་རྡོ་རྗེས་མཚན་པའི་ཁྲིར། །པད་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ། །དཀར་སྨུག་དབུ་ལ་པདྨ་མཐོང་གྲོལ་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་མཁའ་ལ་གདེངས། །གཡོན་པས་ཕུར་པ་འདྲིལ་ཞིང་ལྕགས་སྡིགས་འཕྲོ། །ཕོད་ཀ་ཆོས་གོས་ཞབས་གཉིས་རོལ་པའི་སྟབས། །ལོག་འདྲེན་བགེགས་ཚོགས་ཞི་བའི་རྔམས་ཟེར་འཕྲོ། །ལྷོ་ནུབ་འདབ་སྟེང་རིན་ཆེན་མཚན་པའི་ཁྲིར། །པད་ཟླའི་སྟེང་དུ་སྔགས་ཀྱི་རིག་པ་འཛིན། །ཚེ་དབང་མགོན་པོ་འཆི་མེད་དཔལ་དར་མཆོག །སྨུག་ནག་པདྨ་ཁ་འབུས་དབང་ཞུ་ཅན། །ཕྱག་གཉིས་རྡོ་རྗེ་ཐོད་ཆང་འགྱིངས་བཅས་བསྣམས། །རྡོ་རྗེའི་གསང་གོས་དང་ནི་བླ་གོས་བཀླུབས། །ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཚེ་བསོད་ཡེ་ཤེས་རྒྱས་པའི་དངོས་གྲུབ་འདུ། །ནུབ་བྱང་འདབ་སྟེང་པདྨས་མཚན་པའི་ཁྲིར། །པད་ཟླའི་སྟེང་དུ་གར་དབང་རྡོ་རྗེ་འཛིན། །ཆོས་སྐྱོང་རྣམ་པར་རྒྱལ་བ་སྐུ་བོང་མཐོ། །དབུ་ལ་དྭགས་ཞུ་གསོལ་ཞིང་ཕྱག་གཉིས་ཀྱི། །ཆོས་འཆད་མཉམ་བཞག་ཕྱག་རྒྱས་གླེགས་བམ་འཛིན། །སྐུ་ལ་ཆོས་གོས་རྣམ་པ་གསུམ་དང་ལྡན། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྲིད་ཞིའི་བརྟན་གཡོ་མ་ལུས་དབང་དང་ལྡན། །བྱང་
ཤར་འདབ་སྟེང་རྒྱ་གྲམ་མཚན་པའི་ཁྲིར། །པད་ཟླའི་སྟེང་དུ་སྒྲུབ་བརྒྱུད་ཕྲིན་ལས་ཀྱི། །བྱེད་པོར་དབང་བསྐུར་ནོར་བུ་བསམ་འཕེལ་དབང་། །བགྲེས་པའི་ཉམས་ལྡན་བསྒོམ་ཞྭ་དབུ་ལ་གསོལ། །བསམ་གཏན་ངང་དུ་ཏིང་འཛིན་ཕྱག་རྒྱར་ལྡན། །ཆོས་གོས་རྣམ་གསུམ་རྡོ་རྗེ་སྐྱིལ་མོ་ཀྲུང་། །གཉིས་འཛིན་བར་ཆད་སྟོང་ཉིད་ངང་དུ་བསྟིམས། །དེ་ལྟར་དབུས་ཕྱོགས་བླ་མའི་དཀྱིལ་འཁོར་གསལ། །རྒྱབ་ཕྱོགས་སྟེང་གི་པདྨ་གེ་སར་སྟེང་། །ཉི་ཟླའི་གདན་ལ་དང་པོའི་སངས་རྒྱས་མཆོག །ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཞབས་རྡོར་སྐྱིལ། །གཡས་ཕྱོགས་པད་སྟེང་ཟླ་བའི་དཀྱིལ་འཁོར་དབུས། །འཕགས་པ་སྤྱན་རས་གཟིགས་དབང་གངས་རིའི་མདོག །ཞལ་གཅིག་ཕྱག་གཡས་མཆོག་སྦྱིན་གཡོན་པདྨ། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ལྡན་ཞབས་རྡོར་སྐྱིལ། །གཡོན་ཕྱོགས་པདྨ་གེ་སར་ཉི་ཟླའི་སྟེང་། །འཆི་མེད་གུ་རུ་པདྨ་འབྱུང་གནས་ནི། །པད་ཞྭ་གསོལ་ཞིང་རྡོ་རྗེ་ཐོད་པ་བསྣམས། །ཁ་ཊྭཱྃ་ཕོད་ཀ་ཆོས་གོས་ཞབས་རྡོར་སྐྱིལ། །མདུན་ཕྱོགས་འོག་གི་པདྨ་ཉི་རོའི་སྟེང་། །ཡེ་ཤེས་མགོན་པོ་བེར་ནག་རང་བྱུང་རྒྱལ། །གཉིས་ཀའང་གྲི་ཐོད་འཛིན་ཅིང་འཁྱུད་སྟབས་ཀྱིས། །དར་ནག་བེར་གསོལ་རྫུ་འཕྲུལ་དྲེལ་རྟ་ཆིབས། །རྩ་གསུམ་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན། །དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོས།
རབ་འབྱམས་དུས་གསུམ་རྒྱལ་བའི་ཐུགས་རྗེ་བསྐུལ། །ཀུན་ཀྱང་བསྐྱེད་པ་དང་འདྲའི་ཡེ་ཤེས་སེམས། །མདུན་གྱི་ནམ་མཁར་སྐད་ཅིག་སྤྱན་དྲངས་ནས། །ཐུགས་རྗེའི་བྱིན་རླབས་དངོས་གྲུབ་གཏིབ་པར་གྱུར། །ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་བཛྲ་ས་མ་ཛཿཛཿཧཱུྃ་ཧཱུྃ་ཕེཾ་ཕེཾ། ཅེས་བརྗོད་ལ་སྤྱན་འདྲེན་པ་ནི། སྟེང་དག་པ་ཆོས་དབྱིངས་ཕོ་བྲང་ནས། །དཔལ་དང་པོའི་སངས་རྒྱས་སྣང་མཐའ་ཡས། །མཆོག་དངོས་གྲུབ་སྤྲིན་ཕུང་ཐིབས་སེ་ཐིབ། །གནས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ། གཡས་པོ་ཊ་ལ་ཡི་ཞིང་ཁམས་ནས། །དཔལ་ལོངས་སྐུ་ཐུགས་རྗེ་ཆེན་པོའི་མགོན། །མཆོག་དངོས་གྲུབ་སྤྲིན་ཕུང་ཐིབས་སེ་ཐིབ། །གནས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ། །གཡོན་དཔལ་རི་པདྨ་འོད་ཞིང་ནས། །རྗེ་སྤྲུལ་སྐུ་གུ་རུ་ཐོད་ཕྲེང་རྩལ། །མཆོག་དངོས་གྲུབ་སྤྲིན་ཕུང་ཐིབས་སེ་ཐིབ། །གནས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ། །དབུས་མི་འགྱུར་གདོད་མའི་གཤིས་ཀྱི་ངང་། །རང་བྱུང་གི་གསལ་ལ་སྟོང་པ་ཡི། །སེམས་སྣང་སྟོང་དབྱེར་མེད་བདེ་བ་ཆེ། །དོན་དབྱིངས་དང་ཡེ་ཤེས་ཕོ་བྲང་ནས། །དྲན་ཆོག་གི་འཁོར་ལོའི་དབང་ཕྱུག་གཙོ། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །རྩ་བ་དང་བརྒྱུད་པའི་བླ་མ་རྣམས། །ཐུགས་བརྩེ་བ་ཆེན་པོས་བཟུང་སླད་དུ། །མཆོག་དངོས་གྲུབ་སྤྲིན་ཕུང་ཐིབས་སེ་ཐིབ། །གནས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ། །འོག་དམ་ཚིག་གཉེན་པོའི་གཞལ་ཡས་ནས། །དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ་
ཚོགས། །ཕྲིན་ལས་ཀྱི་གློག་འོད་ཁྱུགས་སེ་ཁྱུག །གནས་འདིར་བྱོན་ཕྱི་ནང་བར་ཆད་སོལ། །སྐྱབས་ཐུགས་རྗེ་ཅན་གྱི་བླ་མ་དང་། །མགོན་ཡི་དམ་དཀྱིལ་འཁོོར་མ་ལུས་དང་། །བསྟན་སྲུང་བའི་དམ་ཅན་རྒྱ་མཚོ་རྣམས། །དེང་མཆོད་པའི་གནས་འདིར་སྤྱན་འདྲེན་ན། །སྔོན་བྱང་ཆུབ་སྙིང་པོའི་སྨོན་ལམ་གྱིས། །མ་བརྒལ་དང་མ་གྲོལ་གདུལ་བྱ་རྣམས། །ཡང་དག་གི་ས་ལ་འགོད་པའི་ཕྱིར། །གནས་འདིར་བྱོན་བྱིན་རླབས་དངོས་གྲུབ་སྩོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཅེས་བརྗོད་ལ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པར་མོས་ལ། ཛཿཧཱུྃ་བྃ་ཧོཿདམ་ཚིག་ཡེ་ཤེས་དབྱེར་མེད་གཅིག་འདྲེས་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་རྣམས། །རང་བཞིན་གནས་ནས་མ་ལུས་སྤྱན་དྲངས་ཏེ། །མཆོད་པའི་སྤྲིན་གྱི་རང་བཞིན་སྤྲོ་བར་གྱུར། །ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུཔྤེ། དི་པེ། གནྡྷེ། ནཻ་ཝི་དྱ། ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བདེ་གཤེགས་རིགས་ལྔ་སེམས་དཔའ་སེམས་མ་དང་། །ཁྲོ་བོ་ཁྲོ་མོ་ལ་སོགས་དབང་གི་ལྷས། །དགོངས་པ་མཛད་དང་བཀྲ་ཤིས་མེ་ཏོག་འཐོར། །སྲུང་བའི་ལས་མཛད་ལྷ་མོ་རྣམས་ཀྱིས་ནི། །རིན་ཆེན་བུམ་བཟང་འཆི་མེད་བདུད་རྩི་ཡི། །རྒྱུན་གྱིས་མངོན་པར་དབང་བསྐུར་ཁྲུས་གསོལ་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ལྷ་རྫས་དབང་པོའི་གཞུ་ཅན་གོས་ཟུང་འབུལ། །ༀ་བཛྲ་ཝསྟྲ་ཨཱཿཧཱུྃ། །དབང་བསྐུར་ཆུ་ཞབས་གྱེན་དུ་འཁྱིལ་བས་ནི། །གཙོ་བོར་བཅོམ་
ལྡན་མི་བསྐྱོད་རྒྱས་གདབ་ཅིང་། འཁོར་རྣམས་རིགས་བདག་སོ་སོས་དབུ་བརྒྱན་གྱུར། །རྒྱལ་བའི་སྐུ་ལ་སྒྲིབ་པ་མི་འཚལ་ཡང་། །བདག་སོགས་འགྲོ་བ་སེམས་ཅན་ཀུན་དོན་ཕྱིར། །ཉོན་མོངས་བག་ཆགས་དྲི་མ་དག་གྱུར་ཅིག །ཅེས་དབང་བསྐུར་རྒྱས་གདབ་ལ། རང་ལུས་ཞིང་གི་རྡུལ་སྙེད་ཀྱི་ཕྲ་རབ་ཏུ་སྤྲུལ་ནས་ཕྱག་འཚལ་བ་ནི། ཨེ་མ་ཧོ་ལྷ་རྣམས་ཀུན་གྱི་ལྷ། །ཨེ་མ་ཧོ་རྒྱལ་དང་རྒྱལ་བའི་མཆོག །ཨེ་མ་སངས་རྒྱས་ཀུན་འབྱུང་གནས། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །བླ་མེད་གོ་འཕང་སྦྱིན་པ་ཡི། །ཡིད་བཞིན་རིན་ཆེན་གཏེར་ཆེན་པོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་བསམ་ཡས་ཀྱི། །འོད་ཟེར་འབུམ་ཕྲག་བརྡལ་བ་ཡི། །མ་རིག་མུན་པ་རབ་བསལ་བ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེའི་རང་གཟུགས་ཀྱིས། །འགྲོ་ལ་བདུད་རྩིའི་བསིལ་སྦྱིན་ནས། །ངེས་དོན་འོད་དཀར་སྤྲོ་བ་ཅན། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཏིང་མཐའ་བྲལ་བའི་བློ་གྲོས་ཀྱི། །དྲང་ངེས་ཆོས་ཚུལ་རྒྱ་མཚོའི་བདག །སྨིན་གྲོལ་ཆུ་བོ་ཀུན་འདུས་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ་ཡེ་ཤེས་ཀྱི། །སྤྱན་གྱིས་གཟིགས་ལ་བྱིན་གྱིས་རློབས། །བདག་སོགས་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་དོན་གཉིས་ཆར་ཆེན་སྩོལ། །ཅེས་ཕྱག་འཚལ་ནས། ཕྱི་ཡི་མཆོད་པ་འབུལ་པ་ནི། དངོས་དང་ཡིད་སྤྲུལ་མཆོད་པའི་རྫས། །བདག་ལུས་
ལོངས་སྤྱོད་སྣང་སྲིད་རྣམས། །ཚོགས་གཉིས་བསོད་ནམས་སྤེལ་བའི་ཕྱིར། །རབ་འབྱམས་ཞིང་གང་སྤྲོ་བར་གྱུར། །ཅེས་བརྗོད་ལ། རྣམ་པར་དག་ཅིང་གཙང་བྱེད་ཀྱི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཤྲཱི་མཱན་ག་རུ་དེ་ཝ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དྲི་མེད་ཚངས་རལ་ལས་འོངས་པའི། །ལམ་གསུམ་རྒྱུན་གྱི་ཞལ་བསིལ་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྔགས་ཐོག་མཐའ་འདྲ་བར། བཛྲ་པཱདྱཾ༴ ཆུ་དང་ཐང་ལས་སྐྱེས་པ་ཡི། །འདབ་སྟོང་གེ་སར་ལོ་འདབ་རྒྱས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་པུཥྤེ༴ ཙནྡན་ལ་སོགས་དྲི་བསུང་ལྗོན། །བདུག་སྤོས་རྣམ་པ་ཇི་སྙེད་རྣམས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་དྷཱུ་པེ༴ ཉི་ཟླ་རིན་ཆེན་འོད་ཟེར་སོགས། །སྣང་ཞིང་གསལ་བྱེད་སྒྲོན་མེ་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ཨཱ་ཱལོ་ཀེ༴ སྣ་ཚོགས་སྨན་གྱི་སྦྱོར་བ་ལས། །དྲི་ཆབ་ངད་ལྡན་བྱུགས་པའི་ཚོགས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་གནྡྷེ༴ རོ་བརྒྱ་ལྡན་པ་བཅུད་ཀྱི་མཆོག །ལྷ་ཡི་ཞལ་ཟས་དམ་པ་འདི། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་
བརླབ་ཏུ་གསོལ། །བཛྲ་ནཻ་ཝིདྱེ༴ སྙན་ཅིང་དབྱངས་ལྡན་རྒྱུད་མངས་དང་། །རོལ་མོའི་བྱེ་བྲག་ཇི་སྙེད་པ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ཤབྟ༴ སོ་སོའི་ཕྱག་རྒྱ་དང་བཅས་ཏེ་མཆོད་རོལ་སྣ་ཚོགས་པ་བྱའོ། །དེ་ནས་འདོད་ཡོན་རྣམ་ལྔ་འབུལ་བ་ནི། ཕྱོགས་བཅུའི་རབ་འབྱམས་ཞིང་རྣམས་ལ། །གཟུགས་དང་སྒྲ་སྙན་དྲི་ཡི་བྱུགས། །རོ་བཅུད་ལྷ་ཡི་ཞལ་ཟས་རྣམས། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་ཐུགས་རྗེས་བདག་བྱིན་རློབས། །ༀ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤ-ཪྴེ་ཀ་མ་གུ་ཎ་བཛྲ་པཱུ་ཱུཛི་ཏེ་ཨཱཿཧཱུྃ། དེ་ནས་རྒྱལ་སྲིད་སྣ་བདུན་འབུལ་བ་ནི། གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན། །བསམ་འཕེལ་ནོར་བུ་དགོས་འདོད་འབྱུང་། །ཁྱིམ་བདག་འབྱོར་བའི་དཔལ་གྱིས་ཕྱུག །ཤེས་རབ་བདེ་སྟོང་ལང་ཚོ་ཅན། །ཅང་ཤེས་ཐར་པའི་ལམ་གྱི་སྟེགས། །ཁྱུ་མཆོག་སྟོབས་བཅུའི་རྩལ་རྫོགས་ཤིང་། །བདུད་བཞི་མཐར་བྱེད་དཔའ་པོ་སྟེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་འབུལ། །ༀ་སཔྟ་རཏྣ་པྲ་ཏཱི་ཙྪ་ཡེ་ཨཱཿཧཱུྃ། དེ་ནས་བཀྲ་ཤིས་པའི་རྟགས་བརྒྱད་འབུལ་བ་ནི། རིན་ཆེན་གདུགས་བཟང་གསེར་ཉ་འཁྱུགས། །བུམ་པ་དཔལ་བེའུ་རྒྱལ་མཚན་བསྒྲེངས། །དུང་དཀར་པདྨ་འཁོོར་ལོ་སྟེ། །བཀྲ་ཤིས་རྟགས་ཀྱི་མཆོད་པ་འབུལ། །ༀ་ཨཥྚ་མདྒལ་ཧེ་ཏུ་པྲ་ཏཱི་ཙྪ་ཡེ་ཨཱཿཧཱུྃ། དེ་ནས་རྫས་བརྒྱད་འབུལ་བ་ནི། ཀུན་ཏུ་གསལ་དང་སྐྱེ་བ་ལྔ། །གིའུ་ཝྃ་ལི་ཁྲི་ཞོ་མཆོག་དང་། །ཡུངས་ཀར་དུཪྺ་བིལ་བ་སྟེ། །བཀྲ་ཤིས་རྫས་ཀྱི་མཆོད་པ་འབུལ། །ༀ་ཨཥྚ་མདྒལ་དྲ་བྱ་པྲ་ཏཱི་ཙྪ་ཡེ་ཨཱཿཧཱུྃ། དེ་ནས་མཎྜལ་འབུལ་བ་ནི། ༀ་བཛྲ་བྷཱ་མི་ཨཱཿཧཱུྃ། གསེར་གྱི་ས་གཞི་མཐའ་དབུས་བརྡལ་བའོ། །ༀ་
བཛྲ་རེ་ཁེ་ཨཱཿཧཱུྃ། རྡོ་རྗེའི་རི་ཡིས་ཁོར་ཡུག་བསྐོར་བའི་དབུས། །རི་དབང་རྒྱལ་པོ་མཆོག་རབ་ལྷུན་པོའོ། །ཤར་ལྷོ་ནུབ་བྱང་རིམ་བཞིན་གླིང་ཆེན་བཞི། །ལུས་འཕགས་པོ་དང་ཛམ་བུ་ཆོས་ཀྱི་གླིང་། །བ་ལང་སྤྱོད་དང་བྱང་གི་སྒྲ་མི་སྙན། །གླིང་ཕྲན་བརྒྱད་དང་རིན་ཆེན་ས་འཛིན་དང་། །དཔག་བསམ་རྐང་འཐུང་འདོད་པ་འཇོ་བའི་བ། །མ་རྨོས་སྙེ་མ་རྒྱལ་སྲིད་སྣ་བདུན་དང་། །གཏེར་ཆེན་བུམ་པ་སྒེག་ཕྲེང་གླུ་ུགར་མ། །མེ་ཏོག་བདུག་སྤོས་སྣང་གསལ་དྲིའི་ལྷ་མོ། །ཉི་ཟླ་གདུགས་བཟང་རྒྱལ་མཚན་སྲིད་རྩེར་གཡོ། །གཞན་ཡང་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡི། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་སྣ་ཚོགས་པ། །རབ་འབྱམས་ཞིང་གི་རྡུལ་སྙེད་གྲངས་འདས་ཀུན། །རྡོ་རྗེའི་མཎྜལ་གཅིག་ཏུ་བསྡུས་ནས་ནི། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མར་བཅས་ལ་དབུལ་བར་བགྱི། །བཞེས་ནས་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ། །ༀ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཕྱིའི་མཆོད་པ་རྣམས་འབུལ་ཞིང་། ནང་མཆོད་འབུལ་བ་ནི། མཐེབ་སྲིན་གྱིས་བདུད་རྩི་འབུལ་བཞིན་པས། ཆོས་སྐུ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་རྒྱལ་དབང་པདྨ་འབྱུང་གནས་ལ། །ཡེ་ཤེས་བདུད་རྩིའི་རྒྱུན་གྱི་མཆོད་པ་འབུལ། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་། །ཆོས་གྲུབ་རྒྱ་མཚོ་ཕྲིན་ལས་ཤིང་རྟ་དང་། །བསྟན་པའི་ཉིན་བྱེད་གཙུག་ལག་དགའ་བའི་
དབང་། །ཐུགས་ཀྱི་རྡོ་རྗེ་འཆི་མེད་དཔལ་དར་རྗེ། །ཆོས་སྐྱོང་རྣམ་རྒྱལ་ནོར་བུ་བསམ་འཕེལ་ལ། །ཡེ་ཤེས་བདུད་རྩིའི་རྒྱུན་གྱི་མཆོད་པ་འབུལ། །མ་མགོན་ལྕམ་དྲལ་ཆོས་སྐྱོང་སྲུང་མ་ལ། །ཡེ་ཤེས་བདུད་རྩིའི་རྒྱུན་གྱི་མཆོད་པ་འབུལ། །ཟག་མེད་བདེ་བ་ཆེན་པོའི་ངང་དུ་རོལ། །སརྦ་པཉྩ་ཨ་མྲྀ་ཏ་ༀ་ཨཱཿཧཱུྃ། ཅེས་ཕུལ་ནས་གསང་བའི་མཆོད་པ་ནི། རྡོ་རྗེ་རོལ་པའི་ལྷ་མོ་བཅུ་དྲུག་པོ། །པི་ཝཾ་གླིང་བུ་རྔ་ཆེན་རྫ་རྔ་དང་། །བཞད་མ་སྒེག་མཛེས་གླུ་གར་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་གཟུགས་རོ་བཅུད་རེག་བྱ། །ཆོས་དབྱིངས་བདེ་སྟོང་ལྷ་མོ་ལ་སོགས་པས། །གསང་བ་མཆོག་གི་མཆོད་པ་ཆེན་པོ་འབུལ། །ༀ་བཛྲ་ཝི་ཎི་ཧཱུྃ་ཧཱུྃ་ཕཊ། ཐོག་མཐའ་འདྲ་བར། ཝཾ་ཤེ། མྲི་དཾ་གེ། མུ་རཉྫེ། ཧ་སྱ། ལ་སྱ། གིརྟི། ནིརྟི། དྷཱུ་པེ། པུཥྤེ། དཱེ་པེ། གནྡྷེ། ༀ་ཨཱཿརཱུ་པ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ར་ས༴ སྤཪྴེ༴ དྷརྨ་དྷཱ་ཏུ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཅེས་ཕུལ་ནས། མཆོད་བྱ་མཆོད་བྱེད་ཐམས་ཅད་ཀྱང་། །དྲན་རིག་གསལ་བའི་ངང་དུ་སྟོང་། །འདུས་མ་བྱས་པའི་མཆོད་པ་ཆེ། །ཀ་ནས་དག་པའི་ཀློང་དུ་བཞེས། །ༀ་མ་ཧཱ་ཤཱུ་ནྱ་ཏ་པཱུ་ཛ་ཧོཿཅེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོ་སྟེ་ཕྱི་ནང་གསང་བའི་མཆོད་པ་རྣམས་གྲུབ་ནས་སྡོམ་པ་གསུམ་དང་འགལ་པའི་དམ་ཚིག་རྩ་ལྟུང་གི་ཉེས་པ་ཐམས་ཅད་བཤགས་པ་ནི། ཧོ་དགོངས་སུ་གསོལ་ལོ། །དཔལ་ལྡན་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་གསན་
དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཚེ་རབས་འཁོར་བ་ཐོག་མེད་དུས་རིང་ནས་ཐ་མ་ད་ལྟའི་བར་དུ་འདོད་ཆགས་ཞེ་སྡང་གཏི་མུག་གིས་བསྐྱེད་པའི་སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་བགྱིད་པ་དང་། སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། གསང་བ་སྔགས་ཀྱི་དམ་ཚིག་སྟེ་སྡོམ་པ་གསུམ་དང་འགལ་བའི་རྩ་བ་ཡན་ལག་གི་ཉེས་པར་གྱུར་པའི་ལྟུང་པའི་ཚོགས་ཅི་མཆིས་པ་ཐམས་ཅད་རབ་ཏུ་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས་སོ། །དག་ཚངས་སྒྲིབ་པར་མི་འགྱུར་པའི་དབུགས་དབྱུང་དམ་པ་སྩལ་དུ་གསོལ། ཅེས་ལན་གསུམ་བརྗོད། དེ་ནས། ཀྱེ་མ་རྗེ་བཙུན་བླ་མ་དམ་པ། །སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་ཆེན། །སྣ་ཚོགས་ཕྲིན་ལས་འོད་སྟོང་ཟེར་གྱིས། །བཅོམ་ལྡན་ཐུགས་མཆོག་རྣམ་ཐར་ཇི་བཞིན། །འགྲོ་ཀུན་ངན་སོང་མུན་པ་གཞོམ་ནས། །རྣམ་གྲོལ་ཡང་དག་ཐར་པའི་ལམ་མཆོག །གསལ་བར་སྟོན་པའི་བཀའ་དྲིན་གསུམ་ལྡན། །ཡོངས་སུ་འཛིན་པའི་སློབ་དཔོན་དྲན་བྱུང་། །མཁའ་ཁྱབ་ཡེ་ཤེས་རོལ་པ་འབྱམས་ཀླས། །ཞིང་ཁམས་ཡོངས་ཀྱི་མངའ་བདག་ཆེན་པོ། །རྨད་བྱུང་བྱིན་རླབས་རྒྱ་མཚོའི་འབྱུང་གནས། །སངས་རྒྱས་དངོས་སུ་སྣང་བ་དྲན་བྱུང་། །གཏན་གྱི་འདུན་མའི་སྐྱབས་གནས་གཅིག་ཆོག །སྐལ་ལྡན་རྒྱུད་ལ་ཡེ་ཤེས་འཕོ་བའི། །བྱིན་རླབས་དབང་བཞིའི་ཆུ་རྒྱུན་སྩོལ་བའི། །རྩ་བའི་བླ་མ་ཁྱེད་རང་དྲན་བྱུང་། །
དཔལ་ལྡན་དྭགས་པོ་བཀའ་ཡི་བརྒྱུད་པའི། །ངེས་པ་དོན་གྱི་སྒྲུབ་བརྒྱུད་གཅིག་བསྡུས། །འགྲོ་བའི་མགོན་པོ་བླ་མ་དྲན་བྱུང་། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག །ཅེས་བླ་མ་རྒྱང་འབོད་ཀྱི་ཚུལ་དུ་སྣང་བ་འགྱུར་ངེས་སུ་མོས་གུས་ཀྱི་དག་པའི་སྣང་བ་དང་ལྡན་པས་བཏོན་ལ། དེ་ནས་བསྙེན་པ་ལ་འཇུག་པ་ནི། དེ་ལྟར་གསོལ་བ་བཏབ་པས་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཐུགས་རྗེ་ནུས་རྩལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་མདུན་བསྐྱེད་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཐིམ། གཉིས་མེད་དུ་འདྲེས། ཐུགས་རྒྱུད་བསྐུལ། སླར་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས་བདག་གཞན་འབྲེལ་ཚད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་བྱང་ཞིང་དག་ནས། འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད་ནས་ཀུན་ཀྱང་དག་པ་ཡེ་ཤེས་ཀྱི་སྐུ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་པར་བསམ་ལ། དེ་ཡི་ངང་ནས། དང་པོ་ཆོས་སྐུ་སྣང་མཐའ་ཡས་ལ་དམིགས་ཏེ། ༀ་ཨ་མིདྷཱེ་ཝ་ཧྲཱིཿཅི་ནུས་བཟླས། དེ་ནས་ལོངས་སྐུ་སྤྱན་རས་གཟིགས་ལ་དམིགས་ཏེ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་དང་། སྤྲུལ་སྐུ་པདྨ་འབྱུང་གནས་ལ་དམིགས་ཏེ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་ནུས་དང་དབུས་ཕྱོགས་བླ་མ་ཀུན་འདུས་ཀྱི་གཙོ་བོར་དམིགས་ལ། ༀ་ཨཱཿམཱ་ར་ད་མ་ཀ་བཛྲ་ཧཱུྃ། བཟླས་པ་འདི་ཉིད་བུངས་བསྐྱེད་ནས་མཚན་སྔགས་
གཞན་རྣམས་མ་བཏོན་ཀྱང་རུང་། སྤྲོ་ན་བཏོན་པ་སོགས་གང་བདེར་བྱ་ཞིང་། འོག་ཕྱོགས་མ་མགོན་ལྕམ་དྲལ་ལ་དམིགས་ཏེ། ༀ་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལཱི་ཧཱུྃ་ཧཱུྃ་ཕཊ། ཅེས་པའང་བཟླས་ལ། དེ་ནས་ཐབས་ཤེས་ཀྱི་རྫས་ཚོགས་ཀྱི་མཆོད་པ་འབུལ་བ་ནི་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ༀ་ཨཱཿཧཱུྃ་གི་བར་བརྗོད་ལ། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་བྱིན་རླབས་ཀྱི་རྩ་བ། དངོས་གྲུབ་ཀྱི་འབྱུང་གནས། ཕྲིན་ལས་ཀྱི་དབང་ཕྱུག །རྩ་གསུམ་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ་བརྗོད། ཚོགས་ལ་སྤྱན་འདྲེན་ནི། ཧཱུྃ། ཟག་མེད་ཡེ་ནས་སྟོང་པའི་དབྱིངས། །ཀློང་ཡངས་མཐའ་བྲལ་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཀྱང་། །འདིར་གཤེགས་ཚོགས་ལ་གཤེགས་སུ་གསོལ། །རང་བྱུང་འགྱུར་མེད་ལྷུན་རྫོགས་པ། །རྣམ་དག་བདེ་ཆེན་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡང་། །འདིར་གཤེགས༴ འགགས་མེད་ཐུགས་རྗེའི་རང་རྩལ་མདངས། །དཔལ་རི་པདྨ་འོད་ཞིང་ནས། །སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་རྩལ། །འདིར་གཤེགས༴ དུས་གསུམ་རྒྱལ་ཀུན་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་རང་བཞིན་ཅན། །ཐབས་མཁས་ཟབ་མོ་འགྲོ་བའི་གཉེན། །རྩ་བ་བརྒྱུད་པའི་བཀའ་བརྒྱུད་ཀྱི། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་རྣམས། །འདིར་གཤེགས༴ བྱ་སྤྱོད་རྣལ་འབྱོར་བླ་ན་མེད། །རྒྱུད་སྡེ་བཞི་འབྲེལ་རབ་འབྱམས་ཀྱི། །
ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །འདིར་གཤེགས་ཚོགས་ལ་གཤེགས་སུ་གསོལ། །མཁའ་སྤྱོད་ས་སྤྱོད་དག་པའི་ཞིང་། །གནས་གསུམ་སྐྱོང་བའི་དཔའ་བོ་དང་། །མ་སྲིང་མཁའ་འགྲོ་དམ་ཚིགཅན། །འདིར་གཤེགས༴ བྱང་ཤང་ཆོས་དབྱིངས་ཕོ་བྲང་ནས། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར། །རང་བྱུང་རྒྱལ་མོ་འཁོར་དང་བཅས། །འདིར་གཤེགས༴ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས། །རང་རང་སོ་སོའི་གནས་མཆོག་ནས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས། །འདིར་གཤེགས་ཚོགས་ལ་གཤེགས་སུ་གསོལ། །ཧཱུྃ། ཚོགས་ཁང་གཞལ་ཡས་ཉམས་རེ་དགའ། །སྒྲུབ་པའི་དཀྱིལ་འཁོར་བྱིན་རེ་ཆེ། །རྡོ་རྗེའི་རྣལ་འབྱོར་དམ་རེ་གཙང་། །ཚོགས་ཀྱི་འཁོར་ལོ་བཅུད་རེ་ཆེ། །དམ་རྫས་ཚོགས་ལ་སྤྱན་འདྲེན་གཤེགས། །རྨད་བྱུང་མཆོད་པ་བཞེས་སུ་གསོལ། །ཅེས་བརྗོད་ལ། ཚོགས་ཕུད་སྤྲོས་ནས་གཏོར་མར་བྲན་ལ་ནང་མཆོད་ཀྱི་བདུད་རྩི་བྱིན་རླབས་བསངས་སྦྱངས་སྔར་བཞིན་དུ་བྱས། ༀ་ཨཱཿཧཱུྃ་གི་བར་བརྗོད། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། པད་ཀོར་དང་བཅས་རྡོར་ཐལ་ཁ་ཕྱེ་བས། ༀ་བཛྲ་ཨཱ་རལླྀ་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོ། ལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། བཀའ་གྲུབ་ཐོབ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བདུད་ཚོགས་འདུལ་བའི་རྡོ་རྗེ།
འཁོར་ལོའི་མགོན་པོ་མི་ཕམ་ཆོས་གྲུབ་རྒྱ་མཚོ། བཀའ་དྲིན་མཉམ་མེད་ཕྲིན་ལས་ཤིང་རྟ། ཀུན་མཁྱེན་འཇམ་མགོན་ཆོས་ཀྱི་འབྱུང་གནས། གྲུབ་པའི་དབང་ཕྱུག་གཙུག་ལག་དགའ་བ། རྩ་བའི་བླ་མ་ཤྲཱི་ཙིཏྟ་བཛྲ། སྔགས་ཀྱི་རིག་འཛིན་ཤྲཱིའི་མཚན་ཅན། རྡོ་རྗེ་འཛིན་པ་ཆོས་སྐྱོང་རྣམ་རྒྱལ། གྲུབ་པའི་སར་གནས་ནོར་བུ་བསམ་འཕེལ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ། རྡོ་རྗེ་བེར་ནག་པོ་ཅན། ལས་ཀྱི་མགོན་པོ། འཇིག་རྟེན་གྱི་མགོན་པོ། རང་བྱུང་སྲིད་པའི་རྒྱལ་མོ། ཞིང་སྐྱོང་ཀུན་དགའ་གཞོན་ནུ། སྐྱེས་བུ་རྡོ་རྗེ་ལེགས་པ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ལྟར་སྐུ་གསུང་ཐུགས་ཟག་མེད་བདེ་བ་ཆེན་པོའི་མཆོད་པས་མཉེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་བ་དང་། གཞན་ཡང་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་ནས་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པའི་སྟོང་གྲོགས་མཛད་དུ་གསོལ། ཅེས་པས་འབུལ།
དེ་ནས་ཕྱོགས་སྐྱོང་དང་ཞིང་སྐྱོང་རྣམས་ལ་གཏོར་མ་འབུལ་བ་ནི། ༀ་ཁ་ཁ་ཁཱ་ཧི་སོགས་ལན་བཞི་དང་། ༀ་ཧྲིཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། ལན་གསུམ་གྱིས་ལས་ཀྱི་མཁའ་འགྲོ་རྣམས་ལ་འབུལ། ཧཱུྃ། གང་དག་བླ་མེད་དཀྱིལ་འཁོར་སོགས་ནས། ཕྲིན་ལས་ཐོགས་མེད་བསྒྲུབ་པར་མཛོད། །ཅེས་བརྗོད་དེ་དབུལ་བར་བྱའོ། །དེ་ནས་སྒྲུབ་པོ་རྣམས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཐབས་ཀྱི་རྫས་གཡས་དང་། ཤེས་རབ་ཀྱི་རྫས་གཡོན་དུ་འཛིན་བཞིན་པས། ཀྱེ། ལོངས་སྤྱོད་འདོད་ཡོན་བསམ་མི་ཁྱབ། །བདེ་སྟོང་ཚོགས་ཀྱི་འཁོར་ལོར་རོལ། །ལེན་པ་པོས། ཧོཿབླ་ན་མེད་པའི་དམ་ཚིག་རྫས། །ཆོས་ཀུན་མཉམ་པ་ཉིད་དེར་འདུད། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ནས་འདུ་ཤེས་གསུམ་དང་ལྡན་པའི་ངང་ནས་རོལ་པར་བྱའོ། །དེ་ནས་ཕུད་ལྷག་རྣམས་ཕྱོགས་གཅིག་པར་བསྡུས་ལ་བདུད་རྩི་བྲན། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕུད་ལྷག་བཤལ་ཆུའི་གཏོར་མ་རྒྱ་ཆེར་འཕྲོ་ཞིང་ཟད་མེད་ཅིར་ཡང་འཆར་བར་གྱུར། སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔར་འདུད་ཅིང་ཕྲིན་ལས་བསྒྲུབ་པར་ཁས་བླངས་པའི་ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཤ་ཟ་མཁའ་འགྲོ། མཁའ་འགྲོ་ཕོ་ཉའི་ཚོགས་རྣམས་ལ་འབུལ་བར་བགྱིའོ། །ཚིམ་ཞིང་དགྱེས་པར་བཞེས་ལ་དམ་ཚིག་ཅན་གྱི་རྣལ་འབྱོར་པ་སྐྱོང་བ་དང་། ཉམས་པ་ཅན་རྣམས་ཚར་གཅོད་རྗེས་སུ་འཛིན་ཅིང་། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་ཅི་ལྟར་བཅོལ་བའི་ཕྲིན་ལས་མྱུར་དུ་བསྒྲུབ་པར་མཛོད་ཅིག །ཨུ་ཙྪིཥྚ་བ་ལིངྟ་བྷ་ཀྵ་བྷ་ཀྵ་སི་སྭཱ་ཧཱ། ཅེས་ཕྱི་རོལ་དུ་དོར་ལ། བཤལ་ཆུ་ཤིན་ཏུ་ལྷག་
མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །དེ་ནས་རྗེས་ཀྱི་བྱ་བ་ནི། མཆོད་པ་རྣམས་གསོ་བྲན་ལེགས་པར་བྱ་བ་ལ། གོང་ལྟར་མཆོད་པ་བྱིན་རླབས་རྣམས་བྱ་ཞིང་། ཉེར་སྤྱོད་རྣམས་དང་འདོད་ཡོན་ལྔའི་མཆོད་པའི་བར་ཕུལ་ནས་བསྟོད་པ་ནི། ཨེ་མ། དཔལ་ལྡན་དེ་བཞིན་གཤེགས་ཀུན་ཐུགས་རྗེའི་རང་བཞིན་མཐའ་མི་མངོན། །སྲིད་དང་ཞི་བའི་འཆིང་བ་གྲོལ་མཛད་བརྩེ་ཆེན་ཉི་མ་ཡིས། །མྱ་ངན་འདས་པའི་ལམ་རབ་སྟོན་ཕྱིར་འགྲོ་བློའི་དགའ་ཚལ་དུ། །བྱང་ཆུབ་མྱུ་གུ་སྐྱེད་བྱེད་འགྲོ་བའི་དེད་དཔོན་ཁྱོད་ཕྱག་འཚལ། །ཅེས་བསྟོད་ལ། དཀྱིལ་འཁོར་ལྷ་ཚོགས་བསྒྲུབ་པ་ལ། །དུག་གསུམ་དབང་གིས་ནོངས་པའི་ཚོགས། །ཉེས་བར་གྱུར་བ་མཐོལ་ཞིང་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད་ལ། བཟོད་བར་གསོལ་ནས་ལྷག་ཆད་བསྐང་། དེ་ནས་བྱིན་རླབས་དབང་བཞི་ལེན་པ་ནི། ཕ་གཅིག་གྲུབ་ཐོབ་ཆེན་པོ། །སྐྱབས་གཅིག་ཧེ་རུ་ཀ་དཔལ། །སངས་རྒྱས་ལག་བཅང་གཏོད་པའི། །ཡེ་ཤེས་སྐྱེ་བར་བྱིན་རློབས། །ཅེས་མོས་གུས་རྩེ་གཅིག་པའི་ངང་ནས་ལན་གསུམ་བསྐྱར་ནས་བརྗོད་ལ། ཀརྨ་པ་མཁྱེན་ནོ། །ཞེས་ཅི་ནུས་སུ་བཟླས་ལ་དྲན་པ་ཡེངས་མེད་དུ་མདུན་བསྐྱེད་བླ་མའི་དཀྱིལ་འཁོར་ལ་སེམས་འཛིན་བཞག་ལ། གསལ་གདབ་པ་ནི། ༀ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །དེ་ནས་མདུན་བསྐྱེད་ཡས་ནས་མར་དང་། མས་ནས་ཡར་འོད་དུ་ཞུ་སྟེ་དབུས་ཀྱི་བླ་མ་སངས་རྒྱས་ཀུན་འདུས་ཀརྨ་པའི་སྐུ་ལ་ཐིམ་པར་བསྒོམས་ལ་འོད་ཟེར་གྱི་དབང་བླང་བ་ནི། དཔལ་ལྡན་རྩ་བའི་བླ་མའི་རིན་པོ་ཆེ། །དཀོན་
མཆོག་ཀུན་འདུས་ངོ་བོ་ཀརྨ་པའི། །དཔྲལ་བའི་ༀ་ལས་འོད་ཟེར་དཀར་པོ་འཕྲོས། །རང་གི་སྨིན་མཚམས་ཐིམ་པས་སྤྱི་བོ་གང་། །བུམ་དབང་ཐོབ་ཅིང་ལུས་ཀྱི་སྒྲིབ་པ་བྱང་། །སྣང་སྟོང་ལྷ་སྐུའི་བསྐྱེད་རིམ་བསྒོམ་པར་དབང་། །སྤྲུལ་སྐུ་འགྲུབ་པའི་སྐལ་བ་ལྡན་པར་བྱས། །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། །རང་གི་ཞལ་དུ་ཐིམ་པས་མགྲིན་པ་གང་། །གསུང་གི་དབང་ཐོབ་ངག་གི་ཉེས་ལྟུང་བྱང་། །རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པར་དབང་། །ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། །རང་གི་ཡིད་ལ་ཐིམ་པས་སྙིང་ག་གང་། །ཐུགས་ཀྱི་དབང་ཐོབ་སེམས་ཀྱི་ཉོན་མོངས་བྱང་། །དགའ་བཞི་ཡེ་ཤེས་སྙོམས་འཇུག་བསྒོམ་པར་དབང་། །སེམས་ཉིད་ཆོས་སྐུར་འགྲུབ་པའི་སྐལ་ལྡན་གྱུར། །སླར་ཡང་གསང་གསུམ་འོད་ཟེར་དཀར་དམར་མཐིང་། །འཕྲོས་པས་ལུས་ངག་ཡིད་ལ་ཐིམ་པ་ཡིས། །སྒོ་གསུམ་སྒྲིབ་དག་བཞི་པའི་དབང་མཆོག་ཐོབ། །འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་བླ་མ་དགྱེས་པའི་མདངས་དང་བཅས། །འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ། །དབྱེར་མེད་རྡོ་རྗེ་བཞི་ཡི་བྱིན་རླབས་ཞུགས། །སྣང་གྲག་རྟོག་པའི་ཆོས་རྣམས་ཐམས་ཅད་ཀྱང་། །དག་པ་ཡེ་ཤེས་བླ་མའི་དཀྱིལ་འཁོར་ཤར། །དར་གཅིག་ཕྱག་ཆེན་གྱི་ཉམས་ལེན་ངོ་བོ་བསྐྱང་ནས་མཉམ་པར་བཞག །དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱར་བ་ནི། རྒྱལ་ཀུན་རྡོ་རྗེའི་
གསུང་གི་རང་བཞིན་ཅན། །བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །གཅིག་ཆོད་ཟབ་ལམ་བླ་མ་བསྒྲུབ་པ་ཡི། །དགེ་རྩ་མི་ཟད་འདུས་པ་གངྒཱའི་རྒྱུན། །འགྲོ་ཀུན་ཐར་པའི་རྒྱ་མཚོར་འཇུག་པའི་ཕྱིར། །རྣམ་གྲོལ་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །བདག་གཞན་དུས་གསུམ་སེམས་ཅན་ཐམས་ཅད་པ། །སྐུ་བཞིའི་གོ་འཕང་དམ་པ་ཐོབ་གྱུར་ཅིག །ཅེས་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གི་ཆར་ཕྱོགས་ཀུན་ཏུ་འཐོར་ཞིང་ཤིས་པ་བརྗོད་པ་ནི། ཕུན་ཚོགས་དོན་གཉིས་འབྱུང་བའ་ིགནས། །སྐུ་གསུམ་བླ་མའི་བཀྲ་ཤིས་གང་། །དེང་འདིར་ཉི་ལྟར་གསལ་གྱུར་ཏེ། །འགྲོ་བའི་མ་རིག་མུན་སེལ་ཤོག །ཇི་སྙེད་གཟིགས་པའི་སྤྱན་མངའ་བ། །བཀའ་བརྒྱུད་བླ་མའི་བཀྲ་ཤིས་གང་། །དེང་འདིར་ཉ་རྒྱས་ཟླ་ལྟར་འཆར། །རང་བྱུང་ཡེ་ཤེས་གསལ་བྱེད་ཤོག །སྙིང་རྗེའི་དབྱིངས་ལས་མངོན་སྤྱོད་སྐུ། །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་གང་། །དེང་འདིར་ཕྲིན་ལས་སྐར་ཚོགས་བཀྲ། །བར་ཆད་མེད་པའི་བཀྲ་ཤིས་ཤོག །སིདྡྷི་ཛ་ཡ་ཛ་ཡ། གཞན་ཡང་བཀྲ་ཤིས་ཅི་རིགས་པར་བྱའོ། །དེ་ལྟར་མཆོག་གི་དཔལ་ལྡན་བླ་མ་རྡོ་རྗེ་ཅན་རྣམས་དཀྱིལ་འཁོར་ཚུལ་དུ་བསྒྲུབས་པ་འདི་ནི། བཀའ་དྲིན་གསུམ་ལྡན་རྡོ་རྗེ་དྲག་པོ་དངོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་རིམ་གཉིས་ཟབ་དོན་སྙིང་པོར་མངའ་དབང་བསྒྱུར་བ་བསྟན་པའི་གསལ་བྱེད་དཔལ་དགའ་སྤྲུལ་པའི་སྐུ་ཚེ་དབང་བསྟན་འཛིན་དཔལ་བཟང་པོའི་དགོངས་བཞེད་ཇི་ལྟ་བར་གུ་རུ་རིན་པོ་ཆེའི་མཚན་གྱི་བྱིན་རླབས་ཆ་ཙམ་ཐོབ་པ་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་བའི་ཚེས་ལ་བཀོད་བའི་དགེ་བས་འགྲོ་ཀུན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བའི་རྒྱུར་བསྔོའོ། །མདྒ་ལཾ་ཀུརྦནྟུ།། །།