འབྲི་རྒྱལ་གཉན་ལྡང་དང་མུ་ནམ་བཅས་ཀྱི་བསང་མཆོད་རིན་ཆེན་ཆར་འབེབས།
འབྲི་རྒྱལ་གཉན་ལྡང་དང་མུ་ནམ་བཅས་ཀྱི་བསང་མཆོད་རིན་ཆེན་ཆར་འབེབས་ཞེས་པ་བཞུགས། ན་མོ་མ་ཧཱ་གུ་རུ་རཏྣ་པདྨཱ་ཀ་ར་ཡེ། འདིར་དཀར་པོ་ལྷའི་སྡེ་དཔོན་རིགས་ཆོས་རྒྱུད་སྲུང་འབྲི་རྒྱལ་གཉན་པོ་དང་། རྡོ་རྒྱལ་བཅས་ལ་བསང་མཆོད་སྤྲོ་བས་དང་པོ་དཀོན་མཆོག་གི་རྟེན་དྲུང་དུ་བསང་གཞུང་གང་ཡིན་དེའི་དགོས་ཆས་སྤྱི་དང་བྱེ་བྲག་ པ་གང་དགོས་རྣམས་འདུ་བྱས ་ལ། དམིགས་བསལ་གཞི་དཀར་པོའི་སྟེང་དུ་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་གཉིས་ཕན་ཚུན་དུ་བཀོད། དེ་སྟེང་མཉྫི་ལྟ་བུའི་ཁར་དཀར་བཤོས་གཙོ་འཁོར་ལྔ་ཚོམ་ཅན། རྩེར་ཉི་ཟླས་བརྒྱན་བ་གཉིས་ལ། དར་སྣ། སྟག་གཟིག་རས་མོ། ཁྱུང་དང་སེང་གེ་གཡུ་འབྲུག །བྱ་དང་རི་དྭགས་གཡུང་དྭགས་ལ་སོགས་དཀོར་ནོར་གཟུགས་འགྲོས་རིགས་སྤར་དུ་བཏབ་པ་མང་པོས་བརྒྱན་ཅིང་བསྐོར། མཆོད་ཡོན་སོགས་ཉེར་སྤྱོད་ཀྱི་མཆོད་པ་དང་། གྲངས་ཅི་ཙམ་འདོན་ན་དེ་ལ་དཀར་གཏོར་གཉིས་རེ་དང་། ཕུད་ཕོར་གཙང་མར་གསེར་སྐྱེམས།
རིན་ཆེན་ཕྱེ་མ། སྨན་སྣ། འབྲུ་སྣ། ཟས་སྣ། ཡོས་བཀྲ། ཕྱེ་མར། ཇ་ཆང་། དཀར་ཕུད་སོགས་བཤམས། བསང་ཁང་དུ་བཟང་ཤིང་སྤོས་སྨན་གང་འཛོམས་ཀྱི་རིགས་རྣམས་སྤུངས་ཤིང་། བསང་གཞུང་སྤྱི་ལྟར་བཏོན་ལ་སྐབས་མཚམས་ཞིག་ཏུ། སླར་ཡང་མཆོད་རྫས་རྣམས། ༀ་བཛྲ་ཨ་མྲི་ཏས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་བསང་ཁང་བཟང་། །རབ་དཀར་ཟླུམ་འཁྱིལ་དེ་དབུས་དྲི་བསུང་ངད། །རྨད་བྱུང་སྨན་སྤོས་བདུད་རྩི་ཅན་གྱི་ཤིང་། །རྣམ་མང་བདུག་པའི་སྤྲིན་ཕུང་ཕྱོགས་ཀུན་ཁྱབ། །གཞན་ཡང་སྐབས་གསུམ་གདེངས་ཅན་མིའི་འགྲོ་བའི། །ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དཔག་ཏུ་མེད། །མཆོད་རྫས་དངོས་པོ་བཟང་ཞིང་རྒྱ་ཆེ་བ། །མཐའ་ཀླས་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཀུན་བཟང་ཏིང་འཛིན་སྨོན་ལམ་ལས་གྲུབ་པའི། །འདོད་པའི་ཡོན་ཏན་བསམ་མི་ཁྱབ་པར་གྱུར། ༀ་ཨ་ཀ་རོས་ལན་གསུམ་བྱིན་བརླབས་ལ། ཀྱཻ། སྐྱབས་གནས་ཐུགས་རྗེའི་བདག་ཉིད་ཅན། །སྐལ་བཟང་ཞིང་གི་འདྲེན་པ་མཆོག །སྟོང་དང་རྩ་གཉིས་འབྱོན་པའི་གནས། །ལྷོ་རྒྱལ་ཛམ་གླིང་དབུས་འགྱུར་འཆང་། །རྒྱ་གར་འཕགས་ཡུལ་རྡོ་རྗེ་གདན། །བྱང་གི་ཆར་བརྟེན་གངས་ཅན་ལྗོངས། །འཇིག་རྟེན་དབང་ཕྱུག་གདུལ་བྱའི་ཞིང་། །བོད་ཆེན་མདོ་ཁམས་གླིང་ཁྲི་སྨད། །འབྲི་རྒྱལ་ཆོས་
ཀྱི་འཕེན་ཕྱུག་གིས། །སྐྱོང་བའི་སྦས་ཡུལ་ཨ་ཏ་རོང་། །རྗེས་འབྲེལ་ཆུ་བོ་གསེར་ལྡན་ངོགས། །རིན་ཆེན་ས་འཛིན་མར་གད་མདངས། །མཐོ་ལ་བརྗིད་ཅིང་རྫ་དང་བྲག། སྲ་བརྟན་གཞོམ་བྲལ་རྡོ་རྗེའི་རྫོང་། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །བདུད་བཏུལ་གསང་སྔགས་ཆོས་འཁོར་བསྐོར། །བར་དུ་པདྨ་ཐོད་ཕྲེང་གིས། །བྱིན་གྱིས་བརླབས་ཤིང་ཟབ་གཏེར་སྦས། །ཐ་མར་ལས་ཅན་ཆོས་བདག་གིས། །གནས་གཏེར་སྒོ་འབྱེད་འགྲོ་དོན་སྐྱོང་། །གདོད་ནས་རྣམ་དག་ས་སྤྱོད་ཞིང་། །མཐོང་ཐོས་རེག་པ་ཙམ་གྱིས་ཀྱང་། །བདེ་ཆེན་ཐར་པའི་ལམ་ལ་སྦྱོར། །རྩ་བ་བརྒྱུད་པའི་བླ་མ་རྣམས། །ཐུགས་རྗེའི་ཆུ་འཛིན་ཐིབས་སེ་ཐིབ། །ཡི་དམ་ཌཱ་ཀིའི་དཀྱིལ་འཁོར་གསལ། །དངོས་གྲུབ་སྦྲང་ཆར་སི་ལི་ལི། །ཆོས་སྐྱོང་དམ་ཅན་གཞི་གནས་བདག །མྱུར་མགྱོགས་ཕྲིན་ལས་སྤྲིན་སྒྲ་སྒྲོགས། །ངོ་མཚར་མངོན་འཕགས་བཀོད་ལེགས་ཀྱི། །དགེ་མཚན་རེ་ཁཱ་ཅི་ཡང་འཆར། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །ཕོ་བྲང་གཞལ་ཡས་ཉམས་རེ་དགའ། །ས་གསུམ་དཔལ་འབྱོར་འདོད་དགུའི་མཛོད། །གནོད་སྦྱིན་ནོར་དབང་འགྲན་བཟོད་པ། །དཀར་པོ་ལྷ་ཡི་སྡེ་དཔོན་ཆེ། །སངས་རྒྱས་བསྟན་སྲུང་ཕས་རྒོལ་འཇོམས། །རི་དབང་སྤུན་དགུའི་ཡ་གྱལ་དུ། །གྲགས་ལྡན་ཆོས་ཀྱི་བདེན་
མཐོང་བ། །འབྲི་རྒྱལ་རྡོ་རྗེ་བློ་གྲོས་ནི། །རབ་དཀར་སྟོན་ཟླ་དང་མཚུངས་པ། །མཐོ་རིས་བདག་པོའི་ཁེངས་འཕྲོག་བྱེད། །ཞི་འཛུམ་སྒེག་པའི་ཉམས་དང་ལྡན །དར་དཀར་ཐོད་བཅིངས་རིན་པོ་ཆེའི། །སྙན་རྒྱན་མགུལ་རྒྱན་དོ་ཤལ་འཕྱངས། །ཕྱག་གཡས་བ་དན་དཀར་པོ་འཕྱར། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་། །གཡོན་པས་བཅུད་བཀང་རིན་ཆེན་བུམ། །སྒྲུབ་ལ་དངོས་གྲུབ་ཆར་ལྟར་འབེབས། །ལྷ་ཡི་རེག་བྱ་ཀུནྡའི་མདོག། ལྷབ་ལྷུབ་དར་གྱི་ན་བཟའ་དང་། །མདངས་ལྡན་རྨ་བྱའི་བེར་ཐུལ་གསོལ། །ཞབས་ཟུང་རིན་ཆེན་མཆིལ་ལྷམ་མཛེས། །དར་སྟན་གསེར་སྒ་རིན་ཆེན་རྒྱན། །ཅང་ཤེས་ངང་དཀར་རྩལ་ལྡན་ཆིབས། །ཕྱི་ནང་གསང་བའི་དགྱེས་སྡེ་དང་། །སྲས་ལྕམ་མཆེད་འཁོར་སྤྲུལ་པ་དང་། །ཡང་སྤྲུལ་དཔུང་གི་ཚོགས་དང་བཅས། །རིགས་མཐུན་རྒྱན་དང་ཆ་ལུགས་རྣམས། །མ་ངེས་སྣ་ཚོགས་སོ་སོར་སྟོན། །སྔོན་གྱི་ཐུགས་དམ་དྲན་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀྱཻ། སངས་རྒྱས་ཆོས་ཀྱི་བཀའ་ཉན་པ། །ཤར་ཕྱོགས་མངའ་རིས་དབང་བསྒྱུར་ཞིང་། །སྟོབས་ཀྱི་དཔུང་པས་ལེགས་བརྟེན་པའི། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་པོ། །ཀཻ་ལཱ་ཤ་ཡི་ལྷུན་པོ་ལ། །གནས་བཅས་ལྷ་ཡི་དགའ་ཚལ་བཞིན། །
རྐང་འཐུང་ལྗོན་པ་སྨན་དང་ནི། །མེ་ཏོག་མཚོ་རྫིང་ཉལ་འགྲོའི་རྒྱུན། །དུས་བཞིར་ལས་བཞིའི་ཁ་དོག་བསྒྱུར། །འདབ་ཆགས་རི་དྭགས་སྤུ་སྡུག་རྣམས། །འཚེ་བ་དང་བྲལ་བག་ཡངས་རྒྱུ། །ནང་ལྟར་རིན་ཆེན་ཁང་བཟང་མཛེས། །དབྱིབས་ལེགས་ཡིད་འོང་ལྟ་ན་སྡུག །དེར་བཞུགས་ལྷ་ཡི་དགེ་བསྙེན་ནི། །རྡོ་རྗེ་གཡུང་དྲུང་དཔའ་རབ་འབར། །མདོག་དཀར་དགྱེས་པའི་འཛུམ་ཞལ་གཡོ། །སྐུ་ལ་དུང་ཁྲབ་དར་བེར་བཀླུབས། །དུང་རྨོག་ཁྱུང་དར་སྟག་འཕྲུ་ལྡེམ། །སྣ་ཚོགས་རིན་ཆེན་ཕྲེང་བས་བརྒྱན། །ཕྱག་གཡས་དར་དཀར་བ་དན་དང་། །གཡོན་པས་རཏྣའི་གཞོང་པ་བསྣམས། །སྟག་གདོང་གཟིག་ཤུབས་རལ་གྲི་སོགས། །འཁོར་གསུམ་སྐེད་བསྐོར་ཟ་འོག་གི། །ལྷམ་གསོལ་དུང་རྟ་གཡུ་རྔོག་ཅན། །རིན་ཆེན་སྒ་སྲབ་དར་སྟན་མཛེས། །རླུང་གི་རྩལ་ལྡན་ཆིབས་སུ་བཅིབས། །མཆེད་དང་བཙུན་མོ་སྲས་འཁོར་རྣམས། །རྣམ་འགྱུར་ཅིར་ཡང་སྟོན་ཅིང་བསྒྱུར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་མྱུར་བར་གཤེགས་སུ་གསོལ། །ༀ་བྷཱུ་མི་པ་ཏི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཞེས་སྙན་པའི་དབྱངས་དང་རོལ་མོ་བཅས་ཀྱིས་སྤྱན་འདྲེན་ལ། དེ་ནས་བཞུགས་སུ་གསོལ་བ་ནི། ཀྱཻ། སྐུ་མཁར་འཕྲུལ་གྱི་ལྡིང་ཁང་རྒྱ་རེ་ཆེ། །སྣ་ཚོགས་རིན་ཆེན་ཁྲི་བཤམས་བཀོད་རེ་ལེགས། །པདྨ་འདབ་རྒྱས་ཟླ་
གདན་མདངས་རེ་གསལ། །སྤྱན་གཟིགས་དཀོར་ཆས་རྣམས་ནི་ལྷབ་མ་ལྷུབ། །དགྱེས་རྫས་འདོད་ཡོན་ལོངས་སྤྱོད་སྤུངས་སེ་སྤུངས། །ལྷ་ཆེན་འཁོར་བཅས་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་རང་ཡི་དམ་དུ་གསལ་བའི་ངང་ནས་སྤྱི་བོར་རྡོ་རྗེ་བཞག་པར་དམིགས་ནས་དམ་ལ་བཞག་པ་ནི། ཧྲཱིཿ སྔོན་ཚེ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། །དཀྱིལ་འཁོར་དབང་བསྒྱུར་བཀའ་ཡི་སྲུང་མར་བསྐོས། །བར་དུ་མཚོ་སྐྱེས་པདྨ་རྒྱལ་པོའི་དྲུང་། །ཁས་བླངས་དམ་བཅས་ཟབ་གཏེར་གཉེར་ཁ་གཏད། །ཐ་མར་རིག་འཛིན་རྩ་བརྒྱུད་བླ་མ་ཡི། །སྤྱན་སྔར་བཀའ་བསྒོས་དམ་ལ་བཞག་པའི་ཚེ། །སངས་རྒྱས་བསྟན་པ་སྲུང་བར་མ་ཆད་དམ། །སྒྲུབ་མཆོག་སྐྱོང་བར་ཞལ་བཞེས་མ་ལགས་སམ། །རྡོ་རྗེའི་ཐ་ཚིག་མ་གཡེལ་རྗེས་དགོངས་ལ། །དེང་འདིར་ཆོས་ཀྱི་བརྒྱུད་འཛིན་རྣལ་འབྱོར་པས། །དམ་ཚིག་དབང་གིས་གནས་འདིར་སྤྱན་འདྲེན་གྱི། །བཤམས་པའི་གདན་ལ་དགྱེས་པར་བཞུགས་ནས་ཀྱང་། །མཉེས་པའི་མཆོད་པ་དམ་པ་འབུལ་ལགས་ན། །ཡལ་གམ་གཉན་ལ་མ་འདའ་ས་མ་ཡ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿས་མ་ཡ་རཀྵནྟུ། དེ་ནས་མཆོད་པ་འབུལ་བ་ནི། ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་པས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་དུ།
གཟུགས་མཛེས་དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ༴ མཆོད་སྦྱིན་གྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་བསྔོ་ཞིང་། ཀྱེ་ཧོ། ལྷ་ཡི་དགེ་བསྙེན་ཆེན་པོ་སྨན་བཙུན་སྡེ། །སྲས་ལྕམ་སྤྲུལ་འཁོར་བཅས་པ་ཐམས་ཅད་དང་། །ཟོ་དོར་མུ་ནམ་མཆེད་བརྒྱད་རང་རིགས་སྡེ། །ཆུ་ཤེལ་ནོར་བུའི་འཛུམ་དཀར་རབ་འཚེར་བའི། །དགྱེས་ཞལ་འོད་སྣང་ཕྲེང་བ་ངོམས་པར་མཛོད། །འཆི་མེད་བདུད་རྩི་ཅན་ཤིང་རྣམ་མང་པོ། །མ་ལ་ཡ་ཀླུང་དྲི་བཞོན་དང་མཚུངས་པ། །འབར་གཡོའི་འདུ་བྱེད་མཁའ་ཡི་གླང་པོ་དང་། །དབང་གཞུ་ལྟར་བཀྲའི་ཟེར་མ་རེ་རེ་ལས། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་འདོད་ཡོན་རྣམ་པ་ལྔ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་ནས་སུ། །ཟག་མེད་བདེ་བ་ཆེན་པོ་སྐྱེད་བྱེད་པའི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་མཐའ་ཀླས་པ། །ཀུན་ཏུ་དཀྲིགས་པས་ཞིང་རྣམས་བཀང་བྱས་ཏེ། །བསང་མཆོད་དགྱེས་པ་ཆེན་པོས་བཞེས་སུ་གསོལ། །རོལ་མཚོ་བདུན་གྱི་དཔལ་ལ་ཅོ་འདྲི་བའི། །ཡིད་ལ་སིམ་པ་སྟེར་བའི་དལ་འབབ་རྒྱུན། །དག་གཙང་དྲི་མེད་ཡན་ལག་བརྒྱད་ལྡན་ཆབ། །འབུལ་གྱི་ཐུགས་དམ་དབང་གིས་བཞེས་སུ་གསོལ། །མཐོ་རིས་མེ་ན་ཀ་ཡི་སྤྱོད་ཡུལ་ལས། །ཁྱད་འཕགས་
སྟེང་འཐུང་རྣམ་པ་སྣ་ཚོགས་པ། །འདབ་རྒྱས་གེ་སར་བཞད་པའི་སྐྱེད་ཚལ་རྣམས། །འབུལ་གྱི་ཟག་མེད་བདེ་བས་ཚིམ་པར་མཛོད། །ཧ་རི་ཙནྡན་ལྗོན་པའི་ནགས་ཀླུང་ངོགས། །སྐྱི་བསེར་དལ་བུས་བསྐུལ་འདྲའི་ངད་ལྡང་བ། །དྲི་བསུང་ཕུན་ཚོགས་སྤོས་ཀྱི་བྱེ་བྲག་འཐུལ། །འབུལ་བཞེས་གྲིབ་དང་མི་གཙང་སེལ་གྱུར་ཅིག །ཕྱོགས་ཀྱི་གོ་སྐབས་གསལ་བར་བྱེད་པ་ཡི། །རིན་ཆེན་སྒྲོན་མེའི་བྱེ་བྲག་ཇི་སྙེད་པ། །སྲིད་པའི་སྣང་བྱེད་འོད་ཟེར་དང་མཚུངས་འདི། །འབུལ་གྱི་དགྱེས་པ་ཆེན་པོས་རོལ་པར་མཛོད། །གང་ཞིག་རེག་པས་བདེ་བའི་དཔལ་སྟེར་བྱེད། །ག་བུར་ཙནྡན་སིཧླ་གུར་གུམ་དང་། །ཨ་ག་རུ་སོགས་བྱུག་པའི་རྣམ་པ་གང་། །འབུལ་བཞེས་ཉམས་ཆག་བསྐང་ཞིང་དག་གྱུར་ཅིག །ལྷ་མིའི་ཞལ་ཟས་རོ་བཅུད་བརྒྱ་ལྡན་པའི། །བཟའ་བཏུང་བཅའ་བ་བལྡག་གཞིབ་མཆིས་སོ་ཅོག །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་བ་འདི། །འབུལ་གྱི་གཡར་དམ་གཉེན་པོ་བསྐང་གྱུར་ཅིག །གནྡྷར་དཔལ་མོའི་དབྱངས་ལ་སྙེམས་སྟེར་ཞིང་། །མིའམ་ཅི་ཡི་སྐད་གདངས་ཟིལ་གནོན་པའི། །སྒྲ་སྙན་རོལ་མོའི་བྱེ་བྲག་ཅི་ཡང་ལྡིར། །ཐོས་འཛིན་དཔྱིད་དུ་དགྱེས་བརྩེར་རོལ་པར་མཛོད། །ༀ་མ་ཧཱ་དེ་ཝ་ཨུ་པ་སི་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤབྡ་
པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། ཞེས་རོལ་མོའི་རིགས་རྣམས་གང་ཡོད་བསྒྲགས་ལ། དེ་ནས་སྐྱེམས་དང་ཕྱེ་མར་གཏོར་མ་ལ་སོགས་མཐུན་རྫས་རྣམས་འབུལ་བ་ནི། ཧོ། རིན་ཆེན་བཻ་ཌཱུཪྱ་ཡི་ཡོལ་གོ་རུ། །ཛ་གད་དཔའ་བོའི་ཉིང་ཁུ་རྒྱ་མཚོར་འཁྱིལ། །གསེར་དངུལ་གཡུ་སོགས་རིན་ཆེན་འབྲུ་སྣ་སྨན། །རྨད་བྱུང་བཅུད་ལེན་ལྟ་བུར་དགྱེས་པར་རོལ། །རིན་ཆེན་ཨཱིནྡྲ་ནཱི་ལའི་སྣོད་ཡངས་པར། །རྩི་བཅུད་ཡོངས་འདུ་དཀར་ཕུད་གཙང་མ་དང་། །ཙཱི་ནའི་ལྗོན་འདབ་ལས་བྱུང་ཕུད་རྒོད་སྐྱེམས། །འབུལ་བཞེས་ཐུགས་ཀྱི་དགྱེས་པ་བསྐང་གྱུར་ཅིག །བ་ལིཾ་དཀར་བཤོས་རི་ལྟར་ཟངས་སེ་ཟང། །རྩེ་རྒྱན་ཉི་ཟླའི་མདངས་འོད་ཏ་ལ་ལ། །དར་སྣ་སྟག་རས་གཟིག་རས་ལྷབས་སེ་ལྷབ། །ཁྱུང་འབྲུག་འདབ་ཆགས་རྣམས་ནི་འཕུར་ལྡིང་འཕྱོ། །གདོང་ལྔའི་དབང་དང་སྟག་གཟིག་གཅན་གཟན་རྣམས། །གཏུམ་ཞིང་རྔམ་པའི་ངར་སྐད་སྒྲོག་ཅིང་རྒྱུ། །རི་དྭགས་གནག་ཕྱུགས་ཁྱུ་ཆེན་མེ་རེ་རེ། །ཕྱེ་མར་ཟས་ཕུད་རྣམས་ནི་སྤུངས་སེ་སྤུངས། །ནམ་མཁའ་མདའ་འཕང་རྒྱང་བུ་ལྡེམས་སེ་ལྡེམ། །ཤེལ་ཚིག་ཁྲི་དཀར་སྟོང་ནག་རྐང་འགྲོས་རིགས། །རྟ་གཡག་ར་ལུག་དུ་མར་སྤྲུལ་པ་དང་། །གོ་མཚོན་དཔའ་རྟགས་རྔམ་ཆས་སྐྱི་གཡའ་བར། །གཞན་ཡང་ལྷ་མིའི་དཀོར་ནོར་བསམ་ཡས་པ། །བཀོད་ལེགས་ཚར་དུ་དངར་བ་ལྟ་ན་སྡུག །
རྒྱ་ཆེན་རྒྱུན་མི་ཆད་པར་བློས་བླངས་ནས། །རྣམ་དག་ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ། །ཁྱད་པར་ཞི་བ་བསང་གིི་དུད་སྤྲིན་འདིས། །དཀར་ཕྱོགས་ལྷ་ཀླུ་སྡེ་བརྒྱད་ཐམས་ཅད་ལ། །སྙིགས་ལྔའི་དུས་ཀྱི་སེམས་ཅན་སྤྱོད་ངན་དབང་། །གནས་དང་གཞི་ཡི་བདག་རྣམས་ཉམས་ཤིང་གུད། །འཁྲུལ་དྲིས་ནོངས་པས་བསླད་པའི་དམ་གྲིབ་དང་། །མཁོན་གྲིབ་དམེ་གྲིབ་དག་གཙང་སངས་གྱུར་ཅིག །ཕོག་ཐུག་འགལ་བར་གྱུར་པ་གང་མཆིས་པ། །བཟོད་པར་བཞེས་ལ་བྱང་དག་ཚངས་པར་སྩོལ། །ༀ་བྷཱུ་མི་པ་ཏི་མ་ཧཱ་དེ་ཝ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་རོལ་མོ་དང་བཅས་བསང་རྫས་མཆོད་པ་རྣམས་ཕུལ་ལ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པའི་ཆོས་ཀྱི་སྦྱིན་པའང་བྱ་སྟེ། ཐལ་སྦྱར་དྲིལ་གསིལ་དང་བཅས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །དེ་ནས་བསྟོད་པ་ནི་རོལ་མོ་དང་བཅས། ཀྱེ་ཧོ། སྲིད་པའི་ལྷ་ཆེན་མཐུ་ལྡན་དྲེགས་པའི་ཚོགས། །ཀུན་གྱི་རྗེ་བོར་ལེགས་བྱས་བྱེ་བ་བརྒྱས། །མངོན་པར་འཕགས་པའི་བསྟན་སྐྱོང་ཁྱོད་ཀྱི་ཚུལ། །མཐོང་ནས་རབ་སྙན་དབྱངས་ཀྱིས་བསྟོད་པར་བགྱི། །མ་
ར་ཏ་ཀའི་ཞུན་མས་ལེགས་བཀྲུས་པའི། །བཻ་ཌཱུཪྱ་ཡི་ས་འཛིན་དྭངས་བའི་ངོགས། །དུས་བཞིའི་ངོ་མཚར་འཆར་བའི་ཨཱ་དཪྴ། །ལྕང་ལོ་ཅན་གྱི་ཕོ་བྲང་ཉིད་དང་མཚུངས། །འཆི་མེད་ལྷ་ཡི་བཏུང་པའི་ཡོན་ཏན་གང་། །བློ་ལྡན་བློ་ལ་རི་མོར་འདྲིར་བཟོད་པའི། །ཡན་ལག་བརྒྱད་ལྡན་དལ་གྱིས་འབབས་པ་དང་། །གཡའ་སྤང་སྨན་ལྗོངས་མེ་ཏོག་ཚལ་ཆེན་པོར། །དྲི་ཟའི་གླུ་ཡིས་མགྲིན་པར་མཛེས་པ་ཡི། །སྦྲང་རྩིའི་ཆང་མྱོས་དགའ་བའི་གཤོག་རྩལ་སྒྱུར། །སྣ་ཚོགས་རྐང་འཐུང་ལྗོན་པའི་ཡལ་འདབ་རྩེར། །འདབ་ཆགས་རྣམས་ཀྱང་རྩེ་འཇོའི་འཕུར་ལྡིང་གཡོ། །རི་སྐྱེས་རྐང་བཞི་པ་རྣམས་བག་ཕེབས་ཤིང་། །མཐོ་རིས་བདག་པོའི་དཀོར་ནོར་བཞིན་དུ་རྒྱུ། །མདོར་ན་ཛམ་བུས་མཚན་པའི་གླིང་མཆོག་གི། །ཕུན་ཚོགས་དཔལ་ཀུན་གཅིག་ཏུ་སྤུངས་པ་བཞིན། །ཕྱི་ལྟར་ཡིད་ཅན་མིག་ལ་སིམ་པ་བསྐྱེད། །ནང་ལྟར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི། །རང་བཞིན་དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པ། །དཔའ་བོ་མཁའ་འགྲོ་རྟག་ཏུ་འདུ་བའི་ཞིང་། །ཨོ་རྒྱན་རང་བྱུང་གནས་མཆོག་གཉིས་པ་སྟེ། །གསང་བ་དོན་དམ་ཧེ་རུ་ཀ་ཡི་གནས། །དངོས་ཀུན་ཉེར་ཞི་རྡོ་རྗེ་བཙུན་མོའི་མཁའ། །མཐའ་ཡས་ཞིང་གི་ཡོན་ཏན་ཇི་སྙེད་པ། །ཅིག་ཆར་རྫོགས་པའི་ངོ་མཚར་བརྗོད་ལས་འདས། །
གནས་དེར་བསྟི་བའི་ལྷ་མཆོག་དགེ་བསྙེན་ཆེ། །བསྟན་ལ་རབ་གུས་རྣལ་འབྱོར་སྐྱོང་བའི་བློ། །དཀར་བ་ཐུན་མོང་ཉིད་གྱུར་སྐུ་མདོག་དང་། །ཆ་ལུགས་ཞོན་པ་འཁོར་ཚོགས་བགྲང་ཡས་རྣམས། །གང་ཞིག་མཆོད་ཅིང་བསྙེན་ལ་རེ་བའི་ཡིད། །ཤིང་རྟ་འགེངས་ཤིང་མཐུ་སྟོབས་གཟི་བྱིན་གྱིས། །བཀའ་འདས་ཉམས་པའི་ལོག་འདྲེན་དགྲ་བགེགས་རྣམས། །རྩད་ནས་གཅོད་ཅིང་ཐལ་བར་རློག་བྱེད་པ། །ཆོས་ཀྱི་སྲུང་མ་འཁོར་དང་བཅས་ལ་བསྟོད། །ཅེས་དང་། ཀྱཻ། ཕྱི་ལྟར་གངས་ཅན་རི་བོ་ལ། །དོ་ཟླར་བྱེད་པའི་ཁ་བའི་རྡུལ། །རབ་བརྩེགས་བཀྲ་ཤིས་རྟགས་ཀྱི་གྲངས། །མཐོ་ལ་བརྗིད་ཅིང་དགུང་དུ་བསྙེགས། །ནང་ལྟར་རིན་ཆེན་ལས་གྲུབ་པའི། །སྐུ་མཁར་གཞལ་ཡས་བཀོད་ལེགས་ཤིང་། །རྣམ་པར་རྒྱལ་བའི་ཕོ་བྲང་ནི། །ལྗོངས་འདིའི་དཔྱིད་དུ་འཕོས་པ་བཞིན། །དེར་གནས་དཀར་ཕྱོགས་སྐྱོང་བ་དང་། །རྒྱལ་བསྟན་སྲུང་བའི་མེལ་ཚེ་མཁན། །དམ་ལྡན་རྣལ་འབྱོར་བཀའ་ཉན་ཞིང་། །དམ་ཉམས་བསྟན་དགྲའི་དཔུང་གཞོམ་པ། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་ནི། །ལྷ་ཡི་རྫིང་རིང་མཛེས་པའི་གཉེན། །རྒྱུ་སྐར་བདག་པོའི་ཁེངས་འཕྲོག་པའི། །སྐུ་མདོག་ཕྱག་མཚན་བཞོན་པར་བཅས། །སྲེད་མེད་བུ་དང་གདོང་བཞི་པའི། །སྒྱུ་རྩལ་རང་དབང་ཉིད་གྱུར་པ། །མྱུར་མགྱོགས་མཐུ་
རྩལ་སྟོབས་དང་ལྡན། །རིགས་མཐུན་སྤྲུལ་དང་ཡང་སྤྲུལ་ཚོགས། །མ་ལུས་འཁོར་དང་བཅས་རྣམས་ལ། །དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །གྲངས་འདོན་པའི་ཚེ། གོང་གི་དེ་བཞིན་གཤེགས་པའི་མཚན་ནས་མཐར་ཆགས་སུ་བཏོན་ལ། ཚར་རྗེས་མར་མཆོད་གཏོར་ལྔ་ཚོམ་ཅན་གཉིས་དེ་ཡང་འབུལ་ནས། འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། ཀྱཻ། གསོལ་ལོ། མཆོད་དོ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་ཞིང་། རྣལ་འབྱོར་སྒྲུབ་པ་པོའི་སྡོང་གྲོགས་མཛད་པར་ཞལ་གྱིས་བཞེས་པའི་དཀར་པོ་ལྷ་ཡི་སྡེ་རིས་ཡོངས་ཀྱི་གཙོ་བོ། རིགས་ཆོས་རྒྱུད་ཀྱི་སྲུང་མ་གཉན་པོ། སྲིད་པའི་ལྷ་ཆེན་རྡོ་རྗེ་བློ་གྲོས་རྩལ་སྨན་བཙུན་དགྱེས་སྡེ་མ་མོའི་ཚོགས་དང་། ལྷ་རིགས་ཀྱི་སྲས་ལྕམ་རྣམས་དང་། ཕྱི་ནང་བཀའ་ཡི་ལས་བྱེད་བློན་འཁོར་ཕོ་ཉ་སྤྲུལ་དང་ཡང་སྤྲུལ་ལྷ་ཀླུ་གཉན་གྱི་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ་ཁྱེད་རྣམས་གསོལ་ལོ་མཆོད་དོ། །བསྟོད་དོ། །བསྔགས་སོ། །སྒྲུབ་པོ། །བརྟེན་ནོ། །ཀྱཻ། ལྷ་ཡི་དགེ་བསྙེན་དམ་པ་ཆོས་ཀྱི་སྲུང་མ། ཤར་གྱི་ཕྱོགས་སྐྱོང་རྡོ་རྒྱལ་མུ་ནམ་གཉན་པོ་རྡོ་རྗེ་གཡུ་དྲུང་དཔལ་འབར་དུང་གི་མི་ཕོ་ཆེན་པོ་མཆེད་ཟླ་བརྒྱད། ལྷ་སྨན་བཙུན་མོ་སྲས་དང་འཁོར་ཚོགས་ལས་མཁན་སྤྲུལ་པ་སྡེ་དཔུང་བསམ་གྱིས་མི་ཁྱབ་པ་ཁྱེད་རྣམས་གསོལ་ཞིང་མཆོད་
དོ། །བསྟོད་ཅིང་བསྔགས་སོ། །སྒྲུབ་ཅིང་བརྟེན་ནོ། །གནས་དང་ཡུལ་གྱི་བདག་པོ་ཁྱེད་རྣམས་ལ་བཅོལ་པའི་ཕྲིན་ལས་སུ་བྱ་བ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གྲུབ་པའི་དབང་ཕྱུག་ཀརྨ་པཀྴི། བདུད་འདུལ་ནུས་ལྡན་རྡོ་རྗེ་ལ་སོགས་པ་རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བསྒོས་དམ་ཚིག་གཉན་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཁྱད་པར་དུ་སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་ཀརྨ་ཀཾ་ཚང་གི་རིང་ལུགས་རྒྱལ་མཚན་སྲིད་ན་མངོན་པར་མཐོ་ཞིང་བསྒྲེང་བ་དང་། དེ་འཛིན་གྱི་སྐྱེས་མཆོག་རྣམས་ཀྱང་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། འཕགས་ཚོགས་དགེ་འདུན་གྱི་སྡེ་རྣམས་དར་ཞིང་རྒྱས་ལ་བཤད་དང་སྒྲུབ་པའི་འཁོར་ལོས་ས་སྟེང་ཁྱབ་ཅིང་ཡུན་རིང་དུ་གནས་པ་དང་། མི་དབང་ས་སྐྱོང་སྡེ༵་བཞི་མངོན་མཐོའི་ཆབ་སྲིད་བརྟན་ཅིང་དཀར་པོ་དགེ༵་བཅུའི་ཚུལ་ལ་རྟག་ཏུ་གཞོལ་བ་དང་། མཐའ་བཞིའི་དྲེགས་ལྡན་རྣམས་ཀྱང་བློ་དམ་པའི་ཆོས་ལ་བསྒྱུར་ནུས་པ་དང་། མངའ་རིས་ཡུལ་ལྗོངས་རྣམས་སུ་བདེ་སྐྱིད་དཔལ་འབྱོར་དབྱར་གྱི་མཚོ་ལྟར་རྒྱས་ཤིང་།
ཆར་ཆུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས། ནད་དང་མུ་གེ་མཚོན་འཁྲུགས་ཀྱི་བསྐལ་བ་ངན་པ་མི་མཐུན་པའི་རིགས་ཐམས་ཅད་ཞི་ཞིང་རྫོགས་ལྡན་གསར་པའི་ལང་ཚོ་བཞད་པ་དང་། བཀའ་ལས་འདས་པའི་དམ་སྲི་དམ་ལོག་གདུག་འདྲེ་རྒྱལ་འགོང་མི་བསྲུན་པ་དངོས་ཅན་དང་དངོས་མེད་ཐམས་ཅད་དྲག་པོའི་སྟོབས་ཀྱི་ཚར་བཅད་ཅིང་ཕ་མཐར་བསྐྲད་པ་དང་། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ། རྣལ་འབྱོར་སྒྲུབ་པ་པོ་བདག་གིས་བཅོལ་པའི་ལས་དང་དགོས་པའི་དོན་རྣམས་སྒྲུབས། སྡང་བའི་དགྲ་དང་གནོད་པའི་བགེགས་རྣམས་ཐུལ། བར་གཅོད་ཀྱི་རྐྱེན་ཟློག །རྟག་ཏུ་སྲུང་སྐྱོབ་མཛོད། ཚེ་དང་བསོད་ནམས་དཔལ་དང་གྲགས་པ་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། མདོར་ན་གང་བཅོལ་པའི་འདོད་དོན་མཐའ་དག་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་སྟོངས་གྲོགས་དམ་པ་མཛོད་ཅིག །མ་ཧཱ་ས་མ་ཡ་མ་ནུ་སྨ་ར་ཧྲཱིཿ ཞེས་རོལ་མོ་དང་བཅས་གསེར་སྐྱེམས་ནམ་མཁར་མཆོད་དོ། །དེ་ནས་ནོངས་པ་བཟོད་གསོལ་ནི། རྗེ་བཙུན་གོང་མས་བསྙེན་ཅིང་བརྟེན་པའི་ལྷ། །རིགས་ཆོས་བསྟན་སྐྱོང་མ་གྲུབ་རང་འཁོར་
བའི། །རྟག་ཏུ་འགོ་ཞིང་སྲུང་སྐྱོབ་སྡོང་གྲོགས་མཁན། །རྡོ་རྗེའི་དམ་ཅན་ཁྱེད་རྣམས་དགོངས་སུ་གསོལ། །བདག་ཅག་གཉིས་འཛིན་ཀུན་རྟོག་འཁྲུལ་དབང་གིས། །དེང་འདིར་གཏོར་མཆོད་དམན་དང་གཙང་སྦྲ་ཆུང་། །ལེ་ལོ་བག་ཉལ་དབང་གིས་ཉེས་པའི་ཚོགས། །ཐུགས་དང་འགལ་བར་གྱུར་རྣམས་བཟོད་པར་གསོལ། །རྒྱལ་བསྟན་སྲི་ཞུར་ལྷག་པའི་འདོད་དོན་གང་། །ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཤོག །དེ་ནས་བསང་གཞུང་གང་ཡིན་དེ་ལ་འཇུག་པར་བྱའོ། །འདི་ཉིད་ཁོ་ནའི་ཚེ་རྗེས་བསྡུ་ནི། ལྷ་རྣམས་རང་རང་གནས་སུ་བདེར་གཤེགས་ལ། །དུས་དང་དུས་སུ་སླར་ཡང་འབྱོན་པ་དང་། །རྣམ་ཀུན་དཔག་བསམ་ཡོངས་འདུ་དགེ་བའི་ཆར། །ཡིད་ལ་འཇོ་བའི་བཀྲ་ཤིས་མཛད་དུ་གསོལ། །ས་པ་རི་ཝཱ་ར་སྭ་སྦཱ་ནཾ་གཙྪ། ཞེས་པའང་ལྷ་ཆེན་པོ་ཟུང་གིས་དེང་འདིར་ལྷག་པར་ཕྲིན་ལས་ཀྱི་འོད་སྣང་ཆེས་ཆེར་སྤྲོ་བའི་ཆེད་དུ། སྔར་སྲོལ་ཡོད་བཞིན་པའི་བགྲང་བྱ་བསྟར་ཆགས་སུ་གཏང་རག་གི་བསང་མཆོད་སྐབས་འདོན་ཆ་ཁྲིགས་སུ་བསྡེབས་པ་འདི་ནི། སི་ཏུ་པདྨའི་མིང་ཅན་གྱིས་བཀོད་པ་སརྦ་མངྒ་ལམ། །