རང་ལུགས་ཀྱི་བདེན་བཞིའི་རྣམ་གཞག་བཤད་པ།
༈ རང་ལུགས་བཞག་པ་ལ། བདེན་པ་བཞི་སོ་སོའི་ངོ་བོ། མཚན་གཞི། ལོག་ཞུགས་བཅུ་དྲུག་ངོས་བཟུང་བ་དང་། དེ་དང་འགལ་བའི་བདེན་པའི་རྣམ་པ་བཅུ་དྲུག་ངོས་བཟུང་བ་དང་བཞི། དང་པོ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པ་ལ་བརྟེན་ནས་བྱུང་བའི་ཟག་བཅས་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། མ་དག་པའི་བཅུད་ཀྱི་འཇིག་རྟེན་གཉིས་ཡོད་དེ། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་བའི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་དུ་ཡོད། དང་པོ་ནི། མཁལ་མའི་ཟུག་གཟེར་གྱི་ཚོར་བ་སྡུག་བསྔལ་ལྟ་བུ་ལ་བྱེད། གཉིས་པ་ནི། ཟས་ཡིད་དུ་འོང་བ་ལ་སྲེད་པའི་ཚོར་བ་ལྟ་བུ་ལ་བྱེད། གསུམ་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྟ་བུ་ལ་བྱེད། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག །རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ཟག་བཅས་སུ་གྱུར་པའི་སེམས་བྱུང་དེ་ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ལས་ཀྱི་ཀུན་འབྱུང་བདེན་པ་དང་། ཉོན་མོངས་པའི་ཀུན་འབྱུང་བདེན་པ་གཉིས་ཡོད་དེ། མངོན་པ་ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་པའི་ཕྱིར། འོ་ན། འཁོར་བས་བསྡུས་པའི་ལས་དང་ཉོན་མོངས་པ་གཉིས། ཀུན་འབྱུང་བདེན་པར་ངོས་འཛིན་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཛིན་པའི་རྒྱུ་མཚན་ཡོད་དེ། དཔེར་ན། ནས་མྱུག་སྐྱེ་བ་ལ་རང་གི་ཉེར་ལེན་དུ་གྱུར་པའི་ནས་ཀྱི་ས་བོན་དང་རང་གི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཆུ་ལུད་དྲོད་གཤེར་དགོས་པ་བཞིན་དུ་སྡུག་བསྔལ་གསུམ་དང་དྲུག་ལ་སོགས་པའི་མྱུ་གུ་སྐྱེད་པ་ལ་རང་གི་འཕེན་བྱེད་ཀྱི་རྒྱུ་ལས་དང་། འགྲུབ་བྱེད་ཀྱི་རྒྱུ་ཉོན་མོངས་པ་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་ངོས་བཟུང་བ་ཡིན་པའི་ཕྱིར། ལས་ཀྱི་ཀུན་འབྱུང་བདེན་པ་དེ་ལ་དབྱེ་ན། འཁོར་བས་བསྡུས་པའི་བསོད་ནམས་ཀྱི་ལས། འཁོར་བས་བསྡུས་པའི་བསོད་ནམས་མ་ཡིན་པའི་ལས། འཁོར་བས་བསྡུས་པའི་མི་གཡོ་བའི་ལས་དང་གསུམ། དང་པོ་དེ་ལ་ཡང་མིར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འདོད་ལྷར་སྐྱེ་བ་འཕེན་བྱེད་ཀྱི་ལས་གཉིས། དང་པོ་ལ་གླིང་བཞི་དང་གླིང་ཕྲན་ལ་སོགས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་རྣམས་སུ་ཡོད། གཉིས་པ་ལ། འདོད་ལྷ་རིགས་དྲུག་ཏུ་སྐྱེ་བ་འཕེན་བྱེད་ཀྱི་ལས་རྣམས་སུ་ཡོད། འཁོར་བས་བསྡུས་པའི་བསོད་ནམས་མ་ཡིན་པའི་ལས་དེ་ལ་ངན་སོང་གསུམ་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསུམ་ཡོད། འཁོར་བས་བསྡུས་པའི་མི་གཡོ་བའི་ལས་དེ་ལ་དབྱེ་ན། གཟུགས་ཁམས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། གཟུགས་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གཉིས། དང་པོ་ལ། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་གཉིས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་གསུམ་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་བཞི་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་བཞི། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ་ཚངས་རིས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚངས་པ་མདུན་ན་འདོན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚངས་ཆེན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསུམ་ཡོད་དོ། །བསམ་གཏན་གཉིས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། འོད་ཆུང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚད་མེད་འོད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འོད་གསལ་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །བསམ་གཏན་གསུམ་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། དགེ་ཆུང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚད་མེད་དགེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། དགེ་རྒྱས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །བསམ་གཏན་བཞི་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། སྤྲིན་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསོད་ནམས་སྐྱེས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འབྲས་བུ་ཆེ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །འོ་ན། བསམ་གཏན་བཞི་པའི་གནས་དེ་ལ་ བརྒྱད་ཡོད་པ་ལས་སྐྱེ་བ་འཕེན་བྱེད་ལ་གསུམ ་དུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། གཙང་མའི་གནས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་མེད་པར་ལེགས་བཤད་གསེར་འཕྲེང་ལས་བཤད་པའི་ཕྱིར། གཟུགས་མེད་ཀྱི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ་བཞི་ཡོད་པ་ཡིན་ཏེ། ནམ་མཁའ་མཐས་ཡས་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། སྲིད་རྩེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་བཞི་ཡོད་པའི་ཕྱིར། ཉོན་མོངས་པའི་ཀུན་འབྱུང་བདེན་པ་དེ་ལ་དབྱེ་ན། རྩ་ཉོན་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུར་ཡོད་དོ། །དང་པོ་དྲུག་ནི། འདོད་ཆགས། ང་རྒྱལ། ཁོང་ཁྲོ། ཉོན་མོངས་ཅན་གྱི་མ་རིག་པ། ཉོན་མོངས་ཅན་གྱི་ལྟ་བ། ཉོན་མོངས་ཅན་གྱི་ཐེ་ཚོམ་རྣམས་སོ། །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་སྤངས་པའི་བྲལ་བ་དེ། འགོག་བདེན་གྱི་མཚན་ཉིད། འགོག་བདེན། བྲལ་བ། ཞི་བ་རྣམས་དོན་གཅིག །རང་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཁྱེན་པ་དེ། ལམ་བདེན་གྱི་མཚན་ཉིད། ལམ་བདེན་དེ་ལ་དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་གསུམ་དུ་ཡོད་དོ། །དམན་ལམ་སྔོན་དུ་སོང་བའི་དབང་དུ་བྱས་ན་ཁོ་རང་དུ་གྱུར་པའི་ལམ་ལྔ་ཀར་ཡོད། གསུམ་པ་ལོག་ཞུགས་བཅུ་དྲུག་ངོས་བཟུང་བ་ནི། ལོག་ཞུགས་བཅུ་དྲུག་བཞག་ཏུ་ཡོད་དེ། སྡུག་བསྔལ་བདེན་པའི་དབང་དུ་བྱས་པ་བཞི། ཀུན་འབྱུང་བདེན་པའི་དབང་དུ་བྱས་པ་བཞི། འགོག་བདེན་གྱི་དབང་དུ་བྱས་པ་བཞི། ལམ་བདེན་གྱི་དབང་དུ་བྱས་པའི་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་བཞག་ཏུ་ཡོད་དེ། ཟག་བཅས་ཀྱི་ཕུང་པོ་ལ་དམིགས་ནས་ཟག་བཅས་ཀྱི་ཕུང་པོ་རྟག་པར་འཛིན་པ། གཙང་བར་འཛིན་པ། བདེ་བར་འཛིན་པ། བདག་ཏུ་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། ཀུན་འབྱུང་བདེན་པའི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ། དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ། རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། འགོག་བདེན་གྱི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། ཐར་པ་ཡེ་མེད་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་གྱ་ནོམ་པའི་ཐར་པར་འཛིན་པ། སྡུག་བསྔལ་སྤངས་ཀྱང་སྤངས་པ་སླར་ལྡོག་པར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། ལམ་བདེན་གྱི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། ཐར་ལམ་ཡེ་མེད་དུ་འཛིན་པ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་ཐར་ལམ་མ་ཡིན་པར་འཛིན་པ། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ཐར་ལམ་མེད་པར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་རྣམས་སུ་ཡོད་པའི་ཕྱིར་ཏེ། བདེན་པ་བཞི་ལ་བརྟེན་པ་དང་། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཅེས་གསུངས་པའི་ཕྱིར། གསུམ་པ་དེ་དང་འགལ་བའི་བདེན་པའི་རྣམ་པ་བཅུ་དྲུག་ངོས་བཟུང་བ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་སྟེ། རེ་འགའ་སྐྱེ་བའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་གྱི་རྣམ་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་གཞན་དབང་ཅན་གྱི་ཕུང་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་གཞན་གྱི་བདག་གིས་སྟོང་པ་ཡིན་ཏེ། དབང་སྒྱུར་པ་པོའི་བདག་དོན་གཞན་གྱིས་སྟོང་པའི་ཕུང་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། བདག་མེད་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོར་མ་གྲུབ་པའི་ཕུང་པོ་ཡིན་པའི་ཕྱིར། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པ་ཆོས་ཅན། རྒྱུ་ཡི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཡང་ཡང་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཤུགས་དྲག་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། ཕུན་སུམ་ཚོགས་པའི་ཐར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་མི་ལྡོག་པར་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོར་རིག་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ཐར་ལམ་ཡིན་པའི་ཕྱིར། དེ་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གདུལ་བྱའི་སྐྱོབ་པ་མཐར་ཐུག་ཡིན་ཏེ། གདུལ་བྱ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར།། །།
འདིས་ཀྱང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །སརྦ་མངྒ་ལམ།། །།