Nitartha Digital Library
Tibetan
 
previousཚད་འབྲས་གསུམ་པའི་རྣམ་གཞག་བཤད་པ།next

ཚད་འབྲས་གསུམ་པའི་རྣམ་གཞག་བཤད་པ།

༈ ཚད་འབྲས་གསུམ་པའི་རྣམ་བཞག་བཤད་པ་ལ། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ། བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་དང་། དེའི་འགྲེལ་པར། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཞེས་པ་ནས། དེ་དང་དེའི་ངོ་བོ་ཡུལ་དང་བཅས་པ་འཇལ་བར་བྱེད་དེ། ཅེས་པའི་བར་གསུངས། གཉིས་པ་ལུང་དོན་བཤད་པ་ནི། དེ་ཡང་གང་གི་ཚེ། ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ནི། ཞེས་པས་འབྲས་རྟོག་གསུམ་པའི་གཞལ་བྱ་དང་འབྲས་བུ་གཉིས་ཐུན་མོང་དུ་བསྟན། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་ཞེས་སོགས་ཀྱིས་འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དེ་བསྟན། གང་གི་ཕྱིར་ཞེ་ན། དོན་དེ་དེ་ཡིས་འཇལ་བར་བྱེད། །ཅེས་པ་མན་ཆད་ཀྱི་དེའི་རྒྱུ་མཚན་དེ་བསྟན་པ་ཡིན་ནོ། །འོ་ན། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ཞེས་པའི་འབའ་ཞིག་པའི་དོན་གང་ཞེ་ན། སྐབས་འདིར་འབའ་ཞིག་པའི་དོན་དེ། ཡང་སྒྲའི་དོན་དུ་འཆད་རིགས་པའི་ཕྱིར་ཏེ། འདིའི་དོན་འཆད་པར་བྱེད་པ་ལ། རྣམ་འགྲེལ་འདིར། ཕྱིར་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཡང་སྒྲ་བྱུང་བ་ཡིན་པའི་ཕྱིར། འོ་ན། དཀར་པོ་དང་དཀར་པོ་མ་ཡིན་ཞེས་པའི་དཀར་པོ་དང་། དཀར་པོ་མ་ཡིན་པའི་དོན་དེ་གང་ཞེ་ན། དེའི་དོན་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ལ་བྱེད་པ་ཡིན་ནོ། །གཉིས་པ། རྩ་འགྲེལ་དེ་གཉིས་ཀྱི་དོན་འདིར་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་བྱུང་། དེ་ཡང་མདོ་རང་འགྲེལ་ལས། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ། ཞེས་པའི་དོན་རིགས་པའི་སྒོ་ནས་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པ་ནས། འཚམས་སྦྱོར་མེད་སེམས་མཐོང་བ་ཡིན། །ཞེས་པའི་བར་བྱུང་། དེའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་འདི་རང་བཞིན། །ཞེས་སོགས་རྐང་པ་གཉིས་བྱུང་། མདོ་རྩ་བར། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་ཞེས་སོགས་དེའི་འགྲེལ་པར་ཡུལ་གྱི་སྣང་བ་འདི་ཉིད་འདིའི་ཚད་མ། ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་པ་འདི་བྱུང་། དེའི་ཚེ་ནི་ཤེས་པ་རང་རིག་པ་ཡིན་ཡང་། ཞེས་པའི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། ཡོད་དུ་ཟིན་ཀྱང་ནི། །ཞེས་པ་འདི་བྱུང་། རང་གི་ངོ་བོ་ལ་མི་ལྟོས་པའི་དོན་གྱི་སྣང་བ་འདི་ཚད་མའོ། །ཞེས་པའི་དོན་ཚིག་དོན་་གྱི་སྒོ་ནས་འཆད་པ་ལ། དོན་གཞན་མིན་ཕྱིར་ཕྱི་རོལ་ལ། །ཞེས་སོགས་རྐང་པ་གཉིས། གང་གི་ཕྱིར་ཞེ་ན། དོན་དེ་དེ་ཡིས་འཇལ་བར་བྱེད། །ཅེས་པ་མན་ཆད་ཀྱི་དོན་ཚིག་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཞེས་སོགས་རྐང་པ་བཞི་བྱུང་། ཡུལ་གྱི་སྣང་བ་ཉིད་དེ་འདིའི། །ཚད་མ་དེ་ཡིས་ཞེས་པ་རྩ་འགྲེལ་གྱི་དོན་རིགས་པའི་སྒོ་ནས་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཉིད་དོན་རིག་འདོད། །ཅེས་སོགས་རྐང་པ་དྲུག་བྱུང་། རྩོད་པ་སྤོང་བ་ལ། ཚད་མ་ལ་རྩོད་པ་སྤོང་བ། འབྲས་བུ་ལ་རྩོད་པ་སྤོང་བ། གཞལ་བྱ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་འཆད་པར་བྱེད་པ་ལ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གསུམ་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་རྐང་པ་གསུམ་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་པ་ནས། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པའི་བར་བྱུང་། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པའི་དོན་ཡང་། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་ཡོད་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་དེས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་གཟུགས་རྟོགས་པ་ཡིན་གྱི། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་སྒོ་ནས་གཟུགས་རྟོགས་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་ན། གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་རྐང་པ་བཞི་བྱུང་། བྱས་པ་ལ་ཁོ་ན་རེ། དེ་དེ་གཉིས་ཀར་ཁས་བླངས་པ་ལ་སྐྱོན་ཅི་ཡོད་ཅེ་ན། གཟུགས་ཡིད་མི་འོང་དུ་སྣང་བའི་ཚུར་མཐོང་གི་མིག་ཤེས་ལ་ཡང་། གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་དུ་སྣང་བར་ཐལ། གཟུགས་ཡིད་འོང་དང་གཅིག་ཤོས་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། ཞེས་འཆད་པར་བྱེད་པ་ལ། ཁས་བླངས་ན་ཡང་གཉིས་པོ་དག ། ཅེས་སོགས་རྐང་པ་གཉིས་བྱུང་། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། གཟུགས་ཡིད་འོང་དང་ཡིད་མི་འོང་གཉིས་ཀ་ཡིན་ཀྱང་། དེ་ཡིད་འོང་དུ་སྣང་བའི་ཚུར་མཐོང་གི་མིག་ཤེས་ལ། དེ་ཡིད་འོང་ཁོ་ནར་སྣང་ཞིང་། ཡིད་མི་འོང་དུ་ཚེ་སྔ་མའི་ལས་ཀྱིས་བསྒྲིབས་ནས་མི་སྣང་། དེ་ཡིད་མི་འོང་དུ་སྣང་བའི་ཚུར་མཐོང་གི་རྒྱུད་ཀྱི་མིག་ཤེས་ལ། དེ་ཡིད་མི་འོང་ཁོ་ནར་སྣང་ཞིང་། ཡིད་འོང་དུ་ཚེ་སྔ་མའི་ལས་ཀྱིས་བསྒྲིབས་ནས་མི་སྣང་བའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། མ་མཐོང་བསྒྲིབས་ཕྱིར་མིན་ཞེ་ན། །ཞེས་པ་འདི་བྱུང་། འོ་ན། དེ་ལྟར་འདོད་པ་དང་གཟུགས་ཡིད་འོང་དང་། ཡིད་མི་འོང་གཉིས་ཀར་ཁས་ལེན་པ་ནང་འགལ་ལོ། །ཞེས་འཆད་པར་བྱེད་པ་ལ། དོན་གྱི་དབང་གིས་རྟོགས་མི་འགྱུར། །ཞེས་སོགས་རྐང་པ་ལྔ་བྱུང་། དེ་ལ་ཁོ་ན་རེ། ཡིད་འོང་དང་ཡིད་མི་འོང་སྣང་བའི་རྟོག་པ་ཡོད་པ་ཡིན་གྱི། དབང་ཤེས་ལ་དེ་ལྟར་སྣང་བ་མེད་དོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་འདོད་དང་མི་འདོད་པར། །ཞེས་སོགས་རྐང་པ་གཉིས་བྱུང་། དེའི་ལན་ནི། རྟོག་པ་ལ་དེ་ལྟར་ཡོད་པར་མ་ཟད་དབང་ཤེས་ལ་ཡང་དེ་ལྟར་ཡོད་དོ། །ཞེས་ལན་འདེབས་པར་བྱེད་པ་ལ། དེ་ལའང་འཆི་ལྟས་ལ་སོགས་པར། །ཞེས་སོགས་རྐང་པ་གཉིས་བྱུང་། དེས་ན། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་སོགས་རྐང་པ་བཞི་བྱུང་། རང་རེས། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །ཞེས་འཆད་པ་དེ་ལ་ཁོ་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། རང་རིག་འབྲས་བུར་བཞག་འདུག་སྙམ་ནས། འོ་ན། དེའི་ཚེ་ན་འཛིན་རྣམ་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། དེའི་ཚེ་རང་རིག་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་ཕྱིར། དཔེར་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཇོག་པའི་ཚེ། རང་རིག་འབྲས་བུ་ལ་འཛིན་རྣམ་ཚད་མར་འཇོག་པའི་དཔེ་འདི་བཞིན་ནོ་ཞེ་ན། དེའི་ཚེ་ན་འཛིན་རྣམ་དེ་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་མ་ཡིན་ཏེ། དེའི་ཚེ་ན་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་འཇོག་བྱེད་ཡིན་པའི་ཕྱིར་དང་། འཛིན་རྣམ་དེ་ལ་མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་ཀྱི་རྣམ་པ་ཤར་བ་ཡང་མ་བཤད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འཇོག་བྱེད་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། གང་ཕྱིར་ཇི་ལྟར་དོན་བདག་དེ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་སྒྲུབ་བྱེད་འཆད་པར་བྱེད་པ་ལ། དེ་ཕྱིར་དེ་ཉིད་དོན་རིག་འདོད། །ཅེས་སོགས་རྐང་པ་གཉིས་བྱུང་། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། དེ་ཡི་སྒྲུབ་བྱེད་བློ་ལ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། ཚད་མ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ། འབྲས་རྟོག་གསུམ་པའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་མ་དང་འབྲས་བུ་གཉིས་ཡུལ་འགལ་བར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་དེ་འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ་དེའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ཡུལ་འགལ་བ་ཡང་མ་ཡིན་ཏེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་དེ། དེ་གཉིས་ཀའི་གཞལ་བྱར་ཁས་ལེན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གསུམ་བྱུང་། འབྲས་བུ་ལ་རྩོད་པ་སྤོང་བ་ལ་ཁོ་ན་རེ། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་རྒྱུ་མཚན་གང་ཞེ་ན། དེ་རིགས་པ་ཡིན་ཏེ། གཟུགས་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་རྐང་པ་བཞི་བྱུང་། གཞལ་བྱ་ལ་རྩོད་པ་སྤོང་བ་ལ། འོ་ན། གཟུགས་འཛིན་དབང་མངོན་གྱི་དངོས་རྒྱུ་དེ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་གྱི་གཞལ་བྱར་བསྟན་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པ་གང་ཞིག །ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་གཞལ་བྱར་ཐལ། དེའི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་འཆད་པར་བྱེད་པ་ལ། དེ་དང་འདྲ་བའམ་གཞན་འདྲའང་རུང་། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཆོས་ཅན། གཟུགས་འཛིན་དབང་མངོན་གྱི་གཟུང་དོན་མ་ཡིན་པར་ཐལ། ཁྱོད་ཀྱིས་གཟུགས་འཛིན་དབང་མངོན་ལ་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར། རྟགས་ཁས། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་བྱུང་། དེའི་ལན་ནི། དེ་འདྲ་བའི་ཐལ་འགྱུར་དེ། དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཡང་དག་ཏུ་མི་འཇུག་སྟེ། དཔལ་ལྡན་ཆོས་གྲགས་ཀྱིས་དེ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པ་འདི་བྱུང་ངོ་། །

༈ ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་སོགས་རྐང་པ་བཞིའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། གཞུང་འདི་བྱེ་བྲག་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་མ་ཡིན་ཏེ། འདི་ལས་རང་རིག་བདེན་གྲུབ་ཏུ་བཤད་པའི་ཕྱིར། སེམས་ཙམ་པའི་ལུགས་མ་ཡིན་ཏེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཕྱི་དོན་བསྟན་པའི་ཕྱིར། མདོ་སྡེ་པའི་ལུགས་མ་ཡིན་ཏེ། རང་ངོ་བོས། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གཟུགས་འཛིན་དབང་མངོན་འཁྲུལ་ཤེས་སུ་བསྟན་པའི་ཕྱིར། དེས་ན། གཞུང་འདི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར། ཕྱོགས་གླང་ཆོས་གྲགས་ཀྱི་རིགས་པས་སྲོལ་ཕྱེ་བ་ཡིན་ནོ་ཞེ་ན། རྗེ་བཙུན་ས་པཎ་གྱིས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ། དེ་སྨྲ་བའི་གང་ཟག་བཞི་པོ་དེར་གྲངས་མ་ངེས་པའི་ཕྱིར། འབྲས་རྟོག་གསུམ་པའི་གཞུང་འདི། སངས་རྒྱས་པའི་དེ་སྨྲ་བའི་གང་ཟག་གཅིག་གི་ལུགས་ཡིན་ཀྱང་། དེ་སྨྲ་བའི་གང་ཟག་བཞི་པོ་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་། འབྲས་རྟོག་གསུམ་པའི་གཞུང་དེ་སེམས་ཙམ་པའི་གཞུང་དུ་ཐལ། དཔལ་ལྡན་ཆོས་གྲགས་སེམས་ཙམ་པ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་རྣམ་འགྲེལ་སེམས་ཙམ་པའི་བསྟན་བཅོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཤཱཀྱས། ཤེས་བྱ་ནང་གི་ཡིན་པར་སྒྲའི་ཕྱོགས་ཀྱི་དོགས་པ་བསལ་བའི་ཕྱིར། ཞེས་གསུངས་པ་མི་འཐད་པར་ཐལ། འབྲས་རྟོག་གསུམ་པའི་གཞུང་དེ། སེམས་ཙམ་པའི་རང་གཞུང་རྣམ་དག་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། རང་རེས། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་འཆད་པ་ལ་ཁོ་ན་རེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། རང་རིག་འབྲས་བུར་བཞག་འདུག་སྙམ་ནས། འོ་ན། དེའི་ཚེ་ན། འཛིན་རྣམ་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་རིགས་པར་ཐལ། དེའི་ཚེ་ན་རང་རིག་དེ། ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུར་རིགས་པའི་ཕྱིར། དཔེར་ན། ཤེས་བྱ་ནང་གི་ཡིན་པ་སྟེ། ཁ་ནང་ཁོ་ན་ལ་ཕྱོགས་པའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཇོག་པ་དེའི་ཚེ། རང་རིག་འབྲས་བུ་ལ། འཛིན་རྣམ་ཚད་མར་འཇོག་པའི་དཔེ་འདི་བཞིན་ནོ། །སྙམ་པའི་དོགས་པ་དེ་སེལ་བར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཞེས་པའི་གཞུང་བྱུང་བ་དེ་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཕྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ། རང་རིག་འབྲས་བུར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུང་རྣམ་དང་རང་རིག་གཉིས་ཚད་འབྲས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་མཚན་མཚོན་དུ་ཐལ་ལོ། །འདོད་ན། རང་རིག་ཡིན་ན། གཟུང་རྣམ་ཡིན་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། གཟུང་རྣམ་ལ། གཞན་རིག་གི་ཤེས་པ་ཡིན་པས་ཁྱབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚན་མཚོན་ལ་ཁྱབ་པ་སྒོ་ བརྒྱད་ཁས་མི་ལེན་ནོ་ཟེར་ན། འོ་ན། རིགས་གཏེར་ལས། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། མཚན་མཚོན་ལ་དེ་བརྩི་མི་རིགས་པའི་ཕྱིར། གཞན་ཡང་། འཛིན་རྣམ་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། རང་རིག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། རང་རིག་ཆོས་ཅན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པར་ཐལ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འདྲའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེ། འབྲས་རྟོག་གཉིས་པ་དང་གསུམ་པ་གཉིས་ཀྱི་འབྲས་བུ་ཐུན་མོང་དུ་ངོས་འཛིན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཏེ། དེས་དེ་གཉིས་ཀྱི་འབྲས་བུ་ཐུན་མོང་དུ་ངོས་བཟུང་བ་ལ་དགོངས་ནས། ཚད་མ་མདོར། འབྲས་རྟོག་གསུམ་པའི་འབྲས་བུ་ངོས་འཛིན་གྱི་གཞུང་དངོས་སུ་མ་བྱུང་བ་ཡིན་པའི་ཕྱིར། མདོར། དེ་འདྲ་བ་དེ་མ་བྱུང་བ་ལ་རྒྱུ་མཚན་ཡོད་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་དང་པོར་ཀུན་རྫོབ་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་བསྟན་ནས། ཚད་འབྲས་གསུམ་པར་དོན་དམ་པའི་ཚད་འབྲས་ཀྱི་དེ་སྟོན་པ་ཡིན་ནོ་ཟེར་ན། དོན་དམ་པར་ཚད་འབྲས་ཀྱི་དེ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེར་ཚད་འབྲས་ཡོད་པར་ཐལ་ལོ། །འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་དང་། གཟུགས་དངོས་སུ་རྟོགས་པའི་ཚད་མ་གཉིས། དེར་ཚད་འབྲས་ཡིན་པར་ཐལ་ལོ། །འདོད་ན། དེ་གཉིས་ཆོས་ཅན། དེར་མཚན་མཚོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་པར་ཐ་དད་ཡིན་པར་ཐལ་ལོ། །འདོད་ན། རྫས་ཡོད་དུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བྱས་མི་རྟག་གཉིས་ཆོས་ཅན། རྫས་ཐ་དད་དུ་ཐལ། དོན་དམ་པར་ཐ་དད་ཡིན་པའི་ཕྱིར་ཏེ། དེར་གཅིག་དང་ཐ་དད་པ་གང་རུང་གང་ཞིག །དེར་གཅིག་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པར་གྲུབ་པའི་གཅིག་དང་། ཐ་དད་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེ་ཆོས་ཅན། བདེན་པར་མ་གྲུབ་པར་ཐལ། བདེན་པར་གྲུབ་པའི་གཅིག་དང་། ཐ་དད་གང་རུང་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་ཡིན་ཟེར་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མདོ་རང་འགྲེལ་ལས། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ། ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་ཡང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་གཞལ་བྱ་དང་འགལ་བར་ཐལ། ཁྱོད་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་གང་ཞིག །ཤེས་པའི་བདག་ཉིད་དུ་གྱུར་པའི་ཞེས་སོགས་ཀྱི་ཚད་མ་དེ། དེའི་དེ་འདྲའི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། རྟགས་གསལ་གཉིས་ཀ་ཁས། ཁྱབ་སྟེ། དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་གཉིས་པོ་དེ། མདོ་སྡེ་པས། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མ་དང་འབྲས་བུ་གཉིས་ཡུལ་རྫས་ཐ་དད་པ་ཁོ་ན་ལ་འཇུག་པར་ཐལ་པའི་རྩོད་སྤོང་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁོ་ན་རེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུགས་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། འབྲས་བུ་དེར་ཐལ། ཚད་མ་དེའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། རེ་ཞིག་དེ་ལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པའི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དེ། ཁྱོད་ཀྱི་གཞལ་བྱར་ཐལ། དེའི་རྟོག་པའི་ངོར། དེ་འདྲ་བའི་གཞལ་བྱ། ཞེས་སོགས་ཀྱི་རིག་པ་ཚད་མ། ཁྱོད་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། དེའི་ངོ་བོར་དེ་འདྲ་བའི་གཟུགས་དེའི་གཞལ་བྱ་མ་ཡིན་པར་ཐལ། དེ་ཕྱི་རོལ་དོན་དུ་གྱུར་པའི་དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། དེའི་ངོར་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཟེར་ན། འོ་ན། གཟུགས་དེར་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ངོར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཞལ་བྱ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ་ལོ། །

༈ རང་ལུགས་བཞག་པ་ལ། གཞུང་འདིའི་ཕྱོགས་སྔ་ཕྱི་སྨྲ་བ་པོའི་གང་ཟག་ངོས་བཟུང་བ། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ། གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་དང་བཞི། དང་པོ་ནི། མདོ་སྡེ་པ་དེ་དེའི་ཕྱོགས་སྔ་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། དེས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཞལ་བྱར་བྱེད་པའི་ཚད་འབྲས་ཀྱི་རྣམ་བཞག་འདོད་པ་གང་ཞིག། སྐབས་འདིར་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དེ། དེ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ་ནི། བློ་ལ་མངོན་རྗེས་གཉིས་ཡོད་པའི་ནང་ནས། མངོན་སུམ་གྱི་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་ལ། མངོན་སུམ་དེ་ལ་ཡང་བཞི་ཡོད་པའི་ནང་ནས། དབང་མངོན་གྱི་དེ་གཙོ་བོར་སྟོན་པ་ཡིན་པའི་ཕྱིར་ཏེ། འདིར་དབང་མངོན་གྱི་གཞལ་བྱ་འཇལ་ཚུལ་ལ་ལོག་རྟོག་གཙོ་བོར་སེལ་བ་ཡིན་པའི་ཕྱིར། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ་ནི་ཚད་མ་དང་། འབྲས་བུ་གཙོ་བོར་སྟོན་པ་ཡིན་ཏེ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་པས་ཚད་མ་དེ་གཙོ་བོར་བསྟན། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པས། འབྲས་བུ་དེ་གཙོ་བོར་བསྟན་པ་ཡིན་པའི་ཕྱིར། གཏན་ལ་དབབ་བྱའི་གཙོ་བོའི་ཚད་འབྲས་ཀྱི་རྣམ་བཞག་ངོས་བཟུང་བ་ནི། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ཏེ། འདིའི་གཞལ་བྱ་ངོས་འཛིན་པར་བྱེད་པ་ལ། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཞེས་དང་། ཚད་མ་ངོས་འཛིན་པར་བྱེད་པ་ལ། དེའི་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན། ཞེས་དང་། འབྲས་བུ་ངོས་འཛིན་པར་བྱེད་པ་ལ། ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ཞེས་དང་། རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པ་འདི་བྱུང་བའི་ཕྱིར། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་ཞིང་། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་དབང་པོའིི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གསུམ་པའི་དེར་གྱུར་པའི་དབང་མངོན་གྱི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །

༈ རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། མདོ་སྡེ་པའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། གཟུགས་ཀྱི་རྣམ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། འོ་ན། མདོ་སྡེ་པ་དེར་གྱུར་པའི་གཟུགས་ཚད་མས་ངེས་པའི་དེར་ཐལ་ལོ། །འདོད་ན། དེ་དེ་འདྲའི་གཟུགས་ཡོད་པར་ཁས་ལེན་གྱི་དེར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་མེད་པར་ཁས་ལེན་གྱི་དེའི་ཕྱིར། གཞན་ཡང་། ཁོ་ན་རེ། གཟུགས་ཡོད་པའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཡོད་པ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། མདོ་སྡེ་པའི་རྒྱུད་ཀྱི་གཟུགས་ཡོད་པར་དངོས་སུ་རྟོགས་པའི་ཚད་མ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཁྱབ་པ་ཁས། འདོད་ན། མདོ་སྡེ་པ་དེ། དེ་འདྲའི་གཟུགས་ཡོད་པར་རྟོགས་པའི་གང་ཟག་དུ་ཐལ་ལོ་ཟེར་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་གང་ཟག་ཡིན་ན། གཟུགས་དེའི་བདག་ཉིད་དུ་རྟོགས་པའི་དེ་ཡིན་དགོས་པར་ཐལ། མདོ་སྡེ་པས། དེ་འདྲ་བའི་གཟུགས་མ་རྟོགས་པའི་ཕྱིར། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་མེ་རྟོགས་པའི་གང་ཟག་ཡིན་ན། མེ་དེར་རྟོགས་པའི་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཤེས་པའི་དེར་གྱུར་པའི་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་དེར་གྱུར་པའི་མེ་ཡོད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་དུ་ལྡན་ལ་ལ་དེ་འདྲ་བའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། བློ་ལ་བརྟེན་ནས་རྟོགས་བྱེད་ན། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། འདོད་ན། དེས་མེ་དང་མེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཚད་མས་ངེས་པར་ཐལ་ལོ། །གཞན་ཡང་། ཤེས་པའི་བདག་ཉིད་དུ་གྱུར་པའི་ཆོས་དེ་ཚད་མས་ངེས་པའི་གང་ཟག་ཡིན་ན། ཆོས་དེ་དེར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། དེར་གྱུར་པའི་གཟུགས་ལ་དེའི་ཕྱིར། འདོད་ན། སངས་འཕགས་ཆོས་ཅན། ཤེས་པའི་ཉེར་ལེན་དེའི་བདག་ཉིད་དུ་ཚད་མས་ངེས་པའི་དེར་ཐལ། དེའི་བདག་ཉིད་དུ་གྱུར་པའི་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་བདག་ཉིད་དུ་གྱུར་པའི་དེའི་ཉེར་ལེན་ཡོད་པའི་ཕྱིར་ཏེ། དེའི་དེར་གྱུར་པའི་ཤེས་པ་དེ། རང་གི་ཉེར་ལེན་ལས་སྐྱེས་པའི་ཕྱིར། རྩ་བར་འདོད་ན། དེའི་ཉེར་ལེན་དེ། དེའི་བདག་ཉིད་དུ་ཐལ་ལོ། །འདོད་ན། དེ་དང་བདག་ཉིད་གཅིག་ཏུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་ཤེས་པའི་ཉེར་ལེན་མེད་པར་ཐལ། དེ་དང་བདག་ཉིད་གཅིག་ཏུ་གྱུར་པའི་དེ་མེད་པའི་ཕྱིར་ཏེ། དེའི་ཉེར་ལེན་ཡིན་ན། དེ་དང་བདག་ཉིད་གཅིག་མ་ཡིན་དགོས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པའི་ཤེས་པའི་རྒྱུ་མེད་པར་ཐལ། དེའི་རྒྱུ་ཡིན་ན། དེ་དང་བདག་ཉིད་གཅིག་མ་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་བདག་ཉིད་དུ་གྱུར་པའི་ཤེས་པ་དེ། རང་རྒྱུ་ལས་སྐྱེས་པའི་ཕྱིར། གཞན་ཡང་། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཚད་མས་ངེས་པར་ཐལ། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། ཤེས་པའི་དེར་གྱུར་པའི་གཟུགས་ཚད་མས་ངེས་པའི་དེ་ཡིན་དགོས་པའི་ཕྱིར་ཏེ། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ། དེ་འདྲ་བའི་ཁྱབ་པ་དེ། སེམས་ཙམ་པས་ཁས་ལེན་པའི་ཕྱིར་ཏེ། ཐལ་འགྱུར་བས། གཟུགས་ཚད་མས་ངེས་པའི་གང་ཟག་ཡིན་ན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་གཟུགས་ཚད་མས་ངེས་པའི་དེ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། ཐལ་འགྱུར་བས། སེམས་ཙམ་པའི་ངོར་གཟུགས་ཅན་ཆོས་ཅན། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ཐལ་འགྱུར་བ་དང་། སེམས་ཙམ་པ་གཉིས་ལ། གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སེམས་ཙམ་པས། ཐལ་འགྱུར་བའི་ངོར་གཟུགས་ཆོས་ཅན། རང་གི་མཚན་ཉིད་ཀྱིས་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། སེམས་ཙམ་པ་དང་། ཐལ་འགྱུར་བ་གཉིས་ལ་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་ཚུལ་མཐུན་སྣང་བ་མེད་པར་སེམས་ཙམ་པས་ཁས་ལེན་པར་ཐལ། ཐལ་འགྱུར་བས་དེ་ལྟར་བཀོད་པའི་ཚེ་ན། ཐལ་འགྱུར་བ་དང་། གཅིག་ཤོས་གཉིས་ལ་གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་ཐལ་འགྱུར་བས་ཁས་ལེན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་ཚེ་ན་དེ་གཉིས་ལ་གཟུགས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པའི་སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་དེ་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། དེའི་ཚེ་ན་ཐལ་འགྱུར་བ་དེ། གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཏུ་ཐལ། ཁྱོད་ཀྱི་དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། དེའི་ཚེ་ན་ཐལ་འགྱུར་བ་ཆོས་ཅན། ཐལ་འགྱུར་བ་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེའི་ཚེ་ན་ཐལ་འགྱུར་བ་ཡོད་པའི་ཕྱིར་ཏེ། དེའི་ཚེ་ན་དེས་གཟུགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ཁས་ལེན་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ་ན། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ། དེས་དེར་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་དེ་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། བུམ་པ་དང་ཕན་ཚུན་ཐ་དད་དུ་གྱུར་པའི་མདོ་སྡེ་པས། དེར་འདོད་པའི་གཟུགས་གཞལ་བྱར་བཞག་པ་དེའི་ཚེ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་དུ་ཐལ་ལོ། །འདོད་ན། དེ་འདྲ་བའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡོད་ན། དེའི་ཚེ་ན། དེ་འདྲ་བའི་རིག་པ་ཡོད་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། མདོ་སྡེ་པས། ཁྱོད་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། ཁྱོད་ཡོད་དགོས་པར་ཐལ། མདོ་སྡེ་པའི་ལུགས་ལ་གཞལ་བྱ་ཡིན་ན་ཡོད་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཕྱི་རོལ་དོན་དུ་འདོད་པའི་གཟུགས་ཆོས་ཅན། ཐལ་ཕྱིར། འདོད་མི་ནུས་ཏེ། གཟུགས་ཡིན་ན་ཤེས་པའི་བདག་ཉིད་དུ་གྱུར་པར་འདོད་པའི་གཟུགས་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། སངས་འཕགས་ཀྱིས་དེར་འདོད་པའི་གཟུགས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས་ཕྱི་རོལ་དོན་དུ་རིག་པའི་གཟུགས་ཡོད་པར་ཐལ། དེས་དེར་འདོད་པའི་གཟུགས་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་གཟུགས་དེར་འདོད་རིགས་པར་ཐལ་ལོ། །འདོད་ན། དེས་གཟུགས་དང་། དེ་འཛིན་ཚད་མ་རྫས་གཞན་དུ་འདོད་རིགས་པར་ཐལ་ལོ། །འདོད་མི་ནུས་ཏེ། དེས་དེ་དང་དེ་འཛིན་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་དེ། ཆོས་ཀྱི་བདག་འཛིན་དུ་འདོད་རིགས་པའི་ཕྱིར། ཁ་ཅིག་ན་རེ། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་ནོ་ཟེར་ན། འོ་ན། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་དེ་འཐད་ལྡན་དུ་ཁས་ལེན་པར་ཐལ། དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་པའི་ཕྱིར། འདོད་ན། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་སྡེ་པས། དེ་འཐད་ལྡན་དུ་ཁས་མི་ལེན་པར་ཐལ། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འཐད་ལྡན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མདོ་སྡེ་པས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་སྒྲ་ཁས་ལེན་པའི་ཕྱིར། དེས་དེར་གྱུར་པའི་ཤེས་པའི་གྲངས་ཁས་ལེན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གྲངས་ལྡན་ལ་སོགས་དངོས་པོ་ཡིས། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མདོ་སྡེ་པས། དེ་འདྲ་བའི་སྒྲ་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་མདོ་སྡེ་པའི་རང་གཞུང་རྣམ་དག་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེར་གྱུར་པའི་དེའི་རང་གཞུང་རྣམ་དག་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ། དེའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཤེས་པའི་དེར་གྱུར་པའི་མངོན་པ་མཛོད་དེ། མངོན་པ་མཛོད་ཡིན་པའི་ཕྱིར། གཞན་ཡང་། མདོ་སྡེ་པས་གཟུགས་ཀྱི་སྐྱེ་མཆེད་ཡིན་ན། ཕྱི་དོན་ཡིན་པས་ཁྱབ་པ་ཁས་ལེན་པར་ཐལ། དེས་དེར་གྱུར་པའི་གཟུགས་ཁས་མི་ལེན་པའི་ཕྱིར། འདོད་ན། མདོ་སྡེ་པས། དེ་ཕྱི་རོལ་དོན་དུ་ཁས་ལེན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་བུམ་གཟུགས་ཆོས་ཅན། ཐལ་ཕྱིར། འདོད་ན། མདོ་སྡེ་པས་ཤེས་བྱར་ཁས་ལེན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། མདོ་སྡེ་པས། གཟུགས་ཀྱི་སྐྱེ་མཆེད་ཡིན་ན། ཤེས་བྱ་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཤེས་པའི་དེར་གྱུར་པའི་བུམ་གཟུགས་ཆོས་ཅན། ཐལ་ཕྱིར། །


previousཚད་འབྲས་གསུམ་པའི་རྣམ་གཞག་བཤད་པ།next