ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད།
ཚེ་དཔག་ལྷ་དགུའི་དཀྱིལ་ཆོག་སྨིན་དབང་རབ་གསལ་སྣང་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་ཐ་ཡེ། འདིར་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པས། མགོན་པོ་ཚེ་དཔག་ཏུ་མེད་པ་རང་གིས་བསྒྲུབ་ཅིང་དེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་གཞུང་ཇི་ལྟ་བར་གཞན་ལ་བསྐུར་ཞིང་འཆི་བ་བསླུ་བར་འདོད་པས། ཐོག་མར་སྟེགས་ཀྱི་ཁར་མཎྜལ་དགུ་ཚོམ་མམ། རས་བྲིས་དཀྱིལ་འཁོར་སྟེང་དུ། གཙོ་བུམ་དུང་ཆོས་རྡོ་རྗེ་དང་བཅས་ཤར་སྒོའི་གཡས། ལས་བུམ་གཡོན་དུ་བཞག་ལ། མཐའ་མཆོད་པས་བསྐོར། ནུབ་ངོས་སུ་མཆོད་གཏོར་དགུ་ཚོམ། སྒོ་བཞིར་དཀར་གཏོར་བཞི་དང་། ཆ་གསུམ་གཏོར་མ་བཤམས། ཁྲུས་བྱས། སྟན་བདེ་བ་ལ་འདུག་སྟེ། སྔོན་འགྲོ་གཏོར་མ།
ༀ་ཧ་ཡ་གྲཱྀ་ཝ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱས་བསངས། སྭ་བྷཱ་ཝས་སྦྱངས། བྷྲཱུྃ་ལས་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་དུ་ནི། །ཁཾ་ལས་ལྷ་རྫས་ལས་གྲུབ་པའི། །གཏོར་མ་འདོད་ཡོན་ཕུན་ཚོགས་གྱུར། །ཨ་ཀཱ་རོ་སོགས་བརྗོད། ཨརྒྷཾ་པྲ་ཏིཥྩ་སྭཱ་ཧཱ། སོགས། ཧཱུྃ། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་སྟེང་གནས་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ཅེས་ཕུལ། མཆོད་པ་བྱིན་རླབས་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ༀ་ལས་བྱུང་བའི་མཆོད་ཡོན་དང་། །ཞབས་
བསིལ་མེ་ཏོག་བདུག་སྤོས་སོགས། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སཱ་ཧཱ། སོགས་ཀྱིས་བྱིན་བརླབས། དེ་ནས་སྐྱབས་འགྲོ་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པའི་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །སོགས་ཀྱིས་སེམས་བསྐྱེད་བྱ། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་ཚེ་དཔག་མེད། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་བཅོམ་ལྡན་ཚེ་དཔག་མེད། །དཀྱིལ་འཁོར་མདུན་དུ་སྤྱན་དྲངས་གྱུར། །ཐལ་མོ་སྦྱར་ཏེ། ན་མོ་གུ་ར་ཝེ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜལ་ས་པ་རི་ཝཱ་ར་པཱ་ད་བནྡ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། ཐུགས་ཀའི་ས་བོན་ལས་སྤྲོས་པའི། །ལྷ་མོ་མཆོད་རྫས་འཛིན་པས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བྷྱ་བཛྲ་ཨརྒྷྃ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། པཱ་དྱཾ་ནས། ཤབྡའི་བར། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་སོགས་ཡན་ལག་བདུན་པ་འབུལ། ༀ་བཛྲ་མཎྜལ་མཱུཿ
ཚོགས་ཞིང་གཤེགས། ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །བཾ་དང་རཾ་ལས་པད་ཉིའི་སྟེང་། །ཧཱུྃ་ལས་རྡོ་རྗེའི་སྲུང་འཁོར་ནང་། །སྣ་ཚོགས་རྡོ་རྗེའི་སྟེང་དུ་ནི། །བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི། །སྒོ་བཞི་རྟ་བབས་བཞི་ལ་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །དབུས་སུ་པཾ་ལས་པདྨ་དམར། །འདབ་མ་བརྒྱད་པའི་སྙིང་པོ་དང་། །འདབ་མ་རྣམས་ལ་ཟླ་བའི་སྟེང་། །རང་སེམས་ལ་དམིགས་ནས། བྱུ་རུའི་མདོག་ཅན་ཧྲཱིཿཡིག་ལས། །འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི། །སྒྲིབ་སྦྱང་ཚུར་འདུས་ཡོངས་གྱུར་ལས། །དབུས་སུ་རྣམ་སྣང་ཚེ་དཔག་མེད། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །རྡོ་རྗེ་རིན་ཆེན་པདྨ་དང་། །ཕྲིན་ལས་བྱ་གྲུབ་ཚེ་དཔག་མེད། །བྱང་ཤར་ལ་སོགས་གཡས་བསྐོར་དུ། །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོ་ཚེ་དཔག་མེད་མགོན་རྣམས། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་གིས། །རིན་པོ་ཆེའི་བུམ་པ་ནི། །ཚེ་དང་ཡེ་ཤེས་བདུད་རྩི་ཡིས། །གང་བ་བསྣམས་ཤིང་ཞི་ཉམས་ཅན། །དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས། །དར་དང་རིན་ཆེན་རྒྱན་
གྱིས་སྤྲས། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །ཀུན་གྱི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀ་ཡི། །ཆ་སྨད་ཧཱུྃ་སྔོན་གྱིས་མཚན་པ། །གཙོ་བོའི་ཐུགས་ཀར་ཟླ་བའི་དབུས། །ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས། །བསྒོམ་པ་ལྟ་བུའི་ཡེ་ཤེས་པ། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿབཅོམ་ལྡན་འདིར་ནི་བྱོན་པ་ལེགས། །སོགས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས། ཛཿཧཱུྃ་བྃ་ཧོ་གཉིས་མེད་གྱུར། །སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གསོལ་བཏབ་དེ་བཞིན་གཤེགས་རྣམས་ཀྱིས། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གསུང་ཞིང་ཡེ་ཤེས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས། །འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཅེས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་མཉམ་པར་བཞག །དེ་ལ་སྐྱོ་ན་བཟླས་པ་བྱ་སྟེ། ཐུགས་ཀར་གནས་པའི་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་སྒྲིབ་པ་ཐམས་ཅད་དང་། །ཚེ་
དང་དབང་ཐང་རྒུད་པ་བསལ། །སངས་རྒྱས་བྱང་སེམས་ཉན་རང་དང་། །ལྷ་དང་མི་ཡི་རིག་འཛིན་སོགས། །འཇིག་རྟེན་གསུམ་གྱི་བརྟན་གཡོའི་བཅུད། །བསྡུས་ནས་རང་གི་ལུས་ལ་ཞུགས། །ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པས། །འཆི་མེད་ཚེ་ཡི་དཔལ་འབྱོར་དང་། །ཡེ་ཤེས་དངོས་གྲུབ་ཐོབ་པར་གྱུར། །ༀ་ན་མོ་བྷྲཱུྃ་ཨཱ་ཡུརྫྙཱ་ན་ཧྲཱིཿཨ་རོ་ལི་ཀ་ཧཱུྃ་ཧྲཱིཿསྙིང་པོའོ། །ཏདྱ་ཐཱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུྃ་བྷྲཱུྃ་སྭཱ་ཧཱ། མཚན་སྔགས་སོ། །ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་སོགས་ཚེ་གཟུངས་བརྗོད། ཏདྱ་ཐཱ། ༀ་ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནིར་དེ་ཤེ །ནིར་ཛཱ་ཏེ། ནི་རུཀྟེ། ནིར་མུ་ཁེ། ཛྭ་ལ་པ་རི་ཙྪ་ད་ནེ། སུ་ཁ་ཝ་ཏཱི་ནིར་དེ་ཤེ །ཨ་མྲྀ་ཏེ། ཨཱ་ཡུརྒརྦྷ་ནིར་ཧཱ་ནིར། ཨ་མྲྀ་ཏི་ཨཱ་ཡུཿཔྲ་སཱ་དྷ་ནི། ནིར་བུདྡྷི། ཨཱ་ཀཱ་ཤ་ནིར་དེ་ཤེ །ཨཱ་ཀཱ་ཤ་ནི་དེ་ཤེ །ཨཱ་ཀཱ་ཤ་ནིར་ཛ་ཏེ། ཨཱ་ཀཱ་ཤ་ནིར་ཀུ་ཤ་ལེ། ཨཱ་ཀཱ་ནིར་དཪྴ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནི། སུ་ཁ་ཝ་ཏཱི་ཨ་དྷིཥྛ་ན། རཱུ་པ་ནེར་དེ་ཤེ །ཙ་ཏྭཱ་རི་དྷརྨ་པྲ་སཱ་དྷ་ནེ། ཙ་དྭཱ་རི་ཨཱཪྱ་སཏྱ་པྲ་སཱ་དྷ་ནི། ཙ་ཏྭཱ་རེ་མརྒ་བྷ་ཝ་ན་པྲ་སཱ་དྷ་ནེ། བ་ལ་བཱིཪྱ་པྲ་སཱ་དྷ་ནེ། དྷརྨྨ་ཙྪེ་ད་ནེ། ཀུ་ཤ་ལེ། ཀུ་ཤ་ལ་ནིར་དེ་ཤེ །ཀུ་ཤ་ལ་པྲ་ཏིཥྛཱ་ནི། བུདྡྷ་ཀུ་ཤ་ལེ། བི་ཤུདྡྷ་པྲ་བྷཱ་ས་དྷརྨ་ཀི་ར་ཎ། ནིར་ཛཱ་ཏེ། ནིར་བུདྷེ། བི་མ་
ལེ། བེ་ར་ཛེ། རཱ་ཛ་ས། ར་སཱ་གྲེ། ར་སཱ་གྲ་བ་ལེ། ར་སཱ་གྲ་ཨ་དྷིཥྛ་ཏེ། ཀུ་ལ། པྲ་ཏི་ཀུ་ལེ། བི་ཀུ་ལེ། དནྟེ། སུ་དཱནྟ་ཙིཏྟེ། སུ་པྲ་ཤནྟ་ཙིཏྟེ། སུ་པྲ་ཏིཥྛི་ཏེ། སུ་ལེ་སུ་མུ་ཁེ། དྷ་མེ་ཙ་དྷ་མེ། བ་ལེ་བ་ཙ་བ་ལེ། ཨ་ནུ་ཤཨ་ཝ་ལེ། བུདྡྷ་ཨཱ་ཀཱ་ཤ་གུ་ཎེ། བུདྷ་ཨཱ་ཀཱ་ཤ་ནིར་གུ་ཎེ། ཨ་མྲྀ་ཏ་དུནྡུ་བྷིཿསྭ་རེ་སྭཱ་ཧཱ། དེས་འཆི་མེད་རྔ་སྒྲའི་གཟུངས་རྣམས་བཟླ་བྱའི་སྔགས་ཏེ་སྔགས་དེ་རྣམས་གང་ལ་མོས་པ་མི་སྐྱོའི་བར་དུ་བཟླ། ཐུན་འཇོག་ན། བརྟན་པར་བྱེད་པ་ནི། རང་གི་སྙིང་གར་པདྨ་དམར། །འདབ་བཞི་ཟླ་བའི་གདན་བཅས་སྟེང་། །རིགས་ལྔ་ཚེ་དཔག་མེད་མགོན་དང་། །སྤྱི་བོའི་ནམ་མཁར་པད་ཟླའི་སྟེང་། །ཡེ་ཤེས་ཚེ་དཔག་མེད་མགོན་རྣམས། །རྒྱན་དང་ཆ་ལུགས་ཡོངས་རྫོགས་པ། །ཡེ་ཤེས་ཚེ་དཔག་མེད་པ་ཡི། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པ། །འཕགས་པ་རྣམས་ཀྱིས་བྱིན་རླབས་དང་། །བརྟན་གཡོའི་བཅུད་དང་ནུས་པ་བསྡུས། །ཡེ་ཤེས་ཚེ་དཔག་མེད་ལ་ཐིམ། །དེ་ཉིད་བདུད་རྩིར་རབ་ཞུ་བ། །ཚངས་བུག་ནས་ཞུགས་རིགས་ལྔར་ཐིམ། །དེ་རྣམས་ཞུ་བའི་བདུད་རྩི་ཡིས། །ལུས་ཀུན་ཁྱབ་ཅིང་གང་བ་ལས། །ལུས་ཟུངས་སེམས་ཀྱི་རྟེན་དུ་གྱུར། །མགོན་པོ་ཚེ་དཔག་མེད་པ་དང་། །རང་གི་སྒོ་གསུམ་དབྱེར་མེད་པའོ། །ཞེས་སྙིང་པོ་ལན་གསུམ་བཟླ། དེ་
ནས་བུམ་པའི་དཀྱིལ་འཁོར་ལ་དམིགས་ནས། དེའང་གཙོ་བུམ་ལ། སྭ་བྷཱ་ཝ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །རྣམ་རྒྱལ་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མ་ལ། །སྣ་ཚོགས་རྡོ་རྗེའི་སྟེང་དུ་ནི། །བྷྲཱུྃ་ལས་ཞེས་པ་ནས། འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཞེས་པའི་བར་དང་། ལས་བུམ་ལ། ལས་ཀྱི་བུམ་པའི་གོ་ས་རུ། །སྣ་ཚོགས་པདྨ་ཉི་མའི་སྟེང་། །ཧཱུྃ་ལས་ཁྲོ་བོ་རྟ་མགྲིན་ནི། །དམར་ཞིང་ཉི་མ་ལྟར་འབར་བ། །སྤྱན་གསུམ་མཆེ་གཙིགས་ཧཱུྃ་སྒྲ་སྒྲོགས། །སྤྱི་བོར་རྟ་མགོ་ལྗང་གུས་མཚན། །ཕྱག་བཞི་པད་དབྱུག་རྡོ་རྗེ་དང་། །སྡིགས་མཛུབ་པདྨའི་སྡོང་པོ་འཛིན། །གཡོན་བརྐྱངས་ཁྲོ་བོའི་ཆས་ཀྱིས་བརྒྱན། །མེ་དཔུང་འབར་བའི་དབུས་བཞུགས་པའི། །གནས་གསུམ་འབྲུ་གསུམ་ཐུགས་སྟོད་ཧྲཱིཿ། འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། །ཛཿཧཱུྃ་བཾ་ཧོ་གཉིས་མེད་གྱུར། །སླར་ཡང་དབང་ལྷས་དབང་བསྐུར་ཏེ། །སྣང་བ་མཐའ་ཡས་དབུ་བརྒྱན་གྱུར། །མཆོད་བསྟོད་ཀྱི་རིམ་པ་ནི་སྔར་ལྟར་མཆོད་པ་བྱིན་གྱིས་བརླབས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་
ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བྷྱ་བཛྲ་ཨརྒྷཾ་སོགས། འདོན་པ་སྤོས་ལ་མཆོད། གཞན་ཡང་མཆོད་པ་རྒྱས་བསྡུས་ཇི་ལྟར་རིགས་པས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་ཞི་མཛད་པ། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད༴། བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་ཇི་བཞིན་ཚིམ་མཛད་དཔལ། །མཆོག་གི་བདག་ཉིད་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད༴། ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འབྱུང་ཞིང་། །ཐུགས་རྗེས་ཆགས་པའི་ཚུལ་སྟོན་པ། །པདྨ་ཚེ་དཔག་མེད༴། འདོད་པའི་དོན་རྣམས་མ་ལུས་པ། །སྐད་ཅིག་གིས་ནི་རྫོགས་པའི་དཔལ། །བསམ་ཀུན་འཕེལ་མཛད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག༴། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད༴། སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་
མཐུན་ཕྱོགས་བཅོམ་པ། །སྟོན་པ་སྲེད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་མེད༴། མེ་ལོང་མཉམ་ཉིད་ལ་སོགས་པ། །ཡེ་ཤེས་མང་པོའི་མཛོད་འཛིན་ཅིང་། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད༴། རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པ། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །ཞེས་བསྟོད། བུམ་བསྐྱེད་ཀྱི་ཚེ། ཧཱུྃ་ལས་བྱུང་བའི་རྟ་མགྲིན་རྒྱལ། །དྲག་པོའི་རྟ་སྐད་སྒྲོག་པ་ཡིས། །གདུག་པ་ཅན་རྣམས་འཇོམས་པར་མཛད། །ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། །བུམ་པའི་སྟེང་གི་དུང་གི་ཆུ་ལ། ༀ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་ལན་བདུན་བཟླས། དེའི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་བའི་སྣེ་བཟུང་ལ། བདག་བསྐྱེད་ཞལ་ནས་སྔགས་བཟླས་པས། །བུམ་ལྷའི་ཐུགས་བརྒྱུད་བསྐུལ་བར་བསམ། །གཙོ་བོ་ལ། ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུྃ། དེ་བཞིན་དུ། བཛྲ༴པདྨ༴རཏྣ༴ཀརྨ༴ཞེས་རིགས་བཞི་དང་། མཚམས་སུ། ༀ་སརྦ་ཨ་ཝ་ལོ་ཀི་ཏེ་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུྃ། དེ་བཞིན་དུ། གུ་ུཎ༴ཛྙཱ་ན༴ཨ་ཙ་ལ། སོགས་བཟླ། ལས་བུམ་ལ་གཟུངས་ཐག་སྤོས་ནས། ༀ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་བཟླ། མཐར་དུང་གི་
ཆུ་མཆོད་ཡོན་གྱི་ཚུལ་དུ་འབུལ། གཞལ་ཡས་ཁང་དང་ལྷ་ཚོགས་རྣམས། །འོད་ཞུ་བུམ་པའི་བདུད་རྩིར་གྱུར། །དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པ་ནི། སྭ་བྷཱ་ཝ་སོགས་དང་། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །མདུན་གྱི་ནམ་མཁར་པད་ཉི་དང་། །སྣ་ཚོགས་རྡོ་རྗེའི་ཞེས་པ་ནས། དབུས་སུ་པཾ་ལས་པདྨ་དམར། །ཞེས་པའི་བར་དང་། འདབ་མ་བརྒྱད་པའི་སྙིང་པོ་དང་། །འདབ་མ་རྣམས་ལ་ཟླ་བའི་སྟེང་། །བྱེ་རུའི་མདོག་ཅན་ཧྲཱིཿཡིག་ལས། །འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི། །སྒྲིབ་སྦྱངས་ཚུར་འདུས་ཡོངས་གྱུར་ལས། །དབུས་སུ་རྣམ་སྣང་ཚེ་དཔག་མེད། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །རྡོ་རྗེ་རིན་ཆེན་པདྨ་དང་། །ཕྲིན་ལས་བྱ་གྲུབ་ཚེ་དཔག་མེད། །བྱང་ཤར་ལ་སོགས་གཡས་བསྐོར་དུ། །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང་། །མི་གཡོ་ཚེ་དཔག་མེད་མགོན་རྣམས། །ཞེས་དང་། སྐུ་མདོག་དམར་པོ་སོགས་ཀྱི་སྐབས་ལྟར་ལས། འོད་དཔག་མེད་པས་དབུ་བརྒྱན་གྱུར། ཞེས་པའི་བར་བརྗོད། བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱིས། །མགྲིན་གཅིག་བཟླས་པ་བྱེད་པར་འགྱུར། །ཞེས་པའི་རྗེས་སུ་གཙོ་འཁོར་གྱི་བཟླས་པ་ཅི་འགྲུབ་བྱ། མཆོད་པ་བྱིན་གྱིས་བརླབས་ལ་མཆོད་པ་དང་བསྟོད་པ་སྔར་ལྟར་བྱ། གཏོར་མ་བསངས་སྦྱངས་བྱིན་རླབས་སོགས་སྔོན་གཏོར་བཞིན་གྱི། ཨ་ཀཱ་རོ་སོགས། ཚེ་དཔག་མེད་པ་ལྷ་དགུ་ཡི། །དཀྱིལ་འཁོར་མདུན་དུ་གསལ་བར་གྱུར། །བར་
མོས་ནས་མཚན་སྔགས་ཀྱི་མཐར། ན་མཿསརྦ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པ་གསུམ་གྱིས་ཕུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །སོགས་འདོད་དོན་གསོལ་བ་བཏབ། གཞན་གྱི་འཆི་བསླུ་བྱེད་པར་འདོད་ན། དཀྱིལ་འཁོར་ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཏོར་མ། ཤར་དུ་འོ་མ་དང་འབྲས་ཆན། ལྷོར་ཉ་ཤ་དང་བཙོས་པའི་བྱེ་བྲག །ནུབ་ཏུ་ཤ་རྗེན་དང་ཁྲག་སྣ། བྱང་དུ་ཆང་དང་ཤིང་ཏོག་སྣ་ཚོགས་བཀོད་ནས། གཏོར་མ་བསངས་སྦྱངས་སྔོན་འགྲོ་ལྟར་བྱ། ༀ་དྲི་དྷ་རཥྚ་ཡ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་ཕུལ། ༀ་དྲི་དྷ་རཥྚ་ཡ་ས་པ་རི་ཝཱ་རེ་བྷྱེཿཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཀྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །དུང་གི་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་སྒྱུར་བ། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱི་རྗེས་སུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཤར་ཕྱོགས་དྲི་ཟའི་གདོན་ལས་གྱུར་བའི་ནད་གདོན་ཉེ་བར་འཚེ་བ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། དེ་བཞིན་དུ། བི་རུ་ཌྷ་ཀ་ཡ་ན་མཿསོགས་ཀྱིས་གཏོར་མཆོད་ཕུལ། དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་སྒྱུར་བ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །མཆོད་
སྦྱིན༴སོགས་བརྗོད། བི་རུ་པཱཀྵ་ཡ་ན་མཿམངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བ། །མིག་མི་བཟང་ལ༴། མཆོད་སྦྱིན༴སོགས་དང་། ཀླུའི་གདོན་ལས༴སོགས། བཻ་ཤྲ་བ་ཎ་ཡ། སོགས། སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་སྒྱུར་བ། །རྣམ་ཐོས་སྲས་ལ༴མཆོད་སྦྱིན་སོགས། དེ་ནས་ཆ་གསུམ་གཏོར་མ་སྔོན་འགྲོ་བཞིན་བྱིན་བརླབས་ནས་བཏང་ལ། ནང་དུ་ཕྱིན་ནས་བདག་འཇུག་ལེན་པ་ནི། སློབ་མ་དབང་བསྐུར་བ་དང་མཚུངས་ཤིང་ཁྱད་པར་ཅུང་ཟད་ལ། ཇི་ལྟར་བལྟམས་པ༴སོགས་ཁྲུས་ནས་ལྷ་ངོ་བསྟན་པའི་བར་དང་། དེ་ནས་མཎྜལ་དང་དབང་གི་དངོས་གཞི་དཀྱུས་ལྟར་བྱའོ། །སློབ་མ་འཇུག་པ་ནི། གོས་གསར་པ་བགོས་ཏེ་མདུན་དུ་འཚོགས། ཆོས་བཤད་ཅི་རིགས་དང་མཎྜལ་ཕུལ། དེ་ནས་ཁྱེད་རྣམས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དགའ་ཆེན་ཁྱོད་བདག་སོགས། ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་གྱི་ཆུས་སློབ་མ་བསངས་ལ་སྔགས་བརྗོད། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའམ། ཞུགས་ཀྱང་གསང་སྒྲོག་གི་ཉེས་པ་སྤངས་པའི་ཕྱིར་གདོང་གཡོགས་འཆིང་བར་མཛོད། ༀ་ཙཀྵུ་བྷནྡྷ།
སོགས། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་ཡང་ཞིང་མ་ཉམས་པའི་མེ་ཏོག་གི་ཕྲེང་བ་ཞིག་གཏད་པའི་མོས་པ་མཛོད། ཨ་ཁཾ་བཱི་རཱ་ཧཱུྃ། དེ་ནས་ཁྱེད་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་གནས་པར་མོས་ལ། རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་སུ་འདུས་པ་ཡིན་པས་དེ་དག་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། མགོན་པོ་སངས་རྒྱས་སོགས་སྡོམ་བཟུང་བྱ། ཁྱོད་རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དམར་པོ་རྩེ་ལྔ་པ་ཞིག་བསྒོམ་ལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ངེས་པ་དང་ལྡན་པས་སྔགས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། སེམས་བསྐྱེད་པ་འདི་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། སྙིང་ཁར་རྡོ་རྗེ་མེ་ཏོག་དང་བཅས་པ་བཞག་སྟེ། ༀ་སུ་ུར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱི་དེ་བཞིན་ཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་གསང་བར་གདམས། ཨ་ཁཾ་ཝཱི་
ར་ཧཱུྃ། དེ་ནས་ཁྱེད་རྣམས་དཀྱིལ་འཁོར་ཤར་སྒོའི་མདུན་དུ་ཁྲིད་པར་མོས་ཤིག །ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་ཤར་སྒོ་ནས་ཞུགས། ལྷ་རྣམས་གནས་པར་མོས་ཏེ། ཐལ་མོ་གནས་གསུམ་དུ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་བཅུག་ལ། རྡོ་རྗེ་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས། གཉིས་པ་ཞིག་ཐོན་པ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་མཛོད། དེ་བཞིན། རིན་ཆེན་ཚེ་དཔག་མེད་སོགས་བརྗོད། ཞེས་ནུབ་སྒོ་སོགས་དང་སྔགས་བཅས། པདྨ་ཚེ་དཔག་མེད་སོགས་བཞིན། ཞེས་བྱང་སྒོ་སོགས་དང་སྔགས་བཅས། ཀརྨ་ཚེ་དཔག་སོགས་བརྗོད། སླར་ཡང་ཤར་གྱི་ལྷ་སྣམ་དུ་འཁོད་པར་མོས་ཤིག །སློབ་དཔོན་གྱིས་རྡོ་རྗེ་གདེངས་བཞིན་པས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱེད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། མགོ་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི་གལ་ཏེ་འགའ་ཞིག་ལ་སྨྲས་
ན་ཀླད་པ་འགས་པར་འགྱུར་རོ། །རྡོ་རྗེ་སྙིང་ཁར་བཞག་ལ། ༀ། ཚེ་དཔག་མེད་མགོན་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཆུ་སྦྱིན་པ་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིགༀ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ུད་ཀ་ཋཿབཀའ་བསྒོ་བ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཚེ་དཔག་ཏུ་མེད་པ་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཤི་བའི་དུས་བྱས་ན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། ད་ཡེ་ཤེས་ལྷའི་བྱིན་འབེབས་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ༀ་བཛྲ་ཀྲོ་དྷ་སོགས་ཀྱིས་སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མགོན་པོ་ཚེ་དཔག་མེད་སྐུ་
མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཚེ་ཡི་བུམ་པ་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཧྲཱིཿདམར་པོ་འོད་འབར་བ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་དང་དྲང་སྲོང་དང་རིག་པ་འཛིན་པ་དང་གྲུབ་པ་ཐོབ་པ་དང་། ནོར་བུ་དང་སྨན་དང་རྩི་དང་བཅུད་ལ་སོགས་པ་ལ་ཚེ་བསྲིང་བའི་ནུས་པ་ཇི་སྙེད་ཡོད་པ་ཐམས་ཅད་ཧྲཱིཿཡིག་དམར་པོའི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་ལུས་ཐམས་ཅད་ཧྲཱིཿདམར་པོས་གང་བས་འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་སྒོམས། སྔགས་ཐུང་གཉིས་དང་། ༀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བདུག་པ་རོལ་མོ་དང་བཅས་པས་ཡེ་ཤེས་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པ་དེ་ཉིད་བརྟན་པར་མི་འགྱུར་བའི་ཕྱིར་རྒྱས་གདབ་པའི་མོས་པ་མཛོད། ཏིཥྛ་བཛྲ། སྣང་བ་བརྟགས་པ་ནི། དེ་ནས་སྔོན་ཚེ་གང་ལ་སྦྱངས་པའི་རིགས་ཀྱི་ལྷ་སྐལ་བརྟག་པའི་དོན་དུ། པྲ་ཏིཙྪ་བཛྲ་ཧོཿཞེས་བརྗོད་བཞིན་པས་དཀྱིལ་འཁོར་དུ་མེ་ཏོག་དོར་ཅིག །སློབ་མས་སྔགས་བརྗོད་བཞིན་པས་མེ་ཏོག་དོར་ལ། སླར་མེ་ཏོག་སྤྱི་བོར་བཀོད། མེ་ཏོག་གང་ལ་ཕོག་པའི་ལྷ་དེ་ཉིད་ཀྱིས་བྱིན་
གྱིས་བརླབ་ཅིང་རྗེས་སུ་བཟུང་བར་མོས་ཤིག །པྲ་ཏི་གྲྀ་ཧྞ་སྭ་ཨི་མཾ། སཏྭ་མ་ཧཱ་བ་ལ། མ་རིག་པའི་སྒྲིབ་གཡོགས་དང་ལྷན་ཅིག་མིག་རས་བསལ་པའི་མོས་པ་མཛོད། མིག་དར་བསལ། ༀ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལམ་ཧྲཱིཿསྭཱ་ཧཱ། ལྷ་ངོ་བསྟན་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་མཐོང་བར་མོས་ཤིག །སྤྲོ་ན། རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ཡོན་ཏན་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབུས་སུ་ཐར་པ་ཆེན་པོའི་ཕོ་བྲང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཟླ་བའི་གདན་ལ་ཆོས་དབྱིངས་ཡེ་ཤེས་གྱི་ངོ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ། ཤར་དང་ཤར་ལྷོའི་འདབ་མར་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་ཚེ་དཔག་མེད་དང་། ཀུན་གཟིགས་ཚེ་དཔག་མེད། ལྷོ་དང་ལྷོ་ནུབ་ཀྱི་འདབ་མར་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་ཚེ་དཔག་མེད་དང་། ཡོན་ཏན་ཚེ་དཔག་མེད། ནུབ་དང་ནུབ་བྱང་གི་འདབ་མར་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་ཚེ་དཔག་མེད་དང་ཡེ་ཤེས་ཚེ་དཔག་མེད། བྱང་དང་བྱང་ཤར་གྱི་འདབ་མར་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཚེ་དཔག་མེད་དང་མི་གཡོ་ཚེ་དཔག་མེད་རྣམས་མངོན་སུམ་དུ་མཐོང་བའི་མོས་པ་
གྱིས། དབང་གི་དངོས་གཞི་ལས། ཐོག་མར་བཀྲུ་བྱབ་བསྲུང་བའི་ལས་བྱ་བ་སྟེ། བུམ་པ་ལྷ་གྲངས་ཡོད་ཚེ་མཚམས་བུམ་བཞི་དང་། ལས་བུམ་གྱིས་འཁྲུད་པ་ཡིན་ཀྱང་། བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་ནས་ལས་བུམ་དུ་ཅུང་ཟད་བླུགས་པས་ཁྲུས་བྱ་བ་ནི། དེ་ནས་དཀྱིལ་འཁོར་གྱི་མཚམས་བཞི་ན་བཞུགས་པའི་ཀུན་གཟིགས་ཚེ་དཔག་མེད་དང་། ཡོན་ཏན་ཚེ་དཔག་མེད་དང་། ཡེ་ཤེས་ཚེ་དཔག་མེད་དང་། མི་གཡོ་ཚེ་དཔག་མེད་རྣམས་ཀྱི་ཕྱག་གི་བུམ་པ་ལས་བབས་པའི་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས་ཏེ་འོག་སྒོ་དང་། སེན་ཁྲག་ནས་དུད་ཁུ་དང་སོལ་ཁུའི་རྣམ་པར་ཐོན་པའི་མོས་པ་མཛོད། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཚིགས་བཅད་ཀྱི་མཐར། སྙིང་པོ་རྟ་མགྲིན་གྱི་སྔགས་ཀྱི་རྗེས་སུ་ཆེ་གེ་མོའི། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ནད་ཐམས་ཅད༴གདོན་ཐམས་ཅད༴རིམས་ཐམས་ཅད༴ཡམས་ཐམས་ཅད༴ཉེ་བར་འཚེ་བ༴འཁོན༴གྲིབ༴བྱད༴བྱུར༴སྐལ་བ་ངན་པ༴ལྟས་ངན་པ༴རྨི་ལམ༴བཀྲ་མི་ཤིས་པ་ཐམས་ཅད༴དུས་མ་ཡིན་འཆི་བ༴མཚན་མོ་ནག་མོའི་གདོན༴དུས་ཀྱི་ཞགས་པ༴གཤིན་རྗེའི་ཕོ་ཉ༴བགེགས་དང་ལོག་འདྲེན་ཐམས་ཅད་ཤཱིནྟཾ་
ཀུ་རུ་སྭཱ་ཧཱ། ཞེས་བཀྲུ་བས་ནད་གདོན་དག་པར་བསམས་ཏེ། ཁྲུས་བྱས་པའི་མཇུག་ཏུ་ཆུ་ཅུང་ཟད་ཁ་རུ་བཟུང་དུ་བཅུག །རྨ་བྱའི་སྒྲོས་བྱབ་པའི་ཚེ་ནད་ལ་སོགས་པ་བླངས་ཏེ་ཆུར་དོར་བར་དམིགས་ལ། ད་བྱབ་པས་བསལ་བ་ནི། རྨ་བྱའི་སྒྲོ་མདོངས་ཀུ་ཤའི་ཆུན་པོ་དང་བཅས་པ་འདིས་ཁྱེད་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ཏེ་ཁྲུས་ཆུར་བྱབས་ནས་བསལ་བའི་མོས་པ་མཛོད། སྔགས་གཉིས་ཀྱི་རྗེས་སུ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། སོགས་གོང་བཞིན་བརྗོད་ལ་བྱབ་པར་བྱའོ། །ཁར་གནས་པའི་ཆུ་ཁྲུས་ཆུའི་ནང་དུ་དོར་བཅུག །རྒྱ་གཞུང་ལས། དེ་ནས་ཆུ་དེ་མ་བོ་བར། །ཆུ་བོ་ཆེ་དང་ལྡེང་ཀ་མཚོ། །ཆུ་ཆེན་རྣམས་ལ་དོར་གྱུར་ན། །ངེས་པར་འཆི་ལས་བཟློག་པ་ཡིན། །ཞེས་གསུངས་པ་ལྟར་ཆུ་ལ་དོར་ཅིག །ཅེས་ཆུ་དེ་གདོན་བགེགས་རྣམས་བསྐྲད་པའི་དམིགས་པ་དང་ཐུན་གྱིས་བྲབ། བདུག་པ་རོལ་མོ་བྱ་བ་དང་ལྷན་ཅིག་དོར་བར་བྱའོ། །སློབ་མའི་སྤྱི་བོ། མདུན་རྒྱབ་གཉིས། དཔུང་པ་གཉིས། པུས་མོ་གཉིས་ལ་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ད་ཁྱེད་རང་རྣམས་ཀྱི་གནས་བདུན་དུ་རྡོ་རྗེས་རེག་པས་རྡོ་རྗེ་དེ་འདྲ་བ་གྲངས་མེད་འཕྲོས་ནས་ལུས་ལ་རྡོ་རྗེའི་གོ་ཁྲབ་དང་ལྡན་པས་ནད་གདོན་བར་ཆད་ཐམས་ཅད་ལས་ཕྱིན་ཆད་བསྲུང་བའི་མོས་པ་མཛོད།
སྔགས་གཉིས་བརྗོད། སྡིག་པ་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། སོགས་གོང་བཞིན་བརྗོད་དོ། །འཆི་བསླུ་དང་འབྲེལ་ན། དཀྱིལ་འཁོར་དུ་བཞག་པའི་དར་དམར་ལ་གཟུངས་བྲིས་པ་བསྲུང་བའི་དོན་དུ་གདབ་བོ། །དེ་ནས་བདེན་པའི་ཚིག་བརྗོད་དེ། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་པ་ལས། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ཡང་མེ་ལས་རྒྱལ་བར་གྱུར། །རླུང་གིས་སྤྲིན་ནི་རྣམ་པར་གཏོར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །དེ་བཞིན་འཕགས་པའི་དགེ་འདུན་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས། ཆེ་གེ་མོ་ཞེས་བྱ། བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིགཛ་ཡ་ཛ་ཡ། རྡོ་རྗེ་དང་བཅས་པའི་ལག་པས་སྔར་གྱི་སྟན་ལས་བསླངས་ཏེ་སྟན་གསར་པ་ཞིག་གི་སྟེང་དུ་བཞག་ལ། དེ་ནས་དབང་གི་དངོས་གཞི་ཞུ་བའི་དོན་དུ་མཎྜལ། ཞེས་མཎྜལ་ཕུལ་ལ། དེ་ནས་ཁྱེད་རྣམས་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་
ཀ་ནས་འོད་ཟེར་འཕྲོས་པས་རིགས་སྔགས་འདི་ལ་དགོངས་པ་གཅིག་པ་དང་དབྱངས་གཅིག་པའི་སངས་རྒྱས་ནི། ཤར་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ། ཤར་ལྷོ་ནས་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི། ལྷོ་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་བདུན། ལྷོ་ནུབ་ནས་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔ། ནུབ་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔ། ནུབ་བྱང་ནས་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔ། བྱང་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག །བྱང་ཤར་ནས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ། དབུས་ཕྱོགས་ནས་སངས་རྒྱས་བྱེ་བ་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་བཅས་པ་རྣམས་སྤྱན་དྲངས་དབང་བསྐུར་བའི་དགོངས་པ་མཛད། དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཅུང་ཟད་འཐུང་དུ་གཞུག །
སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ནི་འཕེལ་བར་ཤོག །ཕར་ཕྱིན་གཞན་ལའང་སྦྱར་བས་བདེན་སྟོབས་བརྗོད། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་གཏི་མུག་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གྱུར། ཆུའི་ལྷག་མ་སྤྱི་བོར་གནས་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་རྡོ་རྗེ་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་དཔྲལ་བར་བཞག་ལ། ལུས་ལ་རྡོ་རྗེའི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་བཛྲ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས༴། སོགས་དང་། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་
བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་ཞེ་སྡང་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རྡོ་རྗེ་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་དཔྲལ་བའི་སྟེང་དུ་གནས་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་ལྟག་པར་བཞག་ལ། ལུས་ལ་པདྨའི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་པདྨ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བཟོད་པའི་སྟོབས་ཀྱིས། སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་འདོད་ཆགས་ཀྱི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །པདྨ་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་ལྟག་པའི་སྟེང་དུ་གནས་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་རིན་ཆེན་ཚེ་དཔག་ཏུ་མེད་པས་རིན་
པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་རྣ་ལྟག་གཡས་སུ་བཞག་ལ། ལུས་ལ་རིན་ཆེན་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་རཏྣ་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བརྩོན་འགྲུས་སྟོབས༴། སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང། ཁྱད་པར་དུའང་སེར་སྣ་དང་ང་རྒྱལ་གྱི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །རིན་ཆེན་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་རྣ་ལྟག་གཡས་སུ་གནས་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དཀྱིལ་འཁོར་གྱི་ལས་ཀྱི་ཚེ་དཔག་ཏུ་མེད་པས་རིན་པོ་ཆེའི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོར་དབང་བསྐུར་བས་ཚངས་བུག་ནས་ཞུགས། རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། བུམ་པ་རྣ་ལྟག་གཡོན་དུ་བཞག་ལ། ལུས་ལ་ལས་ཀྱི་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་ཏེ། །བསྐལ་པ་སྟོང་དུ་ཚེ་འཕེལ་
ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་ཀརྨ་ཨཱ་ཡུཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བསམ་གཏན་སྟོབས༴སོགས། དེ་ལྟར་དབང་བསྐུར་བས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུའང་ཕྲག་དོག་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག །ལས་ཀྱི་ཚེ་དཔག་མེད་པའི་ངོ་བོར་གྱུར། ཆུའི་ལྷག་མ་རྣ་ལྟག་གཡོན་དུ་གནས་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ལྟར་ཚེ་ལྷ་རིགས་ལྔའི་སྒོ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུའི་དབང་བསྐུར་བ་ཐོབ་ནས། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ནས་དབང་བསྐུར་བ་ནི། པདྨའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ༀ་པདྨ་ཨུཏྤྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། རང་གི་རིགས་བདག་གཙོ་བོར་གནས་པས་དབུ་བརྒྱན་པར་མོས་ལ་ཅོད་པན་གྱི་དབང་བསྐུར་བའི་མོས་པ་མཛོད། རིགས་ལྔའི་ཅོད་པན་བཅིངས་ལ། བུདྡྷ་ཨ་བྷི་ཥིཉྩ་ༀ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿཀརྨ་ཨ་བྷི་ཥིཉྩ་ཨཱཿདར་དཔྱངས་བཅིངས་ལ། པཊྚ་ཨ་ཝ་ལམ་བི་ནི་ཨ་བྷི་ཥིཉྩ་ཏྲཱཾ། ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །སོགས་དང་། དེ་ནས་དབང་གི་མཐའ་རྟེན་དུ་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱི་དབང་བསྐུར་བའི་མོས་པ་མཛོད། ཅེས་
གཟུགས་བརྙན་ནམ་ཕྱག་རྒྱ་སྦྱིན་ཞིང་། གསེར་ལས་ལེགས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་ས་ལས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བདུད་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐས་གཏུག་པར་བསྐོར་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །དྲི་མེད་བཻ་ཌཱུཪྱ་འདྲའི་རིན་པོ་ཆེ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་པ། །སྒྲིབ་མེད་མཚན་མོ་ཅི་འདྲ་ཉིན་དེ་བཞིན། །ནོར་བུ་རིན་ཆེན༴། མ་ཎི་རཏྣ༴ཚེ་དཔག་ཏུ་མེད་པའི་འོད་དང་ལྡན་ཞིང་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་རང་རང་གི་གཟི་བརྗིད་ཀྱིས་ཟིལ་གྱིས་ནོན་པའི་དབང་དང་ལྡན་པར་གྱུར་ཅིག །གང་ཞིག་རེག་བྱའི་གཟུགས་དང་མདངས་ལྡན་པ། །བུད་མེད་དམ་པ་དྲེགས་ལྡན་རྣམས་ཀྱི་མཆོག །ལྷ་མོ་བཞིན་དུ་ཡོན་ཏན་ཀུན་ལྡན་པ། །བཙུན་མོ་རིན་ཆེན༴སྟྲྀ་རཏྣ༴སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས་འཇིག་རྟེན་ལས་འདས་པའི་བདག་དང་གཞན་གྱི་དོན་བདེ་བས་བསྒྲུབ་པ་ལ། ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག །གང་ཡང་འདི་ན་རྒྱལ་ལ་མུ་ཏིག་དང་། གསེར་སོགས་ཤིན་ཏུ་མང་པོ་དབུལ་བ་ཡིས། །ནོར་ལྡན་མཚུངས་པར་ནོར་མང་ལྡན་པ་ཡི།
ཁྱིམ་བདག་རིན་ཆེན། །གྲྀ་ཧ་པ་ཏི་རཏྣ༴ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ། འཕགས་པའི་ནོར་བདུན་དང་ལྡན་ཞིང་རང་དང་གཞན་གྱི་དོན་དགོངས་པ་མ་ལུས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རྩེ་འདྲའི་གླང་པོ་མཆོག །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴། ཧསྟི་རཏྣ༴སྟོབས་བཅུ་དང་ལྡན་ཞིང་བདུད་བཞིའི་སྟོབས་ཚར་གཅོད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་གང་། །རྨ་བྱའི་མགྲིན་འདྲ་སྤུ་ནི་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ༴། ཏུ་རངྒ་ཨ་ཤྭ་རཏྣ༴། སོ་སོ་ཡང་དག་པར་རིག་པ་བཞིས་འགྲོ་བ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་བསྐྱལ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །འགྲོ་དང་ཀུན་ཏུ་གནས་དང་རྣམ་རྟོག་པར། །མ་ལུས་དཔུང་ལ་མཁས་པར་བྱེད་པ་ཡིས། །དཔལ་ལྡན་བདུན་པར་འབྱུང་འགྱུར་མི་ཡི་ནི། །བློན་པོ་རིན་ཆེན༴། པུ་རུ་ཥ་རཏྣ༴ཐབས་དང་ཤེས་རབ་གཉིས་སུ་མེད་པའི་
དགོངས་པ་མཐར་ཕྱིན་ནས། འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོན་པོ་ཉི་ཤུ་འཇོམས་ཤིང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །རྫས་བརྒྱད་དབང་ནི། ༀ་ཧྱ་གྲྀ་ཝཱ་ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། སྭ་བྷ་ཝཱ་སོགས་བསངས་སྦྱངས། སྟོང་པའི་ངང་ལས་སོ་སོའི་མིང་ཡིག་དང་པོ་ལས་སྐྱེས་པའི་བཀྲ་ཤིས་པའི་རྫས་རྣམས་ནུས་མཐུ་ཕུལ་དུ་བྱུང་བར་གྱུར། རེ་རེ་ལྟར་སོ་སོར་ལག་ཏུ་གཏད་ཅིང་། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་མེད་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕྱག་ཏུ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་བཞིན་དུ། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་ཡུངས་ཀར་གྱི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །གོང་བཞིན་ཐོག་མཐའ་འདྲ་བར། དཱུརྦ་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག ཾ། རྩྭ་འཚོང་བཀྲ་ཤིས་ཀྱི་དུར་བ༴ ཾབིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་རྣམས། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་
ཤིས་དེས་ཀྱང་དོན་ནི་འགྲུབ་གྱུར་ཅིག །ལྷ་ཚངས་པས་ཤིང་ཏོག་བིལ་བ༴། གིའུ་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ན། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །གླང་པོ་ཆེ་ནོར་སྐྱོང་གིས་གིའུ་ཝཾ༴། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་དོར་དབང་དུ་འདུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །བྲམ་ཟེ་ཀར་རྒྱལ་གྱིས་ལི་ཁྲི༴། ཞོ་ནི་ ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས ་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ཞིང་གི་བུ་མོ་ལེགས་སྐྱེས་མས་ཞོ༴། མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ལས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང༴། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཅིག །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་བྱེད་པའི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་
ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ༴། སོགས་ཀྱིས་མཆོག་ཏུ་ཤིས་པར་བྱའོ། །བརྟན་བྱེད་ནི། ད་དབང་བསྐུར་བ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་ནི། ཁྱེད་རང་རྣམས་ཀྱི་ལུས་ལྷར་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་བཞིའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་གདན་གྱི་སྟེང་དུ་རིགས་ལྔའི་ཚེ་དཔག་མེད། སྤྱི་བོའི་སྟེང་གི་ནམ་མཁར་ཡེ་ཤེས་ཚེ་དཔག་མེད། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས། སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་ཀྱི་བྱིན་རླབས་དང་། ལྷ་མིའི་རིག་འཛིན་རྣམས་ཀྱི་མཐུ་དང་འཇིག་རྟེན་གསུམ་གྱི་བརྟན་གཡོའི་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས། ཡེ་ཤེས་ཚེ་དཔག་མེད་ལ་ཐིམ། དེ་ཉིད་བདུད་རྩིར་ཞུ་བའི་ཚངས་བུག་ནས་ཞུགས། རིགས་ལྔར་ཐིམ་ཞིང་། རིགས་ལྔ་ཞུ་བའི་བདུད་རྩིས་ལུས་ཐམས་ཅད་ལ་ཁྱབ་ཅིང་གང་བས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་པ་ལས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་སྒོམས་ཤིག །ཅེས་གཟུངས་གཉིས་པོ་གང་རུང་ལན་གསུམ་བཟླ། སྤྱི་བོར་རྡོ་རྗེ་བཞག་ལ། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པར་སྤང་བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་པས། །བུ་ཁྱོད་ཚེ་ཡི་དངོས་གྲུབ་བརྙེས། །ཞེས་བརྗོད། དེ་ལྟར་དབང་བསྐུར་
ཟབ་མོ་ཐོབ་པས་ཕྱི་ནང་གསང་བའི་དམ་ཚིག་སྲུང་སྡོམ་ལ་ཚུལ་བཞིན་བསླབ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ཕུལ། ལུས་ལོངས་སྤྱོད་ཀྱི་དྲུག་ཆ་འབུལ་སྙམ་པས་རྗེས་ཟློས་མཛོད། དེང་ནས་བརྩམས་སོགས། དེ་ལྟར་བཅོམ་ལྡན་འདས་པདྨ་རིགས་ཀྱི་འཁོར་ལོས་སྒྱུར་བ་འཆི་མེད་ཚེ་འོད་སྣང་བ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་སྨིན་བྱེད་ཟབ་མོ་ལེགས་པར་གྲུབ་པས་དེ་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབས་ཤིག །བསོད་ནམས་འདི་ཡིས་སོགས་བརྗོད་པར་བྱའོ། །རྗེས་ཆོག་ནི། མཆོད་པ་བྱིན་རླབས་དང་། ༀ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་མཆོད་དང་། ཆོས་ཀྱི་འཁོར་ལོ་སོགས་ཀྱིས་བསྟོད། བཅོམ་ལྡན་ཆོ་གའི་སོགས། བཟོད་གསོལ་དང་། ཡིག་བརྒྱས་ལྷག་ཆད་བཤགས། མ་འབྱོར་བ་དང་སོགས། རྫོགས་སངས་རྒྱས་དང་སོགས། སྤྱན་དྲངས་པའི་བདག་མདུན་སོགས་བརྗོད། སུ་པྲ་ཏིཥྛས་བརྟན་བཞུགས་དང་། སྤྲུལ་པའི་དམ་ཚིག་སོགས། ༀ་ཨཱཿཧཱུྃ། བརྗོད། དགེ་བ་འདི་ཡིས་སོགས་དང་། བཀྲ་ཤིས་བརྗོད་ཅིང་དགའ་སྟོན་བྱ། བསོད་ནམས་འདི་ཡི་མཐུ་ཡིས་ནི། །འཁོར་བའི་འགྲོ་དྲུག་མ་ལུས་པ། །ཚེ་དཔག་མེད་པའི་བཀའ་ཐོབ་ནས། །གནད་གཅོད་ལ་སོགས་སྡུག་བསྔལ་རྣམས། །ཞི་ནས་བདེ་དང་ལྡན་གྱུར་ཅིག །ཞེས་སོགས་ཀྱི་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ། །ཡང་རང་གཞན་གྱི་དོན་དུ་འཆི་བསླུ་བྱེད་པར་འདོད་ན། དང་པོ་མཆོད་པ་བཤམ་བཀོད་ཀྱི་སྐབས་ནས་
དགོས་པའི་དེའང་དཀྱིལ་འཁོར་གྱི་ལྷོར་ཚེ་མདོ། བྱང་དུ་འཆི་མེད་རྔ་སྒྲའི་མདོ་དང་། ཚེ་དཔག་མེད་ཀྱི་སྐུ་བརྙན་བཅས་དར་དམར་པོའི་ན་བཟའ་གསོལ་ལ་ཁྲིའུ་ཁར་བཞུགས། ནུབ་ཏུ་སྣོད་འབྲུས་བཀང་བའི་དབུས་དར་དམར་པོ་ལ་ཚེ་བསྙེན་གསུམ་གང་རུང་བྲིས་པའི་མཐར་འཆང་བ་པོ་ལ་རཀྵ་རཀྵ་ཞེས་གསེར་སོགས་མཚལ་གྱིས་བྲིས་པ་བཞག་ལ་མདུན་བསྐྱེད་བསྙེན་དམིགས་དུས་བྱིན་བརླབ་བྱ། དཀྱིལ་འཁོར་བུམ་བསྐྱེད་ཐོན་པ་དང་། སློབ་དཔོན་ནམ་ལས་རྡོར་གྱིས་ལས་སྔགས་བརྗོད་བཞིན། ལས་བུམ་ཆུས་བསྲུང་བྱ་བཀྲུས་པའི་ཆུ་ཕྱེད་ཁམ་ཕོར་གསར་པ་ཞིག་ཏུ་བླུགས་ལ་བཞག །ཕྱེད་དེ་ས་ནག་དང་། མཆོད་རྟེན་རྙིང་པའམ་སཱཙྪ་ཞིག་པའི་ས། རྫ་ཐལ་དང་རོ་བསྲེགས་ཤུལ་ས། ཚིག་ནག་རྣམས་བསྲེས་པ་ལས་གཤིན་རྗེའི་གཟུགས་ནག་པོ་མ་ཧེའི་མགོ་ཅན། ལག་གཉིས་བསྣོལ་ཐབས་ཀྱིས་གཡས་ཐོད་དབྱུག་དཀར་པོ་དང་གཡོན་ཞགས་པ་ནག་པོ་ཐོགས་པ། རྐང་པ་དོར་སྟབས་ཀྱིས་ཁ་ཅུང་ཟད་སྦུབ་པ། མགོ་དཀྱིལ་འཁོར་ལྷོ་ལ་བསྟན་ཅིང་། ལྕགས་སྣོད་བོར་ཆོག་ཅིག་གི་ནང་དུ་རས་ནག་པོས་གདོང་བཀབ་ལ་བཞག །དེའི་འོག་ཏུ་རེ་ཕྱར་ནག་པོའི་ཁར་སྣོད་བོར་ཆོག་པའམ། གང་བདེར། མེ་ཏོག་ནག་པོའམ། འབྲུ་ནག །སྲན་ནག །བྲ་ནག །ཤ་རྗེན། མར། བུ་རམ། ཚྭ། སྒོག་པ། བཙོང་། ལ་ཕུག །གཡེར་མ་སོགས་དང་། གཞན་ཡང་ཟས་སྣ་ཚོགས། བསྲུང་བྱ་དང་སྒྲུབ་པ་པོ་རྣམས་ཀྱི་ལྔ་བཅང་དང་། གོས་དར་རས་ཐེར་ཕྲུག །གཅན་ལྤགས་སོགས་ཀྱི་རས་མོ། གསེར་དངུལ། ཟངས་ལྕགས། གཡུ། བྱུ་རུ་སོགས། རིན་
པོ་ཆེའི་རིགས་བརྡར་བའི་ཕྱེ་མ་ས་དང་བསྲེས་ལ་གྲུ་བཞི་བྱས་པ་ཚོན་གྱིས་མདོག་བསྒྱུར་བ་རྫོངས་འདེབས་རྒྱུ་རྣམས་བཀོད་ཅིང་། དེ་རྣམས་འཇལ་བའི་བྲེ་ལ། ༀ་ཨསྨ་སརྦ་ཙི་སྭཱ་ཧཱ། རྒྱ་མ་ལ། ༀ་ཤིན་ཏུ་མཐོང་བའི་རྒྱལ་པོ་སྭཱ་ཧཱ། ཞོ་ཆ་ལ། ༀ་མ་ཏི་པྲ་མོ་དྷ་ན་ཐིབས་སྭཱ་ཧཱ། ཅེས་ལྷ་འདྲེ་མིག་བསྒྱུར་བའི་སྔགས་སོ་སོར་ཉེར་གཅིག་རེ་བཏབ་ལ་བཞག །བསྲུང་བྱའི་གོས་རྙིང་དུམ་བུ་ལ་ཚོན་སྐུད་སྣ་ལྔ་འདོམ་རེ་ཡོད་པས་རྒྱ་གྲམ་དུ་བཅིངས་ལ་དཀྱིལ་འཁོར་དྲུང་ངམ་བྱང་ངོས་སུ་རྩྭ་ཀུ་ཤའི་གདན་ལ་བཤམ། མདུན་ཉའི་ཤ་དང་རུས་པ་དང་། མེ་སྣོད་ཅིག་ཀྱང་བཞག །སྟེགས་ཀྱི་ཁར་སྣོད་གཙང་མར་ཟན་དཀར་མངར་སུམ་སྦྲུས་ཀྱི་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ལ་མདོག་མཚུངས་ཀྱི་སྡོང་བུ་ལྔ་རེ་སོ་སོར་བཙུགས་ལ་དཀར་ངོས་དཀྱིལ་འཁོར་དང་། ནག་ངོས་གཤིན་རྗེ་ལ་བསྟན་ནས་བཤམ། ཁམ་ཕོར་ཁྲུས་ཆུའང་དེ་དྲུང་བཞག །ཚོན་སྐུད་བཅད་པའི་གྲི་གསར་པ་ཡོད་ན་དང་། མེད་ན་མེར་བསྲེགས་ཤིང་ཆུས་བྲན་པས་འཐུས། ཡང་ཁམ་ཕོར་གསར་པ་འོ་ཆབ་ཀྱིས་བཀང་པ་ཞིག་ཀྱང་བཞག །དཀྱིལ་འཁོར་ཤར་དུ་སློབ་དཔོན་དང་། ཚོགས་པ་རྣམས་བྱང་དང་། ལྷོར་བཞུགས་པའི་ཕན་ཚུན་མཆོད་དཔོན་རྣམས་ཀྱང་འཁོད། དང་པོ་དཀྱིལ་འཁོར་ཆོ་ག་གཞུང་བཞིན་བཏོན་ནས་དབང་བསྐུར་ན་བདག་འཇུག་ཟིན་པ་དང་། དེ་མིན་ཆ་གསུམ་གཏོར་མ་སོགས་བཏང་གྲུབ་ནས་བསྲུང་བྱ་མདུན་དུ་འཁོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་
སྔགས་ཕྲེང་འཕྲོས། མདུན་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། ཕྱག་གི་བུམ་པའི་ནང་དུ་བསྒྲུབ་བྱ་དམིགས་ལ་འཆི་མེད་ཚེའི་དངོས་གྲུབ་སྩོལ་བར་མོས་ལ་ཚེ་བསྙེན་བཟླའོ། །དེ་ནས་གཤིན་རྗེའི་གདོང་ཁེབ་བསལ། ཆུ་གཙང་བྲན་ལ། ༀ་ཧྱ་གྲཱྀ་ཝས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་གཤིན་རྗེ་ཡི་དྭགས་ཀྱི་ཚོགས་ཀྱིས་བསྐོར་བར་གྱུར། གཟུགས་དེ་གཤིན་རྗེ་དངོས་སུ་དམིགས་པ་དང་། བདུད་བཞི་དང་། ལོ་གཤེད་བཅུ་གཉིས་གཤེད་ཆེན་བདུན་བརྒྱ་ཉི་ཤུ། འཆི་བདག་བྱེ་བ་དགུ་འབུམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་འབྱུང་པོ་ཡི་དྭགས་ཚོགས་ཀྱིས་བསྐོར་བར་བསྐྱེད་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་༴ཆོས་ཀྱི༴དགེ་འདུན་གྱི༴དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་ཐམས་ཅད་དང་། གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་གཤིན་རྗེ་འཁོར་དང་བཅས་པ་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཊཱ་ཀྐི་ཧཱུྃ་ཛཿལན་གསུམ་བརྗོད་ལ་གཟུགས་དང་དབྱེར་མེད་བསམ། གླུད་རྫས་བྱིན་བརླབས་ནི། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་དུ། གཟུགས་མཛེས༴། སྐུ་འབྱམས་ཀླས༴། འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ༴། མཆོད་སྦྱིན་
ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་བརྗོད། ལྷོ་ཕྱོགས་པ་རྣམས་ཀྱིས་ཚེ་གཟུངས་ཚར་རེ་ཐོན་པ་དང་། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་རྐྱེན་དང་སྲོག་གི་གླུད་དང་འབྲུ་སྣ་ཟས་སྣ་ལ་སོགས་པ་འདོང་བྲེ་ཁལ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་གྲངས་མེད་པ་རྣམས་འབུལ་ལོ། །ཅེས་བྲེ་ལ་འཇལ་ཞིང་གཤིན་རྗེའི་མདུན་དུ་བཏབ། ཡང་། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་རྐྱེན་དང་སྲོག་གི་གླུད་དུ་ཆངས་བུ་དང་། ཤ་རྗེན། བུ་རམ། ཚྭ། དར་རས་གོས་ཕྲུག་ལ་སོགས་པ་རྒྱ་མ་ཁལ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་གྲངས་མེད་པ་འབུལ་ལོ། །རྒྱུ་སྦྱོར་སྦྱིན་པའི་བདག་པོ་སོགས། གསེར་དངུལ་གཡུ་བྱུ་རུ་རིན་པོ་ཆེའི་རིགས་ཐོགས་ཚད་ཞོ་སྲང་བྲེ་ཆེན་གཅིག༴ཅེས་ཐུར་སྲང་གི་གཞལ་ནས་བཏབ་བོ། །དེང་ཕྱིན་ཆད་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ་གནོད་ཅིང་འཚེ་བར་མ་བྱེད་ཅིག །ཁྲམ་ལ་བཏབ་པ་ཕྱིས། རྩིས་ལ་བབ་ན་སྤོས། ཞགས་པས་བཏབ་ན་ཁྲོལ། བཟུང་བ་ཐོངས། མནན་པ་ཁྱོག །དུས་ཀྱི་ཆད་པ་ལས་གྲོལ་བར་མཛོད་ཅིག །ཅེས་གཟུངས་དང་སྤེལ་མར་བརྒྱའམ་བསྲུང་བྱའི་ལོ་གྲངས་བཏོན་ལ་ཚར་རྗེས་མར་རོལ་མོའི་ཞབས་ལག་ལེན་པ་རྣམས་ནས། ད་ནི་འཇལ་གྲངས་མང་བས་བྲེ་ཡང་ཆག་ཐལ་ལོ། །བརྗོད། ཡང་། ད་ནི་
བཀྱག་ཆེ་བས་རྒྱ་སྲང་འཐོར་སོང་ངོ་། །ཡང་། ད་ནི་གཞལ་གཞལ་གྱིས་ཐུར་སྲང་ཡང་ཆག་གྲུམ་ཐལ་ལོ། །བརྗོད་ཅིང་སོ་སོར་བཅག་གཏིབ་བྱས་ལ་བཏབ་བོ། །དང་པོ་ཚེ་གཟུངས་འདོན་དུས་ནས་བྱང་ཕྱོགས་པ་རྣམས་ཀྱིའང་རྔ་སྒྲའི་གཟུངས་ཚར་རེ་འདོན་ལ། ཉའི་ཤ་རུས་ཀྱི་དུད་པས་གོས་དང་ཚོན་སྐུད་བདུག་ཅིང་། འགུགས་པའི་རྒྱས། རྗེ་བཙུན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ཆོས་ཀྱི༴དགེ་འདུན༴དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་ཐམས་ཅད་དང་། གསང་སྔགས་དང་རིགས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྒྱུ་སྦྱོར་ཡོན་གྱི་བདག་པོའི་ཚེ་དང་སྲོག་ལ་ཉེ་བར་འཚེ་བའི་ནད་གདོན་བར་ཆད། བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཚོན་སྐུད་སྣ་ལྔ་འདི་ལ་ཁུག་ཅིག །ཊཱ་ཀྐི་ཧཱུྃ་ཛཿལན་གསུམ་བརྗོད། ཅེས་གཟུངས་དང་བདེན་བརྗོད་སྤེལ་མ་བརྒྱའམ་ལོ་གྲངས་བརྗོད་ནས་ཕན་ཚུན་གཉིས་ཀྱི་འདོན་གྲངས་འཐེབ་པ་དང་། འབྲང་རྒྱས་ཕྱེད་གཤགས་པའི་ནག་པོའི་སྒྲོན་མེ་སྤར་བ་དང་། ཁྲུས་ཆུའི་ཁམ་ཕོར་བཅས་གཤིན་རྗེའི་མདུན་དུ་བཀོད་ནས་གྲལ་མདོར་ཁྱེར་ལ་ཁ་ལྷོར་བསྟན་ལ་རོལ་མོ་དང་བཅས། སྒྲུབ་པོ་རྣམས་ལྷའི་ང་རྒྱལ་དང་ལྡན་པས། འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་
མོ་ཀུན་གྱི་ཚོགས་རྗེ་པོ། །གསོན་གཤིན་ཀུན་གྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤེད་བུ་ཆེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་བདག་ལ་ཉོན། །ཁྱོད་ཀྱི་འཁོར་གྱི་ཡི་དྭགས་ལ། །བཟའ་བ་བཟང་པོ་འདི་འབུལ་གྱི། །འདི་ཟོ་འཁོར་གྱི་ཡི་དྭགས་རྣམས། །མ་འཚེ་བར་ནི་གནས་སུ་དེངས། །ཞེས་དང་། མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཀྱི་བར་དང་། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུངས་ནས་ནི། །གདོན་དེ་
རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ༀ་སརྦ་བིགྷྣཱན་གཙྪཿཞེས་ལྷོ་ཕྱོགས་གྲོང་ཟད་པའི་མཚམས་སུ་བསྐྱལ་བཅུག །དེ་ནས་གོས་ཀྱི་ཚོན་སྐུད་བཀྲོལ་ནས་བསྒྲུབ་བྱ་རྐང་ལག་བསྣོལ་བའི་ཡན་ལག་ལྔ་བཅིངས་ཤིང་། ཁམ་ཕོར་འོ་ཆུས་བཀང་བའང་མདུན་དུ་བཞག་ལ། སློབ་དཔོན་གྱིས་གྲི་འཛིན་ཅིང་། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་གཙོ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་རྣམས་ཀྱིས། །ཆེ་གེ་ཞེས་བྱའི་སློབ་མ་འདིའི། །བྱད་ལྟེམས་ལས་རྣམས་ཆད་གྱུར་ཅིག །ༀ་སརྦ་བྷནྡྷ་ཀ་ཀ་ར་ཏཙྪི་ད་ན་ཡ་སྭཱ་ཧཱ། ཚོན་སྐུད་དུམ་བུ་མང་དུ་གཏུབ་ཅིང་། ལས་བུམ་གྱི་ཆུ་ཐིགས་རེ་དང་བཅས་ཁམ་ཕོར་དུ་དོར་བཞིན་པས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །དེ་བཞིན་དུ་ཆོས་དགེ་འདུན་ལ་སྦྱར་ཞིང་གོང་ལྟར་བྱ།
སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །དེ་བཞིན་དུ། ཆོས༴། དགེ་འདུན༴། རང་སངས་རྒྱས་ཀྱི༴། དགྲ་བཅོམ་པའི༴། ཕྱིར་མི་འོང་བའི༴། རྒྱུན་དུ་ཞུགས་པའི༴། བདེན་པར་སྨྲ་བའི༴། ཚངས་པའི་བེ་ཅོན་གྱིས་དུག༴། དབང་པོའི་རྡོ་རྗེའི༴། ཁྱབ་འཇུག་གི་འཁོར་ལོས༴། མེ་ལྷའི་དབལ་གྱིས༴། ཆུ་ལྷའི་ཞགས་པས༴། ལྷ་མ་ཡིན་གྱི་རྒྱུས༴ཀླུའི་རིགས་སྔགས་ཀྱིས༴། དྲག་པོའི་མདུང་རྩེས༴། སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག །ཆུ་ཡི་ནང་༴། མེའི༴། རླུང་གི༴སོགས་བརྗོད་ཚེ་གོང་བཞིན་བྱས་ལ་མཐར་ཁྲུས་ཆུ་གོས་དང་ལྷན་ཅིག་བྱང་ཕྱོགས་གྲོང་ཟད་སར་བསྐྱལ། སྔ་རྗེས་གཉིས་ཀར་ཡར་འོང་དུས་ཕྱི་མིག་མི་བལྟ་བར་གནད་ཡིན་གསུངས། དེ་ནས་འབྲང་རྒྱས་དཀར་པོ་ལ་སྒྲོན་མེ་སྤར་ཞིང་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས། མཚན་སྔགས་ལ། ན་མཿསརྦ་བཏགས་པ་གསུམ་གྱིས་ལྷ་ལ་འབུལ་ནས་བསྒྲུབ་བྱར་གཏད་དེ། དབྱངས་དང་བཅས། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ནས་ནད་ཀུན་ལ། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །མཚན་སྔགས་བརྗོད་ཅིང་མེ་ཏོག་འཐོར་ལ་ལོངས་སྤྱོད་
དུ་འཇུག །དེ་ནས་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཁྲུས་ལ་སོགས་པ་བྱ། དབང་མི་བསྐུར་ནའང་བསྒྲུབ་བྱ་བཀྲུ་བྱབ་བསྲུང་པ་དང་། བཀྲ་ཤིས་པའི་རྫས་རྣམས་བྱིན་ལ། རྗེས་ཀྱི་ཚེ་གཞུང་ལས་མཇུག་ཏུ་སཱཙྪ་ཅུང་ཟད་གདབ། ས་ཚོན་ལ་སོགས་ཆུར་དོར་ཏེ། ཚེ་དཔག་མེད་པའི་གཟུངས་ཀྱང་འདོན་ཞེས་གསུངས་པས་རང་གཞན་གཉིས་ཀས་སཱཙྪ་གདབ་པ་དང་། ཚེ་གཟུངས་བཟླ་ཞིང་ཚེ་ཐར་བཏང་བ་སོགས་ངེས་པར་བྱའོ། །ཞེས་བླ་མ་རིན་ཆེན་མགོན་གྱིས་གསོལ་བ་བཏབ་པའི་ངོར་གར་དབང་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་ཡན་ལག་གི་ཞལ་སྔ་ནས། དཀྱིལ་ཆོག་བསྩལ་བ་གཞིར་བཞག་ནས་སྨིན་དབང་གི་སྐབས་དང་། འཆི་བསླུའི་འདོན་བྱ་ལག་ལེན་རྣམས་སྔོན་རབས་མཁས་དང་གྲུབ་པའི་ལེགས་བཤད་དག་གི་ཉེ་བར་བརྒྱན་ཏེ། སི་ཏུ་པདྨའི་མིང་ཅན་གྱིས་བཀོད་བའི་དགེ་བས་འགྲོ་རྣམས་འཆི་མེད་རྟག་པའི་རྡོ་རྗེའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལམ།། །།