མར་མི་དྭགས་གསུམ་གྱི་བླ་མའི་རྣལ་འབྱོར།
མར་མི་དྭགས་གསུམ་གྱི་བླ་མའི་རྣལ་འབྱོར་བཞུགས། ཀྱེ་མ། གཟུང་འཛིན་མ་རིག་འཆིང་བའི་དྲྭ་བ་ལ། །འཐུམ་པའི་རང་གཞན་སེམས་ཅན་སྙིང་རེ་རྗེ། །ད་ནི་ངེས་དོན་སྙིང་པོའི་གསང་ལམ་མཆོག །རང་བྱུང་ཡེ་ཤེས་གནས་ལ་འབད་པར་བྱ། །དངོས་ཀུན་ཆོས་རྣམས་སྟོང་ཉིད་ཆེན་པོའི་ངང་། །སྣང་བའི་རྩལ་ལས་མ་འགག་དཀྱིལ་འཁོར་ཤར། །མདུན་མཁར་ལྔ་ལྡན་འཇའ་འོད་འཐིབས་པའི་ཀློང་། །པད་ཉི་ཟླ་གདན་གསུམ་གསལ་དབུས་མ་ལ། །དགྱེས་མཛད་ཧེ་རུ་ཀ་དངོས་ལོ་ཙཱ་ཆེ། །ཆོས་ཀྱི་བློ་གྲོས་དགེ་བསྙེན་ཆ་ལུགས་ཅན། །རབ་བརྗིད་གཟི་འབར་ཟིལ་གནོན་ཕྱག་རྒྱ་མཛད། །གཡས་སུ་རྗེ་བཙུན་མི་ལ་ཐོས་པ་དགའ། །རས་དཀར་བླ་གོས་སེམས་ཉིད་ངལ་གསོའི་ཚུལ། །རྡོ་རྗེའི་མགུར་དབྱངས་ཏམ་བུ་ུར་བཞིན་སྒྲོག ། གཡོན་དུ ་ཟླ་འོད་གཞོན་ནུ་རབ་བྱུང་ཆས། །དབུ་ལ་སྒོམ་ཞུ་མཉམ་བཞག་ཕྱག་རྒྱ་ཅན། །མི་རྟོག་ཏིང་འཛིན་ཟབ་མོདོན་ལ་གནས། །
གཞན་ཡང་སྟེང་འོག་བར་མཚམས་ཐམས་ཅད་དུ། །ཆོས་ལོངས་སྤྲུལ་དང་བཀའ་བརྒྱུད་བླ་མའི་ཚོགས། །ཡི་དམ་ཌཱ་ཀི་དཔའ་བོ་རྣལ་འབྱོར་མ། །དམ་ཅན་ཆོས་སྲུང་ལ་སོགས་སྐྱབས་གནས་རྣམས། །སྤྲིན་ལྟར་གཏིབ་བཞིན་རབ་ཏུ་གསལ་བར་གྱུར། །ཅེས་གསལ་བཏབ་ནས། ཀྱེ་ཧོ། དུས་གསུམ་རྒྱལ་ཀུན་གྱི་གོང་བུ། །གཅིག་བསྡུས་ཐུགས་རྗེ་ཡི་གཏེར་ཆེན། །བྱིན་རླབས་བུམ་བཟང་གི་བདག་ཉིད། །རྗེ་བཙུན་བླ་མ་རང་མཁྱེན་ནོ། །གཏན་མེད་འཁྲུལ་འབྱམས་ཀྱི་སེམས་ཅན། །ཆོས་མེད་དྲེད་པོ་ལ་གཟིགས་དང་། །ངན་སོང་འཁོར་བ་ཡི་འདམ་ལས། །ནུས་མཐུའི་ལྕགས་ཀྱུ་ཡིས་དྲོངས་ཤིག །བདག་སོགས་མཁའ་མཉམ་གྱི་འགྲོ་བ། །སྐྱབས་མེད་མགོན་བྲལ་ལ་དགོངས་མཛོད། བདེ་ཆེན་ཐར་མཆོག་གི་ཞིང་དུ། །མྱུར་དུ་འདྲེན་པར་རང་བྱིན་རློབས། །ཅེས་གསོལ་འདེབས་རྒྱང་འབོད་ཚུལ་དུ་ཚར་ཁ་ཤས་དང་། མཐར། སྣང་སྲིད་བླ་མའི་དཀྱིལ་འཁོར་དེ་ཐམས་ཅད། །འོད་ཞུ་གཙོར་ཐིམ་དེ་ཡང་རང་ལ་ཐིམ། །བླ་མ་རང་སེམས་དབྱེར་མེད་གཉུག་མའི་ངང་། །མ་བཅོས་སྤྲོས་པ་ཀུན་བྲལ་ཀློང་དུ་བཞག །མཐར་དགེ་བསྔོ་སོགས་བྱའོ། །ཅེས་པའང་སི་ཏུ་པས། དད་དམ་ལྡན་པ་དབུ་དར་རྒྱས་ངོར་སྤེལ་བ་དགེའོ།། །།