ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར།
དེ་ཡང་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་ནི། ཇི་སྐད་དུ། རྗེ་ཉིད་ཀྱིས་མཛད་པའི་སྐྱེ་ཕྲེང་གསོལ་འདེབས་ཐར་པའི་འཁྲི་ཤིང་ལས། ཁྱད་པར་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་གར། །ཅིར་ཡང་བསྒྱུར་བའི་བྱེ་བྲག་འཕགས་ཡུལ་གྱི། །གསང་ཆེན་བཀའ་བབ་རྒྱལ་པོ་ཛ་ཞེས་པ། །ཨིནྡྲ་བྷུ་ཏི་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་སྐུ་གསུམ་སྟོན་པའི་གསུང་རབ་ཀུན། །སྡུད་མཛད་སོ་སོའི་རྣམ་པར་སྣང་བ་ལས། །ཞིང་འདིའི་ཐུབ་དབང་དྲུང་དུ་ཀུན་དགའ་བོར། །བསྟན་ཀྱང་ཐ་མི་དད་པར་གསོལ་བ་འདེབས། །གང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་བཞིན། །འགྲོ་ངོར་སྣང་བ་འཇམ་དཔལ་བཤེས་གཉེན་དང་། །མདོ་ལུང་འགྲེལ་མཛད་དུར་ཁྲོད་བདེ་བ་གསལ། །ཀུ་ཀཱུ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །དེ་བཞིན་སློབ་དཔོན་དཔའ་བོ་བི་ན་ས། །ཐུ་མི་སམྦྷོ་ཊ་དང་རྣམ་སྣང་མཛད། །དྷརྨ་བྷ་དྲ་ཟུར་ཆེན་ཤཀྱཱ་འབྱུང་། །གླང་ལུང་པར་གྲགས་རྣམས་ལ་གསོལ་བ་འདེབས། །གཞན་ཡང་དབུ་ཕྱག་སྲོལ་འཛིན་ཇི་སྙེད་དང་། །རྡོ་རྗེ་གླིང་སོགས་ཟབ་གཏེར་སྒོ་འབྱེད་པ། །དུ་མའི་གྲངས་མཐར་གཏེར་བདག་གླིང་པ་ཞེས། །ཡོངས་གྲགས་མཆོག་གཟིགས་རྣམས་ལ་གསོལ་བ་འདེབས། །ཞེས་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཞལ་བཞེས་མཛད་པ་དང་། དེ་བཞིན་རྗེ་ཉིད་ཀྱི་ཐུགས་སྲས་ཐུ་བོ་མཁས་གྲུབ་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་རྣམ་ཐར་དུའང་ཇི་སྐད་དུ། རྗེ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་གདུལ་བྱའི་ཞིང་ཁམས་འཇིག་རྟེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་ཚད་མེད་པ་བཀོད་པ་དང་། གཞན་ཡང་བརྒྱ་བྱིན་དང་། འཁོར་ལོས་བསྒྱུར་བ་སོགས་སྤྲུལ་པའི་རྣམ་རོལ་སྒྱུ་མ་ལྟར་རིས་སུ་མ་ཆད་པར་སྣང་བ་ལས། བྱེ་བྲག་ཏུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་རོལ་བ་ཚད་མེད་པས་སྟོན་འཁོར་ཐ་དད་པ་ལྟར་བསྟན་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པའི། རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། མཉམ་མེད་ཐུབ་པའི་དབང་པོའི་ཉེ་གནས་མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་འཕགས་པ་ཀུན་དགའ་བོ། །གསང་ཆེན་རྒྱུད་སྡེ་ཀུན་གྱི་བདག་པོར་དབང་བསྐུར་བ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ། དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་བཀའ་བབས་སློབ་དཔོན་ཀུ་ཀུ་རཱ་ཛ། སེམས་ཕྱོགས་མན་ངག་གི་བདག་པོ་འཇམ་དཔལ་བཤེས་གཉེན། མདོ་ལུང་རྒྱུད་འགྲེལ་གྱི་ཤིང་རྟ་བདེ་བ་གསལ་མཛད་སོགས་དང་། གཞན་ཡང་གངས་ཅན་གྱི་མིག་གཅིག་ལོ་ཙཱ་བ་ཆེན་པོ་ཐོན་ནི་སམ་བྷོ་ཊ། པཎ་ཆེན་བཻ་རོ་ཙ་ན། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། རོང་ཟོམ་ཆོས་ཀྱི་བཟང་པོ། རས་ཆུང་རྡོ་རྗེ་གྲགས་པ། གླང་ལུང་པ་རྒྱལ་བ་དོན་འགྲུབ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་རྡོ་རྗེ་གླིང་བ། ཨོ་རྒྱན་ཀུན་སྐྱོང་གླིང་བ། གྲུབ་ཐོབ་མེ་ལོང་རྡོ་རྗེ། གཏེར་ཆེན་ཤེས་རབ་འོད་ཟེར། རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་དུས་རིམ་དང་ཅིག་ཆར་སྣ་ཚོགས་སུ་གཅིག་ལས་དུ་མར་འཆར་བ་ཆུ་ཟླའི་རོལ་བ་ལྟ་བུའི་དག་ཆེན་སྐྱེ་བའི་ཕྲེང་བ་དུ་མར་འབྱམས་ཀླས་པའི་མཐར། དེང་གི་དུས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་དམའ་བར་གྱུར་པའི་སྐབས་འདིར། སྔོན་རབ་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་སྟོབས་སུ་གྱུར་པས། སླར་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དྲི་མ་མེད་པའི་གྲུབ་མཐའ་གཞི་བཞེངས་སུ་སློང་བའི་ཤིང་རྟ་ཆེན་པོར་བྱོན་པ་འདི་ཉིད་དོ། དེ་ལྟར་ཡང་རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་གབ་རྒྱ་ཅན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེཿ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནིཿ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོནཿ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡངཿ ཁམས་གསུམ་འགྲོ་བའི་འདྲེན་པར་རྡོ་རྗེ་ཆོསཿ ཤཱཀ་ཐུབ་ཉེ་གནས་ཨཱ་ན་ནྟ་ཞེས་དངཿ རྒྱལ་པོ་ཛ་དང་ཤིནྟཾ་གརྦྷ་དངཿ བོད་དུ་སམ་བྷོ་ཊ་སོགས་དག་པ་ཡིཿསྐྱེ་བ་དེ་ཙམ་སྣང་གི་མ་དག་པའིཿ སྐྱེ་ཚུལ་བརྗོད་དུ་ལོང་བའི་གནས་མ་ཡིནཿ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིསཿ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པའངཿ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིནཿ ཁྱོད་ཀྱང་ཤྲཱི་སེངྷ་ཡེ་ཤེས་མདོཿ པདྨ་བདག་སོགས་གཙུག་གི་བླ་མར་བསྟེནཿ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནསཿ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པསཿ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིདཿ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིསཿ མཚམས་སྦྱོར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུཿ དབང་ཕྱུག་འབར་དང་ར་ཤག་རྡོ་རྗེ་གླིངཿ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགསཿ པདྨ་བདག་གི་ཟབ་གཏེར་བདག་པོ་དངཿ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལཿ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངསཿ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐརཿ ཞེས་རིམ་པར་ལུང་བསྟན་པ་ལས་ཁྱད་པར་ཆོས་རྒྱལ་གཏེར་བདག་གླིང་པའི་དུས་སུ། བཀའ་གཏེར་སྤྱི་དང་། ཁྱད་པར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་སྐོར་རྣམས་ལ། རྒྱ་ཆེན་པོ་སྡུད་པ་དང་། ཟབ་མོ་རྣམ་པར་འབྱེད་པ་དང་། འཁྲུགས་པ་གོ་རིམས་སུ་སྡེབས་པ་དང་། སྒྲུབ་པ་ཕྱག་བཞེས་སུ་འདེབས་པ་སོགས་འཛིན་སྐྱོངས་སྤེལ་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས། སྐུ་མྱ་ངན་ལས་འདས་ཁར་ཤར་ཕྱོགས་སུ་འགྲོ་དགོས་པར་ཡོད་གསུངས་ཏེ་བཞེངས་ནས་གོམ་པ་བདུན་བོར་བར་མཛད་པའང་། དེ་དུས་ཀྱི་མཛད་པའི་འཕྲོ་རྣམས་ད་ལྟའི་དུས་སུ་ཁམས་ཀྱི་ཕྱོགས་འདིར་རྗེ་འདི་ཉིད་ཀྱིས་སྐྱོངས་པ་ལ་དགོངས་པར་གདོན་མི་ཟ་ཞིང་། དེར་མ་ཟད་ལྐོག་གྱུར་གྱི་ཆོས་རྣམས་ལ་སྒྲིབ་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་རིག་འཛིན་བྱང་ཆུབ་རྡོ་རྗེ་དང་། གཞོན་ནུ་དྲི་མེད་ཟླ་ཤར་སོགས་ཀྱིས་ཀྱང་གཏེར་བདག་གླིང་པའི་སྤྲུལ་པ་འཁྲུལ་མེད་དུ་ལུང་བསྟན། གཞན་ཡང་དམ་པ་འདི་ཉིད། རྩོད་བྲལ་གྱི་གཏེར་སྟོན་པདྨ་འགྲོ་འདུལ་རྩལ་གྱི་གདན་ས་རྒྱབ་སྟོད་བྲག་དཀར་དུ་ཕེབས་པའི་ཚེ། དེའི་ཐོ་རང་ཁར་རྗེ་དེ་ཉིད་ཀྱི་གཟིགས་སྣང་ལ། ཞིང་སྐྱེས་ཀྱི་ཌཱཀྐི་མ་གསལ་འདེབས་ཀྱི་ཚུལ་དུ་སྨྲས་ནས་དེར་འཕྲོ་འཇོག་པ་ཞིག་གསན་པས། གཏེར་ཆེན་གྱི་སྤྲུལ་བར་ཐུགས་ཐག་ཆོད་དེ་སྨིན་གྲོལ་གྱི་གདམས་པའང་མང་དུ་གསན། དེ་དང་མཚུངས་པར་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེའི་གནས་ཡུལ་གྱི་ལུང་བྱང་ལས་ཀྱང་། གནས་འདིའི་ཉེ་ཕྱོགས་སྤྱིལ་ཆུང་བཀོད་མཛེས་ནང་། །བཻ་རོའི་རྣམ་འཕྲུལ་དྲང་སྲོང་བརྟུལ་ཞུགས་ལ། །ཞུགས་དེས་འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན། །ཞེས་དང་། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས་ཀྱང་། དམ་པ་འདི་ཉིད་གང་དུ་ཕེབས་པའི་ཆོས་བརྒྱུད་དང་བཅས་པའང་གསལ་བར་གསུངས་ཏེ། དེ་ལ་ཐོག་མར་སློབ་དཔོན་པདྨ་སམ་བྷ་ཝ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བས་དོན་བརྒྱུད་ཀྱི་བཀའ་བབས་ཤིང་ཀློང་ཆེན་དགོངས་པའི་གསང་མཛོད་བརྡོལ་བ་གར་གྱི་དབང་ཕྱུག་ རིག་འཛིན་འཇིགས་མེད་གླིང་པའམ། རང ་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བླ་མ་དགོངས་པ་འདུས་པའི་ཆོས་ཀྱི་བདག་པོར་ལུང་བསྟན་པ་ནི། ཇི་སྐད་དུ། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་དང་། རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་ཁམས་ཀྱི་ཕྱོགས་སུ་བསྟན་པའི་རྒྱལ་མཚན་འཛིན་པ་གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ཡང་། དེ་ལས། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅནཿ ཕྲིན་ལས་རྨད་བྱུང་བློ་སྟོབས་ཤེས་རབ་ལྡནཿ ཐུགས་ཀྱི་གསང་མཛོད་རྡོལ་བའི་གདམས་པ་འཛིནཿ བསྟན་པ་སྤེལ་གྲོགས་བྱེད་པའི་སྐལ་ལྡན་འབྱུངཿ ཞེས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཀྱི་བདག་པོ་དང་བསྟན་པ་སྤེལ་བའི་བྱེད་པོར་བསྔགས་པའི་སྐྱེས་བུ་དམ་པ་དེ་ཉིད་ལ་ཆོས་བརྒྱུད་འཛིན་པའི་སློབ་བུ་ཇི་ལྟར་འབྱུང་བའང་། རྩ་བའི་འཁོར་སློབ་གདུང་ཤུགས་ལྡན་པ་ནིཿ བུདྡྷ་མཆེད་དྲུག་རྡོ་རྗེའི་གདུང་བཞི་སྟེཿ ཤར་གྱི་ཕྱོགས་ནས་དུང་དཀར་འཁྱིལ་འདྲ་འབྱུངཿ སྙན་གྲགས་སྒྲོགས་དང་བསྟན་པ་སྤེལ་བར་བྱེདཿ ལྷོ་ཡི་ཕྱོགས་ནས་སློབ་མ་འབྱུང་འགྱུར་ཏེཿ འབྲས་ཀྱི་ཕུང་པོ་སྤུང་པ་ལྟ་བུ་ཡིསཿ འདོད་ཡོན་ཟས་ནོར་ལོངས་སྤྱོད་སྤེལ་བར་བྱེདཿ ནུབ་ནས་པདྨ་དམར་སེར་འཁྲིགས་འདྲ་བའིཿ སྒྲིབ་མེད་སྒྲུབ་ཚུག་འཛིན་པའི་སློབ་མ་འབྱུངཿ བྱང་གི་ཕྱོགས་ནས་ལྕགས་ཕུར་ལྟ་བུ་ཡིཿ མཐུ་རྩལ་ལྡན་པའི་སློབ་མ་འགའ་ཞིག་ནིཿ བསྟན་པ་འཕེལ་བྱེད་ཕྲིན་ལས་སྒྲུབ་པ་འབྱུངཿ ཞེས་སོགས་མང་དུ་གསུངས་པ་ལས། ཁྱད་པར་དུ་གྱུར་པ་རྡོ་རྗེའི་གདུང་ཆེན་བཞིའི་ནང་ཚན། ནུབ་ཕྱོགས་ནས་འབྱུང་བར་ལུང་བསྟན་པ་ནི་རྗེ་འདི་ཉིད་ཡིན་ཏེ། གང་གི་ཚེ་གསང་ཆེན་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་གསང་མཚན་དུ། རིག་པའི་རྡོ་རྗེ་བཻ་རོ་ཙ་ན་རྩལ་ཞེས་འབོད་པས། མཚན་ཟུར་དང་། མཚུངས་དཔེ། འཁྲུངས་ཡུལ་སོགས་གང་གི་སྒོ་ནས་ཀྱང་འཁྲུལ་པའི་གནས་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཚད་མར་གྱུར་པའི་ལུང་གིས་གྲུབ་ཅིང་། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་སྤྱན་ཅན་དཔྱད་གསུམ་རྣམ་པར་དག་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཀྱང་། བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འགྲེམ་ཞིང་། དད་གསུམ་གྱི་རྣམ་འགྱུར་ཅིར་ཡང་ངོམས་པས་གུས་འདུད་ལྷུར་ལེན་པའི་སྐྱེས་བུ་དམ་པ་འདི་ཉིད་ནི། ཞེས་གསུངས་པ་ལྟར་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་དང་ཞིང་ཁམས་སྣ་ཚོགས་པར་སངས་རྒྱས་དང་བྱང་སེམས་ཀྱི་རྣལ་རོལ་བསམ་མི་ཁྱབ་པས་མཐའ་ཡས་པའི་འགྲོ་ཚོགས་སྨིན་པ་དང་གྲོལ་བའི་ས་ལ་བཀོད་ཅིང་། སླར་ཡང་ཡུལ་མདོ་ཁམས་ཀྱི་ལྗོངས་འདིར་གསང་ཆེན་སྙིང་པོའི་བསྟན་པ་སྤེལ་བར་བསམ་བཞིན་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་ཇི་ལྟར་བྱོན་པའི་སྐུའི་འཁྲུངས་ཡུལ་ནི། མདོ་སྨད་གླིང་དཀར་གྱི་སའི་ཐིག་ལེ་རྫ་ཆབ་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ། ཡུལ་སྐྱོང་རྡོ་རྗེ་འཕན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་མཆོག །མེ་ཏོག་དང་རྩི་སྨན་གྱིས་བརྒྱན་པའི་སྤང་ཐང་ཉམས་དགའ་བ་དགེ་མང་སྐམ་ཆུང་དུ་གྲགས་པའི་ནོར་འཛིན་གྱི་ལྟེ་བ་རུ། ཡབ་སྨུག་པོ་ལྡོང་གི་རིགས་ལ་བཙན་ཁ་བཞི་ཞེས་གྱེས་པའི་བྱེ་བྲག་དགེ་རྩེའི་ཨ་དོན་ཚེ་དབང་ནོར་བུ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༨༠༠པ་བོད་རབ་བྱུང་བཅུ་གསུམ་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་སྐུ་བལྟམས། གཞོན་ནུ་ཉིད་ནས་དད་བརྩོན་སྙིང་རྗེ་ཤེས་རབ་སོགས་འཕགས་པའི་ཆོས་ཀུན་ལྷན་སྐྱེས་སུ་མངའ་བ་དང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་ཤིང་རྡོ་རྗེའི་ཆོས་སྲུང་ལུས་དང་གྲིབ་བཞིན་འགྲོགས་པ་སོགས་སོ་སོའི་སྐྱེ་བོ་ལས་རིང་དུ་འདས་པའི་མངོན་རྟགས་མཐོང་ཆོས་སུ་མངའ། དགུང་གྲངས་གསུམ་ཙམ་ན་དམ་པའི་སྐྱེས་བུ་དུ་མས་སྐྱེ་སྲིད་དུ་ལུང་གིས་བསྔགས་ཤིང་དགོན་པ་འགས་ཐོབ་ཤ་བྱས་ཀྱང་མ་བྱིན། རྗེ་ཉིད་དང་གདུང་རུས་གཅིག་པའི་མཁས་པ་ཆེན་པོ་བླ་མ་སྨོན་ལམ་དར་རྒྱས་པའི་དྲུང་ནས་ཡི་གེ་འབྲི་ཀློག་དང་བོད་ཀྱི་བརྡའ་དག་ཐམས་ཅད་ཀྱི་ཕྱི་མོར་གྱུར་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་རྩ་འགྲེལ། གཞན་ཡང་སྙན་ངག་མེ་ལོང་དང་དཀར་རྩིས་སོགས་ཐུན་མོང་གི་རིག་གནས་ལ་སྦྱང་པས་སྐྱེས་ཐོབ་ཀྱི་མཁྱེན་རབ་ཁྱད་པར་ཅན་མངའ་བས་ཚེགས་ཆུང་ངུས་མཁྱེན། སྐུ་ན་ཅུང་ཟད་སོན་ཙམ་པའི་སྐབས་ཤིག་ན་ཁྱིམ་གྱི་རྟ་འགའ་ཨར་ཇག་གིས་བརྐུས་པའི་ར་འདའ་ལ་ཕ་ཡབ་རྒྱུག་པ་ལྔ་ལམ་དུ་བཏང་བ་དང་། རྗེ་ཉིད་ཐོག་མ་ནས་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློ་བཅོས་མིན་མངའ་བ་བཅས་ཀྱིས་རྐྱེན་བྱས་ཏེ་ཕྱོགས་མེད་དབེན་པར་གཤེགས་འདོད་ཁོ་ན་ཐུགས་ལ་འཁྲུངས་པའི་སྐབས་ཙམ་ན། རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའི་མྱུ་གུས་རྫ་སྟོད་དུ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བ་དང་རྟེན་འབྲེལ་གྱི་སྒོ་འགྲིགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་སྤྱི་དང་། ཁྱད་པར་སྐྱེས་བུ་ཆེན་པོའི་བློ་སྦྱོང་གི་སྐོར་རྣམས་ཞལ་ཁྲིད་དུ་གསན་པའི་རྐྱེན་གྱིས་ བསྐལ་བ་དུ་མར་བྱང་ཆུབ་ཀྱི་སེམས་ལ་གོམས་པའི་རིགས་ཡོངས་སུ་སད་ཅིང་། འཇིག་རྟེན་སྲིད་པའི་ཕུན་ཚོགས་རྣམས་ལ་ཐུགས་ཞེན་གཏིང་ནས་ལོག་པ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་། སེམས་ཅན་ལ་བརྩེ་བ་ཤུགས་དྲག་པོ་ཐུགས་རྒྱུད་ལ་འཁྲུངས་ཏེ་འདིར་སྣང་མཐུན་འཇུག་གི་བྱ་བ་ཐམས་ཅད་རྒྱབ་ཏུ་དོར་ཏེ། ཚེ་འདིར་སྒྲུབ་པའི་རྒྱལ་མཚན་ཞིག་བཙུགས་ནས་རང་གཞན་གྱི་དོན་གཉིས་ལྷན་གཅིག་ཏུ་འགྲུབ་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་གོང་མ་རྣམས་ཀྱི་རྗེས་སུ་སྙོགས་པ་ཞིག་ཅི་ནས་ཀྱང་བྱེད་དགོས་དགོངས་པའི་ཐུགས་དམ་ཡང་དུ་འཁྲུངས། གླིང་གྲུབ་ཆེན་བསོད་ནམས་སྦྱིན་པའི་དྲུང་ནས་བསྟན་པ་ལ་འཇུག་པའི་སྒོ་ཡོངས་རྫོགས་དགེ་བསྙེན་གྱི་ཁྲིམས་གསན་ཞིང་ཕྱིས་སུ་སྨིན་གྲོལ་གྱི་གདམས་པ་མང་དུ་ནོས། དུས་དེ་ཙམ་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་རྡོ་བླ་འཇིགས་མེད་སྐལ་བཟང་ཡུལ་དེར་ཕེབས་པས་ཐུགས་བརྩེ་ཆེན་པོས་རྗེ་གཏེར་བདག་གླིང་པའི་རྣམ་སྤྲུལ་བཀའ་འགྱུར་པ་ཆེན་པོ་མཁས་གྲུབ་བཀྲ་ཤིས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་ཁྲི་འདོན་དང་མངའ་གསོལ་མཛད་ནས་ཁྱེད་ཀྱི་བདག་པོ་ཁོ་བོ་ལས་མེད་ཅིང་། མི་རིང་བར་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཞལ་མཇལ་དགོས་པ་དང་རྫོགས་ཆེན་དགོན་དུ་ཕེབས་དགོས་པའི་བཀའ་ལུང་བསྩལ། གཞན་ཡང་མཁས་གྲུབ་འཇིགས་མེད་ངོ་མཚར་ལས་རྙིང་མ་རྒྱུད་འབུམ་དང་། དགེ་མང་རབ་འབྱམས་པ་དགེ་ལེགས་ཡར་འཕེལ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གསན། དགུང་གྲངས་བཅུ་དགུ་པ་ས་སྟག་ལོར་དོན་མཐུན་གྱི་གྲོགས་འགའ་ཞིག་དང་བཅས་བྲག་ཆེན་ཡར་ལུང་པདྨ་བཀོད་ཀྱི་སྒྲུབ་སྡེ་རྩ་གསུམ་མཁའ་འགྲོ་འདུ་བའི་གླིང་ཆེན་པོར་ཚེ་རབས་དུ་མའི་རིགས་ཀྱི་བདག་པོ་གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་མཇལ་དུ་ཕེབས། སྐུ་དངོས་མ་མཇལ་བའི་ལམ་བར་ནས་ཀྱང་འབྲལ་བ་མེད་པའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་ཞལ་གཟིགས་ལུང་བསྟན་གནང་བས་དགོངས་བརྒྱུད་ཀྱི་རྟོགས་པ་བརྙེས། གྲུབ་དབང་བླ་མའི་མདུན་དུ་ལོ་ངོ་གསུམ་ལ་བཞུགས་རིང་ཐུགས་ཤིན་ཏུ་བརྩེ་བས་མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང་ཟབ་གསང་སྙིང་ཐིག་གོང་འོག་གི་གདམས་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང་། བདག་ལ་གཞན་ཕན་བྱང་ཆུབ་སེམས་ཀྱི་བརྒྱུད་པ་ཞིག་ཡོད་པ་འདི་ཁྱོད་ཀྱིས་འཛིན་པར་རེའོ། །ཞེས་གསུངས་ནས་དོན་གྱིས་རྒྱལ་བའི་གདུང་འཚོབ་ཏུ་མངའ་གསོལ་ཞིང་མཚན་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་དུ་བཏགས་པ་སྟེ། གྲུབ་རྗེའི་གསུང་ལས། བསྐྱེད་རྫོགས་དང་སྒོམ་བཟླས་གང་བྱསཿ ཕ་རོལ་དུ་ཕྱིན་པ་དྲུག་དངཿ འབྲལ་མེད་དུ་ཉམས་སུ་ལོངས་དངཿ ཁྱོད་རང་ལ་གཞན་ཕན་མཐའ་ཡསཿ ཞེས་བྱ་ཡི་མིང་དོན་མཚུངས་བཞིནཿ ཕན་བདེ་ཡི་རྩ་ལག་ཉིད་འགྱུརཿ ཞེས་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་གསལ་བར་གསུངས། དེ་དག་གི་སྐབས་སུ་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་ཟབ་མོས་བསྙེན་ཞིང་སྤང་དག་ལན་ལྔ་མཛད་དེ་དངོས་འབྱོར་གྱི་མཆོད་པས་མཉེས་པར་བྱས། དུས་མཚུངས་རྡོ་བླ་འཇིགས་མེད་སྐལ་པ་བཟང་པོ་ལས། དཔལ་གསང་བའི་སྙིང་པོའི་བཤད་པ་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གདམས་ཁྲིད་ཀྱི་སྐོར་སོགས་མང་དུ་གསན། གཞན་ཡང་ཐུགས་སྲས་ཀྱི་བུ་ཆེན་རྣམས་ལས། གཏུམ་མོ་རྩ་རླུང་གི་སྐོར་འགའ་ཞིག་དང་། ན་རོ་ཆོས་དྲུག །གཅོད་ཡུལ་སོགས་ཟབ་རྒྱས་ཀྱི་གདམས་ངག་མཐའ་ཡས་པ་གསན། ལྕགས་སྦྲུལ་ལོར་གྲུབ་དབང་བླ་མ་ཞིང་དུ་གཤེགས་པས་བྱ་བཏང་རྣལ་འབྱོར་ཆེན་པོའི་སྤྱོད་པ་བསྐྱངས་ཤིང་ངེས་མེད་ཀྱི་རི་ཁྲོད་འགྲིམ་སྟེ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་སྟེ། རྒྱ་རོང་བཻ་རོའི་སྒྲུབ་གནས་དང་། ཁམས་ཀྱི་རྩ་རི་ཏྲའམ་རིགས་ལྔའི་རྫོངས་སུ་གྲགས་པའི་མགུར་ཆུ་ཉི་ཟླ་ཕུག །ག་གོང་སེང་གེ་ཡང་དགོན། ཀ་ཏི་ཤེལ་གྱི་ཕུག་པ། རི་བོ་དན་ཏིག་དང་ཡང་ཏིག་ཏུ་གྲགས་པ་རྣམས་སུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་གྲོགས་སུ་བརྟེན་ནས་ཟབ་གསང་བླ་ན་མེད་པའི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ཉམས་བཞེས་སྤྱི་དང་། འོད་གསལ་རྫོགས་པ་ཆེན་པོའི་གནད་ལ་རྩེ་གཅིག་ཏུ་གཞོལ་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་དྲོད་རྟགས་བརྙེས་ཤིང་། ཁྱད་པར་གཉུག་མའི་དེ་ཉིད་མངོན་དུ་གྱུར་པས་སྐབས་འདི་དག་ཏུ་ཉམས་དབྱངས་རྡོ་རྗེའི་མགུར་མ་ཐོལ་བྱུང་དུ་བཞེས། གཞན་ཡང་སོག་པོའི་ཡུལ་གྲུ་མཚོ་སྔོན་གྱི་ཕྱོགས་ཚུན་ཆད་དང་། རྒྱ་ནག་གླང་ཆེན་འགྱིང་རི་ཡན་ཆད་ཀྱི་གནས་རི་དང་སྒྲུབ་གནས་ཐམས་ཅད་དུ་ཕེབས་ཤིང་སྒྲུབ་པ་ཁོ་ན་མཛད་ཅིང་བཞུགས་པའི་བར་སྐབས་རྣམས་སུ་ལས་དང་སྐལ་བར་ལྡན་པའི་བུ་སློབ་འགའ་ལ་སྨིན་གྲོལ་གྱི་གདམས་པ་ཕོག་ཅིང་། དད་འདུས་ཀྱི་ཚོགས་པ་སྤྱི་ལའང་ལས་འབྲས་ཀྱི་ཆོས་མང་དུ་གསུངས་པས་གདུལ་བྱ་རྣམས་ལ་ཕན་འདོགས་པར་མཛད་ཅིང་ཁྱད་པར་རྒྱལ་མོ་རོང་གི་ཕྱོགས་ཚ་ཁོ་དང་མདོ་ཆེན་སོགས་སུ་རྗེ་འདི་ཉིད་ཀྱིས་ཕྱག་འདེབས་མཛད། སྐབས་དེ་ཙམ་ན་སྔར་གྲུབ་དབང་ཆེན་པོའི་འབྱུང་འགྱུར་གྱི་ལུང་བྱང་ལས། དེ་ཕྱིར་ན་རུ་དམ་དབེན་པར། །འདུ་འཛི་ཡི་སྤྲོས་པ་བཅད་བཞིན། །བསྐྱེད་རྫོགས་ལ་བརྩོན་པ་བསྐྱེད་ན། །གཟུགས་ཅན་དང་གཟུགས་མེད་འགྲོ་བ། །ཕལ་མོ་ཆེ་གདུལ་བྱར་འགྱུར་ཞིང་། །རང་གཞན་གྱི་དོན་གཉིས་ལྷན་གཅིག །འགྲུབ་ངེས་པ་པདྨའི་བཀར་མཚུངས། །ཞེས་སོགས་གསུངས་པ་ལ་བརྟེན་ནས། རུ་དམ་གྱི་དབེན་གནས་རྣམས་སུ་སྒྲུབ་པ་རྩེ་གཅིག་མཛད་པར་བཞེད་དེ་ཕྱོགས་འདིར་ཕེབས། རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་དོན་ལ་དབང་འབྱོར་པ་གྲུབ་པའི་དབང་ཕྱུག་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཇལ་ཞིང་འདུས་པ་མདོ་དབང་ཆེན་མོ་དང་། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་ཞིབ་རྒྱས་སུ་གསན། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་ཞལ་སྔ་ནས་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་རབ་བྱུང་གཞི་ཆོག་ལ་བརྟེན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་པས་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་གསོལ། མཁན་ཆེན་བླ་མ་འདི་ཉིད་ལས་དབུ་མ་ལུགས་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཞེས་པ་དང་། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །གཤིན་རྗེ་གཤེད་དམར་ནག །ཕུར་པ་རོང་ཟོམ་པའི་ལུགས། དཀའ་འགྲེལ་འབུམ་ནག་ཏུ་གྲགས་པ་རྣམས་དང་། སྔ་ཕྱི་ཅི་རིགས་སུ། འདུས་པ་མདོ་དང་། སེམས་ཀློང་མན་ངག་གི་སྡེ་གསུམ། བཀའ་བརྒྱད་བདེ་གཤེགས་འདུས་པ། བླ་མ་དགོངས་འདུས། འདོད་འཇོ་བུམ་བཟང་སོགས་སྔ་འགྱུར་བཀའ་གཏེར་གྱི་གཞུང་རྒྱ་མཚོ་ལྟ་བུའི་རྒྱུན་ཕལ་ཆེ་བ་གསན། གཤིན་རྗེ་ཕུག་དང་ཚེ་རིང་ཕུག་སོགས་སུ་སྒྲུབ་པ་མཛད་དེ་བཞུགས་པའི་བར་སྐབས་ཤིག་ན་གྲུབ་དབང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་རྗེ་ཉིད་ལ་གདན་ས་འདིར་བཤད་སྒྲུབ་ཀྱི་སྲོལ་ཀ་རེ་བཏོད་རྒྱུ་བྱུང་ན་ལེགས་ཚུལ་གྱི་གསུང་ནན་ཡང་ཡང་ཕེབས་པར་བརྟེན། དགུང་གྲངས་ཉེར་དགུ་བཞེས་པ་རབ་བྱུང་བཅུ་བཞི་པའི་ས་བྱི་སྟེ་སྤྱི་ལོ་༡༨༢༨པར་ལུང་རྟོགས་བསྟན་པའི་རྩ་ལག་བཤད་པའི་ཆོས་སྡེ་ཞིག་ཕྱག་འདེབས་པར་དགོངས་ཏེ་དགོན་ལས་རྒྱང་གྲགས་གཅིག་གིས་རིང་བའི་མདུན་ཐང་ཆེན་མོའི་དཀྱིལ་དབུས་མཁས་པའི་ལྗགས་སམ་ཤེས་རབ་ར་གྲའི་དབྱིབས་དང་མཚུངས་པའི་གནས་སུ་ཕེབས་ཏེ་ས་བཙལ་བ་ན་རིག་འཛིན་ཤྲཱི་སེང་ཧཱ་དང་མཇལ། སློབ་དཔོན་ཤྲཱི་སེང་ཧཱ་རྡོ་ཕ་ཝང་ཞིག་ཡོད་པའི་སྟེང་དུ་བཞུགས་ཏེ་བྱིན་རླབས་རྗེས་བཟུང་མཛད་ཅིང་མཐར་སྐུ་ལུས་མི་སྣང་བ་རྡོ་ཕ་ཝང་དུ་ཐིམ་པའི་ཤུལ་ན་སྐུ་རྗེས་མངོན་པ་དེང་སང་ཡང་མཇལ་དུ་ཡོད། གནས་འདིར་སློབ་དཔོན་གྱི་མཚན་ལས་ཤྲཱི་སེང་ཧཱའི་ཆོས་གྲྭ་ཞེས་ཐོག་མར་ཕྱག་བཏབ་ཅིང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་ནས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཡོངས་ཀྱིས་གཙོས་མདོ་ཁམས་ཕྱོགས་ཀྱི་སྔ་འགྱུར་བའི་བསྟན་པ་དྭངས་གཙང་པདྨའི་སྦུབས་ལྟར་བྱི་དོར་བྱུང་བ་ནས། དེང་གི་དུས་འདིར་སྔ་འགྱུར་པའི་རིང་ལུགས་འཛིན་པ་ཞེས་མཁན་ཆེན་ཞི་འཚོ་ནས་རྒྱུད་པའི་སྨད་འདུལ་སྡོམ་རྒྱུན་འཛིན་པའི་རབ་བྱུང་གི་སྡེ་ཆེན་པོས་སའི་ཁྱོན་ཡོངས་སུ་ཁེངས་པ་བདག་ཉིད་ཆེན་པོ་འདིའི་བཀའ་དྲིན་ཁོ་ན་ལས་བྱུང་བ་མངོན། རྗེ་ཉིད་ཤྲཱི་སེང་ཆོས་གྲྭའི་མཁན་རབས་གཉིས་པའི་གསེར་ཁྲིར་བཞུགས་ཏེ་གཞི་བྱེས་ཀྱི་བླ་སྤྲུལ་གྲྭ་ཚང་བཅས་བརྒྱ་སྐོར་ཙམ་ལ་མདོ་སྔགས་སྨོན་ལམ། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མདོ་སྔགས་གཞུང་འགྲེལ་གྱི་འཆད་ཁྲིད་སྤྱི་དང་། ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་གདུལ་བྱའི་བློ་དང་མཚམས་པར་ལུང་རིགས་ཀྱི་ལམ་ནས་ངེས་པ་འདྲོང་བའི་བཤད་པ་མཛད་པས་སློབ་དང་ཡང་སློབ་ཕྱོགས་བརྒྱར་འཕེལ་ཏེ་ས་བཀའ་རྙིང་གསུམ་གཙོ་བོར་གྱུར་པའི་གངས་ལྗོངས་མཐའ་དབུས་ཀྱི་བསྟན་པའི་མེ་རྩ་ཆེན་མོར་གྱུར་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་སྣང་གཏེར་ལས། རྒྱལ་སྲས་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །གཞན་ཕན་ཕ་མཐའ་ཡས་པའི་ཕྲིན་ལས་ཅན། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཅེས་དང་། སོ་སོར་ཐར་བ་གཞི་གསུམ་ཕྱག་བཞེས་དང་། །རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་སྲོལ་སོགས། །མདོ་སྔགས་ཤིང་རྟའི་ལམ་ཆེན་རབ་དབྱེ་བས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དགེ་འདུན་འདུས་སྡེ་ཉམས་གསོ་གསར་སྤེལ་དང་། །གསང་གསུམ་རྟེན་བཞེངས་མཆོད་སྤྲིན་སྤྲོ་བས་མཚོན། །རླབས་ཆེན་བྱ་བ་ལས་ཀྱི་འཁོར་ལོ་ཡིས། །ཕན་བདེའི་དགའ་སྟོན་སྦྱིན་ལ་གསོལ་བ་འདེབས། །ཞེས་སོགས་བསྔགས་བརྗོད་རྒྱ་ཆེར་མཛད། སྤྱིར་རྗེ་འདི་ཉིད་ཟབ་གཏེར་གྱི་སྐལ་བ་ལྡན་པའི་སྐྱེས་བུ་ཡིན་པར་གསུངས་ཏེ། དགུང་ལོ་བརྒྱད་ལ་སོན་སྐབས་དཔལ་གྱི་བསམ་ཡས་ཆོས་སྡེ་ལ་མེའི་འཇིག་པ་ཟློག་ཐབས་ཀྱི་ཟབ་གཏེར་ཁ་བྱང་ཕྱག་ཏུ་འབྱོར་ཡང་ས་ཐག་རིང་བས་ཕེབས་མ་ཐུབ་ཅིང་། ཕྱིས་བསམ་ཡས་གཙུག་ལག་ཁང་ལ་མེ་འཇིག་པ་བྱུང་བ་གསན་པས་ཐུགས་འགྱོད་ཆེན་པོ་གནང་། དེ་བཞིན་ལྷ་སར་ཆུའི་འཇིག་པ་བཟློག་པའི་ལུང་བྱང་ཡོད་པ་གཞན་ལ་སྦས་ཚུལ་གྱིས་ལྷ་ལྡན་དུ་བྱོན་ཏེ་ཕྱག་རྡོར་དྲེགས་འདུལ་གྱི་སྐུ་མཚམས་ལ་བཞུགས་པས་ཆུ་ལོག་ཆེན་པོ་བྱུང་ཡང་གནོད་པ་ཆེན་པོ་མ་ནུས་པ་སོགས་ཀྱི་རྣམ་ཐར་དང་། ཕྱིས་སུ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཆབ་ཤོག་གི་ལམ་ནས། སོར་མོས་མ་ཡིན་སྨྱུག་གུས་ལྟ་ཅི། །དགོངས་བརྒྱུད་ཁྲོལ་དཀའ་འཁོར་ལྔའི་མདུད་རྒྱ། །གང་གིས་གཞིག་ནུས་བཅོམ་ལྡན་ལྡན་པ། །གྲུབ་བརྒྱས་བསྟེན་པའི་བཞེས་འཕྲོ་མིན་ནམ། །སྟག་ཤམ་ཐིག་ལེའི་འཛུམ་ཆེན་དགོངས་དང་། །ཟླུམ་པོའི་མཐང་གོས་པུས་མོའི་འཆིང་ཐག །བསླབ་པའི་བཙོན་བུས་སྡོམ་པའི་གྲོགས་ལ། །རོ་མཉམ་རིག་སྔགས་ད་ནི་འདེབས་རན། །རྒྱན་དྲུག་རི་མོའི་འཕྱང་འཕྲུལ་དགོངས་དང་། །ཟླུམ་ཚལ་སྣམ་ཕྲན་རེ་དོགས་འཆིང་ཐག །བླང་འདས་བརྩི་བའི་གུ་དོག་བཙོན་ཁང་། །སྤང་བླང་མེ་སྒྱོག་ད་ནི་བརྡེག་རན། །ཐོར་ཚུགས་འཁོར་ལོའི་མཛེས་པ་དགོངས་དང་། །མགོ་རེག་བརྟུལ་ཞུགས་དཀྱིལ་འཁོར་བརྙས་བཅོས། །གསོ་སྦྱོང་སྒྲིག་བཅད་འཛིན་པའི་བཙོན་སྲུང་། །གཏད་སོའི་སྲོག་དང་ད་ནི་བྲལ་རན། །ཕ་གཅིག་པདྨའི་ཚོམ་བུའི་ཚོགས་སུ། །སྨོན་ལམ་མཐུན་པའི་སྤྱོད་པའི་བོགས་འབྱིན། །རྒྱུད་པ་ཀུན་ལ་བགོ་སྐལ་ལགས་ན། །སྟོན་མོ་རང་སྐལ་ད་ནི་བཞེས་རན། །ཞེས་སོགས་སྔགས་སྤྱོད་མཛད་ན་སྐུ་ཚེ་མཐར་ཕྱིན་པ་དང་ཟབ་གཏེར་གྱི་ཕྲིན་ལས་རྒྱ་ཆེན་འབྱུང་བར་གསུངས་ཀྱང་།ཕྱི་དུས་འདིར་སྔ་འགྱུར་ཆོས་སྡེ་ཆེན་མོར་གྲགས་པ་ཀུན་ལ་འདུལ་བསྟན་རི་མོའི་མར་མེ་ལྟར་གྱུར་ཅིང་། བསྟན་རྩ་ཆོས་འདུལ་རིན་པོ་ཆེ་རྒྱལ་བསྟན་ཡུན་དུ་གནས་པའི་གཞི་མར་དགོངས་ནས་རྗེ་ཉིད་སྐུ་ཚེ་གང་པོར་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ཉེ་བ་འཁོར་སླར་བྱོན་པ་ལྟ་བུའི་རྣམ་ཐར་བསྐྱངས། བར་ལམ་སྦས་པའི་རྣལ་འབྱོར་འཁོས་ཆུང་གི་རྣམ་ཐར་བསྐྱངས་ཏེ་སྟོད་གངས་རི་ཏི་སེ་ནས་སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་གྱི་དགོན་གནས་ཆོས་སྡེ་ཁག་དང་དབེན་ཁྲོད་སྒྲུབ་གནས་རྣམས་སུ་མཇལ་སྐོར་དང་གནས་འབྲེལ་ཕེབས། ཁྱད་པར་དབུས་ཕྱོགས་སུ་ལན་གཉིས་ཙམ་ཕེབས་ཤིང་བསམ་ཡས་མཆིམས་ཕུ། སྒྲགས་ཀྱི་ཡངས་རྫོང་། གངས་ཏི་སེ། དཔལ་གྱི་རྩྭ་རི་ཏྲ་སོགས་སུ་སྒྲུབ་པ་ཡུན་རིང་མཛད་ཅིང་དེ་དག་ཏུ་གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དུ་མ་མཇལ་བ་ལས་གསན་བསམ་མཐའ་ཡས་མཛད་པ་སྟེ། རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས་ལས་ བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིག་པའི་ཚོགས་དྲུག་སོགས་འཕགས་ཡུལ་མཁས་པའི་གཞུང་ལུགས་ཀྱི་རྒྱུན་ཡོད་དོ་ཅོག་ཐམས་ཅད་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་རྡོར་འཛིན་མཁན་པོ་འགྱུར་མེད་མི་ཕམ་དཔལ་བཟང་པོ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡོངས་རྫོགས། ལྷ་ལུང་པད་རི་སྤྲུལ་སྐུ་ལས་གཤིན་རྗེ་གདོང་དྲུག་དང་། མི་ཏྲ་བརྒྱ་རྩ་སོགས་ཀྱི་སྐོར། སྨིན་གླིང་ཁྲི་ཆེན་ལས་གཏེར་ཆེན་བཀའ་འབུམ་ཡོངས་རྫོགས། ན་ལེནྟྲའི་གཟིམས་འོག་སྤྲུལ་པའི་སྐུ་ལས་བ་རི་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ། ཡོངས་འཛིན་དམ་བྱམས་པ་འཕྲིན་ལས་ཡོན་ཏན་ལས། ཀྱཻ་རྡོར་རྒྱུད་དབང་དང་། ལམ་འབྲས་ཀྱི་སྐོར་སོགས་གསན་བསམ་ཕྱོགས་མེད་དུ་མཛད་ནས་ཕྱིས་སུ་རུ་དམ་གདན་ས་ནས་རྒྱལ་བའི་བཀའ་འགྱུར་གྱི་ལུང་དང་བསྟན་བཅོས་ཁག་གི་བཤད་པས་མཚོན་མདོ་སྔགས་བཀའ་གཏེར་གྱི་རྒྱུན་ཉག་ཕྲ་བ་རྣམས་ལ་འཆད་སྤེལ་བསྐྱངས་པའི་རྒྱུན་ད་ལྟའི་བར་དཀར་ནག་རྒྱ་ཡི་ཡུལ་གྲུ་ཚུན་ཡོངས་སུ་ཁྱབ་པ་བྱུང་། དུས་དེར་དཔལ་རི་སྤྲུལ་སྐུ་པདྨ་དབང་རྒྱལ་དང་སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ་སོགས་ཀྱི་བཀས་བསྐུལ་བ་ལྟར་སྔ་འགྱུར་གྱི་ཕྲིན་ཆོག་བཞུགས་སོ་འཚལ་ཀུན་ཕྱོགས་སྒྲིག་གནང་བ་སྔ་འགྱུར་བཀའ་མའི་གླེགས་བམ་ཕྱོགས་སྒྲིག་ཐེངས་དང་པོ་ཐེག་དགུའི་གྲངས་ལྡན་པར་དུ་བརྐོས་ཏེ་དབང་ལུང་གི་རྒྱུན་སྤེལ་ཚུལ་མཁན་ཆེན་པདྨ་བཛྲ་གྱི་ཞལ་སྔ་ནས་མཛད་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། སྔར་གྲུབ་དབང་བླ་མའི་གདན་སར་བཞུགས་ཡོད་པའི་སྐབས་ཤིག་ཏུ། མནལ་ལམ་ན་གཞན་ཞིག་གིས་འདི་སློབ་དཔོན་པདྨའི་གསུང་དངོས་ཡིན་ཟེར་ནས་པུ་སྟི་ཞིག་གཏད་བྱུང་བས། ཕྱི་ཉིན་མཆེད་གྲོགས་ཀུན་ལ། དེང་སང་སློབ་དཔོན་ཆེན་པོའི་གསུང་དངོས་བཀའ་མར་གྱུར་པའི་ཡིག་ཆ་ཁུང་ལྡན་འདྲ་འདིར་ཡོད་མིན་སོགས་གླེང་མོལ་མཛད་པས། ཁོང་རྣམས་ནས་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་བཅས་སྔར་ཡོད་ཀྱང་། དེའི་དཔེ་སྟོར་ནས་ཡུན་རིང་སོང་ཡང་རྩད་མ་ཆོད། གཞན་དེ་འདྲ་ཅང་མེད་ཟེར་བ་ལ། རྗེའི་ཞལ་ནས། ཁོ་བོ་ལ་རྨིས་ལྟས་འདི་འདྲ་ཞིག་བྱུང་བས་ད་ལན་དཔེ་མཛོད་དུ་བཙལ་ན་རྙེད་པ་སྲིད་དམ་གསུངས་ནས། ཐམས་ཅད་ཀྱིས་བཙལ་ཀྱང་ཕྱག་དཔེའི་ཁྲོད་ནས་རྙེད་རྒྱུ་མ་བྱུང་ཞིང་། སྔར་ཆོས་ཁྲིའི་འོག་གི་ས་རྡུལ་རྣམས་ལ་གད་བརྒྱབ་པའི་ཁྲོད་ནས་ལྟ་ཕྲེང་གི་དཔེ་ཆ་ཐོན་བྱུང་བ་གཟིགས་པས་ཚིག་དོན་ཕུན་སུམ་ཚོགས་པར་འདུག་པ་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་འཁྲུངས་པའི་རྐྱེན་གྱིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར། ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི། །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི། །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི། །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་བར་བརྟེན། ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་གི་རི་ཞོལ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གནྡྷོ་ལའི་ཉེ་གམ། དཔལ་སེང་གེ་རིའི་གདན་ས་འདིར། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་ དབང་པོ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་གྱི་འདས་ལོའི་ཚུལ་ལ་བཞེད་པ་མང་དུ་སྣང་ཡང་། རང་ལུགས་ལོ་ཆེན་དྷརྨ་ཤྲིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣུབས་འཕྲོད་སྦྱོར་རྒྱལ་མཚན་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདིར་དབུ་འཛུག་པར་མཛད་པ་ཡིན་ནོ། ཞེས་གསལ་བ་ལྟར་དང་། གཞན་ཡང་དཔལ་གསང་བ་སྙིང་པོའི་རྒྱུད་འགྲེལ་ཆེན་མོ་རྣམས་དང་ཀུན་མཁྱེན་རོང་ཟོམ་པའི་གསུང་འབུམ་སོགས་ཆེས་ཉམས་པར་ཕངས་པའི་གསུང་རབ་དུ་མ་དབུས་གཙང་གི་ཕྱོགས་ནས་སྐུ་ངལ་ཆེན་པོས་འཚོལ་སྡུད་མཛད་ཅིང་པར་དུ་བརྐོས་ནས་བཤད་ལུང་གི་རྒྱུན་སྤེལ་བ་སོགས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ལ་སྨན་པའི་མཛད་པ་མཐའ་ཡས་པ་བསྐྱངས་ཚུལ། མཁྱེན་བརྩེའི་དབང་པོས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག །སྔགས་གཞུང་སྤྱི་དང་ཁྱད་པར་སྔ་འགྱུར་ཏེ། དེ་ཉིད་སྤྱི་དང་ཁྱད་པར་བཀའ་མའི་གཞུང་། དྲི་མེད་ཕྱོགས་བརྒྱར་སྤེལ་ལ་གསོལ་བ་འདེབས། ཞེས་ཚད་མར་གྱུར་པའི་གསུང་གིས་བསྔགས་བརྗོད་ཡང་ཡང་མཛད་པ་ལྟར་དང་། ཞལ་སློབ་མཁས་གྲུབ་གཉིས་ལྡན་གྱི་བརྒྱུད་འཛིན་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་བཛྲ། ཞེ་ཆེན་མ་ཧཱ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་སངས་རྒྱས་ཀུན་དགའ། ལྷ་ལུང་པད་རི་སྤྲུལ་སྐུ། རྒྱལ་རོང་དབོན་སྤྲུལ། པད་གླིང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེ། རྡོ་བྲག་རིག་འཛིན་ཆེན་པོ་སོགས་བགྲངས་ཀྱིས་མི་ལངས་པ་བྱུང་། ཕྱི་རབས་བསྟན་པའི་བཙས་སུ་ལེགས་བཤད་ལྗགས་རྩོམ་མཛད་པ་ཐམས་ཅད་ཐོག་མར་བཀའ་བསྡུ་མ་གྲུབ་པ་དང་དུས་དབང་གིས་འཐོར་བ་སོགས་ཀྱིས་ཚང་བར་མི་བཞུགས་ཤིང་། གང་བཞུགས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པ་སླར་གསོའི་སྐབས་འདིར་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་ཅིང་། དེ་ཉིད་གཞིར་བཞག་ཐོག་གསར་དུ་འབྱོར་བ་ཁག་གིས་ཁ་སྣོན་དང་བཅས་ཏེ་རྗེ་ཉིད་ཀྱི་གསུང་གི་ཕྲིན་ལས་མི་ནུབ་ཕྱོགས་ཀུན་སྤེལ་བར་སྲི་ཞུའི་ལྷག་པའི་བསམ་པ་རིང་མོ་ཞིག་ནས་ཡོད་ཐོག །འདི་ལོར་བརྩོན་པ་ཆེར་བསྐྱེད་ཀྱིས་ཞུས་དག་དང་ཆོས་ཚན་ཆེ་ཕྲ་བརྒྱ་དང་བརྒྱད་བཅུ་ལྷག་སྐོར་ཚོ་བདུན་དུ་ཕྱེས་ཤིང་དག་པར་ཞུས་ཏེ་དཔེ་དེབ་ཏུ་སྐྲུན་པའི་སྐལ་བ་འདི་བཞིན་བྱུང་བ་དང་། སླད་ནས་ཀྱང་ཆོས་སྤྱན་ལྡན་པ་སྤྱི་དང་ཁྱད་པར་དམ་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་མཛེས་ཤིང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རོལ་མོ་ཆུད་མི་ཟ་བའི་འཇུག་པ་འཇིག་རྟེན་དུ་མཆིས་པར་སྲིད་ཚེ་གསུང་གི་ཕྲིན་ལས་ཀྱི་རྒྱུན་ཕྱོགས་མཐར་སྤེལ་བར་གསོལ་བ་འདེབས་པའོ། དེ་ལྟར་གསང་ཆེན་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་ཞེས་བསྟན་པའི་སྒྲོན་མེ་འགྲོ་བའི་དེད་དཔོན་ཉག་གཅིག་ཏུ་བྱོན་ཡང་སྙིགས་དུས་འགྲོ་བའི་བསོད་ནམས་ཀྱི་མཐུ་ཞན་པས་སྐུ་ཚེ་དང་མཛད་པ་མཐར་མ་ཕྱིན་པར་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོར་སྐུ་གཤེགས་སོ། །གསུང་འབུམ་རིན་པོ་ཆེ་དཔེ་དེབ་ཏུ་བསྐྲུན་པའི་དགོས་མཁོར་རང་ཉིད་ཀྱིས་བྲིས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་ཚན་བཤུས་འཕྲི་སྣོན་ཅུང་ཟད་དང་བཅས་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཨུཏྤལ་ཅན་དུ།
བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཧོར་ཟླའི་ཚེས་ཉེར་གསུམ་ཉིན་བསྟན་འཛིན་ལུང་རྟོགས་ཉི་མས།