ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས།
ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་ཉེར་ལྔའི་ལས་བྱང་དངོས་གྲུབ་སྤྲིན་ཕྲེང་བྱིན་རླབས་ཆར་འབེབས་བཞུགས།
ན་མོ་པྲ་ཝཱ་ཀ་ར་ཡ། འདིར་གུ་རུ་རིན་པོ་ཆེ་རྗེ་འབངས་ཉེར་ལྔ་བསྙེན་ཅིང་བསྒྲུབ་པར་མོས་པའི་གང་ཟག་སྐལ་ལྡན་དམ་ཚིག་ཅན་གྱི་རྣལ་འབྱོར་པས། དབེན་པའི་གནས་སུ་རྟེན་བཤམས་པའི་དྲུང་དུ་ཕྱི་ནང་གི་མཆོད་པ་རྣམས་དང་། ག་ཎ་ཙཀྲའི་ཡོ་བྱད་ལོངས་སྤྱོད་ལ་སོགས་པ་ཚར་དུ་དངར་བ་གཙང་ཞིང་བཟང་བར་བཤམས་ལ། དེ་ཡང་ལས་རིམ་དོན་ཚན་ཉེར་ལྔ་བསྟན་པ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་རྣམས་གསལ་གདབ་ལ། ན་མོ། བདེ་གཤེགས་འདུས་པ་དཀྱིལ་འཁོར་གཙོ། །ཁྱབ་བདག་རྒྱལ་བ་ཡེ་སངས་རྒྱས། །ཀུན་བཟང་པདྨ་ཐོད་ཕྲེང་ལ། །བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ། དེང་ནས་བླ་མེད་བྱང་ཆུབ་བར། །མཐའ་ཀླས་སེམས་ཅན་ཀུན་དོན་དུ། །གཞན་ཕན་ཕྲིན་ལས་རླབས་ཆེན་གྱིས། །འཁོར་བ་དོང་སྤྲུག་
སེམས་བསྐྱེད་དོ། །གསུམ་པ་སྔོན་འགྲོ་གཏོར་མ་བྲན་ལ། ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། བྷྲཱུཾ་ལས་རིན་ཆེན་གཏོར་སྣོད་དུ། །འབྲུ་གསུམ་འོད་ཞུ་འདོད་ཡོན་རྣམས། །ཟག་མེད་བདེ་བ་བསྐྱེད་པར་གྱུར། །སྣང་ཞིང་སྲིད་པའི་འབྱུང་པོ་དང་། །བགེགས་རིགས་ལན་ཆགས་རྣམས་ལ་བསྔོ། །ཚིམ་ཞིང་དགྱེས་ནས་གནོད་སེམས་སྤོང་། །བལྟ་བར་མི་དབང་ལོག་འདྲེན་རྣམས། །དེངས་ཤིག་གལ་ཏེ་བཀའ་འདས་ན། །དབང་ཆེན་འབར་བའི་བདེན་སྟོབས་ཀྱིས། །རྡུལ་ཕྲན་བཞིན་དུ་བརླག་ཏ་རེ། །ༀ་སུམ་བྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད། གུ་གུལ་བདུག །ཡུངས་ཀར་བྲབ་ལ་བགེགས་བསྐྲད། བཞི་པ་མཚམས་གཅོད་སྲུང་འཁོར་ནི། ཧྲཱིཿདངོས་ཀུན་ཀ་དག་ཡེ་རྫོགས་ཀློང་། །རང་གསལ་འཛིན་མེད་མཚམས་
བཅད་དོ། །སྟེང་འོག་བར་མཚམས་ཡེ་ཤེས་ཀྱི། །མེ་རི་ལྔ་ལྡན་སྲུང་འཁོར་གྱུར། །དྷརྨ་དྷཱ་ཏུ་ཛྙཱ་ན་པཉྩ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་ཧཱུྃ། ལྔ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། འདིར་བཤམས་ཕྱི་ནང་གསང་བའི་རྫས། །སྨན་གཏོར་རཀྟ་ལ་སོགས་པ། །བླ་མེད་མཆོག་གི་མཆོད་པ་རྣམས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུྃ་ཛྙཱ་ན་པཉྩ་ཨ་མྲྀ་ཏ། མ་ཧཱ་བ་ལིང་ཏ། མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཿསྔགས་ལན་གསུམ་བརྗོད་ཅིང་མཆོད་རྫས་རྣམས་ལ་བདུད་རྩི་འཐོར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་སོགས་ནས། ཤབྡའི་བར་བརྗོད། དེ་ནས་དྲུག་པ་དངོས་གཞི་བདག་མདུན་དབྱེར་མེད་གཅིག་ཆར་དུ་བསྐྱེད་པའི་རིམ་པ་ནི། ༀ་ཨཱཿཧཱུྃ། བློ་འདས་བརྗོད་མེད་དེ་བཞིན་ཉིད་ཀྱི་ངང་། །སྟོང་དང་སྙིང་རྗེ་ཟུང་འཇུག་རྩལ་མདངས་ལས། །རིག་པའི་ངོ་བོ་ཧཱུྃ་ཡིག་མཐིང་ཀ་ཤར། །ཡོངས་གྱུར་བདག་ཉིད་ཆེན་པོ་པདྨ་འབྱུང་། །རྒྱལ་ཀུན་འདུས་པ་མཚོ་སྐྱེས་རྡོ་རྗེ་འཆང་། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་སྐུ། །དཀར་གསལ་ཟླ་མདོག་ཞི་འཛུམ་སྤྱན་གསུམ་ཅན། །པད་ཞྭ་རྒོད་ལྡེམ་རིན་ཆེན་ཉི་ཟླས་བརྒྱན། །ཕྱག་གཡས་རྡོ་རྗེ་གཡོན་པས་ཀ་པཱ་ལ། །བདུད་རྩིས་བཀང་དབུས་འཆི་མེད་ཚེ་བུམ་འཛིན། །གྲུ་མོར་ཁ་ཊྭཱཾ་ཌཱ་རུ་དྲིལ་ཆུང་བརྒྱན། །ཡིད་བཞིན་ནོར་དང་ཛམ་བུ་ཆུ་གསེར་གྱི། །སྙན་ཆ་མགུལ་རྒྱན་ལ་སོགས་དུ་མས་སྤྲས། །ཟབ་ཆེན་དབང་སྔོན་ཕོད་ཀ་ཐུན་མཚམས་ཀྱི། །འཆར་ཀའི་མདོག་མཚུངས་ཆོས་གོས་རྣམ་གསུམ་ལྡན། །ལྷ་རྫས་རིན་
ཐང་བྲལ་བའི་བེར་གྱིས་བཀླུབས། །ཞབས་གཉིས་རྡོར་སྐྱིལ་ཟླ་ཉི་པདྨའི་སྟེང་། །ཡེ་ཤེས་ལྔ་ལྡན་འོད་ཀྱི་གུར་ཁང་དབུས། །སྣང་ཞིང་སྟོང་ལ་སྟོང་བཞིན་སྣང་བ་ཡི། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པར་གྱུར། །བདེར་གཤེགས་ཞིང་ཁམས་ཡོན་ཏན་སྐུར་རྫོགས་ཤིང་། །སྐུ་ཡི་བཀོད་པས་རབ་འབྱམས་དཀྱིལ་འཁོར་ཁྱབ། །སྒྱུ་འཕྲུལ་རྡོ་རྗེའི་གར་གྱི་རོལ་རྩེད་ལས། །ངོ་མཚར་སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན། །འཇམ་དཔལ་སྐུ་ཡི་བཀའ་བབས་རིག་འཛིན་ཆེ། །སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་། །དབང་ཆེན་གསུང་གི་བཀའ་བབས་གྲུབ་པའི་དབང་། །རྒྱལ་བ་མཆོག་དབྱངས་སྤྱི་བོར་རྟ་སྐད་འཚེར། །ཡང་དག་ཐུགས་ཀྱི་བཀའ་བབས་དགེ་སློང་མཆོག །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །ཡོན་ཏན་བདུད་རྩིའི་བཀའ་བབས་རྡོ་རྗེ་འཛིན། །ཛྙཱ་ན་ཀུ་མ་བྲག་ལས་བདུད་རྩི་འབྱིན། །ཕྲིན་ལས་རྡོ་རྗེ་ཕུར་པའི་བཀའ་བབས་གཙོ། །ཡེ་ཤེས་མཚོ་རྒྱལ་བྲག་ལ་ཕུར་པ་འདེབས། །བླ་མེད་གསང་བའི་བཀའ་བབས་ཧེ་རུ་ཀ། དཔལ་གྱི་ཡེ་ཤེས་མ་སྲིན་ལས་ལ་བཀོལ། །དྲེགས་པ་ཀུན་འདུལ་བཀའ་བབས་རྣལ་འབྱོར་ཆེ། །དཔལ་གྱི་སིངྒེ་དྲེགས་པ་ཕོ་ཉར་འགྱེད། །སྟོབས་ལྡན་དྲག་སྔགས་བཀའ་བབས་འཇིག་རྟེན་མིག །བཻ་རོ་ཙ་ན་སྡེ་བརྒྱད་བྲན་དུ་ཁོལ། །བདེ་གཤེགས་འདུས་པའི་འཀའ་བབས་ཆོས་ཀྱི་རྒྱལ། །ཁྲི་སྲོང་ལྡེའུ་བཙན་གཞན་སྣང་ཟིལ་གྱིས་གནོན། །བཀའ་བབས་ཐུགས་ཀྱི་
སྲས་དགུ་ལྷམ་མེར་གསལ། །གྲུབ་པའི་སར་གནས་གྲུབ་པ་ཡོངས་ཀྱི་གཙོ། །རྣལ་འབྱོར་དབང་ཕྱུག་རིག་སྔགས་འཆང་རྣམས་ནི། །རྡོ་རྗེ་བདུད་འཇོམས་མཁའ་ལ་ཐོགས་མེད་ལྡིང་། །ཡེ་ཤེས་དབྱངས་ཅན་མཁའ་སྤྱོད་གནས་རྣམས་བསྒྲོད། །སོག་པོ་ལྷ་དཔལ་ལྕེ་སྤྱང་ཕྱག་གིས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་འཕུར། །གཡུ་སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་སྒྲོལ། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་བཟློག །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ཀ་བ་དཔལ་བརྩེགས་གཞན་རྒྱུད་ས་ལེར་མཁྱེན། །རྒྱལ་བ་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ཆུང་ལོ་ཙཱ་ནམ་མཁའི་བྱ་རྣམས་འཛིན། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུགས། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། །རྨ་ཐོག་རིན་ཆེན་ཕ་ཝང་ཟན་ལྟར་གསོལ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་མེད་རྒྱུ། །ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་ འཕེན ། །རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཞུགས། །གཞན་ཡང་རིག་འཛིན་དཔའ་བོ་ཌཱ་ཀི་དང་། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་གཉིས། །ལུང་ཟིན་སྐྱེས་མཆོག་རྒྱ་བོད་གྲུབ་ཆེན་ཚོགས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ་རབ་འབྱམས། །ཆོས་ཀྱི་སྲུང་མ་དམ་ཅན་རྒྱ་མཚོ་རྣམས། །འཇའ་ཟེར་འོད་ཀློང་བཀྲ་གསལ་སྣང་བར་གྱུར། །གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་འོག་མིན་མཁའ་སྤྱོད་བདེ་
ཆེན་ཞིང་། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས། །ཨོ་རྒྱན་རྗེ་འབངས་སངས་རྒྱས་བྱང་སེམས་ཚོགས། །སྤྲུལ་དང་ཡང་སྤྲུལ་དཔག་མེད་འཁོར་བཅས་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་གཤེགས་སུ་གསོལ། །དེ་ནས་བདུན་པ་སྤྱན་དྲངས་པ། གཏེར་གཞུང་རྡོ་རྗེའི་གསུང་ལས་བྱུང་བའི་ཚིག་བདུན་གསོལ་འདེབས་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ལན་གསུམ་དང་། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱི་མ་ཧ་རི་ནི་ས་རཱ་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿཞེས་ཛབ་ལན་བདུན་ནམ་གསུམ་བརྗོད་པས་བྱིན་ཕབ། དམ་ཚིག་ཡེ་ཤེས་གཉིས་མེད་དུ་གྱུར་པར་མོས་ལ། བརྒྱད་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རྒྱལ་བ་རབ་འབྱམས་ཐུགས་རྗེ་ཅན། །བདག་སོགས་སེམས་ཅན་ཀུན་དོན་དུ། །བརྩེ་བ་ཆེན་པོས་རྗེས་དགོངས་ལ། །གནས་འདི་ཉིད་དུ་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡ་སྟྭཾ། དགུ་པ་ཕྱག་འཚལ་བ་ནི། ཧཱུྃ། སྐུ་གསུམ་ཡོན་ཏན་ཡོངས་
རྫོགས་པ། །མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། །རྗེ་འབངས་སྤྲུལ་པར་བཅས་པ་ལ། །དད་མོས་གདུང་བས་གུས་ཕྱག་འཚལ། །ན་མོ་པུ་རུ་ཥྱ་ཧོཿབཅུ་པ་ཕྱི་མཆོད་འབུལ་བ། ༀ། རང་སྣང་རྩལ་ལས་མཆོད་པའི་ལྷ་མོ་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མ། །སྣང་གསལ་དྲི་ཞལ་རོལ་མོ་གཟུགས་སྒྲ་དྲི། །རོ་དང་རེག་ཆོས་རྣམ་དག་ཕྱིའི་མཆོད་པ། །ཐུགས་རྗེའི་དབྱིངས་ནས་བརྩེར་དགོངས་བཞེས་སུ་གསོལ། །མཆོག་ཐུན་དངོས་གྲུབ་མྱུར་སྩོལ་བྱིན་གྱིས་རློབས། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། བར་དང་། རུ་པ། ཤབྡ། གནྡྷེ། ར་ས། སྤཪྴེ། དྷཱརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ། བཅུ་གཅིག་པ་ནང་མཆོད་འབུལ་བ། ཨཱཿརྩ་བརྒྱད་ཡན་ལག་སྟོང་སྦྱར་འཆི་མེད་བཅུད། །རང་བྱུང་བདུད་རྩི་ར་ས་ཡ་ན་དང་། །ཚེ་དང་གལ་གྱི་རྨད་བྱུང་བརྗིད་ལྡན་པའི། །དམ་ཚིག་རྫས་མཆོག་མ་ཧཱ་བ་ལིཾ་ཏ། །རྒྱུ་དྲུག་འཁོར་བའི་དུག་ལྔ་ཡེ་ཤེས་ལྔར། །བསྒྲལ་བའི་དམར་ཆེན་རཀྟ་མཆོད་པར་འབུལ། །མ་ཧཱ་པཉྩ་ཨ་མྲྀ་ཏ། མ་ཧཱ་བ་ལིངྟ། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། བཅུ་གཉིས་པ་གསང་བའི་མཆོད་པ། ཧཱུྃ། སྣང་བ་ཐབས་ཀྱི་ཧེ་རུ་ཀ། སྟོང་པ་ཤེས་རབ་ཡུམ་དང་སྦྱོར། །གསང་བ་བླ་མེད་མཆོད་པ་འདི། །བདེ་ཆེན་བདེ་བའི་ངང་དུ་རོལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོ། བཅུ་གསུམ་པ་དེ་བཞིན་ཉིད་མཆོད་ནི། ཧོ། མཆོད་བྱ་མཆོད་བྱེད་ཐམས་ཅད་ཀྱང་། །
འཛིན་མེད་མ་བཅོས་ཁྱབ་གདལ་ཀློང་། །རང་བྱུང་རང་གྲོལ་ཆེན་པོའི་དབྱིངས། །འཁོར་གསུམ་དག་པའི་མཆོད་པ་འབུལ། །དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ། བཅུ་བཞི་པ་བསྟོད་པ་ནི། ཧྲཱིཿགདོད་ནས་རྣམ་དག་མཐའ་བྲལ་ཆོས་ཀྱི་སྐུ། །ལྷུན་གྲུབ་འདུས་མ་བྱས་པ་ལོངས་སྤྱོད་རྫོགས། །འགགས་མེད་ཐུགས་རྗེའི་རྣམ་རོལ་སྤྲུལ་སྐུར་སྟོན། །སྐུ་གསུམ་པདྨ་འབྱུང་ལ་ཕྱག་འཚལ་བསྟོད། །རང་བཞིན་དབྱིངས་ལས་མ་གཡོས་རྣམ་པར་འཕྲུལ། །སྲིད་པའི་དུཿཁ་མཐར་བྱེད་དཔའ་བོ་ཆེ། །རྗེ་འབངས་ཚུལ་གྱི་རྣལ་འབྱོར་སྤྱོད་པ་འཆང་། །གྲུབ་པའི་འཁོར་ལོས་སྒྱུར་རྣམས་བསྟོད་པར་བགྱི། །བཅོ་ལྔ་པ་འཛབ་བཟླས་དམིགས་རིམ་ནི། བདག་མདུན་ཐུགས་ཀར་པདྨ་འདབ་བརྒྱད་སྟེང་། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཟླ་དཀྱིལ་ཧཱུྃ། །མཐའ་མར་སྔགས་ཕྲེང་གཡས་བསྐོར་འོད་ཟེར་འཕྲོས། །འཕགས་མཆོད་བྱིན་རླབས་རང་ཐིམ་སླར་ཡང་ནི། །འོད་འཕྲོས་འགྲོ་དྲུག་སེམས་ཅན་སྡིག་སྒྲིབ་སྦྱང་། །དྲེགས་ཅན་ཟིལ་གནོན་བཀའ་དང་དམ་ལ་གནས། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་སྐུར་སྒྱུར། །གྲག་སྟོང་སྔགས་ཀྱི་རང་སྒྲ་སྒྲོག་པར་གྱུར། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལྟར་ཡང་སྙིང་ཅི་འགྲུབ་བཟླ་ཞིང་། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་སཿར་ཙ་ཧྲཱི་ཡཿཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿསྤྱི་དྲིལ་ཡང་ལྷག་པར་བཟླའོ། །དེ་ནས་བཅུ་དྲུག་པ་ཚོགས་ཀྱི་མཆོད་པ་ནི། ཧྲཱིཿརང་
ཉིད་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་མཆོད་རྫས་ཀྱི། །འཛིན་རྟོག་བག་ཆགས་ཉེས་སྐྱོན་སྦྱངས། །ༀ་ཨཱཿཧཱུྃ་གི་འཕྲོ་འདུ་ལས། །ཟག་མེད་བདེ་ཆེན་ཚོགས་འཁོར་ལོ། །རང་བྱུང་ཡེ་ཤེས་བདུད་རྩིར་སྤེལ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧཱུྃ། འཆི་མེད་རིག་འཛིན་གྲུབ་པའི་གཙོ། །རྒྱལ་བ་རྒྱལ་བའི་མྱུ་གུ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །ཉམས་དགའ་དམ་གཙང་སྤྲོ་དགའི་གནས། །དེང་འདིར་བྱིན་རླབས་བཅུད་ཕོབ་ལ། །མི་རྟོག་ཡེ་ཤེས་བསྐྱེད་དུ་གསོལ། །མ་རིག་དབང་གིས་སྡོམ་གསུམ་དང་། །འགལ་ཉམས་ནོངས་པ་མཐོལ་ཞིང་བཤགས། །ཉོན་མོངས་དུག་ལྔའི་ངར་འཛིན་འདི། །སྐྱེ་མེད་ངང་དུ་བསྒྲལ་ནས་ཀྱང་། །ཀུན་བཟང་ཀློང་དུ་བསྟིམ་པར་མཛོད། །གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ལ་ཁཱ་ཧི། པཉྩ་ཨ་མྲི་ཏ་ལ་ཁཱ་ཧི། ཞེས་ཚོགས་ཕུད་ཕུལ། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ཀྱི་དངོས་གྲུབ་ལ་གསལ་བ་གསུམ་ལྡན་གྱིས་རོལ་ནས། བཅུ་བདུན་པ་ལྷག་གཏོར་བསྔོ་བ་ནི། ཧཱུྃ། བཀའ་ཡི་འཁོར་དུ་དམ་བཅས་པའི། །བཀའ་སྲུང་རྡོ་རྗེའི་དམ་ཚིག་ཅན། །བཀའ་ཡི་ལྷག་གཏོར་དམ་པ་བཞེས། །བཀའ་ལས་མ་འདའ་དམ་མ་གཡེལ། །ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། བཅོ་བརྒྱད་པ་བཀའི་ཆད་ཐོ་བསྒྲག་པ་ནི། ཧཱུྃ། སྔོན་འདས་དུས་དང་བར་གྱི་བསྐལ་པ་དང་། །ད་ལྟ་དུས་གསུམ་ཀུན་བཟང་པད་འབྱུང་གིས། །དགོངས་གཏད་སྨོན་ལམ་དབང་བསྐུར་
ཇི་ལྟ་བར། །ཆོས་ཀྱི་སྲུང་མ་ཁྱེད་རྣམས་རྗེས་དགོངས་ལ། །ཐ་ཚིག་གཉེར་གཏད་མ་བསྙེལ་གཏོར་མ་བཞེས། །རྣལ་འབྱོར་ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབས། །བཅུ་དགུ་པ་བརྟན་སྐྱོང་ནི། གངས་ཅན་བསྟན་འགྲོ་བདེར་སྐྱོང་བརྟན་མ་རྣམས། །སྔོན་གྱི་གཡར་དམ་མ་གཡེལ་བཤལ་ཆུ་བཞེས། །དལ་ཡམས་མཚོན་འཁྲུགས་སྡང་བའི་དགྲ་ལ་བསྒྱུར། །ཆོས་དང་ལོངས་སྤྱོད་རྒྱས་པའི་སྡོང་གྲོགས་མཛོད། །ཉི་ཤུ་པ་བཟོད་གསོལ་ནི། ཧོ། ཟབ་དོན་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་འདིར། །མ་རིག་དབང་གིས་ཉམས་ཆག་འགལ་འཁྲུལ་རྣམས། །ཐོག་མེད་སྡིག་བཅས་གནོང་འགྱོད་དྲག་པོས་བཤགས། །བྱང་དག་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད། ཉེར་གཅིག་པ་བྱིན་རླབས་དབང་བཞི་ལེན་པ་རྡོ་རྗེའི་ཚིག་རྐང་ལྟར་བྱ་བ་ནི། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས། །བདག་ཅག་མོས་པའི་བུ་རྣམས་ལ། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས༴ ཡིད་ལ་ཐུགས་ཀྱིས༴ དབང་བཞི་བསྐུར་བར༴ རྒྱུད་བཞི་དག་པར༴ ལམ་བཞི་འབྱོངས་པར༴ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿསྔགས་རྣམས་ལན་གསུམ་བརྗོད་ནས། མདུན་བསྐྱེད་འཁོར་རྣམས་གཙོ་བོར་ཐིམ། །དེ་ཉིད་རང་ཐིམ་དབྱེར་མེད་པར། །མ་བཅོས་གཉུག་མ་སྤྲོས་བྲལ་ཀློང་། །གང་ཤར་བཟོ་མེད་ངང་དུ་བཞག །
ཉེར་གཉིས་པ་བདག་བསྐྱེད་བསྡུ་རིམ་ནི། བསྐྱེད་པའི་ལྷ་ཚོགས་རིམ་བཞིན་རང་ལ་ཐིམ། །དེ་ཡང་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ལ་བསྡུ། །དམིགས་མེད་བློ་འདས་རྫོགས་པ་ཆེན་པོའི་ངང་། །བྱ་རྩོལ་བྲལ་བའི་ཀློང་དུ་མཉམ་པར་བཞག །སླར་ཡང་པད་འབྱུང་སྐུ་རུ་ལམ་གྱིས་གསལ། །སྣང་གྲག་རྟོག་ཚོགས་ཡེ་ཤེས་རོལ་པར་ཤར། །ཉེར་གསུམ་པ་བསྔོ་བ་ནི། ཨེ་མ་ཧོ་བླ་མེད་ཡང་གསང་དཀྱིལ་འཁོར་བསྒྲུབས་ལ་སོགས། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །སྨོན་འབྲེལ་ཟབ་མོའི་མཚམས་སྦྱར་འདིར་བརྟེན་ནས། །བདག་གཞན་ཚེ་གཅིག་སངས་རྒྱས་ཐོབ་ཕྱིར་བསྔོ། །ཉེར་བཞི་པ་སྨོན་ལམ་ནི། གདོད་མའི་བདེར་གཤེགས་ཀུན་ཏུ་བཟང་པོ་ཡི། །དགོངས་དོན་མཐའ་བྲལ་ལྟ་བའི་ཡང་རྩེ་མཆོག །རྣམ་དག་ཨ་ཏིའི་ངེས་ལམ་མཐར་ཕྱིན་ནས། །རྟེན་འདིར་འཇའ་ལུས་ཆོས་སྐུ་མངོན་གྱུར་ཤོག །ཉེར་ལྔ་བ་བཀྲ་ཤིས་ནི་མེ་ཏོག་གི་ཆར་བསྙིལ་བཞིན་པས། བཀྲ་ཤིས་གང་ཞིག་སྐུ་གསུམ་རོལ་པའི་ཀློང་། །ཐུགས་རྗེ་ཀུན་གསལ་པད་འབྱུང་ཉིན་མོར་བྱེད། །འགྲོ་དྲུག་མུན་སེལ་དེང་འདིར་བདེ་ལེགས་ཀྱི། །སྣང་བ་དམ་པས་རྟག་པར་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆུ་ཟླའི་གར་རྩེད་ལས། །རྩ་གསུམ་ལྷ་ཚོགས་བྱིན་རླབས་འོད་དཀར་ཅན། །སྲིད་པའི་གདུང་སེལ་དེང་འདིར་བདེ་ལེགས་ཀྱི། །དཔལ་ཀུན་ཡོངས་འདུ་རྣམ་ཀུན་བཀྲ་ཤིས་ཤོག །ཅེས་པའང་བསླབ་གསུམ་མངོན་མཐོ་རྟོགས་ལྡན་བླ་མ་མ་ཎིའི་ཐུགས་བཞེད་བསྐང་ཕྱིར། སི་ཏུ་
པདྨ་ཉིན་བྱེད་དབང་པོས་བཀོད་པ་ནོངས་པར་གྱུར་རྣམས་ཀུན་བཟང་ཀློང་དུ་བཤགས་ཤིང་དགེ་བས་འགྲོ་རྣམས་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག །སརྦ་མངྒ་ལམ།། །།