རང་ལུགས་བཞག་པ་ལ་གཞུང་སྤྱིའི་འཕྲོས་ཚུལ་བཤད་པ།
༈ རང་ལུགས་བཞག་པ་ལ། གཞུང་འདི་གང་ལས་འཕྲོས་ན། ཆོས་ཀྱི་རྗེ་བཅོམ་ལྡན་འདས་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་ གསུམ་དུ་ཚོགས་བསགས། མཐར་སངས་རྒྱས་པའི་ཚུལ་བསྟན་ནས། གདུལ་བྱའི་སྤྱོད་པ་ཉོན་མོངས་པ་བརྒྱད ་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་དུ་འདུས། །ཞེས་དང༌། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་དང༌། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་པའི་ཕྱིར། །འོ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་དེ་གང་ཞེ་ན། དེ་ཡང་བཞག་དུ་ཡོད་དེ། འདོད་ཆགས་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། གཏི་མུག་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང༌། དུག་གསུམ་ཆ་མཉམ་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་ཉི་ཁྲི་ཆིག་སྟོང་རྣམས་ཡིན་ལ། དེ་རྣམས་ཀྱི་ནང་ནས་རབ་དང་གཙོ་བོ་དང་ཕུལ་དུ་བྱུང་བ་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་རྣམས་ཡིན་ཏེ། མདོ་ལས། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་དང༌། ཡོངས་གཏད་ཀྱི་ལེའུ་ལས། ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་རབ་ཏུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ། དེ་སྲིད་དུ་དེ་བཞིན་གཤེགས་པས་ཆོས་སྟོན་པར་རིག་པར་བྱའོ། །ཞེས་རྒྱ་ཆེར་གསུངས་པའི་ཕྱིར། འོ་ན། ཤེར་ཕྱིན་གྱི་མདོའི་དགོངས་པ། ཤིང་རྟའི་སྲོལ་འབྱེད་གང་དང་གང་གིས་བཀྲལ་བ་ཡིན་ཞེ་ན། །འདི་ལ་གཉིས་ལས། མགོན་པོ་ཀླུ་སྒྲུབ་ཀྱིས་འགྲེལ་ཚུལ་དང༌། རྗེ་བཙུན་བྱམས་མགོན་གྱིས་འགྲེལ་ཚུལ་གཉིས། དང་པོ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པར་བྱེད་པ་ལ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་རྒྱལ་བས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས། དབུ་མ་རིགས་ཚོགས་དྲུག་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ། །གཉིས་པ། རྗེ་བཙུན་བྱམས་མགོན་གྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པར་བྱེད་པ་ལ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་ལ་ཐེག་ཆེན་རྒྱུད་བླ་མ་དང་བྱམས་ཆོས་ཕྱི་མ་གསུམ་སེམས་ཙམ་དུ་བཀྲལ་བ་ཡིན་ལ། དེའི་རྗེས་སུ་འབྲང་ནས། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་བྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིགས་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་བསྡུ་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོའི་མཐར་བགྱིད་དེ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་ལུང་བསྟན་པའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་དང༌། སྡོམ་རྣམ་པ་གཉིས་ལ་སོགས་པ་མཛད། དེའི་རྗེས་སུ་འབྲང་ནས། སློབ་དཔོན་དབྱིག་གཉེན་གྱིས་པྲ་ཀ་ར་ཎ་སྡེ་བརྒྱད་ལ་སོགས་པ་མཛད། དེའི་རྗེས་སུ་འབྲང་ནས། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས་ལུང་གི་རབ་དབྱེ་ལ་སོགས་པའི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་དང་ཉི་ཤུ་རྩ་བརྒྱད་མཛད། དེ་དག་ཀྱང་བརྗོད་བྱ་ཐོར་བུ་ལྟ་བུར་གྱུར་ནས། དེ་རྣམས་ཀྱི་བརྗོད་བྱ་གཅིག་ཏུ་བསྡུས་པ་ཚད་མའི་མདོ་ཀུན་ལས་བཏུས་པ་མཛད་པ་ཡིན་ཏེ། ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་པའི་ཕྱིར། ཚད་མ་ཀུན་ལས་བཏུས་པ་དེ་ཡང་རྗོད་བྱེད་ཀྱི་ཚིག་བརླིང་ཞིང༌། བརྗོད་བྱའི་དོན་ཟབ་ལ་རྒྱ་ཆེ་བས་ན། གདུལ་བྱ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པས། དེའི་དགོངས་པ་འགྲེལ་བར་བྱེད་པ་ལ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་མཆོག །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །རྒོལ་བ་ངན་པ་བཟློག་བྱེད་ཅིང༌། །སྡོམ་བརྩོན་སྔགས་ཀྱང་འགྲུབ་པར་བྱེད། །ཅེས་ལུང་བསྟན་པའི་དགེ་སློང་ཆོས་ཀྱི་གྲགས་པས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། ཚད་མ་སྡེ་བདུན་མཛད་པ་ཡིན་ཏེ། རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་པ་གསལ་བར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ན་འང༌། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བཤད། ཅེས་གསུངས་པའི་ཕྱིར། དེ་ལྟར་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། འཁོར་ལོ་མཐའ་མ་གཉིས་བསྟན་བཅོས་འདིའི་བཤད་བྱ་རྩ་བའི་མདོ་དང་། ཚད་མ་ཀུན་ལས་བཏུས་པ་དེ་བཤད་བྱ་རྩ་བའི་བསྟན་བཅོས་ཡིན་ནོ། །དེ་ལྟར་ཡིན་ན་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་པོ་དེ་གང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་པོ་དེ་ཇི་ལྟ་བུ་ཞེ་ན། དང་པོ་བཞག་ཏུ་ཡོད་དེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས། ཤིན་ཏུ་བསྡུས་པ་རིགས་པའི་ཐིགས་པའོ། །དང་པོ་ལ། རྒྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེས་རྟོག་གེའི་ཚིག་དོན་བརྒྱད་རྒྱས་པར་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལ། ཅུང་ཟད་བསྡུས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་འགྲེལ་ལ་ལྟོས་ཏེ་རྟོག་གེའི་ཚིག་དོན་ བརྒྱད་ཅུང་ཟད་བསྡུས་ནས་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གསུམ ་པ་ལ། ཤིན་ཏུ་བསྡུས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་འགྲེལ་རྣམ་ངེས་གཉིས་ཀ་ལ་ལྟོས་ཏེ། རྟོག་གེའི་ཚིག་དོན་ བརྒྱད་ཤིན་ཏུ་བསྡུས་ནས་བསྟན་པས་ན། དེ་ལྟར་བརྗོད་པའི་ཕྱིར། བསྟན་བཅོས་དེ་གསུམ ་ལ་ལུས་ལྟ་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྟོག་གེ་ཚིག་དོན་བརྒྱད་བརྗོད་བྱར་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ནི་གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་རྣམས་སོ། །དེ་རྣམས་ལ་ཡན་ལག་ལྟ་བུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་རེ་རེས་རྟོག་གེའི་ཚིག་དོན་བརྒྱད་བརྗོད་བྱར་མ་བསྟན་ཅིང༌། དེའི་ཆ་རེ་བསྟན་པས་ན་དེ་ལྟར་བརྗོད་པའི་ཕྱིར། འོ་ན། འཕྲོས་པ་ཞེས་པའི་ཚུལ་དེ་གང་ཞེ་ན། གཏན་ཚིགས་ཐིགས་པ་དེ་ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པའི་གཞུང་འདི་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་དུ་བསྟན་པ་ལ་མུ་སྟེགས་པ་ཁ་ཅིག །ཚུལ་གཅིག་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་དང༌། རང་སྡེ་ཁ་ཅིག །ཚུལ་དྲུག་རྟགས་ཡང་དག་གི་མཚན་ཉིད་དུ་འདོད་པ་ལ་སོགས་པའི་ལོག་རྟོག་དུ་མ་ཡོད་པས། དེ་ལྟ་བུའི་ལོག་རྟོག་དུ་མ་བསལ་ནས། རྟགས་ཡང་དག་གི་ཚུལ་ལ་ཚུལ་གསུམ་ཁོ་ནར་ངེས་པར་བསྟན་པའི་ཕྱིར། འབྲེལ་པ་བརྟག་པ་གང་ལས་འཕྲོས་ན། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་འདི་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང༌། ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པར་བསྟན་པ་ལ། ཁ་ཅིག །ལྡན་པའི་འབྲེལ་པ་དང༌། འདུ་བའི་འབྲེལ་པ་དང༌། འབྲེལ་པ་རྫས་གྲུབ་ཡོད་པར་འདོད་པའི་ལོག་རྟོག་དུ་མ་ཡོད་པས་དེ་རྣམས་བསལ་ནས་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་དེ་ལ། ཁོ་རང་དུ་གྱུར་པའི་བདག་གཅིག་གི་འབྲེལ་པ་དང་། ཁོ་རང་དུ་གྱུར་པའི་དེ་བྱུང་གི་འབྲེལ་པ་གཉིས་སུ་གྲངས་ངེས་པར་བསྟན་པའི་ཕྱིར། རྒྱུད་གཞན་སྒྲུབ་པ་གང་ལས་འཕྲོས་ན། ཕྱི་དོན་མེད་པར་བསྟན་པའི་མངོན་སུམ་ལེའུའི་གཞུང་རྣམས་ལས་འཕྲོས་པ་ཡིན་ཏེ། འདིའི་སྐབས་སུ་ཕྱི་དོན་མེད་པར་བསྟན་པ་ལ། ཕྱི་དོན་མེད་ན་སྔ་རྒོལ་ལས་རྒྱུད་གཞན་པའི་ཕྱི་རྒོལ་གྱི་སེམས་རྒྱུད་མེད་པར་འགྱུར་ལ། དེ་ལྟར་ན་ཕྱི་རྒོལ་མེད་པར་འགྱུར། དེ་ལྟར་ན་གཞན་དོན་བྱེད་པའི་ཚུལ་ཡང་མེད་པར་འགྱུར་རོ། །ཞེ་ན། དེ་ལྟར་མི་འགྱུར་ཏེ། ཕྱི་དོན་མེད་ཀྱང་ངག་སྨྲ་བའི་རྟགས་ལས་སྔ་རྒོལ་ལས་རྒྱུད་གཞན་པའི་ཕྱི་རྒོལ་གྱི་རྒྱུད་ལ་སེམས་ཡོད་པར་དཔོག་ནུས་པར་དེ་ཉིད་ཀྱིས་བསྟན་པའི་ཕྱིར། རྩོད་རིགས་གང་ལས་འཕྲོས་ན། གཞན་དོན་ལེའུ་ལས་འཕྲོས་པ་ཡིན་ཏེ། དེ་ཉིད་ལས། གཞན་དོན་སྒྲུབ་ངག་ཡང་དག་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཅིང༌། དེ་འགོད་པ་པོའི་གང་ཟག་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པས། དེ་དངོས་སུ་སྟོན་པ་ལ་རྩོད་རིགས་གསུངས་པའི་ཕྱིར། དེས་ན། དགེ་སློང་ཆོས་ཀྱི་གྲགས་པས་སྡེ་བདུན་དཀྱུས་ཐོག་གཅིག་ལ་བརྩམས་ཤིང༌། ཐོག་མར་བསྟན་བཅོས་རྣམ་འགྲེལ་འདི་ཉིད་བརྩམས་པས། གདུལ་བྱ་རྣམས་འདི་ལ་ཐོས་བསམ་གྱིས་འཇུག་རིགས་ཏེ། འདི་ཉིད་ལས། གཞི་བདེན་པ་གཉིས་ཀྱི་རྣམ་བཞག་ལ་སོགས་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། །འོ་ན། བསྟན་བཅོས་དེ་འཆད་ཚུལ་དེ་གང་ཞེ་ན། འདི་ལ་མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་ན་སྐད་རིགས་མི་གཅིག་པ་བཞི་ཡོད་པའི་སཾ་སྐྲྀ་ཏའི་སྐད་དུ། པྲ་མ་ཎ་བར་ཏི་ཀ་ཀ་རི་ཀ་ཞེས་བྱ་བ་ལ། དེ་ཉིད་བོད་སྐད་དུ་སྒྱུར་ན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བརྗོད་ཅིང༌། དེ་ཡང་པྲ་མ་ཎ་ཞེས་པའི་པྲ་དང་པོ་དང་། གཙོ་བོ་སོགས་དུ་མ་ལ་འཇུག་པ་ལས། ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་འགྱུར་བ་རྣམས་ནི། ཚད་མའི་སྐད་དོད། པྲ་ཞེས་པ་གཙོ་བོ་ལ་འཇུག་པའི་དབང་དུ་བྱས་ནས། རང་གི་ཡུལ་གྱི་གཙོ་བོ་ལ་མི་བསླུ་བའི་རིག་པའམ། རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་རིག་པ་ཚད་མའི་དོན་དུ་བཞེད་ལ། འདིར་པྲ་ཞེས་པ་དང་པོ་དང༌། མ་ཎ་འཇལ་བ་ལ་འཇུག་པས། དང་པོར་འཇལ་བ་ཞེས་པ་དོན་འགྱུར་དུ་མཛད་ནས། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་དོན་དུ་བཞེད་ལ། འོ་ན། ཚད་མ་རྣམ་འགྲེལ་ཞེས་པའི་ཚད་མ་དེ་གང༌། དེའི་དོན་རྣམ་པར་འགྲེལ་ཚུལ་ཇི་ལྟ་བུ་ཞེ་ན། བསྟན་བཅོས་འདི་ཆོས་ཅན། ཚད་མ་རྣམ་འགྲེལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐུབ་པའི་གསུང་རབ་དང་ཚད་མ་ཀུན་ལས་བཏུས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་རྣམ་པར་འགྲེལ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཐུབ་པའི་གསུང་རབ་དང་ཚད་མ་ཀུན་ལས་བཏུས་པ་ཆོས་ཅན། ཁྱོད་ལ་ཚད་མའི་མིང་གིས་བཏགས་ནས་བསྟན་པའི་རྒྱུ་མཚན་ཡོད་དེ། བདེན་པ་གཉིས་གསར་དུ་རྟོགས་པའི་ཤེས་པ་ནི་ཚད་མ་ཡིན་ལ། ཁྱོད་ཀྱིས་དེ་བརྗོད་བྱར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཚིག་ལེའུར་བྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་གྱི་ཚིགས་བཅད་དུ་ཡོད་པས་དེ་ལྟར་དུ་བརྗོད་པའི་ཕྱིར། འོ་ན། རྗེས་སུ་བསྔགས་པའི་སྡེབ་སྦྱོར་དེ་གང་ཞེ་ན། ཚིགས་སུ་བཅད་པ་ཡིན་འབྲུ་བདུན་པ་གཅིག་ལ་བྱེད་པར་ལེགས་བཤད་གསེར་འཕྲེང་ལས་བཤད་པའི་ཕྱིར།
༈ གཉིས་པ་འགྱུར་ཕྱག་སྟོན་པར་བྱེད་པ་ལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་བྱུང་། དོན་ནི། ལོ་ཙཱ་བ་རྣམས་ཀྱིས་བསྟན་བཅོས་འདི་ཉིད་བསྒྱུར་བའི་ཐོག་མར། འཕགས་པ་འཇམ་དཔལ་ལ་འགྱུར་ཕྱག་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་བསྒྱུར་བའི་ཐོག་མར་རྒྱ་སྐད་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་ཁུངས་བཙུན་པར་བྱ་བ་དང༌། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་བཞག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་བསྒྱུར་བའི་ཐོག་མར་བོད་སྐད་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ལོ་ཙཱ་བ་རྣམས་ལ་བྱས་པ་ཤེས་ཤིང༌། དྲིན་དུ་གཟོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། རྒྱ་སྐད་བོད་སྐད་གཉིས་ཀ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ངེས་ཚིག་སོ་སོར་ཡང་དག་པར་གོ་བ་ལ་དབང་བསྒྱུར་བརྟན་པོ་ཐོབ་པའི་ཆེད་ཡིན་པའི་ཕྱིར། །
༈ གསུམ་པ་གཞུང་གི་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་བྱ་བ། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ། རྩོམ་པ་མཐར་ཕྱིན་པའི་ཚུལ་དང་གསུམ། དང་པོ་འཆད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་པ་ནས། འདི་ལ་དགའ་བ་སྐྱེས། ཞེས་པའི་བར་བྱུང༌། གཉིས་པ་འཆད་པ་ལ། ཕྱོགས་ཆོས། ཞེས་པ་ནས། མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པའི་བར་བྱུང༌། གསུམ་པ་འཆད་པར་བྱེད་པ་ལ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང༌། ཞེས་པ་ནས། མཁས་པའི་པདྨོ་རྒྱས་བྱེད་ཡིན། །ཞེས་པའི་བར་བྱུང༌། དང་པོ་ལ་ཡང༌། མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས། དང་པོ་འཆད་པ་ལ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་སོགས་བྱུང༌། །