དྲུང་རྨ་སེ་བློ་གྲོས་རིན་ཆེན་བླ་སྒྲུབ་དང་རྗེས་འབྲེལ་ཚོགས་མཆོད་འབུལ་བ།
དྲུང་རྨ་སེ་བློ་གྲོས་རིན་ཆེན་བླ་སྒྲུབ་དང་རྗེས་འབྲེལ་ཚོགས་མཆོད་འབུལ་བར་སྤྲོ་ན། མཆོད་པའི་ཡོ་བྱད་རྣམས། ༀ་ཁནྜ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། ཧྲཱིཿབདེ་ཆེན་དབྱིངས་ཀྱི་ཀཱ་པ་ལར། །འབྲུ་གསུམ་འོད་ཞུའི་ཐབས་ཤེས་ཀྱི། །འཆི་མེད་ར་ས་ཡ་ན་སྟེ། །ཚོགས་ཀྱི་འཁོར་ལོར་བྱིན་བརླབས་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་བརྗོད། ཕེཾ་ཕེཾ་ཕེཾ། བདེ་གསལ་ཆོས་དབྱིངས་ཞིང་ཁམས་ནས། །བདེ་གཤེགས་ཀུན་འདུས་ཧེ་རུ་ཀ། བདེ་ཆེན་དྲྭ་བ་སྡོམ་པ་ཉིད། །བདེ་སྟོང་ཚོགས་ལ་སྤྱན་འདྲེན་གཤེགས། །ཆོས་དབྱིངས་
ལྷུན་རྫོགས་ཀློང་ཡངས་ནས། །ལོངས་སྤྱོད་རྫོགས་པ་ཧེ་རུ་ཀ། གྲུབ་མཆོག་ཏཻ་ལོ་འགྲོ་བའི་མགོན། །རང་གསལ་ཚོགས་ལ་སྦྱན་འདྲེན་གཤེགས། །ཀུན་ཁྱབ་ཐུགས་རྗེའི་གནས་མཆོག་ནས། །དམིགས་མེད་སྙིང་རྗེའི་གར་རོལ་པ། །གྲུབ་བརྙེེས་མ་ཏི་རཏྣའི་མཚན། །ཤར་གྲོལ་ཚོགས་ལ་སྤྱན་འདྲེན་གཤེགས། །གཞན་ཡང་ཐབས་དང་ཤེས་རབ་ཀྱི། །སྣང་ཆ་ལས་ཤར་དཔའ་བོ་དང་། །མཁའ་འགྲོ་ཤུགས་འགྲོའི་ཚོགས་བཅས་ཀྱང་། །བདེ་ཆེན་ཚོགས་ལ་སྤྱན་འདྲེན་གཤེགས། །བག་དྲོ་བཀོད་ལེགས་ཚོགས་ཁང་འདིར། །དུར་ཁྲོད་གནས་སུ་བྱིན་གྱིས་རློབས། །འདིར་ཚོགས་མོས་པའི་བུ་སློབ་རྣམས། །དཔའ་བོ་ཌཱ་ཀིར་བྱིན་གྱིས་རློབས། །ཐབས་ཤེས་ཚོགས་ཀྱི་མཆོད་པ་འདི། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །མ་དག་ཕུང་ལྔ་ཁམས་ལྔ་རྣམས། །ཡེ་ཤེས་ལྔ་ཡི་ཀློང་དུ་བཞེས། །ཡེ་ནས་གནས་པའི་ཆོས་སྐུ་ལ། །རང་ངོ་ཤེས་བཞིན་སོ་མར་བཞག །རེ་ དོགས་གཉིས་འཛིན་ལས་གྲོལ་བའི། །ཚོགས་མཆོད་དམ་པ ་དང་རེ་སྤྲོ། །རྩ་གསུམ་རྒྱལ་བའི་ལྷ་ཚོགས་ཀྱི། །ཐུགས་དམ་དབྱིངས་སུ་བསྐང་བ་དང་། །ཀུན་རྫོབ་འཁྲུལ་པའི་ཉམས་ཆག་རྣམས། །ཡེ་དག་ཀུན་བཟང་དབྱིངས་སུ་བཤགས། །ཉག་གཅིག་ཆོས་སྐུའི་རང་ཞལ་ལ། །འཛིན་རྟོག་སྤྲོས་པས་སྒྲིབ་གྱུར་པ། །སྤྲོས་བྲལ་བདེ་ཆེན་ཀློང་ཡངས་སུ། །རང་གསལ་རང་གྲོལ་ངང་དུ་ཟློག །ཀུན་ཁྱབ་དབྱིངས་ཀྱི་མཁའ་
ཀློང་དུ། །སྒྲིབ་བྱེད་དྲི་མ་གང་མཆིས་ཀུན། །སྐྱེ་འགགས་གནས་མེད་ཆེན་པོ་རུ། །ལྷག་མེད་ཆོས་སྐུ་མངོན་མཐོང་ནས། །འཁྲུལ་གྲོལ་མཚན་མ་རྣམ་དག་པའི། །ཆོས་དབྱིངས་མཆོག་གི་བཀྲ་ཤིས་ཤོག །ཅེས་དོན་དམ་ཚོགས་ཀྱི་མཆོད་པ་ཚིག་དོན་མཐུན་པའི་སྒོ་ནས་འབུལ་ཞིང་དེ་ནས་བྱིན་རླབས་དབང་བཞི་བླང་བར་བྱའོ། །ཞེས་སི་ཏུ་པས་དབོན་ཀརྨ་བསྟན་པའི་བཞེད་ངོར་སྤེལ་བ་ཛ་ཡནྟུ།། །།