བླ་མའི་རྣལ་འབྱོར་སྣང་སྲིད་དག་པ་རབ་འབྱམས་ནམ་མཁའ་ཡེ་དྭངས།
༈ བླ་མའི་རྣལ་འབྱོར་སྣང་སྲིད་དག་པ་རབ་འབྱམས་ནམ་མཁའ་ཡེ་དྭངས་ཞེས་བྱ་བ་བཞུགས་སོ། །ཤྲཱི་མ་ཧཱ་གུ་རུ་ཀརྨ་ཀྭ་ཡ་ན་མཿཚད་མེད་བྱམས་པའི་ཟླ་སྣང་གིས། །སྒྲིབ་གཉིས་རབ་རིབ་མུན་པ་སེལ། །རྣམ་གྲོལ་ལམ་མཆོག་གསལ་བའི་གཉེན། །འགྲོ་མགོན་དཔལ་ལྡན་བླ་མར་འདུད། །གང་ལ་བསྟེན་ན་འཁོར་མཚོ་ལས། །སྒྲོལ་བྱེད་བྱང་ཆུབ་གྲུ་གཟིངས་འདི། །ངེས་འབྱུང་བློ་ཡིས་བསྐུལ་བས་ན། །རིང་མིན་ཐར་བའི་གྲོང་འཇུག་ངེས། །དེ་ལ་འདིར་དུས་གསུམ་སངས་རྒྱས་འདུས་པའི་རང་གཟུགས་དཔལ་ལྡན་ཀརྨ་པ་ཆེན་པོའི་བླ་མའི་རྣལ་འབྱོར་བསྒོམ་རིམ་ཞིག་སྤེལ་བ་སྟེ། དེ་ཡང་བདག་ཅག་གི་སྟོན་པས་མདོ་རྒྱུད་དྲང་ངེས་ཀྱི་ཐེག་པ་རྣམས་ལས་བླ་མ་མཆོད་བ་མགྲིན་གཅིག་བསྔགས་པའི་གནས་སུ་གསུངས་ཤིང་། ཁྱད་པར་རྗེ་མཐོན་མཐིང་དང་པདྨ་རཱ་གའི་ཅོད་པན་འཆང་བ་གྲུ་འཛིན་བདག་པོའི་ཕྲེང་བ་འཛིན་བ་རྣམས་ནི་གསར་རྙིང་དུ་མ་ནས་ལུང་གིས་ཟིན་པའི་ཆོས་ཀྱི་རྒྱལ་པོ་ངེས་པ་ཉིད་དུ་མངོན་སུམ་ཚད་མར་གྲུབ་ཅིང་། དེས་ན་བཅོས་མིན་ཤུགས་འབྱུང་མོས་གུས་ཙམ་གྱིས་རང་སེམས་ཆོས་སྐུར་འཆར་བའི་ལམ་ཟབ་མོ་གཅིག་ཆོད་ཀྱི་གདམས་པ་བསྟན་ཏེ། གདོད་ནས་གྲུབ་པའི་གནས་སམ་རྒྱལ་བས་བྱིན་གྱིས་བརླབས་པའི་གནས་ལྟ་བུར་བླ་མའི་སྐུ་བརྙན་དང་ཕྱག་ཞབས་ཀྱི་རྗེས་བཀྲམ་ལ། ཚོགས་གཉིས་བསོད་ནམས་སྤེལ་བའི་རྟེན་འབྲེལ་དུ་ཕྱི་ནང་གསང་བའི་འདོད་ཡོན་མཆོད་རྫས་ཇི་སྙེད་པ་དང་། མཎྜལ་ནང་མཆོད་བདུད་རྩི་ཐབས་ཤེས་ཀྱི་རྫས་མཆོག་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྣམས་འདུ་བགྱིད་ལ། རང་ཉིད་བདེ་དགྱེས་སོགས་ཡི་དམ་གང་རུང་བསྐྱེད་ལ་དང་པོ་ནང་མཆོད་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿབིགྷྣན་གྱིས་བསངས་། ༀ་སྭབྷཱ་ཝས་སྦྱངས། དངོས་ཀུན་སྟོང་པར་གྱུར་པའི་ངང་། །རླུང་
དཀྱིལ་སྔོན་པོ་གཞུ་དབྱིབས་ཅན། །ཡྃ་ཡིག་བ་དན་མཚན་པའི་སྟེང་། །མེ་དཀྱིལ་དམར་པོ་ཟུར་གསུམ་འབར། །རྃ་ཡིག་མཚན་པ་དེ་སྟེང་དུ། །ཀྃ་ལས་མི་མགོའི་ཐོད་སྒྱེད་གསུམ། །ཨ་ལས་མཚན་ལྡན་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་ཕྱི་དཀར་ལ། །ནང་དམར་ཐབས་ཤེས་མཚོན་པ་ཡི། །དབུས་སུ་མུ་ལས་དྲི་ཡི་ཆུ། །ཤར་དུ་བི་ལས་དྲི་ཆེན་དང་། །ལྷོ་རུ་ར་ལས་རཀྟ་བསྐྱིལ། །ནུབ་ཏུ་ཤུ་ལས་བྱང་སེམས་དཀར། །བྱང་དུ་མ་ལས་ཀླད་པ་སྟེ། །བདུད་རྩི་རྣམ་ལྔ་སླར་ཡང་ནི། །དབུས་སུ་ན་ལས་མི་ཡི་ཤ། །ཤར་ལྷོར་གོ་ལས་བ་གླང་དང། །ལྷོ་ནུབ་ཀུ་ལས་ཁྱི་ཡི་ཤ། ནུབ་བྱང་ད་ལས་གླང་ཆེན་དང། །བྱང་ཤར་ཧ་ལས་རྟ་ཡི་ཤ། བདུད་རྩི་དང་ནི་ཤ་ཆེན་ལྔ། །ཡི་གེ་སོ་སོས་རྒྱས་བཏབ་བོ། །རང་གི་སྣ་བུག་གཡོན་པ་ནས། །ཧཱུྃ་གི་དབྱིབས་ཅན་རླུང་སྤྲོས་པས། །རླུང་གཡོས་མེ་བསྐྱོད་ཐོད་རྫས་ཁོལ། །དམ་ཚིག་བདུད་རྩིའི་འོད་ཀློང་ལས། །ༀ་ཨཱཿཧཱུྃ་སྤྲོས་ཡེ་ཤེས་ཀྱི། །ཟག་མེད་བདུད་རྩི་སྤྱན་དྲངས་ནས། །བྱིན་རླབས་དམ་ཡེ་དབྱེར་མེད་པའི། །མཐའ་ཀླས་ཡེ་ཤེས་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་བས་བྱིན་བརླབས་ལ། དེ་ནས་སྔོན་འགྲོའི་གཏོར་མའང་གོང་བཞིན་བྱིན་གྱིས་བརླབས་ཏེ། ༀ་ཁ་ཁ་ཁཱ་ཧི་སོགས་ལན་བཞི་བརྗོད་ལ། ཧཱུྃ། དམ་ཚིག་ཆེན་པོའི་དབང་གིས་ནི། །ཞིང་སྐྱོང་མཐུ་ཆེན་བརྒྱད་རྣམས་དང། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །དཀྱིལ་འཁོར་བསྒྲུབ་ལ་མངོན་ཕྱོགས་པའི། །མ་ལུས་འཁོར་དང་
ཡང་འཁོར་རྣམས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཟང། །ལྔ་ལྡན་དག་པའི་བདུད་རྩི་ཡིས། །སྦྱངས་སྤེལ་བསྒྱུར་བའི་འདོད་ཡོན་རྣམས། །བཞེས་ནས་རྣལ་འབྱོར་མཐུན་རྐྱེན་སྤེལ། །ནད་གདོན་ཞི་དང་དཔལ་འབྱོར་རྒྱས། །མོས་པ་རྣམ་བཞིས་དབང་སྡུས་ལ། །ལོག་འདྲེན་བར་ཆད་རྐྱེན་ངན་སོལ། མདོར་ན་ཡིད་ལ་གང་བསམ་པའི། །འདོད་དོན་ལྷུན་གྱིས་གྲུབ་པར་མཛོད། །གང་དག་ལྟ་བར་མི་དབང་བའི། །གདོན་བགེགས་འབྱུང་པོ་ཕྱིར་དེངས་ཤིག །བཀའ་ལས་འདས་ན་ཆོས་ཉིད་ཀྱི། །བདེན་པས་ཐལ་བར་བརླག་ཏ་རེ། །ༀ་སུམ་བྷ་ནི་དྲག་ཏུ་བརྗོད། སྟེང་འོག་ཕྱོགས་མཚམས་མ་ལུས་པར། །རང་གི་ཐུགས་ཀའི་འོད་ཟེར་ལས། །རྡོ་རྗེའི་རྭ་གུར་ཡེ་ཤེས་མེའི། །སྲུང་བའི་འཁོར་ལོས་གཏམས་པར་གྱུར། །བཛྲ་རཀྴ་རཀྴ་ཧཱུྃ་ཧཱུྃ་ཧཱུྃ། །ཅེས་སྲུང་འཁོར་བསྒོམས་ལ། མཆོད་པ་བྱིན་རླབས་ནི། ནང་མཆོད་ཀྱིས་བྲན་ལ། ༀ་ཨཱཿབིགྷྣཱན་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་སྣོད་དུ། །ཧཱུྃ་ཡིག་དཔག་མེད་འོད་དུ་ཞུ་བ་ལས། །རྡོ་རྗེའི་མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །ལྷ་རྫས་རྨད་བྱུང་ཟག་མེད་བདེ་བ་ཆེ། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་གྲུབ་བཞིན། །མཆོད་པའི་སྤྲིན་གྱིས་རབ་འབྱམས་དབྱིངས་གང་བ། །རྒྱལ་རྣམས་དགྱེས་པ་སྐྱེད་པའི་རང་བཞིན་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝདྱེ་
ཤབྡ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས་ལ། སྐྱབས་སུ་འགྲོ་བ་ནི། བདག་གཞན་མར་གྱུར་མཁའ་ཁྱབ་རྣམས། །དེང་བཟུང་སྙིང་པོ་བྱང་ཆུབ་བར། །སྟོན་མཆོག་ཞི་བ་ཆགས་བྲལ་བ། །འཕགས་ཚོགས་དགེ་འདུན་བདག་ཉིད་ཅན། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །བྱིན་རླབས་རྩ་བ་བརྒྱུད་པར་བཅས། །ཡི་དམ་དཀྱིལ་འཁོར་རབ་འབྱམས་ལྷ། །དངོས་གྲུབ་འབྱུང་གནས་དམ་པ་དང་། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །ཐུགས་རྗེའི་གཏེར་མངའ་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །སྐྱབས་སུ་མཆིའོ་བདག་བྱིན་རློབས། །ལན་བདུན་ནམ་ཉེར་གཅིག་བརྒྱ་ཙམ་བརྗོད། འགྲོ་རྣམས་འཁོར་བའི་དུཿཁ་ལས། །སྒྲོལ་ཕྱིར་བདག་ཉིད་ཟབ་མོའི་ལམ། །འཁོད་ནས་གཞན་ཕན་སེམས་བསྐྱེད་ཀྱིས། །ཀུན་ཀྱང་རྣམ་གྲོལ་ཐོབ་པར་བགྱི། །ལན་གསུམ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་འབུལ། སེམས་ཅན་ཐམས་ཅད་བདེ་དང་ལྡན། །སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག །ཉེ་རིང་ཆགས་སྡང་སྤངས་པ་ཡི། །བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །ཅེས་ལན་གསུམ་ཚད་མེད་བསྒོམས་ལ། དེ་ནས་བླ་མའི་དཀྱིལ་འཁོར་བསྐྱེད་བའི་རིམ་པ་ནི། ༀ་མ་ཧཱ་ཤཱུནྱ་ཏཱ་སོགས། ཞེས་དངོས་སྣང་འཛིན་པའི་བག་ཆགས་ཐམས་ཅད་དོན་དམ་སྟོང་ཉིད་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་ལ། ཆོས་རྣམས་དམིགས་མེད་སྟོང་པའི་ངང་ཉིད་ལས། །བྷྲཱུྃ་ལས་གཞལ་ཡས་དཀྱིལ་འཁོར་
གྲུ་ུབཞི་པ། །སྒོ་བཞི་རྟ་བབས་ཆོས་འཁོར་གདུགས་རི་དྭགས། །དྲྭ་ཕྱེད་མདའ་ཡབ་འདོད་སྣམ་རིན་པོ་ཆེ། །སྣ་ཚོགས་རྒྱན་དང་ཕྱོགས་མཚམས་ཀུན་ཏུ་ཡང་། །བ་དན་རྔ་ཡབ་གདུགས་དང་རྒྱལ་མཚན་སོགས། །གཞན་ཡང་མཆོད་པའི་བྱེ་བྲག་དཔག་མེད་འཕྲོ། །སྟེང་འོག་ཤར་སྔོ་ལྷོ་སེར་ནུབ་དམར་བ། །བྱང་ལྗང་དབུས་དཀར་ཕྱི་རིམ་རྡོ་རྗེ་ཡི། །རྭ་བ་དང་ནི་འོད་ཟེར་འབར་བ་ཅན། །དབུས་སུ་པད་སྡོང་ཡལ་ག་ལྔར་གྱེས་པའི། །དབུས་མར་པད་དཀར་འདབ་མ་བཅུ་གསུམ་པ། །ཟེའུ་འབྲུ་གེ་སར་རྒྱས་པའི་ལྟེ་བ་ལ། །མི་འཇིགས་བཞི་དང་ལྡན་པ་སེང་གེའི་ཁྲི། །ལྷ་ཀླུ་མི་ཡི་བསོད་ནམས་ལས་གྲུབ་པའི། །རིན་ཐང་བྲལ་བའི་རེག་བྱ་དུ་མས་བརྒྱན། །དྲི་མེད་དྭངས་གསལ་ཆུ་ཤེལ་ཆ་རྫོགས་སྟེང་། །སངས་རྒྱས་ཀུན་འདུས་ངོ་བོ་རིགས་དཀྱིལ་བདག །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་། །དཀར་གསལ་ཞལ་གཅིག་བགྲེས་ཚུལ་དབུ་སྐྱེས་དཀར། །སྤྱན་གཉིས་དོན་དམ་སྐྱེ་མེད་ཀློང་དུ་གཟིགས། །མཐོང་གྲོལ་ཞྭ་ནག་གསེར་མདངས་ཁྱུང་གཤོག་ཅན། །ནོར་བུ་རིན་ཆེན་དུ་མས་རྒྱན་མཛེས་པ། །རིགས་བདག་མི་བསྐྱོད་བརྡ་མཚོན་དབུ་ལ་གསོལ། །ཕྱག་གཉིས་བདེ་སྟོང་དབྱེར་མེད་རྡོ་རྗེ་དྲིལ། །བསྣོལ་འཛིན་སྐུ་ལ་ཆོས་གོས་རྣམ་གསུམ་དང་། །ཟ་འོག་བེར་གསོལ་ཞབས་གཉིས་སྐྱིལ་མོ་ཀྲུང་། །གཡོ་མེད་དྲང་པོའི་ལུས་གནད་སངས་ཀྱིས་བཞུགས། །གཡས་གཡོན་རིིམ་བཞིན་སྐྱེས་རབས་གསེར་གྱི་
ཕྲེང་། །མཐའ་སྐོར་པད་འདབ་བཅུ་གསུམ་སོ་སོའི་སྟེང་། །ཟླ་བའི་དཀྱིལ་འཁོར་ཉ་གང་དང་པོའི་དབུས། །དཔལ་ལྡན་དུས་གསུམ་མཁྱེན་པ་བགྲེས་ཉམས་ལྡན། །དབུ་སྐྱེས་རབ་དཀར་སྤྱན་གཉིས་བར་སྣང་གཟིགས། །ཕྱག་གཉིས་མཉམ་བཞག་དཔལ་བེའུ་ཞབས་རྡོར་སྐྱིལ། །གཉིས་པར་གྲུབ་ཆེན་ཀརྨ་པཀྴི་ནི། །སྨུག་ནག་ཨག་ཚོམ་ཟུར་གསུམ་སྤྱན་ལྟ་སྟངས། །ཟིལ་གནོན་ཕྱག་རྒྱ་ཞབས་གཉིས་རྡོར་སྐྱིལ་བཞུགས། །གསུམ་པར་སེམས་དཔའ་རང་བྱུང་རྡོ་རྗེ་ནི། །དཀར་གསལ་མིའུ་ཐུང་གཟུགས་ལ་སྤྱན་ཧྲིག་གེ། །ཆོས་འཁོར་ཕྱག་རྒྱ་ཞབས་གཉིས་སྐྱིལ་མོ་ཀྲུང་། །བཞི་པར་འཛམ་གླིང་རོལ་པའི་རྡོ་རྗེ་ནི། །ཞལ་དཀྱུས་རིང་ཞིང་མཆོག་སྦྱིན་མཉམ་བཞག་རྒྱས། །འཁོར་ལོ་འཛིན་ཞིང་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །ལྔ་པར་དེ་བཞིན་གཤེགས་པ་མཚན་དཔེས་བརྒྱན། །སྐྱབས་སྦྱིན་ཕྱག་ན་རིན་ཆེན་ཕྲེང་བ་འཛིན། །ཞབས་གཉིས་བཟང་པོའི་སྟབས་བཞུགས་དྲུག་པར་ནི། །མཐོང་བ་དོན་ལྡན་སྒེག་ཉམས་སྨིན་མ་འཁྱུགས། །རྡོ་རྗེ་དྲིལ་འཛིན་པདྨའི་སྐྱིལ་མོ་ཀྲུང་། །བདུན་པར་ཆོས་གྲགས་རྒྱ་མཚོ་དཀར་སྨུག་བརྗིད། །ཆོས་འཆད་མེ་ཏོག་ནོར་བུ་འཛིན་ཞབས་གཉིས། །སེམས་སྐྱིལ་གྱིས་བཞུགས་བརྒྱད་པ་མི་བསྐྱོད་རྒྱལ། །སྐུ་བོང་རིང་ཞིང་ཕྱག་ཞབས་མཐིལ་བསྟན་ནས། །བྱིན་རླབས་སྟངས་སྟབས་ཀྱིས་བཞུགས་དགུ་པར་ནི། །དབང་ཕྱུག་རྡོ་རྗེ་དཀར་གསལ་ཕྱག་གཉིས་ཀྱིས། །ས་གནོན་
མཉམ་བཞག་ཚེ་ཡི་བུམ་པ་བསྣམས། །རྡོར་སྐྱིལ་གྱིས་བཞུགས་བཅུ་པར་བཟོ་སྦྱོང་མཆོག །བཛྲ་དྷརྨཱ་དྷཱ་ཏུ་བགྲེས་ཉམས་ཅན། །མཆོག་སྦྱིན་མཉམ་བཞག་པད་དཀར་སྡོང་བུ་འཛིན། །སེམས་སྐྱིལ་གྱིས་བཞུགས་བཅུ་གཅིག་རྒྱལ་བའི་དབང་། །ཡེ་ཤེས་རྡོ་རྗེ་མཉམ་བཞག་མི་གཡོ་ཞབས། །རྡོར་སྐྱིལ་བཞུགས་ཤིང་བཅུ་གཉིས་མཉམ་མེད་འདྲེན། །བྱང་ཆུབ་རྡོ་རྗེ་གཞོན་ཚུལ་ཞི་མ་ཁྲོ། །སྐྱབས་སྦྱིན་མཉམ་བཞག་ཡིད་བཞིན་ནོར་བུ་འཛིན། །རྡོར་སྐྱིལ་གྱིས་བཞུགས་ཀུན་ཀྱང་དབུ་ུལ་ནི། །ཞྭ་ནག་གསེར་མདངས་གསོལ་ཞིང་ཆོས་གོས་གསུམ། །ཟབ་བེར་ལྷབ་ལྷུབ་སྐུར་གསོལ་དེ་དག་ཀྱང་། །ངོ་བོ་གཅིག་ལ་རྣམ་པ་དུ་མར་སྤྲུལ། །གང་འདུལ་ཐབས་ཀྱིས་འགྲོ་བའི་སྐྱབས་སུ་བཞུགས། །བཅུ་གསུམ་མདུན་དབུས་ཞྭ་དམར་ཅོད་པན་ཅན། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ནི། །སྐུ་ཤ་རབ་རྒྱས་སྤྱན་གཉིས་དབྱིངས་སུ་གཟིགས། །ཕྱག་གཉིས་ཐབས་ཤེས་ངོ་བོ་རྡོར་དྲིལ་འཛིན། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཆོས་གོས་རྣམ་གསུམ་བེར་ཆེན་ཟླུམ་གསོལ་ཞིང་། །ཐབས་མཁས་གང་འདུལ་དེར་སྣང་སྟོན་ཅིང་བཞུགས། །རྒྱབ་ཕྱོགས་སྟེང་གི་པདྨ་ཉི་མའི་སྟེང་། །ཁྱབ་བདག་རྡོར་འཆང་མཐོན་མཐིང་རྡོ་རྗེ་དྲིལ། །བསྣོལ་འཛིན་རང་འོད་ཡུམ་འཁྱུད་ལོངས་སྐུའི་ཆས། །ཡོངས་རྫོགས་རིན་ཆེན་རྒྱན་ལྡན་ཞབས་རྡོར་སྐྱིལ། །གཡས་ཕྱོགས་པདྨར་ཟླ་སྟེང་སྒྲོལ་མ་དཀར། །སྤྱན་བདུན་ཕྱག་གཡས་མཆོག་
སྤྱིན་གཡོན་ཨུཏྤལ། །དར་དང་རིན་ཆེན་རྒྱན་ལྡན་རྡོར་སྐྱིལ་བཞུགས། །གཡོན་ཕྱོགས་པདྨ་ཉི་མ་ཟླ་བའི་སྟེང་། །ཨོ་རྒྱན་ཆེན་པོ་པད་ཞྭ་ཕོད་ཀ་དང་། །ཆོས་གོས་གསོལ་ཞིང་རྡོ་རྗེ་ཐོད་པ་བསྣམས། །ཁ་ཊྭཱྃ་དཀུར་བསྟེན་རྡོར་སྐྱིལ་ལྷམ་མེར་གསལ། །མདུན་ཕྱོགས་འོག་གི་པདྨར་ཉི་རོའི་སྟེང་། །བེར་ཅན་རང་བྱུང་རྒྱལ་མོ་འཁྲིལ་སྦྱོར་རོལ། །རྔམས་ཤིང་ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་འབར། །གཉིས་ཀའང་གྲི་ཐོད་འཛིན་ཅིང་བེར་ནག་གསོལ། །ཁྲོ་བོའི་ཆས་རྫོགས་ཞབས་གཉིས་འདོར་སྟབས་བཞུགས། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་ༀ་ཨཱཿཧཱུྃ། །གདོད་ནས་ལྷུན་གྲུབ་འགྱུར་མེད་ངོ་བོས་མཚན། །དེ་ལྟར་དཀོན་མཆོག་ཀུན་འདུས་ཀརྨ་པ། །སྐུ་ཡི་བཀོད་པས་ཞིང་ཁམས་ཡོངས་ལ་ཁྱབ། །རབ་འབྱམས་ཞིང་རྣམས་མ་ལུས་སྐུ་ལ་རྫོགས། །གཙོ་བོའི་ཐུགས་ཀའི་ས་བོན་འོད་ཟེར་འཕྲོས། །མི་མངོན་ཆོས་དབྱིངས་གནས་ནས་རྩ་གསུམ་གྱི། །དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་དང་འདྲ་བ། །བུ་ཡུག་འཚུབས་བཞིན་མདུན་མཁར་སྤྱན་དྲངས་གྱུར། །ཞེས་བརྗོད་ལ་བྱིན་འབེབས་པ་ནི། སྟེང་དག་པ་འོག་མིན་ཞིང་ཁམས་ནས། །རིགས་ཀུན་གྱི་གཙོ་བོ་རྡོ་རྗེ་འཆང་། །སངས་རྒྱས་དང་བྱང་སེམས་གཤེགས་སུ་གསོལ། །དབང་བསྐུར་ལ་བྱིན་ཆེན་དབབ་ཏུ་གསོལ། །གཡས་པོ་ཏ་ལ་ཡི་གནས་མཆོག་ནས། །དུས་གསུམ་གྱི་རྒྱལ་ཡུམ་སྒྲོལ་མ་དཀར། །ལྷ་
ཡི་དམ་ཞི་ཁྲོ་གཤེགས་སུ་གསོལ། །དབང་བསྐུར་ལ་བྱིན་ཆེན་དབབ་ཏུ་གསོལ། །གཡོན་དཔལ་རི་པདྨ་འོད་ཞིང་ནས། །མཆོག་གྲུབ་པའི་སྤྱི་མེས་པདྨ་འབྱུང་། །འཁོར་རིག་འཛིན་ཌཱ་ཀི་གཤེགས་སུ་གསོལ། །དབང་བསྐུར་ལ་བྱིན་ཆེན་དབབ་ཏུ་གསོལ། །དབུས་རང་སེམས་སྣང་སྟོང་ཕོ་བྲང་ནས། །རྗེ་ཀརྨ་པ་ཡི་སྐྱེས་རབས་ཕྲེང་། །བཀའ་བརྒྱུད་པའི་བླ་མ་གཤེགས་སུ་གསོལ། །དབང་བསྐུར་ལ་བྱིན་ཆེན་དབབ་ཏུ་གསོལ། །འོག་དམ་ཚིག་གཉེན་པོའི་དུར་ཁྲོད་ནས། །དཔལ་མ་ཧཱ་ཀཱ་ལ་རེ་མ་ཏི། །བཀའ་ཆོས་སྐྱོང་རྒྱ་མཚོ་གཤེགས་སུ་གསོལ། །དབང་བསྐུར་ལ་བྱིན་ཆེན་དབབ་ཏུ་གསོལ། །རྡོ་རྗེ་བསྡུ་བའི་རྒྱས། ༀ་ཤྲཱི་མཱན་གུ་རུ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཅེས་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿབཛྲ་ས་མ་ཡ་ཏིཥྛ་ལྷན། དམ་ཡེ་གཉིས་མེད་དུ་བསྟིམས་ལ། སླར་ཡང་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་གནས་ནས་དབང་ལྷ་སྤྱན་དྲངས་ཏེ། །རིགས་ལྔ་ཡབ་ཡུམ་ལ་སོགས་དེ་བཞིན་གཤེགས། །དགོངས་པ་མཛད་དང་ཤིས་བརྗོད་མེ་ཏོག་འཐོར། །རིན་ཆེན་བུམ་བཟང་བདུད་རྩིའི་ཆར་རྒྱུན་གྱིས། །དབང་བསྐུར་ཆུ་ལྷག་ཡར་ལུད་རིགས་ལྔ་པོ། །སྤྲུལ་སྐུའི་རྣམ་པས་སོ་སོའི་དབུ་བརྒྱན་གྱུར། །ཅེས་དབང་བསྐུར་རྒྱས་གདབ་དང་། དེ་ནས་མཆོད་པའི་བྱེ་བྲག་རྣམས་རིམ་བཞིན་འབུལ་བ་ནི། མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །དྲི་མེད་མཆོད་ཡོན་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་
སྨིན་གྲོལ་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །རྒྱུན་འབབ་ཞབས་བསིལ་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །སྔགས་ཐོག་མཐའ་འདྲ་བར། པཱ་དྱཾ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །རབ་མཛེས་མེ་ཏོག་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །པུཥྤེ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །བདུག་སྤོས་བསུང་ཞིམ་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། དྷཱུ་པེ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །སྣང་གསལ་འོད་ཟེར་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །བྱུང་བའི་དྲི་བཟང་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །གནྡྷེ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །ཞལ་ཟས་སྣ་ཚོགས་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །ནཻ་ཝི་དྱེ༴ མཐའ་ཡས་འགྲོ་ཁམས་རྒྱ་མཚོ་ན། །རྒྱུད་མངས་བྱེ་བྲག་ཇི་སྙེད་པ། །རྣམ་དག་མོས་བློས་འབུལ་ལགས་ན། །བཞེས་ནས་སྨིན་གྲོལ་དངོས་གྲུབ་སྩོལ། །
ཤབྡ༴ མཆོད་རོལ་བྱ། འཇིག་རྟེན་རབ་འབྱམས་ཞིང་རྣམས་ན། །རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག །རྨད་བྱུང་ཡིད་འོང་མཆོད་པ་རྣམས། །འབུལ་བཞེས་དངོས་གྲུབ་རྣམ་གཉིས་སྩོལ། །ༀ་བཛྲ་རུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ། རིན་ཆེན་འཁོར་ལོ་དཔལ་བེའུ་པདྨ་དང་། །རྒྱལ་མཚན་གདུགས་བཟང་བུམ་པ་དུང་དཀར་པོ། །གསེར་ཉ་བཀྲ་ཤིས་རྨད་བྱུང་རྟགས་བརྒྱད་འདི། །བླ་མའི་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །གསེར་གྱི་འཁོར་ལོས་མངའ་དབང་བསྒྱུར། །བསམ་འཕེལ་ནོར་བུ་དགོས་འདོད་འབྱུང་། །བཙུན་མོ་རིན་ཆེན་བདེ་སྟོང་སྟེར། །ཁྱིམ་བདག་ཟས་གཡང་དཔལ་འབྱོར་བརྗིད། །ཁྱུ་མཆོག་སྟོབས་བཅུའི་རྩལ་ཆེན་རྫོགས། །ཅང་ཤེས་རྫུ་འཕྲུལ་ཐར་ལམ་དྲོངས། །དམག་དཔོན་བདུད་བཞིའི་གཡུལ་ལས་རྒྱལ། །རྒྱལ་སྲིད་རིན་ཆེན་སྣ་བདུན་པོ། །རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ། །རྒྱལ་ཀུན་ཐུགས་རྗེའི་བྱིན་རླབས་ཀྱིས། །རྒྱལ་བ་ཉིད་དང་དབྱེར་མེད་ཤོག །གང་ཞིག་འཇིག་རྟེན་འདིའམ་གཞན། །དཔལ་འབྱོར་སྲིད་ཞིའི་ལོངས་སྤྱོད་ཀྱི། །མཆོད་པའི་སྤྲིན་ཕུང་ཟད་མེད་པར། །རྒྱ་ཆེན་བསྐལ་པར་འཕྲོ་གྱུར་ཅིག །སྤྲོ་ན་ཡན་ལག་བདུན་པ་བཏོན་ལ། དེ་ནས་མཎྜལ་འབུལ་བ་ནི། ༀ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་བརྗོད། ཞིང་ཁམས་ཡང་དག་གསེར་གྱི་ས་གཞི་བརྡལ། །རྡོ་རྗེའི་རི་ཡི་ཁོར་ཡུག་ར་བས་བསྐོར། །དབུས་སུ་རི་དབང་རྒྱལ་པོ་མཆོག་རབ་མཐོ། །གླིང་ཆེན་ལུས་འཕགས་འཛམ་གླིང་བ་
ལང་སྤྱོད། །སྒྲ་མི་སྙན་དང་གླིང་གཡོག་རོལ་མཚོ་སོགས། །རིན་ཆེན་ས་འཛིན་ཡོངས་འདུ་ས་བརྟོལ་ལྗོན། །འདོད་འཇོའི་བ་མོ་མ་རྨོས་འབྲུ་སྣ་ཚོགས། །རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ་པ་བཟང་། །མཆོད་པའི་ལྷ་མོས་ཡོངས་བསྐོར་ཉི་ཟླ་གསལ། །ཀུན་ཁྱབ་གདུགས་དཀར་མི་ནུབ་རྒྱལ་མཚན་བསྒྲེངས། །གཞན་ཡང་ཁམས་གསུམ་ཕྱི་སྣོད་ནང་བཅུད་ཀྱི། །ལོངས་སྤྱོད་ཕུན་ཚོགས་ཕྲ་རབ་རྡུལ་བྱེ་སྙེད། །གྲངས་མེད་མངོན་པར་བཀོད་ལེགས་མཎྜལ་འདི། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་པོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བཞེས་ནས་བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ས་གཞི་སྤོས་ཆུས་སོགས་དང་། དངོས་དང་ཡིད་སྤྲུལ་རྒྱ་མཚོས་དྲངས་པ་ཡི། །དགོས་འབྱུང་ནོར་བུའི་མཎྜལ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་དང་བྲལ་ཞིང་། །སྲིད་ཞིར་མི་གནས་རྣམ་གྲོལ་མཆོག་ཐོབ་ཤོག །སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །སོགས་ཀྱང་བརྗོད་ནས། ཕྱག་འཚལ་མཆོད་བཤགས་ཡི་རངས་བསྐུལ་གསོལ་འདེབས། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩ་འབུལ། །ཆོས་དབྱིངས་མྱང་འདས་ཆེན་པོར་བསྔོ་བར་བགྱི། །མ་རྣམས་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ཕྱི་ཡི་མཆོད་པ་ཕུལ་ནས།
ནང་མཆོད་འབུལ་བ་ནི། བདུད་རྩི་མཐེབ་སྲིན་གྱིས་མཆོད་ལ། རྡོ་རྗེ་འཆང་ཆེན་ཡུམ་གྱུར་འཕགས་མ་དང་། །གུ་རུ་པདྨ་དཔལ་ལྡན་དུས་གསུམ་མཁྱེན། །གྲུབ་ཆེན་ཀརྨ་པ་དང་རང་བྱུང་ཞབས། །རོལ་པའི་རྡོ་རྗེ་ཐུབ་ཆེན་དེ་བཞིན་གཤེགས། མཐོང་བ་དོན་ལྡན་ཆོས་གྲགས་རྒྱ་མཚོ་དང་། །མི་བསྐྱོད་རྡོ་རྗེ་དབང་ཕྱུག་རྡོ་རྗེའི་ཞབས། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་རྡོ་རྗེ་མཆོག །བྱང་ཆུབ་རྡོ་རྗེ་བདུད་ཚོགས་འདུལ་རྡོ་རྗེ། །མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་སོགས་པ། །རྩ་བར་བརྒྱུད་པའི་མཆོད་འོས་རབ་འབྱམས་དང་། །མ་ཧཱ་ཀཱ་ལ་བཀའ་སྡོད་དམ་ཅན་ཚོགས། །ཡེ་ཤེས་བདུད་རྩིའི་རྒྱུན་འབུལ་གྲུབ་གཉིས་སྩོལ། །ༀ་ཨཱཿཧཱུྃ་གིས་མཆོད་ལ། གསང་བའི་མཆོད་པ་ནི། རྡོ་རྗེ་ལྷ་མོ་བཅུ་དྲུག་པོ། །རྒྱན་ལྡན་མཚར་སྡུག་མདོག་སྣ་ཚོགས། །པི་ཝཾ་གླིང་བུ་རྔ་ཆེན་དང་། །རྫ་རྔ་ལ་སོགས་ཐོགས་པ་དང་། །བཞད་དང་སྒེག་པ་གླུ་གར་མཁན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི། །གཟུགས་དང་རོ་བཅུད་རེག་བྱ་མ། །ཆོས་དབྱིངས་བདེ་སྟོང་ལྷ་མོའི་ཚོགས། །ཡིད་འོང་མཆོད་པ་སྤྲོ་བཞིན་དུ། །དགའ་བཞིའི་ཡེ་ཤེས་བསྐྱེད་པར་བགྱི། །ༀ་བཛྲ་བཱི་ནི་ཧཱུྃ་ཧཱུྃ་ཕཊཿདེ་བཞིན་ཐོག་མཐའ་འདྲ་བར། ཝཾ་ཤེ༴ མྲྀ་དཾ་གི༴ མུ་རཉྫེ༴ ཧཱ་སྱེ༴ ལཱ་སྱེ༴ གཱིརྟི༴ ནྲྀ་ཏྱ༴ པུཥྤེ༴ དྷཱུ་པེ༴ དཱི་པཾ༴ གནྡྷེ༴ ༀ་རཱུ་པ་བཛྲེ༴ རཱ་ས༴ སྤཪྴེ༴ དྷརྨཱ་དྷཱ་ཏུ་བཛྲེ་བར་བརྗོད། ཞེས་འབུལ། མཆོད་བྱ་མཆོད་བྱེད་ཐམས་ཅད་ཀྱང་། །རང་བྱུང་རིག་བའི་རྩལ་ལས་གསལ། །དངོས་
སྣང་འཛིན་མེད་དེ་བཞིན་ཉིད། །བློ་འདས་ཆེན་པོའི་ངང་དུ་རོལ། །མ་ཧཱ་ཛྙཱ་ན་ཤུནྱ་ཏཱ་པཱུ་ཛ་ཧོཿཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཆེན་པོའོ། །དེ་ནས་བསྟོད་པ་ཕྱག་འཚལ་བ་ནི། ཧྲཱིཿསྤྲོས་བྲལ་རང་བྱུང་བདེ་བ་ཆེ། །དོན་དམ་འགགས་མེད་ཐུགས་རྗེའི་མདངས། །སྒྱུ་འཕྲུལ་དྲྭ་བས་ཞིང་ཀུན་ཁྱབ། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བློ་འདས་ཕ་རོལ་ཕྱིན། །མཉམ་ཉིད་ངང་ནས་གང་འདུལ་སྟོན། །དུས་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད། །བདེ་གཤེགས་འདུས་པའི་སྤྱི་དཔལ་མཆོག །གདོད་མའི་སངས་རྒྱས་ཧེ་རུ་ཀ། འཆི་མེད་གྲུབ་པའི་གཏེར་ཆེན་པོ། །པདྨཱ་ཀ་རར་ཕྱག་འཚལ་བསྟོད། །བསྐལ་བཟང་ཞིང་འདིར་སངས་རྒྱས་སྟོང་། །མ་འོངས་རྣམ་འདྲེན་དྲུག་པ་ནི། །སེང་གེ་ཞེས་བྱར་འཚང་རྒྱ་བའི། །ཟབ་མོའི་ཐུགས་བསྐྱེད་ལྡན་ལ་འདུད། །གང་ཞིག་རྣམ་འཕྲུལ་དུ་ུམ་ཡི། །ཆུ་ཟླའི་གར་གྱིས་བརྩེ་བ་ཅན། །འགྲོ་ལ་མི་འཇིགས་སྦྱིན་པའི་གཉེན། །གང་འདུལ་དེར་སྣང་སྟོན་དེར་འདུད། །ཆོས་ནོར་དབང་བསྒྱུར་འཛམ་བུའི་གླིང་། །བྱང་ཕྱོགས་བསིལ་རིའི་ལྗོངས་འདི་རུ། །སྤྱན་རས་གཟིགས་དང་དབྱེར་མེད་པར། །གཅིག་གྱུར་འབྲེལ་ཚད་དོན་ལྡན་འདུད། །མཐོན་མཐིང་ཅོད་པན་ཕྲེང་བ་འཛིན། །དཔལ་ལྡན་དུས་གསུམ་མཁྱེན་པ་ནས། །བདུད་ལས་རྣམ་པར་རྒྱལ་བའི་བར། །སྐྱེས་རབས་བཅུ་གསུམ་དྲང་ངེས་ཀྱི། །མདོ་རྒྱུད་རྒྱ་མཚོར་གསལ་ལ་འདུད། །སངས་རྒྱས་དངོས་ལས་ལྷག་པ་ཡི། །བཀའ་
དྲིན་གསུམ་ལྡན་རྡོ་རྗེ་འཛིན། །རིགས་དང་དཀྱིལ་འཁོར་ཡོངས་ཀྱི་བདག །རྗེ་བཙུན་བདུད་འདུལ་རྡོ་རྗེར་འདུད། །སྔོན་བསགས་ལེགས་བྱས་སྨིན་པའི་མཐུས། །ཀུན་རྫོབ་སྣང་ངོར་ཞལ་མཐོང་ཞིང་། །སྨིན་གྲོལ་ཆོས་ཀྱི་བདུད་རྩིས་ཚིམས། །ཐུགས་ཀྱིས་བྱིན་བརླབས་རྗེས་བཟུང་འདུད། །དེ་ལས་བྱུང་བའི་ལམ་ཟབ་མོ། །ཀུན་གཞི་བདེ་གཤེགས་སྙིང་པོ་ཞེས། །དོན་དམ་རང་རྩལ་སྣང་ཆ་ལས། །སྣང་སྲིད་བླ་མའི་དཀྱིལ་འཁོར་ཤར། །མཉམ་ཉིད་མཁའ་ཀློང་ཡེ་དག་པའི། །སྟོང་ཉིད་ཡེ་ཤེས་ཆེན་པོ་རུ། །གྲག་སྟོང་བརྗོད་མེད་བསྟོད་པས་བསྟོད། །གསལ་སྟོང་ངང་དུ་ཕྱག་འཚལ་བསྟོད། །སྙིང་རྗེའི་དབྱིངས་ལས་ཁྲོས་པའི་ཚུལ། །ཉོན་མོངས་བདུད་བཞི་ཚར་གཅོད་པའི། །ཡེ་ཤེས་ མགོན་པོ་བེར་ཡབ་ཡུམ། །བཀའ་སྡོད་ཚོགས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་སངས་རྒྱས་བྱང ་སེམས་ལྷ། །རབ་འབྱམས་རྡུལ་སྙེད་གྲངས་འདས་ཀྱང་། །ཀརྨ་ཀ་ཡི་ངོ་བོར་གསལ། །བླ་མ་མགོན་པོ་དབྱེར་མེད་པ། །ཡེ་ཤེས་ཆོས་སྐྱོང་བེར་ནག་ཅན། །དཀོན་མཆོག་ཀུན་འདུས་ཀརྨ་པ། །བཅུ་གསུམ་བདུད་འདུལ་རྡོ་རྗེ་འཆང་། །སྐྱེ་དང་ཚེ་རབས་འབྲལ་མེད་ཤོག །ཅེས་རང་དང་སེམས་ཅན་ཐམས་ཅད་ལུས་གངྒཱའི་ཀླུང་བྱེ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་དམིགས་ནས་ངེས་འབྱུང་སྐྱོ་ཤས་དྲག་པོའི་སྒོ་ནས་འབད་པར་བྱའོ། །དེ་ནས་བཤགས་པ་བྱ་བ་ནི། སྤྲོ་ན་དང་པོར་ཕུང་པོ་གསུམ་པའི་མདོ་བཏོན་ལ་ཐལ་མོ་སྦྱར་ཕྱག་འཚལ་ཞིང་། ཀྱཻ། ཕྱོགས་བཅུ་ུན་བཞུགས་པའི་བདེ་བར་གཤེགས་པ་སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་
ཀྱི་མངའ་བདག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་དེང་བདག་སོགས་མཐའ་ཡས་པའི་སེམས་ཅན་རྣམས་ལ་དགོངས་སུ་གསོལ་ལོ། །བདག་མིང་འདི་ཞེས་བགྱི་བས་ཐོག་མེད་དུས་རིང་ནས་ད་ལྟའི་བར་དུ་བསགས་པའི་ཉོན་མོངས་པ་ལྔའི་དབང་དུ་གྱུར་པའི་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་བསླབ་བྱ་དམ་ཚིག་དང་འགལ་བའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་དང་ཅི་མཆིས་པ་ཐམས་ཅད་འདུན་པ་དྲག་པོའི་སྒོ་ནས་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་ངེས་པར་སྡོམ་ལགས་སོ། །ཅེས་ལན་གསུམ་བརྗོད། ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་ཤྲཱི་མཱ་ན་ཀརྨ་ཀ་ས་ཏྭ་ས་མ་ཡ་སོགས། ༀ་བཛྲ་ས་ཏྭ་ཧཱུྃ་ཅི་ནུས་བརྗོད་མཐར། བླ་མ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་གྱི་ཞལ་ནས། ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་གོ་ཞེས་གནང་བ་བྱིན་པར་གྱུར། དེ་ལྟར་དག་ཚངས་དབུགས་དབྱུང་དངོས་སུ་ཐོབ་བར་བསམ་མོ། །དེ་ནས་བླ་མ་རྒྱང་འབོད་ལ་འཇུག་སྟེ། མོས་གུས་ཚད་མ་རྒྱུད་ལ་སྐྱེ་བའི་རྣལ་འབྱོར་པ་དག་གིས་འདི་ལྟར་བསྒོམ་མོ། །བླ་མའི་སྐུ་ལས་བྱུང་བའི་བྱིན་རླབས་རིལ་བུ་ཁར་བཅུག་ལ། སྤྱི་བོར་སྒོམ་ཞྭ་བཅིངས། བླ་གོས་ཕྲག་པར་གཟར་ཆོས་གོས་ཀྱི་གྲྭ་ལག་གཡོན་གྱིས་དཀུར་བསྟེན། གཡས་ཐལ་མོ་ཕྱིར་བསྟན་གྱིས་དཀུ་གཡས་བསྟེན་ལ་ངག་ཏུ། བླ་མ་དམ་པ་དྲན་བྱུང་ངོ་། །རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོར་གསལ་བྱུང་ངོ་། །རྣམ་དག་གི་ཞིང་ཁམས་རྒྱ་མཚོར་
འབྱམས་ཀླས་སོང་ངོ་། །འོད་ཟེར་བཟོད་མེད་དུ་འབར་སོང་ངོ་། །སྣོད་བཅུད་ཐམས་ཅད་ཞུ་སོང་ངོ་། །རྡོ་རྗེ་འཆང་བདག་ལ་དབབ་པར་མཛོད། །བདག་ལ་ངལ་གསོ་བར་མཛོད། །ཅེས་བརྗོད་ཅིང་འདོན་སྒོམ་དྲག་ཏུ་བྱས་པས་ཡེ་ཤེས་འདྲེན་པའི་མོས་གུས་བསྐྱེད་མི་ཐུབ་ན། ཌཱ་ཀིཎྜཧོཿབླ་མ་ནམ་དྲན་པ་ན་ལུས་རྣམ་སྣང་ཆོས་བདུན་ལག་པ་གཉིས་ས་གནོན་བྱས་ལ་སྟེང་འོག་གི་རླུང་ཁ་སྦྱར། ལུས་གྱི་ནང་སྟོང་སེང་དུ་བསྒོམས་ནས་སྐེད་སྐོར་བྱས་རིམ་ནས་རྣམ་ཤེས་འགགས། རང་བཞིན་འོད་གསལ་གྱི་སེམས་ཟླ་གདན་དུ་གྱུར་བ་ལ་བླ་མ་ཅི་འདྲ་ཁོ་ན་བཞུགས་སུ་གསོལ་བ་བསྒོམས་ནས་སྐེད་སྐོར་དྲག་ཏུ་བྱས་པས་བླ་མ་སྟོང་ཆེན་དུ་ཞུ་ནས་ཟླ་དཀྱིལ་གྱི་ཐིག་ལེ་དམར་བོ་ཡུངས་འབྲུ་ཙམ་ལ་ཤེས་བ་གཏད། འདི་ནི་འོད་གསལ་བསྐྱེད་པའི་མོས་གུས་འདྲེན་ཐབས་ཡིན་ནོ། །རྣམ་ཤེས་ཡེ་ཤེས་སུ་འཕོ་བར་བྱེད་བའི་ཕྱིར་ཡིན་ན། གཞན་གོང་དང་འདྲ་བ་ལ། སྤྱི་བོར་ཐལ་བྱུང་གི་ནམ་མཁར་བླ་མ་ཡེ་ཤེས་ཀྱི་མེ་འུར་འུར་འབར་བའི་ཞབས་གཡོན་པའི་མཐེ་བོང་གི་འོད་ཟེར་གྱིས་རང་སེམས་འོད་གསལ་སྙིང་ག་ནས་ཐིག་ལེ་དམར་པོ་སྲན་ཆུང་ཙམ་པ་དེ་རང་དབང་མེད་པར་བསྡུས་ནས་བསྒོམ་ཞིང་དྲག་སྦྱོར་བྱ་བ་དང་། ཡེ་ཤེས་ཕྱག་ཆེན་སྩོལ་མེད་དུ་མ་སྐྱེས་ན་ལེ་ལན་ཐམས་ཅད་ང་དབྱངས་ཅན་བཟང་པོ་ལ་བསྡོས་ཤིག །དེ་ལྟར་མི་བསྐྱོད་རྒྱལ་བས་གསུང་བཞིན་འདི་ནི་ཐུན་མོང་མིན་པའི་རྡོ་རྗེའི་བཀའ་ལ་ཚད་བཟུང་ལྷུར་ལེན་གྱིས་མོས་གུས་སྐྱེད་ཅིག །རྗེ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །བདུད་འདུལ་བའི་རྡོ་རྗེ་ཡན་ཆད་ཀྱི། །བཀའ་བརྒྱུད་པའི་གྲུབ་ཐོབ་བླ་མའི་ཚོགས། །དེང་བདེ་ཆེན་འཁོར་ལོར་རྟག་བཞུགས་ལ། །ངེད་སྐལ་ལྡན་བུ་རྣམས་བསྐྱབ་ཏུ་གསོལ། །ལས་ཉོན་མོངས་འཁོར་བའི་འདམ་དུ་བྱིངས། །ཆོས་
བླ་མའི་དཀོར་གྱིས་རང་རྒྱུད་བསྲེགས། །བདུད་བཞི་ཡི་ཆུ་བོས་ཁྱེར་ལ་ཉེ། །ངན་སོང་གི་གཡང་སར་ལྷུང་ངེས་བའི། །མ་རིག་པའི་མུན་པས་བསྒྲིབས་པ་ཡི། །བདག་མཁའ་ཁྱབ་སེམས་ཅན་སྙིང་རྗེས་དགོངས། །དུཿཁ་ལས་མྱུར་དུ་བསྐྱབ་ཏུ་གསོལ། །དུས་སྙིགས་མ་ལྔ་བདོར་སྐྱེས་པ་ཡི། །སྐལ་མེད་རྣམས་དགེ་བ་རིང་དུ་བསྲིངས། །མི་དགེ་བའི་ལས་ཀྱི་ཁུར་ཆེན་ནོན། །བདག་སེམས་ཅན་ལ་བརྩེ་བས་བཟུང་དུ་གསོལ། །ལས་འཕྲོ་དང་ལྡན་ནམ་སྙམ་པ་ཡི། །རྗེ་དངོས་ཀྱིས་བསླབ་སྡོམ་དམ་ཚིག་ནོད། །འཕྲལ་མོས་བློ་བསྒྱུར་ཡང་རྐྱེན་མ་ཆགས། །རང་བྱས་ལས་རང་སྨིན་ང་རེ་འགྱོད། །ཕྱི་དབྱིབས་ལེགས་ཞི་དུལ་ཙམ་ཡོད་རུང་། །ནང་དུག་ལྔའི་རྣམ་རྟོག་རྒྱས་པ་ཡིས། །ཉེས་ལྟུང་གི་ཆར་པ་རྒྱུན་མི་ཆད། །སྡིག་ཆེན་བདག་ཐུགས་རྗེས་ད་གཟིགས་ཤིག །བླ་མ་ལ་སངས་རྒྱས་འདུ་ཤེས་བྲལ། །གནས་གདན་སར་ཞིང་ཁམས་མི་མཐོང་བ། །མཆེད་གྲོགས་ལ་དག་སྣང་མི་འབྱོང་བ། །རྒྱུད་དྲེད་པོར་ཐུགས་རྗེས་ད་གཟིགས་ཤིག །དུས་ལྔ་བདོའི་ཡང་མཐར་འཁོར་བ་ཡི། །སྲིད་བཟུང་གི་འགྲོ་བ་མཆིས་སོ་ཅོག །སྐལ་བ་དང་རིགས་ཆད་ཀྱི་དབང་གིས་ནི། །རྗེ་ཁྱེད་དང་མ་མཇལ་སྙིང་རྗེའི་གནས། །ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་འདོར་རམ་ཅི། །དད་མོས་གུས་དྲག་པོས་རྒྱུད་རླན་པའི། །ལས་སྐལ་བར་ལྡན་རྣམས་བྱིན་རླབས་ཀྱི། །ལམ་བཟང་པོར་དཀྲི་བར་མཛད་དུ་གསོལ། །ལར་སེམས་ཀྱི་ཆོ་འཕྲུལ་བག་ཆགས་ཀུན། །ཟད་མེད་ཀྱི་ཆུ་བོའི་
རྒྱུན་འདི་བཞིན། །རང་བྱུང་ལ་རང་ཡལ་མཁའ་འདྲ་བ། །སྐྱེ་འགགས་དང་གནས་མེད་ཀྱི་ངང་ཉིད་དུ། །བརྗོད་མེད་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེ། །དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་དོན། །བཀའ་བརྒྱུད་པ་གཤེགས་ཤུལ་ལམ་ཟབ་མོ། །དེ་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཅེས་སྣང་བ་འགྱུར་ངེས་བྱའོ། །བཀའ་བརྒྱུད་པ་འདི་མོས་གུས་བྱིན་རླབས་ཀྱི་བརྒྱུད་བ་ཡིན་པས་བཅོས་མིན་དག་སྣང་སྦྱང་བ་གལ་ཆེ་བར་གདའོ། །འདི་སྐབས་རྗེ་མི་བསྐྱོད་རྒྱལ་བས་མཛད་པའི་གསོལ་འདེབས་ཐུན་བཞིར་རྟག་པར་འདོན་ཞིང་། འདིར་སྤྲོ་ན་བདེ་སྟོང་མ། ཟུང་འཇུག་མ། རྡོ་རྗེ་འཆང་ཆེན་མ། དངོས་ཀུན་མ་སོགས་དང་། ཀརྨ་པ་ན་རིམ་དང་། ཞྭ་དམར་བཅུ་པའི་གསོལ་འདེབས་བཅས་བྱ་ཞིང་། བསྡུ་ན་ཡང་རྡོ་རྗེ་འཆང་ཆེན་མ། ཀརྨ་པ་བཅུ་གསུམ་དང་ཞྭ་དམར་བཅུ་པའི་གསོལ་འདེབས་བཅས་གཏོན་ལ། དེ་ནས་བསྙེན་པ་བྱ་བ་ནི། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་ནས་རྩ་བའི་བླ་མར་ཐིམ་པས་དེ་ལས་བྱིན་རླབས་འོད་ཟེར་ལྔ་ལྡན་དུ་ཕྱོགས་བཅུར་འཕྲོས་ནས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་ཆར་བཞིན་དུ་བབས་ནས་དབྱེར་མེད་དུ་ཐིམ་པས་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་བསམ་ལ། ༀ་ཨཱཿམཱ་ར་ད་མ་ཀ་བཛྲ་ཧཱུྃ་སྭཱ་ཧཱ། སྐྱེས་རབས་ཐམས་ཅད་འདུས་པའི་ངོ་བོ་ཡིན་ལ་ཡིན་བཞིན་དུ་གཙོ་བོའི་བསྙེན་པ་གང་འགྲུབ་བྱའོ། །སྟེང་རྡོ་རྗེ་འཆང་ལ་དམིགས་ནས། ༀ་བཛྲ་དྷྲྀཀྲ་ཧཱུྃ་སྭཱ་ཧཱ།
གཡས་སྒྲོལ་མར་དམིགས་ལ། ༀ་ཏཱ་རེ་སོགས། གཡོན་ཨོ་རྒྱན་རིན་པོ་ཆེར་དམིགས་ནས། བཛྲ་གུ་རུ་སོགས། འོག་མགོན་པོ་ལྕམ་དྲལ་ལ་དམིགས་ནས། ༀ་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལཱི་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་སོ་སོར་གང་འགྲུབ་བཟླའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི། ཐོག་མར་ཚོགས་རྫས་རྣམས། ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་བསངས་སྦྱངས་སྤེལ་བར་བྱའོ། །ན་མོ་ཐབས་ཤེས་བདེ་སྟོང་གཉིས་མེད་ཀྱི། །ཟབ་མོ་ཚོགས་ཀྱི་འཁོར་ལོའི་འདོད་ཡོན་བཟང་། །ཤ་ལྔ་བདུད་རྩི་ལྔ་ལྡན་ཟག་མེད་ཀྱི། །ཡེ་ཤེས་ཆེན་པོར་སྦྱངས་སྤེལ་བསྒྱུར་བྱས་འདི། །བྱིན་རླབས་རྩ་བ་བླ་མ་དངོས་གྲུབ་ཀྱི། །འབྱུང་གནས་ཡི་དམ་ཕྲིན་ལས་ཆོས་སྐྱོང་བ། །དམ་ཅན་རྒྱ་མཚོ་ལ་སོགས་མཆོད་འོས་ལ། །འབུལ་ཕྱིར་ཀུན་ཀྱང་དབྱིངས་ནས་སྐུ་བསྐྱོད་ཅིག །པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ། གནས་འོག་མིན་ངེས་པ་ལྔ་ལྡན་ཞིང་། །མཆོག་ཁ་སྦྱོར་ཡན་ལག་བདུན་ལྡན་པ། །རིགས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །ཚོགས་འཁོར་ལོར་རོལ་ཕྱིར་གཤེགས་སུ་གསོལ། །གནས་པོ་ཏ་ལ་ཡི་ཞིང་ཁམས་ནས། །འགགས་མེད་ཀྱི་ཐུགས་རྗེའི་རང་བཞིན་ཅན། །རྒྱལ་ཀུན་གྱི་ཡུམ་གྱུར་སྒྲོལ་མ་དཀར། །ཚོགས་འཁོར་ལོར་རོལ་ཕྱིར་གཤེགས་སུ་གསོལ། །གནས་སྤྲུལ་ཞིང་དཔལ་རི་པདྨ་འོད། །སྒྱུ་འཕྲུལ་གྱི་རོལ་པའི་གར་རྩེད་མཁན། དཔལ་པདྨ་འབྱུང་གནས་ཧེ་རུ་ཀ། ཚོགས་འཁོར་ལོར་རོལ་ཕྱིར་གཤེགས་སུ་གསོལ། །གནས་འགྱུར་
མེད་ཡོངས་གྲུབ་འདོད་མའི་གཤིས། །གཤིས་ཀུན་ཁྱབ་རང་སྣང་ཀློང་ཡངས་ནས། དུས་གསུམ་གྱི་སངས་རྒྱས་འདུས་པའི་སྐུ། །མཐོན་མཐིང་གི་ཅོད་པན་འཆང་བ་པོ། །སྐྱེས་རབས་ཀྱི་ཕྲེང་བ་བཅུ་གསུམ་དང་། །གནས་བདེ་ཆེན་པདྨ་བཀོད་པ་ནས། །ཚེ་འོད་སྣང་མཐའ་ཡས་རྣམ་པར་འཕྲུལ། །དཔལ་མི་ཕམ་ཆོས་གྲུབ་རྒྱ་མཚོ་སོགས། །རྩ་བ་དང་བརྒྱུད་པའི་བླ་མ་རྣམས། །བྱིན་རླབས་ཀྱི་སྤྲིན་ཕུང་ཐིབས་སེ་ཐིབ། །དངོས་གྲུབ་ཀྱི་ཆར་རྒྱུན་སི་ལི་ལི། །ཚོགས་འཁོར་ལོར་རོལ་ཕྱིར་གཤེགས་སུ་གསོལ། །གནས་དུར་ཁྲོད་འཇིགས་རུང་རྩུབ་འགྱུར་ཚལ། །བསྐལ་མེ་འབར་རླུང་ནག་འཚུབ་དཀྱིལ་ནས། །རྡོ་རྗེ་བེར་རང་བྱུང་རྒྱལ་མོ་སོགས། །ཚོགས་འཁོར་ལོར་རོལ་ཕྱིར་གཤེགས་སུ་གསོལ། །གནས་དཀྱིལ་འཁོར་གཞལ་ཡས་ཉམས་རེ་དགའ། །རྫས་མཆོད་པ་གཟི་ལྡན་དང་རེ་སྤྲོ། །རྣལ་འབྱོར་རྣམས་རྡོ་རྗེའི་དམ་རེ་གཙང་། །ཕྱི་སྣོད་དང་ནང་བཅུད་བྱིན་གྱིས་རློབས། །ཅེས་སྤྱན་དྲངས་ལ། དེ་ནས་ཚོགས་ཕུད་རིམ་བཞིན་སྤྲོས་ལ་གཏོར་མ་གསོས་ནས་ཡང་ནང་མཆོད་ལྟར་གྱི་བྱིན་རླབས་བྱས་ལ་གཏོར་བསྔོས་ནི། འབར་བའི་རྒྱས། ཕེཾ་ཕེཾ་ཕེེཾ་པད་སྐོར་དང་རྡོར་ཐལ་ཁ་ཕྱེེ་བཅས། ༀ་བཛྲ་ཨཱ་ར་ལི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌཱཀྐཱི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་ཨཱཪྱ་ཏཱ་རེ། ཨོ་རྒྱན་པདྨ་བཛྲ། ཏེ་ལོ་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་དྷརྨ་མ་ཏི། མི་ལ་ཧཱ་སྱེ་
བཛྲ། སྙི་སྒོམ་པུཎྱེ་རཏྣ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་དར་མ་གྲགས། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། སེམས་དཔའ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། འཛམ་གླིང་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རིན་ཆེན་བཟང་པོ། ཀུན་མཁྱེན་མཐོང་བ་དོན་ལྡན། བན་སྒར་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། འཇིགས་མེད་དབྱངས་ཅན་བཟང་པོ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་དྷརྨེ་ཤྭ་ར། རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བོདྷི་བཛྲ། འཇམ་མགོན་དྷརྨཱ་ཀ་ར། རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་སོགས་པ་གྲུབ་པའི་ས་ལ་བཞུགས་པའི་བཀའ་བརྒྱུད་རིན་པོ་ཆེའི་སྙིང་པོ་དོན་གྱི་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག །རྗེ་བཙུན་རྣལ་འབྱོར་མ། འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལ་སོགས་པ་ཡི་དམ་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།
ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན། འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་མོ་རང་བྱུང་རྒྱལ་མོ་ལ་སོགས་པ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་དྲེགས་པ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་དང་། དཔལ་ལྡན་ཞིང་སྐྱོང་དབང་པོ། ཡུམ་ཆེན་སི་ན་ར་མ། ལས་མཁན་བདུད་དམག་སྟོང་སྡེའི་ཚོགས་རྣམས་དང་། དམ་ཅན་སྐྱེས་བུ་ཆེན་པོ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཚོགས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ལྟར་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་བའི་མཐུས་བྱིན་གྱིས་བརླབས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་པ་མེད་པའི་སྒོ་ནས་རྣལ་འབྱོར་སྐྱོང་ཞིང་ཁྱད་པར་བསྟན་པ་དང་བསྟན་འཛིན་རྣམས་སྲུང་སྐྱོབ་གཡེལ་བ་མེད་པར་ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོད་ཅིག །ཅེས་འབུལ་ལོ། །དེ་ནས་ཕྱོགས་སྐྱོང་རྣམས་ལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་དང་། ༀ་ཧྲིཾ་ཧྲིཾ་ཧ་ཧ་སོགས་ནས་ཕེཾ་བར་བརྗོད། ཧཱུྃ། དམ་ཚིག་སོགས་ནས། འགྲུབ་པར་མཛོད། བར་བརྗོད་ལ། དེ་ནས་སྒྲུབ་པ་པོ་རྣམ་ཚོགས་ལ་རོལ་ཞིང་ཐབས་ཤེས་ཀྱི་རྫས་འཛིན་བཞིན་དུ། ཀྱཻ། བདེ་སྟོང་རྟེན་འབྲེལ་ཟབ་མོའི་རང་བཞིན་ཅན། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་དགྱེས་པར་རོལ། །ཞེས་དྲངས་ལ། ལེན་པ་པོས། ཧོཿཐབས་ཤེས་ངོ་བོ་བྱིན་རླབས་ཀུན་འབྱུང་གནས། །གཉིས་འཛིན་ཡེ་དག་དྲི་མེད་ཨེ་མ་ཧོཿཞེས་བརྗོད་ནས་རོལ་བར་བྱའོ། །དེ་ནས་ཕུད་ལྷག་
ལ་བདུད་རྩིས་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་རླབས། གང་དག་དཀྱིལ་འཁོར་གཉེན་པོའི་མུ་ཁྱུད་ལ་གནས་པའི་འཁོར་གྱི་བཀའ་ཉན་བྲན་གཡོག་དམ་ཚིག་གཉེན་པོའི་གདུང་སེམས་ཅན་ལྷག་མའི་གཏོར་མ་དབང་བ་རྣམས་ལ་ཕུད་ལྷག་བཤལ་ཆུའི་མཆོད་པ་འབུལ་ལོ། །བསྟན་བ་རིན་པོ་ཆེ་བསྲུང་བ་དང་། རྣལ་འབྱོར་པའི་ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པ་དང་། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་ཅིང་ཇི་ལྟར་བཅོལ་པའི་ལས་རྣམས་གཡེལ་མེད་དུ་སྒྲུབ་བར་བཛོད་ཅིག །སརྦ་ཨུཙྪིཤྚ་བ་ལིངྟ་བྷཀྵ་བྷཀྵ་སི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྷག་མ་ཕྱི་རོལ་དུ་ཕུལ། དེ་ནས་རྗེས་ཀྱི་ཆོ་ག་ནི། མཆོད་པ་གསོ་བྲན་ལེགས་པར་བྱས་ནས། རྒྱས་པར་ན་གོང་གི་མཆོད་པ་བྱིན་རླབས་དང་ཕྱི་མཆོད་ཚན་གཉིས་བཅས། བསྡུ་ན་སྔགས་མཆོད་ཙམ་དང་བསྟོད་པ་ནི། དཔལ་ལྡན་ཁྱོད་ཀྱི་ཐུགས་རྗེའི་ཉི་མ་ཆེན་པོས་སྲིད་པའི་མཁའ་ལ་ཁྱབ། །གང་ཞིག་མ་རིག་ཉོན་མོངས་སྒྲིབ་གཉིས་མུན་སྟུག་དྲྭ་བ་གཞོམ་པ་ཡི། །མཐའ་ཡས་ཟབ་མོའི་སྟོབས་མངའ་གདུལ་བྱ་རྒྱ་མཚོའི་འདམ་སྐྱེས་པདྨོའི་གཉེན། །ཇི་ལྟར་འདུད་དོ་བྱམས་པའི་འོད་ཟེར་བདག་བློ་ཀུན་ཏུ་གསལ་བར་མཛོད། །ཞེས་བརྗོད། བཟོད་གསོལ་ནི། དེང་འདིར་དཀྱིལ་འཁོར་བསྒྲུབ་ལ་ནོངས་པ་ཡི། །ལྟ་སྒོམ་ཏིང་འཛིན་བཟླས་བརྗོད་གཡེལ་བ་དང་། །མཆོད་རྫས་འཁྲུལ་པའི་དབང་གྱུར་ཉམས་པ་སོགས། །ཉེས་པ་གྱུར་རྣམས་བཟོད་གསོལ་དག་ཚངས་སྩོལ། །རྟེན་འབྲེལ་སྙིང་པོ་དབྱངས་གསལ་བྱེད་སྦྲེལ་བར་ལན་གསུམ་བརྗོད་ལ། དེ་ནས་བྱིན་རླབས་དབང་བཞི་ལེན་པའི་མོས་
གུས་དྲག་པོས་འདི་སྐད་དོ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་སོགས་ཚར་ཁ་ཤས་བརྗོད་ལ་ཐལ་མོ་སྙིང་གར་སྦྱར་ལ། དཀྱིལ་འཁོར་ལྷ་ཚོགས་དགོངས་ཤིང་གསན་དུ་གསོལ། །མོས་འདུན་གདུང་བས་རྒྱལ་རྣམས་མཆོད་བསྐུལ་ན། །སྐལ་ལྡན་བདག་རྒྱུད་སྨིན་གྲོལ་བྱིན་རླབས་ཀྱི། །ཆར་ཆེན་དངོས་གྲུབ་དམ་པ་མྱུར་དུ་སྩོལ། །དེ་ཡི་ངང་ནས་ཕྱི་རིམ་དཀྱིལ་འཁོར་དང་། །སྐྱབས་ཡུལ་བླ་མའི་ལྷ་ཚོགས་མ་ལུས་ཀུན། །འོད་ཟེར་ངོ་བོ་རྩ་བའི་བླ་མར་ཐིམ། །དཀོན་མཆོག་ཀུན་འདུས་དཔལ་ལྡན་རིགས་ཀུན་བདག །དགྱེས་པའི་རྣམ་འགྱུར་དང་བཅས་མཛོད་སྤུ་ནས། །འོད་ཟེར་དཀར་པོ་རང་གི་དཔྲལ་བར་ཐིམ། །ལུས་ཀྱི་སྒྲིབ་དག་སྐུ་མཆོག་བུམ་དབང་ཐོབ། །བསྐྱེད་རིམ་བསྒོམ་པར་དབང་ཞིང་སྤྲུལ་སྐུ་འགྲུབ། །མགྲིན་པའི་གནས་ནས་འོད་དམར་ཟེར་འཕྲོས་ཏེ། །རང་གི་མགྲིན་ཐིམ་ངག་གི་སྒྲིབ་དག་ནས། །གསུང་མཆོག་གསང་བའི་དབང་ཐོབ་རྩ་རླུང་ལ། །བསྒོམ་པར་དབང་ཞིང་ལོངས་སྐུ་འགྲུབ་པར་འགྱུར། །ཐུགས་ཀའི་གནས་ནས་འོད་སྔོན་ཟེར་འཕྲོས་ཏེ། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཐུགས་མཆོག་ཤེར་དབང་ཐོབ་ཅིང་སྙོམས་འཇུག་ལ། །བསྒོམ་པར་དབང་ཞིང་ཆོས་སྐུ་འགྲུབ་པར་འགྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་ག་འཕྲོས། །རང་གི་སྒོ་གསུམ་ལ་ཐིམ་སྒྲིབ་ཚོགས་དག །བཞི་པའ་ིདབང་མཆོག་ཐོབ་སྟེ་ཕྱག་རྒྱ་ཆེ། །བསྒོམ་པར་དབང་ཞིང་ངོ་བོ་ཉིད་སྐུ་འགྲུབ། །དེ་ནས་ངེས་བ་དོན་གྱི་བྱིན་རླབས་
པ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །དབྱེར་མེད་གཅིག་འདྲེས་མཚོ་ལ་ཆར་བབས་བཞིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་ངོ་བོ་གྱུར། །ཅེས་ཅི་གནས་སུ་མཉམ་བཞག་བྱས་ལ་ངོ་བོ་བསྐྱང་བར་བྱའོ། །དེའི་ངང་ནས་ལུས་གསལ་སྟོང་། ངག་གྲག་སྟོང་། སེམས་བདེ་སྟོང་གི་ངང་ནས་སྤྱོད་ལམ་ལ་འཇུག་གོ། དེ་ནས་བསྔོ་སྨོན་ནི། གཅིག་ཆོད་ལམ་གྱི་མཐར་ཐུག་བསྒྲུབས་པ་ཡི། །དགེ་བས་བདག་གཞན་ཁམས་གསུམ་སེམས་ཅན་ཀུན། །རང་བྱུང་ཡེ་ཤེས་དེ་ཉིད་གནས་མཐོང་ནས། །སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང་འགྲུབ་ཤོག །དེ་ནས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལ། ༀ་ཤྲཱི་ཤྲཱི་ཤྲཱི་སྭ་སྟི། སྔོན་ཚེ་རྫོགས་ལྡན་བསྐལ་བཟང་བསྟན་པ་ལ། །སྐྱེ་རྒུའི་དཔལ་ཡོན་བདེ་ལེགས་དགུང་ལ་བསྙེགས། །ཀུན་ཀྱང་ཞི་བ་ཆོས་ཀྱི་བདུད་རྩི་ཡིས། །ཚད་མེད་སྒྲོལ་བཞིན་དེང་ཡང་བཀྲ་ཤིས་ཤོག །ཇི་ལྟར་སྲིད་འདིའི་ཤིས་པའི་ཡོན་ཏན་རྣམས། །རྣལ་འབྱོར་དཔོན་སློབ་ཡིད་ལ་འདོད་འཇོ་བའི། དཔག་བསམ་རྐང་འཐུང་ལྗོན་བཞིན་རྟག་བརྟན་ཞིང་། །ཚོགས་གཉིས་འབྲས་བུ་མངོན་པར་ཕྱུག་གྱུར་ཅིག །གང་ཞིག་འཁོར་བའི་འཆིང་པ་རིང་སྤངས་ནས། །རྒྱལ་བའི་ཞིང་ཁམས་བཀོད་པ་ལྷུན་གྲུབ་ཏུ། །རྣམ་དག་སྙིང་པོའི་དོན་རབ་སྟོན་པའི་ཕྱིར། །བཀའ་དྲིན་གསུམ་ལྡན་རྡོ་རྗེ་རྒྱལ་པོ་དང་། །གཉིས་མེད་ཟུང་དུ་འབྲེལ་བའི་མཆེད་ལྕམ་རྣམས། །རྟག་ཏུ་འབྲལ་མེད་ཕུན་སུམ་ཚོགས་པ་ཡི། །ཚོམ་བུ་གཅིག་གི་ངང་དུ་སངས་རྒྱས་ནས། །
འགྲོ་ཁམས་ཡོངས་སྒྲོལ་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་བསྔོ་བ་སྨོན་ལམ་ཤིས་བརྗོད་སོགས་ཀྱང་སྤྲོ་ན་བྱའོ། །དེ་ལྟར་རྫོགས་པའི་སངས་རྒྱས་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེའི་བླ་མའི་རྣལ་འབྱོར་མཆོད་ཕྲེང་གིས་བརྒྱན་པ་ཞིག་དགོས་ཞེས་དད་བརྩོན་གྱིས་ཉེ་བར་ཕྱུག་པ་དགེ་སློང་བསོད་ནམས་དབང་རྒྱལ་གྱིས་ས་སྤྱོད་གསུང་གི་གནས་མཆོག་དཔལ་ཀརྨའི་དགོན་ནས་བསྐུལ་བའི་ངོར་མཐོན་མཐིང་ཅོད་པན་འཆང་བ་བཅུ་གསུམ་པ་དང་། རཱ་གའི་ཅོད་པན་འཆང་བ་བཅུ་པ་བཅས་རྩོད་དུས་ཀྱི་རྡོ་རྗེ་འཆང་ཉིད་དུ་ངེས་པའི་བློ་ཅན། རྒྱལ་བ་གཉིས་ཀྱིས་རྗེས་སུ་འཛིན་པ་སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གྱི་གཙུག་ལག་ཏུ་བཀོད་པ་འགྲོ་རྣམས་ཐར་པའི་རྒྱ་མཚོར་ཆོས་ཀྱི་བདུད་རྩིའི་དཔལ་ལ་སྤྱོད་ནས་དཔལ་ལྡན་བླ་མ་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མདྒ་ལཾ། སུ་ཛ་ཡནྟུ།། །།