Nitartha Digital Library
Tibetan
 
previousཚད་འབྲས་གཉིས་པའི་རྣམ་གཞག་བཤད་པ།next

ཚད་འབྲས་གཉིས་པའི་རྣམ་གཞག་བཤད་པ།

༈ ཚད་འབྲས་གཉིས་པའི་རྣམ་བཞག་འཆད་པར་བྱེད་པ་ལ། ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་འདིར་འགྲེལ་ཚུལ་གཉིས། དང་པོ་ལ་བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་བཤད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཡང་ན་རང་རིག་འབྲས་བུ་སྟེ། །དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་དང་། དེའི་འགྲེལ་བར་འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེས་ཏེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །སྣང་བ་གཉིས་ལས་གང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ལས་དོན་ངེས་པ་གང་གི་ཚེ། ཤེས་པ་ཡུལ་དང་བཅས་པ་ཡིན་པ་དེའི་ཚེ། དེ་དང་རྗེས་སུ་མཐུན་པའི་རང་འདོད་པའམ། མི་འདོད་པའི་དོན་རྟོགས་པར་བྱེད་དོ། །ཞེས་གསུངས། གཉིས་པ་ལུང་དོན་བཤད་པ་ལ། རྩ་བའི་དོན་བཤད་པ་དང་། འགྲེལ་པའི་དོན་བཤད་པ་གཉིས། དང་པོ་ནི། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་དོན་ནི། སེམས་ཙམ་པས། འབྲས་རྟོག་དང་པོའི་སྐབས་སུ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མར་བཞག་པ་དེའི་ཚེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་དེ་ལས། ཡང་ན་དེའི་ཚེ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་སོ། །ཞེས་པའི་དོན་དུ་འཆད་རིགས་ཏེ། འགྲེལ་བཤད་རྒྱལ་དབང་བློས། ཡང་ན་དོན་ནི་རྟག་པའི་དོན་ཅན་ནོ། །འདིར་ཅེས་པ་སྔར་བཤད་པའི་མངོན་སུམ་ལའོ། །ཞེས་གསུངས། གཉིས་པ་འགྲེལ་པའི་དོན་བཤད་པ་ལ། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཞེས་པའི་དོན་ནི། ཤེས་པའི་རྫས་གཅིག་ལ། གཟུང་འཛིན་གྱི་ཚུལ་གཉིས་འཐད་དེ། གཟུགས་དེ་གཟུགས་འཛིན་དབང་མངོན་གྱི་གཟུང་བྱ་དང་། དེ་འཛིན་དབང་མངོན་དེ་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པའི་ཚུལ་གཉིས་འཐད་པའི་ཕྱིར། དེས་ན་སྐབས་འདིར་བསྟན་གྱི་ཚུལ་གཉིས་པོ་དེ་གཟུང་རྣམ་བཏགས་པ་བ་དང་། འཛིན་རྣམ་བཏགས་པ་བ་གཉིས་ལ་བྱེད་རིགས་ཏེ། གཟུགས་འཛིན་དབང་མངོན་དེ། གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པས། དེ་ལ་འཛིན་རྣམ་གྱི་མིང་གིས་བཏགས། གཟུགས་དེ་དེ་འཛིན་དབང་མངོན་གྱི་དོན་རྣམ་ཡིན་པས། དེ་ལ་གཟུང་རྣམ་གྱི་མིང་གིས་བཏགས་པ་ཡིན་པའི་ཕྱིར། ཞེས་པའི་དོན་ཡིན་ལ། དེས་ན་ཚུལ་གཉིས་པོ་དེའི་ནང་ནས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་རིགས་སོ། །ཞེས་འཆད་པར་བྱེད་པ་ལ། སྣང་བ་གཉིས་ལས་གང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་མདོ་སྡེ་པ་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་མི་རིགས་པར་ཐལ། དེ་ལ་སྒྲུབ་བྱེད་ཡང་དག་མེད་ཅིང་། དམ་བཅའ་ཙམ་དུ་ཟད་པའི་ཕྱིར། ཞེས་མདོ་སྡེ་པའི་དྲི་བ་འགོད་པར་བྱེད་པ་ལ། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་འདི་བྱུང་། དེའི་ལན་འཆད་པར་བྱེད་པ་ལ། དེའི་ངོ་བོ་ལས་དོན་ངེས་པ་གང་གི་ཚེ་ཤེས་པ་ཞེས་སོགས་བྱུང་། །

༈ གཉིས་པ་རྩ་འགྲེལ་དེ་གཉིས་ཀྱི་དོན་བསྟན་བཅོས་འདིར་འགྲེལ་བར་བྱེད་པ་ལ། མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པའོ། །དང་པོ་ལ། དམ་བཅའ་ངོས་འཛིན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། སྒྲུབ་བྱེད་ངོས་འཛིན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དོན་རིག་གང་ཡིན། ཞེས་པ་ནས། རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པ་འདི་བྱུང་། གཉིས་པ་ལ། རྩོད་པའི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་དང་། ལན་གྱི་མདོ་དོན་རིགས་པའི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད། ཅེས་པ་འདི་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། ཅི་ཡང་མེད། ཅེས་པ་ནས། ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་པའི་བར་བྱུང་། གཉིས་པ་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་ལ། དེའི་ངོས་འཛིན་གྱི་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་དང་། སྒྲུབ་བྱེད་ངོས་འཛིན་གྱི་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད་པ་གཉིས། དང་པོ་འཆད་པར་བྱེད་པ་ལ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་སོགས་ཤོ་ལོ་ཀ་གཅིག་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་པ་ནས། དོན་རིག་པར་ནི་འགྱུར་བ་མིན། །ཞེས་པའི་བར་བྱུང་། དོན་རིག་གང་ཡིན། ཞེས་པའི་དོན་ཡང་། འབྲས་རྟོག་དང་པོའི་སྐབས་སུ་མདོ་སྡེ་པས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་འདོད་ཚུལ་བསྟན་ནས། འོ་ན། དེར་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་གཞི་གང་ཞེས་མདོ་སྡེ་པ་ལ་དྲི་བ་འགོད་པར་བྱེད་པ་ལ། དོན་རིག་གང་ཡིན། ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། སྒྲ་འཛིན་དབང་མངོན་དེ། དེར་གྱུར་པའི་སྒྲ་དངོས་སུ་རྟོགས་པའི་ཚད་མ་ཡིན། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། སོ་སོར་རིག། མངོན་སུམ་གང་ཡིན་འདི་ཉིད་དོ། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་རྒྱུ་མཚན་གང་ཞེ་ན། ཞེས་པའི་དྲི་བ་འགོད་པར་བྱེད་པ་ལ། དེ་ནི་གང་གི་དོན་རིག་ཡིན། །ཞེས་པ་འདི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེར་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་བའི་བློ་ཡིན་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་ཡི་ཁྱབ་པ་འབྲས་བུའི་ཕྱིར། །ཞེས་འཆད་པར་བྱེད་པ་ལ། དེ་འདྲ་ལས་ཡིན་འཁྲུལ་བར་འགྱུར། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་པར་ཐལ། དེར་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། དེ་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་མ་ཡིན་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རགས་པའི་རང་འདྲའི་རྣམ་པ་ཡང་མ་གཏད། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་ཕྲ་མོའི་རང་འདྲའི་རྣམ་པ་ཡང་མ་གཏད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྡུལ་ཕྲན་དེ་དག་གང་གིས་ན། །ཞེས་སོགས་རྐང་པ་དྲུག་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེའི་རྣམ་པ་ཤར་བ་གང་ཞིག །དེ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དེ་འདྲ་བ་དང་དེ་ལས་བྱུང་། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། སྔོན་འཛིན་དབང་མངོན་གྱི་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོན་འཛིན་དབང་མངོན་དངོས་སུ་རྟོགས་པའི་ཚད་མ་ཡིན་པར་ཐལ། དེའི་རྣམ་པ་ཤར་ཞིང་། དེ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་མཚུངས་ཅན་གྱི་རྣམ་པར་ཤེས། །ཞེས་སོགས་རྐང་པ་གཉིས་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། དེར་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ཅིང་། དེ་ལས་བྱུང་བའི་དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་ཡིན་པའི་ཕྱིར། ཞེས་འདོད་པ་རྗོད་པར་བྱེད་པ་ལ། འདི་མཐོང་འདི་ཐོས་ཞེས་བྱ་བར། །ཞེས་སོགས་རྐང་པ་ཕྱེད་དང་གསུམ་བྱུང་། འོ་ན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལས་བྱུང་ཞིང་། དེ་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་དེ་ཆོས་ཅན། གཟུགས་འཛིན་དབང་མངོན་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཐལ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ལ་ངེས་པ་གསར་དུ་འདྲེན་ནུས་ཀྱི་ཤེས་པ་མེད་པའི་ཕྱིར་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཉིས་ལ་ཡུལ་ཡུལ་ཅན་གྱི་འབྲེལ་པ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་ཡིན་ན། འབྲེལ་པ་དེ་ལ་བརྟེན་ནས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་ཡིན་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་གིས་དེ། །དེ་ཡི་སྒྲུབ་བྱེད་ཡིན་འདོད་པ། །ཞེས་པ་ནས། ལྟ་བ་པོ་ཡི་ངེས་དེ་ཡིན། །ཞེས་པའི་བར་བྱུང་། ཡང་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་ཡིན་ཏེ། གཟུང་འཛིན་རྫས་གཞན་ཡོད་པའི་ཕྱིར་ཞེ་ན། གཟུང་འཛིན་རྫས་གཞན་མེད་དེ། ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཡང་མེད། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཡང་མེད་པའི་ཕྱིར། རྟགས་གྲུབ་སྟེ། གཟུགས་དེ་གཟུགས་འཛིན་དབང་མངོན་ལ་ལྟོས་ཏེ། གཟུང་བ་རྫས་གཞན་དུ་ཡང་མ་གྲུབ། གཟུགས་འཛིན་དབང་མངོན་དེ་གཟུགས་ལ་ལྟོས་པས་འཛིན་པ་རྫས་གཞན་དུ་ཡང་མ་གྲུབ་པའི་ཕྱིར་ཏེ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཡི་མྱོང་དེ་བདག་ཉིད་དེ། །ཞེས་སོགས་རྐང་པ་བཞི་བྱུང་། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་མེད་དེ། གཟུགས་འཛིན་དབང་མངོན་དེ་ལ་མྱོང་བྱེད་རྫས་གཞན་མེད་པའི་ཕྱིར་ཏེ། དེ་ལ་མྱོང་བྱ་རྫས་གཞན་མེད་པའི་ཕྱིར། དེ་དང་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་རིགས་པ་དེས། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་འགོག་ནུས་པ་ཡང་མཚུངས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་ཉམས་མྱོང་བྱ་གཞན་མེད། །ཅེས་སོགས་རྐང་པ་གསུམ་བྱུང་། དེས་ན་གཟུགས་འཛིན་དབང་མངོན་གྱིས་རང་གི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་སོ། །ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ནི་རང་ཉིད་གསལ་བ་ཡིན། །ཞེས་པ་འདི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱི་རྗེས་སུ་གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་རིག་པར་འཛིན་པའི་བློ་སྐྱེ་བ་མི་འཐད་པར་ཐལ། གཟུགས་འཛིན་དབང་མངོན་དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཕྱིར་ཞེ་ན། གཟུགས་འཛིན་དབང་མངོན་དེས། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་ཀྱང་། སྐྱོན་དེ་ཡོད་པ་མ་ཡིན་ཏེ། ཁོའི་རྗེས་སུ་སྐྱེས་པའི་བློ་འཁྲུལ་པ་གང་ཞིག །དེ་ལྟར་བཞེད་པ་ཙམ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེས། རང་གི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་ན། གཟུགས་འཛིན་དབང་མངོན་ཁོ་རང་གང་གིས་རྟོགས་པ་ཡིན་ཞེ་ན། གཟུགས་འཛིན་དབང་མངོན་དེ་ཁོ་ཉམས་སུ་མྱོང་བའི་རང་རིག་གིས་མྱོང་ཞིང་རྟོགས་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ལ། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དང་། ཁོའི་རིག་བྱར་གྱུར་པའི་གཟུགས་གཉིས་དོན་གཞན་ཡིན་ནོ། །ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། དེ་ཡི་རིག་བྱ་དོན་གཞན་ན། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དང་། ཁོའི་རིག་བྱར་གྱུར་པའི་གཟུགས་གཉིས་རིག་བྱ་རིག་བྱེད་མ་ཡིན་པར་ཐལ། དེ་གཉིས་དོན་གཞན་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཚོར་བྱ་ཚོར་བྱེད་འཐད་པར་དཀའ། །ཞེས་སོགས་རྐང་པ་གཉིས་བྱུང་། རང་རེས། གོང་དུ་གཟུང་འཛིན་རྫས་གཞན་བཀག་པ་ལ། འོ་ན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་སྐྱེ་བ་མི་འཐད་པར་ཐལ། གཟུང་འཛིན་རྫས་གཞན་མེད་པའི་ཕྱིར་ན་མ་ཁྱབ་སྟེ། གཟུང་འཛིན་རྫས་གཞན་དུ་འཛིན་པའི་བློ་དེ། རང་རྒྱུ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་པའི་ཕྱིར། ཞེས་དཔེའི་སྒོ་ནས་འཆད་པར་བྱེད་པ་ལ། སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་པ་ནས། མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་པའི་བར་བྱུང་། དེས་ན་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་ཡིན་ཏེ། དེ་རིགས་པའམ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་པ་གང་རུང་གང་ཞིག །གཅིག་ཤོས་དེ་ལྟར་རིགས་པ་ལ་གནོད་བྱེད་གོང་དུ་བསྟན་ཟིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་གཞན་རིག་མེད་པའི་ཕྱིར། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་དེ་ཚད་མས་གྲུབ་ན། ཉེས་པ་ཅི་ཡོད། ཅེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། །ཉེས་པ་ཅི་ཡོད། ཅེས་པ་འདི་བྱུང་། དེའི་ལན་ནི། དེ་ལྟར་ཚད་མས་གྲུབ་ན། ཉེས་པ་ཅི་ཡང་མེད་དེ། ཚད་མས་གྲུབ་པའི་དོན་སུས་ཀྱང་དགག་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཅི་ཡང་མེད། །ཅེས་པ་འདི་བྱུང་། དེས་ན་ཁོ་རང་ལ། གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པའི་རྒྱུ་མཚན་གང་། ཞེས་པའི་དྲི་བ་འགོད་པར་བྱེད་པ་ལ། ཕྱི་རོལ་དོན་ནི་མྱོང་གྱུར་པ། །ཞེས་སོགས་རྐང་པ་གཉིས་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་ཆོས་ཅན། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་ཡིན་ཏེ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་རྗོད་པར་བྱེད་པ་ལ། གལ་ཏེ་བློ་ནི་དེ་རྣམ་ཅན། །ཞེས་པ་འདི་བྱུང་། འོ་ན། གཟུགས་འཛིན་དབང་མངོན་དེ་ལ། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་ཀྱི་རང་འདྲའི་རྣམ་པ་གཏད་པ་མ་ཡིན་པར་ཐལ། དེ་ལྟར་གཏད་ན་ནི། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་དེ་ཕྱི་རོལ་དོན་གྱི་ངོས་ནས་སྣང་དགོས་པ་ལས། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བ་དེ་ནི། ཤེས་པའི་བག་ཆགས་ཀྱི་དབང་གིས་སྣང་བ་ཙམ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྣམ་པ་རྗེས་ཞུགས་ཅན་དེ་ཡོད། །ཅེས་རྐང་པ་གསུམ་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། སྔོན་འཛིན་དབང་མངོན་ལ་སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་དེ། ཕྱི་རོལ་དོན་གྱི་ངོས་ནས་སྣང་བ་ཡིན་ཏེ། སྔོན་འཛིན་དབང་མངོན་ལ་སྣང་བའི་སྔོན་པོ་དེ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར་ཞེ་ན། དེ་ཕྱི་རོལ་གྱི་དོན་མ་ཡིན་ཏེ། དེ་དང་སྔོན་འཛིན་དབང་མངོན་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མཐོང་བའི་ཁྱད་པར་དང་བྲལ་བ། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། ཕྱི་རོལ་དོན་སྣང་གི་བློ་སྐྱེ་བ་མི་འཐད་པར་ཐལ། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱི་རོལ་དོན་དུ་སྣང་བའི་བློ་དེ་རང་རྒྱུ་མ་རིག་པའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། འདིར་འགའ་ཞིག་ནི་འགའ་ཞིག་གི། ཞེས་སོགས་རྐང་པ་བཞི་བྱུང་། དེས་ན་ཕྱི་རོལ་གྱི་དོན་བཀག་པ་ལ་བརྟེན་ནས་ཤེས་པའི་རྫས་གཅིག་ལ་གཟུང་འཛིན་གྱི་ཚུལ་གཉིས་ཡོད་པར་གྲུབ་པ་ཡིན་ཏེ། གཟུགས་དེ་གཟུགས་འཛིན་དབང་མངོན་གྱི་བཟུང་བྱ་དང་། གཟུགས་འཛིན་དབང་མངོན་དེ་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡང་ཡིན་པའི་ཚུལ་གཉིས་འཐད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པ་འདི་བྱུང་། རྟགས་དེ་ཡང་གྲུབ་སྟེ། གཟུགས་འཛིན་དབང་མངོན་གཟུགས་འཛིན་བྱེད་ཀྱི་ཤེས་པ་ཡིན་པ་དེ། གཟུགས་འཛིན་དབང་མངོན་ཉམས་མྱོང་གི་རང་རིག་གིས་རྟོགས་ཤིང་དེ་གཟུགས་འཛིན་དབང་མངོན་དྲན་པའི་དྲན་ཤེས་ཀྱིས་དྲན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཕྱིར་དེ་ལྟར་མྱོང་བ་དང་། །ཞེས་སོགས་རྐང་པ་གཉིས་བྱུང་། དེས་ན་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིགས་སོ། །ཞེས་འཆད་པར་བྱེད་པ་ལ། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པ་འདི་བྱུང་། དེ་ལྟར་བྱས་པ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་དེ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས། གཟུགས་དངོས་སུ་རྟོགས་པའི་ཚད་མར་འཇོག་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཇོག་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་དེ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས། གཟུགས་དངོས་སུ་རྟོགས་པའི་ཚད་མར་འཇོག་པ་གང་ཞིག །གཟུགས་འཛིན་དབང་མངོན་ལ་སྣང་བའི་གཟུགས་དེ་ཕྱི་རོལ་གྱི་དོན་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་རྐང་པ་བཞི་བྱུང་། རང་རེས་གོང་དུ་གཟུགས་འཛིན་དབང་མངོན་གྱི་རྗེས་སུ་གཟུགས་འཛིན་དབང་མངོན་གྱིས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་རིག་པར་ཞེན་པའི་བློ་སྐྱེ་བར་ཁས་བླངས་པ་ལ། དེ་ལྟར་སྐྱེས་བའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་འཆད་པར་བྱེད་པ་ལ། གང་ཚེ་ཤེས་ཆ་དོན་དུ་ནི། །ཞེས་སོགས་རྐང་པ་བཞི་བྱུང་། དེ་ལ་ཁོ་ན་རེ། གཟུགས་འཛིན་དབང་མངོན་གྱིས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པ་མི་འཐད་པར་ཐལ། དེ་ལ་གཟུགས་ཕྱི་རོལ་དོན་དུ་སྣང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལ་རང་རྒྱུ་ཤེས་པའི་བག་ཆགས་ཀྱི་དབང་གིས་གཟུགས་ཕྱི་རོལ་དོན་དུ་སྣང་བ་ཙམ་ཡིན་ཡང་ཡིན་ལུགས་ལ། དེས་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གལ་ཏེ་འདི་བདག་འདོད་རྣམས་དང་། །ཞེས་སོགས་རྐང་པ་བཞི་བྱུང་། །

༈ དེས་ན་གཞན་རིག །ཅེས་སོགས་ཀྱི་སྐབས་འདིར། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པས་ཁྱབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་རང་རིག་དེ། རང་རིག་མཚན་ཉིད་པ་ལ་བྱེད་རིགས་པའི་ཕྱིར། མདོ་རང་འགྲེལ་ལས། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཞེས་པའི་རང་གི་སྣང་བ་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པའི་ཕྱིར་ཏེ། རང་རིག་གི་གཞུང་འདི་ཕྱོགས་སྔ་མའི་གཞུང་དུ་བྱས་ནས། རྟོག་གེ་འབར་བར་རང་རིག་བཀག་པའི་ཕྱིར་ཏེ། རྟོག་གེ་ འབར ་ལས། སེམས་ཙམ་པས་རྣམ་པར་ཤེས་པ་ནི་གཉིས་སུ་སྣང་བར་སྐྱེ་སྟེ། རང་གི་སྣང་བ་དང་། ཡུལ་གྱི་སྣང་བའོ། །ཡུལ་གྱི་སྣང་བའི་རྣམ་པ་ནི་ཕྱི་རོལ་ཡུལ་གྱི་རྣམ་པར་འགྱུར་ནས་རང་སྣང་བའི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའོ། །ཞེས་གསུངས་པའི་ཕྱིར། འོ་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། རང་རིག་ཡིན་དགོས་པར་ཐལ། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་དགོས་པའི་ཕྱིར། འདོད་ན། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། གཞན་རིག་གི་ཤེས་པའི་གཞི་མཐུན་ཡོད་པར་ཐལ། དེ་དང་འབྲས་རྟོག་གསུམ་པའི་དེར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུའི་གཞི་མཐུན་ཡོད་པ་གང་ཞིག །འབྲས་རྟོག་གསུམ་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཡིན་ན། གཞན་རིག་གི་ཤེས་པ་ཡིན་པའི་ཁྱབ་པའི་ཕྱིར། གསལ་བ་ཁས། རྟགས་ཕྱི་མ་བུད། དང་པོ་གྲུབ་སྟེ། འཐད་ལྡན་ལས། ཡང་ཕྱི་རོལ་དོན་གྱི་ཚུལ་ལ་འབྲས་བུའི་རྣམ་པར་རྟོག་པ་གཉིས་དོན་གཞལ་བྱ། བཟུང་བའི་རྣམ་པ་ནི་ཚད་མ། བདག་ཉིད་རིག་པ་ནི་འབྲས་བུའོ། །ཞེས་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ནི། འཐད་པར་སྒྲུབ་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གསལ་བ་དེར་ཐལ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེ། འབྲས་རྟོག་གཉིས་པ་དང་གསུམ་པའི་འབྲས་བུ་ཐུན་མོང་དུ་ངོས་འཛིན་གྱི་གཞུང་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། འབྲས་རྟོག་གསུམ་གྱི་འབྲས་བུ་ངོས་འཛིན་གྱི་གཞུང་སོ་སོར་མ་བྱུང་བའི་ཕྱིར་དང་། འགྲེལ་བཤད་རྒྱལ་དབང་བློས། ཕྱི་རོལ་དང་གཅིག་ཤོས་ཀྱི་ཕྱོགས་དག་ལ་ཡོད་པ་གཅིག་ཁས་བླངས་པའི་འབྲས་བུའི་རྣམ་པར་བཞག་པ་བྱེད་པས་གསུངས་པ་ཡང་སྔར་བཞིན། རང་རིག་འབྲས་བུ་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། རང་རིག་གི་དེ་ཡིན་དགོས་པར་ཐལ། འབྲས་རྟོག་གཉིས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་དེ་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་དེ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་དེ་འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་པའི་ཕྱིར་ཏེ། ཊཱིཀྐ་ལས། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ཚད་འབྲས་ཀྱི་རྣམ་བཞག་འདི་ལྟར་བྱ་སྟེ། རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་གཟུང་རྣམ་གཞལ་བྱ། སྒྲོ་འདོགས་གསར་དུ་གཅོད་པའི་འཛིན་རྣམ་ཚད་མ། རང་རིག་ཚད་མ་འབྲས་བུའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ནི། འབྲས་རྟོག་གཉིས་པའི་གཞུང་དེས། དེ་འདྲའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཤུགས་ལ་བསྟན་པ་དེ་དེའི་དོན་ཡིན་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་ན། འབྲས་རྟོག་གཉིས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པར་ཐལ། དེས་དབང་མངོན་གྱི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། ཊཱིཀ་ཆེན་ལས། གཞུང་སྔ་མ་རྣམས་ཀྱི་འགྲེལ་གྱི་དབང་དུ་བྱས་ན། དབང་པོའི་མངོན་སུམ་རང་གི་བདག་ཉིད་དུ་གྱུར་པའི་གཞལ་བྱ་རིག་པའི་འབྲས་བུ་ཞེས་པར་གནས་ཏེ། སྔར་ནས་བཤད་པ་རྣམས་དབང་མངོན་གྱི་གཟུང་འཛིན་རྫས་གཞན་འགོག་པ་ཤ་སྟག་ཏུ་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁ་ཅིག །འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་ལ་རང་རིག་གི་དེ་འཐད་ལྡན་གཅིག་དང་། གཞན་རིག་གི་རྣམ་བཞག་འཐད་ལྡན་གཉིས་ཡོད་པ་ལས། དང་པོ་ནི། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པས་བསྟན། གཉིས་པ་ནི། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་བསྟན་པ་ཡིན་ནོ་ཞེས་ན། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་རང་རིག་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པར་ཐལ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པའི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། ཅེས་པའི་རང་རིག་དེ་རང་རིག་མཚན་ཉིད་པ་ལ་བྱེད་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། འབྲས་རྟོག་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། རང་རིག་གི་གཞི་མཐུན་ཡོད་པར་ཐལ་ལོ། །གཞན་ཡང་། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་པའི་གཞུང་དེ་ཡང་། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པ་འཆད་བྱེད་ཀྱི་གཞུང་མ་ཡིན་པར་ཐལ། ཡང་ན་རང་རིག་འབྲས་བུ་ཞེས་པའི་གཞུང་དེས་རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །ཁ་ཅིག །འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ན། གཞན་རིག་གི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་པས་ཁྱབ་ཅིང་། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པའི་གཞུང་དེས་རང་རིག་གི་ཚད་འབྲས་ཀྱི་དེ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་ཞེ་ན། འོ་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་གཟུང་རྣམ་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དེ་ཕྱིར་ཞེས་སོགས་ཀྱི་གཞུང་གི་དེར་གྱུར་པའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། དེ་འཐད་ལྡན་གཅིག་བསྟན་བྱའི་དེར་བྱས་ནས་བསྟན་པའི་ཕྱིར། འདོད་ན། དེ་འདྲའི་རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། མདོ་རང་འགྲེལ་ལས། འདིར་ཤེས་པ་ནི་གཉིས་སུ་སྣང་བ་སྐྱེ་སྟེ། ཞེས་པ་ནས། འགྱུར་རོ། །ཞེས་པའི་བར་གྱི་འགྲེལ་པ་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འདོད་པ་གང་ཞིག །འགྲེལ་པ་དེའི་དོན་འཆད་པར་བྱེད་པ་ལ། གཞུང་འདི་བྱུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ན་གཞན་རིག་མེད་པའི་ཕྱིར། །ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ། འདོད་པ་གང་ཞིག །འགྲེལ་པ་དེ། གཞུང་དེའི་ཚིག་དོན་འཆད་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཐལ་ལོ། །འདོད་ན། གཞན་རིག་གི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་དུ་ཐལ་ལོ། །གཞན་ཡང་། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་མྱོང་བ་དེ། རང་མྱོང་ལ་བྱེད་རིགས་པར་ཐལ། དེ་ཕྱིར་གཅིག་ལ། ཞེས་སོགས་ཀྱི་གཞུང་དེས། རང་རིག་གི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། འདོད་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུ་དང་། རང་རིག་གི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་འབྲས་བུའི་གཞི་མཐུན་ཡོད་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། མཐོང་བའི་ཁྱད་པར་དང་བྲལ་བ། །ཞེས་པའི་བསྟན་བྱའི་གཙོ་བོ་ཡིན་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོ་ཡིན་དགོས་པར་ཐལ། དེ་ཕྱིར་གཅིག་ལ། ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོ་ཡིན་ན། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་གཟུགས་དང་། གཟུགས་འཛིན་ཚད་མ་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། གཞུང་དེས་ལྷན་ཅིག་དམིགས་ངེས་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རྩ་བར་འདོད་ན། འབྲས་རྟོག་གཉིས་པའི་གཞུང་དེས། རྟགས་ཡང་དག་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྟགས་ཡང་དག་ལེའུ་དང་པོར་བསྟན་ཟིན་པའི་ཕྱིར། ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ་ཟེར་ན། གཟུགས་ཤུགས་ལ་རྟོགས་པའི་རྗེས་དཔག་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། རང་ཡུལ་གྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རང་ཡུལ་གྱི་རྣམ་པ་ཤར་བའི་བློ་གང་ཞིག །གཟུགས་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ་ལོ། །ཁ་ཅིག་ན་རེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ་ཟེར་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མདོ་སྡེ་པས་ཁས་ལེན་པར་ཐལ་ལོ། །ཁ་ཅིག་ན་རེ། གཟུགས་འཛིན་དབང་མངོན་གཞལ་བྱ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པའི་གཞུང་གི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ་ཟེར་ན། དེ་ཆོས་ཅན། མདོ་སེམས་གཉིས་ཀྱི་ནང་ནས། སེམས་ཙམ་པ་ཁོ་ནས་ཁས་ལེན་པར་ཐལ། དེ་ཕྱིར་གཅིག་ལ་ཞེས་སོགས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་དེའི་ཕྱིར། འདོད་མི་ནུས་ཏེ། དེ་མདོ་སྡེ་པས་ཁས་ལེན་པའི་ཕྱིར། མ་གྲུབ་ན། དེ་མདོ་སྡེ་པས་དེར་ཐལ། འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། དབང་མངོན་གྱི་དེ་འཐད་ལྡན་ཡིན་པས་ཁྱབ་ཟེར་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། འདོད་ན། གཟུགས་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དབང་མངོན་གྱི་ཚད་འབྲས་གཞལ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཚད་མར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དབང་མངོན་དུ་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། དབང་མངོན་གྱི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་དགོས་པར་ཐལ། འབྲས་རྟོག་གཉིས་པའི་གཞུང་དེས་དབང་མངོན་གྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་བྱའི་གཙོ་བོར་བསྟན་པ་གང་ཞིག །དེས་ཡིད་མངོན་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེར་བྱས་ནས་མ་བསྟན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། གཞུང་སྔ་མ་རྣམས་ཀྱི་འགྲེལ་གྱི་དབང་དུ་བྱས་ན། ཞེས་པ་ནས། ཤ་སྟག་ཏུ་སྣང་བའི་ཕྱིར། ཞེས་པའི་བར་གྱི་དོན་གྲུབ་པའི་ཕྱིར། ཁ་ཅིག་ན་རེ། འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ན། སེམས་ཙམ་པ་ཁོ་ནས་ཁས་ལེན་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་དགོས་སོ་ཟེར་ན། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་ཆོས་ཅན། ཐལ་ཕྱིར། རྟགས་གྲུབ་སྟེ། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་ཡང་སྒྲ་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་སེང་གེ་བཟང་པོས་ཀྱང་། དེ་ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་དུ་ཁས་ལེན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། གཞུང་འདིའི་ཕྱོགས་སྔ་ཕྱི་སྨྲ་བ་པོའི་གང་ཟག་ངོས་བཟུང་བ། བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ། གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་དང་བཞི། དང་པོ་ནི། མདོ་སྡེ་པ་དེ། འབྲས་རྟོག་གཉིས་པའི་ཕྱོགས་སྔ་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། ཚད་འབྲས་ཀྱི་དེ་འཐད་ལྡན་དུ་འདོད་པ་གང་ཞིག །དེ་འགོག་པར་བྱེད་པ་ལ། འབྲས་རྟོག་གཉིས་པའི་གཞུང་རྣམས་གསུངས་པའི་ཕྱིར། སེམས་ཙམ་པ་དེ། འབྲས་རྟོག་གཉིས་པའི་ཕྱོགས་ཕྱི་མ་སྨྲ་བ་པོའི་གང་ཟག་ཡིན་ཏེ། སྐབས་འདིར་སེམས་ཙམ་པའི་གྲུབ་མཐའ་རང་ལུགས་སུ་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་བློ་གང་གི་ཚད་འབྲས་གཙོ་བོར་སྟོན་པ་ནི། བློ་དེ་ལ་མངོན་རྗེས་གཉིས་སུ་ཡོད་པ་ལས། སྐབས་འདིར་མངོན་སུམ་གྱི་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་པ་ཡིན་ནོ། །དེ་ལ་མངོན་སུམ་ལ་བཞི་ཡོད་པ་ལས། སྐབས་འདིར་དབང་མངོན་གྱིས་ཚད་འབྲས་ཀྱི་དེ་གཙོ་བོར་སྟོན་པ་ཡིན་ཏེ། སྐབས་འདིར་དབང་མངོན་གྱི་གཞལ་བྱ་འཇལ་ཚུལ་ལ་ལོག་རྟོག་གཙོ་བོར་སེལ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་སྔར་དྲངས་པའི་ཊཱིཀྐ་རྣམས་ལས་གྲུབ་པའི་ཕྱིར། གསུམ་པ། ཚད་འབྲས་གཞལ་གསུམ་གྱི་ནང་ནས་གང་གཙོ་བོར་སྟོན་པ་ནི། འབྲས་བུ་གཙོ་བོར་སྟོན་པ་ཡིན་ཏེ། སྐབས་འདིར་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་རིག་པས་དེ། དམ་བཅའ་དང་སྒྲུབ་བྱེད་གཉིས་ཀྱི་ནང་ནས་རྒྱས་པར་སྒྲུབ་བྱེད་སྐབས་འདིར་བཤད་པའི་ཕྱིར། བཞི་པ་གཏན་ལ་དབབ་བྱའི་ཚད་འབྲས་ངོས་བཟུང་བ་ནི། སྤྱིར་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཡང་། ཚད་འབྲས་ཀྱི་རྣམ་བཞག་འཐད་ལྡན་ཡིན་ནོ། །ཡང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་ཚད་འབྲས་ཀྱི་དེ་དེ་འཐད་ལྡན་ཡིན་ལ། གཟུགས་གཞལ་བྱ། དེའི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་འབྲས་རྟོག་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་དེ་འཐད་ལྡན་ཡིན་ནོ། །ཡང་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ། ཞེས་སོགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དེ་ཡང་། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་གཞལ་བྱ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་གསར་དུ་མི་བསླུ་བའི་རིག་པ་ཚད་མ། ཤེས་པའི་བདག་ཉིད་དུ་གྱར་པའི་གཟུགས་དངོས་སུ་རྟོགས་པའི་དབང་པོའི་མངོན་སུམ་གྱི་ཚད་མ་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་བཞག་དེ། འབྲས་རྟོག་གཉིས་པའི་དེར་གྱུར་པའི་ཚད་འབྲས་ཀྱི་དེ་འཐད་ལྡན་ཡིན་ནོ། །རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། གཟུགས་དངོས་སུ་རྟོགས་པའི་ཚད་མ་དང་། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཟུགས་དངོས་སུ་རྟོགས་པའི་ཚད་མ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མ་མི་རྟག་པར་ཚད་མས་ངེས་པའི་དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མདོ་སྡེ་པ་ཆོས་ཅན། ཐལ་ཕྱིར། གཞན་ཡང་། གཟུགས་ཀྱི་རྣམ་པ་ཤར་ནས། ཞེས་སོགས་ཀྱི་རིག་པ་ཆོས་ཅན། མདོ་སྡེ་པས་ཁས་མི་ལེན་པར་ཐལ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་གང་ཞིག །མདོ་སྡེ་པས། དེ་འདྲའི་ཚད་མ་ཁས་མི་ལེན་པའི་ཕྱིར་ན་ཡང་མ་ཁྱབ། གཞན་ཡང་། མཉན་བྱ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྒྲའི་མཚན་ཉིད་དུ་ཐལ། གཟུགས་ཀྱི་རྣམ་པ་ཞེས་སོགས་ཀྱི་རིག་པ་དེ། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་ཁས་ལེན་པའི་གང་ཟག་ཡིན་ན། ཤེས་པའི་བདག་ཉིད་དུ་གྱུར་པའི་དེ་ཁས་ལེན་པའི་དེ་ཡིན་དགོས་པར་ཐལ་ལོ། །གཞན་ཡང་། ཤེས་པའི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་དངོས་སུ་རྟོགས་པའི་ཚད་མར་ཐལ། གཟུགས་ཀྱི་རྣམ་པ་ཤར་ནས་ཞེས་སོགས་ཀྱི་རིག་པ་ཡིན་པའི་ཕྱིར། འདོད་པ་ན། དེ་ཆོས་ཅན། ཤེས་པའི་བདག་ཉིད་དུ་གྱུར་པའི་ཚད་མར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། ཤེས་པའི་བདག་ཉིད་དུ་ཐལ་ལོ། །འདོད་མི་ནུས་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། །


previousཚད་འབྲས་གཉིས་པའི་རྣམ་གཞག་བཤད་པ།next