བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་སྒྲུབ་ཐབས་རྣམ་པར་བཤད་པ་རྒྱས་འགྲེལ་ཐུན་མོང་མ་ཡིན་པ་ལྷན་ཅིག་སྐྱེས་པའི་གཟི་འོད་ཕྱོགས་བཅུར་རྒྱས་པ།
བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་སྒྲུབ་ཐབས་རྣམ་པར་བཤད་པ་རྒྱས་འགྲེལ་ཐུན་མོང་མ་ཡིན་པ་ལྷན་ཅིག་སྐྱེས་པའི་གཟི་འོད་ཕྱོགས་བཅུར་རྒྱས་པ་ཞེས་བྱ་བ་བཞུགས།
ཨོཾ་ན་མོ་བཛྲ་ཌཱ་ཀ་ཌཱ་ཀི་ནི་བྷྱོ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཀྱི་གཞུང་རྣམ་པར་བཤད་པ་ལྷན་ཅིག་སྐྱེས་པའི་གཟི་འོད་ཕྱོགས་བཅུར་རྒྱས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་ཆེན་འགྱུར་བ་མེད་པ་ཡི། །ཡེ་ཤེས་གཅིག་ཉིད་རྣམ་ཀུན་རོལ་བའི་གར། །ཧེ་རུ་ཀ་དཔལ་རབ་འབྱམས་འཁོར་ལོའི་མགོན། རྡོ་རྗེ་རྣལ་འབྱོར་མ་ཚོགས་བཅས་ལ་འདུད། དེ་ཡི་སྒྲུབས་ཐབས་རྨད་བྱུང་བ། བརྟུལ་ཞུགས་སྤྱོད་འཆང་བླ་མེད་ཀྱིས། །ལེགས་སྦྱར་འདི་ནི་རྟོགས་དཀའ་བས། །
འདི་དོན་གསལ་བར་འབྱེད་ལ་སྤྲོ། གང་འདི་ཕལ་ཆེར་རྒྱུད་ཀྱི་རྡོ་རྗེའི་ཚིག་བསྡུས་ཤིང༌། གང་ཡང་དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ་ཀུན་ཏུ། གང་ཞིག་རྟག་ཏུ་རོལ་པ་གདོད་མ་ནས་གྲུབ་པའི། །སློབ་དཔོན་སྒྱུ་འཕྲུལ་ལྡན་པ་འདི་ཡང་ངོ་མཚར་རྨད། །དེ་ལ་དཔལ་སྡོམ་པའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་སྒྲུབ་ཐབས་དང༌། དེའི་ཡན་ལག་གི་ཆོ་ག་ནི་རིམ་པ་ཐ་དད་པ་ཤིན་ཏུ་མང་བའི་ཕྱིར་སྤྱིར་འདི་ཙམ་མོ་ཞེས་ཚད་གཟུང་བར་དཀའ་ལ། དེ་དག་གི་གཙོ་བོ་ཉི་ཟླ་ལྟར་གྲགས་པའི་ལུགས་སྲོལ་ནི་གསུམ་སྟེ། གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཡི་པ་དང༌། རྡོ་རྗེ་དྲིལ་བུ་པ་དང༌། ནག་པོ་སྤྱོད་པ་པའི་ལུགས་སོ། །དེ་ལ་ཁ་ཅིག་རི་ཁྲོད་མགོན་པོའི་ལུགས་དང་བཞི་ཡིན་ནོ་ཞེས་ཟེར་ན། སྤྱིར་དེའི་སྲོལ་ཀ་ལོགས་པ་གཏན་ནས་མེད་དོ་ཞེས་མི་སྨྲ་ཡང༌། འཕགས་པའི་ཡུལ་དུ་ཡང་ཆེར་མ་གྲགས་ཤིང་ཕྱོགས་འདི་ན་དེའི་གཞུང་ལུགས་ད་ལྟ་གཏན་ལ་འབེབས་རྒྱུ་ངོས་འཛིན་རྒྱུ་མེད་པས་ལམ་སྲོལ་ཆེན་པོར་བགྲོད་པ་ནི་མཁས་པའི་ལུགས་མིན་ལ། མཻ་ཏྲི་པའི་གཞུང་རྣམས་དེའི་ལུགས་ཡིན་ནོ། །སྙམ་ན་མ་ཡིན་ཏེ། ཆོས་དེའི་བརྒྱུད་པ་ལ་བཞུགས་པ་ཙམ་
གྱིས་དེར་འགྱུར་ན། ལཱུ་ཡིའི་ལུགས་ཀྱང་དེར་ཐལ་བས་ལུགས་བཞི་བགྲོད་པ་མི་འཐད་ལ། མཻ་ཏྲིའི་གཞུང་ལུགས་དེ་ཀུན་ཡང་ཆ་ཤས་ཉེ་ཚེ་བའི་གཞུང་ཡིན་གྱི། རྒྱུད་དོན་རྫོགས་པར་འགྲེལ་པ་མིན་ནོ། །དེས་ན་མི་ཐུབ་ཟླ་བ་དང༌། རིན་ཆེན་རྡོ་རྗེ་དང༌། སྟོང་ཉིད་ཏིང་འཛིན་ལ་སོགས་པས་ཀྱང༌། རྩ་རྒྱུད་ཀྱི་སྒྲུབ་ཐབས་སྲོལ་ཀ་མི་འདྲ་བ་རེ་མཛད་ཅིང༌། མི་ཐུབ་ཟླ་བ་དང་བྷ་ཝ་བྷ་དྲས་འགྲེལ་པའང་མཛད་ལ། བོད་དུ་འགྱུར་བའང་ཡིན་ཞིང༌། དེ་དག་ཀྱང་བཞི་པོ་ལ་མ་འདུས་པས་སྲོལ་ཀ་བཞིའི་གྲངས་ངེས་བྱེད་པ་མི་ལེགས་སོ། །དེས་ན་སྲོལ་ཀའི་གཙོ་བོ་ནི་གསུམ་ཡིན་ལ། སྲོལ་ཀའི་རྣམ་གྲངས་ཕྲ་མོ་རྣམས་ཀྱི་གྲངས་ངེས་ནི་བཞག་པར་དཀའོ། །དེ་དག་ལས་འདིར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་དང༌། མགོན་པོ་མངོན་པར་འབྱུང་བ་ནག་པོ་ཆེན་པོའི་རྒྱུད་ལས་གསལ་བར་ལུང་བསྟན་ཞིང༌། གྲགས་པ་ནམ་མཁའ་དང་མཉམ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པས། འཇུག་སྒོའི་རིམ་པ་དབང་བསྐུར་བའི་ཆོ་ག་དང༌། བསྐྱེད་རིམ་གྱི་སྒྲུབ་ཐབས་ཚིགས་བཅད་བརྒྱ་ཉེར་བརྒྱད་པར་གྲགས་པ་འདི་དང༌། དཔྱིད་ཀྱི་ཐིག་ལེ་དང༌། རིམ་པ་བཞི་པ་དང༌། གསང་བའི་དེ་ཁོ་ན་ཉིད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་གཞུང་ལྔ་པོ་དེ་ནི་རྩོད་བྲལ་ཡིན་ལ། སྦྱིན་སྲེག་གི་གཞུང་ནི་སློབ་དཔོན་འདིས་མཛད་དོ་ཞེས་བོད་སྔ་ཕྱི་ཕལ་ཆེར་འཆད་མོད། ལོ་ཙཱ་བ་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ན་རེ། སྡོམ་པའི་སྦྱིན་སྲེག་ཆོ་ག་ནི། །སྤྱོད་པ་པ་ཡིས་མཛད་ཅེས་གྲགས། །དེ་ཡིས་ངེས་པར་མ་མཛད་པར། །ཆོ་ག་དེ་ཉིད་ཀྱིས་རབ་བསྟན། །འཇིག་རྟེན་སོང་བའི་རྗེས་འཇུག་ཅིང༌། །བློ་ཡིས་ངེས་པར་མ་དཔྱད་པར། བ་གླང་ཁྱུ་བཞིན་འཇུག་པར་སྣང༌། །དེ་ལྟར་མཁས་པས་འཇུག་པ་མིན། །ཞེས་གསུང་པར་
སྣང་སྟེ་དོན་ལའང་དེ་དེ་ཉིད་དོ། །དེ་ལྟ་ན་སྔོན་སྦྱིན་སྲེག་སློབ་དཔོན་འདིས་མཛད་པ་ཞིག་ཡོད་མོད་ཀྱང༌། བར་སྐབས་སུ་དཔེ་ནུབ་པ་ཡིན་པས། གཞུང་དྲུག་གི་ངོས་འཛིན་བོད་དུ་ཡོངས་སུ་གྲགས་པ་འདི་ལྟར་བྱེད་དུ་ཆུག་ཀྱང༌། སློབ་དཔོན་ཉིད་ཀྱིས་གཞུང་དྲུག་མ་མཛད་པའི་སྐྱོན་དུ་མི་འགྱུར་ལ། ཡང་རྣམ་པ་གཅིག་ཏུ་ན། གཞུང་དྲུག་ལ་ངོས་འཛིན་ཚུལ་གཞན་ཡོད་པའི་ཕྱིར། ཁ་ཅིག་འདི་སྐད་ཅེས། ཁྲག་འཐུང་ནཱ་དའི་དབྱངས་ལས་གཞོམ་མེད་སྒྲ། །གཞུང་དྲུག་རྩོམ་ཞེས་བསྐུལ་ལས་སྦྱིན་སྲེག་ཉིད། །དེས་མ་མཛད་ཅེས་མར་དོ་གང་སྨྲ་བ། །དེ་ནི་རྒྱལ་ལ་གཞོགས་འཕྱས་བྱེད་དང་མཚུངས། །ཞེས་སྨྲ་བའང་དོན་དང་ཧ་ཅང་འབྲེལ་བར་མི་འགྱུར་རོ། །འོ་ན་དྲུག་གི་བགྲོད་ཚུལ་གཞན་དེ་ཡང་ཅི་ཞིག་སྙམ་ན། སྤྱོད་པ་པའི་རྣལ་འབྱོར་པ་ཀུ་ས་ལི་ན་རེ། དང་པོ་བསམ་གཏན་གཞུང་ཡིན་ཏེ། །ཡེ་ཤེས་དེ་བཞིན་གཉིས་པའོ། །གསུམ་པ་རིག་པའི་བརྟུལ་ཞུགས་ཏེ། །གཞན་ལ་གསང་སྔགས་སྦྱིན་བྱེད་པ། །བཞི་པ་ཡིན་ཏེ་གཞུང་གི་རིམ། །དེ་བཞིན་རབ་འབྱམས་རྟོག་པ་ནི། བློ་ལྡན་རྣམས་ཀྱིས་ལྔ་པར་བཤད། །གང་ཡང་དམ་པའི་དོན་གསལ་བ། །རྣལ་མའི་སྦྱོར་བ་དྲུག་པ་སྟེ། །སློབ་དཔོན་གྱིས་ནི་དེ་རབ་བསྟན། །ཞེས་འདོད་ཅིང༌། སྤྱོད་འཆང་དབང་པོ་འདི་ཉིད་ཀྱིས་མཛད་པའི་གཞུང་གི་རྣམ་གྲངས་ནི་བརྒྱ་ཉི་ཤུ་ཡོད་པར་འདོད་དོ། །འོན་ཀྱང་ཀུན་ཏུ་གྲགས་པའི་གཞུང་ལྔ་པོ་འདི་དག་ལས། སྐབས་འདིར་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་སྒྲུབ་ཐབས་འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦྷ་ར་སཱ་དྷ་ནཱཾ་ན་མ། དེ་ཉིད་བོད་སྐད་དུ་བསྒྱུར་ན། ཤྲཱི་ནི་དཔལ། ཙཀྲ་ནི་འཁོར་ལོ་
སམྦྷ་ར་ནི་སྡོམ་པ། སཱ་དྷ་ནཱཾ་ནི་སྒྲུབ་ཐབས་ནཱ་མ་ནི་ཞེས་བྱ་བ་སྟེ། དཔལ་འཁོར་ལོ་སྡོམ་པའི་སྒྲུབས་ཐབས་ཞེས་བྱ་བ་ཞེས་པའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འགྱུར་གྱི་ཕྱག་ཡིན་པར་གྲགས་ཤིང༌། རྣམ་པ་གཅིག་ཏུ་ན་རྒྱ་དཔེ་ལ་ཡོད་པར་ཡང་མངོན་ནོ། །སྒྲུབ་ཐབས་ཀྱི་གཞུང་དངོས་བཤད་པ་ལ། སྒྲུབ་ཐབས་ཉིད་བཤད་པ། སྒྲུབ་ཐབས་ཀྱི་ཆིངས་བཤད་པ། ཆོས་ཀྱི་རྩ་བ་དམ་ཚིག་ཕྱོགས་ཙམ་བསྟན་པའོ། །དང་པོ་ལ། གཞུང་ལ་འཇུག་པའི་ཡན་ལག་དང༌། གཞུང་དངོས་རྒྱས་པར་བསྟན་པའོ། །དང་པོ་ལ། མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། ཡི་དྭགས་གདན་ལ་བཞུགས་ཤིང་ཞལ་ཀུན་ལ་ནི་སྤྱན་གསུམ་ཤིན་ཏུ་དམར་བ་ཕག་མོ་ཡི། །ལུས་ལ་རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་གཞན་པའི་ཕྱག་གིས་གླང་ཆེན་པགས་པ་འཕྲལ་བཤུས་པ། །ལྷག་མ་གཡོན་པའི་ཕྱག་བཞིས་ཁ་ཊྭཱཾ་ག་དང་ཞགས་པ་མི་ཐོད་ཚངས་པའི་མགོ་བོ་འཆང༌། །གཡས་པས་གྲི་གུག་རྩེ་གསུམ་དགྲ་སྟ་རྔེའུ་ཆུང་འཆང་བའི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། མཆོད་པར་བརྗོད་པ་ནི་དམ་པའི་སྤྱོད་པ་སྟེ། རྩོམ་པ་པོ་དམ་པར་ཤེས་པ་དང༌། དེའི་ཡང་དགོས་པ་གཞུང་འདི་ལ་གཞན་འཇུག་པ་དང༌། ཧེ་རུ་ཀ་ལ་ཕྱག་འཚལ་བས། ཚོགས་རྫོགས་པ་དང་བར་ཆད་ཞི་བ་དང་རྩོམ་པ་མཐར་ཕྱིན་པར་འགྱུར་བ་དང༌། གཞན་དག་ཀྱང་ཚུལ་དེ་ལྟ་བུ་ལ་སློབ་པར་འགྱུར་བའི་དོན་དུ་མཆོད་བརྗོད་སྨོས་སོ། །དེ་ལ་ཡི་དྭགས་གདན་ཞེས་བྱ་བ་ནི། དབང་ཕྱུག་ཆེན་པོ་ཁྲོས་པ་འཇིགས་བྱེད་ཆེན་པོ་དང༌། ལྷ་མོ་ཨུ་མ་ཁྲོས་པ་དུས་ཀྱི་མཚན་མོ་དག་ཞབས་འོག་ཏུ་མནན་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་
ཡི་དྭགས་ཞེས་བྱ་སྙམ་ན། མཁས་པ་ཁ་ཅིག་དེ་ནི་ལྷ་ཡིན་ཡང་ཡི་དྭགས་ཞེས་ང་རྒྱལ་གཞོམ་པའི་ཕྱིར་སྨད་པའི་ཚིག་སྟེ། དེ་ཉིད་བསྡུས་པ་ལས། ཀྱཻ་ལུས་སྲུལ་པོ་མིའི་ཤ་ཟ་བ་པོ་ཞེས་དབང་ཕྱུག་ཆེན་པོ་ལ་བོད་པའི་ཚིག་གསུངས་པ་དང༌། རྡོ་རྗེ་རྩེ་མོ་ལས་ཀྱང༌། ལུས་སྲུལ་པོ་ནི་དྲག་པོ་ཆེ། །ཞེས་གསུངས་པ་དང་འདྲ་སྟེ། ལུས་སྲུལ་པོ་ཡང་ཡི་དྭགས་སུ་གཏོགས་པའོ་སྙམ་དུ་དགོངས་པ་དང༌། རྡོ་རྗེ་རྩེ་མོར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཞབས་འོག་གི་དབང་ཕྱུག་ཆེན་པོ་ཤི་བའི་རོ་དང༌། དབུ་མ་གསོན་པོའི་ཚུལ་དུ་གསུངས་པས་འདིར་ཡང་དེ་བཞིན་ནོ་གསུང་ངོ༌། ཁ་ཅིག་དེ་ནི་མ་འབྲེལ་ལ། ཇོ་བོ་མར་མེ་མཛད་དཔལ་གྱིས་དབང་ཕྱུག་མ་ཤི་བར་བཞེད་པ་ལྟར་འཐད་གསུང་ལ། གཞན་མ་སྦྱངས་པ་དག་གཉིས་ཀ་ཤི་བའི་ལུས་ཡིན་ཏེ། འདིར་ཡི་དྭགས་གདན་བཞུགས་ཞེས་པས། ཤི་བའི་རོ་ལ་ཡི་དྭགས་སུ་བརྗོད་པའི་སྐབས་མང་དུ་ཡོད་པ་ལྟར་དང༌། མངོན་བརྗོད་ལས། གཅེར་བུ་གྱུར་པ་འོ་དོད་འབོད། །ཅེས་འབྱུང་མོད་མ་ངེས་ཏེ། རྩེ་མོ་དང༌། དེ་ཉིད་བསྡུས་པ་ལས། དབང་ཕྱུག་ཤི་བའི་ལུས་ལས་ཆེད་དུ་བརྗོད་པའི་ཚིག་བྱུང་ངོ་ཞེས་པ་དང་འདྲའོ་ཞེས་ཟེར་རོ།། འདོད་པ་དེ་རྣམས་ལས་འཇིགས་བྱེད་དུས་མཚན་གཉིས་ཀ་མ་ཤི་བའི་ལུས་སུ་འཐད་དེ། མངོན་བརྗོད་ལས། འཇིགས་བྱེད་དང་ནི་དུས་མཚན་དག།བརྒྱལ་ཞིང་རྣམ་པར་མྱོས་པ་ཡི། ཀླད་པ་དག་ལ་ཞབས་ཀྱིས་སུ། །གཅེར་བུར་འོ་དོད་འབོད་པ་མནན། །ཞེས་འབྱུང་བས་ཤི་བའི་ལུས་ལ་བརྒྱལ་བ་དང་མྱོས་པའི་ཐ་སྙད་ཇི་ལྟར་འཇུགགཞན་ཡང་དུས་འཁོར་བདེ་དགྱེས་དམར་ནག་འཇིགས་གསུམ་སོགས་ཀྱི་ཞབས་འོག་གི་ལྷ་རྣམས་གསོན་པོའི་ཚུལ་དུ་ཡོད་ཅིང༌།
འདི་ལ་སྒོས་སུ་དམིགས་བསལ་ཡང་མེད་པའི་ཕྱིར་དེ་དག་དང་འདྲ་ལ། དེ་ཉིད་བསྡུས་པ་དང་རྩེ་མོའི་ལུང་དེ་དག་འདིར་མ་འབྲེལ་བ་བདེན་ནོ། །པྲེ་ཏ་ཞེས་པའི་སྒྲ་ཡི་དྭགས་དང་མི་རོ་གཉིས་ཀ་ལ་འཇུག་པའི་སྐབས་ཤིག་ཡོད་མོད་ཀྱི། འདིར་ཡི་དྭགས་ཡིན་གྱི་མི་རོ་ལ་མི་འཇུག་སྟེ། གལ་ཏེ་དབང་ཕྱུག་ལ་སོགས་པ་ཤི་བའི་ལུས་ཡིན་དུ་ཆུག་ཀྱང༌། ཤི་བའི་དོན་གྱི་པྲེ་ཏའི་སྒྲ་མི་འཇུག་སྟེ་མི་རོ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡི་དྭགས་དང་སྲིན་པོ་དང་གནོད་སྦྱིན་ཞེས་བྱ་བ་རྣམས། རེས་འགའ་དམངས་རིགས་ཀྱི་ཡི་དྭགས་དང༌། མིའི་སྲིན་པོ་དང༌། གཏེར་གྱི་བདག་པོ་རྣམས་ལ་འཇུག་ལ། ཡང་རེས་འགའ་དེ་དག་དོན་གཅིག་མིང་གི་རྣམ་གྲངས་སུ་བྱས་ནས། འདྲེ་གདོན་སྤྱི་ལ་འཇུག་པ་ཡིན་པ་ལས། འདིར་ཕྱི་མ་སྟེ་སྲིད་པ་གསུམ་གྱི་གདོན་ཐམས་ཅད་ཀྱི་མཐར་ཐུག་པ། གཙོ་བོ་ལས་ཀྱང་ཆེས་གཙོ་བོ་ནི་དྲག་པོ་དབང་ཕྱུག་འཇིགས་བྱེད་ཆེན་པོ་སྟེ། གཤིན་རྗེའི་བདག་པོ་དང་སྲིན་པོའི་གཙོ་བོ་དང་གནོད་སྦྱིན་གྱི་དབང་ཕྱུག་དང་འབྱུང་པོའི་མགོན་པོ་ཡིན་ནོ། །དེ་ནི་ཕོ་གདོན་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ལ། དུས་ཀྱི་མཚན་མོ་ཡང་མ་མོ་དང་མཁའ་འགྲོ་མ་དང་ཤ་ཟ་མོ་དང་ཚོགས་སྤྱོད་མ་ཐམས་ཅད་ཀྱི་གཙོ་མོ་ཡིན་ནོ། །དེ་གཉིས་འགྲོ་བ་རིགས་དྲུག་གི་ཟླས་ཕྱེ་ན་ནི་ལྷ་ཡིན་མོད་ཀྱང༌། གདོན་ཐམས་ཅད་ཀྱི་ནང་ནས་དབང་ཆེ་ཤོས་དང་མི་བཟད་པ་མཐར་ཐུག་པའི་ཕྱིར་ཡི་དྭགས་ཞེས་སྨོས་པའོ། །ཡང་ཡི་དྭགས་ནི་གཤིན་རྗེ་སྟེ་དེ་ཡང་གསོད་བྱེད་ཐམས་ཅད་ལ་འཇུག་གོ །གང་ལ་ཞེ་སྡང་གནོད་སེམས་ཡོད། །དེ་ནི་དྲག་པོའི་ལག་ཏུ་སོང༌། འདོད་ལ་འདུན་པ་གང་ཡིན་པ། །དེ་དག་དུས་མཚན་མཆེ་བས་མནན། ཞེས་འབྱུང་ངོ༌། །དེའི་ཕྱིར་རྩ་རྒྱུད་ལས། །ཡི་
དྭགས་ཆེན་པོ་གདན་དུ་བྱས། །ཞེས་འབྱུང་བ་དང༌། མངོན་བརྗོད་ལས། ཕྱི་རོལ་ཡི་དྭགས་འཕྲེང་བས་བསྐོར། །ཞེས་པ་ཡང༌། འདྲེ་གདོན་ཆེན་པོ་ཞབས་ཀྱིས་མནན་པ་དང༌། ཁོར་ཡུག་ལ་གཤིན་རྗེའི་ཚོགས་གནས་པའི་དོན་ཡིན་གྱི་དེ་དག་ལ་མི་རོ་ཆེན་པོ་དང་མི་རོའི་འཕྲེང་བའི་བཤད་པ་བྱེད་པ་ནི་ཆེས་བཞད་གད་ཀྱི་གནས་ཡིན་ནོ། །དེས་ན་གདོན་གྱི་གཙོ་བོ་དེ་དག་ཞབས་འོག་ཏུ་མནན་ཞིང་གདན་དུ་མཛད་པས་མ་ལུས་ཤིང་ལུས་པ་མེད་པའི་གདོན་ཐམས་ཅད་ཀྱང་ཚར་བཅད་པར་གོ་བར་ནུས་སོ།། ཞལ་བཞི་པོ་རྣམས་ཀུན་ལ་ནི་སྤྱན་གསུམ་དང་ལྡན་ཞིང༌། ཤིན་ཏུ་དམར་བ་ཞེས་པའི་དམར་བ་ནི་ཡུམ་གྱི་སྐུ་མདོག་སྟོན་པའམ། ཡང་ན་ཆགས་པའི་ཉམས་ཅན་གྱི་དོན་ནོ། །དེས་ན་ཤིན་ཏུ་ཆགས་པའི་རྣམ་པ་ཅན་རྡོ་རྗེ་ཕག་མོ་ཡི་སྐུ་ལུས་ལ། བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་གཉིས་དག་གིས་འཁྱུད་ཅིང༌། གཞན་པའི་ཕྱག་གཉིས་དེའི་འོག་མ་དག་གིས་ནི། གླང་ཆེན་མགོན་པོ་སྟེ་ཚོགས་བདག་གླང་པོ་ཆེའི་གཟུགས་ཅན་གྱི་པགས་པ་འཕྲལ་དུ་བཤུས་པ་སྟེ། གླང་ལྤགས་གསར་པ་བསྣམས་པའོ། །འགྱུར་གཞན་ལས། གླང་ཆེན་གཙོ་བོའི་པགས་པ་བརྒྱངས། །ཞེས་འབྱུང་བ། སྐད་དོད་དང་མཐུན་ན་དེ་ལེགས་ཏེ་གོ་བདེའོ། །ལྷག་མ་གཡོན་པའི་ཕྱག་བཞི་ལས། གསུམ་པས་ཁ་ཊྭཱཾ་ག་དང༌། བཞི་པས་ཞགས་པ་དང༌། ལྔ་པས་མི་ཐོད་ཁྲག་གིས་གང་བ་དང༌། དྲུག་པས་ཚངས་པའི་མགོ་བོ་འཆང་བར་མཛད་ཅིང༌། གཡས་ཀྱི་ལྷག་མའི་དྲུག་པས་གྲི་གུག་དང༌། ལྔ་པས་རྩེ་གསུམ་དང༌། བཞི་པས་དགྲ་སྟ་དང་གསུམ་པས་རྔེའུ་ཆུང་སྟེ་ཊཱ་མ་རུ་འཆང་བའི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པ་ཡིན་ལ་ཧེ་རུ་ཀ་ཞེས་པའི་ཧེ་ནི་ཧེ་རུ་རྒྱུ་སྟེ་རྒྱུ་དང་བྲལ་བ་སྐྱེ་བ་སྤངས་པའི་སྟོང་པ་ཉིད།
རུ་རཱུ་པ་ནི་གཟུགས་སམ་བཀོད་པ་སྟེ་གནས་པ་དང་འཇིག་པའི་ཚོགས་པ་དང་བྲལ་བ། ཀ་ཀསྠ་ན་གནས་པ་དང་བྲལ་བ་སྟེ། རྟག་ཆད་འཁོར་འདས་ཡོད་མེད་ཀྱི་མཐའ་གང་ལའང་མི་གནས་པ། ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་འདོད་བྱ་མཐར་ཐུག་པའི་ཕྱིར། དཔལ་ཏེ་གཉིས་མེད་ཀྱི་ཡེ་ཤེས་གདོད་མ་དེ་ལ་སྐྱེ་འགག་གནས་གསུམ་མེད་ཅིང༌། རྟག་ཆད་ཀྱི་མཐའ་ལས། གདོད་ནས་གྲོལ་བ་ནི་ཧེ་རུ་ཀའི་མཚན་གྱི་དོན་གཅིག་ཡིན་ལ། ཡང་རུ་ནི་རུ་དྷི་ར་ཁྲག་ཡིན་ལ། ཧེ་ནི་ཧེ་ལ་ཏེ་རོལ་བ། ཀ་ནི་རོལ་བ་པོའི་སྐྱེས་བུའི་དོན་ཏེ། ཁྲག་འཐུང་ཞེས་སྔོན་གྱི་ཆེན་པོ་ཐམས་ཅད་ཀྱིས་བསྒྱུར་རོ། །མཁས་པ་ཁ་ཅིག་དེ་ལྟར་བསྒྱུར་བ་མི་ལེགས་གསུང་ནའང༌། རྡོ་རྗེ་དྲིལ་བུ་པའི་རིམ་ལྔ་ལས་ཀྱང༌། རྨོངས་པའི་རབ་རིབ་འཇོམས་མཛད་པའི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། །དྲག་པོ་འབར་བའི་འཕྲེང་བས་འཁྲིགས། ཧེ་རུ་ཀར་གྲགས་ཆེ་འབྱུང་ཉིད། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་ན། རོལ་ཞིང་བདུད་རྣམས་ཐམས་ཅད་འཇོམས། །བདེ་བ་ཀུན་གྱི་དམ་པ་ནི། །སྐད་ཅིག་དེ་ལ་གསོལ་མཛད་པའོ། །ཞེས་བདུད་བཞི་བཅོམ་པ་ལས་བྱུང་བའི་བདེ་བ་ཆེན་པོའི་ཁྲག་གསོལ་བའི་བཤད་པ་མཛད་པས། ཁྲག་འཐུང་དུ་བསྒྱུར་བ་ཡང་ལེགས་པ་ཁོ་ནའོ། ཁ་ཅིག་ཀ་ཞེས་པ་ཀ་པཱ་ལའི་སྒྲ་བཤད་དུ་བྱེད་པའང་སྣང་སྟེ། འོན་ཀྱང་དཀྱུས་སུ་བཤད་པ་ཉིད་ལེགས་སོ། །དེ་བཞིན་དུ་རྡོ་རྗེ་ཕག་མོ་ཞེས་པའི་མཚན་དོན་ཝཱ་རཱ་ཧཱི་ཞེས་པའི་སྒྲ་ལས་དྲངས་ན། སྡོམ་པ་བཤད་པ་ལས། ཝཱ་གི་སྒྲ་ནི་ངག་ལས་འདས། །ར་ནི་དྲི་མ་རྣམ་པར་སྤངས། །ཧེ་ནི་རྒྱུ་རྣམས་རྣམ་འཇིག་པ། །ཕག་མོའི་སྒྲར་ནི་རབ་ཏུ་བསྒྲགས། །ཞེས་གསུངས་ནས། བཱ་ཡིག་ནི་བཱཀ་སྟེ་ངག་གི་
ཡུལ་ལས་འདས་པ། ར་ཡིག་ནི་ར་ཧི་ཏ་བྲལ་བའམ་སྤངས་པ་སྟེ། དྲི་མ་ཐམས་ཅད་དང་བྲལ་བ། ཧཱི་ཡིག་ནི་ཡོན་ཏན་གྱི་དབང་གིས་ཧེ་ཡིག་ཏུ་བསྒྱུར་ཏེ། ཧེ་རུ་རྒྱུ་སྟེ་རྒྱུ་ཐམས་ཅད་སྤངས་པའི་སྟོང་ཉིད་དོ། །དེ་ཡང་བདེ་ཆེན་གཅིག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སོགས་རྣམ་པ་མཐའ་མེད་པར་འཆར་བའི་ཕྱིར། དེའི་རང་བཞིན་བརྗོད་པའི་ཡུལ་ལས་འདས་པ་དང༌། དེ་ཉིད་ཀུན་རྫོབ་འཁོར་བའི་ཆོས་གང་གིས་ཀྱང་མ་གོས་པས་དྲི་མ་སྤངས་པ་དང༌། ཧེ་རུ་བྷཾ་ག་ཞེས་པ་རྒྱུ་འཇིག་པ་སྟེ། དེ་ལ་རྒྱུ་ནི་འཁོར་བའི་གནས་དང་ལུས་དང་ལོངས་སྤྱོད་རྣམས་སོ། །དྲི་བྲལ་རྣམ་པ་ཐམས་ཅད་པ་དེའི་བྱེད་ལས་ནི། དེ་འདྲ་བའི་རྒྱུ་དེ་འདྲ་འཇིག་ཅིང་རྣམ་པར་དག་པར་བྱེད་པའོ། །ཡང་བ་དང་སྲོག་ཨཱ་དང༌། ར་དང་སྲོག་ཨཱ་དང༌། ཧ་དང་སྲོག་ཨཱི་རྣམས་ལ་ཨཱ་རིང་པོ་གཉིས་གཟུགས་འདྲ་བས་གཅིག་ཏུ་སྡོམས། བ་ཙ་སྨྲ་བ་སྟེ་བརྗོད་དུ་མེད་པ་ལ་བརྗོད་པའི་མིང་གིས་བཏགས། ཨཱ་དང་ར་ནི་ཨཱ་ཀ་རཱ་ཀ་ར་ཞེས་པ། རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་པའི་དོན་དང༌། ཡང་ན་ཨཱ་ནི་ཨཱ་བི་དྱ་སྭ་སཾ་བེ་ད། ཀུན་ནས་རིག་པ་རང་རིག་པ། ཧ་ནི་ནི་ར་ཧ་ཏ་སྟེ་མི་གཞོམ་པ། ཨཱི་ནི་དི་བུ་རྣམ་པར་བཀྲ་བའི་དོན་ལ་འཇུག་པས་བརྗོད་བྲལ་གྱི་ཡེ་ཤེས་དེ་ཉིད་དོན་དམ་གྱི་རྣམ་པ་ཀུན་ལྡན་སྤྲོས་པའི་རྣམ་པ་མེད་པ་རང་གི་རིག་པའི་སྤྱོད་ཡུལ། མི་འགྱུར་ཞིང་རྟག་ལ་མཆོག་ཏུ་གསལ་བའི་ཡེ་ཤེས་སོ། དེ་དག་ནི་ངེས་དོན་དང་སྦྱར་བའི་མཚན་གྱི་བཤད་པ་ཡིན་ལ། ཡང་བ་ཡིག་ལས་ཀྱི་རླུང༌། ཨ་ཚངས་པའི་མེ། ར་ལྟེ་བའི་གཏུམ་མོ། །ཨ་བ་དྷུ་ནོ་ཏཱི་རྣམ་རྟོག་གི་སྡིག་པ་སྐྲོད་པ། ཧ་ཧཾ་ཡིག་ཨཱི་ནི་དི་བུ་ལྷ་སྟེ་དེ་ལྟར་ན་ཞུ་བདེའི་ཡེ་ཤེས་ལ་ངོས་འཛིན་ཏེ། ལམ་གཏུམ་མོའི་རྣལ་འབྱོར་ལ་སྦྱར་བས། གཏུམ་མོའི་རང་བཞིན་གྱི་ལྷ་ཡིན་པའི་དོན་ནོ། །ཀུན་རྫོབ་ཕལ་པའི་གཟུགས་སུ་ནི།
ཕག་ནི་གཙང་རྨེའི་རྣམ་རྟོག་མེད་ཅིང་ཀུན་ཟ་བ་ལྟར་རྣམ་པར་མི་རྟོག་པའི་ངང་ནས་གདུག་པ་མ་ལུས་པ་འཇོམས་པར་བྱེད་པའི་ཕྱིར་ཕག་མོ་སྟེ། མི་རྟོག་པ་ལ་ཡང་རིས་མེད་པའི་བདེ་བས་རྨོངས་པ་ཞེས་ཐ་སྙད་བཏགས་སོ། །དེ་ལྟ་བུའི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་དེ་ལ་སློབ་དཔོན་སྤྱོད་པ་བ་བདག་རབ་ཏུ་དང་བ་ཆེན་པོའི་སྒོ་ནས་ཡང་དང་ཡང་དུ་འདུད་པ་ནི་ཀུན་རྫོབ་ཀྱི་ཕྱག་བཙལ་བ་དང༌། དེ་ལྟ་བུའི་དོན་ལ་གཉིས་སྣང་སྤངས་པའི་ཚུལ་གྱིས་མཉམ་པར་འཇོག་པ་ནི་དོན་དམ་པའི་ཕྱག་འཚལ་བའོ། །དཔེ་འགའ་ཞིག་ལས། ཕྱག་འཚལ་ནས་ཞེས་པ་ལྟར་ན། མཆོག་བརྗོད་དང་བཤད་པར་དམ་བཅའི་མཚམས་སྦྱོར་བའི་ཚིག་གོ །གཉིས་པ་ནི། བདེ་མཆོག་འཁོར་ལོ་གསང་བའི་དོན། །གྲུབ་པའི་གསང་སྔགས་ཀུན་བསྡུས་ནས། །ཀླ་ཀློའི་སྐད་ཀྱིས་སྦས་པ་སྟེ། །སྒྲུབ་པའི་ཐབས་དེ་བདག་གིས་བཤད། །ཅེས་པ་སྟེ། འདི་ལ་འགྱུར་འགའ་ཞིག་ལས། བརྡ་དང་སྐད་ཀྱིས་སྦས་པ། ཞེས་འབྱུང་བ་ནི་ཅུང་ཟད་མི་བདེ་ལ། བརྡའི་སྐད་ཀྱིས་སྦས་པ་ཞེས་འབྱུང་བ་ནི་དོན་འགྱུར་དུ་བྱས་པར་སྣང་ངོ༌། །རྩོམ་པར་དམ་བཅས་པས་ནི་དམ་བཅའི་ཁུར་མི་འདོར་བས་ཁ་འོག་ཏུ་ལུས་ཆུད་དེ་རྩོམ་པ་མཐར་ཕྱིན་པར་འགྱུར་བ་དང༌། གཞན་གྱིས་ཀྱང་བརྩམས་པ་ལ་ཡིད་བརྟན་དུ་རུང་བར་གོ་བ་དང༌། གཞན་དག་ཀྱང་དམ་བཅའ་དེ་ལྟ་བུ་ལ་སློབ་ཏུ་འཇུག་པའི་དོན་ནོ། །དེ་ལ་འདིར་བདེ་མཆོག་འཁོར་ལོ་ཞེས་བྱ་བ་ནི་གསང་བའི་དོན་ཞེས་པ་དང་འབྲེལ་བས་སྡོམ་པ་རྩ་བའི་རྒྱུད་ཀྱི་མིང་ངོ༌། །འོན་ཀྱང་རྩ་རྒྱུད་ལ་དེ་ལྟར་གྲགས་པ་ཡང་བརྗོད་བྱའི་མིང་བརྗོད་བྱེད་ལ་བཏགས་པ་ཡིན་ཞིང༌། བརྗོད་བྱ་དོན་གྱི་འཁོར་ལོ་སྡོམ་པ་ནི་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རབ་འབྱམས་ཀྱི་དྲ་བའམ་འཁོར་ལོ་འོད་གསལ་བདེ་ཆེན་ལྷན་ཅིག་སྐྱེས་པ་འགྱུར་མེད་གཅིག་གི་ངོ་བོར་གདོད་ནས་གནས་པ་
ནི་སྡོམ་པ་སྟེ་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་སྒྲིབ་པ་ཀུན་དང་བྲལ་བའི་གནས་སྐབས་དང་སྦྲེལ་ནས། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཧེ་རུ་ཀ་ཞེས་བྱའོ། །གང་དེ་འདྲ་བའི་འབྲས་བུ་དེ་ཐོབ་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་དེ་ལའང་འཁོར་ལོ་སྡོམ་པ་ཞེས་བྱ་བའི་མཚན་གྱིས་འདོགས་ལ། དེ་འདྲ་བའི་རང་བཞིན་དང་ཐབས་དང་འབྲས་བུ་དེ་སྟོན་པར་བྱེད་པའི་གཞུང་རྒྱལ་བ་ཉིད་ཀྱིས་བཀའ་སྩལ་པ་དེ་ལ་ཡང་འཁོར་ལོ་བདེ་མཆོག་ཅེས་བྱ་བ་སྟེ། རྒྱུད་དེའི་གསང་བའི་དོན་ནི་གསང་བ་ཡང་ཡིན་ལ་དོན་ཡང་ཡིན་པ་སྟེ་གོང་དུ་སྨོས་པའི་དཔལ་ཧེ་རུ་ཀ་ལམ་དང་བཅས་པ་དེའོ། །ཅིའི་ཕྱིར་གསང་བ་ཞེ་ན་མཆོག་ཏུ་གྱུར་ཞིང་ཆེས་བཟང་བས། རྟོགས་པར་དཀའ། ཁོང་དུ་ཆུད་པར་དཀའ། རྙེད་པར་དཀའ་བའོ། །གྲུབ་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་སྒྲུབ་པར་བྱེད་པའི་ཐབས། གསང་སྔགས་ཀྱི་ཆོ་ག་ཀུན་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ལ། དེ་ཡང་དཔེར་ན་ཀླ་ཀློའི་གྲུབ་མཐའ་འཛིན་པ་རྣམས་ལ། པར་ཤིའི་སྐད་ཅེས་བྱ་བ་རིགས་གཞན་ལ་མ་གྲགས་པའི་བརྡའི་སྐད་ཡོད་དེ། སྐད་དེ་ཤེས་པས་ཀླ་ཀློའི་རིགས་སུ་གོ་བར་བྱེད་པ་དང་མཚུངས་པར། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྐད་ཀྱིས་སྦས་པའི་ཚུལ་དུ་བཤད་པ་ཡིན་ཏེ། དེ་ལས་བསྐྱེད་རིམ་གྱི་སྒྲུབ་པའི་ཐབས་གབ་ཅིང་མི་གསལ་ལ་འཁྲུགས་པའི་ཚུལ་དུ་གསུངས་པ་རྣམས་སྤྱོད་པའི་རྡོ་རྗེ་བདག་གིས་ཕྱོགས་གཅིག་ཏུ་བསྡུས་ཏེ་གསལ་བར་བཤད་པར་བྱའོ། །བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་གཙོ་བོར་འཆད་དོ་ཞེས་ཟེར་ཀྱང༌། འབྲས་བུ་རྡོ་རྗེ་འཛིན་པའི་ཞལ་བཞིའི་ཁ་དོག་སོགས་ཅི་རིགས་པ་རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་རྩ་རྒྱུད་ཀྱི་དགོངས་པ་གསལ་བར་བྱས་པའང་ཡོད་མོད་ཀྱི། མངོན་རྟོགས་ཀྱི་ཆིངས་རྣམས་མངོན་
བརྗོད་བླ་མས་གསལ་བར་བྱས་པའང་ཡོད་ལ། གཙོ་བོར་རྩ་རྒྱུད་ཉིད་ཀྱི་དགོངས་པ་དཔལ་ཧེ་རུ་ཀའི་བཀའ་ལུང་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་རྗེས་སུ་བསྟན་པ་དང༌། བླ་མ་གྲུབ་ཐོབ་ཛ་ལནྡྷཱ་རི་པའི་མན་ངག་ལ་བརྟན་ནས་ཀྱང་གསལ་བར་རྟོགས་པ་དང༌། སློབ་དཔོན་རང་ཉིད་ལ་ཡང་དག་པའི་ཡེ་ཤེས་སྐྱེས་པས་སྒྲ་དང་རྗེས་སུ་དཔག་པ་ལ་མ་བལྟོས་པར། རྒྱུད་དོན་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་ཤེས་པས་ཀྱང་ཉེ་བར་སྦྱར་བ་ཡིན་ནོ། །སྐབས་འདིར་གྲུབ་པ་ཞེས་པ་གདོད་ནས་གྲུབ་པའི་དོན་དུ་འཆད་པ་དང༌། གསང་སྔགས་ཞེས་པ་རང་བཞིན་ལྷན་སྐྱེས་དང་སྔགས་སྐྱེས་དང༌། གསང་སྔགས་ཀྱི་སྐུ་སོགས་ངེས་མེད་རྣམ་པ་སྣ་ཚོགས་ཀྱི་བཤད་པ་བྱེད་པ་ནི། བླུན་པོའི་མཁས་ཁྱད་ཙམ་མོ།།བསྐྱེད་རིམ་བརྡའི་སྐད་ཀྱིས་ཇི་ལྟར་སྦས་པ་ཡང༌། བ་ལང་གནས་དང་སྟེང་ལྡིང་ཞེས་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་དང༌། མི་ཕྱེད་པ་དང་རུས་སྦལ་ཞེས་པ་ལ་སོགས་པས་སྐྱེད་ཆོག་དང༌། ཁ་སྦྱོར་སྦྱོར་བ་ལ་སོགས་པས་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་དང༌། ཨ་ཝ་དྷཱུ་ཏིའི་གནས་དེ་བཞིན། ཞེས་པ་ལ་སོགས་པས་མཁའ་ནང་གི་དཀྱིལ་འཁོར་དང་དེ་ཉིད་དབྱེ་བས་ཕྱེ་ཞེས་སོགས་ཀྱིས་དཀྱིལ་འཁོར་སྤྲོ་བ་དང༌། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ལ་སོགས་པས་ལུས་དཀྱིལ་བསྟན་ཞིང༌། དེ་དག་བརྡ་ཡིན་ལ། ཇི་སྐད་དུ་ཀུན་སྤྱོད་ལས། ལྷ་རྣམས་ཟློག་སྟེ་བཀོད་པ་དང༌། །སྔགས་ཀྱི་དབྱེ་བ་ཟློག་པ་དང༌། །སྒོམ་པའི་གསང་བ་ཟློག་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་གསུངས་ཏེ། །བརྩོན་ཆེན་འཁོར་ལོ་སྒྱུར་མ་དང༌། །ཞེས་པ་ནས། རབ་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །ཞེས་པའི་བར་ལྷ་འགོད་པའི་གོ་རིམ་ཟློག་པ་དང༌། གླེགས་བམ་ལ་སྔགས་ཀྱི་ཡིག་འབྲུའི་
གོ་རིམ་ཟློག་པར་འབྲི་བ་དང༌། སྒོམ་པའི་དབྱེ་བ་འབྱུང་བཞི་ལུགས་ཟློག་ཏུ་བཤད་པ་ནི་ལྷའི་རྣལ་འབྱོར་གཞན་དང༌། སྔགས་ཀྱི་བཟླས་པ་གཞན་དང༌། བསྐྱེད་པའི་ཐབས་གཞན་ལས་དངོས་གྲུབ་མྱུར་བ་གཞན་དང་མི་མཚུངས་པ་ཞིག་ཡིན་ནོ་ཞེས་མཚོན་པའི་ཕྱིར་ཏེ། ལྷ་འགོད་ཚུལ་ལ་སོགས་པ་དེ་དག་ཀྱང་སྦས་པའི་ཚུལ་ནི་ཡིན་མོད་ཀྱི། བརྡའི་སྐད་ཀྱིས་སྦས་པ་ཁོ་ན་ནི་མིན་ནོ། །གཉིས་པ་གཞུང་དངོས་རྒྱས་པར་བསྟན་པ་ལ། མཉམ་བཞག་གི་རྣལ་འབྱོར་དང༌། མཉམ་ལངས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་སྔོན་དུ་འགྲོ་བ་འཇུག་ལྡོག་གི་སྦྱོར་བ་དང༌། དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའོ། །དང་པོ་ལ། མཐུན་རྐྱེན་སྒྲུབ་པ་དང༌། འགལ་རྐྱེན་སྤོངས་པ་གཉིས་སོ། དང་པོ་ལ། རྐྱེན་བསོད་ནམས་ཀྱི་ཚོགས་གསོགས་པ་དང༌། རྒྱུ་ལམ་ཁྱེར་གཉིས་སོ། །དང་པོ་ནི་སྙིང་གའི་ས་བོན་འོད་ཚོགས་ཀྱིས། མདུན་དུ་བདེ་གཤེགས་སྤྱན་དྲངས་ནས། །མཆོད་པ་ཀུན་གྱིས་ལེགས་མཆོད་དེ། །དཀོན་མཆོག་གསུམ་ལ་སོགས་པ་བརྗོད། །ཅེས་པ་སྟེ། རྭ་འགྱུར་ལས་ནི། སྙིང་ཟླའི་ས་བོན་འོད་ཚོགས་ཀྱིས། ཞེས་པ་འབྱུང་ངོ༌། །འདིར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པར་ནུས་རུང་མི་ནུས་རུང་མོས་པ་ལམ་བྱེད་ཙམ་གྱི་སྒོ་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་འདོད་པ་རྣམས་ཀྱི་དབང་དུ་བྱས་ནས། བོད་ཀྱི་བླ་མ་རྣམས་ཀྱི་ཕྱག་ལེན་ལ་སྐྱབས་འགྲོ་སེམས་བསྐྱེད་གསལ་འདེབས་པ་དང༌། ཡིག་བརྒྱའི་སྒོམ་བཟླས་མཛད་པའི་སྲོལ་ཡོད་ན། ཐུན་མཚམས་ཀྱི་ཆོས་སྤྱོད་ལ་འབད་པར་སོང་བས་ལེགས་པའི་ཡན་ལག་ཏུ་ནི་འགྱུར་མོད་ཀྱི། མ་བྱས་ཀྱང་སྒྲུབ་ཐབས་ཀྱི་ཆ་ཤས་ཆད་པ་ནི་མ་ཡིན་ནོ། །དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་ནི། དེ་མ་
ཐག་པར་རྒྱུན་བཤགས་ཀྱི་ཚིག་བརྗོད་པ་ན་བྱེད་པར་འགྱུར་བ་དང༌། ཡིག་བརྒྱ་ཡང་ཐུན་མཚམས་ཀྱི་སྤྱོད་པ་ཡིན་པས། མཐའ་གཅིག་ཏུ་ཐུན་འགོར་དགོས་པའི་ངེས་པ་མེད་ལ། འོན་ཀྱང་ནང་གི་ཁྲུས་སུ་དམིགས་པ་ཡིན་ན། ཐོག་མར་སྦྱོར་བ་ཡང་ཤིན་ཏུ་འབྲེལ་ལོ། དེ་ལ་གང་དུ་བསྒོམ་པའི་གནས་ནི། རྩ་རྒྱུད་ལས། རི་བོ་ཚང་ཚིང་སྨན་ལྗོངས་དང༌། །ཆུ་བོ་ཆེན་པོའི་ངོགས་དག་གམ། །གདོད་ནས་གྲུབ་པའི་དུར་ཁྲོད་དེ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། ཞེས་དཀྱིལ་འཁོར་བྲི་བའི་གནས་དེ་ཉིད་དང་པོར་སྒོམ་པ་བསྙེན་པ་ལ་སོགས་པའི་གནས་སུ་ཡང་དགོངས་སོ། །དེ་ཡང་གཙོ་བོར་སྒྲུབ་པའི་གནས་སུ་གསུངས་པ་སྟེ། མངོན་བརྗོད་བླ་མ་ལས། །རི་སུལ་དང་ནི་རི་རྩེ་དང༌། །ཆུ་བོའི་ངོགས་དང་འདུས་པ་དང༌། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང༌། །ཤིང་གཅིག་དང་ནི་ཞི་བའི་གནས། མ་མོའི་ཁྱིམ་མམ་དུར་ཁྲོད་དམ། །སྣ་ཚོགས་སྐྱེད་མོས་ཚལ་མཆོག་གམ། །ལྷ་ཁང་དང་ནི་མཆོད་རྟེན་ནམ། ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབས་ན། །འདོད་པ་ཀུན་གྱི་འབྲས་བུ་གསོལ། །གནས་ནི་བརྟག་པ་བྱས་པའམ། །ཡིད་ནི་གང་དུ་དགའ་བ་དེར། །སྣ་ཚོགས་བདེ་མཆོག་དམ་པ་དེ། །དེ་རུ་སྒྲུབ་ན་དངོས་གྲུབ་འགྱུར། །དབྱེ་བ་དུ་མས་སྒོམ་པ་ནི། །གདུལ་བྱའི་བསམ་པའི་དབང་གིས་སོ། །ཞེས་གསུངས་ཏེ། འདོད་པ་ནི་ལས་ཚོགས་དང་དངོས་གྲུབ་ཐམས་ཅད་དེ། དེ་སྩོལ་བ་འགྱུར་རོ་ཞེས་པའོ། །གདུལ་བྱའི་བསམ་པའི་དབང་གིས་གནས་ཀྱི་དབྱེ་བ་དུ་མར་སྒོམ་པ་ནི། གནས་ནི་བརྟག་པར་བྱས་པ་ཞེས་པའི་དོན་ཡིན་ལ། ཡང་ན་ཡིད་གང་དུ་དགའ་བའི་གནས་སུ་འགྲུབ་པས་བརྟག་པ་མི་དགོས་པའོ། །གནས་དེར་ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་གཉིད་ལོག་པའི་ངང་ནས་ནམ་མཁར་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་
སྔགས་དང་ཌཱ་མ་རུའི་སྒྲས་འོད་གསལ་ལས་བསླང་བར་བསམ་ཏེ་གཉིད་ལས་ལངས་ནས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟཾ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་དཔལ་ཧེ་རུ་ཀ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ལ། ཁྲུས་ཀྱི་རྣལ་འབྱོར་དབང་བསྐུར་བའི་དམིགས་པ་ལྟར་བུམ་ཆུས་ཁྲུས་བྱ་བ་ཕྱིའི་ཁྲུས་དང༌། རྡོ་རྗེའི་ཆུའམ་ཡི་གེ་བརྒྱ་པའི་སྒོམ་བཟླས་ཀྱིས་ནང་གི་ཁྲུས་ཀྱང་བྱ་སྟེ། མངོན་སྤྱོད་ཉེར་དྲུག་པ་ལས། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །དུས་བཞི་དག་གི་རིམ་པ་ཡིས། །ཕྱི་དང་ནང་གི་ཆུ་ཁྲུས་བྱ། །སླར་ཡང་བླ་མ་གསོལ་གདབ་པས། །དམ་ཚིག་སྡོམ་པ་བླང་བར་བྱ། །ཞེས་གསུངས་སོ། །བགེགས་བསལ་བ་དང་དམ་ཚིག་གི་གཙང་སྦྲ་པ་གནས་པའི་ཕྱིར་བདུད་རྩི་རིལ་བུ་བཟའ་བའམ། མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་མྱངས་ཏེ། དེ་ལ་དམ་ཚིག་གི་རིལ་བུ་ནི་སྔར་བྱིན་གྱིས་བརླབས་ཟིན་ཡིན་ཡང༌། སྒྲུབ་པ་པོའི་བློ་ངོར་སྦྱངས་རྟོགས་སྦར་གསུམ་གྱི་དམིགས་པ་ཚང་བར་དགོས་པའི་ཕྱིར། བདུད་རྩི་བྱིན་རླབས་ཀྱི་དམིགས་པ་གསལ་བཏབ་ནས། བདུད་རྩི་མྱང་བའི་སྐབས་རིལ་བུ་བསྟེན་པ་ཡིན་ནོ། །དེའི་འོག་ཏུ་ཤེས་རབ་ཡན་ལག་གི་དེ་ཁོ་ན་ཉིད་ཀྱི་ཆ་ཤས་སུ་གཏོགས་པའི་དམིགས་ པ་ནི། དུར་ཁྲོད་ཆེན་པོས་བསྐོར་བ་བསྒོམས་ལ། དེ་ཉིད་གང་ཟག་དང་ཆོས་ཀྱི་བདག་མེད ་པའི་ངོ་བོར་མོས། རྡོ་རྗེ་མཁའ་འགྲོ་ལས། དང་པོར་རོ་ནི་བསྒོམ་བྱ་བ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཁས། །དེ་སྟེང་གནས་པའི་རྣལ་འབྱོར་པས། །མཆོག་གི་གནས་ནི་བསྒོམ་པར་བྱ། །ཞེས་གསུང་པ་ལྟར་ཤ་ཉམས་ཆེ་ཞིང་མདངས་རྒྱས་པའི་མི་རོ་སེར་པོ་གན་ཀྱལ་དུ་གནས་པ་གདན་གྱི་ཚུལ་དུ་བསྒོམས་ལ། འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རྣམ་པར་
མི་རྟོག་པར་རང་གིས་རིག་པའོ། །དེའི་སྟེང་དུ་བདག་ཉིད་གནས་པར་མོས་ཏེ་རྟེན་ཆོས་ཀྱི་དབྱིངས་དེ་ལ་བརྟེན་པ་ཡེ་ཤེས་དཀྱིལ་འཁོར་གྱི་འཁོར་ལོ་གནས་པའོ་སྙམ་དུ་མོས། དེ་ལ་དུར་ཁྲོད་ནི་དམིགས་བཅས་ཀྱིས་ཤེས་རབ་སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱིས་མཚོན་པ་དང༌། གདན་མི་རོ་ནི་དམིགས་མེད་ཀྱི་ཤེས་རབ་དོན་དམ་འོད་གསལ་ལོ། །རང་གི་གཡོན་དུ་རིག་མ་མཚན་ཉིད་དང་ལྡན་པ་དངོས་སམ་ཡིད་ཀྱི་དམིགས་པར་བྱ་སྟེ། དེ་ནི་ཀུན་རྫོབ་ བདག་མེད་དང་དོན་དམ་དབྱིངས་རིག་པ ་དེ་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་ཅན་གྱི་བདེ་བར་ཤར་བ་མཚོན་ནོ། །དེ་ལྟར་ན་སྐབས་འདིར་དུར་ཁྲོད་རོ་གདན་རིག་མ་སྟེ་ཤེས་རབ་ཡན་ལག་གི་དམིགས་པ་གསུམ་མོ། །སྤྱིར་ཤེས་རབ་ཡན་ལག་གི་དེ་ཉིད་ནི་ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། དོན་དམ་སྤྲོས་བྲལ་ནམ་མཁའ་ལྟ་བུ་བདེ་ཆེན་དུ་གནས་པ་དེ་ཉིད་རྣམ་པ་ཐམས་ཅད་པར་རྣལ་འབྱོར་པས་རིག་པ་སྟེ། དེ་ནི་རྣལ་འབྱོར་པས་འདི་དང་གཞན་དུ་ཡང་སྒོམ་པར་བྱེད་པ་ཡིན་མོད་ཀྱི། སྐབས་འདིར་འོག་ནས་འབྱུང་བའི་འཁོར་ལོ་སྒོམ་པ་ཐམས་ཅད་རྣལ་འབྱོར་པ་རབ་ཀྱིས་དེ་ལྟ་བུའི་རང་བཞིན་དུ་འཆར་བའི་ཕྱིར་དང༌། ཐ་ན་ཡང་དེ་ལྟ་བུར་མོས་པ་ལམ་བྱེད་དགོས་སོ་ཞེས་གོ་བའི་ཕྱིར། ཐོག་མར་འདི་བསྒོམ་པ་ཡིན་ནོ། །དེ་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཐབས་བཅས་ལས་རྣམས་ཐམས་ཅད་ནི། །གང་ཚེ་དོགས་པ་མེད་སྤྱོད་པ། །རྣམ་པར་མི་རྟོག་རང་བཞིན་གྱིས། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །མི་རྟོག་པ་ཡི་དངོས་པོ་ཡིས། །ལས་རྣམས་ཐམས་ཅད་ཐམས་ཅད་དུ། དོགས་པ་མེད་པར་ཀུན་དུ་སྤྱད། །དེ་ནི་དེ་ཡི་དཀའ་ཐུབ་མཆོག །ཡུལ་རྣམས་བསྟེན་པར་བྱེད་པ་ན། །དོགས་པ་མེད་པའི་སེམས་ཀྱིས་བྱ། །སྐྲ་ཤད་འཛིངས་པ་རྗེས་མྱོངས་བས། །དེ་ཡི་དཀའ་ཐུབ་རིང་དུ་གནོན། །གང་ཞིག་ལས་རྣམས་ཐམས་
ཅད་ནི། །ཤེས་རབ་ཀྱིས་ནི་རྣམ་པར་སྦྱར། །དེ་ཡི་སྟོང་པའི་གནས་སུ་སྦྱར། །བདག་ཆེན་དེ་ཡི་དཀའ་ཐུབ་སྟེ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །ཤེས་རབ་གསལ་བའི་གཟུགས་ཅན་ནི། །དོགས་མེད་སྤྱོད་པ་ཀུན་ཏུ་སྤྱོད། །ཤེས་རབ་ཐབས་མེད་གཞན་དག་ཏུ། །གལ་ཏེ་སེམས་ནི་མི་འཕོ་ན། །བྱང་ཆུབ་ཆེན་པོར་རབ་སྟེར་བྱེད། །ངེས་པར་དེ་ནི་ཡང་དག་བརྗོད། །རྣལ་འབྱོར་པ་རྣམས་མངོན་བརྗོད་པ། །རྣལ་འབྱོར་མི་རྟོག་རྗེས་འགྲོ་བ། །དེ་རྣམས་ཀྱི་ནི་འབྱུང་བ་ཀུན། །ཤེས་རབ་ཕ་རོལ་ཕྱིན་པར་མཚུངས། །ཤེས་རབ་མེ་ལོང་ལྟ་བུ་སྟེ། །དེ་ཡི་རྣམ་པ་འདུས་བྱས་ཉིད། །མི་རྟོག་བདག་ཉིད་སེམས་ཀྱིས་ནི། །དེ་ཡི་དོན་ནི་ཤེས་རབ་བརྗོད། །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་དག་དང་མཚུངས་པར་ནི། །གང་གིས་མཐོང་དེ་གཙོ་བོར་བརྗོད། །གློག་དང་དྲི་ཟའི་གྲོང་ཁྱེར་དག །འདུས་བྱས་ཀྱིས་ནི་རྣམ་སྨིན་ཉིད། །ཇི་ལྟར་རྣམ་པར་རབ་མཐོང་བ། །དེ་ལྟ་བུ་ནི་ཤེས་རབ་བརྗོད། །ཅེས་གསུངས་ཏེ། འདི་ལ་མེ་ལོང་གི་ནི་གཟུགས་བརྙན་དང༌། །ཞེས་སོགས་ཀུན་རྫོབ་སྒྱུ་མ་ལྟ་བུ་ཤེས་པའི་ཤེས་རབ་དང༌། རྣལ་འབྱོར་པ་རྣམས་མངོན་བརྗོད་པ། སོགས་དོན་དམ་རྣམ་པར་མི་རྟོག་པའི་ཤེས་རབ་ནམ་མཁའ་ལྟ་བུ་དང༌། གང་ཚེ་སེམས་ནི་མི་འཕོ་ན། ཞེས་པ་རང་བཞིན་བདེ་བ་ཆེན་པོའི་ཤེས་རབ་དངོས་དང༌། གང་ཚེ་དོགས་པ་མེད་སྤྱོད་པ། ཞེས་པ་ལ་སོགས་པ་དེའི་རྒྱུར་སྤྱི་དང་ཁྱད་པར་གྱི་འདོད་ཡོན་སྒྲུབ་པ་ཡིན་ཞིང༌། །ཤེས་རབ་གསལ་བའི་གཟུགས་ཞེས་པ་ནི། །ལྷ་མོའི་གཟུགས་ཀྱི་རྣམ་པར་སྣང་བའོ། །མཁས་པ་འགའ་ཞིག་བར་འདིར་ལཱུ་ཡི་པ་ལྟར་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམ་པར་བཞེད་དེ། རྩ་རྒྱུད་ལེའུ་ཉེར་བདུན་
པ་ལས། ནངས་པར་སྔར་ལངས་སེམས་དག་ཉིད། །ལུས་ལ་ཐམས་ཅད་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པར་ཀུན་དུ་སྤྱད། །ཅེས་གསུངས་ཤིང༌། དེ་ཉིད་ཕུང་ཁམས་བྱིན་རླབས་ཀྱི་ལྷ་བཅུ་བདུན་སྒོམ་པ་ཡིན་པར་ལྭ་བ་པས་བཤད་པའི་ཕྱིར་དང༌། སྲུང་བའི་དེ་ཉིད་ཀྱི་ནང་དུ་ཡང་གཏོགས་པའི་ཕྱིར་རོ། །ཞེས་གསུངས་ན། རྒྱུད་ཀྱི་རྡོ་རྗེའི་ཚིག་གཅིག་ལ་དོན་འཆད་ཚུལ་མང་པོ་མི་འགལ་བར་འབྱུང་བའི་ཕྱིར། ལྭ་བའི་ཞབས་ཀྱི་བཞེད་པ་དེ་ཡང་ལུགས་རྣམ་དག་གཅིག་ཡིན་མོད་ཀྱི། རྒྱུད་ཚིག་དེའི་དོན་ལ་དེ་ཁོ་ནར་མ་ངེས་ལ། སློབ་དཔོན་སྤྱོད་པ་པ་ཡང༌། སྤྱིར་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལ་ཕུང་ཁམས་སྐྱེ་མཆེད་བྱིན་རླབས་དེ་འདྲ་མི་བཞེད་པ་མ་ཡིན་ཏེ། ཀུན་སྤྱོད་དང་མངོན་བརྗོད་ལས་གསལ་བར་གསུངས་པའི་ཕྱིར་རོ། །ཡང་སྡོམ་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡིན་ཕྱིན་ཆད་དེ་དགོས་པར་ནི་སློབ་དཔོན་སྤྱོད་པ་པར་མ་ཟད་གཞན་རྣམས་ཀྱང་མི་བཞེད་ལ། རྒྱུད་ཚིག་དེའི་དོན་ཡང་བསྐྱེད་རིམ་པ་སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པ་རྣམས་ཀྱི་སྤྱོད་ལམ་སྟོན་བྱེད་དུ་འཆད་ཅིང༌། ཡན་ལག་ལས་འདས་མཚོན་ཆ་ཞེས་པ་ཡང་ལུས་དཀྱིལ་ཡིན་པར་འདོད་པའང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །དེ་ནས་བདག་ཉིད་དཔལ་ཧེ་རུ་ཀ་ཕྱག་གཉིས་པར་བསྒོམ་སྟེ། ཐུན་མཚམས་ཀྱི་ལྷར་གཏོགས་པའི་དབང་དུ་བྱས་པ་ཡིན་ལ། ལུས་ལ་ཕྱག་རྒྱ་ལྔས་ཡོངས་སུ་བརྒྱན་པར་བསམ་མོ། །ད་ལྟ་སྒོམ་པའི་ལུགས་ལ་བསྡུ་ན་དེ་ཙམ་གྱིས་ཆོག་ལ། རྒྱས་པར་ན་ཕྱག་རྒྱ་ལྔ་དང༌། ཉེ་བའི་ཕྱག་རྒྱ་ལྔ་དང་གླང་ལྤགས་དང་སྟག་ལྤགས་དང་དོ་ཤལ་ལ་སོགས་པས་ཀྱང་བརྒྱན་པའོ། །དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་ལ་སོགས་བརྟག །
ཅེས་པ་ལ་སོགས་པ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དངོས་སུ་བགོ་བའམ། ཡིད་ཀྱིས་བགོ་བར་བྱ་བ་སྟེ། དེའི་འོག་ཏུ་ཕྱག་རྒྱ་རྣམས་ཀྱི་དག་པ་ཡིད་ལ་དྲན་པར་བྱས་ནས། མོས་པའི་ཚུལ་གྱིས་སྒོམ་པ་ནི། སྐབས་འདིར་དཀྱུས་སུ་འཇུག་པའི་ཕྱག་རྒྱ་ལྔའི་དེ་ཉིད་དེ་མི་འབྲལ་བའི་དམ་ཚིག་གི་ཆ་ཤས་ཡིན་ནོ། །སྤྱིར་ཕྱག་རྒྱ་ལྔའི་དེ་ཉིད་ནི། དགྱེས་རྡོར་ལས། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ཏུ་རྣ་ཆ་བཟང༌། །སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། གདུ་བུ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་པ་སྐེ་རགས་ཉིད། །ཅེས་པ་དངོས་བསྟན་ལྟར་ན་བླ་མ་དང་ཡི་དམ་ལ་རྟག་ཏུ་གུས་པས་འདུད་པ་སྟེ་མོས་གུས་དང་མ་བྲལ་བ་དང༌། སློབ་དཔོན་ལ་སྨོད་པ་སོགས་མི་མཐུན་པ་རྣམས་དང་པོར་མི་ཉན་པ་དང༌། བར་དུ་བཟློག་པ་དང༌། མཐར་ཚར་གཅོད་པའི་བར་དུ་མི་མཐུན་པ་རྣམས་སེལ་བ་རྣ་ཆ་དང༌། བཟླས་པ་མི་སྤོང་ཞིང་ངག་སྔགས་སུ་ཤེས་པ་མགུལ་རྒྱན་དང༌། སྙིང་རྗེ་མཁའ་ལྟར་ཁྱབ་པའི་སྒོ་ནས་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལ་འཚེ་བ་སྤོང་བ་ནི་ལག་གདུབ་དང༌། ལུས་ལྷར་མཉམ་པ་ངག་སྔགས་སུ་མཉམ་པ། སེམས་སྟོང་པར་མཉམ་པ། ཐབས་མཁས་བྱིན་རླབས་མཉམ་པ་སྟེ་བཞིའི་སྒོ་ནས། དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ་ནི་སྐེ་རགས་ཀྱི་དེ་ཉིད་དོ། །འདི་དག་གིས་སློབ་དཔོན་ལ་གུས་པ་དང༌། གདུག་པ་ཅན་ལ་འདྲིས་བཤེས་སུ་མི་བྱེད་པ་དང༌། སེམས་ཅན་ཀུན་ལ་བྱམས་པ་མི་སྤོང་བ་རྣམས་བསྟན་པས། བསྲུང་བའི་དམ་ཚིག་དང༌། སྔགས་བཟླས་དང་ཕྱག་རྒྱ་བསྟན་པ་ནི་སྒྲུབ་པའི་དམ་ཚིག་ཀྱང་ཡིན་ལ། རྗེས་སྤྱོད་དང་མི་
འབྲལ་བའི་དམ་ཚིག་བསྟན་པར་བྱས་ཀྱང་རུང་སྟེ། བྱ་བྱེད་ཀྱི་དམ་ཚིག་ཐམས་ཅད་ཀྱང་ཞོར་ལ་འཕངས་སོ། །ཡང་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། བླ་མ་སྤྱི་བོའི་ཧཾ་ཡིག་ལ་གཏུམ་མོའི་མེ་འབར་བས་རེག་ཅིང་ཕྱག་བཙལ་བ་ན། བདུད་རྩིའི་ཆུ་རྒྱུན་འབབ་པ་ནི་སྤྱི་བོའི་འཁོར་ལོ་དང༌། བླ་མ་རང་གི་རིག་པའི་ཡེ་ཤེས་ལ་སྨོད་པ་སྟེ། སྒྲ་དང་རྗེས་སུ་འབྲེལ་བའི་རྣམ་རྟོག་ཐམས་ཅད་དབྱིངས་སུ་བཅད་པའི་སྒོ་ནས་མི་ཉན་པ་ནི་རྣ་རྒྱན་དང༌། ངག་གི་རང་བཞིན་ཨ་ཝ་དྷུ་ཏཱིའི་སྒྲའམ། དོན་དམ་པའི་ཡི་གེ་གསུམ་དུ་ཤེས་པ་ནི་མགུལ་རྒྱན་དང༌། བདག་གཞན་འགྲོ་བ་ཐམས་ཅད་ལྷའི་འཁོར་ལོར་རོ་མཉམ་དུ་རྟོགས་པས། གསོད་སོགས་གཞན་ལ་འཚེ་བའི་སེམས་རྩ་བ་ནས་སྟོང་པ་ནི་ལག་གདུབ་དང༌། ཕྱག་རྒྱ་གསུམ་ལས་བྱང་ཆུབ་སེམས་འཕོ་མེད་དུ་བཅིངས་པ་ནི། སྐེ་རགས་ཏེ་འདི་རྣམས་ཀྱིས་མཉམ་བཞག་གི་དམ་ཚིག་བསྟན་པ་ཡིན་ནོ། །ལྷའི་འཁོར་ལོར་མཉམ་པ་ལ་བསྐྱེད་རིམ་གྱི་ལྷ་དང་རྫོགས་རིམ་གྱི་ལྷ་གཉིས་ཀར་ཡོད་ལ། དེས་ན་ཕྱག་རྒྱ་ནི་འདའ་བར་མི་བྱ་བའི་དོན་ཏེ་དམ་ཚིག་གོ །འདིར་ཕྱག་རྒྱ་ལྔ་ལ་སྐེ་རགས་ཀྱི་དོད་དུ་ཐལ་ཆེན་གྱི་བྱུག་པ་བགྲོད་པར་བྱེད་ན། ཐལ་བ་ཡང་ཐིག་ལེ་འཛག་མེད་ཀྱི་བདེ་བ་མཚོན་པའི་ཕྱིར། གོང་དུ་བཤད་པའི་སྐེ་རགས་དང་མཚོན་དོན་གཅིག་པར་བྱའོ། །འདིར་ཕྱག་རྒྱ་ལྔའི་དེ་ཉིད་ཅེས་པ་མཚོན་པ་སྟེ་ཕྱག་རྒྱ་དྲུག་ཕར་ཕྱིན་དྲུག་དང་སྦྱོར་བས་ཕྱིན་དྲུག་ཕྱག་རྒྱ་དྲུག་གི་དེ་ཉིད་དུ་ཡང་འགྱུར་ལ། ཡང་ནོར་བུ་རྣ་ཆ་མགུར་ཆུ་གདུབ། །འཁོར་ལོ་རྣམས་ནི་ཕྱག་རྒྱ་ལྔ། །ཞེས་གྲགས་པ་གོ་སླ་ལ། འཁོར་ལོ་སྐ་རགས་རྐང་གདུབ་དང༌། །སེ་རལ་ཁ་དང་གདུབ་ཕྲན་རྣམས། །ཉེ་བའི་ཕྱག་རྒྱ་ལྔ་ཡིན་ནོ། །ཞེས་བྱ་བ་ལ། སྤྱི་བོའི་ནོར་བུ་དང་ཉེ་བའི་སྤྱི་བོའི་འཁོར་ལོ། རྣ་ཆ་དང་ཉེ་བའི་སོར་གདུབ། མགུལ་རྒྱན་དང་ཉེ་བའི་སེ་རལ་ཁ། ལག་གདུབ་དང་
ཉེ་བའི་རྐང་གདུབ། ཐལ་བ་དང་ཉེ་བའི་སྐེ་རགས་ཏེ་ལྔ་ཡིན་ལ། དཔུང་རྒྱན་ནི་ལག་གདུབ་དང་ཉེ་བའམ། མགུལ་རྒྱན་དང་ཉེ་བར་བསྡུས་པའང་ཡོད། གདུ་བུ་ཕྲ་མོའི་ནང་དུ་བསྡུས་པའང་ཡོད་དོ། །འདི་དག་རྩ་བའི་རྒྱུད་ལས། མགུལ་རྒྱན་གདུ་བུ་དཔུང་རྒྱན་དང༌། །རྣ་ཆ་ཚངས་པའི་སྐུད་པ་དང༌། །དོ་ཤལ་མགོ་བོའི་འཕྲེང་བ་དང༌། །སྐེ་རགས་སིལ་སིལ་སྒྲ་སྒྲོག་པ། །ཞེས་གསུངས་པས་བསྟན་ཏེ། འདིའི་དབང་ལྟར་བྱས་ན། དཔུང་རྒྱན་གདུ་བུ་ཕྲ་མོའི་དོན་དུ་སྨོས་པ་དང༌། སྤྱི་བོའི་འཁོར་ལོ་དང་ནོར་བུ་དང་རྐང་གདུབ་དང༌། ཐལ་ཆེན་བཞི་པོ་སྐབས་གཞན་དུ་གསུངས་པ་འདིར་བསྣོན་པར་དགོངས་ཤིང༌། དོ་ཤལ་མགོ་བོའི་འཕྲེང་བ་ཞེས་པས་ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་གཉིས་ཀ་བསྟན་པས། ཕྱག་རྒྱ་ལྔ་ལས་འཕྲོས་པ་བཅུ་གཉིས་ཡིན་པ་རྟེན་འབྲེལ་བཅུ་གཉིས་དང་འཕོ་བ་བཅུ་གཉིས་རྣམ་པར་དག་པའོ། །དེའི་སྟེང་དུ་གླང་ལྤགས། སྟགས་ལྤགས་གཉིས་སམ། མི་ལྤགས་ཀྱང་བསྣན་པའི་གསུམ་ནི། པགས་པའི་གོས་ཞེས་གཅིག་ཏུ་བསྡོམས་ཤིང༌། ཐོད་པ་ཅང་ཏེའུ་ཁ་ཊྭཱཾ་ག་རྣམས་བསྣན་པས་དགའ་བ་བཅུ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་བཅུ་དྲུག་གོ །དེ་ཐམས་ཅད་ཀྱང་ཕྱག་རྒྱ་ལྔའི་རྗེས་འབྲང་ཡིན་པས། ཕྱག་རྒྱ་ལྔའི་དེ་ཉིད་དུ་མ་འདུས་པ་མ་ཡིན་ལ། དེ་དག་གི་དབང་དུ་བྱས་ནས་ཅུང་ཟད་བརྗོད་ན། དེ་ཡང་དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་ལ་སོགས་བརྟགཅེས་རྩ་སྔགས་ཡོངས་རྫོགས་སམ། རྐང་པ་བརྒྱད་པ་ལས་བྱུང་བའི་ཚངས་པའི་སྐུད་པ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དམ། ལུགས་འབྱུང་ལུགས་ཟློག་གི་དགའ་བ་བརྒྱད་རྣམ་པར་དག་པའོ། །ཡང་ན་ས་དང་ཆུ་དང་མེ་དང་རླུང་དང་ཟླ་བ་དང་ཉི་མ་དང་ནམ་མཁའ་
དང་རྣམ་པར་ཤེས་པ་བརྒྱད་དག་པའི་བདག་ཉིད་དོ། །ཞེས་ཀྱང་བྱའོ། །ལྷ་ཡི་སྙིང་པོའི་སྔགས་ཀྱི་ནི། །འཕྲེང་བ་བརྒྱ་ཡི་ཕྱེད་ཀྱི་མཛེས། །ཡབ་ཀྱི་སྙིང་པོ་ཡི་གེ་ཉེར་གཉིས་པ་ལས་བྱུང་བའི་མགོ་རློན་ལྔ་བཅུའི་དོ་ཤལ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ། དེ་ཡང་ཡི་གེ་ཉི་ཤུ་རྩ་གཉིས་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་བཞི་བཅུ་ཞེ་བཞིར་འགྱུར་ཏེ། ཨོཾ་ལ་ཨོ་དང་ཀླད་སྐོར་གཉིས། ལྷག་མ་རྣམས་ལ་དབྱངས་དང་གསལ་བྱེད་ཀྱིས་ཕྱེ་བ་ཡིན་ཞིང་ང་རོ་ལྷག་མ་བཞི་སྣོན་པའམ་ར་གཉིས་ཊ་གཉིས་ཏེ་བཞི་སྣོན་པའང་ཡོད། བ་བཏགས་པ་དང་སམ་གྱི་མ་ཡིག་གཉིས་བསྣན་པས་ལྔ་བཅུ་སྟེ། ཐོད་རློན་ལྔ་བཅུའི་ས་བོན་དུ་འགྱུར་ལ། དེ་ཡང་རོ་རྐྱང་གི་རླུང་ཨཱ་ལི་ཀཱ་ལིའི་གདངས་ཅན་ལྔ་བཅུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཡི་གེ་བདུན་པའི་གསང་སྔགས་ཀྱི། གདུབ་སྐོར་གྱིས་ནི་རྣ་བ་མཛེས། གཙོ་བོའི་ཉེ་སྙིང་ལས་བྱུང་བའི་རྣ་ཆ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། དབང་ཤེས་ནི་ལྔ་ཡིན་ལ་ཉོན་ཡིད་དང་ཡེ་ཤེས་ཏེ་ཡིད་གཉིས་གཅིག་ཏུ་བསྡོམས། དེ་ལ་ཀུན་གཞི་རྣམ་ཤེས་བསྣན་པས། རྣམ་ཤེས་བདུན་རྣམ་པར་དག་པ་ཆོས་ཉིད་ཀྱི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་མཁྱེན་པ་དང་མཚན་མ་མེད་པའི་རིག་པ་དང༌། དག་པའི་གཞལ་མེད་ཁང་སོགས་ཞིང་ཁམས་སྣང་བའི་ཡེ་ཤེས་རྣམས་ཏེ་ཡེ་ཤེས་བདུན་གྱི་ངོ་བོའོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པ་མགུར་ཆུས་མཛེས་པ་ཉིད། །རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཞེས་བྱ་བ་འཕྲེང་བའི་སྔགས་རྐང་པ་བརྒྱད་པ་དང་བཅས་པ་ཡོངས་སུ་གྱུར་པ་ལས་མགུལ་རྒྱན་དུ་གྱུར་པ། སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རྣམ་པར་ཐར་པ་བརྒྱད་དམ། སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱིས་མཚོན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བའི་རང་བཞིན་ནོ། །
དཔའ་བོའི་གོ་ཆ་དྲུག་པོ་ཡི། ཕྱག་རྒྱ་ཡིས་ནི་ལུས་མཛེས་པའོ། །འདིར་ལག་གདུབ་གཉིས་དང༌། དཔུང་གདུབ་གཉིས་དང༌། རྐང་གདུབ་གཉིས་ཏེ་དྲུག་གོ་ཆ་དྲུག་དང༌། སོར་གདུབ་ལ་ཡང་གོ་ཆ་དྲུག་སྟེ། ལག་སོར་གཉིས་ཚན་པ་ལྔ་དང༌། རྐང་སོརགཅིག་ཏུ་སྡོམས་པ་སྟེ་དྲུག་གོ །དེ་ཡང་གོ་ཆ་དྲུག་གི་སྔགས་ལས་བྱུང་བའི་གདུ་བུའི་ཚོགས་རྣམས་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག་གིས་བསྡུས་པའི་རླུང་རྣམས་དབུ་མར་འགགས་པའོ། །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱི། །སྐེ་རགས་བྱས་པས་བརྒྱན་པའོ།། གོ་ཆའི་དཔའ་མོ་དྲུག་གི་སྔགས་ལས་བྱུང་བའི་སྐེ་རགས་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རིག་མ་དང་མཉམ་པར་སྦྱར་བ་ལས་ཁམས་དྲུག་གི་དྭངས་མའི་ཐིག་ལེ་ཞུ་བ་རྣམས་རྩ་འཁོར་ལོ་རྣམས་སུ་བསྡམས་ཤིང་བཅིངས་པའི་ཡེ་ཤེས་སོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡི་ལུས་ཀྱི་ཁམས་ནི་བརྟག་པའོ། །ཞེས་པ་ནི་སོ་དང་སེན་མོ་ལ་ནི་ཨོཾ་ཀ་ར་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནས། སྣ་ལ་ནི་ཨོཾ་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ་ཀྱི་བར། སྔགས་ཀྱིས་བྱིན་གྱིས་རློབ་པར་བྱེད་པའང་ཡིན་མོད་ཀྱི། འདིར་ནི་ཁམས་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་གང་ལས་འབྱུང་བ་སྤྱི་བོ་ཉིད་དེ། དེའི་ཕྱིར་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་ལས་སྐྱེས་པའི་སྤྱི་བོའི་འཁོར་དང་ནོར་བུ་སྔགས་དེས་བྱིན་གྱིས་བརླབས་པ་མགོ་ལ་བཀོད་པས་ནང་དུ་སྤྱི་བོའི་འཁོར་ལོ་སྔགས་ཀྱི་རང་བཞིན་དུ་གྱུར་ནས་དེས་ཁམས་རྣམས་བྱིན་གྱིས་རློབ་པ་སྟེ། ཁམས་ཉེར་བཞི་དབུ་མར་ཐིམ་པའི་ཡེ་ཤེས་མཚོན་ནོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། །པགས་པའི་གོས་མཆོག་འཛིན་པའོ། །ཡུམ་གྱི་སྙིང་པོ་སརྦ་བུདྡྷའི་སྔགས་ལས་བྱུང་བའི་སྟག་
ལྤགས་གླང་ལྤགས་ལ་སོགས་པའི་གོས་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་དུ་གནས་པའི་རིགས་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་པ་མཚན་དཔེ་ཐམས་ཅད་ཀྱི་རྣམ་པར་སྣང་བའི་རང་བཞིན་ནོ།། རྣམ་སྣང་མཛད་ཅེས་སྔགས་གང་ཡིན། །ཐོད་པས་དབུ་ལ་བརྒྱན་པའོ། །བཻ་རོ་ཙ་ནཱའི་སྔགས་ལས་བྱུང་བའི་ཐོད་སྐམ་གྱི་དབུ་རྒྱན་འདོགས་དང་བཅས་པ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ནི། ཡེ་ཤེས་ལྔ་རྣམ་པར་དག་པའི་ངོ་བོའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་བཏུང་བའི་ཐོད་པ་ཡིན། །སྐུ་གསུང་ཐུགས་ཀྱི་དཔའ་མོ་ཉེར་བཞི་དང་མ་མོ་བཅུ་གཉིས་ཏེ། རྣལ་འབྱོར་མ་སོ་དྲུག་གི་སྔགས་ལས་བྱུང་བའི་ཐོད་པ་བཅུད་དང་བཅས་པ། སྔགས་དེས་བྱིན་གྱིས་བརླབས་པ་ནི། རླུང་འཕོ་བ་ཉེར་བཞི་དང་བཅུ་གཉིས་དབུ་མར་ཐིམ་པའི་ཡེ་ཤེས་སོ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞལ་བཞི་པའི་སྔགས་ལས་བྱུང་བའི་ཁ་ཊྭཱཾ་ག་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དང༌། ཙཽ་རཱིའི་སྔགས་ལས་བྱུང་བའི་ཅང་ཏེའུ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དཔལ་ཧེ་རུ་ཀའི་སྐུ་དང༌། སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པའི་ཐུགས་གསུང་གཅིག་ཏུ་འདྲེས་པའི་ངོ་བོའོ། །དེ་ལ་གོས་ཀྱི་དག་པས་ནི་གཞིའི་གསང་བ་དང༌། དབུ་རྒྱན་ཁ་ཊྭཱཾ་ཅང་ཏེའུ་རྣམས་འབྲས་བུའི་གསང་བ་དང༌། གཞན་རྣམས་ལམ་གྱི་གསང་བ་ཡིན་ཏེ། དག་པ་དེ་ལྟར་ཤེས་དགོས་པ་ཡིན་ལ། ལྷའི་རྣམ་པ་བསྐྱེད་པར་འདོད་ན་ནི། འདི་ཉིད་ཀྱི་ལུགས་ལ་གདུ་བུའི་ཚོགས་རྣམས་གོ་ཆའི་དཔའ་བོ་དྲུག་ཏུ་བསྐྱེད་པ་སོགས་དམིགས་བསལ་སོ་སོ་བ་རྣམས་དེ་དང་དེར་སྒོམ་ལ། རྩ་སྔགས་སྐུ། སྙིང་པོ་གསུང༌། ཉེ་སྙིང་ཐུགས་དང་སྦྱར་བ་ཡིན་པས། ཚངས་སྐུད་སྐུའི་ཧེ་རུ་ཀ དོ་ཤལ་གསུང་གི་ཧེ་རུ་ཀ རྣ་རྒྱན་ཐུགས་ཀྱི་ཧེ་རུ་ཀ
མགུལ་རྒྱན་སྐུའི་རྡོ་རྗེ་ཕག་མོ། པགས་གོས་གསུང་གི་ཕག་མོ། དབུ་རྒྱན་ཐུགས་ཀྱི་ཕག་མོ། ཁ་ཊྭཱཾ་ག་དང་ཌཱ་མ་རུ་ནི་ཡེ་ཤེས་རྡོ་རྗེའི་ཐོབ་སྐལ་ཡིན་པས། རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་དུ་སྒོམ་པར་བཞེད་དོ། །ཡང་ན་རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱ་བའི་རིམ་པས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། ཞེས་སོགས་དང་སྦྱོར་ཏེ་དེའི་ཚེ་དབུ་རྒྱན་འཁོར་ལོའི་ནང་དུ་བསྡུ་ཞིང༌། གཞན་ཉེ་བའི་ཕྱག་རྒྱ་ལྔ་པོ་ཕྱག་རྒྱ་ལྔའི་ནང་དུ་བསྡུ་ལ། དོ་ཤལ་ཐལ་བ་ན་བཟའ་གསུམ་རྡོ་རྗེ་འཆང་དུ་བསྐྱེད་དགོས་ཤིང༌། ཁ་ཊྭཱཾ་ག་ཧེ་རུ་ཀ་ཐོད་པ་རྡོ་རྗེ་ཕག་མོ། ཅང་ཏེའུ་སྔགས་ཀྱི་སྒྲ་གྲག་སྟོང་ཙམ་དུ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དག་པ་དེ་རྣམས་ཀྱི་རང་ངོས་ནས་དམ་ཚིག་གི་ཐ་སྙད་འཇུག་པའི་ངེས་པ་མེད་ཀྱང༌། དེ་ཉིད་ཉིན་རེ་བཞིན་དྲན་པར་བྱེད་པ་དམ་ཚིག་ཡིན་ཞིང༌། དེ་བཞིན་དུ་ལམ་རིམ་པ་གཉིས་དངོས་ལ། དམ་ཚིག་གི་ཐ་སྙད་གཙོ་བོར་མི་འཇུག་ཀྱང༌། དེ་དག་ཐུན་བཞིར་སྒོམ་པ་ལྟ་བུའི་ངེས་པ་ལ་མཉམ་བཞག་དང་རྗེས་སྤྱོད་ཀྱི་དམ་ཚིག་ཅེས་གྲགས་པས། འདི་དག་དམ་ཚིག་དང་འབྲེལ་བར་འཇོག་ཚུལ་དེ་བཞིན་ཡིན་ནོ། །སྤྱིར་དཀྱིལ་འཁོར་རྒྱས་པ་ཐུན་བཞི་སོགས་སུ་སྒོམ་པ་ནི་སྒྲུབ་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་པས། དེ་ལ་ནི་གནས་དང་ཕྱག་རྒྱ་ལྔ་དང༌། ཤེས་རབ་ཡན་ལག་གི་དེ་ཉིད་རྣམས་ངེས་པར་ཚང་བ་གལ་ཆེ་ལ། ལས་དང་པོ་པས་སྒོམ་པ་ལ་ནི་དམིགས་པ་ཙམ་གྱིས་ཆོག་ཅིང༌། ད་ལྟའི་ལག་ལེན་ལྟར་ན། ལྡང་བའི་རྣལ་འབྱོར་དང༌། ཕྱག་འཚལ་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། སྐྱབས་འགྲོ་དང༌། སེམས་བསྐྱེད་དང༌། ཡི་གེ་བརྒྱ་པ་སོང་ནས། ཕྱག་རྒྱ་ལྔ་དང་ཤེས་རབ་ཡན་ལག་འདྲེས་མར་བྱུང་ཞིང༌། དེའི་འོག་ཏུ་དམ་རྫས་ཟ་བ་རྣམས་བྱ་སྟེ། དེ་དག་ནི་གཞུང་གི་དངོས་
བསྟན་ལ་མི་གསལ་ཡང༌། ཁ་སྐོངས་དགོས་པ་དག་ཡིན་ནོ། །ད་ནི་གཞུང་གི་དོན་ལ། གང་གི་ཚོགས་གསོག་པའི་བྱེད་པ་པོ། གང་ལ་ཚོགས་གསོག་པའི་ཡུལ། ཇི་ལྟར་ཚོགས་གསོག་པའི་ཚུལ་ཏེ་གསུམ་ལས། དང་པོ་ནི། སྙིང་གའི་ས་བོན་ཞེས་པས་བསྟན་ཏེ་དག་པ་གསུམ་གྱི་རྣལ་འབྱོར་རོ། །དེའང་ལུས་ངག་ཡིད་གསུམ་དག་ཅིང་སྦྱངས་པ་མ་བྱས་པས་ཀྱང་ཚོགས་བསགས་པ་ལའང་འབྲས་བུ་ཙམ་འབྱུང་མོད་ཀྱི། དག་པར་བྱས་པས་ཚོགས་བསགས་པའི་ཕན་ཡོན་ཤིན་ཏུ་རྒྱས་པ་དེ་ལྟར་གཞན་དེ་ལ་མ་ཡིན་པ་དང༌། དགོས་པ་གཞན་སྐུ་གསུང་ཐུགས་རྡོ་རྗེའི་ལྷར་སྒྲུབ་པའི་ཕྱིར་ཡང་འདི་སྒོམ་པ་ཡིན་ནོ། །དེ་ཡང་ལཱུ་ཡི་པའི་འགྲེལ་པར་ལྭ་བ་པས་གསུངས་པ་སོགས་མཁས་པ་རྣམས་ལ་གྲགས་ཆེ་བའི་དག་པ་གསུམ་སྒོམ་ཚུལ་དེ་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན་ལ། གཞུང་འདིར་དེ་ལ་རྩལ་འདོན་མི་མཛད་དེ། འདིའི་མན་ངག་འཛིན་པ་རྣམས་དག་པ་གསུམ་བསྡུས་པ་སྒོམ་པའི་ལུགས་འདི་ལ་གཙོ་བོར་བྱེད་དོ། །དེ་ཡང་ཤྲཱི་ཧེ་རུ་ཀ་ཧཾ། ཞེས་སྒྲ་ལ་རྣམ་པར་དཔྱད་ནས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་བསམ་སྟེ་ངག་དག་པ་དང༌། སྙིང་གར་བྱང་ཆུབ་ཀྱི་སེམས་གདོད་ནས་དྲི་མ་མེད་པའི་བརྡར། གདོད་མ་ནས་སྐྱེ་བ་མེད་པ་མཚོན་པའི་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་སྟེ། དེའི་ཞབས་ཀྱུ་བྱ་བ་སྒྲུབ་པའི་ཡེ་ཤེས། ཁོག་པ་སོ་སོར་རྟོག་པའི་ཡེ་ཤེས། མགོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། ཐིག་ལེ་ན་དར་བཅས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོའོ། །དེ་འདྲ་བདག་གི་སྙིང་གར་བསམ་པ་ནི་ཡིད་དག་པའོ། །དེའི་འོད་ཟེར་གྱིས་ལུས་ཀྱི་སྣང་བ་
སྦྱངས་ཏེ། སླར་ཡང་དཔལ་བདེ་མཆོག་ཡབ་ཡུམ་དུ་གསལ་བ་ནི་ལུས་ཀྱི་དག་པ་སྟེ། ལུས་ངག་ཡིད་གསུམ་ཐུགས་གསུང་སྐུའི་དག་པར་བསྒྱུར་བའོ། ཁ་ཅིག་ཐུགས་གསུང་སྐུའི་དགའ་བ་ཞེས་ནན་གྱིས་ཟེར་བ་ནི། ཡིག་ནོར་ལ་མངོན་པར་ཞེན་པ་ཙམ་དུ་ཟད་ལ། ཡང་འགའ་ཞིག་ཡི་གེ་བཞིའི་སྔགས་དོན་དྲན་པ་ཐུགས་དང༌། ཧཱུཾ་བསྒོམ་པ་ནི་ཡིག་འབྲུ་བསམ་པ་ཉིད་ཀྱི་ཕྱིར། གསུང་གི་དག་པར་བཞེད་པ་དག་ཡོད་པ། རྣམ་པ་གཅིག་ཏུ་ན་རུང་བ་ལྟར་ཡང་སྣང་མོད། འདིར་ནི་ངག་གི་བརྗོད་པ་རླུང་ཐིམ་པ་ལས། ཐུགས་འོད་གསལ་བདེ་སྟོང་སྤྲོས་པ་དང་བྲལ་བ་འཆར། དེ་ལྟར་ཤར་བ་ལས་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་སླར་འབྱུང་བ་ཡིན་པས། རྡོ་རྗེ་གསུམ་ལུགས་འབྱུང་ལུགས་ཟློག་གི་རིམ་པ་སྤྱི་འགྲོས་དང་མ་སྦྱར་བར་གསུང་ཐུགས་སྐུའི་རིམ་པ་བཞིན་དུ་བསྟན་ལ། དང་པོ་སྔགས་ངག་ནས་བརྗོད་པ་དང༌། གཉིས་པ་ཐུགས་ཡེ་ཤེས་ལྔའི་ངོ་བོར་མོས་པ་ཡིན་པའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ། །འོ་ན་གསུམ་པའི་སྐབས་སུ་སྐུ་ཧེ་རུ་ཀའི་རྣམ་པ་དེ་ཕྱག་གཉིས་པའམ་ཕྱག་མང་ཇི་ལྟ་བུ་ཞིག་སྙམ་ན། གཉིས་ཀ་མི་འགལ་ལ། ཡབ་རྐྱང་ནི་མ་ཡིན་ཏེ་ཁ་སྦྱོར་གྱི་སྐུ་ངེས་པར་སྒོམ་མོ། །གཉིས་པ་ནི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་རང་གི་མདུན་དུ་བདེ་བར་གཤེགས་པ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་པ་ཡན་ཆད་ཡིན་ལ། ནས་ཞེས་པ་ནི་འོག་མ་དང་མཚམས་སྦྱོར་བའོ། །དེ་ཡང་དམིགས་པ་ཇི་ལྟར་སྒོམ་པའི་ཚུལ་ནི་སྒྲུབ་ཐབས་སུ་བཤད་པ་ལྟར་ཡིན་ལ། ཡེ་ཤེས་སེམས་དཔའ་བཞིན་དུ་གཞན་ནས་སྤྱན་འདྲེན་པ་དང༌། ནམ་མཁའ་ལ་འཇའ་ཚོན་ཤར་བའི་ཚུལ་གྱིས་སྟོང་པ་ལས་ཐོལ་ཏེ་བསྐྱེད་པ་དང༌། སྙིང་གའི་འོད་ཀྱིས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་
དུ་སྒོམ་པ་སྟེ་གསུམ་ཡོད་པ་གང་ལྟར་བྱས་ཀྱང་མི་འགལ་བ། འོན་ཀྱང་ལག་ལེན་ནི་ཕྱི་མ་ལྟར་ལ་གཙོ་བོར་མཛད་ཅིང༌། སྤྱན་འདྲེན་པའི་སྔགས་དང་ཕྱག་རྒྱ་ཡང་མི་མཛད་པ་གོང་མའི་ལག་ལེན་དུ་སྣང་ལ། སྤྱིར་སྔར་ཡོད་གསལ་འདེབས་དང་ཐོལ་བྱུང་དུ་སྒོམ་པ་ལའང༌། སྔགས་རྒྱ་བྱེད་པ་མི་རུང་བ་མིན་ཞིང༌། གཞན་ནས་སྤྱན་འདྲེན་པ་ལ་ཡང་ཏིང་ངེ་འཛིན་གྱི་སྦྱོར་བ་གཙོ་བོར་གྱུར་པའི་ཚེ་སྔགས་རྒྱ་མི་དགོས་པ་ཡང་སྲིད་པས་སྔར་ཡོད་པ་གསལ་འདེབས་ཡིན་པའི་རྒྱུ་མཚན་གྱིས་སྔགས་རྒྱ་མི་དགོས་སོ་ཟེར་བ་ནི་བྱིས་པའི་བློ་གྲོས་མཚོན་པའོ། །རྡོ་རྗེ་མཁའ་འགྲོ་ལས། རང་སྙིང་ཟླ་བའི་དབུས་སུ་ནི། །ཀུན་གྱི་དེ་ཉིད་དགོད་པར་བྱ། །དེ་ཡི་འོད་ཟེར་ལས་བྱུང་བའི། །མཁའ་འགྲོ་མ་ལ་སོགས་པས་མཆོད། །ཕྱག་འཚལ་ནས་ནི་འདི་སྐད་བརྗོད། །ཅེས་དང༌། སྔོན་དུ་རང་སྙིང་ཟླ་དབུས་སུ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེ་ཡི་སྟེང་དུ་ཧཱུཾ་སྒོམ་མོ། །ཞེས་འབྱུང་བ་ལུགས་འདི་ལ་སྙིང་གར་ཟླ་བ་འགོད་པའི་རྩ་བའི་ཁུངས་ཡིན་ལ་མངོན་བརྗོད་ལས་ནི། རང་གི་སྙིང་གའི་མཁའ་དཀྱིལ་དུ། ཉི་མའི་དཀྱིལ་འཁོར་གནས་པར་བསྒོམ། དེ་སྟེང་དེ་ཉིད་མཆོག་དམ་པ། །ཡེ་ཤེས་ལྔ་པོ་ཞི་བ་ཡིན། །སྣ་ཚོགས་འོད་ཟེར་གསལ་བ་ཡིས། །རྣམ་པར་འཕྲོ་བས་ཀུན་ཏུ་ཁྱབ། སྔོན་གྲུབ་པས་ནི་བསྐུལ་ནས་ནི། །བྱིན་གྱིས་བརླབས་པའང་བྱེད་པ་ཡིན། །ནམ་མཁའི་ཁམས་ནི་ཉམས་དགའ་བར། །དཀྱིལ་འཁོར་མཆོག་ནི་མཐོང་བ་སྟེ། །ཏིལ་གྱི་གང་བུ་ལྟ་བུ་ཡི། །ལྷ་དང་ཁྲོ་བོས་ཁྱབ་པར་མཐོང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བྱང་ཆུབ་སེམས་ནི་བླ་མའི་གཙོ། །ལྷ་མོ་སྣ་ཚོགས་མཐོང་ནས་ནི། །བདག་གིས་མཆོད་ཅིང་བརྗོད་པར་བྱ། སངས་རྒྱས་སྤྲོས་པ་སྤྲུལ་པའི་ཚོགས། ཁྲོ་བོའི་རྒྱལ་པོ་རྣལ་འབྱོར་མས། །འགྲོ་བ་རིགས་
དྲུག་སེམས་ཅན་རྣམས། །སངས་རྒྱས་གནས་སུ་དགོད་པར་བྱ། །ནམ་མཁའི་དཀྱིལ་ནི་ཀུན་ཁྱབ་པའི། །མཆོག་རྣམས་བཞུགས་པར་མཐོང་ནས་ནི། །བྱང་ཆུབ་སྙིང་པོའི་བར་དུ་ནི། གསུམ་པོ་ཀུན་ལ་སྐྱབས་སུ་མཆི། །སེམས་ཅན་མ་ལུས་གྱུར་པ་རྣམས། །སངས་རྒྱས་གོ་འཕང་དེ་ལ་བཞག །དེར་ནི་སྒྲུབ་པོས་གསོལ་གདབ་དང༌། །རྟག་ཏུ་སྐྱབས་སུ་འགྲོ་བར་བྱ། །ཞེས་གསུངས་པ། རྒྱུད་དེར་སྙིང་གར་ཉི་མ་སྒོམ་པར་གསུངས་པ་ཡིན་ཡང༌། སྔོན་གྲུབ་པས་ནི་ཞེས་པ་ཕྱོགས་གཞན་ནས་སྤྱན་འདྲེན་པའི་དམིགས་པ་མི་བྱེད་པར། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་སྒོམ་པའི་ཁུངས་ཡིན་ནོ། །བླ་མ་སྤྱན་འདྲེན་པ་ནི། སྟེང་གི་ནམ་མཁའ་ལ་སྒོམ་པ་དང༌། གཞལ་ཡས་ཁང་གི་གྲྭ་ཟུར་དུ་སྒོམ་པ་དང༌། དུར་ཁྲོད་དུ་སྒོམ་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་ མེད་པར་སྒོམ་པ་དང༌། དེའི་རིགས་བདག ་གི་ཚུལ་དུ་སྒོམ་པ་སོགས་སོ་སོའི་མན་ངག་བཞིན་དུ་བྱ་བ་ཡིན་པས། སྤྱི་ལྡོག་ནས་གང་ལྟར་སྒོམས་ཀྱང་མི་འགལ་ལོ། །སྐབས་འདིར་རྣམ་པ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་བསྒོམ་ཡང་ངོ་བོ་ནི་མཆོད་འོས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་དགོས་པས། མཆོག་ཏུ་གྱུར་པའི་ཚོགས་ཀྱི་ཞིང་ཐམས་ཅད་ལ་མཆོད་པ་ཡིན་གྱི། ཉེ་ཚེ་བ་གཅིག་ཙམ་མ་ཡིན་ནོ། །དོན་དུ་ནི་དེ་བཞིན་གཤེགས་པ་གཅིག་མཆོད་པས་ཐམས་ཅད་མཆོད་པར་ཡང་འགྱུར་མོད་ཀྱི་བདག་ཉིད་ཀྱི་བསམ་པའི་ཁྱད་པར་ལས། གཅིག་པུ་ཁོ་ན་ལ་མཆོད་པར་བསམ་པས་དེ་ཙམ་གྱི་འབྲས་བུར་འགྱུར་ལ། ཐམས་ཅད་ཀྱི་བདག་ཉིད་དུ་ཤེས་པས་ནི་དེ་དང་མཚུངས་པར་ཕན་ཡོན་རྒྱ་ཆེན་པོར་འགྱུར་རོ། །གསུམ་པ་ནི། སྙིང་གའི་ཧཱུཾ་ལས་སྤྲོས་པའི་མཆོད་ཡོན་ལ་སོགས་པའི་མཆོད་པ་ཀུན་གྱིས་ཡང་དག་པར་མཆོད་ཅིང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རྒྱུན་བཤགས་ཀྱི་ཚིག་བརྗོད་པར་
བྱའོ། །དེ་ཡང་མཆོད་པའི་སྔོན་དུ་ཕྱག་འཚལ་བ་སྔོན་དུ་འགྲོ་དགོས་པས་ཁ་སྐོང་ལ་སོགས་པ་ཞེས་པའི་ཚིག་གིས་སྡིག་བཤགས་ཡི་རང་སེམས་བསྐྱེད་བསྔོ་བ་རྣམས་བསྟན་ཏེ། དེ་ལྟར་ན་ཕྱག་དང་མཆོད་པ་དང༌། རྒྱུན་བཤགས་ཉིད་ལ་ཡན་ལག་ལྔ་སྟེ། སྡོམས་པས་ཡན་ལག་བདུན་པའམ། བླ་མེད་མཆོད་པ་བདུན་ཡིན་ནོ། །དེས་ན་དཀོན་མཆོག་གསུམ་ལ་སོགས་པ་ཞེས་པ། གོང་དུ་དྲངས་པ་ལྟར། མངོན་བརྗོད་ལས། བྱང་ཆུབ་སྙིང་པོའི་བར་དུ་ནི། གསུམ་པོ་ཀུན་ལ་སྐྱབས་སུ་མཆི། ཞེས་པས་ཐོག་མ་ཉིད་དུ་སྐྱབས་འགྲོ་སྨོས་ཤིང་དེ་དང་མཐུན་པར་གཞུང་འདིར་ཡང་སྟེ། ལ་སོགས་པ་ཞེས་པའི་དོན་སྐྱབས་འགྲོ་ལ་སོགས་པ་རྒྱུན་བཤགས་དེ་དག་ཡིད་ལ་བསམ་ཞིང༌། དེར་མ་ཟད་ངག་ཏུ་ཡང་བརྗོད་དགོས་ཞེས་པའི་དོན་ཡིན་གྱི། རྡོ་རྗེ་གུར་རམ། སྒྱུ་འཕྲུལ་དྲ་བའི་རྒྱུད་ཚིག་གི དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ལ་སོགས་པའི་ཚིག་ཁོ་ན་ངེས་གཟུང་དུ་བརྗོད་དགོས་པའི་དོན་རང་ནི་མིན་ནོ། །དེས་ན་རྒྱུན་བཤགས་ཡན་ལག་ལྔ་པ་ཇི་ལྟར་འོས་པས་ཀྱང་རུང་མོད་ཀྱི། མར་དོ་ལོ་ཆུང་རྭ་ལོ་མལ་གྱོ་བཞིའི་ལུགས་མཐུན་པར། གུར་ནས་འབྱུང་བའི་རྒྱུན་བཤགས་ཉིད་མཛོད་དེ། ཐེག་པ་བླ་མེད་ཀྱི་རྒྱུད་ཚིག་ཡིན་པའི་ཕྱིར་ཤིན་ཏུ་ལེགས་སོ། །དེའི་ཕྱིར་གང་དག་ཚོགས་བསགས་བཅུ་གསུམ་དང༌། ཡན་ལག་བདུན་པ་ལ་དོན་མི་འདྲ་བ་ཆེན་པོ་ཡོད་སྐད་སྨྲ་ཞིང༌། དེ་གཉིས་ཚོགས་སློབ་ཀྱི་བཤད་པའི་ཁྱད་པར་དུ་འདོད་པ་སོགས་ནི། རང་ལུགས་མཆོག་ཏུ་སྒྲུབ་འདོད་ཀྱང༌། སྒྲུབ་བྱེད་ཀྱི་འཕོངས་པ་ལས་ཀྱང་ཆེས་འཕོངས་པའི་ཚུལ་དང༌། བླུན་པོའི་རང་བཞིན་དང་གཡོ་ཅན་གྱི་གཏམ་འབྲེལ་མེད་བརྗོད་བྱས་སྟོང་པ་གསུམ་འཛོམ་པའོ། །འདིར་ཕྱག་འཚལ་བ་ལ་མཚན་སྔགས་ཀྱིས་ཕྱག་འཚལ་བ་དང༌། རྒྱུད་ལས་འབྱུང་བའི་ཚིགས་བཅད་
ཀྱིས་ཕྱག་འཚལ་བ་སོགས་གང་བྱས་ཀྱང་འདྲ་ལ། མཆོད་པ་ཡང་ཆུ་དང་ཉེར་སྤྱོད་ངེས་པར་འབུལ་དགོས་ཤིང༌། གཞན་རྒྱས་བསྡུས་ཇི་ལྟར་འོས་པ་ཡིན་པ་དང་རྒྱུན་བཤགས་ཀྱང་ཡན་ལག་ལྔ་པ་ནི་མཚོན་པ་སྟེ། ཡན་ལག་བཅུ་པའི་བར་དུ་ཇི་ལྟར་འོས་པ་སྦྱར་བས་ཆོག་པའི་ཕྱིར། དེ་དག་ལ་དགག་སྒྲུབ་ཀྱི་དཔྱད་པ་མི་དགོས་སོ། །འདིར་ཚད་མེད་བཞི་ནི་ངེས་པར་བྱ་བ་ཉིད་དེ། ཚོགས་བསགས་གི་ཆོ་ག་སྤྱི་འགྲོས་ཐམས་ཅད་དང་མཐུན་དགོས་པ་དང༌། འཁོར་ལོ་སྡོམ་པའི་རྒྱུད་རྣམས་ལས་ཚད་མེད་བཞི་སྒོམ་པ་གལ་པོ་ཆེར་གསུངས་པའི་ཕྱིར་དང༌། དཀོན་མཆོག་གསུམ་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་གནས་པའི་ཕྱིར་དང༌། འདི་མ་བྱས་ན་ཡུལ་དམན་པ་ལ་ཚོགས་བསགས་པ་ཆད་པའི་ཕྱིར་རོ། ཁ་ཅིག་འདི་མི་དགོས་ཏེ་སེམས་བསྐྱེད་ཀྱི་ཁོངས་སུ་འདུས་པས་སོ་ཞེས་ཟེར་བ་ནི། ཐུན་གྱི་འགོར་སེམས་བསྐྱེད་སྒོམས་པ་ནི་བླ་ཐབས་སུ་བསྣན་པ་ཡིན་པས་རྒྱུ་མཚན་དུ་མི་རུང་བའི་ཕྱིར་དང༌། རིགས་འདུས་པ་ཙམ་གྱིས་ཆོག་ན། ཡེ་ཤེས་ཀྱི་ཚོགས་ཀྱང་དེར་འདུས་པས་མི་དགོས་པར་ཐལ་བར་འགྱུར་རོ། །འགའ་ཞིག་འདིར་རིགས་ལྔའི་སྡོམ་གཟུང་བྱེད་པ་ལ། གཞན་དག་ཁྲེལ་བགད་དུ་བྱེད་དེ། རྡོ་རྗེ་མཁའ་འགྲོ་ན་ནི་སྐབས་འདིར་སྡོམ་གཟུང་ཡོད་ཅིང༌། རྒྱུན་བཤགས་ཀྱི་རྗེས་འབྲང་ཡིན་པས་བྱས་ཀྱང་སྐྱོན་དུ་འགྱུར་བ་མིན་ལ་ངེས་པར་དགོས་པ་ནི་མ་ཡིན་ནོ། །བླ་མ་གོང་མ་རྣམས་མི་མཛད་པ་ཉིད་ལག་ལེན་ནོ། གཉིས་པ་རྒྱུ་ལམ་ཁྱེར་གཉིས་ནི། ཐམས་ཅད་སྟོང་པར་རྣམ་བསྒོམ་སྟེ། །ཞེས་པ་འདི་ཡིན་ཏེ། འདི་ནི་དངོས་སུ་ན་འཆི་བ་ཆོས་སྐུ་ལམ་ཁྱེར་ཁོ་ན་ཡིན་ལ། དེས་བར་དོ་ལོངས་སྐུ་ལམ་ཁྱེར་ཡང་ཤུགས་ལ་འཕེན་པར་འགྱུར་ཏེ། རྒྱུ་གསལ་བར་བཤད་པས་འབྲས་བུ་ཞོར་ལ་འཕེན་པ་སྤྱི་ཁྱབ་ཏུ་གྲགས་པའི་རིག་པ་ཡིན་པའི་ཕྱིར་
རོ། །དེ་ཡང་འོག་ཏུ་འབིགས་པ་མདའ་ཡིས་མཉམ་སྦྱར་ཏེ། །ཞེས་པས། ན་ད་ཉིད་དངོས་པོ་གཞན་ལ་ཐོགས་མེད་དུ་འགྲོ་བས་འབུགས་པར་བྱེད་པའི་གཟུགས་ཅན་སྐར་མདའ་འཕོ་བའི་ཚུལ་གྱིས་འཇུག་པའི་དོན་ཡིན་པས། འཇུག་རྒྱུའི་ན་ད་འཇོག་པའི་ས་མཚམས་སྐབས་འདིར་བྱེད་པ་མངོན་བརྗོད་བླ་མའི་སྐབས་མང་པོར་གསུངས་ཤིང༌། དེ་ཉིད་བར་དོ་སྦྱོང་བྱེད་ཀྱང་ཡིན་ལ། བར་དོ་སྦྱོང་བྱེད་སྐབས་འདིར་འབྱུང་བ། སངས་རྒྱས་ཡེ་ཤེས་ཞབས་སོགས་རྡོ་རྗེ་འཛིན་པ་ཆེས་ཆེ་བ་མང་པོ་དག་གིས་བཤད་པ་དང༌། ལུགས་འདི་ཡང་ཡེ་ཤེས་ཞབས་ལུགས་དང་མཐུན་ནོ་ཞེས་པ་ཀུན་ཏུ་གྲགས་པ། དེ་ནི་བདེན་ན་རྣམ་གཞག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ལོགས་སུ་སྤྱད་ནས། ཐུན་མོང་བ་རྣམས་ལའང་མཐའ་དག་འདྲ་བ་དགོས་པ་མ་ཡིན་ཡང༌། དོན་གྱི་གཙོ་བོ་རྣམས་འདྲ་བ་ཞིག་དགོས་ན། འདི་གཉིས་དོན་གྱི་གཙོ་བོ་འགངས་ཆེ་བ་རེ་ཡིན་པའི་ཕྱིར་རོ། །སྤྱིར་ནི་བོད་རྣམས་ཀྱི་རྟོག་པ་ལ། ཡེ་ཤེས་ཞབས་ལུགས་སྔར་བྱུང་ནས། སྤྱོད་པ་བས་དེ་དང་མཐུན་པར་སྦྱར་བ་ཡིན་ནོ་སྙམ་པ་ཞིག་འདུག་ནའང༌། སློབ་དཔོན་འདི་གཉིས་ཀྱི་མན་ངག་མཚུངས་པ་དེ་ཡང་གཅིག་གི་རྗེས་སུ་གཅིག་ཤོས་འབྲངས་པ་མ་ཡིན་གྱི། སོ་སོའི་རང་སྟོབས་ཀྱིས་བརྩམས་པས་བློ་གྲོས་ཀྱི་འཇུག་སྒོ་གཅིག་ཏུ་ཤར་བ་ཙམ་མོ། །དེ་ཡང་འདྲ་བའི་ཡུལ་སློབ་དཔོན་སྤྱོད་པ་པའི་གཞུང་སྔ་རོལ་དུ་བྱུང་ཟིན་ནས། དེ་དང་འདྲ་བ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གཞུང་ཕྱིས་འབྱུང་ངོ༌། །རྒྱུ་མཚན་གྲོལ་ཐིག་གི་འགྲེལ་པ་རབ་སྨན་ཞབས་ཀྱིས་བྱས་པ་ལས་ཤེས་སོ། །དེས་ན་ཁ་ཅིག་སྐབས་འདིར་ལམ་ཁྱེར་གཉིས་མི་འདོད་པ་ནི། འདི་སྐད་ཅེས་བདག་ཅག་ནི་བོད་རྒན་པོའི་ཡིག་ཆུང་ལྷ་ཁང་གོག་པོ་ནས་སྤྱན་དྲངས་པ་འགའ་ཞིག་མི་གོ་བཞིན་དུ་ལྟ་བར་ཟད་ཀྱི། ཡང་དག་པའི་ཟབ་མོའི་དོན་
ཞེས་བྱ་བ་ཅི་ལ་ཟེར་མི་ཤེས་སོ་ཞེས་གོ་བར་བྱེད་པ་ཁོ་ནའོ། །དེས་ན་རང་ལུགས་ནི་འཆི་བ་ཆོས་སྐུ་ལམ་ཁྱེར་ལ། སྦྱང་བྱ་ལུས་ཅན་རྣམས་འཆི་བའི་སེམས་གསལ་སྟོང་མི་རྟོག་པའི་རྣམ་པ་ཅན་མ་རིག་པས་བསླད་པ་དེ་ཡིན་ལ་སྦྱངས་འབྲས་ནི་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་བྲལ་མཐའ་དབུས་མེད་པ་དེ་ཡིན་ཞིང༌། སྦྱོང་བྱེད་ཀྱི་ལམ་ནི་སྟོང་ཉིད་ཀྱི་སྔགས་དོན་བསམ་པ་ཡེ་ཤེས་ཚོགས་གསོག་ཏུ་གྲགས་པ་འདི་ཡིན་ནོ། །འདི་ལ་བསྡུས་པ་ན་ཤུ་ནྱཱ་ཏ་གཅིག་པུའི་སྔགས་དོན་བསམ་པས་ཀྱང་གོ་ཆོད་ལ། རྒྱས་པར་ན་རྣམ་ཐར་སྒོ་གསུམ་མམ། སྒོ་བཞིའི་སྔགས་དོན་ཀྱང་བསམ་པས་ལྷག་པའི་སྐྱོན་མེད་ཅིང་ལེགས་པར་འགྱུར་མོད། སྐབས་འདིར་བླ་མ་གོང་མ་རྣམས་སྭ་བྷཱ་ཝའི་སྔགས་དོན་བསམ་པས། གཟུང་བ་ཕྱི་རོལ་གྱི་དོན་དུ་འཛིན་པ་སྤོང་བ་དང༌། ཤུ་ནྱཱ་ཏའི་སྔགས་དོན་བསམ་པས་སྤྲོས་བྲལ་གྱི་ཡེ་ཤེས་མཁའ་མཉམ་སྒོམ་པར་བཞེད་པ་ནི། ཤིན་ཏུ་ལེགས་ཏེ་སློབ་དཔོན་འདིའི་ལྟ་དགོངས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ལམ་དུ་འགྲོ་ཚུལ་ནི། གཞི་འཆི་བ་འོད་གསལ་དང༌། འབྲས་བུ་ཆོས་སྐུ་གཉིས་ཆར་དང་རྣམ་པ་མཐུན་པར། རྣམ་པར་མི་རྟོག་པའི་སྟོང་ཉིད་བསྒོམ་ཞིང༌། དངོས་གཞིའི་དུས་སུ་རྣམ་པ་མཐུན་པ་ཙམ་དུ་མ་ཟད། རྗེས་དེ་མ་ཐག་ཏུ་འདི་ནི་འཆི་བ་རྣམ་པར་དག་པའི་ཆོས་སྐུའོ། ཞེས་འཁོར་བ་དག་པ་དང་འབྲས་བུ་རྫོགས་པའི་མོས་པའམ། ང་རྒྱལ་བཞག་པའི་སྒོ་ནས་གཞི་འབྲས་གཉིས་པོ་དང་སྦྲེལ་དགོས་པ་ཡིན་ནོ། །བྱེད་ལས་ནི་གཞི་འཁོར་བའི་དྲི་མ་འཆི་བའི་བག་ཆགས་སྦྱོང༌། རིགས་ཀྱི་ས་བོན་གསོས་བཏབ་སྟེ་འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགལམ་གོང་མ་རྫོགས་རིམ་གྱི་སྐབས་སུ་རང་བཞིན་ལྷན་སྐྱེས་འོད་གསལ་
བདེ་སྟོང་ཟུང་འཇུག་གི་ཉམས་མྱོང་ཁྱད་པར་ཅན་དཀའ་བ་མེད་པར་སྐྱེ་བའི་རྒྱུར་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དོ། །བླ་མ་གོང་མ་རྣམས་ཡེ་ཤེས་ཚོགས་གསོག་གི་དགོས་པ་བཞི་སྟེ། ཀུན་བརྟགས་ཀྱི་དྲི་མ་དག་པ་དང༌། དེ་ལས་ཐམས་ཅད་དཀྱིལ་འཁོར་སྟོང་པའི་རྣམ་པ་ཅན་འབྱུང་བ་དང༌། སྔར་གྱི་བསོད་ནམས་ཀྱི་ཚོགས་དང༌། འདིའི་ཡེ་ཤེས་འབྲེལ་བས་ཚོགས་གཉིས་ཆ་མཉམ་པའི་ཕྱིར་དང༌། འབྲས་བུ་ཆོས་སྐུ་ལས་གཟུགས་སྐུར་ལྡང་བའི་ཕྱིར་ཡིན་ནོ་ཞེས་གསུངས་ལ། ལཱུ་ཡི་པའི་འགྲེལ་པ་ཇོ་བོ་རྗེའི་ལུགས་ལས་ཀྱང་རྣམ་གྲངས་མང་དུ་བཤད་དོ། །འདིར་ཐམས་ཅད་སྟོང་པ་ཞེས་བྱ་བ་ནི། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པའི་སྟོང་པའོ།།ཞེས་བཤད་ཀྱང་མི་འཐད་པ་རང་མ་ཡིན་མོད། ཕུལ་དུ་བྱུང་བའི་དོན་ཡང་མིན་ནོ། །དེས་ན་ཐམས་ཅད་སྟོང་པ་ནི་འོད་གསལ་བའི་མིང་གི་རྣམ་གྲངས་སུ་བཤད་པ་ལྟར་རམ། ཡང་ན་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཅེས་བྱ་སྟེ། འོད་གསལ་དང་འདི་གཉིས་དོན་གཅིག་གོ །དེས་ན་བསྒོམ་བྱ་སྟོང་པ་ཉིད་ཀྱི་རང་བཞིན་ནི། གཤིས་ཅིར་ཡང་མ་གྲུབ་པ་ཙམ་གྱི་སྟོང་ཉིད་དང༌། ཅིར་ཡང་མ་གྲུབ་པ་དེ་ཀུན་རྫོབ་རིག་པའི་སྣང་བ་ཙམ་དང་སྦྲེལ་བའི་རིག་པ་སྒྱུ་མ་ལྟ་བུ་ལ་མིང་ཟུང་འཇུག་ཏུ་བཏགས་པས་ཁྱད་པར་དུ་བྱས་པ་ཙམ་མ་ཡིན་གྱི། འདི་ནི་སྟོང་ཉིད་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་མཆོག་སྤྲོས་བྲལ་གྱི་རིག་པ་དོན་དམ་རྣམ་པ་ཐམས་ཅད་པ་དེ་ཡིན་ཏེ། རྟོགས་བྱེད་ཀྱི་ཤེས་པ་ཡང་གཅིག་དུ་བྲལ་ལ་སོགས་པའི་རིག་པས་དཔྱོད་པ་ངེས་ཅན་དུ་མི་དགོས་ཏེ། རྣམ་པར་མི་རྟོག་པ་ཉིད་ལ་མཉམ་པར་འཇོག་པ་ཡིན་ནོ། །འོ་ན་ཡེ་ཤེས་ཚོགས་གསོག་གི་སྐབས་སུ་རྒྱ་གར་གྱི་མཁས་པ་མང་པོས་ཀྱང༌། རིག་པའི་དཔྱད་པ་བཤད་པ་མ་ཡིན་ནམ་སྙམ་ན། དེ་ནི་བཤད་མོད་ཀྱི།
ཡུལ་སྤྲོས་བྲལ་གྱི་མཚན་ཉིད་གོ་བའི་ཕྱིར་བཤད་པ་ཡིན་གྱི། དེ་ལྟར་སྒོམ་དགོས་པའི་ཕྱིར་མ་ཡིན་ནོ། །ཡང་ལས་དང་པོ་པ་དག་གིས་དཔྱད་པ་སྔོན་དུ་བཏང་ནས། དཔྱད་མཐར་མི་རྟོག་པའི་ཚུལ་དུ་བཞག་ནའང་ལེགས་པར་འགྱུར་མོད་ཀྱི། སྤྱིར་སྐབས་འདི་དག་ཏུ་དཔྱད་པ་དང་དེས་དྲངས་པའི་སྟོང་པར་ཞེན་པའི་བློ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། མི་རྟོག་པའི་མཉམ་བཞག་ནི་ངེས་པར་དགོས་ཏེ། དཔྱད་པ་དང་འབྲེལ་བའི་སྟོང་ཉིད་ཙམ་ནི་འཆི་བ་འོད་གསལ་དང་འབྲས་བུ་ཆོས་ཀྱི་སྐུ་གཉིས་ཀར་དང་རྣམ་པ་མི་མཚུངས་ལ། མི་རྟོག་པ་ནི་དེ་གཉིས་ཀར་དང་མཚུངས་པའི་ཕྱིར་རོ། །དེ་ལ་སྭ་བྷཱ་ཝའི་སྔགས་དོན་ནི། སྭ་བྷཱ་ཝ་རང་བཞིན་ཤུདྡྷ་ནི་དག་པ། སརྦ་དྷརྨ་ཆོས་ཐམས་ཅད་སྭ་བྷཱ་ཝ་ཤུདྡྷོ་ཧཾ་ནི་རང་བཞིན་གྱིས་དག་པ་ངའོ། །ཞེས་པ་སྟེ། རང་བཞིན་ནི་སྤྲོས་བྲལ་གྱི་ངོས་ནས་འཇོག་པའང་ཡོད་མོད་ཀྱི། སྐབས་འདིར་གཟུང་བ་ལ་སོགས་པ་གཞན་དུ་སྣང་བ་ལྟར་གནས་ཚུལ་ལ་མ་གྲུབ་པས་རང་བཞིན་ནམ་རང་ངོས་ནས་རྣམ་པར་རིག་པའི་ཤེས་པ་སྟེ། ཕྱི་ནང་སྣང་བ་སྣ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་རིག་པ་གཅིག་པུའོ་ཞེས་པའི་དོན་ཡིན་ལ། སེམས་དེའི་ཡང་འཁོར་བ་དང་ལམ་གྱི་ཆོས་ལ་སོགས་པ་སྣང་བ་སྣ་ཚོགས་པའི་ཆ་དེ་ནི་མེད་དེ། ཡང་དག་ཀུན་རྫོབ་ཏུ་རིག་པ་དག་པ་བ་ཙམ་ཞིག་གནས་སོ། །དེ་ནི་སེམས་རང་བཞིན་གྱིས་དག་པ་ཡིན་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ལས་གཞན་དུ་མེད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ཡང་རང་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ངའོ། །ཞེས་པའོ། །འདི་ནི་མཐར་ཐུག་གི་དོན་དམ་མིན་ཡང༌། དེ་ལ་འཇུག་ཚུལ་ཁྱད་པར་ཅན་ཡིན་ལ། སྔགས་དོན་གཉིས་པ་ནི། ཤུ་ནྱཱ་ཏ་སྟོང་ཉིད་དེ། གཞན་རྣམས་ལྟ་ཅི་སྨོས། རྣམ་ཤེས་དག་
པ་པའི་སེམས་དེ་ཡང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། །འོ་ན་སེམས་ལས་གཞན་པ་ཡང་མེད། སེམས་ཀྱང་མེད་པས་ཅི་ཡང་མེད་པའོ་སྙམ་ན་མ་ཡིན་ཏེ། ཛྙཱ་ན་ནི་ཡེ་ཤེས་ཏེ། དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། །བཛྲ་ནི་རྡོ་རྗེ་སྟེ་དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་ངོ་བོ། །སྭ་བྷཱ་བ་ནི་རང་བཞིན་ཏེ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སམ་སྡོད་ལུགས་སུ་ཡོད་པའོ།། ཨཱཏྨ་ཀ་ནི་བདག་ཉིད་དེ། དེ་ཉིད་དོན་དམ་པའི་བདག་སྟེ་བདག་གི་དོན་ཡང་གནས་ལུགས་ལ་ཡོད་ཅིང་ངོ་བོས་གྲུབ་པ་བདེན་པར་ཡོད་པའོ། །ཨ་ཧཾ་ནི་ངའོ་སྟེ་རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པའོ། །དེ་ལྟར་ན་སྔགས་དང་པོ་དང༌། ཤུ་ནྱཱ་ཏ་ཞེས་པས་ཀུན་རྫོབ་སྤྲོས་པའི་མཐའ་ཐམས་ཅད་སྤངས་པ་དང༌། །ཛྙཱ་ན་ཞེས་པ་མན་ཆད་ཀྱིས་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་རྟག་ཏུ་མི་འགྱུར་བར་བཞུགས་པ་བསྟན་ནོ། །མངོན་བརྗོད་བླ་མ་ལས་ཀྱང༌། ཕྱི་དང་ནང་དུ་བལྟས་ནས་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ཡིན། །བྱང་ཆུབ་ཚོགས་ཀྱི་མཆོག་ཐོབ་པ། །སེམས་ཙམ་ལ་ནི་རབ་ཏུ་གནས། །ཞེས་གསུངས་པའི་དོན་ཡང༌། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཙམ་ལས་གཞན་དུ་མེད་པ་དང༌། བྱང་ཆུབ་ཀྱི་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པས་གདོད་ནས་བརྒྱན་པའི་ཡེ་ཤེས་མཆོག་དེ་ནི་ཐོབ་པ་སྟེ་རྟག་ཏུ་ཡོད་པའོ། །དེ་ཡང་སེམས་ཀྱི་རང་བཞིན་ཉིད་ལས་གཞན་དུ་གནས་པ་མ་ཡིན་ཏེ། སེམས་ཙམ་ཉིད་ཀྱི་གནས་ལུགས་སོ། །ད་ནི་བར་དོ་ལོངས་སྐུ་ལམ་ཁྱེར་ལ། སྦྱངས་བྱ་ནི་འཆི་བ་ལས་ལངས་མ་ཐག་སེམས་སྣང་བ་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས་བར་དོའི་ལུས་ཤིན་ཏུ་ཕྲ་ཞིང་དྭངས་པའི་བཞིན་ལག་དབང་པོ་ཡོངས་སུ་རྫོགས་པ་གྲུབ་པ་དེ་ཡིན་ལ། སྦྱངས་འབྲས་ནི།
སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་སྐུ་ཡེ་ཤེས་ཀྱི་སྐུ་མཚན་དཔེས་སྤྲས་པ་སྟེ། འཁོར་བའི་རླུང་སེམས་བག་ཆགས་དང་བཅས་པ་རྣམ་པར་དག་པ་དེའོ། །སྦྱོང་བྱེད་ལམ་ནི་སྟོང་པ་ལས་ལངས་མ་ཐག་གཞན་གྱིས་བར་མ་ཆོད་པར་ཤིན་ཏུ་ཕྲ་བའི་གཟུགས་ཙམ་གྱི་ངོས་ནས་བར་སྲིད་དང་ཡང་མཐུན། ལོངས་སྐུ་དང་ཡང་མཐུན་པའི་ན་དའི་རྣམ་པ་དེ་ཡིན་ལ། ཇི་ལྟར་ལམ་དུ་འཁྱེར་ཚུལ་ནི། རྣམ་པ་འདྲ་བའི་ན་ད་དེ་བསྒོམས་ནས་འཁོར་བ་བར་དོ་དག་པའི་འབྲས་བུ་ལོངས་སྐུ་དངོས་དེ་འདི་ཡིན་སྙམ་པའི་ང་རྒྱལ་བྱེད་པའོ། །བྱེད་ལས་ནི་བར་དོའི་བག་ཆགས་སྦྱོང༌། ཐར་པའི་ས་བོན་སོས་བཏབ་ནས་ལོངས་སྐུ་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིགརྫོགས་རིམ་གྱི་སྐབས་སུ་རླུང་སེམས་ཙམ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་དང༌། རྣམ་པར་དག་པའི་སྐུ་གཉིས་མྱུར་དུ་ཐོབ་ནུས་པའི་ཚུལ་གྱིས་རྒྱུད་སྨིན་པར་བྱེད་དོ། །གཞན་ཡང་ན་ད་འདིས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱེད་པའི་ཕྱིར་དང༌། འདི་བདེ་བ་དང་གསལ་བ་ཉིད་མཚོན་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་བདེ་གསལ་གྱི་རྣམ་འཕྲུལ་དུ་འཆར་བའི་ཆེད་དུ་སྒོམ་པ་ཡིན་ཏེ། སྟོང་ཉིད་བསྒོམས་པས་དཀྱིལ་འཁོར་སྟོང་ཉིད་དུ་འཆར་ནུས་པ་བཞིན་ནོ། །སློབ་དཔོན་ཉིད་ཀྱི་དཀྱིལ་ཆོག་ལས། ན་ད་ཁོ་ནའི་དོད་དུ་ཧཱུཾ་ཡིག་ཆ་ལྔ་པ་སྒོམ་པའང་བཤད་པས། དེའི་དབང་དུ་བྱས་ན། བར་དོ་ནི་འབྱུང་བ་ལྔའི་དྭངས་མ་ལས་གྲུབ་པའི་ལུས་སེམས་ཡིན་པ་མཚོན་པའི་ཕྱིར་དང༌། ལོངས་སྐུ་ཡང་དྭངས་མ་ཆེན་པོ་ལྔའི་ངོ་བོར་བཞུགས་པའི་ཕྱིར། ཧཱུཾ་ཆ་ལྔ་པ་སྟེ། ན་ད་ནི་ནམ་མཁའ་ཐིག་ལེ་ནི་རླུང་ཟླ་ཚེས་ནི་མེ། ཧ་ཡིག་ནི་ཆུ། ཞབས་ཀྱུ་ནི་སའམ། ཡང་ན་ན་ད་ཐིག་ལེ་གཅིག་ཏུ་བསྲེས། ཧའི་མགོ་བོ་དང་ཁོག་པ་སོ་སོར་བྱས་ནས། འབྱུང་བའི་རིམ་པ་སྔར་བཞིན་སྦྱར་ཀྱང་རུང་ངོ༌། །
ཡེ་ཤེས་ལྔ་དང་སྦྱོར་ཚུལ་ནི་གོང་དུ་བཤད་པ་ཉིད་དོ། །དེས་ན་ན་ད་དང༌། ཧཱུཾ་ཆ་ལྔ་པ་འདམ་ཁ་ཡིན་ཡང་སྒྲུབ་ཐབས་ཉིད་དུ་ན་ད་གསལ་བས། བདག་བསྐྱེད་ལ་ན་ད་སྒོམ་པ་འདི་གཙོ་ཆེ་བར་མངོན་ནོ། །གཉིས་པ་འགལ་རྐྱེན་སྤོང་བ་ནི། སྲུང་བའི་འཁོར་ལོ་སྟེ། དེ་ཡང་སྣ་ཚོགས་པད་ཉིར་ཧཱུཾ་རྡོ་རྗེ། །ཧཱུཾ་བྱུང་མཁའ་འགྲོའི་ཚོགས་སྤྲོས་ཏེ། །བློ་དང་ལྡན་པས་ཕུར་སོགས་བྱ། །ཞེས་པ་སྟེ། དེ་ལ་གཞི་དགོད་པ་ཁྲོ་མོ་སྤྲོ་བ་བགེགས་རྣམས་དགུག་པ། ཕུར་པས་གདབ་པ། ཕྱོགས་བཅིང་པ་སྟེ་དོན་ཚན་ལྔ་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཙོ་བོའི་ངོ་བོ་ན་དའམ་ཧཱུཾ་ཡིག་ཉིད་ཀྱི་ཡེ་ཤེས་ལས་སྤྲུལ་པའི་པཾ་ལས་སྣ་ཚོགས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་བརྩེགས་པ་ན་དའི་འོག་ཕྱོགས་སུ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དེར་ན་ད་ལས་ཧཱུཾ་ཡིག་སྤྲོས་ཏེ། ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའམ་ཉི་ཤུ་པ་འདམ་ཁར་བསྒོམ་སྟེ། རྭ་བཅུ་གཉིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟེ་མ་རིག་པ་ལ་སོགས་པ་འཁོར་བའི་རྟེན་འབྲེལ་བཅུ་གཉིས་འགགས་ཤིང༌། མ་རིག་པ་ཟད་པ་ལ་སོགས་པ་རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་ཡིན་ལ། ལྟེ་བ་ནི་དེ་ལྟར་རྟོགས་པའི་ཡེ་ཤེས་ཏེ་འདིས་བདག་ཏུ་འཛིན་པ་འཇོམས་པར་བྱེད་པས་ན་རྡོ་རྗེའོ། །རྭ་ཉི་ཤུ་བ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པར་བྱེད་པའི་ཡེ་ཤེས་མཚོན་པ་ཡིན་ཏེ། གཉིས་ཀ་ལྟར་ཡང་མི་འགལ་ལོ། །སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པར་བྱས་ཕྱིན། ཕྱོགས་རེ་རེའི་རྭ་ཡང་ཁ་དོག་ལྔ་ལྔར་བྱེད་པའི་རྭ་ཁྲ་བོར་བྱ་དགོས་སམ་སྙམ་ན། ངེས་པ་མེད་དེ་འདིར་ནི་རྭ་ཉི་ཤུ་པ་ཁྲ་བོའམ། ཕྱོགས་མདོག་གམ། རྭ་བཅུ་གཉིས་པ་ཇི་ལྟར་བསྒོམས་ཀྱང་འདྲ་ཞིང༌། ཤར་གྱི་རྭ་དཀར་པོས་བསྒོམས་ཀྱང་མི་རུང་བ་ཆེར་མེད་མོད་ཀྱི། བླ་མ་རྣམས་ཀྱི་མན་ངག་གིས་རྭ་བཅུ་
གཉིས་པ། རྭའི་མདོག་རྣམས་གཞལ་ཡས་ཁང་གི་ཕྱོགས་མདོག་དང་མཐུན་པ། ལྟེ་བ་ཁ་དོག་ནག་པོ་གྲུ་བཞི་པར་མཛད་དེ། ཤར་གྱི་སྔོན་པོ་ནི་ནག་པོ་དང་དཀར་པོ་འདྲེས་པས་དཀར་པོའི་ཞད་ཡོད་པའི་ཕྱིར། རིགས་ལྔའི་ཁ་དོག་ཀྱང་ཚང་བར་བཞེད་དོ། །སྣ་ཚོགས་རྡོ་རྗེ་དེའི་ལྟེ་བའི་དབུས་སུ་སླར་ཡང་ཧཱུཾ་ཡིག་སྔོན་པོའོ། །གཉིས་པ་ནི་ཧཱུཾ་དེ་ལས་བྱུང་བའི་ཁྭ་གདོང་མ་ལ་སོགས་པ་མཁའ་འགྲོ་མ་བརྒྱད་སྤྲོ་བ་སྟེ། སྟེང་དུ་ཡང་སྤྲུལ་ཁྭ་གདོང་མ་དང༌། འོག་ཏུ་ཡང་སྤྲུལ་ཁྱི་གདོང་མ་གཉིས་ཤར་ནུབ་ཀྱི་ལྷ་མོ་གཉིས་ལས་སྤྲོ་བ་ཡིན་པས་གྲངས་ལྷག་ཀྱང་ལྷའི་རིགས་བརྒྱད་དུ་འདུའོ། །དེས་ན་རྩ་རྒྱུད་ལས། སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །ཞེས་པའི་དོན་ལས་མི་འགལ་ལོ། །རྣམ་པར་འཕྲུལ་བའི་ཡང་སྤྲུལ་ཉིད་སྤྲུལ་སོགས་ཕོ་ཉ་དཔག་ཏུ་མེད་པའང་སྤྲོ་མོད་ཀྱི། རིགས་ཀྱི་སྒོ་ནས་བརྒྱད་དུ་འདུ་བས་སྐུ་བརྒྱད་ཅེས་བྱ་ལ། དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གཞུང་འདིར་ནི་མི་གསལ་ལ། གཞུང་གཞན་ལས་ཕྱོགས་མདོག་ཏུ་བཤད་པ་དང༌། ཕྱག་མཚན་ཡང་ཕུར་བུ་ཐོ་བ་སོགས་བཤད་པ་ཡོད་ཀྱང༌། འདིར་ནི་ལོ་ཙཱ་བ་བཞིའི་མན་ངག་མཐུན་པར། བགེགས་སྲོག་དབང་དུ་བྱ་བའི་ཕྱིར་དམར་མོ་ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོ་སྟེ། སྒྲུབ་ཐབས་གཙུག་ནོར་དང༌། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཀ་ལ་ཀལྤས་མཛད་པ་ལས་ཀྱང༌། སྐུ་མདོག་དམར་མོར་གསུངས་ཤིང་མན་ངག་དང་མཐུན་ཤས་ཆེའོ། །དེ་ཡང་སྡིགས་མཛུབ་བསྐོར་ཞིང་སེ་གོལ་གདབ་པ་དང་ལྷན་ཅིག་ཁྲོ་མོ་རྣམས་སྤྲོ་ཞིང་ཕྱོགས་སུ་འགོད་པ་ཡིན་ལ། བླ་མ་གོང་མས་ཕོ་ཉ་མོ་རྣམས་ཀྱིས་བགེགས་ཚར་བཅད་ཅེས་པའི་ཚིག་ལ་བརྟེན་ནས། ཁ་ཅིག་ཡང་སྤྲུལ་སྤྲོ་བར་མི་འདོད་པ་ནི་རྒྱུ་མཚན་ཤིན་ཏུ་
མ་ངེས་ལ་ངེས་ན་སྒོ་མཚམས་མ་བརྒྱད་པོ་དེ་ལས་རྣམ་པར་འཕྲུལ་བ་དུ་མ་སྤྲོ་བ་དང༌། སྡུད་པའི་ཚུལ་དུ་བསྒོམས་ཤིང༌། སྒོ་མཚམས་མ་རྣམས་ཀྱི་སྐུའི་རྣམ་པ་ཡང༌། དམ་ཚིག་འཁོར་ལོ་ལ་བཀོད་པའི་ལྷ་བས་ཆེས་ཁྲོ་བ། སྐུ་སྦོམ་ཞིང་ཐུང་བ་རྒྱན་ཆ་ལུགས་བཞུགས་ཚུལ་གཞན་རྣམས་ཕྱོགས་མཚུངས་པ་ལ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྦྲུལ་གྱི་རྒྱན་ལྷག་པོར་ཡོད་པ། འབར་བའི་འཕྲེང་བ་འཁྲུགས་པ། གཡས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་དམར་པོ་འཕྱར་ཞིང༌། གཡོན་རྡོ་རྗེ་ཞགས་པ་དམར་པོ་སྡིགས་པའི་ཚུལ་གྱིས་སྡིགས་མཛུབ་མཛད་བཞིན་དུ་འཛིན་པ་སྤྲོ་ཞིང༌། སྤྲོས་པའི་རྗེས་སུ་ཞབས་ཀྱི་བཞུགས་སྟངས་ལ་སོགས་པ་མ་ངེས་ཏེ། ཕུར་གདབ་ལ་སོགས་པ་བྱ་བ་སྣ་ཚོགས་ལ་འཇུག་པའི་ཕྱིར་རོ། །དེ་དག་ནི་བླ་མའི་མན་ངག་གི་རྗེས་སུ་འབྲངས་པ་ཡིན་ལ། སྦྱངས་པའི་ཡོན་ཏན་གྱི་སྒྲུབ་ཐབས་ལས། སྨད་ཕུར་བུ་དང་ཕྱག་ན་ཐོ་བ་ཕུར་བུ་བསྣམས་པ་ཡོད། ཀ་ལ་ཀལྤས་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་སུ། །སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །དེར་ནི་ཧཱུཾ་ལས་བྱུང་བ་ཡི། །ལས་ཀྱི་རྡོ་རྗེ་དབུས་གནས་པར། །ཧཱུཾ་གི་དེ་ཉིད་རྣམ་བསྒོམ པའོ། །འོད་ཟེར་སྣ་ཚོགས་འབར་བ་ལས། མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་དམར་མོ་དྲག་ཆེན་མོ། །མདུང་གི་དབྱིབས་ཅན་འཇིགས་པའི་གཟུགས། །སྤྱན་དམར་སྐྲ་སེར་གྱེན་དུ་བརྫེས། །ལང་ཚོ་ཕུན་སུམ་ཚོགས་པར་ལྡན། །སྟག་གི་པགས་པའི་ནམ་བཟའ་ཅན། །ལྗགས་འགྲིལ་བས་ནི་ཆེར་འཇིགས་ཏེ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །ཅེས་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་པ་སྲུང་འཁོར་གྱི་སྐབས་འདིར་དྲངས་ཏེ། མདུང་གི་དབྱིབས་ཞེས་པའང་སྲུང་འཁོར་དང་འབྲེལ་བའི་ཕྱིར། སྨད་ཕུར་བུའི་དབྱིབས་ལ་བསམ་པར་
སྣང་ངོ༌། །འོན་ཀྱང་རྒྱུད་ཀྱི་དངོས་བསྟན་ནི། གོ་ཆའི་དཔའ་མོ་རྣམས་ཀྱི་ལས་ཚོགས་སྒྲུབ་པའི་དཀྱིལ་འཁོར་ཡིན་ལ། མདུང་གི་དབྱིབས་ཀྱང་རྡོ་རྗེ་ཕག་མོ་གར་སྟབས་ཀྱིས་བཞུགས་པ་ལ་འགྲེལ་པས་བཤད་པས་མཐའ་གཅིག་ཏུ་མ་ངེས་སོ། །དེ་ལྟར་མཁའ་འགྲོ་མ་བརྒྱད་པོ་དེ་དག་ཞལ་བཞི་པའི་སྔགས་ལན་གཉིས་ཀྱིས་སྤྲོ་བ་ཡིན་ནོ། །གསུམ་པ་ནི། ཡང་གནོད་མཛེས་ཀྱི་སྔགས་སུམྦྷ་ཚར་གཅིག་བརྗོད་པས། སྒོ་མཚམས་མ་བརྒྱད་ལ་བཀའ་བསྒོས་ཤིང་བསྐུལ། དེ་རྣམས་ཉིད་དང་ཡང་སྤྲུལ་གྱི་ཚོགས་ཀྱིས་སྲིད་གསུམ་ཕྱོགས་བཅུའི་བགེགས་ཞི་བས་འདུལ་བ་རྣམས་ཞི་བས་བཏུལ། དྲག་པོས་འདུལ་དགོས་པ་རྣམས་བསད་པ་དང༌། བསྐྲད་པ་དང༌། བཅིངས་པ་དང༌། དབྱེ་བ་དང༌། མནན་པ་དང༌། མེ་དང་མཚོན་ཆ་ལ་སོགས་པའི་སྦྱོར་བས་ཚར་བཅད། ཕྱོགས་བཅུའི་བགེགས་ཀྱི་གཙོ་བོའམ་རྒྱལ་པོ་མ་ལུས་པ། ཕྱོགས་སོ་སོར་རེ་རེ་ལ་འདུས་ཏེ། ཕྱོགས་སྐྱོང་བཅུའི་རྣམ་པར་གནས་པ་རྣམས་ཁྲོ་མོ་བཅུ་པོས་ཞགས་པས་བཅིངས་ལྕགས་ཀྱུས་སྙིང་ག་ནས་ཕུག་སྟེ། དབང་མེད་དུ་དྲངས་ཤིང་བཀུག་ནས། ཕྱིས་སྲུང་འཁོར་བསྒོམ་དུས་ཀྱི་རྡོ་རྗེའི་རྭ་བ་ཡང་རྒྱུའི་ཕྱི་མཚམས་ཀྱིས་ཕྱོགས་དེར། ཧཱུཾ་བརྒྱད་ལས་གྲུབ་པའི་ཁྲོན་པ་སྟེ་འདྲུབ་ཁུང་གྲུ་གསུམ་རྣམས་སུ་བཅུགསྟེང་གི་བགེགས་རྣམས་ཤར་གྱི་ཤར་དང༌། འོག་གི་བགེགས་རྣམས་ནུབ་ཀྱི་ནུབ་ཏུ་འདྲུབ་ཁུང་དུ་བཅུག །བཞི་པ་ནི། ཧཱུཾ་ལས་རྡོ་རྗེས་མཚན་པའི་ཕུར་བུ་སྤྲོས་པ། ཕོ་ཉ་བཅུའི་ཕྱག་ཏུ་གཏད་དེ། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ་བོ། །ཨོཾ་གྷ་གྷ་སོགས་ལན་གསུམ་བརྗོད། འདི་ལ་རྡོ་རྗེས་མཚན་པའི་ཕུར་བུ་ནི། རྩེ་མོ་རྡོ་རྗེ། བར་དུ་འཆང་བཟུང་སྨད་ནི་མདུང་གི་རྣམ་པ་ཅན་ཏེ། དེ་ལ་ཁ་ཅིག་
ཕུར་བུ་དབལ་ཅན་ནི་རྙིང་མ་པ་ཁོ་ནའི་ལུགས་ཡིན་པས་མི་འདོད་དེ། རྡོ་རྗེ་རྩེ་གཅིག་པའམ། མདུང་གི་དབྱིབས་སུ་འདོད་ཅེས་ཟེར་རོ། །དེ་ནི་རྙིང་མ་པ་ལ་སྡང་བའི་རྣམ་འགྱུར་ཙམ་ལས་དོན་མ་གོ་བ་སྟེ། ཕུར་བུའི་དབལ་མདའ་སྒྲོ་ལྟ་བུར་བྱེད་པ་ནི། རྒྱ་ནག་སོགས་སུ་ཕྱིས་བཅོས་པ་ལ་བརྟེན་ནས་བཟོ་སྒྲོས་འཆུགས་པ་ཡིན་པས། རྙིང་མའི་རང་ལུགས་མིན་ཞིང༌། སྔ་རབས་པ་རྣམས་ལ་མེད་ལ། དབལ་གྲུ་གསུམ་དུ་བྱེད་པ་ནི། མདུང་གི་དབྱིབས་དང་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཞེས་བྱ་བ་དེ་ཁོ་ན་ཡིན་ཏེ། མཚོན་ཀ་ཎཱ་ཡ་ཞེས་བྱ་བ། བོད་སྐད་དུ་རྡོ་རྗེ་རྩེ་གཅིག་པའམ། མདུང་རིང་ལ་བལྟོས་ན་ཐུང་བའི་ཕྱིར་མདུང་ཕྱེད་པར་གྲགས་པའི་མདུང་སོའི་དབྱིབས་དང་མཚུངས་པའི་ཕྱིར་རོ། །སྤྱིར་རྙིང་མ་བའི་ཕུར་བུ་ལ་ཡང་ཟླུམ་པོ་དང༌། ཟུར་བཞི་དང་ཟླ་གམ་སོགས་ཡོད་ལ། འདིར་ཡང་དྲག་པོའི་ལས་ཉིད་ཀྱི་ཕྱིར། གྲུ་གསུམ་དུ་བྱེད་དགོས་ཤིང་དེ་ནི་ཁྱེད་ཀྱང་འདོད་ལ་རག །འོན་ཀྱང་ཆུ་སྲིན་ཁ་དང༌། རྒྱ་མདུད་གོང་འོག་དང་བཅུང་ཞོགས་ལ་སོགས་པ་ནི། རྡོ་རྗེ་གཞོན་ནུའི་ཕུར་བུ་ལ་དེ་ཉིད་ཀྱི་རང་ལུགས་ཡིན་པས་དགོས་མོད་ཀྱི། ལུགས་འདི་དག་ལ་ནི་ཡོད་ཀྱང་སྐྱོན་དུ་མི་འགྱུར་མོད། ངེས་པར་དགོས་པ་ནི་མ་ཡིན་ནོ། །རྡོ་རྗེས་མཚན་པའི་ཕུར་བུ་དེ་ཡང་ལྷའི་ངོ་བོ་ཡིན་མོད་ཀྱི། ཞལ་ཕྱག་གི་རྣམ་པ་ཅན་ལ་ལྷ་ཞེས་བརྗོད་པའི་དབང་དུ་བྱས་ནས་ལྷའི་ཕུར་བུར་བྱེད་ན། ལྟེ་བ་ཡན་ཆད་ལྷ་སྐུ་དང༌། དེ་མན་ཆད་ཕུར་བུའི་དབལ་ཏེ། ལྷ་ཡང་སྒོ་མཚམས་མ་བརྒྱད་དམ། ཁྲོ་བོ་བཅུའམ་ཁྲོ་མོ་བཞིར་བསྒོམ་པ་སོགས་གང་བྱས་ཀྱང་འདྲ་ཞིང་དོན་འགྲུབ་པ་ཡིན་ནོ། །གལ་ཏེ་སྒོ་མཚམས་མར་བྱེད་ན། གྲི་གུག་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་འཛིན་པ་ཉིད་བཟང་གི་རང་འདྲའི་ཕུར་བུ་ཞེས་པའི་ཚིག་ལ་བརྟེན་ནས་ཐོ་བ་ཕུར་བུ་འཛིན་
པའམ། ལྕགས་ཀྱུ་ཞགས་པ་འཛིན་པ་སོགས་མི་བཟང་སྟེ་ཕྱག་མཚན་དེ་དང་དེའི་བྱ་བ་མེད་བཞིན་དུ་རྩ་བའི་ཕྱག་མཚན་འབོར་བ་མི་རིགས་པས་སོ། །ཕུར་བུ་སྤྱི་བོར་བཙུགས་ཤིང་བསྒྲིལ་བས་བགེགས་རྣམས་ཀྱི་ལུས་ཕལ་ཆེར་ཕུག་ཅིང༌། ཐོ་བས་བརྡུངས་པས་རིང་དུ་ཕུག་ནས། འདྲུབ་ཁུང་གི་འོག་གི་རྡོ་རྗེའི་ས་གཞི་ལ་སྦྲགས་པར་བསམ། དེ་ཡང་བགེགས་རྣམས་ཀྱི་ལག་པ་བཅིངས་ཤིང༌། རྐང་མགོ་གཉིས་ཀྱང་བསྣོལ་ཏེ་བཅིངས་པ་བཤང་ལམ་གྱི་འོག་ཏུ་མནན་པའི་སྤྱི་བོར་ཕུར་བུ་བཏབ་པ་བཤང་ལམ་ནས་ཕྱུང་སྟེ། རྐང་མགོ་གཉིས་བསྣོལ་བ་ཡང་ཕུག་པ་ལ། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་པ་ཞེས་ཟེར་རོ། །དེ་ལྟར་ཡང་མངོན་བརྗོད་བླ་མ་ལས། གསང་སྔགས་རྒྱལ་པོ་འདི་ཡི་ནི། །བགེགས་ཀུན་གྱི་ནི་ཀླད་པ་ལ། །ལུགས་སུ་འབྱུང་དང་ཟློག་པ་ཡི། །རྡོ་རྗེ་ཕུར་བུས་དགོད་ཅིང་མནན། །ཨོཾ་གྷ་གྷ་སོགས་དང༌། ཁྲོ་བོའི་ལྟ་བས་བལྟས་ནས་ནི། །རྡོ་རྗེ་ཕུར་བུས་གདབ་བྱ་སྟེ། །ལུགས་སུ་འབྱུང་དང་ཟློག་པ་ཡིས། །རྡོ་རྗེའི་དངོས་གྲུབ་བློས་བརྡུང་བྱ། །ཨོཾ་བཛྲ་ཧཱུཾ་མུ་ད་ག་ར་སོགས་གསུངས་སོ། །དེ་ལྟར་བགེགས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་མེད་པར་བསྒོམ་པས། རང་གི་ལུས་ངག་ཡིད་གསུམ་ལ་བར་ཆད་མི་འཇུག་པའི་གནད་ཡོད་ཅིང༌། འོད་གསལ་གྱི་ངོ་བོར་གྱུར་པའི་དུས་བགེགས་ཀྱི་སྒྲིབ་པ་དག་པར་མོས་པ་དང༌། མི་བསྐྱོད་པའི་ཞིང་དུ་སྐྱེས་ནས་སངས་རྒྱས་ཐོབ་པར་མོས་ཏེ་གནས་སྤོར་བ་ཡིན་ནོ། །དེ་ལྟར་ན་དེ་ཐམས་ཅད་ཀྱང་བདེན་མེད་སྒྱུ་མ་ལྟ་བུར་ཤེས་བཞིན་པས། དྲག་པོའི་ལས་ལ་སྦྱོར་བ་ཡིན་ཏེ། མངོན་བརྗོད་ལས། མི་གསོད་གསོད་པ་མེད་པ་ཡིན། །གང་གི་རང་སེམས་ཐུལ་བ་ཡིས། །བདག་གི་སེམས་ནི་
བཅིངས་པ་ཡིན། །གང་ལ་གང་གིས་གསོད་པ་ཡོད། །ཅེས་འབྱུང་བ་དང༌། བྱམས་པའི་གོ་ཆ་བགོས་པ་དང༌། །སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། །ཤེས་རབ་མཚོན་ཆར་ལྡན་པ་ཡིས། །ཉོན་མོངས་བདུད་རྣམས་བཟློག་པར་བྱ། །བཀའ་ཡི་འཁོར་ལོ་བསྲུང་བ་ཆེ། །ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། །ཞེས་གསུངས་ཏེ། འདིར་ཕུར་བུས་འདེབས་པ་དང༌། སྔར་ཕོ་ཉ་སྤྲོ་བ་དང་བགེགས་དགུག་པ་དང༌། འོག་ཏུ་མཚམས་བཅིང་བ་ཐམས་ཅད་ལ་རང་རང་གི་བྱ་བྱེད་ལས་གསུམ་བདེན་མེད་སྒྱུ་མ་ལྟ་བུར་སྒོམ་པ་ནན་གྱི་གསལ་འདེབས་ཤིང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེ་དུམ་ཙམ་རེ་གསལ་འདེབས་དགོས་ཏེ། འགུགས་པ་དང༌། ཕུར་གདབ་ཀྱི་སྐབས་ལ་སེམས་ཅན་ལ་སྙིང་རྗེ་རྒྱུ་མཚན་དུ་བྱས་ནས། བར་གཅོད་བགེགས་ལ་ཞེ་སྡང་ཆེན་པོའི་གསལ་ཉམས་དང༌། སྒྱུ་མའི་རྣམ་རོལ་གྱི་ཚུལ་དུ་ཤེས་པའི་སྒོ་ནས་ཁོང་གྲོལ་བར་བྱས་ཏེ་ལས་ལ་སྦྱོར་བ་དགོས་པས། ཕུར་གདབ་ཀྱི་ཚེ་ཞེ་སྡང་གི་གཟུགས་བརྙན་དུ་ཤར་བ་ཞིག་ནི་ངེས་པར་དགོས་སོ། །དེ་བས་ན་དེ་ལྟ་བུའི་སྙིང་རྗེ་དང་ཞེ་སྡང་ཡང་མི་འགལ་ཞིང༌། དེ་ཉིད་སྟོང་པའི་རང་བཞིན་དུ་ཤེས་པའི་བློ་གྲོས་དང་ལྡན་པའི་སྒྲུབ་པ་པོས་ཕུར་བུས་གདབ་པ་སོགས་བྱའོ། །ལྔ་པ་ནི་རྩ་རྒྱུད་ལས། རྭ་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་མཚོན་ཆ་དགོད་པར་བྱ། །འཁོར་ལོ་གནས་པའི་བདག་ཉིད་མཉམ། །སྟེང་དུ་མདའ་ཡི་དྲ་བ་བྱ། །མཁའ་སྤྱོད་དུ་ནི་གུར་བྱ་སྟེ། །དེ་དག་གིས་ནི་གོ་ཆར་འགྱུར། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩ་གསུམ་བས་ཀྱང་འཇིག་མི་ནུས། །ཞེས་གསུངས་ཤིང༌། མངོན་བརྗོད་ལས་ཀྱང༌། ཕྱོགས་བཅུའི་སྲིད་རྩེའི་བར་དུ་ནི། །འོད་ཟེར་
འཕྲེང་བ་སྤྲོ་བར་བྱ། །འོད་དེ་བལྟས་ནས་དེ་འོག་ཏུ། །དྲ་བ་རྭ་བ་དེ་བཞིན་ཏེ། །རྡོ་རྗེ་ས་སོགས་བྱིན་གྱིས་བརླབ། །བླ་བྲེ་མདའ་ཡི་དྲ་བ་དང༌། །རྡོ་རྗེ་མེ་ནི་རབ་བསྐོར་བ། །ཕྱི་རོལ་རིང་ནས་དགོད་པར་བྱ། །ཞེས་གསུངས་སོ། །དེས་ན་སྣ་ཚོགས་རྡོ་རྗེ་ཧཱུཾ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས་པ། འོད་ཟེར་གྱི་རྩེ་མོ་ལས་རྡོ་རྗེ་སོགས་སྤྲོས་ནས། སྲུང་བའི་འཁོར་ལོ་དྲུག་པོ་དག་བཀོད་ནས་ཕྱོགས་བཅིང་བར་བྱ་སྟེ། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི། དམིགས་པ་གསལ་ན་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པ་ཙམ། ཁོར་ཡུག་ཏུ་རྡོ་རྗེའི་རྭ་བ་སྟེ་ལྕགས་རི་ཁ་དོག་མཐིང་ཀ །རྒྱ་ཆེ་ཞིང་དཔངས་མཐོ་བ་སྟེ། དམིགས་པ་གསལ་ན་རྒྱ་ཁོར་ཡུག་གི་རིའི་ཚད་ཙམ། དཔངས་སུ་དཔག་ཚད་བརྒྱད་ཁྲི་ལ་སོགས་པའོ། །དེའི་སྟེང་དུ་རྡོ་རྗེའི་གུར་ལྕགས་རི་ལ་ཁ་གཅོད་བཏབ་པ་ལྟ་བུ། ལྕགས་རི་དང་འབྲེལ་མཚམས་ཀྱི་རྒྱ་ལྕགས་རི་དང་མཚུངས་པ་ལ། སྟེང་དུ་ཕྱི་དབྱིབས་གྲངས་ཇི་ལྟར་འོས་པའི་བང་རིམ་ཟླུམ་པོ་འདྲ་བ། དེའི་དབུས་ཀྱི་སྟེང་དྲིལ་བུའི་ལྟོ་བའི་དབྱིབས་སམ། ཟླུམ་པོ་དབུས་འབུར་འབུར་པོར་གྱུར་པ་བསྒོམ་དགོས་པས་གུར་མཆོད་རྟེན་གྱི་དབྱིབས་ཞེས་ཟེར་བ་དཔངས་ཤིན་ཏུ་མཐོ་བར་བསྒོམ་པ་ཡིན་ཏེ། དམིགས་པས་གསལ་ཐེབས་ན་ཚངས་པའི་འཇིག་རྟེན་ལ་ཐུག་པའམ་དཔག་ཚད་བརྒྱད་ཁྲི་ལ་སོགས་པའི་དཔངས་སོ། །རྭ་གུར་གྱི་ནང་གུར་དང་རྭ་བའི་མཚམས་ལ་རྡོ་རྗེའི་དྲ་བས་ཁེབས་པར་བྱས་པ་ནི་རྡོ་རྗེའི་བླ་རེའོ། །རྡོ་རྗེའི་རྭ་བ་གུར་དང་བཅས་པའི་ཕྱི་རོལ་རྭ་གུར་ལ་མ་རེག་པ་ཉིད་དུ་རྡོ་རྗེའི་འཕྲེང་བ་ཁོ་ན་བསྣོལ་བའི་དྲ་བ་དང༌། དེའི་གྲྭ་མིག་རེ་རེའི་ཟུར་བཞི་ནས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་
པའི་མདེའུ་ཅན་གྱི་མདའ་མདེའུ་བསྣོལ་ཞིང་སྦྲེལ་བ་ཁོ་ནའི་དྲ་བ། རྒྱུ་རྡོ་རྗེའི་རང་བཞིན་ཁ་དོག་སྣ་ཚོགས་པ་རིམ་པ་མང་བོ་ཅན་མདེའུ་ཕྱི་ལ་བསྟན་པ། མདའ་དྲ་དེའི་ཕྱི་རོལ་འོག་གི་ས་གཞི་ལ་འོབས་རྒྱ་ཆེ་ཞིང་གཏིང་ཟབ་པས་ཁོར་ཡུག་ཏུ་བསྐོར་བའོ། །དེའི་ཕྱི་རོལ་དུ་ཟེར་ཡང་རྡོ་རྗེའི་ས་གཞི་རྭ་གུར་མདའ་དྲ་རྣམས་ལས་འབར་ཞིང་སྐྱེས་པ་ཡིན་ལ། དེ་ལས་ཕྱི་རོལ་དུ་མེ་ལྕེ་རིང་དུ་འབར་བའི་ཕྱིར་ལྷག་པོ་རྣམས་ཕྱི་རོལ་དུ་ཡོད་པ་སྟེ་ཁ་དོག་སྣ་ལྔ་པའི་མེ་དཔུང་ཆེན་པོ་རིང་དུ་འབར་བས་བགེགས་རྣམས་སྲེག་པར་བྱེད་པའོ། །སྔགས་ཚན་དྲུག་པོ་ལན་གསུམ་གསུམ་བརྗོད་དེ། དང་པོ་སྤྲུལ། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའོ། །དེ་ནས་ཁྲོ་མོས་ཕྱོགས་བཅིང་བ་ནི། ཕོ་ཉ་མོ་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་དང༌། བཅས་པས་སྲུང་པ་པོའི་ཚུལ་གྱིས་བཞུགས་པ་ཡིན་པ་ལས། རྡོ་རྗེའི་དྲ་མིག་ནས་ལུས་ཕྱེད་ཕྱིར་ཐོན་པར་བྱེད་པ་ནི་བླ་མའི་མན་ངག་གོ །དེ་ཡང་གཞུང་ལས། ཕུར་སོགས་བྱ་ཞེས་གསུངས་པའི་སོགས་ཁོངས་ནས་ཕྱོགས་བཅིང་པ་འདི་རྣམས་བསྟན་པ་ཡིན་ནོ། །དེ་བཞིན་དུ་བགེགས་དགུག་པ་ཡང༌། སྤྲོས་ནས་ཞེས་པའི་ཚིག་ཟུར་གྱིས་འཕངས་སོ། །དེ་ཡང་ན་ད་ལས་སྣ་ཚོགས་རྡོ་རྗེའི་བར་དུ་སྤྲུལ་ཞིང༌། ཁྲོ་མོ་སྤྲོ་བ་ནི་བདག་སྲུང་ཡིན་ལ། ཕུར་བུས་གདབ་པ་ནི་རྣལ་འབྱོར་སྲུང་བ། ཕྱོགས་བཅིང་བ་ནི་གནས་སྲུང་བའོ། །སྲུང་བའི་འཁོར་ལོའི་དགོས་དོན་གྱི་གཙོ་བོ་ནི་བར་ཆད་སྲུང་བ་ཡིན་ལ། སྦྱང་བྱ་སྦྱོང་བྱེད་ནི། གཞི་འཁོར་བའི་དུས་ན་ཇི་ལྟར་འདོད་པའི་སྲིད་པར་སྐྱེ་བ་ལེན་པ་ལ་བར་དུ་གཅོད་པ་དང༌། དེ་དག་གི་ཚེ་དང་ལོངས་སྤྱོད་ལ་བར་ཆད་མི་འབྱུང་བའི་རྒྱུ། ཁྱད་པར་ཅན་གྱི་ལས་གསོག་
པ་སྤྱོད་ལ། སྦྱངས་འབྲས་ནི། དངོས་གཞི་སངས་རྒྱས་ཀྱི་མཛད་པ་རྣམས་ལ་བར་དུ་གཅོད་པའི་བདུད་བཅོམ་པ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ། །དེ་ཡང་སྣ་ཚོགས་རྡོ་རྗེ་ཧཱུཾ་དང་བཅས་པ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་ཉོན་མོངས་པའི་བདུད་འཇོམས་པ་དང༌། ཕོ་ཉ་རྣམས་སྤྲོ་བས་ནི་ཕུང་པོའི་བདུད་འཇོམས་པ་དང༌། ཕུར་བུས་འདེབས་པ་ནི་འཆི་བདག་གི་བདུད་འཇོམས་པ་དང༌། ཕྱོགས་བཅིང་བས་ནི་ལྷའི་བུའི་བདུད་འཇོམས་པའོ། །རྫོགས་རིམ་སྨིན་ཚུལ་ནི་ཕྱོགས་སྐྱོང་བཅུ་ལ་ཕུར་བུས་བཏབ་པས་རླུང་བཅུའི་གེགས་འཇོམས་པ་དང༌། ཕྱོགས་བཅིང་བ་དྲུག་ནི། ཁམས་དྲུག་ལ་བརྟེན་པའི་གེགས་དང་གོལ་ས་སེལ་བ་ཡིན་ནོ། །གཉིས་པ་དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དང༌། བརྟེན་པའི་དཀྱིལ་འཁོར་བསྒོམ་པའོ། །དང་པོ་ནི། བློ་དང་ལྡན་པས་མཁའ་དབྱིངས་སུ། །འབྱུང་བ་ཐམས་ཅད་འདུས་པ་ལས། །ཇི་ལྟར་སྣ་ཚོགས་གཞིར་གྱུར་པ། །འབྱུང་བ་བཞི་ནི་རྣམ་པར་བསྒོམ། །དེ་ཡི་རིམ་པ་འདི་ཡིན་ཏེ། །བ་ལང་གནས་དང་སྟེང་ལྡིང་དང༌། །ལྷག་མ་སྐམ་རྩ་དེ་ནས་ནི། །དུང་ཆེན་པོ་ཡི་ངོ་བོ་དང༌། །མི་ཕྱེད་པ་དང་ཞེས་གསུངས་ཏེ། །འདི་ཡང་དང་པོ་སྦྱོར་བའི་སྔོན་དུ་འགྲོ་བའི་ཡན་ལག་ཡིན་པས་དེའི་ཁོངས་སུ་གཏོགས་མོད་ཀྱང༌། དང་སྦྱོར་ཆ་ཚང་བ་ཡིན་པ་ལ་འདི་དག་མི་དགོས་པ་ཡང་ཡོད་ཅིང༌། འབྱུང་བཞི་རི་རབ་ཙམ་གྱི་ཆོག་པའང་ཡོད་པ་སོགས་རྒྱུ་མཚན་འགའ་ཞིག་གི་ཕྱིར། དང་སྦྱོར་གྱི་ནང་དུ་མ་བསྡུས་པའོ། །འདི་ལ་དབྱེ་ན། རང་བཞིན་གྱི་ཡན་ལག་རྒྱུའི་ཡན་ལག་གནས་ཀྱི་ཡན་ལག་ངོ་བོའི་ཡན་ལག་སྟེ་བཞིའོ། །དང་པོ་ནི། མཁའ་དབྱིངས་སུ་ཞེས་བསྟན་ཏེ་ཆོས་འབྱུང་ངོ༌། །
གཉིས་པ་ནི། །འབྱུང་བ་ཐམས་ཅད་ཅེས་སོགས་ཏེ། འབྱུང་བཞི་ལུགས་ཟློག་རི་རབ་དང་བཅས་པའོ། །གསུམ་པ་ནི། ཇི་ལྟར་སྣ་ཚོགས་སོགས་ཏེ། འབྱུང་བཞི་ལུགས་འབྱུང་རི་རབ་དང་བཅས་པའོ། །དེའི་རྗེས་སུ་བ་ལང་གནས་སོགས་ནི་ཡན་ལག་དེ་གཉིས་ཀར་ལ་འཇུག་པའི་རྒྱས་བཤད་དོ། །བཞི་པ་ནི། མི་ཕྱེད་པ་དང་ཞེས་པ་སྟེ་གཞལ་ཡས་ཁང་ངོ༌། །དེ་ཡང་བློ་དང་ལྡན་པ་སྒྲུབ་པ་པོས་འདི་ལྟར་བསམ་པར་བྱ་སྟེ། སྲུང་བའི་འཁོར་ལོའི་ནང་རབ་ཏུ་ཡངས་པར་ནམ་མཁའི་ཁམས་ཀྱི་རང་བཞིན་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་ཐུར་བསྟན། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ། དེའི་དབྱིངས་ཏེ་ནང་དུ་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞིའི་དཀྱིལ་འཁོར་དང༌། དེ་རྣམས་ཉིད་དང་ཚོགས་པ་གཅིག་པའི་མཁའ་ཁམས་མཚོན་བྱེད་རི་རབ་སྟེ། འབྱུང་བ་སྔ་མ་རྣམས་ཐམས་ཅད་འདུས་ཤིང་འདྲེས་པ་ལས། འབྱུང་བ་བཞི་པོ་ལུགས་འབྱུང་སླར་ཡང་རྣམ་པར་བསྒོམ་པར་བྱ་སྟེ། རླུང་མེ་ཆུ་ས་རྣམས་བརྩེགས་པའོ། །འབྱུང་བཞི་རི་རབ་དང་བཅས་པ་རྣམས་ཀྱང་རང་རང་གི་ས་བོན་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་བསྐྱེད་དགོས་ཤིང༌། ས་བོན་དེ་རྣམས་སྒྲོལ་མ་ལ་སོགས་པ་ལྷ་མོ་བཞི་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོའོ། །འབྱུང་བ་བཞི་པོ་དེ་ཡང་གང་གི་གཞིར་གྱུར་པ་ཡིན་ཞེ་ན་ཇི་ལྟར་སྣ་ཚོགས་པ་སྟེ། ཤར་ཤེལ་བྱང་གསེར་ནུབ་པདྨ་རཱ་ག་ལྷོ་བཻཌཱུརྱ་སྟེ་ཁམས་དང་ཁ་དོག་སྣ་ཚོགས་པ་འདུས་པའི་རི་རབ་ཀྱི་གཞིའམ་གདན་དུ་གྱུར་པའོ། །འབྱུང་བ་དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། འདི་བསྐྱེད་པའི་གོ་རིམ་གྱི་རིམ་པ་ནི་འདི་ཡིན་ཏེ། བ་ལང་གནས་ནི་རྒྱ་སྐད་དུ་གོ་བ་སྟེ་ས་དང༌། མེ་ཏོག་ལ་སོགས་
པ་སྟེང་དུ་ལྡིང་བ་ཆུ་དང༌། ལྷག་མ་སྟེ་གཞན་མ་སྟེ་གཞན་ཡང་སྐམ་པར་བྱེད་པ་སྟེ་མེ་དང༌། རྩ་ན་གནས་པ་རླུང་སྟེ། དེ་ནས་ནི་དེའི་རྗེས་སུ་དུང་ཆེན་པོ་ནི་བདེ་བ་ཆེན་པོའི་བརྡས་བསྟན་པ་རི་རབ་ནི་དཀྱིལ་འཁོར་གྱི་གདན་ནམ་གནས་ཀྱི་ངོ་བོར་བྱའོ།། དེའི་སྟེང་དུ་ནི་མི་ཕྱེད་པ་སྟེ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའམ། རྡོ་རྗེའི་རང་བཞིན་ཉིད་ཀྱི་ཕྱིར་གཞལ་མེད་ཁང་པའོ། །འདིར་མཁས་པ་ཆེན་པོ་འགའ་ཞིགཇི་ལྟར་སྣ་ཚོགས་ཞེས་པས་གཞལ་མེད་ཁང་བསྟན་ཞིང༌། མི་ཕྱེད་ཅེས་པས་ཀྱང་བསྟན་ནོ་གསུང་ན། དེའི་རིམ་པ་ཞེས་སོགས་རྒྱས་བཤད་ཀྱི་སྐབས་ལ་རི་རབ་ཡོད་པས། དེའི་ཞེས་པའི་དོན་སྔ་མ་ལ་སྙེགས་མཚམས་ཡོད་དགོས་པ་ལས། རི་རབ་སྟོན་བྱེད་གཞན་མེད་པས་དེ་ལྟར་འཆད་པ་མི་ལེགས་སོ། །གཞུང་གི་དངོས་བསྟན་འདི་ལ་འབྱུང་བཞིའི་གོ་རིམ་ལུགས་ཟློག་ཁོ་ན་གསུངས་ན། བླ་མའི་མན་ངག་ལས་ནི། ལུགས་ཟློག་དེ་རྒྱུའི་འབྱུང་བཞི་ལ་སྦྱོར་ཞིང༌། འབྲས་བུའི་འབྱུང་བཞི་ལུགས་འབྱུང་དུ་བཞེད་དོ། །འབྱུང་བཞི་ལན་གཅིག་ལས་མི་བསྐྱེད་ན། བསྐྱེད་པའི་གོ་རིམ་ལུགས་ཟློག་ཁོ་ན་བྱེད་དགོས་པར་མངོན་ཞིང༌། སྟེང་འོག་མཐའ་གཅིག་ཏུ་མི་ངེས་པར་འདུག་ཀྱང༌། མས་རིམ་གྱིས་གསལ་འདེབས་པ་ཉིད་གཙོ་ཆེ་བར་མངོན་ནོ། །དེ་དག་གི་མཚོན་དོན་བཤད་པ་ལ། རྣམ་གྲངས་ཀྱི་དག་སྦྱོར་དང་དཀྱུས་ཀྱི་དག་སྦྱོར་རོ། །དང་པོ་ལ་ཆོས་འབྱུང་གི་དག་པ་དང༌། འབྱུང་བཞི་ལས་གཞལ་ཡས་ཁང་འགྲུབ་པའི་དག་སྦྱོར་འཕྲོས་དང་བཅས་པའོ། །དང་པོ་ནི་ཆོས་འབྱུང་ཕྱི་དཀར་བ་ནི། དྲི་མས་མ་གོས་པའི་ཕྱིར་སྟོང་ཉིད། ནང་དམར་བ་ནི་སེམས་ཅན་ལ་རྗེས་སུ་ཆགས་པའི་ཕྱིར་སྙིང་རྗེའམ་བདེ་བ། ཟུར་གསུམ་ནི་སྟོང་པ་ཉིད་དང་
མཚན་མ་མེད་པ་དང་སྨོན་པ་མེད་པའི་ཡེ་ཤེས། འོག་གི་ཟུར་ནི་རྣམ་པར་ཐར་པའི་སྒོ་འདུས་མ་བྱས་པ། གང་ལ་དམིགས་ན་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ཐོབ་པའི་ཕྱིར་གདེངས་ཀ་གྱེན་དུ་རྒྱས་པའོ། །དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་འབྱུང་བའི་ཕྱིར། དེའི་དབུས་སུ་དཀྱིལ་འཁོར་བསྒོམས་པ་ཡིན་ལ། དེ་ནི་དབྱིངས་དང་ཡེ་ཤེས་ཀྱི་དག་པ་སྟེ། སྦྱངས་གཞི་དང་སྦྱངས་འབྲས་ཀྱི་དབང་དུ་བྱས་པའོ། །སེམས་ཅན་སྐྱེ་བའི་གནས་སྣོད་ཀྱི་འཇིག་རྟེན་ཡང་ཆོས་འབྱུང་འདིས་སྦྱོང་བར་བྱེད་དེ། སེམས་ཅན་སྤྱི་མཐུན་གྱི་གནས་སྣོད་ཀྱི་འཇིག་རྟེན་ནི་མི་དང་འདོད་ལྷ་སོགས་གླིང་བཞི་པའི་འཇིག་རྟེན་ནས། བསམ་གཏན་གཉིས་པ་སོགས་འོག་མིན་པའི་བར་དུ་སྟེང་ནས་སྟེང་དུ་རྒྱ་ཇེ་ཆེར་སོང་བ་གདེང་ཀ་རྒྱས་པས་མཚོན་ཞིང༌། མངལ་སྐྱེས་དང་སྒོང་སྐྱེས་ཀྱིས་ལུས་འགྲུབ་པའི་གནས་སྐྱེ་གནས་ཀྱི་མདོག་དབྱིབས་དང་མཚུངས་པའི་ཆོས་འབྱུང་གི་གནས་དང༌། སྒོང་སྐྱེས་ཉིད་ལ་སྒོ་ངའི་མདོག་དབྱིབས་དང༌། སྐྱེ་གནས་གཞན་གཉིས་ཀྱི་ཡང་སྐྱེ་བ་ལེན་པའི་གནས་ནི་ཆོས་འབྱུང་ཉིད་དང༌། ཕྱི་དཀར་ནང་དམར་ནི་གཤེར་དང་དྲོད་དམ་གསལ་བ་དང་བདེ་བའི་ཆ་ཡིན་ལ། དེ་ལས་སྐྱེ་གནས་བཞིའི་སེམས་ཅན་འབྱུང་བ་ནི་ཆོས་འབྱུང་དེར་དཀྱིལ་འཁོར་བསྒོམ་པས་སྦྱོང་སྟེ། སྦྱང་བྱ་དང་སྦྱར་བའོ། །གཉིས་པ་ནི། ཆོས་འབྱུང་ནི་མའི་ལུས་དག་པར་བྱེད་ཅིང༌། འབྱུང་བཞི་ལུགས་ཟློག་ནི་ཕ་མའི་དབང་པོ་གཉིས་ཕྲད་པ་ལས་སྲ་བའི་རེག་པ་སའི་ཁམས་དང༌། གཤེར་བའི་རེག་པ་ཆུའི་ཁམས་དང༌། །དྲོ་བའི་རེག་པ་མེའི་ཁམས་དང༌། ཐིག་ལེ་གཡོ་བ་རླུང་གི་ཁམས་དང༌། རི་རབ་ནི་ཁམས་འཕོས་པའི་བདེ་བ་ནམ་མཁའི་ཁམས་
རྣམས་སྦྱོང་ངོ༌། །འབྱུང་བཞི་ལུགས་འབྱུང་ནི། དེའི་རྗེས་སུ་མངལ་དུ་ཆགས་པའི་སེམས་ཅན་གྱི་ལུས་དེ་ནི། རླུང་གིས་འཕེལ་བར་བྱེད། མེས་སྨིན་པར་བྱེད། ཆུས་སྡུད་པར་བྱེད། བསྡུས་པ་དེ་ཡང་སས་སྲ་བར་བྱེད། ནམ་མཁས་ནི་འཕེལ་བ་ལ་སོགས་པ་དེ་ཐམས་ཅད་ཀྱི་གོ་སྐབས་སྦྱིན་པར་བྱེད་དེ། དེ་ལས་ལུས་ཡོངས་སུ་རྫོགས་པ་གྲུབ་ཅིང་བཙས་པ་ནི་གཞལ་ཡས་ཁང་གིས་སྦྱོང་བར་བྱེད་དེ། ལུས་ཀྱི་ཆ་ཤས་སོ་སོ་དང་གཞལ་ཡས་ཁང་གི་ཆ་སོ་སོ་སྦྱོར་ཚུལ་ནི་ལུས་དཀྱིལ་གྱི་སྐབས་བཞིན་ནོ། །ལུས་འབྱུང་བ་ལྔའི་དྭངས་མ། སེམས་ཉོན་མོངས་དུག་ལྔ་དང༌། དེའི་བྱེད་པ་ལས་སྐྱེ་བ་གཞན་གྱི་གནས་ལུགས་ལོངས་སྤྱོད་ཐམས་ཅད་ས་བོན་གྱི་ཚུལ་དུ་འཕེན་པ་ནི། མངོན་བྱང་ལྔ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པ་དང༌། མཆོད་པ་དང་ཉེར་བསྡུའི་བར་གྱིས་སྦྱོང་ངོ༌། །ཕྲུགས་གཅིག་པོ་འདི་ལ་སྦྱངས་འབྲས་དང་སྦྱར་བ་ནི་མ་མཐོང་ཞིང་མ་ཐོས་སོ། །གཉིས་པ་དཀྱུས་ཀྱི་དག་སྦྱོར་ནི། སྐབས་འདིའི་ཆོས་མཚུངས་སྦྱོར་བའི་གཙོ་བོ་སྟེ། དེ་ལ་ཆོས་འབྱུང་ནི་སྦྱང་བྱ་སྣོད་ཀྱི་འཇིག་རྟེན་འཆགས་པའི་གཞི་ནམ་མཁའི་ཁམས་སྦྱོང་བྱེད་ཡིན་ལ། འབྱུང་བ་བཞི་རི་རབ་དང་བཅས་པའི་ས་བོན་ལཾ་བཾ་རཾ་ཡཾ་སུཾ་རྣམས་ནི། སྣོད་ཀྱི་འཇིག་རྟེན་འཆགས་པར་འགྱུར་བའི་རྒྱུའི་གཙོ་བོ་སེམས་ཅན་སྤྱི་མཐུན་གྱི་བག་ཆགས་དེ་སྦྱོང་བར་བྱེད་ལ། དངོས་སུ་ནི་བག་ཆགས་དེའི་ཆ་ཤས་ཅིག་སྒྲུབ་པ་པོ་རང་ཉིད་ལ་ཡོད་པ་དེ་སྦྱོང་བར་ཡང་ནུས་སོ། །འབྱུང་བཞི་རི་རབ་ལུགས་ཟློག་ནི་ནམ་མཁའ་སྟོང་པ་ལ་ཁམས་ལྔའི་རྡུལ་ཕྲན་ཀུན་ཏུ་ཁྱབ་པའི་ཚུལ་གྱིས་གནས་པ་དེ་སྦྱོང་བར་བྱེད་ལ། དེ་དག་ཀྱང་ཤིན་ཏུ་ཕྲ་བ་ནམ་མཁའི་རྡུལ་ནི། དེ་བས་
ཅུང་ཟད་རགས་པ་རླུང་རྡུལ་ལ་བརྟེན། དེ་ནི་མེ་རྡུལ་དང༌། དེ་ནི་ཆུ་རྡུལ་དང༌། དེ་ཡང་དེ་བས་རགས་པ་ས་རྡུལ་ལ་བརྟེན་ནས་གནས་ཏེ། གང་ཡང་ཕྱོགས་ཐམས་ཅད་དུ་ཁམས་ལྔ་འབྲལ་མི་ཤེས་པའི་ཚུལ་གྱིས་གནས་སོ། །འདིར་རི་རབ་ནི་ནམ་མཁའི་ཁམས་ཀྱི་རྡུལ་མཚོན་ནོ། །དེ་ལ་ཆོས་འབྱུང་ནམ་མཁའ་རང་ཡིན་ལ། འདི་མཁའ་ཁམས་ཀྱི་རྡུལ་དང་སྦྱོར་དགོས་པའི་ཁྱད་པར་ཕྱེད་པར་བྱའོ། །དེ་ལ་མཁའ་ཁམས་ནི་འབྱུང་བ་ཀུན་གྱི་གྲོགས་ཡིན་པའི་ཕྱིར་ཁ་དོག་བཞི་འདུས་པར་བྱས་ལ། བདེ་བའི་ལོངས་སྤྱོད་པ་འབྲལ་བར་མི་ནུས་པའི་སེར་སྣ་འབྱུང་བའི་ཕྱིར། བདེ་བའི་རང་བཞིན་གྱི་ཐིག་ལེ་དང་དེ་སེར་སྣ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཏེ་ཁ་དོག་སེར་པོའོ། །ཡང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འབྱུང་གྱུར་གྱི་རྡུལ་ལྔ། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བའི་རྡུལ་ལྔ་ལས། སྒྲའི་རྡུལ་ནི་ནམ་མཁའི་རྡུལ་ཉིད་དང་ངོ་བོའི་སྒོ་ནས་དབྱེ་བ་མེད་ལ། ལྷག་མ་རྡུལ་བརྒྱད་པོ་རྣམས་ནི། ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་ཐིམ་པ་མཚོན་བྱེད་དུ། ནམ་མཁའི་རང་བཞིན་གྱི་རི་རབ་ལ་རྩེ་མོ་བརྒྱད་པ་ཡིན་ནོ། །གཞན་ལས་སྒྲ་རྡུལ་རྒྱུན་མེད་དུ་བཤད་ཀྱང༌། སྔགས་ཀྱི་ཐེག་པ་འདིར་རྒྱུན་ཅན་དུ་བྱེད་དགོས་ལ། ལྕོག་བརྒྱད་བྱ་བ་རིའི་རྩེ་མོ་བརྒྱད་དོ། །འབྱུང་བཞི་རི་རབ་དེ་རྣམས་གཅིག་ཏུ་འདྲེས་པ་ནི། འཆགས་པའི་བསྐལ་པ་ལ་བབ་པ་ན། རླུང་གཡོས་ཏེ་སྔར་གྱི་རྡུལ་དེ་རྣམས་དཀྲུགས་ཤིང༌། རླུང་གི་ཁམས་རྣམས་ཕྱོགས་གཅིག་དང་མེའི་ཁམས་རྣམས་ཀྱང་ཕྱོགས་གཅིག་སོགས་རིགས་མཐུན་སྡེབས་མཐུན་སྡེབས་སུ་གྱུར་པ་ཞིག་ཡོད་པ་དེ་སྦྱོང༌། འབྱུང་བཞི་ལུགས་འབྱུང་རི་རབ་དང་
བཅས་པ་སྒོམ་པ་ནི། འཇིག་རྟེན་གྱི་ཁམས་ལ་འབྱུང་བཞིའི་དཀྱིལ་འཁོར་རི་རབ་སོགས་རི་དགུ་མཚོ་བརྒྱད་གླིང་བཅུ་གཉིས་ལ་སོགས་པ་སྣ་ཚོགས་པ་གྲུབ་པ་དེ་སྦྱོང་བར་བྱེད། དེ་ཡང་དཀྱིལ་འཁོར་བཞི་པོ་ལ་ཕྱི་དབྱིབས་ཉིད་ཟླ་གམ་ནས་གྲུ་བཞིའི་བར་དུ་བསྒོམ་པའམ། ཡང་ན་ཐམས་ཅད་དབྱིབས་ཟླུམ་པོ་དབུས་སུ་མཚན་མ་ཟླ་གམ་ནས་གྲུབ་བཞིའི་བར་དུ་སོ་སོའི་རྟགས་ཀྱི་མཚན་པར་བསྒོམས་ཀྱང་མི་རུང་བ་མེད་དེ། གང་ལྟར་ཡང་རླུང་གི་དཀྱིལ་འཁོར་གྱི་མཐའ་ལ་དུ་བ་ལྟ་བུ་འོད་ཟེར་ནག་པོའི་འཕྲེང་བས་དཀྲིགས་པ་དང༌། མེ་དཀྱིལ་གྱི་མཐའ་ལ་མེ་ལྕེ་འབར་བས་དཀྲིགས་པ་དང༌། ཆུ་དཀྱིལ་གྱི་མཐའ་ལ་འོད་ཟེར་དཀར་པོས་ཁྱབ་པ་དང༌། ས་དཀྱིལ་གསེར་གྱི་རང་བཞིན་གྱི་མཐའ་ལ་འོད་ཟེར་སེར་པོས་བསྐོར་བའོ། །འདི་དག་ལ་དཀྱིལ་འཁོར་གསུམ་གྱི་ཚད་མངོན་པ་དང་མཐུན་པ་དང༌། མེ་ལ་དཔངས་སུམ་སྟོང་སུམ་བརྒྱ་ལྔ་བཅུར་བཤད་པའི་ལུགས་ཀྱང་ཡོད་དེ། འབྱུང་བ་སྟེང་མ་གསུམ་པོ་རྒྱ་ཁྱོན་མཉམ་པ་དང༌། ཐམས་ཅད་ཀྱང་ཕྱི་དབྱིབས་ཟླུམ་པོའི་ལུགས་ཡིན་ཏེ། གཞན་དུ་ན་འབྱུང་བ་གསུམ་པོ་ལ་ཡང་ཁོར་ཡུག་གི་ཚད་མངོན་པ་དང་ཐ་དད་དུ་འགྱུར་བའི་ཕྱིར་རོ། །འོན་ཀྱང་ལས་དང་པོ་པས་བསྒོམ་པའི་ཚེ་ཚད་ངེས་པ་མི་དགོས་ཏེ་ཇི་ལྟར་བདེ་བར་སྦྱར་རོ། །དེའི་སྟེང་དུ་དམིགས་པས་རི་རབ་ཁོ་ན་བསྒོམ་པ་ལས། རི་གླིང་མཚོ་གཞན་རྣམས་བསྒོམ་མི་དགོས་ཤིང༌། རི་རབ་ཀྱང་ཆུ་མཚམས་ཡན་ཆད་ཀྱི་རྣམ་པ་ཁོ་ན་བསྒོམ་པ་ཡིན་པས་སྙིང་པོ་གྲུ་བཞི་ཤོ་ལྟ་བུར་གནས་པ་ལ། ཕྱེད་མན་ཆད་ལ་བཞིར་བཏང་བའི་ཆ་རེ་རེའི་སྟེང་གི་ཟད་མཚམས་སུ་བང་རིམ་རེ་རེ་འཕྱར་གྱི་ཚུལ་དུ་སྐྱེས་པ་སྟེ། འོག་མ་འོག་མའི་ཕྱེད་ཕྱེད་ཀྱི་ཚད་སྟེང་
མ་སྟེང་མ་ལ་ཡོད་པ་བང་རིམ་རྣམས་ཀྱང་རི་རབ་ཉིད་དང་མཚུངས་པའི་ཕྱོགས་མདོག་ཅན་རི་རབ་རྩེ་མོ་གྲུ་བཞི་ལ་ཟུར་བཞིར་རྩེ་མོ་རེ་རེ་དང༌། ཡང་དེའི་ཕྱོགས་ལ་ཟུར་བསྟད་པའི་ཚུལ་གྱིས་འོག་མའི་ངོས་ཀྱི་དབུས་དང་རྒྱ་མཉམ་པའི་ཟུར་བཞི་དང་ལྡན་པའི་སྟེགས་བུ་གྲུ་བཞི་ལྟ་བུའི་ཟུར་བཞི་ལ་རྩེ་མོ་རེ་རེ་དང༌། རི་རབ་ཀྱི་སྟེང་གི་དབུས་ཀྱི་གཞི་ལ་ཐིག་ལེ་སེར་པོ་སྟེ། ལྷའི་གྲོང་ཁྱེར་གྱི་འོག་གཞི་མཚོན་པའོ། །དེའི་སྟེང་དུ་གཞལ་མེད་ཁང་སྒོམ་པ་ནི། རང་གི་ཚེ་དེ་དང་རྗེས་སུ་འབྲེལ་བའི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ། ཡུལ་ཕྱོགས་དང་ཁང་ཁྱིམ་དང་ཡོ་བྱད་ལ་སོགས་པ་སྦྱོང་བར་བྱེད་པའོ། །ལྷའི་གདན་སྒོམ་པ་ནི། གང་དུ་རང་ཉིད་སྐྱེ་བ་ལེན་པར་འགྱུར་བའི་གནས་དེ་ཁོ་ན་སྦྱོང་བར་བྱེད་དོ། །གང་དུ་བྱ་བ་དང་སྤྱོད་པ་སྣ་ཚོགས་པས་རྒྱུ་ཞིང་འཚོ་བའི་གནས་དེ་ནི་དམ་ཚིག་གི་འཁོར་ལོས་སྦྱོང་བར་བྱེད་དེ། དུར་ཁྲོད་ནི་སྡུག་བསྔལ་དང༌། ཁྱམས་ནི་བར་མ་དང༌། གཞལ་མེད་ཁང་ནི་བདེ་བའི་གནས་དང་ལོངས་སྤྱོད་དོ། །གང་དུ་ལས་ཀྱི་བྱ་བ་གཙོ་བོར་སྤྱོད་པའི་གནས་ནི་སྐུའི་འཁོར་ལོའོ། །ངག་གི་སྨྲ་བ་གཙོ་བོར་སྤྱོད་པའི་ཡུལ་ནི་གསུང་གི་འཁོར་ལོའོ། །ཡིད་ཀྱི་རྟོག་པ་གཙོ་བོར་སྤྱོད་པའི་ཡུལ་ནི་ཐུགས་ཀྱི་འཁོར་ལོའོ། །འཁྲིག་པའི་ལོངས་སྤྱོད་གཙོ་བོར་སྤྱོད་པའི་ཡུལ་ནི་བདེ་ཆེན་འཁོར་ལོའོ། །གང་དུ་གཉིད་དང་འཆི་བ་དང་དུབ་པས་ངལ་གསོ་བའི་སེམས་ཀྱི་གནས་ནི་གཙོ་བོའི་པདྨའོ། །དེ་དག་གི་སྦྱངས་འབྲས་ཇི་ལྟར་ཡིན་པ་ནི། ཆོས་འབྱུང་ནམ་མཁའི་ཁམས་ནི་བཙུན་མོའི་བྷ་ག་སྟེ། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ལས་རྣམ་པ་ཐམས་ཅད་འཆར་བའི་ཕྱིར་དེར་དཀྱིལ་འཁོར་བསྐྱེད་པའོ། །དེ་ཡང་ཚད་མེད་
པ་བཞི་དང་ལྔ་པ་མཉམ་ཉིད་ཚད་མེད་པ་ནི། འབྱུང་བཞི་ལུགས་ཟློག་རི་རབ་དང་བཅས་པའོ། །དེ་འདྲ་བའི་བདེ་སྟོང་དང་སྙིང་རྗེ་ཆེན་པོ་ལྷ་སྐུར་གདོད་ནས་ཤར་བ་ནི་ཡུལ་ལྔ་པོ་སྟེ། དེ་དག་དཀྱིལ་འཁོར་བཞི་རི་རབ་དང་བཅས་པར་སྣང་བའོ། །བདེ་སྟོང་དང་སྙིང་རྗེ་དེ་དག་གི་ངོ་བོ་ཉིད་ཡིན་ཡང༌། དེའི་མཚན་ཉིད་ཆོས་དབྱིངས་རྣམ་པ་ཐམས་ཅད་པའི་ལྡོག་ཆ་ནས་རྟོགས་ན་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་དང༌། བདེ་བ་ཆེན་པོའི་སྐུ་བསྐྱེད་པའི་གཞི་ཡིན་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་གཞལ་མེད་ཁང་པ་ནི། རྡོ་རྗེ་བཙུན་མོ་ལྷ་མོ་ལྔ་པོ་དེ་རྣམས་ཀྱི་བྷ་གས་མཚོན་པ་ཡིན་ཞིང༌། འདིར་ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ལ་སྦྱོར་ཏེ། དེ་ནི་ཡེ་ཤེས་ཐམས་ཅད་ཀྱི་གཞི་ཡིན་ཞིང༌། གཞལ་མེད་ཁང་ཡང་ལྷ་ཐམས་ཅད་ཀྱི་གནས་སམ་གཞི་ཡིན་པའི་ཕྱིར་མཚུངས་པ་དང་རྣམ་སྣང་ནི་ལུས་རྣམ་པར་དག་པ་ཡིན་ཞིང༌། ངག་དང་སེམས་ཀྱང་ལུས་ལ་བརྟེན་དགོས་པའི་ཕྱིར་དང༌། ལྷ་རྣམས་གཞལ་མེད་ཁང་ལ་བརྟེན་པར་མཚུངས་པའི་ཕྱིར། གཞལ་མེད་ཁང་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོར་སྒོམ་པ་ཡིན་ནོ། །འདིར་དངོས་སུ་འབྱུང་བཞི་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་མི་སྐྱེད་ཀྱང༌། འབྱུང་བཞི་རི་རབ་དང་བཅས་པའི་དྭངས་མའི་འོད་ཟེར་གཅིག་ཏུ་འདྲེས་པའི་སྟོབས་ལས་གཞལ་མེད་ཁང་གདན་དང་བཅས་པ་གྲུབ་པ་ཡིན་པས། འབྱུང་བཞི་རི་རབ་དང་མ་འབྲེལ་བ་ནི་མ་ཡིན་ནོ། །དཔེར་ན་འཁོར་ལོས་བསྒྱུར་བའི་ཁང་བཟང་དངོས་ཏེ། བསྐལ་པ་འཆགས་པའི་དུས་སུ་རང་གྲུབ་པ་མ་ཡིན་ཡང་འཇིག་རྟེན་འཆགས་པའི་དུས་ཀྱི་དངོས་པོའི་
ཁྱད་པར་འགའ་ཞིགཕྱིས་ཕྱོགས་གཅིག་ཏུ་བརྩིགས་པ་ལས་བྱུང་བས་ན། རྩིགས་པ་སོགས་རེ་རེ་ནས་ཕྱེ་སྟེ་བལྟས་ན། དང་པོ་ནས་རང་གྲུབ་པ་ཁོ་ན་འདུས་པ་ཙམ་ཡིན་པའི་ཕྱིར། འཇིག་རྟེན་ཆགས་ཙམ་གྱི་དངོས་པོ་ལས་གྲུབ་པ་བཞིན་ནོ། །དེས་ན་འབྱུང་བཞི་ཡོངས་སུ་གྱུར་པ་ལས་གཞལ་མེད་ཁང་སྒོམ་པ་ནི། ལྷ་རྣམས་ཤེས་རབ་མ་སྟོང་པ་ཉིད་ལ་བརྟེན་པ་ཙམ་མཚོན་པ་ཡིན་ལ། འབྱུང་བཞིའི་སྟེང་དུ་བྷྲཱུཾ་མཾ་རྣམ་སྣང་སོགས་ལས་གཞལ་ཡས་ཁང་ལོགས་སུ་བསྐྱེད་པ་ནི། ཕྲ་བ་འབྱུང་བཞིའི་བཅུད་དང་ལྡན་པའི་རགས་པ་ལུས་དག་བྱེད་དམ། ཤེས་རབ་ལྷ་མོ་བཞི་དང་བཅས་པའི་ཐབས་རྣམ་སྣང་གི་བདག་ཉིད་དུ་སྒྲུབ་པར་བྱེད་པ་ཙམ་ཡིན་ལ། འདིར་ནི་དེ་གཉིས་ཀའི་དོན་ཡང་ཚང་ལ་གཙོ་བོར་འབྱུང་བཞི་རི་རབ་ལྷ་མོ་ལྔ་ཡིན་ལ། གཞལ་མེད་ཁང་དེ་དག་ལྔ་པོ་སྤྱིའི་བྷ་ག་སྟེ། དཀྱིལ་འཁོར་རྡོ་རྗེ་བཙུན་མོའི་བྷ་གར་སྒྲུབ་པའི་ལུགས་སོ། །གང་ལྟར་ཡང་འོག་མིན་སྟུག་པོ་བཀོད་པའི་ཞིང་ལ། སངས་རྒྱས་རང་སྣང་དང་གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཆ་གཉིས་ཡོད་དེ། རང་སྣང་གི་ཞིང་ཁམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤེས་རབ་ལྷ་མོ་རྣམས་ཀྱི་ངོ་བོ་དེ་ནི་རྡོ་རྗེ་བཙུན་མོའི་བྷ་ག་སྟེ། དེ་ཉིད་ལམ་དུ་བྱེད་པ་ནི་རྟེན་གྱི་དཀྱིལ་འཁོར་སྒོམ་པའོ། །གང་ཞིག་རྒྱལ་པོ་བཞུགས་པ་དེར་སྐྱེ་བོ་དཔག་ཏུ་མེད་པ་འདུ་བ་བཞིན་དུ། ཞིང་ཁམས་དེ་ལམ་དུ་ཁྱེར་བས་སངས་རྒྱས་ཀྱི་ཞིང་ཁམས་གཞན་ཐམས་ཅད་ཀྱང་ལམ་དུ་བྱས་པར་འགྱུར་ཞིང་གཞན་གཞལ་ཡས་ཁང་ཉིད་ཀྱི་མཚོན་དོན་མདོ་ཙམ་འོག་ཏུ་འཆད་པར་འགྱུར་རོ། །བསྐྱེད་རིམ་འདི་ལྟར་བསྒོམས་པས་རྫོགས་རིམ་སྨིན་ཚུལ་ནི། ཆོས་འབྱུང་ནི་རྩ་ཐམས་ཅད་ཀྱི་ཁོང་སྟོང༌།
དཀྱིལ་འཁོར་བཞི་རི་རབ་དང་བཅས་པ་ལུགས་ཟློག་ནི་དེར་བདུད་རྩི་ལྔའི་དྭངས་མ་ལ་སོགས་པའི་ཁམས་འདུ་བ། ཡང་འབྱུང་བཞི་རི་རབ་དང་བཅས་པ་ལུགས་འབྱུང་ནི། སྤྱི་བོ་ལ་སོགས་པ་འཁོར་ལོ་བཞི་དང་རྩ་དབུ་མའོ། །གཞལ་ཡས་ཁང་གི་གཞི་སྣ་ཚོགས་རྡོ་རྗེ་ཉི་མ་པདྨ་རྣམས་ནི། རྩ་འཁོར་རྣམས་ཀྱི་ལྟེ་བར་གནས་པའི་རླུང་དང་ཁམས། གཞལ་མེད་ཁང་ནི་དེ་དག་དང་དབྱེར་མེད་དུ་འདྲེས་པའི་སེམས་བདེ་གསལ་མི་རྟོག་པའི་ཆ་རྣམས་སྦྱོང་སྟེ། གཙོ་བོར་རྫོགས་རིམ་གྱི་སྐབས་གང་ལ་གནད་དུ་བསྣུན་པའི་གཞི་རྩ་ཐིག་རླུང་གསུམ་རྣམ་པར་དག་པ་ནི་གཞལ་མེད་ཁང་ཡིན་ལ། འདི་བསྒོམས་པས་ནམ་ཞིག་དེ་ལ་གནད་དུ་བསྣུན་པ་ན། རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ལ་ཐོག་མར་རྩ་རླུང་ཐིག་ལེ་རྣམས་མཉེན་ཞིང་དུལ་བར་གྱུར་པ་ཞིག་དགོས་པ་ལ། འདི་བསྒོམས་པས་དེ་ལྟར་འགྲུབ་པ་སྟེ། སྐབས་འདིའི་གནད་ཀྱི་དོན་ནི་དེ་དག་གོ །དེ་ལ་སྐབས་འདིར་རྟེན་གྱི་དཀྱིལ་འཁོར་རྣམ་པར་གཞག་པ་མདོ་ཙམ་བཤད་ན། སྡོམས་ནི། འོག་གཞི་ཁོར་ཡུག་དུར་ཁྲོད་དང༌། །པད་ཉི་སྣ་ཚོགས་རྡོ་རྗེ་དང༌། །རྩིག་པ་འདོད་སྣམ་ཕ་གུ་དང༌། །དྲ་ཕྱེད་ཤར་བུ་མདའ་ཡབ་ཐོག །སྒོ་ཁང་དང་ནི་རྟ་བབས་སོགས། །ཐོག་གི་དཔངས་ལ་དཔྱད་པ་དང༌། །འཁོར་ལོ་ལྔ་ཡི་མཚན་ཉིད་དེ། །རིམ་པ་དེ་རྣམས་ཤེས་པར་བྱ། །དང་པོ་འོག་གཞི་ནི་ཆོས་འབྱུང་དང་འབྱུང་བཞྀའི་དཀྱིལ་འཁོར་དང་རི་རབ་རྣམས་སྔར་བཤད་པ་ལྟར་དང༌། དེའི་སྟེང་དུ་རྡོ་རྗེའི་ས་གཞི་སྟེ་རྡོ་རྗེ་སྔོན་པོ་ཆེན་པོ་མང་པོ་ཁྲོལ་ལུགས་སུ་བྱས་པའི་བར་བར་རྣམས་རྡོ་རྗེ་ཕྲ་མོ་རྣམས་ཀྱིས་གང་ཞིང༌། དེའི་བར་ཡང་
རྡུལ་ཕྲན་ལྟ་བུའི་རྡོ་རྗེས་གོ་མཚམས་མེད་པར་གཏམས་པ། ཐམས་ཅད་ཀྱང་རྡོ་རྗེའི་དབྱིབས་མ་ཞིག་པ་ལ་ཞུ་ཞིང་འདྲེས་པ་སྲ་ཞིང་བརྟན་པའི་རང་བཞིན་ཡིན་ལ། སྲབ་འཐུག་ཇི་ལྟར་འོས་པ་ལས་གཞན་དུ་ཆེས་འཐུག་པ་མི་དགོས་ཏེ། སྲུང་འཁོར་དངོས་ཀྱི་འོག་གཞི་དང་མི་འདྲའོ། །གཉིས་པ་ཁོར་ཡུག་ནི་དུར་ཁྲོད་རྡོ་རྭའི་ནང་དུ་བྱེད་ན། དེའི་ཕྱི་མཐའ་རང་ཡང་མིན་ཙམ་གྱི་མཐའ་སྐོར་དང༌། དུར་ཁྲོད་ཕྱི་རུ་བྱེད་ན་ཕྱི་མཐའ་ནས་རྒྱ་ཆེ་རབ་བཞག་པའི་ནང་དུ། རྒྱུ་ས་གཞི་དང་འདྲ་བའི་ལྕགས་རིས་གོ་མཚམས་མེད་པར་བསྐོར་བ། འདིའི་རྡོ་རྗེ་ཆེན་པོ་ལྗང་ཁུ་ལ་བར་མཚམས་བཀག་པའི་ཕྲ་མོ་རྣམས་ནག་པོའམ་སྔོན་པོ་ཡིན་ཏེ། དེའི་ལྗང་ཁུར་བྱེད་པ་ནི། དམ་ཚིག་གི་འཁོར་ལོ་ལས་ཀྱི་རིགས་ཀྱི་མཚམས་གཅོད་པ་ཡིན་ལ། སྔོན་པོའམ་ནག་པོ་ནི་རྭ་བ་ཉིད་ཀྱི་ཁ་དོག་ཏུ་བཤད་པས་སོ། །ལྕགས་རི་ལས་ས་གཞི་ཅུང་ཟད་རྒྱ་ཆེ་བས། ལྕགས་རིའི་ཕྱི་རོལ་གྱི་འགྲམ་དུ་རྡོ་རྗེའི་ས་གཞི་སྟེགས་བུའི་ཚུལ་ཁོར་ཡུག་ཏུ་ཡོད་པར་བྱ། རྡོ་རྗེའི་ས་གཞི་དང་རྭ་བ་དེ་ལ་མེ་རི་ཁ་དོག་སྣ་ལྔ་རིང་དུ་འཕྲོ་བ་བསྒོམ་མོ། །ལུགས་འདི་ལ་སྲུང་འཁོར་ཆེན་མོ་མ་བསྡུས་པར་ཡོད་པས། འདིར་རྡོ་རྗེའི་གུར་ལ་སོགས་པ་ནི་མ་བསྒོམས་ཀྱང་ཆོག་སྟེ། ས་མཚམས་གཅོད་པ་ནི་རྭ་བ་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །ཅི་སྟེ་སྒོམ་ཀྱང་འགལ་བ་ནི་མེད་དེ། སྒོམ་ན་གུར་སྔར་དང་འདྲ་ལ། དྲ་བ་བླ་རེ་འོབས་རྣམས་མི་དགོས་སོ། །ཐོག་མའི་སྲུང་འཁོར་བསྡུས་པའི་རིགས་ལ་ནི་ཐམས་ཅད་བསྒོམ་དགོས་པ་ཡིན་ནོ། །གསུམ་པ་དུར་ཁྲོད་ནི། རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་བྱེད་ན། མེ་རིའི་ཡང་ཕྱི་རོལ་དུ་བྱེད་དགོས་
པས། འོག་གཞི་རྡོ་རྗེའི་ས་གཞི་དེ་ཤིན་ཏུ་རྒྱ་ཆེ་བར་བྱས་ནས་མེ་རི་རྫོགས་ནས་ཀྱང་ཕྱི་རོལ་ཁོར་ཡུག་ཏུ་རྒྱ་ཆེན་པོ་ལྷག་ཡོད་པ་ལ། ས་རྡུལ་ཆགས་པའི་རྣམ་པས་རྡོ་རྗེའི་དབྱིབས་མི་མངོན་པའི་གཞི་ལ་དུར་ཁྲོད་སྒོམ་པ་ཡིན་ཏེ། དེ་ཡང་སྡོམ་འབྱུང་འགྱུར་གསར་ལས། རྡོ་རྗེའི་རྭ་བ་ནང་དུ་སྟེ། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ། །ཞེས་འབྱུང་བ་ཉིད་འགྱུར་དག་པ་དང༌། རྡོ་རྗེ་མཁའ་འགྲོ་ལས། ཚོན་ས་དེ་ཡི་ཉིས་འགྱུར་དུ། །ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །ཞེས་འབྱུང་ལ། །རྭ་བའི་ཕྱི་རོལ་དུ་སྒོམ་པའི་ལུགས་འདི་ལྟར་ན། དུར་ཁྲོད་དམ་ཚིག་འཁོར་ལོ་ལ་མི་ཐེ་བར་གཟུང་ངོ༌། །དུར་ཁྲོད་རྡོ་རྗེའི་རྭ་བའི་ནང་དུ་བྱེད་ན། རྡོ་རྗེའི་ས་གཞིའི་ཕྱིའི་རྒྱ་ཚད་གོང་དུ་བཤད་བའི་སྟེགས་བུ་ལྟ་བུ་དེ་ཡིན་ལ། ལྕགས་རིའི་ནང་རྡོ་རྗེའི་ས་གཞིའི་སྟེང་དུ་ས་རྡུལ་ཆགས་པའི་གཞི་ལ་དུར་ཁྲོད་སྒོམ་པར་བྱེད་དགོས་ན། ནག་པོ་ལུགས་འདི་ལ་དུར་ཁྲོད་ནང་དུ་སྒོམ་པ་གཙོ་ཆེ་སྟེ། དམ་ཚིག་གི་འཁོར་ལོར་གཏོགས་པ་ཡིན་ནོ། ཁོར་ཡུག་ཏུ་བསྐོར་བའི་དུར་ཁྲོད་ཆེན་པོ་བརྒྱད་ནི། སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་དང༌། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག།མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། །ཞེས་པ་དང་ཤིང་བརྒྱད་ཀྱང༌། ཤར་དུ་ཤིར་ཤ་ཨ་ཤྭད་ཤིང༌། །ཀང་ཀེལ་ཁྱད་པར་ཙུ་ཏའི་ཤིང༌། །བཱ་ཊ་དེ་བཞིན་ཀ་རཉྫ། །ལ་ཊ་པར་ཀ་བ་རྟི་པ། །ཞེས་འབྱུང་སྟེ། ཀང་ཀེལ་ནི་འཇིག་རྟེན་དུ་ཀེ་ལར་གྲགས་པ་སྟེ་ཆུ་ཤིང་ངོ༌། །ཀེང་རུས་དང་ནི་གསལ་
ཤིང་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་སྡུམ་དང༌། །བརྩིགས་པའི་མགོ་དང་རུས་པ་དང༌། །ཞེས་པ་དང༌། ཁྭ་དང་འུག་པ་བྱ་རྒོད་དང༌། །ཅེ་སྤྱང་ཅེ་སྤྱང་མོ་དང་ནི། །འོལ་བ་དང་ནི་འོལ་བ་མོ། །སེང་གེའི་གདོང་དང་སྟག་གི་གདོང༌། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་ནི་གོ་ནཱ་ས་ཅན་དང༌། །གདོང་གཉིས་པ་སོགས་ཕྱོགས་སུ་རྒྱུ། །ཞེས་དང༌། གྲུབ་པ་རིག་འཛིན་དུ་མ་དང༌། །དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། །རྣལ་འབྱོར་མི་ཡི་ཚོགས་རྣམས་དང༌། །གནོད་སྦྱིན་རོ་ལངས་སྲིན་པོའི་ཚོགས་རྣམས་ཀྱིས། །ཀི་ལི་ཀི་ལི་ཆེན་པོ་སྒྲོག་རྣམས་དང༌། །ཞེས་སོགས་བཤད་ཅིང༌། མངོན་བརྗོད་བླ་མའི་ཡང་གནས་སྐབས་གསུམ་ཙམ་དུ་དུར་ཁྲོད་ཀྱི་མཚན་ཉིད་མང་དུ་གསུངས་སོ། །དེ་དག་ཏུ་ཕྱོགས་སྐྱོང་བ་བརྒྱད་ཞིང་སྐྱོང་བ་བརྒྱད། ཀླུ་བརྒྱད། མཆོད་རྟེན་བརྒྱད། སྤྲིན་བརྒྱད། རི་བརྒྱད། མེ་བརྒྱད་རྣམ་གྲངས་ངེས་ཅན་དུ་བཤད་ལ། གྲུབ་པ་དང་དཔའ་བོ་རྣལ་འབྱོར་མ་སོགས་ལ་གྲངས་ངེས་མེད་དོ། །དེའི་གཞན་རྣམས་རྟོགས་པར་སླ་ལ། ཞིང་སྐྱོང་བརྒྱད་ལ་ཕྱོགས་སྐྱོང་གི་བཞོན་པའི་གདོང་ཅན་དང༌། གདོང་བརྙན་གཞན་ཡང་བཤད་དེ། ཞིང་སྐྱོང་ཡབ་གཙོ་བོར་བྱེད་པའི་ལུགས་ཡིན་ལ། འདིར་ནི་མོ་གཙོ་བོར་བྱས་ཏེ་སྒོ་མཚམས་མ་བརྒྱད་དང་རྣམ་པ་འདྲ་བ་ལས། ཤིང་ལོའི་གསེབ་ནས་ལས་ཕྱེད་ཐོན་པ། ཕྱག་གི་ཐོད་པ་གཏོར་མས་གང་བར་བཤད་དེ། གཏོར་མའི་དོན་ཟན་གྱི་གོང་བུའི་དབྱིབས་ཅན་མ་ཡིན་གྱི། མགོ་དང་རྐང་ལག་ལྷུ་དུམ་ཁྲག་དང་བཅས་པ་ལ་བྱ་སྟེ། དམར་མཆོད་ལ་གཏོར་མ་ཞེས་འཕགས་ཡུལ་གྱི་འཇིག་རྟེན་དུ་གྲགས་པའི་དབང་དུ་བྱས་པའོ། །རི་བརྒྱད་ནི་ལྷུན་པོ་སྣ་ཚོགས། མནྡྷ་ར་ལྗང་ཁུ། ཀཻ་ལ་ཤ་དཀར་པོ། མ་ལ་ཡ་སེར་པོ། དབང་ཆེན་ནག་པོ། སྤོས་ངད་ལྡན་སེར་པོ། གངས་ཅན་དཀར་པོ། །
དཔལ་གྱི་རི་སྔོན་པོ་ཞེས་ཟེར་བ་དང༌། མཆོད་རྟེན་བརྒྱད་ཀྱང་རྡོ་རྗེ་དང་རྡོ་རྗེ་འདུས་བྱས། རྡོ་རྗེ་ཆགས་པ། རྡོ་རྗེ་ནག་པོ། ཐུགས་རྡོ་རྗེ། སྐུ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཆོས་རྡོ་རྗེ་རྣམས་དཀར་སེར་དཀར་ནག་དཀར་དམར་ནག་ལྗང་ངོ་ཞེས་ཟེར་བ་དང༌། ཆུ་བརྒྱད་ལ་ཡང་རྗེ་རིགས་མ་ལ་སོགས་པ་མིང་ཐ་དད་འདོན་པ་ཡོད་དེ། སྤྲོས་པ་དེ་དག་མེད་ཀྱང་སླ་ལ། མཆོད་རྟེན་ནི་དཀར་པོར་བྱེད་པ་ཉིད་འཐད་དོ། །ཕྱོགས་སྐྱོང་རྣམས་ཕྱག་བཞི་པ་དང༌། གཉིས་པ་འདམ་ཁ་ཡིན་ཡང༌། འདིར་གཉིས་པ་སྒོམ་པ་ལེགས་སོ། །དེ་ལས་སྲིན་པོ་ནི་ཁྲོས་པ་དང་གཞན་རྣམས་ཞི་བ་ཡིན་ཞིང༌། རླུང་ལྷའི་བཞོན་པ་ནི་རི་དྭགས་ཀྲིཥྞར་གྲགས་པ་ཉིད་ཡིན་ནོ། །བཞི་པ་པདྨ་ནི། དུར་ཁྲོད་ཁོར་ཡུག་གི་ནང་དུ་རྒྱུ་རིན་པོ་ཆེའི་རང་བཞིན་གྱི་པདྨའི་འདབ་མ་རྣམས་རང་རང་གི་རྩ་བ་ནས་སུམ་ཆ་ཙམ་འཕྲེད་ལ་སྐྱེས་ཤིང༌། དེ་ཕན་ཆད་གྱེན་དུ་ལངས་པ། རྩེ་མོ་རྣམས་ནང་དུ་གུག་ཙམ་ཁ་དོག་མ་ངེས་པ་འཆོལ་པ་ཡིན་ལ། །འདབ་མ་རྣམས་སྐྱེ་བའི་གཞི་པདྨའི་ལྟེ་བར་གྲགས་པ་ཡང༌། མེ་ཏོག་ཕལ་བའི་ལྟེ་བའི་མཛོད་ལྟ་བུ་མ་ཡིན་གྱི། ཟླུམ་པོ་ལེབ་ཆགས་ཅན། རིན་པོ་ཆེའི་རང་བཞིན་ཁ་དོག་སྔོན་པོའམ་ལྗང་ཁུ། མཐའ་སྐོར་ལ་ཟི་ཕོལ་གྱི་གཟུགས་བརྙན། གེ་སར་དམར་སེར་གྱིས་བསྐོར་བའོ། །ལྔ་པ་ཉི་མའི་དཀྱིལ་འཁོར་ནི། དྭངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་མཉམ་པ་སྟེ། མེ་རི་ནས་དེའི་བར་ལ་དཀྱིལ་འཁོར་བྲི་ཆ་ལ་ཚད་ངེས་པ་ཅན་བྱེད་དགོས་ཀྱང་སྒོམ་པའི་ཚེ་ཚད་ངེས་པ་མེད་མོད། ཤིན་ཏུ་རྒྱ་ཆེ་བར་བསྒོམ་དགོས་པ་ཡིན་པས། མེ་རི་འོད་ཕུང་རིང་དུ་འཕྲོ་བ་དང༌། རྭ་བ་འཐུག་པོ་དང༌། དུར་ཁྲོད་ཀྱི་ཁོར་ཡུག་ཡངས་པོ་དང༌། པད་རྭ་ཡང་དཔངས་མཐོན་པོ་གཞལ་ཡས་ཁང་གི་འདོད་སྣམ་སོགས་ཀྱི་དཔངས་དང་མཉམ་པ་སོགས་བསྒོམ་དགོས་རྒྱུ་ཡིན་ལ།
གཞན་ཡང་གཞལ་ཡས་ཁང་གི་སྐོར་རྣམས་ལའང་བྲི་ཆ་བཞིན་དུ་བསྒོམ་མི་དགོས་པ་མང་ངོ༌། །དྲུག་པ་སྣ་ཚོགས་རྡོ་རྗེ་ནི། ལྟེ་བ་མཐིང་ཀ་གྲུ་བཞི་ལེབ་ཆགས་ཅན། ཕྱོགས་བཞིའི་ངོས་ཀྱི་དབུས་དྲང་ཐད་ནས་རྭ་དབུས་མ་རྣམས་སྐྱེས་ཤིང༌། རྭ་བཅུ་གཉིས་པ་ལྟར་ན། དབུས་ཐད་དེའི་གཡས་གཡོན་ནས་ཆ་ཆེན་གཉིས་གཉིས་བཅད་པར་རྭ་རེ་རེ་ཐད་དཀར་སྐྱེས་པ། རྩེ་མོ་དབུས་རྭ་ལ་ཟུག་པ་ཡིན་ཏེ། སྐྱེ་མཚམས་དེ་ནི་བྲི་ཆའི་དབང་དུ་བྱས་ལ། སྒོམ་དོན་ལ་ནི་དབུས་རྭའི་སྦོམ་ཕྲ་དང་རིང་ཐུང་གི་དབྱེ་བས་མ་ངེས་པར་འགྱུར་ལ། རྭ་ཉི་ཤུ་པ་ལྟར་ན་ཡང་སྐྱེ་ས་གཞན་འདྲ་བ་ལས་གཡས་སུ་རྭ་གཉིས་ལྡེབས་བསྟན་པ་སྟེང་འོག་ཏུ་བརྩིགས་པ་དང༌། གཡོན་དུ་ཡང་དེ་བཞིན་དུ་བརྩིགས་པར་བྱ་སྟེ། སྣ་ཚོགས་རྡོ་རྗེ་འདི་ལའང་བསྒོམ་པའི་གནས་སྐབས་ན། ཚད་ངེས་ཅན་དགོས་པའི་རྒྱུ་མཚན་མེད་དེ། བྲི་ཆ་ལ་ཡང་རྟ་བབས་མཐོ་དམན་གྱི་ཁྱད་པར་ལས། རྭ་རྣམས་རིང་ཐུང་དང་སྦོམ་ཕྲ་སྣ་ཚོགས་བྱེད་པའི་ཕྱིར་རོ། །འོན་ཀྱང་པདྨ་ཇི་ཙམ་བྱེད་པ་དེའི་གེ་སར་གྱི་མཐའ་དང་རྭ་རྩེ་ཁད་ཆད་དུ་མཉམ་པ་ཡིན་ལ། དེ་ལྟ་མོད་ཀྱི་དེང་སང་བྲི་ཆ་དང་བསྟུན་པའི་ཚད་བྱེད་པ་ལྟར་ན། ལྟེ་བ་ཆ་ཆེན་བཅུ་གཉིས་གྲུ་བཞི་པ་རྭ་བཅུ་གཉིས་པ་ལྟར་ན་དཔངས་མ་མཐའ་ཆ་ཆེན་གཅིག་གིས་རུང་ཙམ་དང༌། རྭ་ཉི་ཤུ་པ་ལྟར་ན་མ་མཐའ་ཆ་ཆེན་གཉིས། རྭའི་ཚད་ནི་དབུས་རྭའི་རྩ་བ་ལ་ཆ་ཕྲན་གཉིས། དཀྱིལ་སྦོམ་སར་ཆ་ཕྲན་བཞི། རྩེ་མོ་བསྣོལ་བའི་ཆ་ལ་ཆ་ཕྲན་གཉིས་ཟེར་ཡང༌། ཤིང་སྡོང་བཅད་ཁ་ལྟ་བུར་འཇོག་པ་མི་ལེགས་པས་བྲང་ངོས་ལ་ཆ་ཕྲན་གཉིས། དེ་ནས་ཆ་ཕྲན་གཅིག་གིས་དཀྱུས་ཇེ་ཕྲ་ལ་སོང་བའི་རྩེ་མོ་རྣོ་བའོ། །རིང་ཐུང་གི་ཚད་ནི་སྒོམ་དོན་ལ། རིང་བའི་ཕྱོགས་བཟང་སྟེ།
ཆ་ཕྲན་བརྒྱད་དུ་བྱས་ཤིང་ཚངས་ཐིག་གི་གཡས་གཡོན་ཆ་ཆེན་གཉིས་གཉིས་ནས་རྭ་གཞན་གཉིས་བསྐོར་བ་ནི་རྟ་བབས་སྒོ་ཚད་གཅིག་མ་དང་བསྟུན་པའི་འབྲི་བའི་ལུགས་ཙམ་ཡིན་གྱི། འདི་ལ་རྭ་ཡོངས་རྫོགས་ཀྱི་དབྱིབས་ཟླ་གམ་མམ་གཞུ་དབྱིབས་སུ་འགྲོ་བས། སྒོམ་དོན་ལ་ནི་དེ་ལྟར་མ་ཡིན་ནོ། །དེས་ན་དབུས་ཀྱི་རྭ་ཆ་ཆེན་གཉིས་སམ་གསུམ་མམ་བཞིའམ་ཆ་ཆུང་བཅུའི་དཀྱུས་སམ་ཆ་ཆེན་ལྔ་སོགས་བྱ་ལ། དེ་དག་གང་ལྟར་ཡང་རྭ་གཞན་རྣམས་ཀྱང་སོ་སོར་བརྐྱང་ན་རིང་ཐུང་མཚུངས་ཀྱང༌། སྐེད་ནས་རིམ་པས་བཀུག་སྟེ་རྩེ་མོ་གུག་པ་དབུས་རྭ་ལ་ཟུག་པས། དབུས་རྭའི་རྩེ་མོ་ཕྱིར་འཕགས་པས་རིང་བ་ལྟར་མངོན་པ་ཡིན་ནོ། །གཡས་གཡོན་གྱི་རྭ་རྣམས་རྩ་བའི་ཞེང་དུ་ཆ་ཕྲན་གཉིས་དབུས་ཀྱི་སྦོམ་སར་ཆ་ཆུང་གསུམ་གསུམ་བྱ་བ་ཡིན་མོད་ཀྱི། རྭ་ཉི་ཤུ་པའི་ཕྱོགས་ལ་གཡས་གཡོན་ཕྱོགས་གཅིག་གི་རྭ་གཉིས་སོ། །རྩ་བ་སྐྱེ་མཚམས་གཤིབས་པ་ལས་དབུས་ཀྱི་སྦོམ་སའི་ཐད་དེ་ཡས་མར་དུ་ཁ་ཕྱེ་སྟེ། འོག་མའི་རྭའི་སྦོམ་ས་ཉི་མ་ལ་རེག །སྟེང་མའི་སྦོམ་ས་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཁ་མཚམས་བསྙམས་པར་བྱས་ནས་རྭ་གཉིས་པོའི་གུང་ཐད་ཀྱི་བར་སྟོངས་ལ་ཆ་ཆུང་གཉིས་ཡོད་པ་ལ་ཡང་མས་ཀྱི་རྭའི་རྩེ་མོ་ཡར་སེགས་ལ་ལོགསྟེང་མའི་རྭ་རྩེ་མར་སེགས་ལ་ལོག་སྟེ་དབུས་རྭ་ལ་ཟུག་པ་ཡིན་ཏེ། ཕྱོགས་ཅིག་ཤོས་ལ་ཡང་དེ་བཞིན་ནོ། །ཡང་སྣ་ཚོགས་རྡོ་རྗེའི་ལྟེ་བ་དཔངས་མཐོན་པོར་བྱས་ཏེ། སྟེང་རྭ་འོག་རྭ་བྱེད་པ་ལ་ཡང་འགལ་བ་མ་མཐོང་སྟེ། དགག་སྒྲུབ་ཀྱི་འགལ་བ་མང་པོ་སྡེབ་པ་འདི་དོན་མེད་པའོ། །རྭའི་ཁ་དོག་ནི། རྭ་བཅུ་གཉིས་པ་ལ་སོགས་རེ་རེའི་རྭ་གསུམ་གསུམ་ཁ་དོག་མཚུངས་པའམ། དེ་ཉིད་ལ་ལྟོས་པའི་
ཕྱོགས་མདོག་ཀྱང་རུང་བ། དཔེར་ན་ཤར་གྱི་དབུས་རྭ་དཀར་པོ་ཡིན་ན། དེའི་རྭ་ལྷོ་མ་སེར་པོ་དང༌། བྱང་མ་ལྗང་ཁུར་བྱེད་པ་ལྟ་བུ་གཞན་ལའང་རིགས་འགྲེ་སྟེ་རྭ་ཁྲར་བྱས་ཀྱང་རུང་ངོ༌། །རྭ་ཉི་ཤུ་པ་ལ་དབུས་དང་གཡས་གཡོན་རྣམས་དེ་དང་འདྲ་བ་ལ། ནུབ་ཀྱི་ཁ་དོག་དམར་པོ་སྟེང་དང༌། ཤར་གྱི་ཁ་དོག་སྔོན་པོ་འོག་ཏུ་བྱེད་པ་ལྟ་བུར་སྟེ། ཕྱོགས་གཞན་རྣམས་ལ་ཡང་དེས་རིགས་འགྲེ་མོད། གཡས་གཡོན་གྱི་རྭ་གཉིས་གཉིས་སྟེང་འོག་ཏུ་བརྩེགས་པའི་རྭ་བཞི་ཟུར་བཞིར་བྱེད་པའི་ལུགས་ལ་ཤར་མའི་གཡོན་གྱི་སྟེང་ཟུར་ལྗང་ཁུ་དང༌། གཡས་ཀྱི་འོག་ཟུར་སེར་པོར་བྱེད་པ་ལེགས་པ་ཡིན་ལ། སྤྱིར་ནས་ར་ཁྲའམ་ཕྱོགས་མདོག་ཇི་ལྟར་བདེ་བར་བྱའོ། །བདུན་པ་རྩིག་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་ནས་ཆ་ཆུང་དགུ་དགུ་ནང་དུ་གཞལ་བའི་མཚམས་སུ་རྩིག་པ་ཡོད་དེ། རྩིག་པ་རིམ་པ་ལྔ་ནི། བྲི་ཆ་ལ་ཕྱི་ནང་གི་རིམ་པར་ཐམས་ཅད་མཐུན་ཡང༌། སྒོམ་དོན་ལ་ཕྱི་ནང་རིམ་པ་ཅན་དུ་བྱེད་པ་དང༌། སྟེང་འོག་ཏུ་རིམ་པ་བྱེད་པའི་ལུགས་གཉིས་བྱུང་ཞིང་གཉིས་ཀར་མི་འགལ་མོད་ཀྱང༌། འདིར་རེ་ཞིག་ཕྱི་ནང་གི་རིམ་པའི་དབང་དུ་བྱ་ལ། དེ་ལྟར་རྩིག་པ་ཆ་ཆུང་གཅིག་གི་སྲབ་མཐུག་ཅན་ཁོར་ཡུག་ཏུ་གྲུ་བཞིར་ལེགས་པར་བསླངས་པ་ཡིན་ནོ། །བརྒྱད་པ་འདོད་སྣམ་ནི། རྩིག་པ་དེའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་གྱི་རིན་པོ་ཆེ་དམར་པོའི་རང་བཞིན་གྱི་འདོད་ཡོན་གྱི་སྣམ་བུའམ་ཁ་ཁྱེར་ཐད་ཀར་ཞེང་དུ་ཆ་ཆུང་གཉིས། དཔངས་ལ་ཡང་ཆ་ཆུང་གཉིས་པ་སྟེ། དེ་ཡང་ལུགས་གཅིག་ལ་སྒོ་རྣམས་ཀྱི་ཐད་མ་གཏོགས་ཁོར་ཡུག་ཏུ་ཡོད་ལ། སྒོའི་ཐད་དུ་ཆད་པར་འདོད། འགའ་ཞིག་སྒོ་ཁྱུད་ཀྱི་ཕྱིའི་ཕུགས་ཆ་ཕྲན་གཉིས་པ་གྲུ་བཞི་པ་དེ་དང༌། དེའི་བརྒྱུད་ལ་ཀ་གདན་
འཛུགས་སའི་དཀྱུས་ཆ་ཕྲན་གཉིས་ཞིང་ཆ་ཕྲན་གཅིག་ལའང་འདོད་སྣམ་མེད་པར་འདོད་དོ། །དེའི་ཕྱིར་འདོད་སྣམ་ཚོ་བཞི་ཡིན་པས་ན་ཁ་ཁྱེར་བཞི་ཞེས་གྲགས་སོ། །འདོད་སྣམ་དེ་ལ་མཆོད་པའི་ལྷ་མོ་རྣམས་གནས་ཏེ། དེ་ཡང་ཤར་གྱི་གཡོན་དུ་པི་ཝཾ་མ་སྔོན་མོ་གླིང་བུ་མ་སེར་མོ། བྱང་གི་གཡས་སུ་རྔ་ཟླུམ་མ་དམར་མོ་རྫ་རྔ་མ་ལྗང་ཁུ། བྱང་གི་གཡོན་དུ་བཞད་མ་དམར་མོ་སྒེག་མོ་སྔོན་མོ། ནུབ་ཀྱི་གཡས་སུ་གླུ་དབྱངས་མ་སེར་མོ་གར་མ་ལྗང་ཁུ། དེ་རྣམས་ཕྱག་བཞི་མ་ཕྱག་དང་པོ་གཉིས་ཀྱིས་རང་གི་མིང་དང་མཐུན་པའི་ཕྱག་མཚན་འཛིན་པ། འོག་མ་གཉིས་གཡས་ཐོད་པ་དང་གཡོན་ཁ་ཊྭཱཾ་གའོ། །ཕྱི་མ་བཞི་པོ་དེ་ལ་བཞད་པ་མོ་དང༌། སྒེག་པ་མོ་གཉིས་བཞད་པའི་ཕྱག་རྒྱ་དང་སྒེག་པའི་ཕྱག་རྒྱ་བྱེད་པའམ། བཞད་མོ་མེ་ཏོག་འཕྲེང་བ་དང་སྒེག་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པའང་ཡོད། གླུ་དབྱངས་མ་འཁར་དཀྲོལ་ཏེ་ཏིང་ཏིང་ཤག་དང༌། གར་མ་པད་སྐོར་བྱེད་པའོ། །ནུབ་ཀྱི་གཡོན་དུ་མེ་ཏོག་མ་སེར་མོ་བདུད་སྤོས་མ་ནག་མོ། ལྷོའི་གཡས་སུ་མར་མེ་མ་དམར་མོ་དྲི་ཆབ་མ་ལྗང་ཁུ་དྲི་བཟང་གི་དུང་ཆོས་འཛིན་པ། ལྷོའི་གཡོན་དུ་གཟུགས་མ་དཀར་མོ་མེ་ལོང་འཛིན་པ་ཞལ་ཟས་མ་དམར་མོ་ཟས་མཆོག་གི་སྣོད་འཛིན་པ། ཤར་གྱི་གཡོན་དུ་ན་བཟའ་མ་ལྗང་ཁུ་ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པ་སྟེ། དེ་ལྟར་བརྒྱད་ནི་གཡས་དང་པོ་རང་གི་མིང་དང་མཐུན་པའི་མཆོད་རྫས་འོག་མས་ཊཱ་མ་རུ། གཡོན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྟེ། ཐམས་ཅད་ཀྱང་གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པའོ། །ཡང་ན་ཕྱག་གཉིས་མར་ཡང་བྱ་སྟེ། དེ་ཡང་ཕྱག་བཞི་མ་ནི་མངོན་བརྗོད་ལས་གསུངས་ལ། གཉིས་མ་
ནི་རྡོ་རྗེ་མཁའ་འགྲོ་ཞི་བ་དང༌། ཁ་སྦྱོར་རྡོར་དབྱིངས་ཀྱི་དཀྱིལ་འཁོར་སྐབས་སུ་སློབ་དཔོན་རྣམས་ཀྱིས་བཤད་དོ། །མཆོད་པའི་ལྷ་མོ་བཅུ་དྲུག་པོ་རྣམས་མཆོད་པའི་གཟུགས་མ་དཔག་ཏུ་མེད་པས་བསྐོར་བ་སྟེ། དེ་ལ་མངོན་བརྗོད་དུ་གསུང་དང་སྐུའི་འཁོར་ལོ་ལ་བཀོད་པ་ལྟ་བུ་ནི་སླས་ཀྱི་ཚུལ་དུ་བཀོད་པ་ཡིན་ལ། འདི་སོགས་འདོད་རྣམ་ལ་འགོད་པ་ནི་གཟུངས་མ་བྱི་ཐབས་མོའི་ཚུལ་དུ་བཀོད་པ་ཡིན་ནོ། །ཕྱག་གཉིས་མར་བྱེད་ན་ནི་ཞི་བ་དར་དང་རིན་པོ་ཆེས་བརྒྱན་པར་བྱས་ཀྱང་རུང་ངོ༌།། འདོད་སྣམ་འདིའི་མཐའ་ནི་སྒོ་བཞི་པོ་རྣམས་ཀྱི་གཡས་གཡོན་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་པའམ། ཀ་བའི་ཕྱི་ཐིག་ལ་རེག་པ་གཉིས་གང་ཡང་རུང་བའོ། །འདོད་སྣམ་སྟེང་གི་རྩིག་ཟུར་དང་སྒོ་ཁྱུད་ཀྱི་ཕུགས་རྩིག་པའི་ངོས་ལ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེའམ་རིན་པོ་ཆེས་བརྒྱན་པའོ། །དགུ་པ་ཕ་གུ་ནི། ཁ་ཅིག་འདོད་སྣམ་གྱི་ཕྱི་རོལ་ན་ལྕགས་ཆུང་གི་ཚུལ་དུ་ཡོད་པར་ཡང་འདོད་མོད། ཕལ་ཆེ་བ་རྩིག་པའི་སྟེང་དུ་ཡོད་པར་བཞེད་པས། འདིར་རེ་ཞིག་འདོད་མཁན་མང་བ་དང་མཐུན་པར་བྱ་སྟེ། དེ་ལྟར་ན་རྩིག་པའི་སྟེང་དུ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་ཁ་དོག་དམར་པོའམ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པ། སྲབ་འཐུག་གི་དཔངས་ཆ་ཆུང་གཅིག་འཕྲེད་ལ་ཞིང་དུ་ཆ་ཆུང་ཕྱེད་དང་གཉིས། ནང་མཐའ་རྩིག་པ་དང་མཉམ་ཞིང༌། ཕྱི་རུ་ཆ་ཆུང་ཕྱེད་རྩིག་པ་ལས་འཕྱར་བ་སྟེ། འཕྱར་འདི་ལ་ཁ་ཅིག་བ་གམ་ཞེས་ཟེར་བ་ནི། བ་གམ་ཅི་ལ་ཟེར་མ་ཤེས་པའི་བླ་བརྡོལ་ལོ། །བཅུ་པ་དྲ་ཕྱེད་ཀྱིས་ནི། ཕ་གུའི་སྟེང་དུ་གསེར་གྱི་གདུང་འདེགས་བྱེད། བྲེ་ཕུལ་ལམ་བྲེ་སྤུངས་སུ་གྲགས་པ་བྲེ་འདེགས་བྱས་ཀྱང་རུང་ལ། ཀ་ཐུང་ཀ་ཞུ་དང་བཅས་པས་བཏེག་ཀྱང་རུང་སྟེ་དྲ་ཕྱེད་ཀྱི་གཞི་དཔངས་ཆ་ཆུང་གཉིས་ཀྱི་ས་ལ་ཆ་བཞིར་བགོས་ཏེ་ཀ་ཐུང་ཆ་གཉིས། ཞུ་དང་གསེར་གདུང་ལ་ཆ་རེ་རེ་ཙམ་བྱེད་དམ། བྲེ་འདེགས་སུ་བྱེད་ན་དེ་ལ་ཆ་གསུམ་གདུང་ལ་གཅིག་གོ །གདུང་
ལེབ་ཀྱི་ཞེང་ཐིག་སྐུད་ཀྱི་ཚད་དུ་འདོད་པ་ཧ་ཅང་འཕྲས་སྐྱོན་ཡོད་པས་ཆ་ཆུང་གཅིག་པར་འདོད་པ་ལེགས་ལ། སྤྱིར་གདུང་དང་གདུང་འདེགས་བྱེད་གཉིས་བསྡོམས་པའི་དཔངས་ལ་ཆ་ཆུང་གཉིས་བྱུང་ན། གཞན་རྒྱ་དཔངས་ཀྱི་ཚད་ཕྲ་མོ་དེ་དག་ལ་ངེས་པ་མེད་དོ། །འོན་ཀྱང་ནང་དུ་འཕྱར་ཆེ་ཆུང་ཇི་ལྟར་བདེ་བ་དང༌། ཕྱི་རུ་རྩིག་པ་དང་ཐད་མཉམ་ལས་ཕྱི་ལ་མ་འདས་པ་བྱ། འདེགས་བྱེད་རྣམས་རིན་པོ་ཆེ་སྣ་ཚོགས་དང་གདུང་གསེར་གྱི་རང་བཞིན་ནོ། །འདེགས་བྱེད་རེ་རེའི་ཐད་ལ་ཕྱི་ངོས་སུ་གདུང་དང་ཞུའི་ངོས་ལ་རིན་པོ་ཆེའི་གཟེར་བུ་བཏབ་པ། ཆ་ཕྲན་གཅིག་གི་བརྒྱད་ཆ་ཙམ་ཕྱིར་འབུར་བ། དེ་འདྲ་སྟེང་འོག་ཏུ་བཞི་བཞི་ཡོད་པ་ལ་གསེར་གྱི་ཉག་ཐག་གམ་སྲད་བུ་དཀྲིས་ཏེ་ཕན་ཚུན་གཅིག་ནས་གཅིག་ལ་འཕྲེང་ངོས་སུ་འཐེན་པ་ལ་ནི་གསེར་གྱི་སྐེ་རགས་བཞི་ཞེས་བྱ་ལ། སྐེ་རགས་གོང་མ་དང་གཉིས་པ་ལ་སྦྲགས་པའི་མ་ཀ་ར་སྟེ་ཆུ་སྲིན་ནམ་སེང་གེའི་གདོང་བྱ་སྟེ། དེའི་ཚད་ནི་དཔངས་སུ་ཆ་ཆུང་གཉིས་ཀྱི་ལྔ་ཆ་དང༌། སྲབ་འཐུག་ཆ་ཆུང་གཅིག་གི་བརྒྱད་ཆ་ཡིན་པ། ཆུ་སྲིན་གྱི་མགོ་ནི་བྱ་འདབས་ལ་རེག་གོ་དེ་ལ་མ་ཀ་ར་ནི་ཆུ་སྲིན་སྤྱི་ཙམ་དུ་བསྒྱུར་ཀྱང༌། ཆུ་སྲིན་གྱི་རིགས་ཀྱི་བྱེ་བྲག་སྟེ། རྒྱ་མཚོ་ཆེན་པོ་ན་གནས་པའི་ཆུ་སྲིན་ཉའི་རིགས་ཅན་རྣམས་ལ་ཟེར་བ་ཡིན་གྱི། འཛིན་ཁྲི་བིར་དུ་གྲགས་པ་ན་ཀྲ་ལ་སོགས་པ་ལ་མི་འཇུག་ཅིང༌། སེང་གེའི་གདོང་ནི་བཟོ་བོ་རྣམས་ལ་ཙི་པ་ཏྲར་གྲགས་པ་ཉིད་དོ། །དེའི་ཁ་ནས་དྲ་ཕྱེད་འཕྱང་བ་སྟེ། དེ་ཡང་གཅིག་གི་ཁའི་འགུག་ནས་ཅིག་ཤོས་ཀྱི་ཁའི་འགུག་ཏུ་ནོར་བུའི་འཕྲེང་བ་ཉིས་བསྒྲིགས་འཕྱར་བ་སྣེ་གཉིས་སུ་མདོ་འཛིན་རེ་ཡོད་ལ། མདོ་འཛིན་གྱི་རྩེའི་ཐེ་གུ་ཁའི་འགུག་ཏུ་བཅུག་པ་ནི་དྲ་བ་སྟེ་དོ་ཤལ་ཡིན་ལ། ཁའི་དབུས་ན་མར་བགྲང་འཕྲེང་གི་མདོ་འཛིན་ཐུར་དུ་དཔྱངས་པ་ལྟ་བུ་ཡོད་པ་ནི་དྲ་ཕྱེད་དེ་དོ་ཤལ་ཕྱེད་པ་
ཡིན་ནོ། །གཞན་མེ་ཏོག་གི་འཕྲེང་བ་དང༌། ཟླ་བ་དང༌། ཟླ་བ་ཕྱེད་པ་དང༌། དར་དཔྱངས་པ་ལ་སོགས་པ་རྣམས་ཇི་ལྟར་བདེ་བར་འགོད་དེ། དེ་རྣམས་གསེར་གྱི་སྐེ་རགས་ཀྱི་ཕྱི་ངོས་སུ་ཡོད་ཅིང༌། རིང་བ་རྣམས་ཕ་གུ་མ་རེག་ཙམ་ལ་རེག་ཏུ་ཉེ་བའོ། ཁ་ཅིག་གསེར་གདུང་ཉིད་གསེར་གྱི་སྐེ་རགས་སུ་འདོད་པ་ནི། གསེར་གྱི་སྐེ་རགས་གཏོང་ཚུལ་མ་གོ་བར་གདུང་ལས་གཞན་དུ་འོས་མེད་སྙམ་པའི་ཧོལ་ཆོད་དེ། ཐ་ན་སྐེ་རགས་ཞེས་པའི་ཚིག་དོན་ཡང་མ་གོ་བར་ཟད་དོ། །དཀྱིལ་འཁོར་འབྲི་བའི་ཚེ། དྲ་བྱེད་ཀྱི་གཞི་ཁ་དོག་ནག་པོར་བྱེད་པའི་རྒྱུ་མཚན་བར་སྣང་སྟོང་པ་མཚོན་བྱེད་ཡིན་ནོ་ཞེས་བླ་མ་དག་གསུངས་ལ། འདོད་ཚུལ་གཞན་ཡོད་མོད་མི་སྤྲོའོ། །བཅུ་གཅིག་པ་ཤར་བུ་ནི། ཐོག་མར་གསེར་གདུང་གི་སྟེང་དུ་དམ་ཚིག་འཁོར་ལོའི་ནང་གི་ཐོག་ཕུབ་པའི་ཕྱམས་གཏོང་སྟེ་ཕྱམས་ཀྱི་དཔངས་ནི་ཆ་ཆུང་ཕྱེད་དོ། །ཕྱམས་ཀྱི་སྣེ་མུ་ཏིག་འཕྲེང་བས་བསྒྲིབས་ཤིང༌། མུ་ཏིག་འཕྲེང་བ་དེ་ནི་གསེར་གདུང་ལས་ཆ་ཆུང་གཅིག་གིས་ཕྱིར་འཕགས་པ་ཡིན་ལ། དེ་ནི་བྱ་འདབས་འོག་མ་ཡིན་ཞིང༌། དེའི་སྟེང་དུ་འོག་མ་འོག་མ་ལས་སྟེང་མ་སྟེང་མ་ཕྱིར་རིང་བའི་ཁ་བད་བབས་སམ་བྱི་ཚེ་རིམ་པ་མང་པོའམ་བྱི་ཚེ་གཅིག་བྱས་ཀྱང་རུང་སྟེ། ཕྱི་མཐའ་མུ་ཏིག་འཕྲེངས་བ་ལས་ཆ་ཆུང་གཉིས་ཙམ་གྱི་རིང་བར་བྱ་སྟེ། བྱི་ཚེ་རིམ་པ་མང་ཉུང་ཇི་ལྟར་ཡང་མུ་ཏིག་འཕྲེང་བ་དང་བཅས་པ་ལ་དཔངས་ཆ་ཆུང་གཅིག་གོ །བྱ་འདབས་སྟེང་མ་བྱི་ཚེའི་ཕྱི་ངོས་ཀྱང་རིན་པོ་ཆེའི་གཟུགས་ཀྱི་རྣམ་པའི་མཛེས་ཚོན་དང༌། དེའི་ནང་ཙམ་གྱི་འོག་ནས་ཤར་བུ་ནི། ནོར་བུ་མིག་གསུམ་མགོ་ཐུར་དུ་བསྟན་པ་ལྟ་བུ་བསྒྲིགས་པའམ། དམ་པོ་ཁ་གཅོད་ཅན་མགོ་བོ་ཐུར་དུ་བསྟན་པ་ལྟ་བུ་རིལ་མོའམ་ལེབ་གཟུགས་ཇི་ལྟར་འོས་པ་
བསྒྲིགས་པ། རིང་ཐུང་མུ་ཏིག་འཕྲེང་བའི་མ་མཐའ་དང་མཉམ་པའོ། །བྱ་འདབས་ཀྱི་སྟེང་ཡང་རིན་པོ་ཆེའི་ཕ་གུ་བསྒྲིགས་པས་བཀབ་པ་ཡིན་མོད་ཀྱི། ཚད་ངེས་པ་མེད་ཅིང་བ་ཀུ་ལའི་ཆ་ཆུང་གཅིག་གི་དཔངས་ལ་མི་བརྩིའོ། །བྱ་འདབས་འདིའི་འཕྱར་རིང་ཐུང་གི་ཚད་ལ་ངེས་པ་མེད་ཀྱང༌། བླ་མ་གོང་མ་རྣམས་འོག་ཏུ་འདོད་སྣམ་ནོན་པ་ཙམ་བྱ་གསུང་པ་ལྟར་རམ། དེ་བས་ཀྱང་རིང་ཙམ་མི་འགལ་ལོ། །བཅུ་གཉིས་པ་མདའ་ཡབ་ནི་རྩིག་པའི་དྲང་ཐད་ཀྱི་ཕྱམས་སྟེངས་སུ་ཕ་གུ་ཐོག་སའི་ཚུལ་དུ་བཀྲམས་ནས། དེའི་སྟེང་དུ་ཐོག་མཐིལ་ལས་གྱེན་དུ་ལངས་པ་ཤིང་དྲ་འདྲ་བའི་རིན་པོ་ཆེའི་དྲ་མིག་སེང་མ་ཁ་དོག་སྣ་ཚོགས་པས་མཛེས་པའམ། ཡང་ན་རིན་པོ་ཆེའི་སྤང་ལེབ་གཡས་གཡོན་དུ་མཐོ་དམན་གྱི་བཏག་སོ་རིམ་པ་བཞི་ཡོད་པ་ནི། རྒྱང་ནས་བལྟས་ན་མཆོད་རྟེན་གྱི་བང་རིམ་འདྲ་བར་འོང་སྟེ་དེ་འདྲ་བ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྒྲིགས་པ་ནི། མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་ཞེས་བྱ་བ་དེ་ཡིན་ལ། བཏག་སོའི་རྣམ་པའི་ཟུར་སྤངས་ཏེ་ཟླུམ་པོར་བྱས་པ་ནི། པདྨ་ཕྱེད་པའི་དབྱིབས་ཅན་ཡིན་པས་མཆོད་རྟེན་དབྱིབས་དང་པདྨའི་དབྱིབས་གཉིས་གནད་གཅིག་ལ། བང་རིམ་རེ་རེའི་རྩེའམ་འདབ་མ་རེ་རེའི་མཚམས་ནས་ཕན་ཚུན་རིན་པོ་ཆེའི་ཐེ་གུས་སྦྲེལ་པ་ཡིན་ནོ།། ཡང་ན་སོའི་འཕྲེང་བ་བསྒྲིགས་པ་འདྲ་བའང་འབྱུང་སྟེ་འདི་ལ་ཡང་པད་འདབ་ཀྱི་དབྱིབས་ཞེས་ཟེར་རོ། །འཇིག་རྟེན་གདགས་པ་ལས། ཐུར་དུ་དཔྱངས་པའི་མདའ་ཡབ་དང༌། །སྟེང་དུ་བརྩེགས་པའི་མདའ་ཡབ་གཉིས་བཤད་ཅིང༌། །ཤེར་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཕོ་བྲང་ལ་སྟེང་དུ་བསྒྲེང་པ་ཁོ་ན་ལ་མདའ་ཡབ་ཏུ་བཤད་པའང་ཡོད་པས། བྱ་འདབས་ལས་
ཐུར་དུ་དཔྱངས་པ་ལ་ཡང་མདའ་ཡབ་ཀྱི་ཐ་སྙད་འཇུག་པ་ཙམ་སྲིད་མོད་ཀྱང༌། གཙོ་བོར་སྟེང་དུ་བསྐོར་བ་ཉིད་ལ་མདའ་ཡབ་ཅེས་གྲགས་པས། མདའ་ཡབ་དང་པུ་ཤུ་འགལ་བར་འཛིན་པ་ནི་མིང་གི་རྣམ་གྲངས་ལ་འཁྲུལ་བ་ཡིན་ནོ། །དེས་ན་བྱ་འདབས་ལས་དཔྱངས་པའི་ཤར་བུའི་སྐད་དོད་བ་ཀུ་ལི་ཞེས་བྱ་ཞིང༌། སྟེང་དུ་ལན་ཀན་བསྐོར་བ་ལ་ཀྲ་མ་ཤིར་ཥ་ཟེར་པས། བ་ཀུ་ལི་དང་ཀྲ་མ་ཤིར་ཥ་གང་ཡིན་རྩད་གཅོད་དགོས་ཀྱི། ལོ་ཙཱ་བ་ངེས་མེད་རྣམས་ཀྱིས་བོད་སྐད་སྣ་ཚོགས་སུ་བསྒྱུར་བའི་ཕྱོགས་ཞེན་འཐེན་འཁྱེར་ཙམ་ལ་སྙིང་པོ་མེད་དོ། །སྒོ་ཁྱུད་ཕན་ཆད་ཀྱི་ཐོག་དང༌། ཁང་བཟང་ཆེན་མོའི་ཐོག ཐོག་རྒྱུད་གཅིག་མི་དགོས་པས། གཞལ་ཡས་ཁང་དངོས་ཀྱི་དྲ་ཕྱེད་ཡན་ཆད་སྒོ་ཁང་ཕྱོགས་ལ་མི་འགྲོ་བར་སྒོ་སྟེང་གི་རྩིག་པ་བརྒྱུད་དེ་གནས་པ་ཡིན་ནོ། །བཅུ་གསུམ་པ་དམ་ཚིག་གི་འཁོར་ལོའམ། ལྷ་སྣམ་གྱི་ཐོག་ཕུབས་ནི། ནང་གི་ཨིནྡྲ་ནཱི་ལའི་ས་གཞིའི་ཟུར་དང་ལྷ་སྣམ་གྱི་མཚམས་སུ་ཀ་བ་རེ་རེ་བཙུགས་ཤིང༌། དེའི་བར་ལ་རིང་ཐུང་ཆ་ཆེན་དྲུག་ཡོད་པའི་ཆ་ཆེན་གཉིས་གཉིས་ཀྱི་མཚམས་སུ་ཡང་ཀ་བ་རེ་རེ་བཙུགས་པའི་ཕྱོགས་སུ་ཀ་བ་གཉིས་གཉིས་དང༌། ཟུར་དུ་རེ་རེ་སྟེ་ཀ་བ་བཅུ་གཉིས་པོ་ཀ་གདན་ཀ་ཞུར་བཅས་པའི་རྩེ་མོ་རྣམས་ཕྱིའི་བྲེ་སྤུངས་སམ་ཀ་ཐུང་གི་ས་དང་རགས་རྩིས་སུ་དཔངས་མཉམ་ལ། ནང་གི་ཀ་བའི་སྟེང་དུ་གདུང་བཀལ་བ་དང༌། ཕྱིའི་གསེར་གདུང་གཉིས་རགས་རྩིས་སུ་མཉམ་པར་བྱའོ། །འོན་ཀྱང་ཆུ་འགྲོས་ཀྱི་ཚུལ་གྱི་ནང་མ་ཅུང་ཟད་མཐོ་བའི་ཆ་དགོས་ཤིང༌། དྲ་ཕྱེད་ཀྱི་སའི་གསེར་གདུང་ལེབ་མོར་བྱེད་པ་ནི། འདེགས་བྱེད་ཤིན་ཏུ་མང་བའི་རྒྱུ་མཚན་གྱིས་དེས་ཆོག་ལ། ནང་མ་ལ་འདེགས་བྱེད་ཀ་བ་ཉུང་བས། གདུང་ལེབ་ཏུ་བྱས་ན་མི་ལེགས་པས་
ནང་གི་གདུང་གྲུ་བཞིའམ་ཟུར་གདུང་དུ་བྱའོ། །དེ་ལྟར་ཕྱི་ནང་གི་གདུང་གཉིས་ཀྱི་སྟེང་དུ་ལྷ་སྣམ་གྱི་ཐོག་འགེལ་བའི་ཕྱམས་གཏོང་ལ། དེ་ནི་བྱ་འདབས་ཀྱི་ཐད་ཀ་ཡིན་ནོ། །ཕྱམས་ཀྱི་སྟེང་དུ་རིན་པོ་ཆེའི་སྤང་ལེབ་གྲལ་མར་བཏང་ཞིང༌། སྟེང་དུ་ཐོག་པའི་ཚུལ་གྱིས་རིན་པོ་ཆེ་བརྡལ་བ་དང༌། ཕ་གུ་བཀྲམ་པ་ཡོད་དེ་དེ་དག་ལ་སྲབ་མཐུག་གི་ངེས་པ་མེད་མོད། མདའ་ཡབ་ནི་དེ་ལས་འཕགས་པ་ཡིན་ཞིང༌། ཁ་ཅིག་མདའ་ཡབ་ཤར་བུའི་སྟེང་ཐད་དུ་ཡོད་པར་འདོད་པ་ནི་མི་འཐད་དོ། །བྱ་འདབས་ཀྱི་ཕྱམས་སྣ་དང་བབས་དང་བྱི་ཚེ་བསྒྲིགས་པ་རྣམས་ཀྱི་སྟེང་ནས་ཐོག་སའི་ཚུལ་གྱིས་རིན་པོ་ཆེས་གཡོགས་དགོས་ཏེ། གཞན་དུ་ན་ཕྱམས་སྣ་དང་བབས་ཧྲང་ཧྲང་པོ་མི་མཛེས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཕྱི་དང་ནང་གི་ཐོག་སའི་ནང་དུ་མདའ་ཡབ་བྱིང་ན་ནི། ཚད་ཆ་ཕྲན་གཅིག་མ་ཚང་བར་འགྱུར་ལ། མ་བྱིང་ན་ནི་ཤར་བུ་དང་མདའ་ཡབ་ཀྱི་བར་དུ་རིན་པོ་ཆེ་བཀྲམ་པ་དེ་ལྷག་པས། ཁང་པའི་དཔངས་སམ་བྲི་ཆ་ཚད་ལས་རྒལ་བར་འགྱུར་སྙམ་ན། མདའ་ཡབ་ཀྱི་རྩ་བ་ཐོགས་ས་དེའི་ནང་དུ་བྱིང་པ་མ་ཡིན་ཡང༌། བྲི་ཆ་ལ་ནི་བྱ་འདབས་སྟེང་གི་ཐོག་ས་འབྲི་མི་དགོས་པས་བྲི་ཆ་ལ་མདའ་ཡབ་ཕྱིར་བཀྱེད་དགོས་པ་སོགས་ཚད་དང་འགལ་བའི་སྐྱོན་མེད་ལ། སྒོམ་དོན་ལ་ནི་སྤྱིར་ཚད་ཕྲ་མོ་འདི་དག་མ་ངེས་པར་ཡང་ཡོད་ཅིང༌། བ་ཀུ་ལི་དང་མདའ་ཡབ་འབྲེལ་མི་དགོས་པའི་ཕྱིར། དེའི་བར་ལ་ཇི་ལྟར་ཡོད་ཀྱང་སྐྱོན་དུ་མི་འགྱུར་རོ། །བཅུ་བཞི་པ་སྒོ་ཁང་ནི། རྩིག་པ་ཇི་ལྟར་འཐེན་པའི་ཚུལ་གྱི་རྨངས་ནི། བྲི་ཆ་ལ་ཇི་ལྟར་ཡོད་པ་ལྟར་ཡིན་ཏེ། དེ་ཡང་རྩ་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་གཉིས་གཉིས་ཏེ་སྡོམས་པས་ཆ་ཆེན་གཅིག །རྩིག་པ་མེད་པའི་བར་སྟོངས་
དེ་ནི་སྒོ་དངོས་ཡིན་ལ། མཚམས་དེའི་རྩིག་པའི་སྣེ་ནས་མདུན་ཕྱོགས་སུ་ཆ་ཆེན་རེ་རེའི་རྩིག་པ་འཐེན་པ་ནི་སྒོ་ཁྱུད་ཅེས་བྱ་ཞིང༌། སྒོ་ཁྱུད་ཀྱི་སྣེ་ནས་གཡས་གཡོན་ངོས་སུ་བཀྱེད་དེ་འཐེན་པ་ནི། སྒོ་འགྲམ་དང༌། དེའི་ངོས་ནས་མདུན་ངོས་སུ་འཐེན་པ་ནི་སྒོ་ལོགས་ཞེས་བྱའོ། །དཔལ་དྲི་མ་མེད་པའི་འོད་ལས་ནི། སྒོ་འགྲམ་དང་སྒོ་ལོགས་ཀྱི་ཐ་སྙད་འདི་དང་གོ་ཟློག་པའི་ཚུལ་གྱིས་གསུངས་པའང་ཡོད་དོ། །སྒོ་ཕན་ཆད་ཀྱི་རྩིག་པ་མཐོ་དམན་ཇི་ལྟར་བྱེད་སྙམ་ན། ཁ་ཅིག་ཆ་ཆུང་དགུའོ་ཞེས་ཟེར་ཡང་སྙིང་པོ་མེད་ལ། འདི་ནི་རྟ་བབས་ཀྱི་མཐོ་དམན་དང་རིམ་པ་བསྟུན་དགོས་ཏེ། རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ། སྣམ་བུ་བཅུ་གཅིག་མ་གཉིས་མཉམ་དགུ་མཉམ་ལ་ནི་ཆ་ཆུང་ཕྱེད་དང་བཅུ་གསུམ་ཙམ་དགོས་ཤིང༌། སྒོ་ཚད་གཅིག་མ་ལ་ནི། ཆ་ཆུང་བཅུའི་ཚད་ཀྱིས་ཆོག་པའང་ཡིན་ནོ། །རྟ་བབས་སྒོ་ཚད་གཉིས་མ་སོགས་ལའང་དེས་རིགས་འགྲེ་སྟེ། ཞིབ་མོར་གཞན་དུ་བཤད་པར་འདོད་དོ། །གང་ལྟར་ཡང་སྒོ་ཁྱུད་དང༌། སྒོ་འགྲམ་དང༌། སྒོ་ལོགས་རྣམས་ཀྱི་རྩིག་པའི་དཔངས་ནི་མཉམ་པོར་བྱ་ཞིང༌། སྒོ་ལོགས་ཀྱི་གཡས་གཡོན་གྱི་རྩིག་སྣ་ལ་རིན་པོ་ཆེའི་གདུང་བཀལ་བ་ལ་ནི་ཡ་ཕུབས་ཀྱི་གདུང་ཞེས་ཟེར་བར་སྣང་ལ། དེ་ཡང་རྩིགས་པའི་རྩ་བ་ནས་ཡར་ཆ་ཆུང་བདུན་འདས་པ་བརྒྱད་པའི་ས་ལ་གདུང་གཏོང་བ་ཡིན་ཏེ། སྒོ་འགྲམ་དང་སྒོ་ལོགས་ཀྱི་ཕྱི་ནང་གི་ཚད་ལ་ཆ་ཆུང་གཉིས་སུ་བྱེད་པའི་ཚེ་ན། གདུང་གི་དཀྱུས་ཆ་ཆུང་བཅུ་པ་འགེལ་དགོས་ཤིང༌། སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་ཆ་མཉམ་པར་བྱེད་པའི་ལུགས་ལ་ནི་གདུང་ཆ་ཆུང་བཅུ་བཞི་པ་འགེལ་དགོས་སོ། །དེ་ཡང་རྩིག་པའི་སྟེང་གི་ཁར་གདུང་འགེལ་དགོས་པ་མ་ཡིན་གྱི། གདུང་ཁུང་དྲུས་པའི་ཚུལ་གྱིས་དཔངས་ཆ་ཆུང་བརྒྱད་
པའི་ཐད་དུ་རྩིག་པ་དྲུས་ཏེ་ཕུག་པའི་ཐད་ལ་ཆ་ཆུང་རེ་རེ་ཡོད་ལ། སྒོ་གཡབས་ཆུང་བའི་དབང་དུ་བྱས་ན། དེའི་བར་ལ་ཆ་ཆུང་བརྒྱད་ཡོད་པས་གདུང་མཐོང་བ་ནི་ཆ་ཆུང་བརྒྱད་དོ། །དེའི་སྟེང་དུ་རྩིག་པ་རིམ་པ་ལྔ་མཚོན་བྱེད་ཅུང་ཟད་གཏོང་བར་སྔ་མ་རྣམས་བཞེད་ལ། སྒོ་གཡབས་ཡངས་ཤིང་ཆེ་བའི་ཕྱོགས་ལ་ནི་གདུང་དེ་ཡོད་ཀྱང་བྲི་བྱ་ལ་མི་འབྲི་བས་ཧར་སྒོ་ཞེས་གྲགས་ཤིང༌། སྤྱིར་གཞུང་རྣམས་ཀྱི་ཚིག་ཟིན་ལ་གདུངས་དེ་ལ་འདེགས་བྱེད་ཀྱི་ཀ་བ་བཤད་པ་དང་མ་བཤད་པ་ཅི་རིགས་པ་ཡོད་ཀྱང༌། དོན་ལ་ནི་གདུང་རིང་ཐུང་གི་ཕྱོགས་གཉིས་ཀ་ལ་ངེས་པར་དགོས་སོ། །དེ་ཡང་ཧར་སྒོའི་ཕྱོགས་ལ་སྒོ་ལོགས་ཀྱི་རྩེ་མོའི་ནང་མཐའ་ནས་ནང་མཐའི་བར་ལ་ཆ་ཆེན་གསུམ་ཡོད་པས། ཆ་ཆེན་རེ་རེའི་མཚམས་སུ་ཀ་བ་སྦོམས་སུ་ཆ་ཕྲན་རེ་རེ་ཡོད་པ་རེ་འཛུགས། དེའི་ངོས་ལ་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་པ་ཡོད་པར་བྱ། སྒོ་ཁང་ཆུང་བའི་ཕྱོགས་ལ་དབུས་སུ་ཆ་ཆུང་གསུམ། གཡས་གཡོན་གྱི་ཕྱི་མཐའ་ལ་ཆ་ཆུང་གཉིས་གཉིས་ཡོད་པའི་བར་དུ་ཆ་ཆུང་ཕྱེད་པའི་སྦོམས་ཀྱི་ཀ་བ་རེ་རེ་འཛུགས་དགོས་པ་ཀ་བ་དེ་གཉིས་ནི་རྒྱན་གྱི་ཀ་བ་ཡིན་པར་མ་ཟད། གདུང་དེའི་སྟེང་དུ་ཀ་ཐོག་ཏུ་ཀ་བ་བཞག་པའི་ཚུལ་གྱིས་ཆ་ཆུང་བཅུའམ་ཕྱེད་དང་བཅུ་གསུམ་གྱི་སྟེང་ནས། སྒོ་ཁྱུད་སྒོ་གཡབས་དང་བཅས་པའི་ཐོག་འབུབས་རྒྱུའི་ཆ་ཆུང་བཅུ་པའི་ཐད་དམ། ཕྱེད་དང་བཅུ་གཉིས་པའི་སྟེང་ནས་ཕྱེད་དང་བཅུ་གསུམ་པའི་བར་དུ་འཛུགས་རྒྱུའི་གདུང་ཞེང་དུ་ཆ་ཆུང་གཅིག་པ་ཅིག་ཡོད་པ་དེ་འདེགས་བྱེད་ཀྱི་ཀ་བ་ཡང་འཛུགས་དགོས་པས་འདི་ངེས་པར་དགོས་སོ། །ཞིབ་མོར་ན་གདུང་ཆ་ཆུང་ཕྱེད་པ་རེ་གཏོད་པས་རྟ་བབས་སྣམ་བུ་བཞི་མ་ལ་ཀ་ཐུང་ཁོ་ན་ཡིན་ལ། སྒོ་ཚད་གསུམ་མ་གཉིས་མཉམ་དགུ་མཉམ་ལ་ནི་ཆ་
ཆེན་གཅིག་པ་ཡིན་ཞིང་གཞན་ལའང་དེའི་རིགས་འགྲེའོ། །སྒོ་ཚད་གཉིས་མ་ལ་ནི་ཆེ་ཆུང་གཉིས་དང་ཆ་ཆུང་གི་སུམ་གཉིས་ཡོད་ལ། དེའི་སྟེང་ནས་རྩིག་གཏོང་གི་སྣེ་ལ་གདུང་འགེལ་ཞིང༌། ཀ་ཐུང་དེ་གཉིས་ཀྱང་གདུང་དེ་འདེགས་བྱེད་ཡིན་ལ། གདུང་དེའི་སྟེང་ནས་ཕྱམས་བཏང་སྟེ་སྒོ་གཡབས་ཀྱི་ཐོག་འབིབས་པ་ཡིན་ནོ། །བྲི་ཆ་ལ་ཀ་ཐུང་དང་གདུང་འདི་རྣམས་མི་འབྲི་བ་ནི། སྤྱིར་ཐོག་ཕུབས་ཀྱི་རིགས་རྣམས་འབྲི་མི་ཐུབ་པ་དང༌། འདི་དག་ནི་རྟ་བབས་ཀྱི་ཕག་ཏུ་སོང་བའི་ཕྱིར་ཡང་ངོ༌། །དེ་ལ་སྒོ་ཁྱུད་ཀྱི་བར་སྟོང་གྲུ་བཞི་པ་ལ་ནི་སྒོ་ཕུགས་ཞེས་བྱ་ཞིང༌། སྒོ་འགྲམ་ཀྱི་ཕྱི་སྒོ་ལོགས་གཉིས་ཀྱི་བར་ཁང་ནི་སྒོ་གཡབས་ཞེས་བྱ་སྟེ། སྒོ་ཁང་ཞེས་པ་ནི་དེ་ཐམས་ཅད་ཀྱི་སྤྱི་མིང་ཡིན་ཡང༌། ཀ་ཅིག་སྒོ་ཕུག་དང་ཁ་ཅིག་སྒོ་གཡབས་ལ་སྒོ་ཁང་གི་མིང་སྦྱོར་བར་ཡང་འདོད་དོ། །འགའ་ཞིག་སྒོ་ཁང་སྟེང་དུ་རྟ་བབས་རྩིག་ཟེར་བ་དང༌། སྒོ་ཁྱུད་ཀྱི་ནང་ཁོ་ན་ལ་སྒོ་ཁང་དུ་ངོས་འཛིན་པ་ནི་ནང་འགལ་སྨྲ་བའོ། །སྒོ་གླེགས་འཛུགས་པའི་ས་ནི་ཁ་ཅིག་རྩ་ཐིག་གི་གནས་དང༌། གཞན་དག་སྒོ་ཁྱུད་སྒོ་འགྲམ་གྱི་མཚམས་དང༌། འགའ་ཞིག་གཉིས་ཀར་དུ་འཛུགས་ཞེས་ཟེར་ན། གཉིས་ཀར་དུ་བྱེད་ཀྱང་མི་འགལ་མོད་ཀྱི། ཁ་ཅིག་སྒོའི་གནས་སུ་སྒོ་གླེགས་མི་འཛུགས་པར་དམ་འཆའ་བ་ནི་འཇིག་རྟེན་དུ་གྲགས་པ་དང་འགལ་ཞིང་སྒོ་ཡིན་པར་འཇོག་བྱེད་ཀྱི་དོན་རྐང་སྟོར་བའོ། །དེས་ན་རྩ་ཐིག་གི་གནས་སུ་གཡས་གཡོན་ཆ་ཆུང་ཕྱེད་ཕྱེད་ལ་སྒོའི་རུ་བཞི་བྱ་ཞིང༌། སྟེང་འོག་ཡ་ཐེམ་མ་ཐེམ་ལ་ཆ་ཆུང་རེ་རེ་བྱ། དབུས་སུ་སྒོ་གླེགས་གི་མེ་ལོང་ཉིས་རལ་དུ་བྱ་བས་རེ་རེའི་ཞེང་དུ་ཆ་ཆུང་གཉིས་གཉིས། དཔངས་ནི་སྒོ་ཁྱུད་ཀྱི་རྩིག་པའི་དཔངས་མཐོ་དམན་དང་བསྟུན་དགོས་པས། རྩིག་དཔངས་ཆ་ཕྲན་བཅུ་པ་ལ་སྟེང་འོག་ཏུ་ཆ་ཕྲན་རེ་རེ་བོར་བས། སྒོ་གླེགས་ཆ་ཕྲན་བརྒྱད་
པ་ཡིན་ལ། རྩིག་དཔངས་ཆ་ཕྲན་ཕྱེད་དང་བཅུ་གསུམ་པ་ལ་ཕྱེད་དང་བཅུ་གཅིག་པ་འོས་ཤིང༌། སྤྱིར་སྒོ་གླེགས་ཀྱི་ཚད་ལ་ངེས་པ་མེད་པས་ཇི་ལྟར་བདེ་བ་ཡིན་པར་བཞེད་དོ། །གལ་ཏེ་སྒོམ་དོན་དང་བློས་བསླང་ལ་ཐེམ་སྐས་བྱེད་པའི་ལུགས་ལྟར་ན། གཞལ་ཡས་ཁང་གི་གཞི་འདོད་སྣམ་གྱི་ཕྱི་རོལ་དུ་རྒྱར་ཆ་ཆུང་གཅིག་པ་དང༌། སྒོའི་གཡས་གཡོན་དུ་རྟ་བབས་ཀྱི་ཀ་བ་འཛུགས་ས་ཚུན་ཆོད་ལ། སྣ་ཚོགས་རྡོ་རྗེའི་ལྟེ་བ་མ་གཞི་ལས་ཆ་ཆེན་རེ་རེ་འཕགས་པ་ཡོད་པ་ལས། སྒོ་ཁྱུད་ཀྱི་ཟུར་གྱི་ཐད་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་བར་ལ་སྒོ་ཚད་གཅིག་གི་རྒྱར་ཆ་ཆེན་གཅིག་པའི་དཔངས་དེ་ཐུར་དུ་གཞོལ་བ་ལ་རྡོ་སྐས་བྱ་ཞིང༌། ཐེམ་སྐས་ཀྱི་རིམ་པའི་གྲངས་ཀྱི་ངེས་པ་ནི་མེད་དེ། བརྒྱད་དང་བཅུ་དྲུག་ལ་སོགས་པ་ཇི་ལྟར་འོས་པའོ། །དབུས་དེར་སྒོ་ཕུགས་དང་ཞེང་མཉམ་པའི་ཐེམ་སྐས་བྱུང་བ་ན། ཡ་ཕུགས་འདེགས་བྱེད་ཀྱི་ཀ་བ་ཡང་སྒོ་ལོགས་ཀྱི་ནང་གཡས་གཡོན་གྱི་གཡབས་སྣར་འཛུགས་པ་འཐད་དམ་སྙམ་ལ། གལ་ཏེ་སྔར་བཤད་པ་བཞིན་འཛུགས་ན། ཀ་བ་སྔར་བས་ཆ་ཆུང་གསུམ་གྱིས་རིང་བར་བྱའོ། །འོན་ཀྱང་སྦྱོང་རྒྱུད་སོགས་གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་མི་བྱེད་པ་རྣམས་ལ་ཐེམ་སྐས་བྱེད་པ་ཤས་ཆེ་ཞིང༌། དུས་འཁོར་ལྟ་བུ་སྣ་ཚོགས་རྡོ་རྗེ་ཡང་མེད་ལ་ཐེམ་སྐས་མ་བཤད་པ་ཡང་མང་ལ། སྣ་ཚོགས་རྡོ་རྗེ་བྱེད་པ་ལ་ནི་ཐེམ་སྐས་མི་བྱེད་པ་མང་ངོ༌། །རྒྱུད་སྡེ་འོག་མ་གསུམ་གྱི་དཀྱིལ་འཁོར་ལ་ཡང་སྣ་ཚོགས་རྡོ་རྗེ་དམིགས་གསལ་གྱི་ཡོད་པ་ལ་ལར་སྲིད་ཀྱང་མེད་པ་ཤས་ཆེ་ལ། རྒྱ་གར་གྱི་ཡང་མཁས་པ་སྒོ་དྲུག་མན་ཆད་ཕྱིས་ཀྱི་རྣམས་སྣ་ཚོགས་རྡོ་རྗེ་བྱེད་པ་ཤས་ཆེ་ཡང་སྔོན་གྱི་རྣམས་ལ་ངེས་པ་མེད་དོ། །བཅོ་ལྔ་པ་རྟ་བབས་ནི། སྤྱིར་རྟ་བབས་ལ་རྒྱ་གར་
གྱི་མཁས་པ་རྣམས་ཀྱང་ཚད་ཅན་དང་ཚད་མེད་དང་འདྲེས་པ་གསུམ་ཡོད་པར་གྲགས་ལ། དེའི་འདྲེས་པ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཀྱིས་འཇིག་རྟེན་སྣང་བྱེད་དུ་བཤད་པ་ལྟ་བུ་ཡིན་ཏེ། འཕྲེད་ལ་སྒོ་ཚད་གསུམ་དུ་ངེས་པ་དང༌། དཔངས་ལ་ངེས་མེད་དུ་མཛད་པ་ལྟ་བུའོ། །ཚད་མེད་པར་འདོད་པ་ལ་ངེས་གཟུང་བཤད་རྒྱུ་མེད་ཀྱང༌། རྒྱ་གར་དང་བལ་པོར་བཞེངས་པའི་བྲིས་སྐུ་རྙིང་མ་ནི་དུ་མ་མཐོང་ངོ༌། །ཚད་ཅན་ལ་རྟ་བབས་སྒོ་ཚད་བཞིར་བཤད་པ་ཡོད་པ་ནི། འཕྲེད་ལ་ཡིན་གྱི་དཔངས་སུ་མ་ཡིན་ཏེ། ད་ལྟའི་རྟ་བབས་སྣམ་བུ་བཞི་མའི་རིང་མཐའ་དང༌། སྒོ་ཚད་གཅིག་མ་སྣམ་བུ་བཅུ་གཅིག་པའི་སྣམ་བུ་འོག་མ་ལ་འགྲིག་པས་དེ་གཉིས་གང་ལ་སྦྱར་ཀྱང་རུང་ངོ༌། །དཔངས་སུ་སྒོ་ཚད་གསུམ་མའི་རིགས་ལ། དུས་འཁོར་ལས། ཁ་འཇོགས་བུམ་པའི་ཏོག་དང་བཅས་པ་རྟ་བབས་ཀྱི་ཚད་ལ་ཐེ་བར་གསུངས་པ་ལྟ་བུ་དང༌། ཡང་རྟ་བབས་ཀྱི་ཁ་འཇོགས་རྣམས་མི་ཐེ་བའི་སྒོ་ཚད་གསུམ་པ་རིགས་གཉིས་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་བཤད་པ་ལྟ་བུ་དང༌། སྒོ་ཚད་གཉིས་མ་ལ་སྣམ་བུ་བཅུ་གཅིག་པ་དང༌། སྣམ་བུ་བརྒྱད་པ་རིགས་གཉིས་ཡོད་ཅིང༌། འདི་ལའང་རྟ་བབས་ཀྱི་འཇོགས་མི་ཐེའོ། །སྒོ་ཚད་གཅིག་པ་ལ་དཔངས་སུ་སྒོ་ཚད་གཅིགརྒྱར་སྒོ་ཚད་གསུམ་ལ་སྣམ་བུ་བཅུ་གཅིག་དང་ལྡན་པ་འཕྲེང་བར་བཤད་པ་ལྟ་བུ་དང༌། སྣམ་བུ་བཞི་པ་རྒྱར་སྒོ་ཚད་བཞི་དཔངས་སུ་སྒོ་ཚད་གཅིག་པ་གཉིས་ཡོད་དོ།། འདི་གཉིས་ལ་ཡང་རྟ་བབས་ཀྱི་འཇོགས་སྒོ་ཚད་གཅིག་ལ་མི་ཐེའོ། །རས་བྲིས་དང་རྡུལ་ཚོན་གང་ཡིན་ཡང་རུང༌། སྒོ་ཚད་གཅིག་མ་དཀའ་ཚེགས་ཆུང་བའི་དབང་དུ་བྱས་ནས། རྒྱ་གཞུང་དཀྱིལ་ཆོག་ལས་སྒོ་ཚད་གཅིག་མར་བཤད་པ་མང་ཡང༌། སྣམ་བུ་བཞི་པར་བཤད་པ་
ནི་དད་བྱེད་གོ་ཆའི་ཐིག་རྩ་ཡིན་ལ། གཞན་ཡང་རེ་རེ་ཙམ་ཡོད་སྲིད་མོད། ཕལ་ཆེར་ལས་སྣམ་བུ་བཞི་པ་མ་བཤད་ཅིང༌། རྒྱ་གར་ཉི་འོག་གི་རྒྱལ་ཁམས་དང་བལ་པོའི་ཡུལ་དུ་སྔགས་ལ་མཁས་པ་དུ་མ་ཡོད་པའི་སྐབས་སུ་བྲིས་པའི་དཀྱིལ་འཁོར་གྱི་བྲིས་ཐང་ཇི་སྙེད་ཅིག་མཐོང་ཡང་སྣམ་བུ་བཞི་མ་མཐོང་ཞིང༌། བལ་པོ་ཕན་ཆད་དུ་འདི་འདོད་མཁན་ཉུང་བ་ཞིག་ཡིན་པར་སྣང་ངོ༌། ཁ་ཆེའི་ཡུལ་ལས་ཅུང་ཟད་བྱུང་བ་ནི། དད་བྱེད་གོ་ཆའི་དཔེ་མཚོན་ལ། དེ་ལོ་ཆེན་གྱིས་བསྒྱུར་ཞིང་དེ་ལ་ཕྱག་ལེན་མཛད་པས། བོད་ཁམས་ཐམས་ཅད་ཁྱབ་པ་ཡིན་ཏེ། སྔར་ནས་ལུགས་དེ་བསླབས་ནས་ཕྱིས་རྒྱ་གར་ལ་ཕྱིན་པའི་ལོ་ཙ་བ་རྣམས་ཀྱང༌། བསླབས་ཤེས་སྔ་མ་དབང་བཙན་པར་བྱེད་པ་ཡང་མང་དུ་བྱུང་མོད། ཤྲདྡྷའི་ཐིག་རྩའི་ལུགས་དེ་ནཱ་རོ་པ་དང༌། ག་ཡ་དྷ་རའི་མན་ངག་ཏུ་མི་འོང་ལ། འབྲོག་འགོས་མར་གསུམ་གྱི་བཞེད་པར་ཡང་མི་འགྱུར་རོ། །སྐབས་འདིར་སློབ་དཔོན་སྤྱོད་པ་པའི་ལུགས་ལ་རྟ་བབས་སྒོ་ཚད་གཉིས་མ་ཡིན་ཏེ། དཀྱིལ་ཆོག་ལས། དྲྭ་ནས་ཐིག་གིས་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བྱ། །ཞེས་གསུངས་ཏེ། རྟ་བབས་ཉིད་ལ་སྒོ་ཚད་གཉིས། གདུགས་དང་བཅས་པའི་འཁོར་ལོའམ་འཁོར་ལོ་རྐྱང་པ་ལ་ཆ་ཆུང་གཉིས་ཏེ། འཇོགས་དང་བཅས་པ་ལ་ཆ་ཆུང་བཅུའོ། །དེ་ལ་སྣམ་བུ་བརྒྱད་པ་དང་བཅུ་གཅིག་པ་གང་ཡིན་གསལ་ཁ་མེད་པས་གང་ལྟར་བྱས་ཀྱང་རུང་མོད། རེ་ཞིག་སྣམ་བུ་བཅུ་གཅིག་པ་ལག་ཏུ་བླང་བདེ་བས་དེའི་ལུགས་བཞིན་བྱའོ། །དེས་ན་སྒོ་ཁྱུད་ནས་སྒོ་ལོགས་ཀྱི་རྩིག་གདོང་བར་གྱི་རྩིག་པའི་དཔངས་ཆ་ཆུང་བཅུ་དང༌། ཆ་ཆུང་གཅིག་གི་སུམ་གཉིས་ཡོད་པ་ཅིག་བྱ། སྒོ་ལོགས་ཀྱི་རྩིག་གདོང་ནས་མདུན་དུ་ཆ་ཆུང་
རེ་རེ་གཞལ་བ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཕྱི་མཐའ་ཡིན་ལ། དེ་ལ་ཕྱི་མཐའ་རེག་ཅིང་སྒོ་ལོགས་ཀྱི་རྩེ་མོའི་ཕྱི་མཐའ་ནས། གཡས་གཡོན་ནས་ཆ་ཆུང་རེ་རེ་བཞག་པའི་མཚམས་སུ་ཀ་བ་ཕྱི་མ་གཉིས་པོ་འཛུགས་ཤིང༌། དེ་གཉིས་ཀྱི་ནང་ཐད་སྒོ་འགྲམ་གྱི་ཕྱིའི་ཟུར་ཐད་སྒོ་འགྲམ་གྱི་རྩིག་པའི་བར་ལ་བར་སྟོངས་ཆ་ཆུང་གཅིག་བཞག་ནས། ཕར་ཕྱོགས་ཀྱི་ངོས་འདོད་སྣམ་ལ་རེག་པར་ནང་གི་ཀ་བ་གཉིས་འཛུགས་ཏེ། ཕྱོགས་རེའི་རྟ་བབས་ལ་ཀ་བ་བཞི་བཞི་འཛུགས་དགོས་སོ། །དེ་ཡང་སྟེགས་བུ་གྲུ་བཞི་པ་ཆ་ཆུང་རེ་དང་བུམ་པ་ཆ་ཆུང་གཅིག་དཔངས་དང་ལྡན་པ་བརྩེགས་པའི་སྟེང་དུ་ཀ་བ་ཆ་ཆུང་ལྔ་པ་འཛུགས་སོ། །བུམ་པ་དང་སྟེགས་བུ་ཤྲདྡྷའི་ཐིག་རྩ་དང༌། ཨ་བྷ་ཡའི་ལུགས་ལ་གསལ་བར་མི་འབྱུང་བ་ནི། འདོད་སྣམ་ཆ་ཆུང་གཉིས་པའི་དཔངས་ཅན་གྱི་ཕག་ཏུ་སོང་བའི་དབང་དུ་མཛད། རྒྱ་གར་བ་སྔ་མ་མང་པོ་ཞིག་རྟ་བབས་ཀྱི་ཀ་བ་ནང་མའི་ཕྱི་ཐིག་གི་མཚམས་ནས་འདོད་སྣམ་མེད་དེ། དེ་ལ་ནི་བྲི་ཆ་ལ་ཡང་སྟེགས་བུ་དང་བུམ་པ་མཐོང་དགོས་ཤིང༌། སྒོ་ཁྱུད་ཀྱི་ཕུག་ན་ཡང་འདོད་སྣམ་མེད་པས་མུན་པར་བྱེད་དེ། སློབ་དཔོན་འདིའི་དཀྱིལ་ཆོག་ན་དེ་གཉིས་གང་དང་མཐུན་གསལ་ཁ་མེད་ཀྱང༌། རྒྱ་གར་གྱི་སྔགས་བླ་མེད་པ་རྙིང་པ་ཕལ་ཆེར་དེ་ལྟར་འདོད་པའི། བུམ་པ་དང་ཀ་གདན་མཐོང་བར་བྱེད་པ་ངོས་ལུགས་འདིའི་དགོངས་པར་ཉེའོ། །སྙམ་མོ། །ཐད་ཀ་དེར་འདོད་སྣམ་ཡོད་མེད་ཀྱི་ཁྱད་མ་གཏོགས་ཀ་བའི་སྒོམ་དོན་ལ་འདྲ་སྟེ། སྟེགས་བུ་བུམ་པ་གཉིས་ཀྱང་ཀ་གདན་ཡིན་པས་ཀ་བར་གཏོགས་ལ་ཆ་ཆུང་ལྔ་པོ་ལ་ཀ་ཞུའི་དཔངས་ཀྱང་ཐེ་མོད་ཀྱི། ཡོངས་སུ་བསྡོམས་པའི་མིང་ལ་ཀ་བ་ཆ་ཆུང་བདུན་པ་ཞེས་བྱའོ། །དེའི་སྟེང་དུ་གསེར་གྱི་སྣམ་བུ་ཆ་ཆུང་གཅིག་གི་སུམ་ཆ་ནང་མཐའ་ཀ་བ་དང་ཚད་མཉམ་ཞིང༌། ཕྱི་གཡས་གཡོན་དུ་ཀ་བ་ལས་ཆ་ཆུང་གཅིག་གིས་འཕགས་པ་ཁོང་སྟོང་སྒམ་རིང་ལྟ་བུ་སྒོ་ཁང་གི་གཡས་གཡོན་ལ་བཀལ་ཞིང༌།
མདུན་ངོས་སུ་ཀ་བ་ལས་ཕྱིར་མ་འཕྱར་བ་ཀ་བ་ཉིད་དང་ཚད་མཉམ་པ་ལ་དབུས་གླང་རྒྱབ་ཀྱི་ཐད་ཀ་ལ། གསེར་སྣམ་དེའི་མ་མཐའ་སྒམ་རིང་གི་མཐིལ་གྱི་ཚབ་གདུང་གདན་འདྲ་བའི་གདུང་ལེབ་ཐིག་སྐུད་གཅིག་གི་སྲབ་འཐུག་ཙམ་ཐལ་མར་བཏང་ཡང༌། དེ་མ་གཏོགས་གསེར་སྣམ་དངོས་གླང་རྒྱབ་ཀྱི་ཐད་ཀར་ཆད་དོ། །དེའི་སྟེང་དུ་ཤར་བུའི་སྣམ་བུ་དང༌། རིན་པོ་ཆེའི་སྣམ་བུ་དང༌། རྨིག་པའི་སྣམ་བུ་རྣམས་དཔངས་སུ་ཆ་ཆུང་གི་སུམ་གཉིས་སུམ་གཉིས་སུ་མཉམ། གཡས་གཡོན་དུ་རྟ་བབས་ནང་ཕྱོགས་ཀྱི་མཐའ་གསེར་སྣམ་དང་མཉམ་ཞིང༌། ཕྱིར་གསེར་སྣམ་ལས་ཀྱང་ཆ་ཆུང་རེ་རེ་འཕགས་པ་ཁོང་སྟོང་སྟེ། སྣམ་བུ་དེ་རྣམས་ཁ་ཕྱི་ལྟས་ནང་ལྟས་ཀྱི་ངོས་ཁ་དོག་མི་འདྲ་བ་དང༌། བཟོ་ཁྱད་དུ་མ་དང་བཅས་པའི་རེ་ཁས་བཅད་པ་མ་གཏོགས་ནང་གི་ཁོང་སྟོང་འབྲེལ་བ་ཡིན་ཞིང༌། སྒོའི་མདུན་གྱི་ཕྱོགས་ལ་སྟེང་གི་མདའ་ཡབ་ལ་གདམ་ང་ཡོད་པ་མ་གཏོགས། སྣམ་བུ་བཅུ་པོ་ཐམས་ཅད་ལ་མཚམས་གཅོད་པའི་རེ་ཁའི་འབུར་ལས་གཞན་པའི་འཕྱར་སོགས་རིང་ཐུང་མེད་པར་སྙོམས་པ་ཡིན་ལ། མུན་པའི་ཕྱི་ངོས་ཧར་སྟོངས་ཡིན་ཡང༌། དྲ་ཕྱེད་ཕྱི་མཐའ་ལ་འཕྱང་བས་མདུན་ངོས་ལ་དེ་ཡང་གཞན་དང་མཉམ་པར་འགྱུར་རོ། །དེ་ལ་གསེར་སྣམ་སྒམ་རིང་ཁ་གཅོད་མེད་པ་ལྟ་བུ་ལ། དེ་ནས་སྣམ་བུ་དེ་གཉིས་སྒམ་ཁ་གཅོད་མེད་ཅིང་ཞབས་ཀྱང་སྟོང་པ་འདྲ་བ་ཚད་མཉམ་པ་གཉིས་སྔ་མའི་སྟེང་དུ་བརྩེགས་པ་ལྟ་བུ་ཡིན་ལ། རྟ་རྨིག་ཀྱང་དེ་དང་འདྲ་བ་ལས་ཁ་གཅོད་བཀབ་པ་ལྟ་བུ་སྟེ། འོན་ཀྱང་གཡས་གཡོན་དུ་གསེར་སྣམ་ལས་ཤར་བུའི་སྣམ་བུ་ཕྱིར་འཕགས་པའི་ཆ་ཆུང་གཅིག་པོའི་ཐད་ཀྱི་ཤར་བུའི་གཤམ་ལ་རིན་པོ་ཆེའི་སྤང་ལེབ་སྲབ་མོས་བཀབ་པ་དགོས་སོ། །དེའི་སྟེང་དུ་མུན་
པའི་སྣམ་བུ་འོག་མ་ནི་དཔངས་ཆ་ཆུང་གཅིག་པ། ནང་གི་ཕྱོགས་ཁོར་ཡུག་ཏུ་སྔར་དང་འདྲ། ཕྱི་ལ་ཟུར་བཞིར་ཀ་བ་ཡོད་ཅིང༌། གླང་རྒྱབ་ཀྱི་གཡས་གཡོན་དུ་ཡང་ཀ་བ་རེ་བཙུགས། དེ་མིན་ཕྱི་སྟོང་པ་འདི་དང་སྒོ་ཁང་གི་རྩིག་པ་རྟ་བབས་ཀྱི་ནང་དུ་ཆུད་པའི་དཔངས་མཉམ་པས། སྒོ་ཁང་རིལ་གྱི་ཐོག་ཕུབ་པའི་ཐོག་གི་མཐའ་ནས་བྱ་འདབས་འདྲ་བ་རིང་པོ་དཔྱངས་པ་སྟེ་རྟ་བབས་དང༌། སྒོ་ཁང་གི་རྩིག་པའི་བར་སྟོངས་ཆ་ཆུང་གཅིག་འདས་ནས། རྟ་བབས་རང་གི་ཐད་མུན་སྣམ་འོག་མའི་སྟེང་ཟུར་དུ་འོག་གི་རྟ་བབས་འདེགས་བྱེད་ཀྱི་གདུང་ལེབ་གསེར་སྣམ་གྱི་འོག་ཏུ་ཡོད་པ་དེ་འདྲ་ཅིག ཀ་ཐོག་ཀ་བཞག་གི་ཀ་བ་མུན་པའི་འོག་ཏུ་རྟ་བབས་ཀྱི་ཁོག་ན་སྲོག་འཛིན་གྱི་ཚུལ་དུ་ཡོད་པ་དེའི་སྟེང་དུ༌། གདུང་ཡང་ཁོར་ཡུག་ཏུ་ཡོད་པ་ལ་བྱ་འདབས་ཀྱི་རྣམ་པ་དེ་དག་ཁེལ་བ། སྟེང་དུ་སྤང་ལེབ་བཀྲམ་པ་ལྟ་བུ་ཡིན་ཞིང༌། ཕྱམས་སྣ་རྣམས་མི་མཐོང་བར་བསྒྲིགས་པའི་ཚུལ་དུ་ཝ་རཎྜ་མདུན་ངོས་སུ་ཤིང་ལེབ་ཟུར་ལངས་ལྟ་བུར་སྦྱར། གཡས་གཡོན་དུ་གདུང་གི་སྟེང་དུ་བྱི་ཚེ་ཞིབ་མོ་བཏང་བ་ལྟ་བུའོ། །ཝ་རཎྜ་དེ་ཡང་དཔངས་སུ་ཆ་ཆུང་གི་སུམ་གཉིས་ཡོད་པ། ནང་དུ་གླང་རྒྱབ་ཀྱི་ཐད་ཀར་ཆད་པ། གཡས་གཡོན་ལ་ཟུར་གྱི་ཀ་བ་ལས་ཆ་ཆུང་རེ་རེས་རིང་བའི་ཕྱམས་སྣའི་རྩེ་མོ་ཕྱིར་ལྟས་མུ་ཏིག་གི་འཕྲེང་བ་བསྒྲིགས་པ་འདྲ་བ་དང༌། །མདུན་ཕྱོགས་ལ་ཝ་རཎ་གྱི་ཕྱི་མཐའ་ཉིད་ལས་དྲ་ཕྱེད་དཔྱངས་པ་ཡིན་ཞིང༌། ཀ་བའི་བར་མཚམས་སྒོ་ལོགས་གཡས་གཡོན་ཕྱོགས་ལ་ཀ་བའི་ཕྱི་མཐའ་དང་སྙོམས་པའི་གདུང་ཡོད་པ། དེའི་སྟེང་གཡས་གཡོན་དུ་བད་ཕུར་བཏངས་བ་འདྲ་བ་དེའི་སྣེ་མོ་ལས་ཆ་ཆུང་གཅིག་གི་ནང་མཚམས་ནས་དྲ་ཕྱེད་འཕྱང་བ་ཡིན་ནོ། །པཎྜི་ཏ་ཁ་ཅིག་ནང་གི་ཐོག་ཕུབས་ཀྱི་གདུང་གི་ཐད་
ཐོག་སྟེང་དུ་སྤང་ལེབ་སྲབ་མོས་ཤག་དྲངས་པ་ལྟ་བུར་འདོད་པའང་ཡོད་སྐད་ཅིང༌། གླང་རྒྱབ་ཀྱི་ཐད་དུ་ལུགས་དེ་མཛེས་པར་སྣང་ལ། འོན་ཀྱང་མུན་སྣམ་གོང་མའི་མདུན་ཕྱོགས་ལ་སྤངས་ལེབ་སྤངས་པའི་གཡབས་ཀྱི་ཚུལ་དུ་བྱེད་པ་ཉིད་ལེགས་སོ། །ཞེས་གསུང་ངོ༌། །གླང་རྒྱབ་ཀྱི་གཡས་གཡོན་མུན་སྣམ་འོག་མའི་ཀ་ཐོག་གམ། ཞུ་སྟེང་དུ་མུན་སྣམ་གོང་མ་ལ་ཡང་གླང་རྒྱབ་ཀྱི་གཡས་གཡོན་དུ་ཀ་བ་རེ་རེ་བྱའོ། །དེ་ལ་མུན་སྣམ་སྟེང་མ་ནི་སྒོ་གཡབས་ཀྱི་སྟེང་ཁང་ཡིན་ལ། དེའི་ཟུར་གྱི་ཀ་བ་བཞི་པོ་ཡང་སྒོ་ལོགས་ཀྱི་རྩིག་སྣ་ཟུར་བཞི་པོའི་སྟེང་ཐད་དུ་བཙུགས་པ་ཡིན་ཞིང༌། དེ་དག་དང་ཐད་དུ་མུན་སྣམ་འོག་མའི་ཀ་བ་ལས། གཡས་གཡོན་གྱི་ནང་དུ་ཆ་ཆུང་གཅིག་གིས་སྤགས་པའི་སར་ཀ་བ་བཙུགས་ཏེ། ཀ་བ་འདི་འོག་གི་ཀ་ཐོག་ཏུ་མི་ཡོད་རུང་འོག་མའི་ཞུ་སྣར་སླེབ་པར་བྱས་ལ། སྒོ་ཁྱུད་སྒོ་འགྲམ་ཀྱི་མཚམས་ཐད་དུ་ཡང་ཀ་བ་གཉིས་བཙུགས་ན་ལེགས་པར་མངོན་ནོ། །ཀ་བའི་སྟེང་དུ་མདུན་རྒྱབ་གཉིས་ཀྱི་གདུང་གཏོང་སྟེ། གཡས་གཡོན་དུ་ཀ་ཐོག་ལས་ཆ་ཆུང་གཉིས་རེས་རིང་ཞིང་འཕགས་པའོ། །རྩིག་གདོང་གི་གདུང་ཐད་སྒོ་ལོགས་ཀྱི་སྟེང་ཟུར་དུ་བཙུགས་པའི་ཀ་བའི་སྟེང་དུ་ཡང་གདུང་བཏང༌། འདི་འདེགས་བྱེད་ལ་འོག་གི་ཀ་ཐུང་སྟེང་དུ་ཀ་བ་བྱུང་ནའང་ལེགས་སོ། །མུན་སྣམ་འདིའི་ཕྱི་མཐའ་གཡས་གཡོན་གཉིས་ཀྱི་གདུང་འཕྲེང་འགེལ་ཏེ། ཀ་བ་ཉིད་དང་ཐད་མཉམ་དུ་ཟད་པ། གདུང་དེ་ཀའི་སྟེང་གི་ཀ་ཐོག་ཀ་བཞག་ཏུ་ཀ་བ་རེ་རེ་ཡོད་ཅིང༌། དེའི་སྟེང་དུ་ཡང་གདུང་སྔར་བཞིན་བཏང་སྟེ་ཐོག་ཕུབ་པ་ཡིན་ལ། ཕྱི་རུ་དེ་སྒྲིབ་པའི་ཕྱིར་འོག་ཏུ་ཤར་བུའི་སྣམ་བུ་དང་དེའི་སྟེང་དུ་རིན་པོ་ཆེ་དང༌། དེའི་སྟེང་དུ་རྨིག་པའི་སྣམ་བུ་རྣམས་སྤང་ལེབ་
ཟུར་ལངས་ལ་བརྩེགས་པ་ལྟ་བུ། ཆ་ཆུང་སུམ་གཉིས་སུམ་གཉིས་ཀྱི་དཔངས་རེ་སོ་སོ་ལ་ཡོད་པ་ལ་སྲབ་འཐུག་གི་ངེས་པ་མེད་དེ། འོན་ཀྱང་སྲབ་པར་བྱ་ལ། ཤར་བུའི་སྣམ་བུ་དེའི་མདུན་གྱི་ཕྱི་མཐའ་ལ་ཡང་དྲ་ཕྱེད་དཔྱངས་པ། གཡས་གཡོན་གྱི་དྲ་ཕྱེད་ཀྱི་སྣེ་ལ་འབྲེལ་བའི་བར་དུ་ཡོད་པ་ནི། མུན་པའི་སྣམ་བུ་གོང་མའི་མདུན་ངོས་ཡིན་ལ། ཤར་བུའི་གཡས་གཡོན་གྱི་ཕྱི་མཐའ་སྒམ་འཕྲེད་ཉལ་ཁ་ནང་བསྟན་འདྲ་བ། དེ་ཁོ་ནའི་འོག་ཕྱོགས་ལ་ཕྱི་ནས་ནང་དུ་གཞལ་བའི་ཆ་ཆུང་རེ་རེ་བོར་བའྀ་མཚམས་སུ་དྲ་ཕྱེད་དཔྱངས་པ་ནི། མུན་སྣམ་གོང་མའི་གཡས་གཡོན་གྱི་ཕྱི་མཐའ་ཡིན་ཏེ། མུན་པ་ནི་བར་སྣང་ཡིན་པའི་ཕྱིར། སྤང་ལེབ་སོགས་ཀྱི་མཚམས་བཅད་པ་མི་དགོས་པས། ཀ་བའི་གཡས་གཡོན་དུ་ཆ་ཆུང་རེ་རེའི་ས་ཚུན་ཆད་དོ། །མུན་སྣམ་འདིའི་ཐད་ཀྱི་གླང་རྒྱབ་ཀྱི་མུ་རན་ནི་ཕྱིར་ལྟས་ཀྱི་ཁ་ཞེང་དང༌། ཕྱི་ནས་ནང་དུ་རྒྱུགས་པའི་སྲབ་འཐུག་ཐམས་ཅད་འོག་མ་རྣམས་དང་འདྲ་བར་བྱའོ། །ཤར་བུའི་སྣམ་བུ་ནི་མུན་པའི་སྟེང་གི་གདུང་གི་ངོས་ལ་གཟེར་གྱིས་བསྡམས་ཤིང་རིན་པོ་ཆེ་དང་རྨིག་པའི་སྣམ་བུ་ཡང་གཡས་གཡོན་གྱི་སྣེ་གཉིས་ཀ་བ་གོང་མའི་ངོས་ལ་གཟེར་གྱིས་བསྡམས་པ། གཡས་གཡོན་དུ་གདུང་ལས་ལྷག་པའི་ཆ་ཕྲན་གཉིས་རེའི་ཐད་དུ་སྒམ་རིང་ཁ་འཕྲེད་བསྟན་ཁ་ནང་དུ་ཕྱོགས་པ་ཉིས་བརྩེགས་ལྟ་བུ་སྟེ། ཤར་བུ་དང་ཡང་སྡོམས་ན་གསུམ་བརྩེགས་ལྟ་བུ་བྱ་བའམ། ཡང་ན་ཤར་བུ་ལ་འོག་གཞི་དང་རྟ་རྨིག་ལ་སྟེང་ཁེབས་མ་གཏོགས་མེད་པར་ཁོང་སྟོང་དུ་བྱས་ཀྱང་རུང་སྟེ། གང་ལྟར་ཡང་ཕྱིར་ལྟས་སྣམ་བུ་གསུམ་ཀར་གྱི་རེ་ཁ་ཡོད་པའོ། །མུན་པ་གོང་མ་ཡན་ཆད་ནི་སྒོ་ཁང་གི་སྟེང་གི་བ་གམ་བསིལ་བའི་ཁང་པའི་ཚུལ་ཡིན་
པས། སྒོ་ཕུགས་ཀྱི་ཐོག་སྟེང་ལས་མཐོ་བའི་ཁང་པ་ཡིན་ནོ། །སྒོ་ཕུགས་ཀྱི་ཐོག་གི་གཡས་དང་གཡོན་དུ་ཡང༌། བྱ་འདབས་དང་ཤར་བུ་དང༌། མདའ་ཡབ་རྣམས་དགོས་ལ། ཕ་གུ་དྲ་ཕྱེད་སོགས་ནི་མི་དགོས་སོ། ཁ་ཅིག་རྨིག་པའི་སྣམ་བུའི་སྟེང་ཐད་རྟ་བབས་ཀྱི་མདུན་ངོས་སུ་ཐོག་ཕུབ་པའི་སྟེང་རྟ་རྨིག་གི་ནང་ན་ཡོད་པའི་ཕྱི་ངོས་ཀྱི་གདུང་སྟེང་དུ། མདའ་ཡབ་འགེལ་བའི་ལུགས་འདུག་པའང་མི་རུང་བ་ནི་མ་ཡིན་ལ། དེ་ལྟར་ན་སྣམ་བུ་བཅུ་གཅིག་པོ་ཐམས་ཅད་ཕྱི་ངོས་སུ་མཉམ་པ་ཡིན་ནོ། །འོན་ཀྱང་འོག་གི་སྒོ་འགྲམ་གྱི་ཐོག་ཕུབ་ཀྱི་ཀ་ཐུང་དང་བཅས་པའི་སྟེང་ཐད་ན་མུན་པ་གོང་མ་དང༌། ཤར་བུ་རིན་ཆེན་རྨིག་པ་གསུམ་ནང་བ་གམ་ཁོང་སེངས་སུ་འབྲེལ་བ་ལས། རྨིག་པ་གོང་མའི་ནང་གི་སྟེང་ཐད་ན་གདུང་ཡོད་ཅིང་དེ་ལ་ཐོག་བཀལ་བ་ཡིན་ལ། གདུང་དེ་འདེགས་བྱེད་ཀྱང་ཡ་ཕུགས་ཀྱི་ཀ་ཐུང་ཐད་དུ་ཀ་བ་གཉིས་བཙུགས་པས་དབུས་ནས་བཏེགགཡས་གཡོན་དུ་ཡང་གདུང་དེའི་སྣེ་གཉིས་ནས། སྒོ་ལོགས་ཀྱི་ཟུར་སྟེང་དུ་བཙུགས་པའི་ཀ་བས་བཏེག་པ་ཡིན་ནོ། །སྒོ་ལོགས་ཀྱི་རྩིག་པའི་སྟེང་ཀ་བའི་བར་མཚམས་དང་སྒོ་འགྲམ་གྱི་སྟེང་རྩིག་རྒྱང་ངམ་སྤངས་ལེབ་ཀྱིས་བསྐོར་ཞིང༌། ཕྱི་ནང་གི་དབུས་སུའང་གདུང་རིང་གཏོང་ཞིང་དེ་འདེགས་བྱེད་ཀ་བའང་དགོས་སོ། །དེ་ལྟར་ན་ཐོག་ཕུབས་ཀྱི་གདུང་དབུས་མའི་སྟེང་དུ་མདའ་ཡབ་དཔངས་སུ་ཆ་ཆུང་སུམ་གཉིས་དཀྱུས་ལ་ཆ་ཆུང་བཅུ་པའོ། །དེའི་སྣ་ནས་བརྩམས་ཏེ། །གཡས་གཡོན་དུ་ཡང་མདའ་ཡབ་ཅུང་ཟད་དགོས་པར་མངོན་ལ། མདའ་ཡབ་ཀྱི་ནང་ཁུགས་དབུས་སུ་སྟེགས་བུ་མདའ་ཡབ་དང་དཔངས་མཉམ་པའི་སྟེང་དུ་པདྨ་ཆ་ཕྲན་གཅིག་པ། གདུགས་དཀར་པོ་ཆ་ཕྲན་ཕྱེད་པ་
རྣམས་བརྩེགས་པར་བྱེད་པའམ། ཡང་ན་སྟེགས་བུ་མེད་པར་པདྨ་ཡོད་ཀྱང་མདའ་ཡབ་དང་མཉམ་པོར་སོང་ཞིང༌། གདུགས་སྤངས་ནས་འཁོར་ལོ་ཉིད་ཆ་ཕྲན་གཉིས་པར་བྱས་ཀྱང་རུང༌། དེ་ཡང་ཡུ་བ་དབྱུག་པ་ཏོག་ཅན་བཙུགས་པའི་དབུས་ནས་འཕྲེད་ལ་ཡན་ལག་ཏོག་དང་བཅས་པ་ཡོད་པ་ལ་འཁོར་ལོའི་ལྟེ་བ་བསྐོན་པར་འདོད་ཅིང༌། འཁོར་ལོའི་གཡས་དང་གཡོན་དུ་རི་དྭགས་ཀྱི་གཟུགས་གསེར་ལས་བྱས་པ་ཕོ་མོའི་གཟུགས་ཏེ་ཕོ་ནི་རྭ་དང་བཅས་པ་དང་མོ་ནི་རྭ་དང་བྲལ་བ་ཡིན་ལ། རི་དྭགས་ནི་ཀྲྀཥྞའམ་རུ་རུ་ཇི་ལྟར་འོས་པར་འདོད་དོ། །མུན་སྣམ་འོག་མ་མན་ཆད་རྟ་བབས་རྣམས་སྒོ་ཁང་གི་ཕྱི་ཁོར་ཡུག་རྩིག་པ་དང་ཡ་ཕུགས་ཀྱི་གདུང་ལ་ཆ་ཆུང་རེས་མ་རེག་པར་བསྐོར་ཏེ་གནས་པ་ཡིན་ལ། མུན་སྣམ་སྟེང་མ་ཡན་ཆད་ནི། སྒོ་ཁང་གི་སྟེང་གཡོགས་ཏེ་གནས་པ་ཡིན་ཞིང༌། རྟ་བབས་ཀྱི་སྣམ་བུ་རྣམས་སོ་སོར་མི་འགུལ་ཞིང་བརྟན་པར་བྱ་བའི་ཕྱིར་ལེགས་པར་བསྡམས་ཤིང་གཟེར་བ་དང༌། ཀ་བ་བཞི་པོའི་ཡང་སྟེང་དུ་བཙུགས་པའི་ཀ་བ་ཕྱི་ནས་མི་མཐོང་ཞིང༌། ཁོང་ན་གནས་པ་དེ་རྣམས་ལ་མཁྱུད་མོ་དང་གཟེར་གྱིས་བསྡམས་པ་དང༌། གཡས་གཡོན་ཏུ་སྒོ་ལོགས་ཀྱི་རྩིག་པ་རྣམས་ལ་སྣེ་ཕྱོགས་རེ་གྱང་ཁུང་དྲུས་པར་བཅུག་པའི་འཕྲེང་ཀ་སྣམ་བུ་རེ་རེ་བཞིན་ཟུར་རྣམས་སུ་རེ་རེ་དང༌། གཡས་གཡོན་མདུན་རྣམས་སུ་ཇི་ལྟར་འོས་པ་སྣམ་བུ་རྣམས་ཀྱི་ནང་ནས་ཕུག་སྟེ། སྣམ་བུའི་ཕྱིའི་བར་དུ་ཕུག་ཅིང་སྦྲགས་པ་དགོས་ལ། གསེར་སྣམ་གྱི་གདུང་ལེབ་མ་གཏོགས་མུན་པ་གོང་མའི་སྟེང་གི་མཐའི་བར་དུ། གླང་རྒྱབ་ཀྱི་ཐད་ཀར་སྣམ་བུ་རྣམས་ཆད་པ་ཡིན་ཞིང༌། དེ་ལ་གླང་རྒྱབ་ནི། མུན་པ་ཝ་རཎ་མུན་པ་གསུམ་ལ་མིག་དབུས་མ་ཡོད་བ་དང༌། འོག་མ་གསེར་ཤར་བུ་རིན་
ཆེན་གསུམ་ལ་མིག་གཡས་གཡོན་གཉིས་དང༌། རྟ་རྨིག་གི་ཐད་དུ་སྦྲེལ་མཚམས་ཡོད། དེའི་ནང་དུ་ཆ་ཆུང་རེའི་མུ་རན་བྱ་སྟེ། དེ་ཟངས་ལེབ་ལྟ་བུས་གཡོགས་ཤིང་མཁྱུད་མོས་དམ་བསྡམས་ཤིང་གཟེར་བ་ལྟ་བུ་ཡིན་ནོ། །དེ་ལ་རྟ་བབས་ཀྱི་ནང་སྒོའི་ཡ་ཕུབས་ཀྱི་བྱ་འདབས་ལས་དཔྱངས་པའི་དྲ་ཕྱེད་རྣམས་ཕྱི་ནས་ཀྱང༌། གླང་རྒྱབ་ཀྱི་ཐད་དུ་མཐོང་བར་བྱ་ཞིང༌། མུན་པ་གོང་མའི་ཐད་ཀྱི་གླང་རྒྱབ་ཀྱི་ནང་དུ་ཤར་བུ་གོང་མའི་དྲ་ཕྱེད་ཉིད་དཔྱངས་པ་སྟེ། འོན་ཀྱང་དྲ་ཕྱེད་རིགས་མི་འདྲ་བ་ཙམ་བྱུང་ན་བྲི་ཆ་ལ་མཛེས་པ་ཙམ་འབྱུང་ལ། གླང་རྒྱབ་ཀྱི་ཐད་དུ་ཝ་རཎྜ་ཆད་པས་དེའི་ཐད་ཀྱི་གདུང་དང་ཐོག་ཕུགས་མཐོང་བ་ཡིན་ཡང༌། གླང་རྒྱབ་དང་ཁ་དོག་གཅིག་པའི་ཚོན་གྱིས་བྱུགས་ནས་དར་དཔྱངས་དང༌། བླ་བྲེ་གདུང་དེའི་ཐད་ནས་གཏོང་བ་ཡིན་པས། བྲི་ཆ་ལ་གདུང་དེ་མི་འབྲི་ཞིང༌། སྔོན་གྱི་བྲིས་ཐང་ཁུངས་མ་མང་པོར་ཐད་དེར་བླ་བྲེ་འབྲི་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ལ་གསེར་སྣམ་ནི་སེར་པོ། ཤར་བུའི་སྣམ་བུ་ནི་གཞི་སྔོན་པོ་ལ་ཤར་བུའི་རི་མོ་འབུར་དོད་ཡོད་པ། རིན་པོ་ཆེ་དམར་པོ། རྟ་རྨིག་ལྗང་ཁུ་དེ་གཉིས་ལ་ཕྲ་རྒྱན་མཛེས་ཚོན་ཡིན། མུན་པ་གཉིས་ནི་བར་སྟོངས་མཚོན་པའི་ཕྱིར་བྲི་ཆ་ལ་ནག་པོར་འབྲི་ཡང༌། བར་སྟོངས་ལ་ཁ་དོག་མི་གསལ་ཞིང༌། མུན་པ་འོག་མའི་ནང་གི་ཁོར་ཡུག་དང༌། སྟེང་མའི་རྩིག་སྟེང་གི་རྭ་བ་རྣམས་ཀྱང་སྔོན་པོའམ་ནག་པོར་བྱ། ཝ་རཎྜ་མཛེས་ཚོན་མདའ་ཡབ་དཀར་པོ། པདྨ་དམར་པོ། འཁོར་ལོ་སེར་པོ། མུན་སྣམ་འོག་མ་མན་ཆད་ཐམས་ཅད་སྒོའི་མདུན་གྱི་ཕྱོགས་ལ་སྲབ་འཐུག་ཆ་ཆུང་གཅིག་པར་མཉམ་ཞིང༌། ནང་ཁོང་སྟོང་ཕྱི་ནང་གཉིས་ཀར་སྤང་ལེབ་བསྒྲིགས་པ་ལྟ་བུ་ཡིན་ལ། མུན་པ་གོང་མ་ཡན་ཆད་ནི་ཚིག་རྐྱང་ཡིན་གྱི་ཕྱི་
ནང་རིམ་པ་གཉིས་མེད་དོ། །མུན་པ་གོང་མའི་རྩིག་སྟེང་གི་ཀ་བ་རྣམས་ཀྱི་བར་བར་ནི། རིན་པོ་ཆེའི་བར་སྐྱ་སྤང་ལེབ་བསྒྲིགས་པའི་རྭ་བའམ་རྩིག་པ་སྲབ་མོ་བརྩིགས་ཏེ། གདུང་རྣམས་ཀྱང་སྐྱ་སྟེང་ན་ཡོད་པ་ཡིན་ནོ། །རྟ་བབས་སྣམ་བུ་བཅུ་གཅིག་མའི་འགོད་ཚུལ་འདི་ནི། སློབ་དཔོན་པུརྞ་བཛྲ་ལ་སོགས་པ་འཕགས་ཡུལ་མཁས་པའི་གསུང་ངག་ལག་ཁྲིད་ལས་དངོས་སུ་ཐོས་པ་ལྟར་བཀོད་པ་ཡིན་པས་ཡིད་ཆེས་ཤིང་ལག་ལེན་དུ་ཁེལ་པར་ཡོད་ལ། སྒྱུར་བྱེད་ལོ་ཙཱ་བ་སོགས་བོད་པ་ཆེས་སྔ་རབས་པ་རྣམས་དང་དམ་པ་མང་པོ་ཞིག་གིས་ནི་ཤིན་ཏུ་མཁྱེན་མོད། ཡི་གེ་གསལ་པོ་མཛད་པ་མ་མཐོང་ལ། བར་སྐབས་ནས་ཕྱིས་འབྱུང་བར་དུ་ཡིག་ཆ་སྣ་ཚོགས་པ་ཏ་བྱུང་མོད་ཀྱི། ཁང་བཟང་ཆེན་པོ་ལ་རྟ་བབས་འཛུགས་དགོས་ན། ལག་ལེན་དུ་མི་ཁེལ་བ་ཤ་སྟག་སྟེ། ཆུ་སྲིན་གྱི་མཇུག་མ་ལ་པ་ཏྲའི་ཟང་ཟིང་ཙམ་འབྲི་བ་ལས་མེད་པའི་དཔེར་གྱུར་ཏོ། །གོ་བདེ་ས་ལ་དཔྱད་པ་མང་ཞིང་ཆགས་སྡང་གི་ཕྱོགས་འཐེན་དང་ང་རྒྱལ་གྱི་ཁ་ཕོ་ཆེ་བ་མང་ཡང་འཐད་མི་འཐད་ལག་ལེན་དུ་བཀལ་བས་མངོན་པ་ལགས་སོ། །དེས་ན་ཆ་ཆེ་ཆུང་གི་རིམ་པ་མ་གཏོགས་འདིས་རིགས་བགྲེས་ཏེ། སྒོ་ཚད་གསུམ་མ་རིགས་གཉིས་དང་གཅིག་མ་སོགས་ལའང་འདི་དག་སྦྱར་བར་བྱ་ཞིང༌། ཁང་བཟང་ལ་རྟ་བབས་དངོས་སུ་བྱེད་ན། ཤིན་ཏུ་སྲ་བའི་རྡོའི་ཀ་གདུང་གྲུབ་ན་རབ། དེ་མིན་གླང་རྒྱབ་ཀྱི་མིག་འོག་མ་གཉིས་ཀྱི་ཐད་ཙམ་དུ་ཀ་བ་ལྷག་པོ་རེ་འཛུགས་དགོས་སོ། །རྟ་བབས་ཀྱི་སྐོར་འདི་བོད་པ་རྣམས་ལ་གོ་དཀའ་བར་ཡོང་གིན་སྣང་བས་ཅུང་ཟད་བཤད་པ་ཡིན་ནོ། །བཅུ་དྲུག་པ་ཐོག་གི་དཔངས་ལ་དཔྱད་པ་ནི། ཐོག་དཔངས་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་མོད། འོན་ཀྱང་བཟོ་ཉེས་འགོག་པའི་སླད་དུ། མཁས་པ་རྣམས་ཚད་ཀྱི་རྣམ་གཞག་མཛད་དོ། །སྒོ་ཁྱུད་ཕན་ཆད་ཀྱི་རྩིག་དཔངས་དམའ་ཤོས་ཆ་ཆུང་
བཅུ་པ་ཡིན་ན། གཞལ་ཡས་ཁང་གི་རྩིག་པའི་དཔངས་ལ་དེ་བས་དམའ་བ་ནི་རྣམ་པ་ཐམས་ཅད་དུ་མི་རུང་ཞིང༌། ཐོག་དཔངས་གཅིག་ལ་རྒྱ་བས་དཔངས་མཐོ་བ་ཡང་མི་རུང་མོད། ཐོག་དཔངས་ལ་ཆ་ཆུང་བཅུ་བདུན་དང་བཅུ་དགུ་ལ་སོགས་པའི་རྣམ་གཞག་བྱེད་པ་ཐད་སོ་དེ་ན་འགལ་བ་མེད་ཀྱང་དེ་འདྲར་ངེས་པ་ནི་མ་ཡིན་ནོ། །འདིར་རྩིག་པའི་དཔངས་དམའ་བའི་ཚད་ནི། །ཆ་ཆུང་བཅུ་གཅིག་གི་དཔངས་སུ་བྱ་ལ། འབྲིང་པོ་ནི་ཆ་ཆུང་བཅུ་གསུམ་བྱ་སྟེ། དེ་ལྟར་ན་ཕ་གུ་དང་དྲ་ཕྱེད་ཀྱི་གཞི་ཆ་ཆུང་གསུམ་བསྣན་པས་ཆ་ཆེན་བཞི་སྟེ་རྒྱ་ཕྱེད་དཔངས་ཡིན་ལ། མཐོ་བའི་ཚད་ནི་རྩིག་པ་ཉིད་ལ་རྒྱ་ཕྱེད་ཀྱི་དཔངས་རྩིས་ཏེ་ཆ་ཆུང་བཅུ་དྲུག་བྱ་ལ། དེའི་སྟེང་དུ་ཆ་ཆུང་གསུམ་བསྣན་པ་ཐོག་དཔངས་ཆ་ཆུང་བཅུ་དགུའོ། །འོན་ཀྱང་ནོར་བུ་རྒྱས་པའི་གཞལ་མེད་ཁང་ནས་གསུངས་པའི་ཁང་བཟང་དེ་ནི་གཞལ་ཡས་ཁང་གི་ཚད་སྟོན་བྱེད་མ་ཡིན་པ་དང༌། ཀ་བ་བཞི་ལས་མ་བཤད་པ་སོགས་ཀྱིས་དེ་ཁུངས་སུ་འདྲེན་པ་ནི་བཞད་གད་ཀྱི་གནས་ཡིན་ནོ། །དེས་ན་རྟ་བབས་སྒོ་ཚད་གསུམ་མ་ལ་ཐོག་དཔངས་མཐོ་བ་དང་སྦྱོར་ཞིང༌། གཉིས་མ་ལ་ཆུང་འབྲིང་གང་རིགས་དང༌། གཅིག་མ་ལ་ཆུང་བ་ཁོ་ན་སྦྱོར་དགོས་པས། སྐབས་འདིར་འབྲིང་པོ་དང་སྦྱར་ན་ལེགས་པར་མཐོང་ངོ༌། །བཅུ་བདུན་པ་འཁོར་ལོ་ལྔའི་མཚན་ཉིད་ལ་དམ་ཚིག་འཁོར་ལོ་ནི། རྩིག་པའི་ནང་རྩ་ཐིག་ཚུན་ཆོད་ཀྱི་ལྷ་སྣམ་ནི་དམ་ཚིག་འཁོར་ལོའི་དངོས་ཡིན་ལ། དེའི་སྟེང་ཐོག་འབུབས་ཚུལ་གོང་དུ་བཤད་ཟིན་ཏོ། །དེ་ཡང་སྒོ་ཁང་ལས་དམ་ཚིག་འཁོར་ལོ་ཐིག་སྐུད་གཅིག་གི་དཔངས་ཙམ་དུ་མཐོང་བར་འདོད་ཅིང༌། སྤྱིར་སྐུ་འཁོར་རྩིག་པ་ལ་ཐུག་སྟེ་དམ་ཚིག་འཁོར་ལོའི་གྲུ་ཆད་རྣམས་མ་གཏོགས། ལྷ་སྣམ་མེད་པར་འདོད་པ་དང༌། རྩིག་པ་དང་
འཁོར་ལོའི་བར་དུ་ཆ་ཆུང་གཅིག་འདོད་པ་དང༌། ལྷ་སྣམ་ཆ་ཆུང་གཉིས་པ་འཇོག་པ་སོགས་སྣ་ཚོགས་ཡོད་ཀྱང༌། འདིར་ལྷ་སྣམ་ཆ་ཆེན་གཅིག་འཇོག་དགོས་ལ། དེའི་ཕྱོགས་མདོག་ནི་ཤར་ནག་བྱང་ལྗང་ནུབ་དམར་ལྷོ་སེར་རོ། །དཀྱིལ་ཆོག་རྡོ་རྗེ་འཕྲེང་བར། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཁང་བཟང་གྲུ་བཞི་ལ་ཀ་བ་མེད་པར་བཞེད་པ་ནི། དེ་ཉིད་དུ་བཤད་པའི་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་དྲུག་པོའི་དབང་དུ་མཛད་པ་ཡིན་པས། བདེ་མཆོག་གི་དཀྱིལ་འཁོར་གཞན་ལ་མེད་པ་མ་ཡིན་ལ། སློབ་དཔོན་འཁྲུལ་པའང་མ་ཡིན་ནོ། །ལྷ་སྣམ་མི་འཇོག་པའི་ལུགས་ལ་གྲུ་བཞིའི་ཀ་བ་བརྒྱད་མི་དགོས་ཏེ། སྐུ་འཁོར་གྱི་གདུང་ཉིད་ལ་དམ་ཚིག་འཁོར་ལོའི་ཐོག་ཕུབ་པས་ཆོག་པའི་ཕྱིར། སྐུ་འཁོར་གྱི་ཀ་བ་བརྒྱད་པོ་ཉིད་ཀྱིས་འདེགས་པ་ཡིན་ནོ། །ལྷ་སྣམ་ཆ་ཆེན་གཅིག་འཇོག་པ་ལ་ནི། འདི་ཉིད་ཀྱི་ཀ་བ་མེད་དུ་མི་རུང་སྟེ། ཟུར་གྱི་ཕྱམས་རྣམས་སྐུ་འཁོར་གྱི་གདུང་ལ་འགལ་དགོས་ན། ཕྱམས་ཧ་ཅང་རིངས་པས་མི་འཚམ་པར་འགྱུར་བས་སོ། །དམ་ཚིག་འཁོར་ལོའི་ནང་གི་གདུང་རྣམས་ཟུར་གྱི་ཀ་སྟེངས་སུ་བསྣོལ་སར་ཟད་པར་བྱེད་དམ་ཅི་འདྲ་ཞེ་ན། མི་བྱེད་དེ་ཐལ་གདུང་དུ་བཏང་ནས། ཕྱི་གཞལ་ཡས་ཁང་གི་དྲ་ཕྱེད་ཀྱི་ས་ལ་ཀ་ཐུང་ངམ་བྲེ་འདེགས་ཀྱི་སྟེང་དུ་འདེགས་བྱེད་བརྟན་པོས་འདེགས་དགོས་སོ། །ཡང་འདི་ལ་ཀ་བ་བརྒྱད་བྱེད་པ་རྣམས་ཀྱི་ལུགས་ནི། ཟུར་ཀ་མི་བྱེད་པའི་ལུགས་སུ་འདུག་ཀྱང༌། ནང་གི་འཁོར་ལོའི་ཐོག་ཕུབས་རིམ་པ་མང་པོ་ཡོད་པ་ལ། ལྷ་སྣམ་སྟོན་ཕྱིན་ཟུར་ཀ་བྱེད་པ་བཟང་སྟེ། གཞན་དུ་ན་ནང་གི་གྲུ་ཆད་ཀྱི་ཐོག་འབུབས་པའི་ཕྱམས་སོགས་ཤིན་ཏུ་མི་བརྟན་པར་འགྱུར་བའི་ཕྱིར་རོ། །ཀ་བ་བཅུ་གཉིས་པོ་དེ་རྣམས་དང་གདུང་རྣམས་སྣ་ཚོགས་རྡོ་རྗེའམ། རལ་གྲིའི་འཕྲེང་བས་མཚན་
པར་བྱ་ལ། ཕྱོགས་ཀུན་ཏུ་ཆ་ཆེན་གཅིག་པ་ལྷ་སྣམ་གྲུ་བཞི་སྣམ་བུ་བརྐྱང་པ་འདྲ་བ། དེའི་ནང་དུ་ཆ་ཆུང་གཅིག་གིས་མཐོ་བར་ཨིནྡྲ་ནཱི་ལའི་ས་གཞི་གྲུ་བཞི་པ་ཡོད་ལ། འདི་ལ་དཔངས་ཆ་ཕྲན་དགུར་འདོད་པ་སོགས་ནི། རང་གི་བྱ་རྒྱུད་ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་དགོངས་པ་ཡིན་པ་ལྟར་བརྫུས་ནས། དཀྱིལ་འཁོར་གྱི་གཞལ་མེད་ཁང་ཡིན་ན། ཐོག་དཔངས་མཐོན་པོ་ཡིན་པའི་ཁྱབ་མཐའ་བཅས་ཀྱང་གྲུབ་ལ། བླ་མ་གོང་མ་རྣམས་གཞལ་མེད་ཁང་གི་ནང་གི་ཀ་བ་ཆ་ཆུང་བཞི་པའམ་ལྔ་པར་བཞེད་ཅིང༌། ཐོག་དཔངས་དམའ་བར་མཛད་པའི་ལུགས་དེ་དང་མི་འགྲིག་བཞིན་དུ་སྒྲིག་དགོས་པའི་ཅི་བྱ་ཚང་རླག་ཏུ་གྱུར་པར་སྣང་ལ། བདེ་མཆོག་གི་དཀྱིལ་འཁོར་གྱི་དཀྱིལ་དུ་ཨིནྡྲ་ནཱི་ལའི་སྟེགས་བུ་ཆ་ཆུང་ཕྱེད་དང་དགུ་པ་བྱེད་དུ་རུང་བའི་སྒྲུབ་བྱེད་ལ། ཕྱག་རྡོར་གྱི་རྒྱུད་བྱ་རྒྱུད་ལས། དཀྱིལ་འཁོར་གྱི་དཀྱིལ་དུ་ཡུངས་ཀར་གཤིབས་པའི་སྟེགས་བུ་བྱེད་པར་བཤད་པས་སོ་ཟེར་བ་སོགས་སྨྱོན་པའི་བསླབ་བཅོལ་བཞིན་དུ་སྨྲ་བར་བྱེད་དོ། །དམ་ཚིག་འཁོར་ལོའི་གདུང་ལྷ་སྣམ་ཆ་ཆེན་གཅིག་གི་ནང་མཐའ་ཨིནྡྲ་ནཱི་ལའི་སྟེགས་བུ་ཕྱོགས་ལ་མ་རྒལ་བ་གལ་ཆེ་ཞིང༌། ཨིནྡྲ་ནཱི་ལའི་སྟེགས་བུའི་སྟེང་དུ་སྐུའི་འཁོར་ལོ་འབྱུང་སྟེ། སྐུ་འཁོར་གྱི་རྩིབས་དང་ཕྱིའི་མུ་ཁྱུད་སྡོམས་པའི་རྒྱ་ཚད་ནི་ཆ་ཆེན་གཅིག་གི་སུམ་གཉིས་ཡིན་ལ། དེའི་མུ་ཁྱུད་ནི་ཆ་ཆུང་ཕྱེད་ཀྱིས་བསྐོར་བར་བྱའོ། །སྲབ་འཐུག་དང་དཔངས་ལ་མུ་ཁྱུད་ཀྱི་དཔངས་ནི་ཆ་ཆུང་རེ་རེ་བྱ་ཞིང༌། རྩིབས་རྣམས་ཀྱི་དབུས་ཀྱི་ཆ་ནི་ཆ་ཆུང་གཅིག་གི་སུམ་ཆའི་སྲབ་འཐུག་ཅན་རྩ་རྩེ་ཅུང་ཟད་སྲབ་པ་རྩ་བ་ལྟེ་བའི་དཀྱིལ་ནས་འཐོན་རྩེ་མོ་མུ་ཁྱུད་ཀྱི་དཀྱིལ་དུ་ཟུག་པ་ཡིན་ནའང༌། རྩ་བ་ལྟེ་བའི་ནང་དུ་ཐིམ་རྒྱུ་མེད་ལ། མུ་ཁྱུད་ཀྱི་དཀྱིལ་ན་རྩིབས་ཀྱི་རྩེ་མོ་ཐིམ་ཡོད་པས། དེ་དང་སྡོམས་ན་
བྲང་ངོས་གཡས་གཡོན་གྱི་ཟུར་དེ་མདུན་རྒྱབ་ཀྱི་ཚད་ཀྱི་དཀྱིལ་དུ་ཡོད་ན་ཡང༌། རྩེ་མོ་ནས་མུ་ཁྱུད་ཆ་ཆུང་ཕྱེད་ཀྱིས་བསྒྲིབས་པའི་ཕྱིར། བྲི་ཆ་ལ་དེ་ཙམ་ཞིག་གི་འཕེལ་ཁ་ཆེ་ཞིང་རྩེ་མོ་ཐུང་བ་ཡིན་ནོ། །ཆ་ཆེན་གཅིག་གི་སུམ་གཉིས་ལ་ཆ་ཆུང་གཉིས་དང་ཆ་ཆུང་སུམ་གཉིས་བྱུང་བ་ལ། སྐབས་འདིར་ཆ་ཆུང་ཕྱེད་ནི་མུ་ཁྱུད་ཡིན་པས་ཆ་ཆུང་གཉིས་དང་ཐིག་གང་ལྷག་ཙམ་འཁོར་ལོའི་རྩིབས་མངོན་པའི་ས་ཡིན་ན། གཡས་གཡོན་གྱི་བྲང་ངོས་འབུར་པོའི་ཚད་ཀྱང་དེ་ཙམ་ཡིན་ནོ། །དེའི་ཕྱིར་རྩ་བ་ནི་ཆ་ཆུང་གཅིག་དང་ཐིག་གང་ཙམ་ཡིན་པར་སྣང་ཡང༌། རགས་རྩིས་སུ་རྩ་རྩེ་གཉིས་ཀར་ཆ་ཆུང་རེར་བྱས་པ་ལ། རྩེ་མོའི་ཕྱོགས་མུ་ཁྱུད་ཀྱིས་བཅད་པས་ཆ་ཆུང་གཅིག་ལྷག་ཙམ་རེ་ཁྱད་ཡོད་ཞིང༌། འཁོར་ལོ་གསུམ་ཀར་མུ་ཁྱུད་ཀྱི་ཞེང་དང་དཔངས་དང་རྩིབས་ཆེ་ཆུང་ལ་ཁྱད་པར་མེད་དོ།། རྩིབས་ཀྱི་སྲབ་འཐུག་མུ་ཁྱུད་ཀྱི་དཔངས་ཀྱི་སུམ་ཆ་ཡིན་ན། མཐའ་ལ་སྟེང་འོག་གཉིས་ཀར་དུ་རེ་ཁ་ཅུང་ཟད་ཡོད་པས། དེ་གཉིས་ཐེན་ཆ་ཕྲན་ཕྱེད་ཡོང་བའི་ཕྱིར་སྐུ་འཁོར་གྱི་མུ་ཁྱུད་དང་ལྟེ་བ་ཨིནྡྲ་ནཱི་ལའི་ས་གཞི་ལ་འབྱར་ཞིང༌། རྩིབས་རྣམས་ས་གཞི་དེ་ལ་ཅུང་ཟད་མ་རེག་པ་ཡིན་ནོ། །དེ་ལ་མུ་ཁྱུད་ཟླུམ་པོར་བསྐོར་ཕྱི་མཐའ་ནི་ཕྱོགས་བཞིའི་སྒོའི་དྲང་ཐད་ཀྱི་དཀྱིལ་ན། ཨིནྡྲ་ནཱི་ལའི་སྟེགས་བུ་དང་ཁ་ད་ཆད་དུ་མཉམ་ལ། ཟླུམ་པོར་བསྐོར་བའི་ཕྱིར་གྲུ་ཆད་བཞི་པོ་བྲི་ཆ་ལ་གསལ་བར་མངོན་པའོ། །རྩིབས་ནས་རྩིབས་ཀྱི་བར་གྱི་དཀྱིལ་དྲང་ཐད་དུ་ཀ་བ་འཛུགས་ཏེ་འཁོར་ལོའི་མུ་ཁྱུད་ཉིད་ཀྱིས་ཀ་གདན་གྱི་སྙིང་པོའི་གོ་ཆོད་པར་བྱས་ཤིང༌། ཀ་རྩའི་མཐའ་སྐོར་དུ་མཛེས་བྱེད་ཙམ་གྱི་བཟོ་ཁྱད་བཀོད་ནས་སྐུ་འཁོར་གྱི་ཕྱི་མཐའི་ཀ་བ་བརྒྱད་འཛུགས་ཏེ། ཀ་བ་རིང་ཐུང་ནི་ཐོག་དཔངས་མཐོ་དམན་འབྲིང་གསུམ་
དང་བསྟུན་པས་གཅིག་ཏུ་མ་ངེས་ཀྱང༌། འདིར་འབྲིང་པོའི་དབང་དུ་བྱས་ནས་ཀ་བ་ཀ་ཞུ་སྦྲགས་པ་ནི་ཀ་བའི་དཔངས་ཞེས་བྱ་སྟེ། དམ་ཚིག་འཁོར་ལོའི་ཐོག་དཔངས་ལ་ཆ་ཆུང་བཅུ་དྲུག་ཡོད་པ་ལས། ཆ་ཆུང་གཅིག་ནི་གདུང་གི་དཔངས་ཡིན་ཞིང༌། ལྷག་མ་ཀ་བའི་དཔངས་སོ། །འདིར་དེ་ལས་ཆ་ཆུང་གཉིས་ཀྱིས་ཐུང་བའི་ཆ་ཆུང་བཅུ་གསུམ་པའི་ཀ་བ་བཙུགས་ཤིང༌། སྟེང་དུ་གདུང་ཟླུམ་པོའི་དཔངས་ཆ་ཆུང་གཅིག ཞེང་དུ་ཆ་ཆུང་ཕྱེད་པ་བཀལ། དེ་དང་དམ་ཚིག་འཁོར་ལོའི་གདུང་མཐོ་དམན་ཐད་མཉམ་ཡིན་པས། དེ་གཉིས་ཀྱི་སྟེང་ནས་གྲྭ་བཞིར་ཕྱམས་རིང་ཐུང་ཅན་བཏང་སྟེ། ཨིནྡྲ་ནཱི་ལའི་སྟེགས་བུའི་སྟེང་ཐོག་དམ་ཚིག་གི་འཁོར་ལོ་དང་ཐོག་ཁྱུད་མཉམ་པ་ཞིག་བཀལ་བས། སྐུ་འཁོར་གྱི་མུ་ཁྱུད་དང་མཉམ་པར་མཐོངས་ཀ་ཟླུམ་པོ་འདྲ་བ་ཞིག་འབྱུང་ལ། དེའི་ཁ་མཚམས་ལ་སླར་ཡང་ཀ་ཐུང་ངམ་བྲེས་བཏག་པའི་གདུང་ཟླུམ་པོ་རྒྱ་དཔངས་གཉིས་ཀར་ཆ་ཕྲན་ཕྱེད་པ་བཀལ། ནང་དུ་གསུང་འཁོར་གྱི་མུ་ཁྱུད་ཀྱི་ཐད་ཀའི་གདུང་འོག་མ་དང༌། གདུང་དེ་མཐོ་དམན་མཉམ་པར་འགྱུར་བས། དེ་གཉིས་ཀྱི་སྟེང་ནས་ཕྱམས་བཏང་སྟེ། སྐུ་འཁོར་གྱི་སྟེང་ཐོག་ཕུབ་པས་ཕྱི་རུ་གདུང་གི་སྟེང་དུ་ཕྱམས་སྣ་བྱི་ཚེ་དང་བཅས་པ་འབྱུང་ཞིང༌། དེའི་སྣེ་ལ་བ་ཀུ་ལི་དང་མདའ་ཡབ་མཚོན་བྱེད་ཙམ་བྱ། ཁ་ཅིག་ཀ་ཐུང་གི་ཕྱི་ངོས་སུ་དྲ་ཕྱེད་སོགས་བྱེད་པར་འདོད་པ་བྱས་ཀྱང་འགལ་བ་མེད་མོད་ཀྱི། འདི་ཐོག་མཐིལ་གྱི་དཀྱིལ་ཡིན་པས་མཛེས་ཁྱད་ཆེན་པོར་འགྱུར་བའི་དགོས་པ་ལྷག་པོ་མེད་པས་ངེས་པར་བྱེད་དགོས་པ་ནི་མ་ཡིན་ནོ། །ཀ་ཐུང་ཁོར་ཡུག་གི་བར་བར་ལ་མུ་ཁྱུད་ཐིག་གང་ཙམ་རེ་འཐེན་ཏེ། ཅུ་གུ་རྩི་ཞེས་འཇིག་རྟེན་དུ་གྲགས་པ་ལྟ་བུ་ཡིན་ནོ། །སྐུའི་
འཁོར་ལོའི་རྩིབས་ཀྱི་སྟེང་ཀ་བའི་བར་བར་ཐམས་ཅད་དུ་ཡང་རྭ་བ་ཆ་ཆུང་ཕྱེད་ཀྱི་དཔངས་ཙམ་རྩིག་པར་བྱ་སྟེ། རྭ་བའི་སྟེང་དུ་ཀ་བ་འཛུག་པ་མིན་ནོ། །འཁོར་ལོ་གསུམ་གྱི་ལྟེ་བ་ཆེན་པོར་བྱེད་པའི་ལུགས་ཀྱི་དབང་དུ་བྱས་ན། འཁོར་ལོའི་རྩིབས་མུ་ཁྱུད་དང་བཅས་པ་དང་ལྟེ་བའི་རྒྱ་ཚད་མཉམ་མོ། །འོན་ཀྱང་འཁོར་ལོ་གོང་མའི་རྩིབས་ཀྱི་བར་སྟོང་གི་ས་ལ་ཁ་དོག་མཐོང་བ་ཙམ་མ་གཏོགས། འཁོར་ལོ་གོང་མའི་རྩིབས་མུ་ཁྱུད་དང་བཅས་པས་འོག་མའི་ལྟེ་བ་གནོན་པའི་ཕྱིར་ལྟེ་བའི་ས་ཁུལ་ལ་སོགས་པ་མེད་དོ། །དེས་ན་སྐུ་འཁོར་གྱི་ལྟེ་བའི་སྟེང་དུ་གསུང་གི་འཁོར་ལོའི་རྩིབས་དང་མུ་ཁྱུད་ཀྱང་སྔར་སྐུ་འཁོར་གྱི་སྐབས་དང་འདྲ་བར་ཡོད་ལ། རྩིབས་བར་ཐད་ཀྱི་མུ་ཁྱུད་རྣམས་ལ་ཀ་བ་ཆ་ཆུང་བཅུ་གསུམ་པ་སྔར་བཞིན་བཙུགས། དེའི་སྟེང་དུ་གདུང་ཐུང་སྔར་བཞིན་བཏང༌། གོང་དུ་བཤད་པའི་སྐུ་འཁོར་གྱི་ཕྱིའི་གདུང་སྟེང་མ་དང་ཐད་མཉམ་རྒྱུ་དེ་འདི་ཡིན་ལ། དེ་གཉིས་ལ་སྔར་བཤད་པ་ལྟར་སྐུ་འཁོར་གྱི་ཐོག་བཀལ་བས། གསུང་འཁོར་གྱི་ཕྱི་མཐའ་མུ་ཁྱུད་དང་མཉམ་པའི་མཐོངས་ཀ་ཟླུམ་པོ་ལྟ་བུར་འགྱུར་བ་སོགས་དང༌། དེ་ལ་ཀ་ཐུང་དང་གདུང་ཟླུམ་སྔར་བཞིན་བྱ་སྟེ། དེ་ནི་གསུང་འཁོར་གྱི་ཕྱིའི་གདུང་སྟེང་མ་ཡིན་ལ། ཐུགས་འཁོར་གྱི་ཕྱིའི་གདུང་འོག་མ་དང་མཐོ་དམན་མཉམ་པས་དེ་གཉིས་ཀྱི་སྟེང་དུ་ཕྱམས་བཏང༌། གསུང་གི་འཁོར་ལོའི་སྟེང་གི་ཐོག་འབིགས་པ་སོགས་སྔ་མས་རིགས་འགྲེས། དེ་བཞིན་དུ་གསུང་འཁོར་ནས་ཐུགས་འཁོར་གྱི་ཐོག་འབིབས་ལུགས་ཀྱང་དེས་རིགས་འགྲེ་བར་འགྱུར། འོག་གིས་ས་གཞིའི་ཁྱད་པར་ལ་ནི། སྐུ་འཁོར་གྱི་ལྟེ་བ་ལ་གསུང་འཁོར་གྱི་རྩིབས་ཡོད་ཀྱང༌། སྐུ་འཁོར་གྱི་ལྟེ་བས་མ་ཁེབས་པའི་སའི་དཀྱིལ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་ཨིནྡྲ་ནཱི་
ལའི་ས་གཞི་འཕགས་པ་སྟེ། དེ་ལ་སྐུ་འཁོར་གྱི་ལྟེ་བ་བརྒྱུས་པ་ལྟ་བུ་ཡིན་ལ། དེ་ཡང་དཔངས་ཆ་ཕྲན་གཅིག་པ། ཕྱིའི་རྒྱ་གསུང་འཁོར་གྱི་ལྟེ་བ་དང་མཉམ་པའོ། །གསུང་འཁོར་གྱི་ལྟེ་བ་ལ་ཞེང་ཆ་ཆེན་གཅིག་གི་སུམ་གཉིས་ཡོད་པའི་ཁོར་ཡུག་སྟེ། ས་གཞི་དེ་ལ་བར་མེད་དུ་འབྱར་བ་ཡིན་ལ། ལྟེ་བ་དེའི་སྟེང་ན་ཐུགས་འཁོར་གྱི་རྩིབས་དང་མུ་ཁྱུད་རྣམས་ཡོད་ཅིང༌། ལྟེ་བ་དེའི་ནང་ཡང་ཨིནྡྲ་ནཱི་ལའི་ས་གཞི་དཔངས་ཆ་ཕྲན་གཅིག་པས་གང་བ་ཡིན་པས། གསུང་འཁོར་གྱི་ལྟེ་བ་ན་ཨིནྡྲ་ནཱི་ལའི་བང་རིམ་ཟླུམ་པོ་བར་མ་དེ་ལ་བརྒྱུས་པ་ལྟར་ཡོད་པ་ཡིན་ལ། གསུང་འཁོར་གྱི་ལྟེ་བ་དེའི་སྟེང་དུ་ཐུགས་འཁོར་གྱི་མུ་ཁྱུད་དང་རྩིབས་རྣམས་སྔར་བཞིན་བཀོད་པ་ཡིན་ཞིང༌། ཐུགས་འཁོར་གྱི་ལྟེ་བ་ཞེང་སྔར་གྱི་དང་མཉམ་པ་ཨིནྡྲ་ནཱི་ལའི་བང་རིམ་བར་པ་དེའི་སྟེང་ན་ཡོད་ཅིང༌། ལྟེ་བ་དེའི་སྟེང་གི་ཕྱེད་ཕྱི་མ་ཕན་ཆད་དུ་བདེ་ཆེན་འཁོར་ལོའི་མཁའ་འགྲོ་མ་བཞིའི་གནས་ཀྱི་པད་འདབ་སེར་པོ་བརྒྱད་པ་ཡོད་ལ། མུ་ཁྱུད་བྱེད་པའི་དབང་དུ་བྱས་ནས། ཐུགས་འཁོར་གྱི་ལྟེ་བའི་ཕྱི་མཐའ་སྟེང་ལ་མུ་ཁྱུད་སེར་པོ་གྲི་གུག་གམ་རྡོ་རྗེའི་འཕྲེང་བས་བསྐོར་བ་རྒྱ་དཔངས་མུ་ཁྱུད་སྔ་མ་རྣམས་དང་འདྲ་བར་བྱ། ཐུགས་ཀྱི་འཁོར་ལོའི་ལྟེ་བས་མ་ཁེབས་པའི་དབུས་ཀྱི་ས་ཆ་ལ་སྔར་བཞིན་ཨིནྡྲ་ནཱི་ལའི་བང་རིམ་ལྟེ་བའི་སྟེང་མཐའ་དང་དཔངས་མཉམ་པ་བྱས་ནས་བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་པོ་པད་འདབ་ཀྱི་དབྱིབས་ཅན་གྱི་འཁོར་ལོ་བྱས་ནས། དེ་སྡོང་པོ་ལས་སྐྱེ་བ་མི་དགོས་པ་དང༌། འདབ་མ་དེ་རྣམས་འབྱུང་བའི་གཞི་ནང་གི་མུ་ཁྱུད་ཕྲ་མོ་ཞིག་གིས་བསྐོར་བའི་དཀྱིལ་དུ་སྡོང་བུ་དང་བཅས་པའི་པདྨ་ལ་གཙོ་བོ་ཉིད་བཞུགས་པར་བྱས་ཀྱང་རུང་ལ། ཐུགས་འཁོར་གྱི་ལྟེ་བའི་ནང་དྲང་ཐད་དུ་ཨིནྡྲ་ནཱི་ལའི་བང་རིམ་གསུམ་པ་དེ་འདྲ་མི་
བྱེད་པར་འོག་གཞི་ཨིནྡྲ་ནཱི་ལའི་ས་གཞི་ལས་སྐྱེས་པ། པདྨའི་ཡུ་བ་ལ་ཐུགས་འཁོར་གྱི་ལྟེ་བ་བསྐོན་པ་ལྟ་བུའི་ཚུལ་དུ་ཡོད་ཅིང༌། མཁའ་འགྲོ་མ་བཞིའི་གནས་ཀྱི་འདབ་མ་ཡང་ཡུ་བ་དེ་ལས་ཀ་སྐྱེས་པས་གཙོ་བོའི་པད་འདབ་དང་དེ་གཉིས་འདབ་མ་སྐྱེ་ས་མཐོ་དམན་ཕྲ་མོ་ཅུང་ཟད་ཡོད་པར་བྱའོ། །འོན་ཀྱང་པད་འདབ་སེར་པོ་མུ་ཁྱུད་དང་བཅས་པ་ལ་ཆ་ཆེན་གཅིག་གི་སུམ་ཆ་ལས་མེད་པས་གཙོ་བོའི་པདྨའི་འདབ་མས་ཀྱང་ཐུགས་འཁོར་གྱི་ལྟེ་བ་ནོན་པ་ཡིན་པར་ཤེས་པར་བྱའོ། །གཙོ་བོའི་པད་འདབ་ཆ་ཆེན་གཅིག་གི་སུམ་ཆའི་ཚད་ཅན་ལ་སྒོས་སུ་མུ་ཁྱུད་མེད་ཅིང༌། གཙོ་བོའི་བཞུགས་གནས་པདྨའི་ལྟེ་བ་ལ་ཆ་ཆེན་གཅིག་གི་སུམ་གཉིས་ཡོད་ལ། དེའི་མཐར་དེ་ཉིད་ཀྱི་དྲུག་ཆས་བསྐོར་བའི་གེ་སར་འབྱུང་བ་ནི། མུ་ཁྱུད་ཀྱི་དོད་ཡིན་ཡང་གཙོ་བོའི་པད་གདན་གྱི་འདབ་མ་ལྷ་གཞན་སྒོས་སུ་འགོད་པ་མེད་པའི་ཕྱིར། འདབ་མ་ཆུང་བ་ཡང་སྐྱོན་མེད་པས་གེ་སར་གྱི་ཁོར་ཡུག་འདབ་མའི་ནང་ནས་བསྐོར་ན་མཛེས་པར་འགྱུར་རོ། །ལྟེ་བ་པདྨའི་སུམ་ཆའི་ཚད་ནི་ལུགས་འདི་ལ་མི་དགོས་ཏེ། གནས་སྐབས་གཞན་རྣམས་སུ་ཡང་མི་དགོས་པ་མང་ངོ༌། འོན་ཀྱང་འདབ་མ་གཉིས་རིམ་གཅིག་ཏུ་བསྡོམས་ན་པད་མ་ཆ་གསུམ་པ་དང་ཡང་མི་འགལ་བ་ཡིན་ནོ། །ཡང་སྐུ་གསུང་ཐུགས་དང་བདེ་ཆེན་འཁོར་ལོའི་མུ་ཁྱུད་རྣམས་ཀྱང་དཔངས་སྔར་བཞིན་ལ་སྲབ་འཐུག་འཁོར་ལོ་སོ་སོ་རང་རང་གི་དྲུག་ཆའི་ཚད་ཁོར་ཡུག་ཏུ་བྱ་ཞིང༌། ཆ་ལྔ་པོ་རྩིབས་དང་པད་འདབ་ཏུ་བྱས་ནའང་བྲི་ཆ་སོགས་ལ་ཤིན་ཏུ་ལེགས་པར་འགྱུར་བས་སྤྱིར་འདམ་ཁ་ཡིན་མོད། བྲི་བ་ལ་དྲུག་ཆ་དང༌། བློས་བསླངས་ལ་སྔར་བཞིན་བྱས་ན་ལེགས་སོ། །ཀ་བ་རྣམས་ཀྱི་སྦོམ་ཕྲའི་ཚད་ཀྱང་རགས་རྩིས་སུ་རྭ་བའི་སྲབ་འཐུག་དང་མཉམ་པར་བྱ་ཞིང༌། གདུང་
གི་སྲབ་འཐུག་ཀྱང་དེ་ཙམ་སྟེ་ཕྲ་མོ་འདི་དག་བཟོ་ཐིག་དང་བསྟུན་པས་ཀྱང་ཆོག་གོ །གལ་ཏེ་འཁོར་ལོ་གསུམ་གྱི་སྟེང་ཕྲ་མོ་བྱེད་ན། སྐུ་འཁོར་གྱི་ལྟེ་བ་གསུང་འཁོར་གྱི་མུ་ཁྱུད་དང་ཞིང་མཉམ་ཞིང༌། སྐུ་འཁོར་གྱི་ལྟེ་བའི་སྟེང་དུ་མུ་ཁྱུད་དེ་ཡོད་ལ། དེའི་ནང་སྟོང་པ་གསུང་འཁོར་གྱི་རྩིབས་ཀྱི་ཐད་ཀྱི་འོག་གཞི་མ་ནས་འཁོར་ལོ་དཀར་པོར་ཡོད་པ་དང༌། དེ་བཞིན་དུ་གསུང་འཁོར་གྱི་ལྟེ་བའི་སྟེང་ན་ཐུགས་འཁོར་གྱི་མུ་ཁྱུད་ཡོད་ཅིང་རྒྱ་དཔངས་མཉམ་པས་བྲི་ཆ་ལ་ལྟེ་བ་མི་མངོན་ལ། ཐུགས་འཁོར་གྱི་རྩིབས་ཀྱི་འོག་གཞི་མེའི་དཀྱིལ་འཁོར་དམར་པོར་བྱ་ཞིང༌། རྩིབས་བར་གྱི་ཁ་དོག་གཉིས་པོ་དེ་རྣམས་སྔར་དང་འདྲ་ཡང་རྒྱུ་མཚན་མི་གཅིག་ལ། སྐུ་འཁོར་གྱི་རྩིབས་ཀྱི་བར་ནི་སྔར་བཤད་པ་ཨིནྡྲ་ནཱི་ལའི་ས་གཞི་ཁོ་ན་ཡིན་ཡང༌། འདིར་ཨིནྡྲ་ནཱི་ལའི་ས་གཞིའི་སྟེང་དུ་རླུང་གི་དཀྱིལ་འཁོར་གྱིས་ཁྱབ་པ་ཡིན་པས། རླུང་གི་ཁ་དོག་ནག་པོའམ་ལྗང་ཁུ་གང་རུང་བྱ་སྟེ། དེའི་ཚེ་དམ་ཚིག་གི་འཁོར་ལོའི་འོག་གཞི་ཡང་སའི་དཀྱིལ་འཁོར་ཡིན་པས། དེ་མཚོན་བྱེད་དུ་འཁོར་ཡུག་གི་རྡོ་རྗེའི་རྭ་བ་སེར་པོ་སྣ་ཚོགས་རྡོ་རྗེས་མཚན་པར་བྱའོ། །ཐུགས་འཁོར་གྱི་ལྟེ་བའི་སྟེང་དུ་བདེ་ཆེན་འཁོར་ལོའི་མུ་ཁྱུད་སྔར་བཞིན་འཐེན་ཡང༌། བདེ་ཆེན་འཁོར་ལོའི་གཞི་ནམ་མཁའི་ཁམས་མཚོན་བྱེད་ལྗང་ཁུར་བྱས་ན་ལེགས་པས། འདབ་མའི་རྩེ་མོའི་མཚམས་རྣམས་ནས་ལྗང་ཁུ་མཚོན་བྱེད་ཙམ་འབྲི་དགོས་ཀྱི་སྔོན་པོ་མི་འབྲིའོ། །དེས་ན་འཁོར་ལོ་གསུམ་གྱི་ལྟེ་བ་ཞེང་ཆེ་ཆུང་གི་དབྱེ་བ་ཡང་ཤེས་དགོས་ཤིང༌། གཙོ་བོའི་གནས་ཀྱི་སྣ་ཚོགས་པདྨ་ནི། པདྨ་ཁྲ་བོར་བྱེད་ན་ཕྱོགས་བཞི་ཕྱོགས་མདོག་དང་མཚམས་བཞི་མཛེས་ཚོན་དུ་བྱ་ལ། ལུགས་འདིའི་ཕྱོགས་མདོག་ཤར་སྔོན་པོ་
དང༌། དཀར་པོ་འདམ་ཁ་ཡིན་ཡང་བླ་མ་གོང་མ་རྣམས་སྔོན་པོར་མཛད་དོ། །སྐུ་གསུང་ཐུགས་དང་བདེ་ཆེན་བཞི་པོ་ཁ་དོག་གཅིག་པར་ངེས་ཤིང༌། དམ་ཚིག་འཁོར་ལོ་དང་གཙོ་བོའི་གནས་སྣ་ཚོགས་པའི་མདོག་ཅན་དུ་འདུག་ན། སྣ་ཚོགས་དེ་ཡང་ལྗང་ཁུ་དང་ཁྲ་བོ་འདམ་ཁར་བྱེད་པའི་ཕྱིར། དམ་ཚིག་གི་འཁོར་ལོ་ཁྲ་བོར་ཡོད་པས་གཙོ་བོའི་གནས་ལྗང་ཁུར་བྱས་ན་མི་ཟློས་པའི་ཕྱིར་ཡང་ལེགས་ལ། མཁའ་ཁམས་བདེ་བ་ཆེན་པོ་མཚོན་པ་སོགས་ཀྱི་གནད་ཀྱང་ཡོད་པས། ཁྲ་བོས་ཀྱང་ལྗང་ཁུར་བྱས་ན་ལེགས་སམ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །དེ་ལ་པད་འདབ་ཀྱི་ཕྱི་རོལ་གྱི་མུ་ཁྱུད་ལ་སྔར་བཞིན་ཀ་བ་བཙུགས་ནས་གདུང་བཀལ་བའི་བདེ་ཆེན་འཁོར་ལོའི་ཕྱིའི་གདུང་འོག་མ་ནས། ཐུགས་འཁོར་གྱི་མུ་ཁྱུད་ཐད་ཀྱི་གདུང་སྟེང་མ་ཀ་ཐུང་སྟེང་གི་གདུང་ལ་ཕྱམས་བཏང་བས་ཐུགས་འཁོར་ཉིད་ཀྱི་ཐོག་འབུབས་པ་ཡིན་ཞིང༌། དེའི་ཚེ་བདེ་ཆེན་འཁོར་ལོའི་མཐའི་ཁོར་ཡུག་དང་མཉམ་པའི་མཐོངས་ཀ་ཟླུམ་པོ་ལྟ་བུ་འབྱུང་བས། དེ་ལ་ཡང་སྔར་བཞིན་ཀ་ཐུང་དང་གདུང་བཏང༌། དེའི་སྟེང་དུ་རྒྱ་ཕིབས་ཁྱུང་མགོའི་རྣམ་པ་བྱེད་ན་སྐབས་འདིར་བྱ་ཡི། གཙོ་བོ་རྐྱང་པའི་ཐོག་ཕུབས་ལ་བྱས་ན་བརྗིད་ཀྱི་མི་འཚམ་པར་འགྱུར་ཞིང༌། ཕྱིའི་གཞལ་ཡས་ཁང་ལ་ཁྱུང་མགོ་བྱེད་པའང་ལེགས་པ་མ་ཡིན་ནོ། །འོན་ཀྱང་རྒྱུད་གཞུང་རྣམས་ནས་རྒྱ་ཕིབས་ཁྱུང་མགོ་མ་བཤད་ལ། ཕྱོགས་འདིར་བར་སྐབས་མན་ཆད་དུ་བྱས་པར་ཟད་ཀྱི། སྔོན་གྱི་རྣམས་ཀྱང་ལག་ལེན་ལ་མི་མཛད་པར་གྲགས་སོ། །སངས་རྒྱས་གསང་བས་མཛད་ཟེར་བ་ན། རྒྱལ་ཁབ་རི་བོའི་གུར་དུ་འདོད། །ཅེས་སོགས་རྒྱལ་ཁབ་ཅེས་པ་རྒྱ་ཕིབས་ཁྱུང་མགོ་ཡིན་ཟེར་ནའང༌། དེ་དེ་ལྟར་
ཡིན་པའང་མ་ངེས་ཤིང༌། གཞུང་དེ་ཡང་རྩོད་བཅས་སུ་སྣང་བས་བཏང་སྙོམས་སུ་བཞག་གོ་དེས་ན་གདུང་ཟླུམ་དེའི་སྟེང་དུ་རྡོ་རྗེའི་ཐལ་གདུང་བཞི་མིག་མང་རིས་སུ་བཏང་ནས། །ཕྱོགས་མཚམས་ཀྱི་རེ་མིག་བརྒྱད་ལ་ཐོག་ཕུབ། དབུས་ཀྱི་བུ་ག་མཐོངས་ཀ་གྲུ་བཞི་འདྲ་བ་དེ་ལ་སྔར་ལས་ཅུང་ཟད་རིང་བའི་ཀ་ཐུང་དང༌། གདུང་གྲུ་བཞིར་བཀལ་ཏེ། དེ་ལ་ཐོག་ཆུ་འགྲོས་ཙམ་མ་གཏོགས་ཆ་མཉམ་དུ་ཕུབ་པའམ། །ཡང་ལུགས་གཅིག་ལ་གཙོ་བོའི་པདྨའི་མཐའ་འམ་གེ་སར་དང་མཉམ་པར་ཀ་བ་བཞི་བྱས་ཏེ་དེའི་སྟེང་དུ་གདུང་གྲུ་བཞིར་བཀལ། མཐའ་སྐོར་ཕྱོགས་མཚམས་ཀྱི་ཐོག་ཕུབ་པ་ནི་ལྷ་མོ་བཞིའི་གནས་ཀྱི་ཐོག་ཡིན་ཏེ་སྔར་བཞིན་བྱེད། ཡང་ལུགས་གཅིག་ལ་དབུས་སུ་གདུང་ཟླུམ་པོ་གཙོ་བོའི་གནས་ཀྱི་མཐའ་དང་མཉམ་པར་བྱེད། དེ་འདེགས་བྱེད་ལ་ཀ་བ་བརྒྱད་འཛུགས་དགོས། དེ་ལྟར་ན་གཙོ་བོའི་གནས་ཀྱི་མཐའི་གདུང་དང༌། བདེ་ཆེན་འཁོར་ལོའི་གནས་ཀྱི་མཐའི་གདོང་གི་སྟེངས་སུ་ཕྱམས་བཏང་ནས་བདེ་ཆེན་འཁོར་ལོའི་ཐོག་ཕུབ། དབུས་ཀྱི་ཟླུམ་པོ་ལ་སྔར་བཞིན་ཀ་ཐུང་དང་གདུང་བཏང་སྟེ། ཐོག་མཉམ་པར་འབུབས་པའམ། དབུས་ཕྱུར་བུའི་ཐོག་འབུབས་ཏེ་འདི་ཕྱི་ལྟས་ཀྱི་དབྱིབས་ལེགས་ཀྱང༌། གཙོ་བོའི་མཐའ་སྐོར་དུ་ཀ་བ་བརྒྱད་བྱེད་པ་ནི་ས་ཁུལ་དོག་པོ་ལ་ཅུང་ཟད་ཀ་བ་མངས་པས་མི་མཛེས་པར་སྣང་ངོ༌། །ཡང་བདེ་ཆེན་འཁོར་ལོ་ཉིད་ཀྱི་ཐོག་ལ་གཙོ་བོའི་གནས་ཀྱི་ཟུར་བཞིར་ཀ་བ་རིང་པོ་རེ་བཙུགས་ལ། དེ་ལ་གདུང་བཀལ་དེའི་སྟེང་ནས་འཁོར་གྱི་གནས་ལ་ཕྱམས་རིང་མོ་ཐུར་སེགས་སུ་བཏང་ཞིང་ཕྱམས་སྣེ་ཡར་མར་ཐམས་ཅད་གཟེར་དང་མཁྱུད་མོས་བསྡམས། དབུས་ཀྱི་གཙོ་བོ་བཞུགས་
གནས་ཀྱི་ཐོག་གྲུ་བཞི་ལ་ལན་ཀན་མཛེས་པས་བསྐོར་བ་བྱེད་པའང་འདུག་པ་འདི་ནི། །བདེ་ཆེན་འཁོར་ལོ་ཧར་མིའི་རྣམ་པར་བྱེད་པར་སྣང་སྟེ་འདི་ཡང་ལེགས་པར་འོང་ངོ་ཐམས་ཅད་མཚུངས་པར་གཙོ་བོའི་གནས་ཀྱི་ཐོག་ཕུབས་ཀྱི་རྩེ་ལ་རྡོ་རྗེ་རིན་པོ་ཆེའི་ཏོག་བཙུགས་པར་འདོད་དོ། །འདི་འདྲའི་རིགས་ལ་རྒྱུད་གཞུང་གི་དམིགས་བསལ་མེད་པས་གང་ལྟར་བྱས་ཀྱང་འདྲ་བ་ལས་གདུང་བཞི་མིག་མང་རིས་སུ་བྲིས། འདི་ལ་སྒོམ་དོན་གདུང་དེ་དག་ནོར་བུ་རིན་པོ་ཆེའི་རང་བཞིན་ཤིན་ཏུ་སྲ་བ་ལ་བསྣོལ་མཚམས་ཀྱི་ཐད་དུ་ཡང་སྦྱར་བའི་སྲུབས་མེད་པ། གོང་བུ་གཅིག་ཏུ་གནས་པ་ཡིན་པས་འདེགས་བྱེད་ཀྱི་ཀ་བ་མི་དགོས་ལ། གཞལ་ཡས་ཁང་གི་བཀོད་པ་ཆུང་ངུ་བརྡུངས་མ་དང་ཤིང་རྐོས་སུ་བྱེད་པ་སོགས་ལ་ཡང་མི་དགོས་ཤིང་ཡུལ་གཞན་དང་གཞན་གྱི་རྣམ་གཞག་ཀྱང་མི་བརྗོད་དེ་ཕྱོགས་འདིར་ནི་དེ་འདྲ་བ་ཁང་བཟང་དུ་བྱེད་ན། བསྣོལ་མཚམས་བཞི་པོ་དེར་ཀ་བ་བརྟན་པོ་འཛུགས་དགོས་ལ། ལྷ་མོའི་འདབ་མ་རྣམས་པདྨའི་རྣམ་པ་ཅན་གྱི་འཁོར་ལོར་བྱེད་པའི་ཚེ། འདབ་མའི་རྩ་བ་འབྲེལ་མཚམས་ཀྱི་མུ་ཁྱུད་དེ་ལ་ཀ་བ་འཛུགས་པ་ལ་མི་རིགས་པ་ཡང་མེད་ཅིང༌། པད་འདབ་དངོས་སུ་བྱེད་ན་དེའི་སྟེང་དུ་ཀ་བ་འཛུགས་པ་སྒོམ་དོན་ལ་མི་རིགས་ཀྱང༌། བཀོད་པ་བཞེད་པ་ན་བརྟན་བྱེད་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེར་མ་ཟད་བོད་ཀྱི་ཕྱོགས་འདིར་ཁང་བཟང་དཀྱིལ་འཁོར་འདིའི་རྣམ་པ་ཅན་བཞེད་ན། སྐུ་གསུང་ཐུགས་དང་བདེ་ཆེན་གྱི་ཁོར་ཡུག་ལ་ལྷ་རྣམས་མི་སྒྲིབ་ཅིང༌། ཀ་བ་དང་མི་ཟློས་པའི་ས་རྣམས་དང༌། སྟེགས་བུ་དང་དམ་ཚིག་གི་འཁོར་ལོའི་མཚམས་ཀྱི་ཡང་དེ་འདྲ་རྣམས་སུ། རྩིག་མདོར་རམ་ཀ་བ་གཞན་དང་གཞན་དག་ཀྱང་འཛུགས་དགོས་ཏེ།
སྒོམ་དོན་ལ་མི་དགོས་ཀྱང་བརྟན་བྱེད་ཉིད་ཀྱི་ཕྱིར་རོ། །གཙོ་བོའི་གནས་ཀྱི་ཐོག་ཕུབ་གྲུ་བཞི་ལ་གཞན་སྔར་དང་འདྲ་བ་ལས། གཡས་གཡོན་གྱི་གདུང་གི་སྟེང་དུ་ཀ་ཐུང་ཆ་ཆུང་གཅིག་གམ་ཕྱེད་ཙམ་ཇི་ལྟར་འོས་པ་རེ་བཙུགས། དེའི་སྟེང་དུ་གདུང་བཏང་སྟེ་མཁྱུད་མོས་བསྡམས། གདུང་དེ་དང་མདུན་རྒྱབ་ཀྱི་གདུང་གྲུ་བཞིའི་སྟེང་དུ་ཕྱམས་སེགས་ལ་བཏང་སྟེ་རྟ་རྒྱབ་ཡོང་བར་བྱ། འདིའི་ཁོར་ཡུག་ལ་བྱ་འདབས་ཡོད་པར་བྱེད་པས་གཡས་གཡོན་ལ་གདུང་སྣེ་ནས་བྱ་འདབས་ཀྱི་རྩེ་མོའི་བར་དུ་སྔ་མ་ལས་གཟུར་བའི་རྟ་རྒྱབ་དབུས་སྟེང་དུ་ཕྲ་ཞིང༌། མཐའ་འོག་ཏུ་རྒྱས་པ་ཞིག་འབྱུང་ངོ༌། །དེའི་ཕྱི་གཡོགས་གསེར་ཕིབས་ལྟ་བུ་གང་མཛེས་ཡིན་ལ། རྟ་རྒྱབ་ཀྱི་རྩེ་མོའི་དབུས་དྲང་ཐད་དུ་ཏོག་འཛུགས་པ་ཡིན་ན། དེ་ལ་རྡོ་རྗེ་རིན་པོ་ཆེའི་ཏོག་ཞེས་བྱ་བའི་དོན་རྒྱུ་ནོར་བུ་རིན་པོ་ཆེ་རྡོ་རྗེ་ལས་གྲུབ་པའི་ཏོག་ཏུ་འདོད་པའང་མི་འགལ་ཞིང༌། ཡང་རྒྱུ་ནོར་བུ་ལས་གྲུབ་པའི་རྣམ་པ་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པར་འདོད་པའང་སྣང་ལ། ཕལ་ཆེར་ནོར་བུ་དང་རྡོ་རྗེ་གཉིས་ཀའི་དབྱིབས་སུ་བསམ་སྟེ། གསེར་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་གྱེན་ལངས་ཀྱི་སྟེང་གི་རྭ་དབུས་མའི་རྩེ་ལ་ནོར་བུའི་ཏོག་གི་རྣམ་པ་བྱེད་པར་སྣང་ངོ༌། །འོན་ཀྱང་བུམ་པ་ཏོག་དང་བཅས་པའི་རྣམ་པ་གྷ་ཊི་ར་ཞེས་གྲགས་པ་ཉིད་ཡིན་ལ། གལ་ཏེ་རྡོ་རྗེའི་རྣམ་པ་ཉིད་དགོངས་ཀྱང་ད་ལྟ་སྦ་འཕྲེང་དུ་གྲགས་པ་ཉིད་རྡོ་རྗེའི་རྭའི་རྣམ་པ་ཡིན་པས་དེ་ཙམ་ཡོད་པ་ལ་བྱ་ཡི། ཕྱག་མཚན་གྱི་རྡོ་རྗེའི་རྣམ་པ་གསལ་བར་དོད་པ་ནི་མི་དགོས་སོ། །བྱེད་ཀྱང་འགལ་བ་ནི་ཅི་ཡོད་དེ་རིན་པོ་ཆེའི་ཏོག་གི་དོན་ཚང་ན་དབྱིབས་ཇི་ལྟར་འདོད་པ་ཉིད་དོ། །ད་ནི་འདི་བཤད་དེ། གཞལ་ཡས་ཁང་གི་རྒྱན་
གྱི་ཁྱད་པར་ལ་ཟླ་བ་ཞེས་པ་ཟླ་གཟུགས་ཡིན་པས་དངུལ་ལམ་ཤེལ་ལ་སོགས་པའི་མེ་ལོང་ངོ༌། །ཟླ་ཕྱེད་ཀྱང་མེ་ལོང་ཕྱེད་པ་ལ་རྔ་མ་ཕྲ་མོ་དཔྱངས་པ་ལ་སོགས་པའོ། །རྒྱལ་མཚན་ནི་ད་ལྟར་བོད་དུ་ཁང་པ་ལ་འཛུགས་པ་འདི་རྒྱ་ནག་ལུགས་ཡིན་ཞེས་གྲགས་ལ། འདིར་ནི་རིན་པོ་ཆེའི་དབྱུག་པའི་རྩེ་མོར་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་རེ་ཁའི་བང་རིམ་ཅི་རིགས་པ་དང་བཅས་པ། དེའི་སྟེང་གི་དཀྱིལ་དུ་ཏོག་གི་དབྱིབས་ཇི་ལྟར་འོས་པ་སྟེ། མེ་ལོང་གི་རྣམ་པའམ། ནོར་བུ་ཟླུམ་པོའམ། ཟུར་བརྒྱད་པའམ། མིག་གསུམ་ལ་སོགས་པའང་ཡོད་ལ། སྲོག་ཆགས་ཀྱི་གཟུགས་ཀྱིས་མཚན་པ་ནི། གདན་དེའི་དབུས་སུ་གསེར་ལས་བྱས་པའི་ཏོགངང་པའམ། རྨ་བྱའམ་ཆུ་སྲིན་ནམ་ཀླུའི་གཟུགས་སམ་སེང་གེའམ་ཉ་འཕར་བའི་རྣམ་པ་ཅན་ཏེ། སྲོག་གཟུགས་བྱས་ཕྱིན་དེ་དག་ལས་གཞན་པའི་ཏོག་མི་དགོས་ཤིང༌། ཏོག་གི་གདན་དང་དབྱུག་པའི་མཚམས་ཀྱི་གཡས་དང་གཡོན་གྱི་ཕྱོགས་སུ་དར་དཔྱངས་སམ་འཕན་རིང་པོ་བཏགས་པ་ཉིད་ཡིན་ལ། བྲི་ཆ་ལ་དེ་ཉིད་རླུང་གིས་བསྐྱོད་པས་སུམ་འཁྱོག་ཏུ་ལྡིང་བའོ། །གཞལ་ཡས་ཁང་དང་རྟ་བབས་དང༌། ཕྱི་རོལ་གྱི་འཁྱམས་ཀྱི་རྒྱན་བཀོད་པ་རྣམས་ལ་གཅིག་ཏུ་ངེས་པ་མེད་ལ། འོན་ཀྱང་བློ་བཟོ་ཙམ་གྱིས་མི་རུང་བས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བ་སོགས་ཤིང་རྟ་ཆེན་པོའི་གཞུང་རྣམས་ལས་རྟོགས་པར་བྱ་དགོས་སོ། །གཙོ་བོའི་གདན་པདྨའི་འདབ་མ་ནི། བདེ་ཆེན་འཁོར་ལོའི་འདབ་མ་ལས་ཅུང་ཟད་མཐོ་ཞིང༌། དེའི་ཡང་འདབ་མའི་རྩ་བ་ལས་ཟི་ཕོལ་ཁྱད་ཀྱིས་མཐོ་ཡང༌། འདབ་མའི་རྩེ་མོ་ལངས་པ་དང་གེ་སར་གྱི་ཟི་ཕོལ་མཉམ་པ་ཙམ་བྱ། དབུས་ཀྱི་ལྟེ་བ་ཟེ་འབྲུ་ནི་གེ་སར་ལས་ཅུང་ཟད་མཐོ་ཞིང༌།
དེར་ཉི་མའི་དཀྱིལ་འཁོར་དམར་པོ་པདྨའི་ལྟེ་བ་དང་མཉམ་པའི་གདན་དེ་ལ་འཇིགས་བྱེད་ཆེན་པོ་དང་དུས་མཚན་མོ་གཡས་གཡོན་དུ་མགོ་བསྟན་ཞིང་རྐང་པ་ནང་དུ་ཕྱོགས་པའི་ཚུལ་གྱིས་འགྱེལ་བ། དེ་དག་རེ་རེའི་ལུས་ཚད་ལ་ངེས་པ་མེད་ཀྱང༌། འཁོར་རྣམས་ཀྱི་རོ་གདན་ལས་ཆུང་བ་མི་ལེགས་པས་ཅུང་ཆེ་བར་བྱ་ལ། འཁོར་རྣམས་ཀྱི་རོ་གདན་ནི་ཐམས་ཅད་གན་ཀྱལ་དུ་གནས་པ་དང་སྐྱེས་པའི་རོའི་རྣམ་པར་བྱ་ཞིང༌། རབ་ཏུ་ཚོ་ལ་ཤ་ཉམས་རྒྱས་པ་ཅུང་ཟད་འཛུམ་ཞིང་རྒོད་པ་ལ་སོགས་པ་རོ་ལངས་ཀྱི་ཚུལ་ལྟ་བུར་བྱེད་དགོས་པ། ཞབས་བསྐུམས་པའི་ཕྱོགས་ཀྱིས་མགོ་བོ་དང༌། བརྐྱང་བའི་ཕྱོགས་ཀྱིས་རྐང་པ་མནན་པའོ། ཁྭ་གདོང་ལ་སོགས་པ་བཞི་པོའི་བཞུགས་གདན་སྒོའི་ཐད་ཀྱི་ལྷ་སྣམ་ལ་བཀོད་ཀྱང་རུང་སྟེ། ལྷ་སྣམ་གྱི་མཐའ་ལ་བཞུགས་པས་སྐུ་རྒྱབ་སྒོ་གླེགས་ལ་རེག་གེ་འབྱུང་བས། བྲིས་སྐུ་འབྲི་ན་གདན་ལྷ་སྣམ་ལ་ཡོད་ཅིང༌། སྐུ་གཟུགས་སྒོ་ཁྱུད་ཀྱི་ནང་དུ་ཆུག་པར་བྱ། ཡང་ན་སྒོ་སྲུང་ཉིད་ཡིན་པའི་ཕྱིར་སྒོ་གླེགས་ཀྱི་ཕྱི་རོལ་སྒོ་ཕུགས་ཉིད་དུ་བཞུགས་ཀྱང་འགལ་བ་མ་མཐོང་སྟེ། ཅི་བདེ་བར་སྦྱར་བས་ཆོག་གོ །འཁོར་གྱི་རོ་གདན་གྱི་འོག་ཏུ་ཡང་ཉི་མའི་དཀྱིལ་འཁོར་དགོས་ལ། བདེ་ཆེན་འཁོར་ལོའི་མཚམས་ཀྱི་ཐོད་པ་བཞིའི་གདན་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ར་རི་མེད་པའོ།། རྒྱ་གར་བ་ཁ་ཅིག་ཟླ་བ་ཕྱེད་པའི་གདན་ཏེ་ཐོད་པ་དང་དབྱིབས་མཚུངས་པ་ཉིད་ཀྱིས་སོ།། ཅེས་སྨྲ་བར་གྲག་གོ །གཙོ་བོའི་གདན་ལ་འཇིགས་བྱེད་ཆེན་པོ་ཁ་བུབ་མགོ་བོ་གཡོན་དུ་བསྟན་པའི་རྗེས་སུ་ལྟག་པ་བཅག་སྟེ་མགོ་བོ་སོག་ཕྲག་ཏུ་འཐེན་པའི་འགྲམ་པ་གཡས་འོག་ཏུ་བཅུག་ཅིང༌། གཡོན་པ་སྟེང་དུ་བསྟན་པའི་རྣ་བ་ནས་བརྫི་བའམ། ལྟག་པ་སོག་ཕྲག་ལ་བསྟན་ཞིང་གདོང་
གྱེན་དུ་བསྟན་པའི་དཔྲལ་བ་ནས་གནོན་པར་བླ་མ་གོང་མ་རྣམས་བཞེད་ཅིང༌། དེ་བཞིན་དུ་དུས་མཚན་མ་ཡང་ལྟོ་བར་ཞབས་མགོ་དང༌། སྐྱེ་གནས་སུ་ཞབས་ཀྱི་རྟིང་པས་གནོན་པར་བཞེད་དོ། །དེ་ཡང་དུས་མཚན་མ་ཐལ་མོ་སྤྱི་བོར་སྦྱར་བ་དང༌། འཇིགས་བྱེད་ཕྱག་བཞི་པ་དང་པོ་གཉིས་གྲི་ཐོད་འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་གའོ་ཞེས་གོང་མ་རྣམས་གསུངས། བི་བྷུ་ཏི་ཙནྡྲས་ཨོཾ་ལས་སྐྱེས་པའི་འཇིགས་བྱེད་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཌཱ་མ་རུ་དང་རལ་གྲི་འཛིན་པ་དང༌། ཧྲཱིཿལས་སྐྱེས་པའི་དུས་མཚན་མ་ཡང་ཕྱག་དང་པོ་གཉིས་ཐལ་སྦྱོར་ཡིན་ལ། །འོག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པར་བཤད་ཅིང༌། ཡང་ན་གཉིས་ཀར་ཕྱག་གཉིས་པ་ལག་ཆ་ཤོར་བ་མཚོན་བྱེད་ཕྱག་མཚན་མེད་པའམ། ཡང་ན་གཉིས་ཀར་ཕྱག་གཉིས་པ་གྲི་ཐོད་འཛིན་པར་བྱས་ཀྱང་མི་འགལ་ལ། རྒྱ་བལ་གྱི་བྲིས་འབུར་ཁུངས་མ་རྣམས་ལས་ཀྱང་སྤྱིར་མ་ངེས་པ་སྣ་ཚོགས་འདུག་ཀྱང་ཕྱག་མཚན་ཡོད་པ་ཤས་ཆེ་ཞིང༌། འཇིགས་བྱེད་ཌཱ་མ་རུ་དང་ཏྲི་ཤཱུ་ལ་འཛིན་པ་དང༌། དུས་མཚན་གྲི་ཐོད་འཛིན་པ་མང་བར་མཐོང་ངོ༌། །འཇིགས་བྱེད་ཤིན་ཏུ་ཁྲོས་པ་སྦོམ་ཐུང་སྟག་ལྤགས་ཅན། སྐྲ་སེར་གྱེན་བརྫེས་ལ་དཔྲལ་བར་ཟླ་བ་ཕྱེད་པའམ་ཟླ་བ་ཟླུམ་པོས་བརྒྱན་པ། སྦྲུལ་གྱི་རྒྱན་དང་མི་མགོའི་དབུ་རྒྱན་དོ་ཤལ་ཅན་དུ་བྱེད་པ་ཡིན། དུས་མཚན་སྐེམ་ཁྲོས་སུ་བྱེད་པ་མང་དུ་བྱུང་ཡང༌། སྐབས་འདིར་ཞི་མ་ཁྲོ་ལ་ཆགས་པའི་ཉམས་ཆེར་རྒྱས་པ། སྐྲ་ནག་པོ་གྲོལ་བ། སྦོམ་ཕྲ་རན་པ། གཅེར་བུ་ནུ་མ་དང་སྐྱེ་གནས་རྒྱས་པ་རུས་པའི་རྒྱན་ཕྲ་མོས་བརྒྱན་པ་དགོས་ལ། མགོ་འཕྲེང་ཡོད་མེད་ཅི་ལྟར་ཡང་རུང་ལ་འཇིགས་དུས་གཉིས་ཀར་སྤྱན་གསུམ་པའོ། །སྤྱིར་ཞབས་ཀྱིས་གནོན་
ཚུལ་ལ། མངོན་བརྗོད་ལས། ལེའུ་སོ་གཉིས་པ་དང་ང་གཉིས་པར་འཇིགས་བྱེད་ཞབས་གཡས་ཀྱིས་མནན་པ་ཡང་བཤད་ལ། གཞན་ཡང་འདུག་སྟངས་དང་གནོན་ཚུལ་མ་ངེས་པ་ཇི་སྙེད་ཅིག་ཡོད་ཅིང༌། གཞུང་རྣམས་ལས་ཀྱང་སྣ་ཚོགས་འདུག་མོད་ཀྱི། འདིར་ནི་སྔར་བཤད་པ་ལྟར་ཡིན་ལ། ལྷ་རྣམས་ཀྱི་སྐུའི་ཚད་ཆ་ཆེན་གཅིག་པར་འདོད་པ་ནི། ལྷ་ཚོགས་མང་པོ་ཅན་ལ་བྱེད་པའི་ཐབས་མེད་ཅིང༌། མང་ཉུང་འབྲིང་པོ་འདི་དག་ལ་ཡང་མི་འགྲིག་པས་ཚད་དེ་འདྲའི་ངེས་གཟུང་མི་དགོས་ལ། གཙོ་འཁོར་སྐུ་ཚད་མཉམ་པར་ལང་ཀ་རྒྱལ་བཟང་གིས་བཤད་པ་ཡང་སྐབས་འགར་རུང་ཙམ་ཡིན་མོད། ཕལ་ཆེར་དུ་མི་ལེགས་པས། གཙོ་བོའི་སྐུ་ཚད་ཆེ་བར་བྱ་ཞིང༌། འཁོར་རྣམས་ཕལ་ཆེར་ནང་ཕན་ཚུན་དུ་ཚད་སྙོམས་པར་བྱའོ། །དེ་ལ་གཙོ་བོའི་གནས་པདྨའི་ལྟེ་བ་དང་མཉམ་པར་ཉི་གདན་ཡིན་ལ། དེ་ཉིད་རགས་རྩིས་ལ་གཙོ་བོའི་ཞབས་ཀྱི་རྩེ་མོའི་མཐའ་དང་མཉམ་པར་བྱ་ན། ཁ་ཅིག་ཆ་ལྔ་པ་ནི་གདན་ཡིན་ནོ། །ཞེས་པའི་ལུང་དྲངས་ནས་གཙོ་བོའི་མཐོ་ལྔ་ཡིན་པར་འདོད་ཀྱང༌། ལུང་དེའི་དོན་དེ་ལྟར་མ་ཡིན་པ་གཞན་དུ་བཤད་ཟིན་པ་ལྟར་ཡིན་ཞིང་གང་ལྟར་དེ་ལ་གཙོ་བོའི་མཐོ་དྲུག་ནས་བདུན་གྱི་བར་ཙམ་འབྱུང་ལ། གཙོ་བོའི་སྐུ་ནི་མཐོ་བཅུ་པ་ཡིན་ན། དེ་དང་འཚམ་པར་བརྩིས་པས་རུང་བ་དང༌། འཁོར་རྣམས་ཀྱི་གནས་ཀྱི་དབུས་སུ་ཆ་ཆུང་གཅིག་ཙམ་པའི་ཉི་གདན་བྱས་ན་དེ་དང་མཚམ་པའི་སྐུ་འབྱུང་བས་དཀྱིལ་འཁོར་འདི་ལ་དེ་ལྟར་ཡིན་ལ། སྤྱིར་ལྷ་མང་ཉུང་དང་གདན་གྱི་ཁྱོན་ལས་བརྩམས་ཏེ། སྐུ་གཟུགས་ཀྱི་ཚད་འཇོག་དགོས་པས་དཀྱིལ་འཁོར་སོ་སོ་ལ་སྐུ་ཚད་ཆེ་ཆུང་མ་ངེས་པ་སྣ་ཚོགས་འབྱུང་མོད། འདི་ལ་སྔ་མ་ཁ་ཅིག་གིས་དཀྱིལ་འཁོར་གང་ཡིན་
ཡང་ལྷ་སྐུ་ཆ་ཆེན་གཅིག་པ་ཁོ་ན་རང་དགོས་པ་གཞིར་བཞག་གི་བཤད་པ་བྱས་པས། མཁས་རྨོངས་ཐམས་ཅད་དཔྱད་པ་མེད་པར་རི་བོང་གི་ཅལ་བཞིན་རྒྱུགས་ནས་དགག་སྒྲུབ་མང་པོ་བྱུང་བ་ཡིན་གྱི། རྩ་བ་དེད་ན་རྒྱུ་མཚན་ཡེ་མི་སྣང་ངོ༌། །གཙོ་བོ་ཡབ་ཡུམ་གཉིས་ཀྱང་ཅུང་ཟད་ཡུམ་གྱི་སྐུ་ཚད་ཆུང་བར་བྱ་དགོས་ཏེ། གཞན་དུ་ན་གཙོ་བོའི་ཞལ་རས་སྒྲིབ་པ་སོགས་ཀྱི་སྐྱོན་དུ་འགྱུར་བས་སོར་བརྒྱད་ཙམ་ཡུམ་གྱི་སྐུ་ཚད་ཐུང་བར་བྱ་ཞིང༌། དེ་དང་འཚམ་པའི་སྦོམས་སུ་བྱའོ། །འཁོར་རྣམས་ཀྱང་རགས་རྩིས་ལ་སྐུ་ཚད་མཉམ་ཞེས་བརྗོད་ཀྱི། ཞིབ་མོར་ན་ཡབ་ཡུམ་ཁ་སྦྱོར་རྣམས་ལ་གཙོ་བོ་ཡབ་ཡུམ་གྱི་རིགས་འགྲེའོ། །དེ་ལྟར་ན་དོན་ཚན་བཅུ་བདུན་གསལ་འདུས་སུ་བཤད་ཟིན་ཏོ། །གཞལ་ཡས་ཁང་གི་མཚན་ཉིད་སྟོན་པར་བྱེད་པ་ལ། འཁོར་ལོ་གསུམ་དང་ལྡན་པའི་དཀྱིལ་འཁོར་རྣམས་ལ་ནང་སེལ་གྱི་མི་འདྲ་བ་ཅུང་ཟད་ཡོད་ཀྱང༌། སྤྱིར་བཏང་གི་ཁུངས་གསལ་བ་ནི་འདི་ལྟར་ཤེས་པར་བྱ་སྟེ། དཔལ་མཁའ་འགྲོ་རྒྱ་མཚོར། ཚངས་པའི་ཐིག་གི་ལོགས་ནས་ནི། །སུམ་ཅུ་རྩ་གཉིས་པ་གཉིས་གདབ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྟེ་བའི་པདྨ་དེ་དང་མཉམ༌། །སྙིང་པོའི་འདབ་མའི་ངོས་ནས་ནི། །ཆ་གསུམ་དུ་ཡང་དེ་ཤེས་ནས། །དེ་ཡི་ཆ་གཅིག་འཁོར་ལོ་གསུམ། །ལྷག་མ་ཚོན་གྱི་ས་གཞིའོ། །དེ་ཡི་སུམ་ཆ་འཕྲེང་བ་སྟེ། །རྡོ་རྗེ་པདྨ་དང་འཁོར་ལོའི། །རྩིབ་རྣམས་འཁོར་ལོ་དབུས་མ་ལས། །དམན་ཏེ་གཉིས་གཅིག་བསྡོམས་པས་སྦོམས། །ཀ་བ་རྣམས་ནི་ཀུན་ཏུ་སྦྱིན། །བརྒྱད་གསུམ་འཁོར་ལོ་གསུམ་དུའོ། །སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །སྒོ་ཁྱུད་སྒོ་ཡི་ཆ་ཅན་ནོ། །སྟེགས་
བུ་རྣམས་ནི་དེ་ཡི་ཕྱེད། །འགྲམ་དང་ལོགས་ནི་དེ་བཞིན་ནོ། །གཟུངས་ཀྱི་སྣམ་བུ་དང་ནི་འདིར། །རིན་ཆེན་འཕྲེང་བྱེད་སྣམ་བུའོ། །མགོ་བོའི་འཕྲེང་བ་དེ་ཡི་ཕྱེད། །མུན་པའི་སྣམ་བུ་དེ་བཞིན་ནོ། །ཀ་བའི་རྩེ་ལས་འཐོན་རྩེ་མོ། །སྣ་ཚོགས་རྡོ་རྗེ་འོད་ཆེན་པོའོ། །དྲིལ་ཆུང་དྲ་བ་གོས་རྣམས་དང༌། །བ་དན་དྲིལ་བུ་སྒྲ་སྒྲོགས་པའོ། །དེ་ཕྱི་ཆུ་སྐྱེས་ཐམས་ཅད་དུ། །སྙིང་པོ་ལ་སོགས་ཡང་དག་བྲི། །སྣ་ཚོགས་རྡོ་རྗེའི་འཕྲེང་དང་འདིར། །ལྷག་མར་འབར་བའི་འཕྲེང་བའོ། །དེ་ཡི་ཕྱི་རོལ་ཁོར་ཡུག་ནི། །ས་གཞིའི་རིམ་པས་བྲིས་པར་བྱ། །གྲི་གུག་འཕྲེང་བ་སྦྱིན་བྱ་ཞིང༌། །མགོ་དང་ལག་པ་དག་དེ་བཞིན། །སྙིང་པོའི་པདྨའི་ཕྱི་རོལ་དུ། །རིན་ཆེན་འཕྲེང་བ་ཡང་དག་བྲི། །དུར་ཁྲོད་བརྒྱད་པོ་བྲི་བྱ་སྟེ། །ཀུན་ནས་གཏུམ་དྲག་ལ་སོགས་སོ། །ཞེས་གསུངས་སོ།། དེའི་དོན་ནི་ཚངས་ཐིག་གི་ལོགས་རྩ་ཐིག་གི་ནང་དུ་ཆ་ཆེན་བཞི་བཞི་ཡོད་པ་རྣམས་ཆ་བཞི་བཞིར་བགོས་པ་ཆ་སུམ་ཅུ་སོ་གཉིས་སུ་སོང་བ་ལ། དེ་ཡང་གཉིས་གཉིས་སུ་བགོས་པས་གཡས་གཡོན་གཉིས་སུ་སོ་གཉིས་པ་ཕྲག་རེ་རེར་སོང༌། དབུས་ཀྱི་པདྨ་སྒོ་དང་མཉམ་པས་ཆ་བདུན་གཡས་གཡོན་དུ་བསྐོར་བ་ལ་པདྨ་བྱ། དེ་ལ་མཉམ་གསུམ་བརྩིས་ན་ཕྱོགས་རེ་རེར་ཆ་གཉིས་དང་གསུམ་ཆ་རེ་ལ་ལྟེ་བ་བསྐོར། སུམ་གཉིས་དང་བཞི་ལ་འདབ་མ་བསྐོར་བས་མཉམ་གསུམ་དུ་འགྱུར་རོ། །གཅིག་ལ་བདེ་ཆེན་འཁོར་ལོའི་འཕྲེང་བ་བསྐོར། འདབ་མའི་ཕྱི་ནས་འཁོར་ལོ་གསུམ་ལ་བདུན་ཚན་རེ་རེ་སྟེ་དེའི་དྲུག་དྲུག་ལ་རྩིབས་དང་རེ་རེ་ལ་མུ་ཁྱུད་དོ། །ཐམས་ཅད་ཀྱི་བར་བར་དུ་ཀ་བ་ཡང་དགོས་པར་འགྱུར་ལ། འཁོར་ལོའི་ཕྱོགས་རེ་མུ་ཁྱུད་དང་བཅས་པ་དང་
པདྨའི་ཕྱོགས་གཅིག་མཉམ་པས། རིན་ཆེན་འཕྲེང་བ་ཆ་གཅིག་པོའི་ཚད་ཀྱི་པདྨ་ལས་འཁོར་ལོ་དམན་པ་ཡིན་ལ། འཁོར་ལོ་གསུམ་གྱི་མུ་ཁྱུད་ལ་རྡོ་རྗེ་པདྨ་འཁོར་ལོའི་འཕྲེང་བ་རྣམས་ཀྱིས་མཚན་པ་དགོས་པས། ཀ་བ་དང༌། རྭ་བ་དང༌། གདུང་དང༌། ཐོག་ཕུབས་སོགས་ལའང་དེ་དང་དེས་མཚན་དགོས་པར་ཤུགས་ལ་བསྟན་ཏོ། །རྟ་བབས་སྒོ་ལས་གསུམ་འགྱུར་ནི་དཔངས་ཡིན་པར་གསལ་ཏེ། འདིར་མུན་པའི་སྣམ་བུ་བཤད་པའི་ཕྱིར་འཕྲེད་ལ་རྩི་ན་བཞི་འགྱུར་སོགས་སུ་ཐལ་བའི་ཕྱིར་རོ། །འཁོར་ལོ་གསུམ་གྱི་ལྷག་མ་ཚོན་གྱི་ས་སྟེ་ལྷ་སྣམ་ཡིན་ན་དེ་ལ་ཆ་ཕྲན་གསུམ་མོ། །དེའི་ནང་མཐའ་བརྩིག་པའི་ནང་ཆ་གཅིག་ནི་སྣ་ཚོགས་རྡོ་རྗེའི་འཕྲེང་བའི་ས་ཡིན་པ། དམ་ཚིག་འཁོར་ལོ་དང་སྐུའི་ས་མཚམས་གཅོད་པ་ཡིན་ཏེ། འདི་ནི་ལུགས་འདི་ཁོ་ནའི་སྒོས་ཆོས་ཡིན་ནོ། །གཟུངས་ཀྱི་སྣམ་བུ་སྟེ་འདོད་སྣམ་དང༌། རིན་ཆེན་འཕྲེང་བ་སྟེ་དོ་ཤལ་གྱི་ས་ནི་ཆ་ཆེན་ཕྱེད་པའི་སྣམ་བུ་ཡིན་ནོ། །འདིར་སྟེགས་བུ་དང་གཟུངས་ཀྱི་སྣམ་བུ་སོ་སོར་བྱུང་བ་ནི། དཔེ་མ་དག་པའམ་འགྱུར་སྐྱོན་ཞིག་ཡོད་པར་མངོན་ལ། མགོ་བོའི་འཕྲེང་བ་ནི་མདའ་ཡབ་བོ། །རྩིག་པ་དང་ཕ་གུ་དང་ཤར་བུའི་གསལ་ཁ་མ་བྱུང་ཡང་སྤྱི་འགྲོས་ཀྱིས་འགྲུབ་བོ། །ཀ་བའི་རྩེ་ལས་འཐོན་རྩེ་མོ་ཞེས་འབྱུང་བ་ནི། ད་ལྟ་རྟ་བབས་ཀྱི་གཡས་གཡོན་དུ་ཀ་བ་རེ་རེ་དང༌། དེའི་ཕྱི་ལོགས་སུ་ཀ་རྒྱན་དར་དཔྱངས་ཀྱི་ས་གཞི་རེ་རེ་ཡོད་པའི་དབང་དུ་བྱས་པའི་ཀ་བའི་རྩེ་ནས་འཐོན་པ་མིན་ཏེ། སྤྱིར་བྲི་ཆ་སྟོན་པའི་ཚིག་གསེབ་ལ་སྒོམ་དོན་བཤད་པ་ཡང་ཤིན་ཏུ་མང་མོད་ཀྱི། འདིར་ཀ་བ་དེ་ལ་བྱས་ན་སྒོམ་དོན་ཡིན་ནམ་བྲི་ཆ་ཡིན་ཞེས་བརྟགས་པས་གཉིས་ཀ་ལྟར་ཡང་མི་འཐད་དེ།
སྒོམ་དོན་ཡིན་ན་ཀ་བའི་རྩེ་ནས་སྣ་ཚོགས་རྡོ་རྗེའི་རྭ་ཡོང་དོན་མེད་པའི་ཕྱིར་དང༌། བྲི་ཆ་ལ་དམིགས་བརྟད་ཀ་བའི་རྩེ་ལ་ཡོང་སྲིད་ཀྱང༌། དེར་རྟ་བབས་ཀྱིས་བསྒྲིགས་པས་ཀ་བའི་རྩེ་ནས་འཐོན་རྒྱུ་མེད་པའི་ཕྱིར་རོ། །དེས་ན་འདི་ནི་དཀྱིལ་འཁོར་གྱི་བཀོད་པ་མང་པོ་ཞིག་ལ་དར་དཔྱངས་ཀྱི་སྣམ་བུ་མི་བྱེད་པར་ཀ་བ་བཞི་ཅར་འབྲི་བའི་ལུགས་ཡིན་པས། ཀ་བ་ཕྱི་མའི་རྩེ་ནས་རྭའི་ནང་ཐིག་བསྐོར་བར་གསལ་ཏེ། འདིས་ནི་སྦས་རྭར་གྲགས་པ་ཡང་ཁུངས་མེད་དུ་རྟོགས་ནུས་ཤིང༌། རྭ་ཉི་ཤུ་པའི་སྒོམ་དོན་སྐབས། རྭ་ནང་མ་གཉིས་ཀྱི་ཕྱི་རུ་རྭ་གཞན་གཉིས་སྐྱེས་པར་འདོད་པ་ཡང་བཀག་གོ །སྤྱིར་འདི་གོང་དུ་སྨོས་པ་ལྟར་སྣ་ཚོགས་རྡོ་རྗེ་བྲི་བའི་ཆ་སྟོན་པ་ཡིན་ལ། དེ་ཡང་རྭ་བཅུ་གཉིས་པའི་དབང་དུ་བྱས་པའོ། །དྲིལ་ཆུང་ཞེས་སོགས་གཞལ་ཡས་ཁང་གི་རྒྱན་སྟོན་པར་ཡང་འགྱུར་མོད་ཀྱི། གཙོ་བོར་ཕྱི་འཁྱམས་ཀྱི་མཆོད་པའི་ས་གཞིའི་རྒྱན་སྟོན་པའོ། །དེའི་ཕྱི་རོལ་དུ་པད་རྭ་སྟེ། དེའི་ནང་དུ་སྙིང་པོ་ཟེའུ་འབྲུ་དང་སོགས་ཁོངས་ནས་གེ་སར་སོགས་ཀྱང་ཡོད་པའོ། །དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་འཕྲེང་བའི་རྭ་བ་སྟེ། དམ་ཚིག་གི་འཁོར་ལོའི་ས་མཚམས་གཅོད་པའོ། །དེའི་ཕྱིར་འབར་བའི་འཕྲེང་བའོ། །དེའི་ཡང་ཕྱི་རོལ་དུ་དུར་ཁྲོད་ཀྱི་ས་གཞིའི་ཁོར་ཡུག་བྲི་བར་བྱ་ལ། དུར་ཁྲོད་ཀྱི་མཐའ་སྐོར་དུ་གྲི་གུག་གི་འཕྲེང་བ་དང༌། མི་མགོའི་འཕྲེང་བ་དང་ལག་པའི་འཕྲེང་བ་དག་ཀྱང་བྲིའོ། །དབུས་ཀྱི་སྙིང་པོ་གཙོ་བོའི་པདྨའི་མཐའི་ཁོར་ཡུག་ལ་ནི་རིན་པོ་ཆེའི་འཕྲེང་བ་བྲིའོ། །དུར་ཁྲོད་ཀྱི་ས་གཞི་ལ་ནི་གཏུམ་དྲག་ལ་སོགས་པ་དུར་ཁྲོད་ཆེན་པོ་བརྒྱད་དོ། །ཞེས་པ་སྟེ། འདི་ཡང་དུར་ཁྲོད་མེ་རིའི་ཕྱི་རོལ་དུ་འབྲི་
བ་ཤིན་ཏུ་གསལ་ལ། དུར་ཁྲོད་ཀྱི་ཐ་མ་འཕྲེང་བ་གསུམ་གྱིས་བསྐོར་བ་ནི་འདིའི་སྒོས་ཆོས་ཡིན་ཞིང༌། ཚིག་འདི་དག་རྡོ་རྗེ་ཕག་མོ་ཕག་གདོང་ཆེན་མོའི་དཀྱིལ་འཁོར་བསྟན་པའི་སྐབས་ཡིན་ཡང༌། བདེ་མཆོག་གི་དཀྱིལ་འཁོར་སྤྱིའི་རྣམ་གཞག་ལ་གལ་ཆེ་ཞིང་གསལ་བར་འདུག་པས་ཅུང་ཟད་བཤད་པ་ཡིན་ནོ། །འདིས་ནི་མངོན་བརྗོད་ལས་ཀྱང༌། དེ་ཡོངས་གྱུར་ལས་འཁོར་ལོ་མཆོག ཁང་པ་བརྩེགས་པར་རྣམ་པར་བསྒོམ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་མཛེས་ཤིང༌། །བ་དན་འཕྲེང་བས་རྣམ་པར་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དང༌། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་པ། །ཕྱི་ཡི་དཀྱིལ་འཁོར་དེ་བཞིན་ནོ། །ཞེས་འབྱུང་ཞིང༌། ནག་པོ་དཀྱིལ་ཆོག་ལས། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་དུ་བྱ། སྒོ་ཁྱུད་དག་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུའི་ཚད་དེ་བཞིན། །ཞེས་གསུངས་པ་རྣམས་ཀྱང་ངེས་པར་བྱའོ། །སྤྱིར་གཞལ་མེད་ཁང་བཟང་དམ་པ་མཆོད་རྟེན་གྱི་དབྱིབས་སུ་བྱས་པའང་ཡོད་པ་སོགས་རྣམ་པ་མ་ངེས་པ་དུ་མ་ཞིག་ཡོད་པར་སྣང་བ་དང༌། བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐབས་མང་པོ་ཞིག་ཏུ་དཀྱིལ་འཁོར་གྱི་བཀོད་པ་རྒྱས་བསྡུས་སྣ་ཚོགས་པ་ཡོད་དོ། །དེ་ལྟར་ན་རྟེན་གྱི་དཀྱིལ་འཁོར་གྱི་དོན་གྱི་མདོ་འདི་ཙམ་བློ་ལ་ངེས་པར་བྱས་ན། རང་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པར་འགྱུར་ཞིང༌། གཞན་དང་གཞན་དག་གིས་ཡི་གེ་སྣ་ཚོགས་པ་བྱས་པ་དག་ཀྱང་ལེགས་བཤད་དང་ཉེས་བཤད་ཇི་ལྟར་ཡིན་པའི་དབྱེ་བ་རྟོགས་པར་འགྱུར་རོ།། གཞལ་ཡས་ཁང་སྒོ་སྦྲག་ལ་སོགས་པའི་བཀོད་པ་གཞན་དང་གཞན་ནི་
ཡི་གེ་མང་བར་འགྱུར་བས་འདིར་མ་བཀོད་དོ། །དེས་ན་སྔ་ཕྱི་མང་པོ་དག་ཐོག་དཔངས་ཤིན་ཏུ་དམའ་བ་ཁོ་ནར་བྱེད་པ་དང༌། ཤིན་ཏུ་མཐོ་བ་ཁོ་ནར་ངེས་གཟུང་བྱེད་པ་དང༌། རྟ་བབས་སྣམ་བུ་བཞི་མ་ལ་ཕྱོགས་སྒོར་མོར་བང་རིམ་བཞི་བྱེད་ཅིང༌། གླང་རྒྱབ་ཕྱི་ལ་མི་བྱེད་པར་ཁོང་སྟོངས་སུ་བྱེད་པ་དང༌། རྟ་བབས་བང་རིམ་བཞི་པ་ཁང་བཟང་མ་མོའི་རྩིག་པ་དང་འབྱར་བར་བྱེད་པ་དང༌། སྒོའི་མདུན་གྱི་ཡ་ཕུབས་ཀྱི་གདུང་ལ་བྱ་བ་འདི་བྱེད་མེད་པ་དང༌། དེ་ལ་འདེགས་བྱེད་ཀྱི་ཀ་བ་མི་འདོད་པ་དང༌། དེའི་ཕྱིར་ཡ་ཕུབས་ཀྱི་གདུང་གོང་མ་དག་ཀ་ཐུང་ཡོད་པ་ཙམ་ལའང་དཔྱད་པ་མ་ཞུགས་པ་དང༌། རྟ་བབས་སྣམ་བུ་བཅུ་གཅིག་ལ་སྒོ་མདུན་ཁོ་ནར་སྦྱོར་བ་དང༌། སྒོ་ཁང་དང་ཁང་བཟང་ཐོག་ཁྱུད་གཅིག་ཏུ་བྱེད་པ་དང༌། སྒྱུས་འཚོ་བ་ཁ་ཅིག་ཐེམ་སྐས་བཞི་རྟ་བབས་སྣམ་བུ་བཞི་ཡིན་ཟེར་བ་དང༌། གླང་རྒྱབ་མིག་གསུམ་འཕྲེང་བའི་ལུགས་ལ་མེད་ཟེར་བ་དང༌། དུས་འཁོར་རྡོ་རྗེ་མཁའ་འགྲོ་མི་གཡོ་བླ་མེད་སོགས་རྒྱུད་དང་རྒྱ་གཞུང་མང་པོ་ལས་རྟ་བབས་སྒོའི་སུམ་འགྱུར་དུ་གསུངས་བཞིན་དུ། འཕྲེང་བ་མཁན་པོའི་ལུགས་མ་གཏོགས་སྒོ་ཚད་གསུམ་པའི་ཐ་སྙད་མེད་ཟེར་བ་དང༌། འཕྲེང་བ་ཚད་དང་ལྡན་པའི་གཞུང་མིན་ཟེར་བཞིན་དུ་བྱ་བ་ཀུན་ལས་བཏུས་དང༌། །ཛ་ཡ་སྱ་ནའི་གཞུང་རྣམས་ཚད་ལྡན་དུ་ཁས་བླངས་པ་འགལ་བ་དང༌། གླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་དང༌། ཛ་ཡ་སྱ་ནའི་འདོད་པ་དཔངས་སུ་སྒོ་ཚད་གསུམ་མ་ཁོ་ནར་གསལ་ཡང་དེ་ལྟར་མ་ཡིན་པར་འདོད་པ་དང༌། དེ་གཉིས་ཀྱི་ལུགས་ལ་སྣམ་བུ་བཅུ་གཅིག་མ་མེད་ཟེར་བཞིན་དུ། དེ་གཉིས་ཀྱི་དཀྱིལ་ཆོག་ལ་རང་གིས་ཀྱང་དཔངས་སུ་སྒོ་ཚད་གསུམ་
སྣམ་བུ་བཅུ་གཅིག་མར་བྱས་པ་ནང་འགལ་བ་དང༌། རྟ་བབས་སྒོ་ཚད་གཅིག་མར་བཤད་པ་ཐམས་ཅད་སྣམ་བུ་བཞི་མའི་རྒྱབ་རྟེན་དུ་འདྲེན་པའི་ཧོལ་གཅོད་དང༌། དེ་དག་སྒྲུབ་བྱེད་ཀྱི་རིག་པ་ལྟར་སྣང་མང་པོ་དང༌། སྣམ་བུ་བཞི་པོ་བསམ་གཏན་དང་པོའི་རྟོག་དཔྱོད་མི་འདྲ་བ་སོགས་དང་སྦྱོར་བའི་བསམ་གཏན་འོག་མ་གསུམ་གྱི་སྐྱོན་མཚོན་བྱེད་དུ་འདོད་པའི་དག་སྦྱོར་ཐབས་བརྡུགས་མང་པོ་དང༌། སྣམ་བུ་བཞི་མ་ཀ་བས་ཐེག་ཏུ་མི་རུང་བ་བརྗིད་ཅན་འགེལ་བ་དང༌། སྣམ་བུ་བཅུ་གཅིག་འགེལ་ལུགས་ངེས་གཟུང་མེད་པར་ཟོལ་འཇོག་ཙམ་ལས་ཁ་ཁྲིད་བྱེད་པ་དང༌། གཞན་དག་གསང་འདུས་ལ་ཨིནྡྲ་ནཱི་ལའི་ས་གཞི་མཐོན་པོར་བྱེད་པའི་ལུགས་དེ་བརྐུས་ནས་བདེ་མཆོག་ལ་འགེབས་པ་དང༌། ལྷ་བཞེངས་པའི་སྐུ་གཟུགས་ཀྱི་ཕྱེད་ཀྱི་ཚད་སྐུ་སྐེད་ལ་འདོད་པ་དང༌། ཀ་བ་ཆ་ཆུང་བཞི་པའི་རྣམ་གཞག་བྱེད་བཞིན་དུ་ལྔ་པ་ཡིན་པར་འདོད་པ་དང༌། ཐོག་དཔངས་གཅིག་ཏུ་ངེས་ཅན་མ་གསུངས་ཤིང་མི་དགོས་པ་དེ་མ་རིག་པར་ངེས་ཅན་འདོད་པ་ལ། ཁུངས་མ་ཡིན་པ་ཁུངས་སུ་འདྲེན་ཞིང་ངོམས་པ་སོགས་འཁྲུལ་པ་ཉིད་ལ་ཉིང་བསིངས་ཐམས་ཅད་རང་སར་དག་སྟེ་གནད་དོན་ཇི་བཞིན་རྟོགས་པར་འགྱུར་རོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་པོ་མཆོག།ལས་རྒྱལ་པོ་མཆོག་སྟེ་གསུམ་ལས། དང་པོ་ལ། བསྙེན་སྒྲུབ་ཡན་ལག་བཞི་སྟེ། བསྙེན་པའི་ཡན་ལག་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་གྱི་ཡན་ལག་གོ །དང་པོ་ལ། སྔོན་འགྲོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་མཛད་པ་དང་བཅས་པ་དང༌། དངོས་གཞི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་བྱིན་རླབས་དང་བཅས་པའོ། །དང་པོ་ལ་རྡོ་རྗེ་སེམས་དཔའ་གང་ལས་བསྐྱེད་པའི་རྒྱུ་
དེ་ལས་སྐྱེས་པའི་རྡོ་རྗེ་འཛིན་པའི་རང་བཞིན། དེའི་འཕྲིན་ལས་ཀྱི་མཛད་པ་རྣམ་པ་གཉིས་སོ། །དང་པོ་ནི་མངོན་བྱང་ལྔ་སྟེ། དེའི་གཞུང་ནི་སྐབས་འདིར་རུས་སྦལ་ལོ་ཞེས་པའི་ཚིག་གིས་བསྟན་ཞིང་རྩ་བའི་རྒྱུད་ལས། དེ་ཉིད་བཅུ་བཞིའི་ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །ཞེས་པ་དང༌། །རི་སྟེང་པདྨ་གེ་གསར་གྱི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །ཞེས་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་ལས་སློབ་དཔོན་འདི་ཉིད་ཀྱིས་གསུངས་ཏེ། རི་ཡི་རྩེ་དང་གེ་སར་དང༌། །སྣ་ཚོགས་པདྨའི་ཨཱ་ལི་དང༌། །ཀཱ་ལི་ཨུཥྨ་ཎའི་བཞི་པ། །ཐིག་ལེ་སྒྲ་ལས་ཡང་དག་བྱུང༌། །ཞེས་གསུངས་པ་སྟེ། བཤད་པའི་རྒྱུད་རྣམས་ལས་ཕལ་ཆེར་དུ་མངོན་བྱང་ལྔའི་བསྐྱེད་ཚུལ་གསུངས་ཤིང༌། ཁྱད་པར་མངོན་བརྗོད་ལས་ནི། མངོན་བྱང་ལྔ་ཉིད་ཀྱང་མི་འདྲ་བ་དུ་མ་གསུངས་སོ། །དེ་ལ་རྒྱུ་འབྲས་རྡོ་རྗེ་འཛིན་པ་སོ་སོ་ཡོད་ཅིང༌། ཞུ་བ་གླུས་བསྐུལ་བྱེད་པའི་རིགས་ལ་ལྷའི་གཙོ་བོ་འབྲས་བུ་རྡོ་རྗེ་འཛིན་པ་ཡིན་ཞིང༌། དེ་དངོས་སུ་མངོན་བྱང་ལྔ་ལས་བསྐྱེད་ན་སྨོས་མ་དགོས་ལ། སྐབས་དེར་དངོས་སུ། མི་བསྐྱེད་ཀྱང༌། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུ་ཉིད་འབྲས་བུ་ལ་བལྟོས་པའི་ཉི་ཟླའི་མངོན་བྱང་གི་དོད་ཡིན་ཞིང༌། ཞུ་བ་གསུམ་པ་དང༌། གླུས་བསྐུལ་པ་བཞི་པ་དང༌། སླར་ས་བོན་སོགས་སུ་གྱུར་པའམ། སྐུ་ཉིད་རྫོགས་པའང་ལྔ་པའི་དོད་ཡིན་པས། འབྲས་བུའི་ལྷ་དེ་མངོན་བྱང་ལྔ་ལས་ཀྱང་རྒྱས་ཤིང་ལྷག་དང་བཅས་པར་འགྱུར་རོ། །དེའི་ཕྱིར་འདི་འདྲའི་རིགས་ལ་རྒྱུའི་ལྷ་མངོན་བྱང་ལས་མ་བསྐྱེད་ཀྱང་རུང་བ་མང་བས་རྒྱུ་རྡོ་རྗེ་འཛིན་པའི་མངོན་བྱང་ལྔའི་རིམ་པ་རྣམས་ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་སྒྲུབ་པའི་ལམ་བྱེད་ཙམ་
དུ་བཤད་ནས། སྦྱང་བྱ་དང་སྦྱོར་ཚུལ་སྒོང་སྐྱེས་སྦྱོང་བ་འོད་ཀྱི་གོང་བུ་ལས་བསྐྱེད་པ་ཙམ་དུ་སྦྱར་བ་ལས། གཞན་སྦྱངས་བྱ་དང་རྒྱས་པར་མ་སྦྱར་བར་བཤད་ཀྱང་དོན་ཚང་ཞིང་མ་ཟློས་ལ་འཚམ་པར་ཡང་འགྱུར་རོ། །ལཱུ་ཡི་པའི་སྒྲུབ་ཐབས་ལྟ་བུ་གཞན་ཡང་གང་དག་མངོན་བྱང་ལྔ་ལས་ནི་བསྐྱེད་ཅིང༌། རྒྱུ་འབྲས་རྡོ་རྗེ་འཛིན་པའི་དབྱེ་བ་མེད་པ་དེ་དག་ལ་ནི་ངེས་པར་མངོན་བྱང་ཉིད་ལ་སྐྱེ་བ་ལེན་ཚུལ་དང་སྦྱར་བའི་དག་བྱ་དག་བྱེད་ཞིབ་མོར་སྦྱོར་བ་གལ་ཆེ་བས་དེ་འདྲའི་དབྱེ་བ་ཤེས་པ་ཡང་རྒྱུད་དོན་རིག་པའི་རྟགས་སུ་འགྱུར་རོ། །འོན་ཀྱང་རྒྱུ་རྡོ་རྗེ་འཛིན་པ་ཕ་མ་ལྟ་བུའི་དབང་དུ་བྱས་ནས། དེ་ཉིད་ལ་བལྟོས་པའི་སྐྱེ་སྲིད་དང་སྦྱོར་ཚུལ་འདི་ཤེས་པར་བྱ་བའི་ཕྱིར་དང༌། མངོན་བྱང་ལྔ་བསྐྱེད་གཙོ་བོར་གྱུར་པའི་བསྐྱེད་རིམ་རྣམས་ཀྱི་དག་བྱ་དག་བྱེད་ཀྱང་ཞོར་ལ་རྟོགས་པར་འགྱུར་བའི་དགོས་པ་ཡོད་པས་ཟུར་ཙམ་བརྗོད་པར་བྱའོ།། དེ་ལ་སྐབས་ཀྱི་དོན་དངོས་དང་འཕྲོས་དོན་གཉིས་སོ། །དང་པོ་ལ་བསྒོམ་བྱ་དམིགས་པ། སྦྱངས་བྱ་སྐྱེ་སྲིད། སྦྱངས་འབྲས་ཆོས་ལྔ། སྨིན་ཚུལ་ཡེ་ཤེས་བསྐྱེད་པ་སྟེ་བཞི་ལས། དང་པོ་ནི། དབུས་ཀྱི་གཙོ་བོའི་གདན་སྟེངས་སུ། ནམ་མཁའ་ན་གནས་པའི་ན་དའི་སེམས་ཀྱིས་ཡོངས་སུ་སྤྲུལ་པའི་ཨཱ་ལི་བཅུ་དྲུག་ཕྲག་གཉིས་ཁ་དོག་དཀར་པོ་རྣམས་ཞུ་བ་ལས་ཟླ་བར་གྱུར་ཞིང༌། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ང་རྒྱལ་བྱེད་པ་ཡིན་ནོ། །ཞོར་བྱུང་དུ་རྫོགས་པའི་སངས་རྒྱས་དངོས་སུ་ཐོབ་བྱེད་ཀྱི་ལམ་ཉེ་རྒྱུའི་ཏིང་ངེ་འཛིན་གྱི་སྐབས་སུ། ཟླ་བ་ལས་བྱང་ཆུབ་པའི་ཡེ་ཤེས་དེ་ཡང་འདིའོ་སྙམ་པའི་ང་རྒྱལ་བྱ། དེ་བཞིན་དུ་ཀཱ་ལི་བཞི་བཅུ་ཉིས་འགྱུར་གྱི་ཡི་གེ་དམར་པོ་རྣམས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམས་ནས། འདི་ནི་རྫོགས་པའི་
སངས་རྒྱས་ཀྱི་མཉམ་ཉིད་ཡེ་ཤེས་དང༌། ཉེ་རྒྱུའི་སྐབས་གྱི་ཉི་མ་ལས་བྱང་ཆུབ་པ་དེའོ་ཞེས་ང་རྒྱལ་བརྟན་པོ་བྱ། རྒྱས་པའི་ལུགས་ཨཱ་ལི་སོ་གཉིས་བསྒོམས་ན་དེ་རྣམས་མཚན་སུམ་ཅུ་རྩ་གཉིས་ཐོབ་བྱེད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པའི་ཚོགས་གསུམ་མོ། །དེ་བཞིན་དུ་ཀཱ་ལི་བརྒྱད་ཅུ་བསྐྱེད་པའི་ཕྱོགས་ལ། དཔེ་བྱད་བཟང་པོ་བརྒྱད་ཅུའི་རྒྱུ་ཚོགས་གསུམ་མོ་སྙམ་པ་དགོས་ཤིང༌། བསྡུས་པའི་ལུགས་ལ་ཨཱ་ལི་ཀཱ་ལི་ཚར་རེ་ལས་མི་བསྐྱེད་ན། མཚན་དཔེའི་ང་རྒྱལ་མི་བྱ་སྟེ། ཐིག་ལེ་འཕོ་བ་བཅུ་དྲུག་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱངས་དང༌། རླུང་འཕོ་བ་ཉེར་བཞི་སྲོག་འཛིན་ལ་སོགས་པ་རླུང་བཅུ་སྟེ་སོ་བཞི་རྣམ་པར་དག་པའི་གསལ་བྱེད་སོ་བཞིའོ། །དབྱངས་གསལ་དེ་རྣམས་སྒོམ་ཚུལ་ལ། ཁ་ཅིག་ཡི་གེ་མགོ་སྤྲོད་དང༌། ཁ་ཅིག་ཁ་ཕྱིར་ལྟ་ནང་ལྟ་དང༌། གཞན་དག་གཡས་སྐོར་གཡོན་སྐོར་གྱི་དབྱེ་བ་སོགས་བྱེད་ཀྱང༌། རང་ལུགས་ནི་དབྱངས་གསལ་རིམ་པ་གཅིག་པའམ་གཉིས་པ་གང་ཡིན་ཡང་རུང་སྟེ། དབྱངས་རྣམས་མདུན་ནས་གཡོན་སྐོར་དང༌། གསལ་བྱེད་རྣམས་མདུན་ནས་གཡས་སྐོར་ཏེ་གཉིས་ཀར་ཁ་ནང་ལྟ་མགོ་བོ་སྟེང་དུ་ལྟ་བ་ཡིན་པར་ཤེས་སོ། །ཟླ་བའི་སྟེང་ཉི་མའི་འོག་ཏུ་ཟླ་བ་ཉིད་ལ་བརྟན་ཞིང་རེག་པའི་ཚུལ་གྱིས་ཧཱུཾ་དཀར་པོ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཧཱུཾ་གིས་མཚན་པ་དང༌། ཨཾ་དམར་པོ་ལས་ཐོད་ཁྲག་གི་དབུས་སུ་ཨཾ་གིས་མཚན་པ། དེ་ཡང་དབུས་སུ་རྡོ་རྗེ་གྱེན་ལངས་དང༌། དེའི་མདུན་དུ་ཐོད་པའི་དཔྲལ་བ་རྡོ་རྗེ་ལ་བསྟན་པའོ། །ཡུམ་སྐུ་མདོག་དཀར་མོར་བྱེད་ན། ཨཾ་ཡིག་ཀྱང་དཀར་པོར་བྱ་མོད་ཀྱི། དཀྱུས་སུ་བཤད་པ་ནི་དམར་མོ་གཙོ་ཆེ་བའི་དབང་ངོ༌། །དེ་ནི་འབྲས་དུས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་
དང༌། ཉེ་རྒྱུའི་མངོན་བྱང་གསུམ་པ་བརྟན་པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པའོ་ཞེས་ང་རྒྱལ་བྱ། དེ་ནས་ས་བོན་དང་ཕྱག་མཚན་ཞུ་སྟེ་ཟླ་བ་ལ་འདྲེས། དེ་ཡང་ཉི་མ་ལ་འདྲེས་ཏེ་འོད་ཟེར་དཔག་ཏུ་མེད་པ་འབར་བའི་གོང་བུར་གྱུར་པ་ནི། འབྲས་དུས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་དང༌། ཉེ་རྒྱུའི་མངོན་བྱང་བཞི་པ་རྡོ་རྗེའི་བདག་ཉིད་ལས་བྱང་ཆུབ་པའོ། །ཞེས་ང་རྒྱལ་འཇོག་ཅིང་སྒོམ་མོ། །འོད་ཀྱི་གོང་བུ་དེ་ལས་རྒྱུའི་རྡོ་རྗེ་སེམས་དཔའ་གསལ་འདེབས་པ་ན་ཐོག་མར་རྩ་ཞལ་རྩ་ཕྱག་ཡུམ་དང་བཅས་པ་དང༌། དེ་ནས་ཞལ་ཕྱག་ལྷག་མ་དང༌། རྒྱན་ཆ་ལུགས་རྣམས་གྲུབ་པར་བསྒོམས་ཏེ། དེ་ནི་འབྲས་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དང༌། ཉེ་རྒྱུའི་མངོན་བྱང་ལྔ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཞེས་ང་རྒྱལ་བརྟན་པོ་གཟུང་བར་བྱའོ། །གཉིས་པ་ནི། སེམས་ཅན་སྒོ་ང་ལས་སྐྱེ་བ་རྣམས་དང་པོར་མངལ་དུ་ཁམས་དཀར་དམར་གྱི་འདུ་འཕྲོད་ཀྱི་ནང་དུ་བར་དོའི་རྣམ་ཤེས་འཇུག་པ་ནི། ཉི་ཟླའི་དབུས་སུ་ས་བོན་ཕྱག་མཚན་བསྒོམ་པས་མཚོན་ལ། དེ་ཉིད་སྒོ་ངར་གྱུར་པ་ནི། གཅིག་ཏུ་འདྲེས་པའི་འོད་ཀྱི་གོང་བུས་སྦྱོང་བར་བྱེད། ཡང་ན་དྲོད་གཤེར་ལས་སྐྱེས་པ་དང་མཐུན་པ་སྟེ། གཤེར་ནི་ཟླ་བ། དྲོད་ནི་ཉི་མ། ས་བོན་ཕྱག་མཚན་པར་བར་དོའི་རྣམ་ཤེས། གཅིག་ཏུ་འདྲེས་པ་ནི་རྣམ་ཤེས་དེས་དྲོད་དང་གཤེར་གྱི་དབུས་ནས་ལུས་འགྲུབ་པའི་འབྱུང་བཞི་བླངས་པ། སྐུ་ཡོངས་རྫོགས་ལུས་གྲུབ་པ་མཚོན་ཞིང་མངལ་སྐྱེས་དང་སྦྱོར་ཚུལ་བསྡུས་པ་ཡང་དེ་གཉིས་ཀྱིས་གོ་བར་ནུས་སོ། །གསུམ་པ་ནི། དེ་ལྟར་གོང་དུ་བཤད་པའི་ང་རྒྱལ་གཟུང་བར་བྱ་བའི་ཡུལ་དེ་རྣམས་ཉིད་ཡིན་ཏེ།
དེ་ཡང་ཡེ་ཤེས་ལྔ་དང་མངོན་བྱང་ལྔའོ། །དང་པོ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཆོས་ཀྱི་སྐུའམ་ཆོས་དབྱིངས་རང་ཉིད་ཀྱི་གནས་ཚུལ་དང་ཡོན་ཏན་མ་ལུས་པ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་སྣང་བ་ཡིན་ལ། ཀུན་རྫོབ་ཀྱི་ཆོས་ཤུགས་ལ་མཁྱེན་ཡང་མི་སྣང་སྟེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་ཏེ། དེ་དང་ཟླ་བ་མཚུངས་པ་ནི། ཟླ་བའི་འོད་ནི་རང་བཞིན་གྱིས་གསལ་ཞིང་དྲི་མ་མེད་པ་ཡང་ཡིན་ལ། ཡུལ་ཕྱོགས་ཀུན་ལ་ཁྱབ་ཀྱང་ཕྲ་མོ་རྣམས་ཧ་ཅང་གསལ་བར་མི་བྱེད་པ་བཞིན་དུ་ཡེ་ཤེས་དེ་ཤིན་ཏུ་གསལ་ཡང་ཀུན་རྫོབ་ཀྱི་ཆོས་རྣམ་པར་འབྱེད་པར་མི་མཛད་དོ། །འདི་ནི་ཞེ་སྡང་གི་ཆོས་ཉིད་ཡིན་པའི་ཕྱིར་ཤིན་ཏུ་གསལ་བ་དང༌། ཐུགས་རྡོ་རྗེ་མི་རྟོག་པ་ཉིད་ཀྱི་ཕྱིར་འདིའི་ལྡོག་ཆ་ནི་སོ་སོར་འབྱེད་པའི་ལྡོག་ཆ་མ་ཡིན་ནོ། །མཉམ་ཉིད་ཡེ་ཤེས་ནི། ཇི་སྐད་དུ། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་གསུང་པ་ལྟར། རང་གཞན་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དང༌། གདོད་མ་ནས་དག་པ་དང༌། རང་གཞིན་འོད་གསལ་ཉིད་དུ་མཉམ་པར་གཟིགས་ཤིང་དེ་ལས་སེམས་ཅན་བདག་མཚུངས་ཀྱི་ཐུགས་རྗེ་ཆེན་པོ་འབྱུང་བའི་ནུས་མཐུ་ཅན་ཡིན་ཏེ། ཉི་མའི་འོད་ནི་རབ་ཏུ་གསལ་བ་ཀུན་ལ་ཁྱབ་ཅིང༌། དྲོད་ཀྱིས་སྨིན་པར་བྱེད་པ་ལྟར། འདི་ཡང་སྟོང་གསལ་གྱི་རྣམ་པ་ཤེས་བྱ་ཀུན་ལ་ཁྱབ་ཅིང༌། སེམས་ཅན་སྨིན་པར་བྱེད་པའི་ངང་ཚུལ་ཅན་ནོ། །འདི་ནི་བདག་གམ་བདག་གི་ལོངས་སྤྱོད་དང་ཡོན་ཏན་ཁོ་ན་
ལ་ཆགས་པའི་ང་རྒྱལ་སེར་སྣ་གདོད་ནས་དག་པའི་མཚན་ཉིད་ཀྱི་ཕྱིར། རང་དོན་སྤངས་ཤིང་གཞན་དོན་ཐུགས་རྗེ་ཆེན་པོ་འཇུག་ལ་ཀུན་ཁྱབ་ཀྱི་སྐུ་རྡོ་རྗེ་ཉིད་ཀྱི་ཕྱིར་ཐམས་ཅད་ལ་མཉམ་པར་ཁྱབ་པའོ། །སོར་རྟོག་ཡེ་ཤེས་ནི། ཇི་སྐད་དུ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་པ་ལྟར། ཀུན་རྫོབ་ཀྱི་ཆོས་དངོས་སུ་མི་སྣང་ཡང༌། དོན་དམ་གྱི་སྣང་བ་རབ་འབྱམས་གཟིགས་པའི་ཤུགས་ལ་མཐའ་ཡས་པའི་སེམས་ཅན་རྣམས་ལ་སྣང་བའི་ཀུན་རྫོབ་ཀྱི་ཆོས་དེ་དག་གི་རྒྱུ་འབྲས་ཀྱི་མཚན་ཉིད་མ་ལུས་ཤིང་ལུས་པ་མེད་པ་གཅིག་ཅར་མཁྱེན་པ་ཡིན་པས་དེ་ནི་ས་བོན་དང༌། ཕྱག་མཚན་སོགས་ལྷ་སོ་སོའི་དེ་དག་མ་འདྲེས་པར་བསྒོམས་པས་མཚོན་ཏེ། གཏི་མུག་དང་ལྟ་བ་ངན་པ་རང་བཞིན་གྱིས་དག་པའི་ཕྱིར། ཇི་ལྟ་བ་དང༌། ཇི་སྙེད་པ་དང༌། ཀུན་རྫོབ་དོན་དམ་མ་ལུས་པ་འབྱེད་པའི་ངང་ཚུལ་ཅན་ཡིན་ལ། བཤད་པའི་ཆོས་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར་གསུང་རྡོ་རྗེའོ། །བྱ་སྒྲུབ་ཡེ་ཤེས་ནི། ཇི་སྐད་དུ། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང༌། །དཔག་མེད་སངས་རྒྱས་སྤྲུལ་པ་ཡིས། །སེམས་ཅན་དོན་ནི་སྒྲུབ་པའོ། །ཞེས་གསུངས་ཏེ། མཉམ་ཉིད་ཡེ་ཤེས་ཉིད་དམིགས་པ་མེད་པའི་སྙིང་རྗེའི་རང་བཞིན་དུ་གནས་པ་ནི་བྱ་སྒྲུབ་ཡེ་ཤེས་ཏེ། དེ་ནི་རང་བཞིན་སྙིང་རྗེ་ཆེན་པོ། ཁྱད་ཆོས་ནུས་མཐུ་ཐོགས་པ་མེད་པའི་མཚན་ཉིད། བྱེད་ལས་ཞིང་ཁམས་ཐམས་ཅད་དུ་གདུལ་བྱ་ཐམས་ཅད་ལ་སྐུ་དང་གསུང་དང་མཛད་པའི་རྣམ་འགྱུར་མཐའ་ཡས་པ་སྟོན་ནུས་པ་སྟེ། ཡེ་ཤེས་གསུམ་པོ་དེ་དག་གཅིག་ཏུ་འདྲེས་པའི་ཕྲིན་ལས་ཀྱི་ངོ་བོ་ཡིན་པའི་ཕྱིར། ཉི་ཟླ་ས་བོན་ཕྱག་མཚན་གཅིག་ཏུ་འདྲེས་
པ་འོད་ཟེར་འབར་བ་དང་བཅས་པ་དང་འདྲ་བའི་སྒོ་ནས་ལམ་དུ་བྱེད། འདི་ལས་དང་བྱ་བ་རྣམ་པར་དག་པའི་ཕྱིར། སྐུ་དང་གསུང་དང་མཛད་པ་སྣ་ཚོགས་སྟོན་པའི་ནུས་མཐུ་ཅན་ཡིན་ལ། ཕྲག་དོག་དག་པའི་ཕྱིར་གཞན་གྱི་དོན་ལ་བརྩོན་པས་ན་ལས་ཀྱི་རྡོ་རྗེའོ། །ཆོས་དབྱིངས་ཡེ་ཤེས་ནི། གདོད་ནས་སྒྲིབ་པ་གང་གིས་ཀྱང་མ་གོས་ཤིང་། འཁོར་བ་དང་འབྲས་བུ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ཡང་ཡིན་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་མ་ལུས་ཤིང་ལུས་པ་མེད་པའི་ཡོན་ཏན་ཟད་མི་ཤེས་པའི་རང་བཞིན་ཏེ། བདེ་ཆེན་རྣམ་པ་ཐམས་ཅད་པ་ཡིན་ནོ། །དེ་ལྟར་ཡང༌། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཐང་མི་ཤེས་མཚན་ཉིད་དོ། །ཞེས་སོ། །འདི་ལ་ཡེ་ཤེས་གཞན་བཞི་པོ་ཡང་འདུས་ཤིང༌། གནས་ལུགས་དོན་དམ་ཀྱི་ལུས་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར། མངོན་བྱང་དང་པོ་བཞི་ཆར་ལས་གྲུབ་པ་ལྷའི་སྐུ་ལུས་ཡོངས་སུ་རྫོགས་པ་དང་ཆོས་མཐུན་ནོ། །འདི་ནི་སྒྲིབ་གཉིས་ཀུན་སྤངས། ཡོན་ཏན་ཀུན་རྫོགས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཡོན་ཏན་རྡོ་རྗེ་དང༌། འདོད་ཆགས་རྣམ་པར་དག་པའི་ཕྱིར། བདེ་བ་ཆེན་པོ་ཉིད་ཀྱི་ན་ཡེ་ཤེས་རྡོ་རྗེའོ། །དེ་ཉིད་བསྡུས་པ་ལ་སོགས་པ་རྒྱུད་གཞན་མང་པོ་ལས་ཀྱང༌། པདྨའི་རིགས་གཏི་མུག་དང་ལྟ་བ་ངན་པ་སྦྱོང་བ་དང༌། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་རིགས་ཞེས་བྱ་བ་འདོད་ཆགས་སྦྱོང་བ་དང༌། རིན་པོ་ཆེ་དང་ལས་ཀྱི་རིགས་ནི། ལས་དང་བྱེད་པའི་ཁྱད་པར་མ་གཏོགས་ངོ་བོ་གཅིག་ཅིང༌། དེ་ཉིད་ཞིང་ཁམས་ཐམས་ཅད་དུ་སྐུ་དང་མཛད་པ་སྟོན་པ་པོར་བཤད་པ།
འདིར་ཡང་དེ་དང་མཐུན་པ་ཡིན་ལ། མདོ་སྡེ་སངས་རྒྱས་ཀྱི་ས་དང༌། རྒྱལ་བ་མི་ཕམ་པའི་གཞུང་གི་ཡེ་ཤེས་ལྔ་བཤད་པ་རྣམས་ལ་སྦྱོར་ཚུལ་འདི་ཁོ་ན་བདེ་བར་མཐོང་ངོ༌། །སྤྱིར་ཆོས་དབྱིངས་ཞེ་སྡང་དང༌། མེ་ལོང་གཏི་མུག་ལ་སྦྱོར་བ་དང༌། དེ་ཉིད་གོ་ཟློག་པ་དང༌། །འདོད་ཆགས་སོར་རྟོག་དང་སྦྱོར་བ་དང༌། གཏི་མུག་གི་དག་པ་གང་ཡིན་པ་དེ་སྐུ་རྡོ་རྗེ་ལ་སྦྱོར་བ་སོགས་ཕྱོགས་འདིའི་སྔགས་པ་མཁས་བླུན་ཐམས་ཅད་ལ་ཐུན་མོང་དུ་གྲགས་པ་ལྟར་སྦྱར་ཡང་རུང་ངོ༌། །དཀྱུས་སུ་བཤད་པ་འདི་ལྟར་ན་ཞེ་སྡང་དག་པ་ནི་ཁྲོ་བོ་ཁོ་ན་ཡིན་ལ། རྣམ་སྣང་དང་མི་བསྐྱོད་པ་ཟུང་འཇུག་ཏུ་བྱས་ཏེ། རིགས་གཞན་རྡོ་རྗེ་སེམས་དཔའི་རིགས་སུ་གྱུར་པ་དེ་ཉིད་རིགས་ལྔའི་ནང་དུ་བགྲངས་ཏེ། དེ་ལ་རིགས་གཞན་གསུམ་བསྣན་ནས་ཡེ་ཤེས་ལྔའི་དག་པ་བྱེད་པ་ཡིན་ནོ། །གཉིས་པ་མངོན་བྱང་ལྔ་ནི། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞིར་ཕྱེ་བའི་དང་པོ་ཁམས་དཀར་པོ་རྣམ་པར་དག་པའི་དགའ་བ་བཅུ་དྲུག་ཡས་བབས་ཀྱི་ཚུལ་དུ་ཤར་བའི་ཡེ་ཤེས་མཐར་ཐུག་པ་དེ་ནི། སེམས་སོར་རྟོག་ལས་མངོན་པར་བྱང་ཆུབ་པ་ཟླ་བ་ལྟ་བུ་དང༌། ཁུ་རྡུལ་གཉིས་ཀ་རྣམ་པར་དག་པའི་ཡེ་ཤེས་མས་བརྟན་གྱི་རང་བཞིན་ཅན་ལྷན་ཅིག་སྐྱེས་པ་མཐར་ཐུག་པས་ཁམས་ཉི་ཤུ་རྣམ་པར་དག་པའི་མཚན་ཉིད་ཅན་དེ་ནི། བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ་ཉི་མ་ལྟ་བུའོ། ཁམས་ཉི་ཤུ་ནི། ཕུང་པོ་ལྔ་ལས་འབྱུང་བ་བཞི་བཞིས་ཕྱེ་བས་ཉི་ཤུ་ཡིན་ལ། དེ་དག་པ་ཡང་ལམ་མཐར་ཐུག་གི་ཡེ་ཤེས་ལྔ་ལ་ཚད་མེད་བཞི་བཞིས་ཕྱེ་བས་སྟོང་ཉིད་ཉི་ཤུའི་ཡེ་ཤེས་སོ། །དེའི་རྗེས་སུ་རླུང་གི་ཚོགས་པ་མཐའ་དག་ཐིམ་པའི་ཡེ་ཤེས་སྟོང་པ་ཉིད་མཐར་ཐུག་པ་ནི། ས་བོན་ཕྱག་མཚན་
ལྟ་བུ་སྟེ། བརྟན་པའི་རྡོ་རྗེ་ལས་བྱང་ཆུབ་པའོ། །ཡེ་ཤེས་དེ་རྣམས་ཉིད་ཤེས་བྱ་ཀུན་ལ་ཁྱབ་པ་ནི། གཅིག་ཏུ་འདྲེས་པ་དང་མཚུངས་ཏེ། རྡོ་རྗེའི་བདག་ཉིད་ལས་བྱང་ཆུབ་པའོ། །དེའི་རྗེས་སུ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་རྒྱུད་ལ་སྐྱེས་པ་ན། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མཁའ་མཉམ་དུ་གྱུར་པ་ནི། སྐུ་ཡོངས་རྫོགས་ཀྱིས་མཚོན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པའོ། །བཞི་པ་ནི། ཉི་ཟླ་ཁ་སྦྱོར་བསྒོམས་པས་རྫོགས་རིམ་གྱི་གནས་སྐབས་སུ་ལུས་ལ་གནད་དུ་བསྣན་པས། རྩ་ཨ་ཝ་དྷུ་ཏིའི་ནང་རྩ་འཁོར་གྱི་མདུད་པའི་གནས་རྣམས་སུ་གཏུམ་མོ་འབར་ཞིང་ཐིག་ལེ་ཞུ་བའི་དཀར་དམར་འབར་འཛག་ཁ་སྦྱོར་དུ་འབྱུང་བ་མཚོན་ཞིང༌། ས་བོན་དང་ཕྱག་མཚན་སྒོམ་པ་ནི་རླུང་སེམས་དབུ་མར་ཐིམ་པ་དང༌། གཅིག་ཏུ་འདྲེས་པ་ནི་དེ་དག་ཚོགས་པའི་ཞུ་བདེ་བདེ་སྟོང་གི་ཡེ་ཤེས་སོ། །སྐུ་ཡོངས་སུ་རྫོགས་པ་ནི། དེ་ལས་རང་བཞིན་ལྷན་སྐྱེས་རྟོགས་པའི་རྫོགས་རིམ་ཡེ་ཤེས་ཀྱི་ལྷ་གྲུབ་པ་སྟེ། དེ་ལྟར་ཡང༌། གང་ཕྱིར་ལུས་ལས་བྱུང་བའི་ཕྱིར། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་སོ། །གཉིས་པ་འཕྲོས་དོན་ནི། ཟླ་བའི་དཀྱིལ་འཁོར་ནི་ཕའི་ཁུ་བ་མཚོན་པ་ཡིན་ལ། དེའི་རྒྱུད་དབྱངས་ཡིག་བཅུ་དྲུག་བྱེད་པ་ནི། ཕའི་ཁམས་འཕོ་བ་བཅུ་དྲུག་དབྱངས་བཅུ་དྲུག་གི་རང་བཞིན་ཅན་དེ་ཡང་ལུས་ཀྱི་གཡས་དང་གཡོན་གྱི་དབྱེ་བས་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱི་ཆ་ཤས་ཐམས་ཅད་འདུས་པ་མཚོན་ཞིང༌། ཉི་མའི་དཀྱིལ་འཁོར་ནི་མའི་ཁམས་དམར་པོ་མཚོན་པ་དང༌། དེ་ཉིད་ཁམས་ལྔའི་རང་བཞིན་གྱི་དྭངས་མ་ཡིན་པ་ལས།
གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ་ཞེས་པའི་རིམ་པས། རེ་རེ་ཡང་འབྱུང་བ་བཞི་བཞིའི་དབྱེ་བས་ཉི་ཤུའོ། །ཉི་ཤུ་པོ་དེ་དག་ལ་རྟེན་ལུས་ཀྱི་ཆོས་ཐིག་ལེ་རེ་དང༌། བརྟེན་པ་སེམས་ཀྱི་ཆོས་བདེ་བདེ་རེ་རེས་ཕྱེ་བས་བཞི་བཅུ། དེ་རྣམས་ལ་ཀུན་རྫོབ་སྣང་བ་ཐབས་ཀྱི་ཆ་རེ་དང༌། དོན་དམ་སྟོང་པ་ཤེས་རབ་ཀྱི་ཆ་རེས་དབྱེ་བས་བརྒྱད་ཅུའོ། །མངོན་བྱང་གསུམ་པའི་སྐབས། ཡི་གེ་ཙམ་ནི་བར་དོའི་རླུང་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་དེ་ཡིན་ལ། ཧཱུཾ་ཡིག་ལ་ཆ་ལྔ་རིམ་གྱིས་བསྐྱེད་པ་འདིར་མེད་ཀྱང༌། སྤྱིར་ཆ་ལྔ་པོ་དུས་གཅིག་ལ་ཚང་བ་དེས་མངལ་གྱི་གནས་སྐབས་ལྔ་སྦྱོང་བར་བྱེད་དེ། སྡོམ་འབྱུང་ལས། མི་བསྐྱོད་གཟུགས་ཀྱི་ནུར་ནུར་པོ། །མེར་མེར་པོ་ནི་རིན་ཆེན་འབྱུང༌། །དཔག་མེད་མགོན་ཡང་ཏར་ཏར་པོ། །དོན་ཡོད་གྲུབ་པ་གོར་གོར་པོ། །མཁྲང་གྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །ཞེས་གསུངས་ཤིང༌། ཨཾ་ཡིག་ལའང་ན་ད་ཐིག་ལེ་ཟླ་ཕྱེད་མགོ་བོ་ཁོག་པ་སྟེ་རིགས་ལྔའི་དག་པ་ཡོད་ལ། རྡོ་རྗེའི་རྭ་འོག་མ་ལྔ་ནི། ཡན་ལག་ལྔ་དང་སྟེང་མ་ལྔ་ནི་མགོ་བོ་ལ་དབང་པོ་ལྔའི་ཆ་ཤས་དང༌། ཡན་ལག་བཞི་ལ་སོར་མོ་ལྔ་ལྔའོ། །ཐམས་ཅད་གཅིག་ཏུ་འདྲེས་ནས་འོད་ཀྱི་གོང་བུར་གྱུར་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་རྣམས་རིམ་གྱིས་འཕེལ་བའོ། །དེ་ཡང་ས་བོན་ཕྱག་མཚན་ཟླ་བ་དང་འདྲེས་པ་ནི། རུས་པ་རྐང་དང་ཁུ་བ་རྫོགས་པ་དང༌། དེ་ཉི་མ་དང་འདྲེས་པ་ནི། པགས་པ་ཤ་དང་ཁྲག་རྣམས་རྫོགས་པའོ། །འདི་མངོན་བྱང་ལྔ་ཅུང་ཟད་བསྡུས་པ་ཡིན་པས། འོད་ཟེར་སྤྲོ་བསྡུ་མི་བྱེད་པའི་དབང་དུ་བྱས་ཏེ། གནས་སྐབས་དེ་ནི་སྒོང་སྐྱེས་ཀྱི་སྒོང་རྒྱ་ནས་འབྱུང་འདོད་དམ། མངལ་སྐྱེས་ཀྱི་མངལ་
ནས་འབྱུང་འདོད་ཚུན་ཆད་དོ། །ལྔ་པ་སྐུ་ཡོངས་སུ་རྫོགས་ཚུལ་ནི། མངལ་ནས་བྱུང་ཞིང་བཙས་པ་ན། དེའི་ལུས་སྐྱེ་བོ་གཞན་གྱིས་མཐོང་བར་འགྱུར་བ་དང་མཚུངས་སོ། །ཡང་རྒྱུའི་དུས་ན་མངལ་དུ་ཁུ་ཁྲག་གི་ཚོགས་པ་ནི་གཙོ་བོར་ལུས་འགྲུབ་བྱེད་ཡིན་པ་དང༌། ངག་རླུང་ནི་ཡི་གེའི་ཆོས་སུ་གནས་པ་དང༌། ཡིད་ནི་རྣམ་པར་རྟོག་པའི་མཚན་མ་ཅན་ཡིན་པ་དང༌། ལུས་ངག་སེམས་གསུམ་དབྱེར་མི་ནུས་པ་ལྟར་ཚོགས་པ་ལ་སྐྱེས་བུའི་མིང་འདོགས་པ་ལྟར། ཉི་ཟླ་དང་ས་བོན་དང་མཚན་མ་དང་གཅིག་ཏུ་འདྲེས་པ་རྣམས་ཀྱིས་འཁོར་བའི་ལུས་དང་ངག་དང་ཡིད་དང་གཅིག་འདྲེས་རྣམས་སྦྱོང་ལ། དེ་ཉིད་ཀྱི་ཕྱིར་སྦྱངས་འབྲས་ལ་ཡང་ཉི་ཟླ་ནི་སྐུ་རྡོ་རྗེ་སྒྲུབ་བྱེད་དང༌། ས་བོན་ནི་གསུང་རྡོ་རྗེ་སྒྲུབ་བྱེད་དང༌། ཕྱག་མཚན་ནི་ཐུགས་རྡོ་རྗེ་སྒྲུབ་བྱེད། གཅིག་འདྲེས་ནི་སྐུ་གསུང་མཉམ་པ་ཉིད་སྒྲུབ་བྱེད་དང༌། སྐུ་ཡོངས་རྫོགས་ནི་དེ་ཉིད་ལྷའི་རང་བཞིན་དུ་གནས་པ་མཚོན་པའོ། །གཤིན་རྗེ་གཤེད་གདོང་དྲུག་པའི་རྒྱུད་ལས། ཀ་སོགས་སྤངས་པ་ཨཱ་ལི་ནི། བཅུ་དྲུག་ཡིན་ཏེ་དེ་ཕྲག་གཉིས། །འཁོར་ལོ་ལ་སོགས་ས་བོན་ཡིན། །ཟླ་བ་དེ་བཞིན་སུམ་ཅུ་གཉིས། །ཨ་སོགས་སྤངས་པའི་ཀཱ་ལི་ནི། །བཅུ་བདུན་གཉིས་སུ་དེ་སྟེངས་སུ། །ཡ་སོགས་སྤངས་པ་མིན་པ་དང༌། །གསུམ་པའི་གསུམ་པ་བཞི་པ་ཉིད། །བཅུ་ཕྲག་བཞི་སྟེ་དེ་ཕྲག་གཉིས། །སེན་མོ་ཟངས་མདོག་སོགས་ས་བོན། །ཉི་མར་རྣམ་གྲགས་དེ་དབུས་གནས། །ཧཱུཾ་དང་ཨ་ཡི་རང་བཞིན་ལས། །ཞེས་གསུངས་ཏེ། ཨཱ་ལི་ཀཱ་ལི་རྒྱས་པ་ལས་ཉི་ཟླ་སྒོམ་པའི་ཁུངས་སོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་
བོན་ཕྱག་མཚན་ཉིད། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། མཁས་པས་ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཞེས་གསུངས་པ་ནི། མངོན་བྱང་ལྔ་དང་ཡེ་ཤེས་ལྔ་སྦྱོར་བའི་ལུང་ངོ༌། །ཡང་ཟླ་བ་ནི་བདེ་བ། ཉི་མ་ནི་གསལ་བ། ཁ་སྦྱོར་ནི་མཉམ་ཉིད་སྟོང་པ། ས་བོན་ནི་རང་རིག་པ། ཕྱག་མཚན་ནི་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་ཀྱི་རྟེན་འབྲེལ་མ་འདྲེས་པར་མཁྱེན་པ། གཅིག་གྱུར་ནི་གཟུང་འཛིན་སྤངས་ཤིང་ཡུལ་ཡུལ་ཅན་འདྲེས་པ། སྐུ་ཡོངས་རྫོགས་ནི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལམ་དུ་བྱེད་ཚུལ་ལ་སྦྱར་རོ། །ཡང་ན་ཟླ་བ་རང་བཞིན་གྱིས་རྣམ་པར་དག་པ་དང་སྦྱོར་ཞིང༌། ཉི་མ་ནི་བརྩེ་བས་རྗེས་སུ་ཆགས་པ་སྟེ་ལྷག་མ་སྔ་མ་དང་འདྲའོ། །ཡང་ཟླ་བ་ནི་ཡབ་ཀྱི་སྐུ་དང༌། ཉི་མ་ནི་ཡུམ་གྱི་སྐུ་དང༌། ཨཱ་ལི་ཀཱ་ལི་ནི་ཡབ་ཡུམ་གྱི་རྒྱན་ཆ་ལུགས་རྣམས་དང༌། ས་བོན་ནི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དང༌། ཕྱག་མཚན་རྡོ་རྗེ་པདྨ་དང༌། གཅིག་འདྲེས་ནི། ཞལ་ཕྱག་ལ་སོགས་པའི་ཁྱད་པར་མི་འདྲ་བའི་རྒྱུ་སྟེ། རྒྱུ་དེ་དག་ལས་འབྲས་བུ་སྐུ་རྫོགས་པའོ། །ཞེས་པ་ནི་སྐུའི་ཆོས་ལ་སྦྱར་རོ། །ཡེ་ཤེས་ལྔ་ལས། མེ་ལོང་ལྟ་བུ་ནི་ཀུན་གཞི་གནས་གྱུར་པ་དང༌། མཉམ་པ་ཉིད་ནི་ཉོན་ཡིད་དང༌། སོ་སོར་རྟོག་པ་ནི་ཡིད་ཤེས་དང༌། བྱ་བ་སྒྲུབ་པ་ནི་སྒོ་ལྔའི་རྣམ་ཤེས་གནས་གྱུར་པའོ། །ཆོས་དབྱིངས་ཡེ་ཤེས་ནྀ། ཆོས་ཀྱི་དབྱིངས་རང་བཞིན་གྱི་གནས་པའི་རིགས་ཤིན་ཏུ་དྲི་མ་མེད་པའི་གནས་སྐབས་ཐོབ་པའོ། །འདི་དག་ལ་བརྗོད་པར་བྱ་བ་མང་མོད་ཀྱི་ཡི་གེ་མངས་ཀྱི་དོགས་པས་རེ་ཞིག་བཞག་གོ །དེ་ལྟར་ན་གཞུང་འདི་འཆད་པ་དག་འགའ་
ཞིག་བདེ་བ་ཆེན་པོ་ཞེས་པའི་ཚིག་དང༌། འགའ་ཞིག་མི་བྱེད་པ་ཞེས་པའི་ཚིག་གིས། མངོན་བྱང་བསྟན་པར་འདོད་པ་ནི་ཅུང་ཟད་མི་བདེ་ལ། མང་པོ་ཞིག་རུས་སྦལ་ཞེས་པས་མངོན་བྱང་ལས་གཞལ་ཡས་ཁང་དང་རྒྱུ་རྡོ་རྗེ་འཛིན་པ་ལྷན་ཅིག་བསྐྱེད་པ་བསྟན་ཏེ། ཚུལ་འདི་དང་གཞལ་ཡས་ཁང་གི་ནང་དུ་སླར་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང་འདམ་ཁ་ཡིན་ཏེ། སྐྱེད་ཆོག་མི་འདྲ་བ་གཉིས་བསྟན་པས་ན། འདིའི་ཐད་ཀྱི་རྩ་རྒྱུད་ལས། ཡང་ན་རུས་སྦལ་དག་གིས་སོ། །ཞེས་འདམ་ཁའི་སྒྲ་ཡང་ན་ཞེས་གསལ་བར་མཛད་དོ། །ཞེས་གསུངས་པའང་འགལ་བ་ཆེར་མེད་ཅིང༌། ལེགས་ཆ་ཡང་ཅུང་ཟད་ཡོད་མོད། །འོན་ཀྱང་རང་ལུགས་ནི་དཀྱུས་སུ་བཤད་པ་ཉིད་དོ། ཁ་ཅིག་བདེ་བ་ཆེན་པོ་ཞེས་པས་རྒྱུ་རྡོ་རྗེ་འཛིན་པ་ཉིད་བསྟན་པར་འདོད་པ་ནི་ཤིན་ཏུ་མུན་སྤྲུལ་ཏེ། དེ་ནི་འོག་ཏུ་ཞིབ་མོར་འཆད་པའི་ཕྱིར་འདིར་སྟོན་མི་དགོས་པ་དང༌། འབྱུང་བཞི་རི་རབ་ཀྱི་བར་དུ་རྒྱུར་རྡོར་འཛིན་བསྟན་ན་གོ་རིམ་འཁྲུགས་པ་དང༌། དེའི་ལུགས་ལ་ཡང་ན་གཞལ་ཡས་ཁང་སྟོན་བྱེད་ཆད་ཡང་ན་མངོན་བྱང་སྟོན་བྱེད་ཆད་པར་འགྱུར་བས་སྐྱོན་དུ་མ་གནས་པ་དང༌། བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་མིང་ཡིན་པས། རྒྱུ་རྡོ་རྗེ་འཛིན་པའོ་ཞེས་སྒྲུབ་བྱེད་འགོད་པ་ཡང༌། སྒྲུབ་བྱེད་ཤིན་ཏུ་མ་ངེས་པའི་ཕྱིར་ཏེ། དེ་ལྟར་ན་ནི་བདེ་བ་ཆེན་པོའི་ངོ་བོར་བྱ། ཞེས་གསུངས་པས། རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་པ་ལ། རྣམ་པ་རྡོ་རྗེ་སེམས་དཔའ་མ་ཡིན་པ་ཞིག་བསྒོམ་དགོས་པར་ཐལ་བར་འགྱུར་རོ། །ཡང་ཁ་ཅིག་མི་ཕྱེད་པ་སྣ་ཚོགས་རྡོ་རྗེ། རུས་སྦལ་གཞལ་ཡས་ཁང་དག་གྱུར་པ་ཞེས་པ་ལྷའི་གདན་པདྨའོ། །ཟེར་ཏེ། མངོན་བྱང་སྟོན་
བྱེད་ཀྱི་ཚིག་ཆད་པར་འགྱུར་ཞིང༌། ཁྱད་པར་དུ་ཡང་དག་གྱུར་པ་ཞེས་པའི་བཤད་པར་བཞད་གད་ཀྱི་གནས་ཆེན་པོ་ཡིན་ནོ། །ཞེས་ཞེ་ན། འདིར་དག་ཅེས་བསྒྱུར་བ་ནི་རྣམ་པར་དག་པའི་དོན་མ་ཡིན་གྱི། མི་ཕྱེད་པ་དང་རུས་སྦལ་གཉིས་པོ་དག་ཅེས་པའི་རྣམ་དབྱེ་གཉིས་ཚིག་ཡིན་པ་ལ་དེ་ལྟར་མ་ཤེས་པར་བླུན་བཟོ་བྱས་པའི་ཕྱིར་ཏེ། དཔེར་ན་མཁས་པ་དག་སྨྲའོ་ཞེས་བརྗོད་པའི་ཚེ། མཁས་པ་དང་དག་པ་ཞེས་སོ་སོར་བཤད་པ་བྱེད་པ་དང་འདྲའོ། །རང་ལུགས་ནི་དུང་ཆེན་པོའམ་བདེ་བ་ཆེན་པོ་ཞེས་པའི་ཐད་དུ། རྩ་རྒྱུད་འགྱུར་རྙིང་དང་མལ་འགྱུར་ལས། བྲག་ཆེན་པོ་ཡི་ངོ་བོ་རུ། །ཞེས་འབྱུང་བས། བྲག་རིའི་དོན་རི་རབ་ཏུ་ཤིན་ཏུ་གསལ་ལ། དེ་ལྟར་འཆད་པ་ཡང་མང་ངོ༌། །མི་ཕྱེད་པ་ནི་གོང་དུ་བཤད་པ་ལྟར་གཞལ་ཡས་ཁང་ཡིན་ལ། རུས་སྦལ་གྱི་དོན་ནི་རྟེན་བརྟེན་པ་དུས་གཅིག་ཏུ་བསྐྱེད་པ་ལ་མཐའ་གཅིག་ཏུ་སྦྱོར་དགོས་པ་མིན་ཞིང༌། རུས་སྦལ་སྒོ་ང་ལས་འབྱུང་བ་སྒོང་སྐྱེས་འོད་ཀྱི་གོང་བུ་ལས་སྐྱེད་པ་སྟེ། མངོན་བྱང་ལྔ་བསྐྱེད་ཉིད་སྒོང་སྐྱེས་ཀྱི་ཚུལ་ཡིན་པའི་ཕྱིར། མངོན་བྱང་བསྟན་པར་མཁས་པ་མང་པོ་དག་བཞེད་པ་ལྟར་ཡིན་ལ། ཡང་རྣམ་པ་གཅིག་ཏུ་ན། རུས་སྦལ་གྱི་སྐད་དོད། ཀཙྪའི་སྒྲ་བདེ་བ་ཆེན་པོ་ལ་སྤྱོད་པ་ཞེས་བྱ་སྟེ། ཀ་ནི་ཀཱི་སྟེ་བདེ་བ། ཏ་ཡིག་སྲོག་མེད་ནི་ཏ་ཏ་ཏེ་དེ་ཞེས་པ་ཡིན་ལ། ཙ་ནི་ཙརྻཾ་སྟེ་སྤྱོད་པའོ། །དེའི་ཕྱིར་བདེ་བ་ཆེན་པོ་དེ་ཁོ་ན་ལ་སྤྱོད་པ་ཞེས་པའམ། ཡང་ན་ཀ་ལ་ཏ་ཏ་རྩ་རི་ཏ་ཞེས་པ། སྒྱུ་རྩལ་དེ་ལ་སྤྱོད་བཞིན་པ་ཞེས་པར་འགྱུར་ཏེ། ཉི་ཟླ་གཟུགས་སུ་བརྫུས་པའི་སྒྱུ་རྩལ་ལ་སྤྱོད་པ་པོ་ས་བོན་ཕྱག་མཚན་ལ་སོགས་པའོ། །གཉིས་པ་
དེ་ལས་སྐྱེས་པ་རྡོ་རྗེ་འཛིན་པའི་རང་བཞིན་ནི། ཕྱག་བཞི་པ་ལ་ཞལ་བཞི་པ། །དེ་བཞིན་ཕྱག་ནི་འབུམ་གྱི་བར། །སྐུ་མདོག་དཀར་པོ་ཁྲོ་བོ་ཆེ། །རྡོ་རྗེ་དྲིལ་བུ་བསྣམས་པས་འཁྱུད། །དཔའ་བོ་ཐོད་པའི་འཕྲེང་བ་ཅན། །སྐུ་ལ་ཐལ་བས་ཉེ་བར་བྱུགས། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དྭགས་ཆེན་པོ་གདན་དུ་བྱས། །རྒྱལ་བའི་འོད་ཟེར་སྤྲིན་ཆེན་པོ། །དེ་ལས་ཀུན་ཏུ་རྣམ་པར་སྤྲོ། །ཕྱག་རྒྱ་དྲུག་གིས་ལུས་ལ་བརྒྱན། །རལ་པའི་ཅོད་པན་དབུ་རྒྱན་ཅན། །གཡས་ཀྱི་ཞལ་ནི་གནག་པ་སྟེ། །གཡོན་པ་དམར་པོ་འཇིགས་པ་ཅན། །རྩ་བའི་ཞལ་ནི་ཤིན་ཏུ་དཀར། །རྒྱབ་ནི་གསེར་དུ་སྣང་བའོ། །དུས་མིན་འཆི་ལས་རྣམ་རྒྱལ་ཉིད། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པ་མཆོད་ཡོན་སྣོད་དུ་ནི། །ཞལ་དང་མཚོན་ཆ་ངེས་པར་སྦྱར། །དེ་ཡི་ཤེས་རབ་དྲག་ཆེན་མོ། །དུམ་བུས་བརྒྱན་པའི་འོག་པག་ཅན། །ཐོད་པ་རྒྱུ་མས་ལེགས་པར་གང༌། །དེ་ཡི་ཁ་དོག་མཚོན་ཆ་འཛིན། །ཞེས་སོ། །དེ་ལས་རྡོ་རྗེ་དྲིལ་བུ་བསྣམས་པས་འཁྱུད། །ཅེས་པ་རྭ་འགྱུར་ལས། སྐུ་ལ་འཁྱུད་ཅེས་པ་དང༌། ཀློག་སྐྱ་འགྱུར་ལས་ཡུམ་ལ་འཁྱུད་ཅེས་བསྒྱུར་བ་བདེ་ལ། རྭ་འགྱུར་ལས། ནུབ་ནི་གསེར་དུ་སྣང་བའོ། །ཞེས་འབྱུང་ཞིང༌། འགྱུར་དེ་གཉིས་ལས་མཚོན་ཆ་ཞེས་པ་ལག་ཆར་བསྒྱུར་རོ། །དེ་ལ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་བཞིན་པ་ནི་མངོན་བྱང་ལྔ་པ་ཡིན་ལ། བསྐྱེད་ཟིན་ནས་ལྷ་སྐུ་གསལ་འདེབས་ཤིང་དེ་ལ་སེམས་གནས་པའི་ནི། མངོན་བྱང་གི་འབྲས་བུ་རྒྱུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་དངོས་ཡིན་པས། དེའི་དབང་དུ་བྱས་ཏེ། ཕྱག་བཞི་པ་ལ་ཞལ་བཞི་པ་ནས་བརྩམས་ཏེ། ཇི་སྲིད་ཕྱག་ནི་འབུམ་གྱི་
བར། །ཞེས་པས་ཞལ་ཕྱག་མང་ཉུང་ལ་ངེས་པ་མེད་པར་དགོངས་མོད། འོན་ཀྱང་སྐབས་སུ་བབ་པའི་མན་ངག་ལ་བལྟོས་པ་ཡིན་ནོ། །སྤྱིར་བཅོམ་ལྡན་འདས་ཕྱག་གཉིས་པའང་གནས་སྐབས་མང་པོར་འབྱུང་མོད། འདི་ཕྱག་མང་འཆད་པའི་སྐབས་ཡིན་པས་དེ་མ་སྨོས་ལ། དྲག་པོ་དབང་ཕྱུག་ཆེན་པོ་ལག་པ་བཞི་པ་ལ་སོགས་པ་སྣ་ཚོགས་པའི་གཟུགས་ཅན་རྣམས་འདུལ་བ་ལ་ཕྱག་མང་བསྔགས་པར་དགོངས་སོ། །འབུམ་གྱི་བར་ཞེས་འབྱུང་མོད། འབུམ་ལས་ལྷག་པ་མེད་པའང་མ་ཡིན་ཏེ་མཐའ་ཡས་པའི་བར་དུའང་འབྱུང་ཡང༌། རེ་ཞིག་འདིར་དེ་ཙམ་སྐབས་སུ་བབས་པ་དང་འཚམ་པར་གསུངས་པ་ཡིན་ནོ། །དེ་བཞིན་ཞེས་པ་མན་ངག་ཇི་ལྟ་བ་བཞིན་ནོ། །སྤང་བྱ་གློ་བུར་པའི་ཆོས་དྲི་མ་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང༌། སྤྲུལ་པའི་ཁ་དོག་སྣ་ཚོགས་པ་གཞན་ཐམས་ཅད་འབྱུང་བའི་སྤྲུལ་གཞི་ཡིན་པའི་ཕྱིར་སྐུ་མདོག་དཀར་པོའོ། །གཞན་ལས་རྡོ་རྗེ་སེམས་དཔའ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཅུང་ཟད་ཞི་བར་འབྱུང་ཡང༌། འདིར་ནི་ཀུན་རྫོབ་གཟུང་འཛིན་གྱི་འཁྲུལ་པ་ཐམས་ཅད་འཇོམས་པར་མཛད་པའི་ཕྱིར། ཁྲོ་བོ་ཆེན་པོའི་ཉམས་དུ་མ་དང་ལྡན་པ། རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡུམ་གྱི་སྐུ་ལ་འཁྱུད་པ། དཔའ་བོ་ཆེན་པོ་ཐོད་པ་སྟེ་མི་མགོའི་འཕྲེང་བ་ཅན། སྐུ་ལ་ཐལ་བ་ཆེན་པོས་ཉེ་བར་བྱུགས་པ། ཞལ་གྱི་མཆེ་བ་ཅུང་ཟད་ཕྱི་རོལ་དུ་གཙིགས་ཤིང་མངོན་པར་མཛད་པ། ཡི་དྭགས་ཆེན་པོ་དྲག་པོ་འཇིགས་བྱེད་ཡབ་ཡུམ་གདན་དུ་བྱས་པ། སྐུ་དེ་ལས་རྒྱལ་བ་རིགས་དྲུག་གི་ལྷ་ཚོགས་ཀུན་ཏུ་རྣམ་པར་འཕྲོ་བ་དང་འདྲེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོ་སྤྲོ་བ། སྐུ་ལ་ཕྱག་རྒྱ་དྲུག་གིས་རྣམ་པར་
བརྒྱན་པ། དབུ་སྐྲ་རལ་བའི་ཅོད་པན་དུ་བཅིངས་ཤིང༌། ཐོད་སྐམ་གྱི་དབུ་རྒྱན་ཅན། སྐབས་འདིར། རལ་པའི་ཅོད་པན་མདུང་དང་ནི། །ཞེས་བསྒྱུར་བ་ལྟར་ན། རྒྱུད་ཀྱི་འགྲེལ་བ་ལ་ལས་ཕྱག་མཚན་མདུང་དུ་བཤད་པ་ཡོད་ཀྱང༌། འདིར་ནི་མདུང་ལྟར་བསྒྲེང་བའམ། མདུང་གི་སྐད་དོད་རྩེ་མོ་ལ་ཡང་འཇུག་པས་དབུ་རྒྱན་དང་དོན་གཅིག་གོ །སོ་སོར་ཡང་དག་པར་རིག་པ་བཞིའི་ཞལ་བཞི་སྟེ། དོན་སོ་སོར་རིག་པའི་རང་བཞིན་གཡས་ཀྱི་ཞལ་ནི་བུང་བ་ལྟར་གནག་པ་སྟེ། ཆོས་སོ་སོར་རིག་པའི་རང་བཞིན་གཡོན་གྱི་ཞལ་དམར་པོ་ནི་མེ་ལྟར་རབ་ཏུ་འབར་བས་འཇིགས་པ་ཅན་དང༌། ངེས་ཚིག་སོ་སོར་རིག་པའི་རང་བཞིན་རྩ་བའི་ཞལ་ནི་ཤིན་ཏུ་དཀར་པོའོ། །སྤོབས་པ་སོ་སོར་ཡང་དག་པར་རིག་པའི་རང་བཞིན་རྒྱབ་ཀྱི་ཞལ་ནི་གསེར་གྱི་མདོག་ཏུ་སྣང་བའོ།། འདི་རྡོ་རྗེ་མཁའ་འགྲོ་ཞི་བ་རྡོར་སེམས་དང་ཞལ་གྱི་ཁ་དོག་མཚུངས་མོད་ཀྱང༌། དེ་ལ་བརྟེན་པ་ནི་མ་ཡིན་ཏེ། དེ་ནི་ཇི་སྐད་དུ་འཛུམ་བཅས་ཟླ་བའི་ཁ་དོག་དང༌། །ཞེས་དཀར་པོ་ཞི་བ་ཡིན་ལ། འདི་ནི་བྷུ་ཝ་བློ་ལྡན་གྱིས། ཟླ་བའི་མདོག་འདྲ་ཁྲོས་པ་སྟེ། །སྤྱན་གསུམ་ཞལ་ནི་ལྷོ་རུ་གཟིགས། །མཆེ་བ་བཞི་ཡི་མྱུ་གུས་བརྒྱན། །ཞེས་བཤད་པའི་ཕྱིར་རོ། །བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པའི་ཕྱིར་ཕྱག་བཞི་སྟེ། རྩ་ཕྱག་གཉིས་ཀྱི་ཕྱག་མཚན་སྔར་བསྟན་ཟིན་ལ། གཡོན་འོག་མའི་ཕྱག་མཚན་ནི་དུས་མ་ཡིན་པའི་འཆི་བ་ལས་རྣམ་པར་རྒྱལ་བར་བྱེད་པ། ཤི་བ་ཡང་སློང་བར་བྱེད་པའི་ཁ་ཊྭཱཾ་དྲིལ་བུའི་སྒྲ་དང་བཅས་པ། ཡན་ལག་སྟེ་ཕྱག་གཡོན་གྱི་ཕྱག་མཚན་དུ་སྒྱུར་བར་བྱ་ལ། གཡས་འོག་མའི་ཕྱག་མཚན་ནི་
ཐོད་པ་སྟེ། དེ་ཉིད་མཆོད་ཡོན་གྱི་སྣོད་དུ་བྱས་པ་ནི་བདུད་རྩིས་གང་བའོ། །མཚོན་ཆ་སྟེ་ཕྱག་མཚན་ཐོད་པ་དེ་དང༌། ཞལ་ངེས་པར་སྦྱར་བ་བདུད་རྩི་གསོལ་བའོ། །སྤྱིར་རྒྱུ་རྡོ་རྗེ་འཛིན་པ་འབྲས་བུ་རྡོ་རྗེ་འཛིན་པ་དང་སྐུ་མདོག་མཚུངས་པ་དང༌། ཞེས་ཕྱག་གྲངས་མཉམ་པའང་མང་མོད་ཀྱི། སྐུ་མདོག་མི་འདྲ་བ་དང༌། ཞལ་ཕྱག་མི་མཉམ་པའང་ཡོད་ལ། མི་འདྲ་བ་དེའི་རིགས་ལ་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོར་འབྱུང་བ་དང༌། ཞལ་ཕྱག་ཉུང་བའི་ཕྱོགས་འབྱུང་སྟེ། ཇི་སྐད་དུ། ཐམས་ཅད་ཀྱི་ནི་རྒྱུ་ཆུང་ཡང༌། །འབྲས་བུ་རྒྱ་ཆེན་སྐྱེ་འགྱུར་ན། ཞེས་པའི་རིག་པ་དང་མཚུངས་ཤིང༌། རྒྱུ་རྡོར་འཛིན་འཕེལ་བ་འབྱུང་བའི་གཞི་རྩ་བའི་ལྷ་ཡིན་ལ། འབྲས་བུ་རྡོ་རྗེ་འཛིན་པ་ནི་དེ་ལས་འཕེལ་བ་རྒྱས་པར་གྱུར་ཟིན་པའི་ལྷ་ཡིན་པའི་ཕྱིར་རོ།། དེས་ན་གསལ་བར་བསྟན་བའི་ཕྱག་མཚན་གཉིས་ཀྱི་རྣམ་གཞག་འདི་བོར་ནས་མི་གསལ་ཞིང་ཁུངས་མེད་པའི་དུས་ཞེས་པ་ཞགས་པ་དང༌། མཆེ་བ་ཞེས་པ་རྩེ་གསུམ་དང༌། ཐོད་པ་ཞེས་པ་དགྲ་སྟར་འཆད་པ་སོགས་རང་བཟོའི་བཤད་པ་ལ་ཡིད་མི་རྟོན་ནོ། །ལྷ་ལྔའི་སྒྲུབ་ཐབས་ཙིནྟ་མ་ཎིར། ཚིག་འདི་ཕྱག་མཚན་བཅུ་གཉིས་སྟོན་བྱེད་དུ་བཤད་པས། དེ་འདྲ་དེ་རྒྱ་གར་བ་འགའ་ཞིག་གི་འདོད་པ་ཡིན་སྲིད་ཀྱང༌། སྒྲུབ་ཐབས་དེ་ཡང་རྩོད་བཅས་ཏེ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་གསུངས་གཙང་མ་ཡིན་མིན་མི་ཤེས་པས། དེ་ཙམ་གྱི་ཁུངས་སུ་མི་འགྲོའོ། །དུས་མིན་ཞེས་པའི་གནས་ན། རྒྱ་དཔེ་ལས་དུས་སུ་འཆི་བའི་སྐད་དོད་ཡོད་པར་གྲགས་ལ། རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། ལྷ་མོ་དུས་འཆི་བསླུ་བ་ལས། །ཞེས་འབྱུང་བ་ལྟར་ན། དུས་
དང་འཆི་བ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་ཤེས་པར་བྱའོ། །རྡོ་རྗེ་འཆང་བ་དེའི་ཤེས་རབ་མ་རྡོ་རྗེ་ཕག་མོ་ནི་རབ་ཏུ་གཏུམ་པའི་གཟུགས་ཉིད་ཀྱིས་ན། དྲག་མོ་ཆེན་མོ། འོག་པག་སྟེ་སྐེ་རགས་ཀྱི་རྒྱན། ཐོད་པའི་དུམ་བུས་བརྒྱན་པ། ཕྱག་གཡོན་ན་ཐོད་པ་གདུག་པ་ཅན་གྱི་རྒྱུ་མ་དང་ཁྲག་གིས་གང་བ་འཛིན་པ། ཕྱག་གཡས་ན་མཚོན་ཆ་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། ཁ་དོག་གི་སྐད་དོད་ཝརྞྞ་ཞེས་པ། རིགས་ཀྱི་དོན་ཡིན་པ་ཉིད་ཀྱིས་ན། ཡབ་ཡུམ་གཉིས་ཀ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ནོ། །འདི་ནི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཞན་ཕལ་ཆེར་ན། ཡབ་མི་བསྐྱོད་པ་དང༌། ཡུམ་རྣམ་སྣང་གི་རིགས་སུ་བཤད་པ་ལས་ཁྱད་པར་ཕྱེ་ནས་ལུགས་འདིར་ནི་ཡབ་ཡུམ་གཉིས་ཀར་རིགས་གཅིག་ཏུ་བྱེད་པའི་དོན་ཏེ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་རྡོ་རྗེ་སེམས་དཔའི་རིགས་སུ་མཚུངས་པ་བཞིན་དུ། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཡང་མི་བསྐྱོད་པའི་རིགས་སུ་མཚུངས་པའོ། །དེས་ན་དཔལ་ཧེ་རུ་ཀ་དེའི་རིགས་ལས་བྱུང་བ་ཉིད་ཀྱི་ཕྱིར། མཚོན་ཆ་སྟེ་ཕྱག་མཚན་ཡང༌། ཧེ་རུ་ཀ་དེའི་ཕྱག་མཚན་གྱི་གཙོ་བོ་རྡོ་རྗེ་འཛིན་པའོ། །ཡང་དེའི་ཁ་དོག་ཅེས་བསྒྱུར་བའི་དོན་དུ་བཤད་ནས་ཡབ་དང་མཚུངས་པར་ཡུམ་ཡང་དཀར་མོ་བྱེད་ན། སྤྱིར་མི་འགལ་ཡང་དེའི་ཁ་དོག་ཅེས་པའི་བསྟན་དོན་ནི་མིན་ལ། ལུགས་གཞན་ལ་དེ་འདྲ་མང་པོ་ཞིག་ཡོད་ནའང༌། འདིར་ནི་གཙོ་བོར་འབྲས་བུ་རྡོ་རྗེ་འཛིན་པའི་རྒྱུ་ཉི་ཟླའི་མངོན་བྱང་གི་དོད་དུ་ལྷ་ཡབ་ཡུམ་སྒོམ་པ་ཡིན་པས། ཡུམ་ནི་ཉི་མའི་ཆོས་དག་པའི་ཕྱིར་དམར་མོ་འཐད་པ་དང༌། དཀར་དམར་ཕན་ཚུན་ཐབས་ཤེས་རྒྱས་བཏབ་ཀྱི་ཕྱིར་དང༌། གཏི་
མུག་བཅོམ་པ་ཡབ་དང༌། སྲེད་པ་བཅོམ་པ་ཡུམ་གྱིས་མཚོན་ན་ཁ་དོག་དམར་མོ་སྲེད་པ་འདོད་ཆགས་ཀྱི་རྣམ་པར་དག་པ་དང་འབྱོར་བའི་ཕྱིར། མན་ངག་ལས་དམར་མོ་ཉིད་བསྔགས་པར་མཛད་པ་དོན་ལ་གནས་སོ། །གསུམ་པ་དེའི་འཕྲིན་ལས་མཛད་པ་རྣམ་པ་གཉིས་ལ། དཀྱིལ་འཁོར་སྤྲུལ་པའི་འཕྲིན་ལས་དང༌། །རྗེས་ཆགས་ཀྱི་འཕྲིན་ལས་སོ། །དང་པོ་ནི། འགྲོ་བ་རྣམས་ལ། སྙིང་རྗེའི་དབང་བསྐུར་བ་ཡིན་ཏེ། རི་བོ་ཚང་ཚིང་སྨན་ལྗོངས་དང༌། རྒྱ་མཚོ་ཆེན་པོའི་ངོགས་དག་གམ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཇི་ལྟར་ཆོས་ཀྱི་སྐུར་གྱུར་པའོ། །དེ་ལྟར་སྲུབ་དང་བསྲུབ་པར་བྱ། ཁ་སྦྱོར་ཁ་སྦྱོར་དུ་གྱུར་པ། །རྡོ་རྗེ་ལུ་གུ་རྒྱུད་དུ་བརྗོད། །རྡོ་རྗེ་འབྱེད་བྱེད་པདྨ་ལ། །དེ་ཚེ་བུང་བ་ལྟ་བུར་འཁོར། །དེ་ནས་རིམ་བཞིན་སྤྲོས་བྱས་ཏེ། ཞེས་འབྱུང་ན། སྐབས་འདིའི་རྭ་འགྱུར་ལས། བསྲུབ་བྱ་སྲུབ་པའི་སྦྱོར་བ་ལས། །ཆོས་སྐུ་ཇི་བཞིན་དེ་བཞིན་ནོ། །ཞེས་པ་ཞུ་བར་གྱུར་གྱི་འོག་ཏུ་འདོན་པ་དོན་གྱི་གོ་རིམ་དང་མཐུན་པས་ལེགས་ལ། དྲུད་པ་རྡོ་རྗེ་ཉིད་དུ་བཤད། །ཅེས་པའང་གཏུན་ཤིང་གིས་བསྐྱོད་པའོ་ཞེས་པའི་འོག་ཏུ་འདོན་པ་ནི། རྩ་རྒྱུད་ནས། གཏུན་ཤིང་གིས་ནི་དཀྲུག་པ་དང༌། རྡོ་རྗེ་ཁ་ཡིས་བཟའ་བར་བྱ། ཞེས་འབྱུང་བའི་རིམ་པ་དེ་བཞིན་དུ་མཛད་པར་སྣང་སྟེ། རྡོ་རྗེ་ཁ་ཡིས་སོགས་དང༌། དྲུད་པ་རྡོ་རྗེ་གཉིས་པོ་འགྱུར་ཁྱད་ཡིན་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར། དོན་གྱི་རིམ་པའི་གོ་རིམ་དང་བསྟུན་ནས་རྒྱུད་ཚིག་གི་དབུ་ཞབས་ཅུང་ཟད་བསྒྱུར་བ་ཡིན་པས་དཀྱུས་ལྟར་ལེགས་མོད། རང་ལུགས་དོན་གྱི་གོ་རིམ་འཆད་པར་འགྱུར་བ་ཉིད་དོ། །འདིར་
དཀྱིལ་འཁོར་གང་དུ་བྲི་བའི་གནས་བསྟན་པ་ནི། སྐབས་འདིར་སེམས་བརྟན་པའི་རྣལ་འབྱོར་པས་བསྙེན་པ་མཐར་ཕྱིར་ནས་སྒྲུབ་པ་ལ་འཇུག་པའི་དབང་དུ་བྱས་ནས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་རྗེས་ཆགས་སྒྲུབ་པ་དང༌། དཀྱིལ་འཁོར་སྤྲོ་བའི་དབང་དུ་བྱས་ནས་བཤད་པའོ། །དེའི་རྒྱུ་མཚན་ཡང་སེམས་བརྟན་པར་མ་བྱས་ཀྱི་བར་དུ་དང་པོའི་ལས་ཅན་གྱིས་ནི་ལྷའི་རྣལ་འབྱོར་བསྡུས་པ་ཁོ་ན་བསྒོམས་ཀྱང་རུང༌། ཐུན་བཞི་ལ་སོགས་པར་རྒྱས་པ་བསྒོམས་ཀྱང་རུང་སྟེ། གང་སོང་ཚོད་ལ་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་འགྲུབ་པ་དེ་ནི་དཔའ་བོ་གཅིག་པ་སོགས་དྲན་པ་གཅིག་པའི་རྣལ་འབྱོར་གྱི་སྟེང་དུ་འགྲུབ་པར་འགྱུར་གྱི། སེམས་མ་བརྟན་གྱི་བར་དུ་རྣམ་པ་དཀྱིལ་འཁོར་རྒྱས་པ་ལ་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་མི་འགྲུབ་ཅིང༌། སྐྱེད་ཆོག་མངོན་རྟོགས་ཀྱི་རིམ་པ་མང་པོ་ལ་ཡང་ཏིང་ངེ་འཛིན་དེ་མི་འགྲུབ་བོ། །སེམས་བརྟན་པ་ན་དཀྱིལ་འཁོར་རྒྱས་པ་དང་སྐྱེད་ཆོག་གི་རིམ་པ་དེ་གཉིས་ཀ་ལ་ཏིང་འཛིན་འགྲུབ་སྟེ། དེའི་རྗེས་སུ་སྒྲུབ་པ་ལ་འཇུག་པ་ཡིན་པས་འདིར་དེའི་དབང་དུ་བྱས་ལ། དྲན་པ་གཅིག་པ་ཞེས་པ། འདུས་པ་འཕགས་སྐོར་ལས་དཀྱིལ་འཁོར་རགས་པ་སྒོམ་པ་ལ་བཤད་ཅིང༌། གཞན་ཡང་འདོད་ཚུལ་སྣ་ཚོགས་ཡོད་མོད། བདེ་དགྱེས་ལ་སོགས་པ་མང་པོ་ཞིག་ཏུ་ལྷའི་རྣལ་འབྱོར་བསྡུས་པའི་མིང་དུ་སྦྱོར་བ་ཉིད་སྐབས་འདིར་ཡང་ངོ༌། །དེ་ལ་འདིར་མཚན་ཉིད་དང་ལྡན་པའི་ཕྱག་རྒྱའི་ལུས་ནི་སྒྲུབ་པ་པོ་ལ་ཡེ་ཤེས་རབ་ཏུ་བརྟན་པར་ནུས་པ་དང༌། སྒྱུ་རྩལ་དུ་མའི་རྩ་དང་ཤིང་གྱེལ་པ་དང་སྨན་དག་འབྱུང་བའི་གནས་ཡིན་པ་དང༌། རབ་ཏུ་མཛེས་པ་ནི་རིང་ནས་ཀྱང་གསལ་བར་བྱེད་པ་དང༌། དེ་ཁོ་ན་ཉིད་ཀྱིས་
ཡུལ་ལྗོངས་གང་ལ་བརྟེན་ནས་འཇོག་པའི་གནས་ཡིན་པའི་ཕྱིར་རི་བོའོ། །ཡང་ན་སྐྱེ་གནས་ཀྱི་རྣམ་པ་རུས་སྦལ་ལྟར་མཐོ་བས་ཀྱང་རི་བོའོ། །བདེ་བ་སྐྱེ་བའི་རྩ་དང་ཁམས་དུ་མས་གང་བའི་ཕྱིར་ཚང་ཚིང་ངོ༌། །དགའ་བའི་ཉམས་དང་ལྡན་པའི་ཕྱིར་སྨན་ལྗོངས་སོ། །ཡང་ན་སྨན་ལྗོངས་ཞེས་པ་ཕུག་ཅེས་བྱ་བར་བསྒྱུར་ཏེ། སྐྱེ་གནས་ཀྱི་ནང་ཕུགས་སུ་གནས་པའི་མངལ་གྱི་གནས་ནི་རིའི་ཕུག་གོ །རྩ་ཨ་ཝ་དྷུ་ཏཱིའི་མས་སྣེ་ནི་ཕྱོགས་དེར་གནས་པའི་ཕྱིར་ཆུ་བོའི་འགྲམ་སྟེ། དྷཱུ་ཏཱི་ནི་ཆུ་བོའོ། །རྣམ་པར་རྟོག་པའི་རོ་སྲེག་པར་བྱེད་པའི་གནས་ཡིན་པའི་ཕྱིར་དུར་ཁྲོད་དེ། ལུས་གྲུབ་ཙམ་ནས་གྲུབ་པའི་ཕྱིར་གདོད་ནས་གྲུབ་པའོ། །དེ་ཡང་གཟུགས་ལ་རྗེས་སུ་ཆགས་པ་ནི་སྐུའི་བདེ་བ་སྟེ་རི་བོའོ། །རྩ་ཁམས་རླུང་གསུམ་བསྐྱེད་པའི་བདེ་བ་ནི་གསུང་སྟེ་ཚང་ཚིང་དང་སྨན་ལྗོངས་སོ། །བདེ་བས་རྣམ་རྟོག་འགགས་པ་ནི་ཐུགས་ཏེ་དུར་ཁྲོད་དོ། །རྩ་ཁ་སྦྱོར་ལས་བྱུང་བའི་བདེ་གསལ་ནི་ཡེ་ཤེས་ཏེ་ཆུ་འགྲམ་མོ། །རྡོ་རྗེ་བཞིའི་རང་བཞིན་གྱི་བདེ་བ་གོ་བར་བྱ་བའི་ཕྱིར་གནས་ཀྱི་ཁྱད་པར་དེ་རྣམས་སྨོས་པའོ། །དེ་ཡང་ཡབ་ཡུམ་མཉམ་པར་སྦྱར་བས་གནས་སམ་རྒྱུའི་ཁྱད་པར་བཞི་པོ་དེ་ལས་སྐུ་སོགས་མཚན་ཉིད་བཞི་ལྡན་གྱི་བདེ་བ་སྐྱེས་པ་ན། བདེ་བ་དེ་ཉིད་ཡུམ་གྱི་མངལ་གནས་དེར། འོག་མཁའ་དཀྱིལ་གྱི་སྐབས་སུ་སྒོམ་པ་ལྟར་དཀྱིལ་འཁོར་ཡོངས་རྫོགས་གསལ་འདེབས་པ་ནི། གནས་དེར་ནི་དཀྱིལ་འཁོར་ཡིད་ཀྱིས་བྲི་བར་བྱ་ཞེས་པའི་དོན་ནོ། །འདི་དག་ལས་དང་པོ་པས་ནི་ཡིད་ཀྱིས་བསྒོམས་པར་བྱ་བ་ཡིན་ལ། དངོས་ཀྱི་རིགས་མ་ཡིན་ན་སྐབས་འདིར་མཁའ་གསང་བྱིན་གྱིས་བརླབས་པའང་དགོས་པར་
མངོན་ནོ། །སྐབས་འདིར་འགྲེལ་པ་ནག་པོ་འཁྲུལ་སྤོང་ལས། རྡོ་རྗེ་མཁའ་འགྲོའི་ལུང་དྲངས་ཏེ། ཡང་ན་དགོན་པ་ཆེན་པོ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནགས་ཚལ་གྱི་འཁྲིགས་པའི་བུད་མེད་ཀྱི་ཕྱག་རྒྱའོ། །ཞེས་སོགས་སོ། །མ་སྦྱངས་པ་གཞན་གང་དག་ཞེ་སྡང་ཆེན་པོ་ཀུན་ནས་བསླངས་ཏེ། འཁྲུལ་སྤོང་ནས་བཤད་ཚད་འགོག་པར་འདོད་པ་རྣམས་ཀྱིས་ཀྱང༌། སྐབས་འདིར་ནི་འཁྲུལ་སྤོང་གི་རྗེས་སུ་འབྲངས་སོ། །འདི་ནི་དཔེར་ན་གོས་ཧྲུལ་ས་ལ་དྲུད་པ་ན། ཚེར་མ་དང་མི་གཙང་བ་སོགས་དངོས་པོ་ངན་པ་དག་འཛིན་ཞིང༌། གསེར་གཡུ་ལ་སོགས་པ་དངོས་པོ་བཟང་པོ་མི་འཇགས་པ་བཞིན་དུ། བློ་གྲོས་ངན་པ་དག་གིས་བསྟན་བཅོས་རྣམས་ལ་བལྟས་པ་ན། རང་གཞན་གྱི་སྡེ་སུས་གང་བཤད་པ་ཡིན་ཡང་རུང་སྟེ། ཉེས་བཤད་གང་ཡིན་པ་དེ་ནི་བློ་ལ་རན་ཞེང༌། ལེགས་བཤད་གང་ཡིན་པ་དག་ནི་སྐྱོན་དུ་བགྲོང་བར་འགྱུར་རོ། །དེས་ན་འགྲེལ་པ་དེ་ལས་ཀྱང་ལེགས་བཤད་མང་དུ་ཡོད་པ་རྣམས་ལ་སྡང་སྨྲས་བྱེད་ལ། སྐབས་དོན་མ་ཡིན་པའི་བཤད་པ་འདི་ལ་བླུན་པོ་དེ་དག་མགུ་བར་གྱུར་ཏོ། །འོ་ན་འདི་སྐབས་དོན་མ་ཡིན་པ་ཅི་ཞེ་ན། འདི་ནི་རྫོགས་རིམ་གྱི་སྐབས་སུ་ལམ་མཐོན་པོར་གྱུར་པ་ན། ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ཀྱི་དོན་དུ་བཤད་པ་ཡིན་ཏེ། འདི་ཚུལ་བཞིའི་སྦས་དོན་ཡང་མ་ཡིན་ཏེ་མཐར་ཐུག་གོ །འདི་རྒྱུད་གཞན་ལས། ཕྱག་ཆེན་ཁོ་ནས་བདེ་བ་མ་འཕེལ་ན། ལས་རྒྱ་ལ་བརྟེན་ནས་ཕྱག་ཆེན་གྱི་བདེ་བ་སྤེལ་བར་གསུངས་པ་དང་དོན་གཅིག་ལ། རྣམ་དག་རབ་ཀྱི་མཐར་ཐུག་པ་དང༌། འཆར་ནུབ་སྤངས་པ་སོགས་བཤད་པས། བསྐྱེད་རིམ་སྐབས་ཡིད་ཀྱི་རྟོག་པའི་
ཀུན་བརྟགས་ལས་སྤྲུལ་པའི་ལྷ་མོ་དང་སྦྱར་བའི་བདེ་བ་ཕྲ་མོ་ཙམ་ལ་སྦྱོར་རྒྱུ་ག་ལ་ཡིན། འདི་ན་རི་བོ་ཚང་ཚིང་སོགས་ཀྱི་ཚིག་ལ་མེད་པའི་དགོན་པ་ཆེན་པོ་ལ་སོགས་པའི་བཤད་པའང་མཛད་པས། འདུས་པ་ལ་སོགས་པ་རྒྱུད་གཞན་གྱི་ཚིག་ལའང་མཐར་ཐུག་གི་བཤད་པ་མཛད་པ་ཡིན་ནོ། །འཕྲོས་པས་ཆོག་གོ །དེ་ལྟར་དཀྱིལ་འཁོར་སྤྲུལ་པའི་རྗེས་སུ་ཕྱི་དབྱིབས་ཀྱི་ལྷ་རྒྱུ་རྡོ་རྗེའི་འཛིན་པ་ཡབ་ཡུམ་དང༌། མཁའ་ནང་གི་ལྷ་ཚོགས་རྣམས་ཐབས་དང་ཤེས་རབ་ནང་རྗེས་ཆགས་གྱི་འདོད་པའི་ཡོན་ཏན་ལྔ་ལ་རོལ་བའི་དབང་པོ་དང་ཡུལ་ཁ་སྦྱོར་དང༌། ཁ་སྦྱོར་དུ་གྱུར་པར་བསྒོམས་ནས་བདེ་བ་སྐུ་ཉམས་སུ་བསྟར་བར་བསམ། ཁ་སྦྱོར་ཁ་སྦྱོར་ཞེས་ལན་གཉིས་སྨོས་པས་མང་པོའི་ཚིག་སྟོན་པ་ཡིན་ཏེ། ལྷ་ཡབ་ཡུམ་ཕན་ཚུན་གཟུགས་ལ་ལྟ་བའི་ཁ་སྦྱོར་གྱི་ལོངས་སྤྱོད་ནས། སྒྲ་དང་དྲི་དང་རོའི་ཁ་སྦྱོར་གྱི་ལོངས་སྤྱོད་དང༌། འཁྱུད་པ་དང་འོ་བྱེད་ལ་སོགས་པ་རེག་བྱའི་ཁ་སྦྱོར་གྱི་ལོངས་སྤྱོད་ཀྱི་བར་རོ། །རྡོ་རྗེ་ལུ་གུར་བརྒྱུད་དུ་བཅིངས་པ་ནི། ཕྱི་འཁྱུད་རྒྱ་ལ་བཤད་པའང་ཡོད་མོད་ཀྱི། འདིར་ནི་དབང་པོ་གཉིས་མཉམ་པར་སྦྱར་བ་ལས། རྡོ་རྗེ་རྩ་དབུ་མའི་མས་སྣ་ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང༌། པདྨ་ལ་གནས་པ་དག་ཕན་ཚུན་གཅིག་གི་ནང་དུ་གཅིག་ཆུད་པའི་ལུ་གུར་བརྒྱུད་དུ་བཅིངས་པ་ལྟ་བུར་གྱུར་པས། ཤེས་རབ་ཀྱི་རླུང་ཐབས་ཀྱི་དྷཱུ་ཏཱིའི་ནང་དུ་ཆུད་པ་དང༌། ཐབས་ཀྱི་དེ་ཡང་ཤེས་རབ་ཀྱི་དེར་ཆུད་པས་གཏུམ་མོ་འབར་བས་དཀར་ཆ་ཞུ་བའི་བདེ་བ་ཐོབ་པ་ཡུལ་དྲུག་ལས་ཆོས་ཁམས་ཀྱི་བདེ་བ་ནི་ལུ་གུར་བརྒྱུད་དུ་བཅིངས་པའི་ལོངས་སྤྱོད་དོ། །དེ་ཡང་རྡོ་རྗེ་པདྨའི་སྣ་རྩེ་གཉིས་ཀར་ལ་རྩ་རོ་རྐྱང་དབུས་མ་གསུམ་ཀའི་ཆ་ཤས་གནས་པ་ལས། དབུ་
མའི་སྣ་རྩེ་གཉིས་ཕྲད་པ་ན། རོ་རྐྱང་གི་སྣེ་གཉིས་པོ་སྔར་རིང་པོར་ཡོད་པ་དེ། ཡར་ལྡོག་ནས་ཁ་ཅིག་དབུ་མར་ཆུད་ཟེར་ཡང༌། ལྕགས་ཀྱུ་ལྟར་གུག་སྟེ་དབུ་མ་ལ་བརྟེན་ཞིང་ཁ་ཟུམ་པས། ལྕགས་སྒྲོག་གི་རྣམ་པར་གནས་ཞེས་ཐ་སྙད་སྦྱོར་ཏེ། ལྕགས་ཐག་གི་ཨ་ལོང་འདྲ་བའི་དབྱིབས་སུ་གྱུར་པ་ནི་ལུ་གུ་བརྒྱུད་ཀྱི་དོན་ནོ། །དེ་ལྟར་རྩའི་སྦྱོར་བས་ཕྱི་ནང་གི་ལྷ་རྣམས་ཐུགས་ལྷན་སྐྱེས་ཀྱི་བདེ་བས་ཁྱབ་པ་ན། ལྷ་ཐམས་ཅད་དམ་རྒྱུ་རྡོར་འཛིན་གྱི་ཐུགས་ཀ་ནས་བདེ་བའི་མདངས་ལས་བྱུང་བའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས། སེམས་ཅན་ཐམས་ཅད་བཀུག་སྟེ་མཁའ་ནང་དུ་བཅུགརྡོ་རྗེ་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་འབྱེད་པར་བྱེད་ཅིང་སྒོ་བཞི་ནས་སློབ་མ་འཇུག་པའི་ཚུལ་གྱིས་བཅུག་ནས། པདྨ་སྟེ་གཞལ་ཡས་ཁང་གི་ནང་གི་ས་གཞི་ལ་དེ་ཚེ་སེམས་ཅན་དེ་དག་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། བུང་བ་འཁོར་བ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་མཐོང་བས་དགའ་བས་རོལ་པར་གནས་པ་ལ་རྡོ་རྗེ་དཀྱིལ་འཁོར་གྱི་གཙོ་བོའི་བྱང་ཆུབ་ཀྱི་སེམས་ཀྱིས་དྲུད་པ་ནི་ཡང་ཡང་བསྐོར་ཞིང་ཉེད་པའི་དོན་ཏེ། གནས་ལྔ་ལ་སོགས་པར་ཡང་ཡང་དབང་བསྐུར་བ་ཉིད་དུ་བཞེད་པའི་ཕྱིར་རོ། །ཡང་ན་དྲུད་པ་ཞེས་པའི་ཚབ་ཏུ་འདྲུ་བ་ཞེས་འབྱུང་སྟེ། དཔེར་ན་འབྲུ་རྣམས་བཀྲུ་བ་ན་ཤུན་པ་དག་པར་འགྱུར་བ་བཞིན་དབང་བསྐུར་བས་དག་པར་བྱེད་པའི་དོན་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཀུན་རྫོབ་རྒྱ་ཆེ་བསླུ་བ་ཡི། །དེ་བཞིན་དངོས་ཀུན་འདྲུ་བ་ཉིད། །ཅེས་ཀུན་རྫོབ་ཤུན་པ་ལྟ་བུ་སེལ་བའི་དོན་དུ་བཤད་པ་དང་རིག་པ་མཚུངས་པས་སོ། །དེ་ནི་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་དང་པོ་སེམས་ཅན་ལ་སྙིང་རྗེའི་དབང་བསྐུར་བ་ཡིན་པ་གཞུང་
ཚིག་འདི་དག་གིས་ཤིན་ཏུ་གསལ་བར་ཡང་བསྟན་ནོ། །འདིས་དཀྱིལ་འཁོར་སྤྲུལ་ཞིང་འགྲོ་བ་ལ་དབང་བསྐུར་བ་འདི་མེད་པར་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ཙམ་ཞིག་ལས་མི་སྟོན་ན། དེ་ནི་འོག་ཏུ་འཆད་འགྱུར་གྱི་ཚིག་རྣམས་ལ་གསལ་བར་ཚང་བའི་ཕྱིར་ཚིག་དེ་སྙེད་ཅིག་ལྷག་པོར་བརྗོད་པ་དོན་མེད་དུ་ཐལ་བར་འགྱུར་རོ། །དེ་ནས་རིམ་བཞིན་ཞེས་པ་ལ་རྭ་འགྱུར་ལས། དེ་ནས་ཆོ་གས་སྤྲོ་བར་བྱ། །ཞེས་འབྱུང་བ་ཤིན་ཏུ་ལེགས་ཏེ། དབང་བསྐུར་བས་ཉོན་མོངས་པ་དང༌། ཤེས་བྱ་དང༌། སྙོམས་འཇུག་གི་སྒྲིབ་པ་གསུམ་དགསྐུ་དང་གསུང་དང་ཐུགས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྐུར་གྱུར་པ་རྣམས་སྒོ་བཞི་ནས་རིམ་བཞིན་ཕྱིར་སྤྲོ་བར་བྱས་ཏེ། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་བྱོན་པར་བསམ་མོ། །གཉིས་པ་རྗེས་ཆགས་ཀྱི་འཕྲིན་ལས་ནི། རྒྱུ་རྡོ་རྗེ་འཛིན་པ་དང་འབྲས་བུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་གྱི་མཚམས་སྦྱོར་བ་སྟེ། ལྕགས་ཀྱུ་ཉིད་ཀྱིས་དགུག་བྱ་སྟེ། །གཏུན་ཤིང་གིས་ནི་བསྐྱོད་པར་བྱ། །འབིགས་པ་མདའ་ཡིས་མཉམ་སྦྱར་ཏེ། །དེ་ནས་རིག་མ་ཁུ་བར་གྱུར། །ཞེས་པ་སྟེ། ཚིག་ཐ་མ་འདི་ལ་རྭ་འགྱུར་ལས། རིག་དང་ལྷན་ཅིག་ཞུ་བར་གྱུར། །ཞེས་བཅོས་པ་ལེགས་སོ། །དེ་ལ་གོང་གིས། ཇི་ལྟར་བསྲུབ་དང་སྲུབ་པར་འགྱུར། །ཞེས་པ་ལྕགས་ཀྱུ་ཞེས་པའི་ཐོག་མར་སྦྱར་ཞིང༌། ཇི་ལྟར་ཆོས་ཀྱི་སྐུར་གྱུར་པའོ། །ཞེས་པའང་ཁུ་བར་གྱུར་ཞེས་པའི་འཇུག་ཏུ་སྦྱར་ཏེ། སྐབས་འདིར་ཚིག་རྐང་དྲུག་གོ །སླར་ཡང་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་རྡོ་རྗེ་དང་པདྨ་ཕན་ཚུན་དུ་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱ་སྟེ། ཐབས་ཤེས་
གཉིས་ཀར་གྱིས་བསྲུབས་པ་ལས་སྔོན་བཞིན་རྩ་ལུ་གུར་བརྒྱུད་དུ་བཅིངས། ཐུགས་ཀའི་འོད་ཟེར་དང་དགའ་བའི་སྒྲ་དབྱངས་ཀྱིས་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རྒྱུར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་འོད་ཟེར་ལྕགས་ཀྱུའི་ཚུལ་ཉིད་ཀྱིས་བཀུག་པར་བྱས། དེ་རྣམས་སྐུ་ལ་ཞུགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ནི། རེ་ཞིག་བཅིངས་པས་གཏུན་ཤིང་གིས་བསྐྱོད་ཅིང་བརྡུང་བ་ལྟར། སྤྱི་བོ་ནས་ནོར་བུ་དང་ནོར་བུ་ནས་སྤྱི་བོའི་བར་དུ་ཡར་མར་དུ་འགྲོ་འོང་བྱེད་པ་དང༌། དེ་ལྟར་ཡབ་ཡུམ་རྗེས་ཆགས་ཀྱི་མཛད་པ་སྲུབ་པའི་སྦྱོར་བ་གཟིགས་པས། ནམ་མཁར་གནས་པའི་ན་ད་འམ། ཧཱུྃ་ཡིག་བདེ་བའི་ངོ་བོར་གྱུར་ཏེ། འདོད་ཆགས་ཆེན་པོས་གདུལ་བའི་སེམས་ཅན་རྣམས་འདུལ་བའི་དོན་དུ་ཧེ་རུ་ཀར་བཞེངས་པར་བཞེད་དེ། སྐར་མདའ་འཕོ་བའི་ཚུལ་གྱིས་ནམ་མཁའ་ནས་བྱོན་ཏེ། ཡབ་ཀྱི་ཞལ་ལམ་སྤྱི་བོ་ནས་ཐོགས་མེད་དུ་འབིགས་པའི་ཚུལ་གྱིས་སྐུ་ལ་ཞུགས་ནས་ཐུགས་ཀར་སངས་རྒྱས་ཀུན་འདུས་ཀྱི་ཐིག་ལེ་དང་འདྲེས། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་བབས་པ། ཡུམ་གྱི་སྐུ་ལའང་སངས་རྒྱས་རྣམས་ཞུགས་པ་ཞུ་བར་གྱུར་པའི་ཁུ་རྡུལ་མངལ་གནས་སུ་ཕྱིན་པ་དང་འདྲེས་ཏེ། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་མཉམ་པར་སྦྱར་བར་གྱུར་ལ། དེ་ནས་རིག་མ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ཏེ། ཇི་ལྟར་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་ཞིང་བདེ་བ་ཆེན་པོའི་རང་བཞིན་ཡིན་པ། དེ་ལྟར་བདེ་སྟོང་བསྒོམ་པར་བྱ་ཞིང༌། ཆོས་ཀྱི་སྐུའམ་བདེ་བ་ཆེན་པོའི་སྐུ་ཡིན་པར་མོས་པ་ཡང་བྱའོ། །དེ་
དག་ནི་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་སྟེ་རྗེས་ཀྱི་བྱ་བ་ཡང་ཡིན་ལ། འབྲས་བུ་རྡོ་རྗེ་འཛིན་པའི་རྒྱུའི་ཆོས་སམ་སྔོན་འགྲོ་ཡང་ཡིན་ནོ། །དཔལ་རྡོ་རྗེ་མཁའ་འགྲོ་ལས། ཤེས་རབ་ཐབས་བཅས་མཉམ་སྦྱོར་བ། ཁ་སྦྱོར་ཞེས་ནི་བརྗོད་པ་ཡིན། །ཞེས་སོགས་གསུངས་པ། སྐབས་འདིའི་འགྲེལ་པ་འཁྲུལ་སྤོང་དུ་ལུང་དྲངས་པ་ལ་ཡང༌། སྔ་མ་བཞིན་དུ་གཞན་དེ་དག་རྗེས་སུ་འཇུག་མོད་ཀྱང༌། གོང་ལྟར་ཡིན་ཏེ་རྒྱུད་དེ་ལས་དེ་ལྟར་གསུངས་པ་དེ་ནི་ལས་རྒྱའི་ལམ་སྤྱི་ཁྱབ་ཀྱི་དབང་དུ་བྱས་ནས་གསུངས་པས། འདིར་བར་སྲིད་འཇུག་པ་སོགས་ལ་སྦྱོར་དགོས་པ་དང་ཤིན་ཏུ་མི་འགྲིག་པར་སྣང་ངོ༌།། འདིའི་སྦྱང་བྱ་ནི། བར་དོའི་སེམས་ཅན་གང་ཞིག་སྐྱེ་བ་ཉེ་བར་ལེན་པར་ཉེ་བ་ན། དེའི་ལས་ཀྱིས་བསྐུལ་ཏེ་ཕ་མ་འཁྲིག་སྦྱོར་ལ་འཇུག་པ་ནི། སླར་ཡང་ཡབ་ཡུམ་རྗེས་ཆགས་མཛད་པས་སྦྱོང་ལ། ཕ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་དྭངས་མ་རྩ་གནས་ཀུན་ནས་གཡོས་ཏེ་ཤུགས་དང་སྦུབས་ཀྱི་གནས་སུ་འོང་བ་ཡོད་པ་ནི། སངས་རྒྱས་ཐམས་ཅད་སྐུ་ལ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་སྦྱོང༌། ཕ་མའི་འཁྲིག་སྦྱོར་བར་སྲིད་ཀྱིས་མཐོང་བ་ན། སྲེད་པས་བྱིན་གྱིས་བརླབས་ཏེ་སྐྱེ་བ་ལེན་ནུས་སུ་སོང༌། ཕའི་ལུས་ལ་ཞུགས་ཙམ་ན་འཁྲིག་སྦྱོར་མ་མཐོང་བས་སེམས་འཁྲུགས་པའི་རྐྱེན་གྱིས་བར་སྲིད་ཞིག།དེ་མ་ཐག་ཏུ་ཕའི་ཐིག་ལེ་སྦུབས་སུ་འོངས་པ་དང་དེ་འདྲེས་པ་ནི། ན་དས་འགྲོ་དོན་གྱི་ཐུགས་བསྐྱེད་དེ་ཡབ་ཀྱི་སྐུ་ལ་ཞུགས་ནས། ཐུགས་ཀར་བྱང་སེམས་དང་འདྲེས་པར་བསྒོམས་པས་སྦྱོང༌། དེ་ནས་བྱང་ཆུབ་ཀྱི་སེམས་མངལ་གནས་སུ་མའི་ཐིག་ལེ་དང་འདྲེས་པ་ན། ཕོ་མོ་གཉིས་ཀས་རྣམ་རྟོག་
རགས་པ་འགགས་པའི་ལྷན་སྐྱེས་མྱོང་བ་ནི། བྱང་ཆུབ་ཀྱི་སེམས་འདྲེས་པ་ན་ཡབ་ཡུམ་གཉིས་ཀར་ཞུ་བས་སྦྱོང༌། དེ་རྗེས་མངལ་དུ་དཀར་དམར་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་ཟླ་བ་གཅིག་ཏུ་བརྒྱལ་བ་ལྟར་དྲན་མེད་རྟོག་མེད་དུ་གནས་པ་ནི། ཐིག་ལེའི་གོང་བུ་ལ་ཆོས་སྐུའི་ང་རྒྱལ་བྱེད་པས་སྦྱོང་ངོ༌། །སྦྱངས་འབྲས་དང་སྦྱར་ན། རྒྱུ་རྡོ་རྗེ་འཛིན་པ་ལོངས་སྐུ་ཡབ་ཡུམ་སྤྲུལ་པའི་སྐུ་སྤྲུལ་བར་བཞེད་དེ། འཁོར་གྱི་དབུས་སུ་རྗེས་ཆགས་ཀྱི་སྤྱོད་པ་སྟོན་པར་མཛད་ལ། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་ཐུགས་རྗེ་བདག་ཉིད་ལ་བསྡུ་ཞིང༌། སྤྲུལ་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ན་ད་སྐུ་ལ་ཞུགས་པའི་མཚན་དོན། ཆེད་དུ་བྱ་བའི་གདུལ་བྱ་ལ་ཐུགས་རྗེ་ཡོངས་སུ་བསྐྱེད་ནས། འཁོར་གྱི་མཐོང་སྣང་ལ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚུལ་སྟོན་པ་དེ་ལམ་དུ་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་སྨིན་བྱེད་དུ་ཇི་ལྟར་འགྱུར་ཚུལ་ནི། ཡབ་ཡུམ་སྙོམས་པར་འཇུག་པ་ནི་འོག་སྒོ་ཆགས་ཅན་གྱི་ལམ་མམ། སྟེང་སྒོ་ཆགས་བྲལ་ལ་བརྟེན་པ་ཡིན་ཡང་རུང་སྟེ། དབུ་མའི་ནང་དུ་ཡེ་ཤེས་ཀྱི་གཏུམ་མོ་འབར་ཞིང༌། ཧཾ་ཡིག་ཞུ་བའི་འབར་འཛག་མཆོག་ཏུ་གྱུར་པ་དེ་མཚོན། སངས་རྒྱས་ཐམས་ཅད་ཞུགས་པ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ། བདུན་ཁྲི་ཉིས་སྟོང་གི་རྩ་གནས་ཐམས་ཅད་ནས་ཕྲ་རགས་ཀྱི་ཐིག་ལེར་ཞུ་བའི་བདེ་བ་མཚོན་ནོ། །ན་ད་ཞུགས་པ་ནས་ཐིག་ལེ་ཁ་སྦྱོར་དུ་གྱུར་པའི་བར་ནི་ཞུ་བདེ་དེས་དོན་དམ་གྱི་ཡེ་ཤེས་གསལ་བར་རྟོགས་པ་མཚོན། ཡབ་ཡུམ་གྱི་སྐུ་ཞུ་བ་ནི་ལུས་ངག་ཡིད་གསུམ་གྱི་རྣམ་རྟོག་འགགས་པ་མཚོན། ཐིག་ལེའི་གོང་བུ་གཅིག་ཏུ་གྱུར་པ་ནི་ཞུ་བདེ་འགྱུར་མེད་
ཐོབ་པ་མཚོན་ནོ། །གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་བྱིན་རླབས་དང་བཅས་པ་ལ། ཞུ་བ་གླུས་བསྐུལ་བ། ཐིག་ལེ་ལས་བཞེངས་པ། འབྲས་བུ་ཧེ་རུ་ཀའི་སྐུ་གྲུབ་པ། དེ་ཉིད་སྔགས་ཀྱི་བྱིན་གྱིས་བརླབ་པ་སྟེ་བཞིའོ། །དང་པོ་ནི། སངས་རྒྱས་ཐམས་ཅད་འདུས་པ་ཡིས། །མྱུར་བ་ཉིད་དུ་བདག་ལ་བསྐུལ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་པ་སྟེ། དེ་ཡང་ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་པ་འདུས་ཏེ་བྱོན་པ་དང༌། ཐིག་ལེ་ལས་ཀྱང་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྲུལ་ཏེ། དེ་ཐམས་ཅད་ཚོགས་པ་གཅིག་ཏུ་འདྲེས་པ་ན་སྔར་ཆགས་བྲལ་གྱི་རྣམ་པ་ཐམས་ཅད་ཀྱང་ཆགས་ཆེན་གྱི་ཚུལ་དུ་གྱུར་ཏེ་སངས་རྒྱས་ཐམས་ཅད་འདུས་པས་ཕྱོགས་བཅུ་ནས་བསྐོར་ནས། མྱུར་བ་ཉིད་དུ་བདག་ཉིད་ཆོས་སྐུ་སྟོང་པའི་ངོ་བོ་ཐིག་ལེའི་གཟུགས་སུ་བཞུགས་པ་ལ། སེམས་ཅན་གྱི་དོན་མཛད་པའི་དོན་དུ་སྔགས་ཀྱིས་བསྐུལ་མ་གདབ་པར་བྱའོ། །དེ་ཡང་འདི་ལྟར། ཨོཾ་ནི་སྐུ་རྡོ་རྗེའོ། །མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོའོ། །བཛྲ་ནི་རྡོ་རྗེ་སྟེ་སྟོང་པ་ཉིད། ས་ཏྭ་ནི་སེམས་དཔའ་སྟེ་ཡེ་ཤེས་སོ། །དཔལ་སངས་རྒྱས་མཉམ་སྦྱོར་ལས་ཀྱང༌། རྡོ་རྗེ་སྟོང་པ་ཉིད་དུ་འདོད། །སེམས་དཔའ་ཡེ་ཤེས་ཙམ་ཉིད་དེ། །ཞེས་སོ། །ཛཿཧཱུཾ་བཾ་ཧོཿནི་དགུག་གཞུག་བཅིངས་མཉེས་ཀྱི་ས་བོན་ཏེ། དེ་དག་གི་བྱེད་པ་པོ་ཚད་མེད་པ་བཞིའི་སྒོ་ནས་ཐུགས་དམ་བསྐུལ་བའོ། །སུ་ར་ཏ་སྟྭཾ་ནི་ཤིན་ཏུ་དགྱེས་པ་ཁྱོད་ཅེས་པ་སྟེ། རྟག་ཏུ་སེམས་ཅན་གྱི་དོན་ལའོ། །དྲྀ་ཤྱ་ཧོཿནི་གཟིགས་ཤིག་པ་སྟེ། ཧེ་རུ་ཀའི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་ལ་གཟིགས་པར་བསྐུལ་བའོ། །དེ་ལྟར་བསྐུལ་ནས་སྐུལ་བ་པོ་རྣམས་ཐིག་ལེ་ཉིད་ལ་ཐིམ་པར་བསམ་མོ། །
འདིའི་སྦྱང་བྱ་ནི་མངལ་དུ་དཀར་དམར་སེམས་གསུམ་རོ་གཅིག་ཏུ་འདྲེས་པའི་གོང་བུ་ལ་མངལ་གནས་ཀྱི་འབྱུང་བ་ལྔས་གྲོགས་བྱེད་པ་དེ་རང་བཞིན་གྱི་གནས་ནས་བྱོན་པའི་སངས་རྒྱས་རྣམས་ཀྱིས་བསྐུལ་བས་སྦྱོང༌། དེ་ལྟར་གྲོགས་བྱས་པས་གོང་བུ་དེ་ཉིད་ཀྱི་ཚོགས་པ་ན་གནས་པའི་འབྱུང་བ་ལྔའི་སྟོབས་གོང་འཕེལ་དུ་འགྲོ་བ་དེ། ཐིག་ལེ་ལས་བྱུང་བའི་ལྷས་བསྐུལ་པས་སྦྱོང༌། སྐུལ་བྱེད་རྣམས་ཐིམ་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆ་ཤས་ཕྲ་མོ་རིམ་གྱིས་འཕེལ་བ་མཚོན་ནོ། །སྦྱངས་འབྲས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་འདུས་པ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་མཚོན་པ་དང༌། ཐིག་ལེ་ལས་སྤྲོས་པའི་སངས་རྒྱས་ནི་སྐབས་དེ་ཉིད་ཀྱི་ཚད་མེད་བཞི་དང་ཐབས་མཁས་ཀྱིས་བསྐུལ་ནས། ཧེ་རུ་ཀའི་སྐུར་བཞེངས་པ་ལ་མངོན་དུ་ཕྱོགས་པ་ལམ་དུ་བྱེད་དོ། །རྫོགས་རིམ་གྱི་སྐབས་དང་སྦྱོར་བ་ནི་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་དྭངས་མ་འཕེལ་བས། སྣ་ཚོགས་པའི་དཀྱིལ་འཁོར་སྤྲོ་བ་འབྱུང་དུ་རུང་བའི་སྐབས་དེ་སྨིན་པར་བྱེད་པའོ། །གཉིས་པ་ནི། འདི་ཡིས་བསྐུལ་བ་ཙམ་གྱིས་ནི། །འཇིག་རྟེན་ཁམས་ཀྱི་བདེ་བ་སྩོལ། །ཇི་ལྟར་སྐྱེས་པའི་རིམ་པ་བཞིན། །གཉུག་མའི་སྔགས་ལས་བྱུང་གྱུར་ཏེ། ཁུ་བའི་གཟུགས་ལས་རྡོ་རྗེ་ཅན། དེ་ནས་ཨཾ་ཧཱུཾ་གཉིས་ལས་བཞེངས། ཞེས་འབྱུང་བས་ཨཾ་ཧཱུཾ་གཉིས་ཞེས་པ་ཡན་ཆད་དོ། །གོང་དུ་སྨོས་པའི་ཏིང་ངེ་འཛིན་དང་སྔགས་འདི་ཡིས་བསྐུལ་བ་ཙམ་གྱིས་ནི། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བདེ་བ་སྩོལ་བའི་ཕྱིར། འབྲས་བུ་ཧེ་རུ་ཀར་བཞེངས་དགོས་པའོ། །འགྱུར་གཞན་ལས། བདེ་བའི་བདག་ཅེས་པ་ལྟར་ན་བདེ་བའི་བདག་པོ་རྡོ་རྗེ་སེམས་དཔའ་ཞུ་བ་
དེའོ། །སྐྱེ་བའི་རིམ་པ་ཉིད་ཅེས་པ་ལ་འགྱུར་གཞན་ལས་བསྐྱེད་པའི་རིམ་པ་ཞེས་པ་འབྱུང་མོད། དེ་ཡང་ལུས་བསྐྱེད་པའི་རིམ་པ་ཞེས་པའི་དོན་དུ་འཆད་དགོས་པས་དོན་ནི་གཅིག་གོ །ཇི་ལྟར་ལུས་མངལ་ནང་དུ་གོང་ནས་གོང་དུ་འཕེལ་ཞིང་སྐྱེ་བའི་རིམ་པ་བཞིན་གཉུག་མ་གདོད་ནས་གྲུབ་པའི་སྔགས་ཨཾ་དང་ཧཱུཾ་བྱུང་བར་གྱུར་ཏོ། །འདིའི་རྭ་འགྱུར་ལས། གཉུག་མའི་གསང་སྔགས་རང་བྱུང་གྱུར། །ཞེས་འབྱུང་བ་ལེགས་ཏེ། དཀྱུས་ཀྱི་སྔགས་ལས་ཞེས་པ་ཅུང་ཟད་འགྱུར་མ་དག་གོ །དེ་ནི་ཧཱུཾ་ཆ་ལྔ་པ་དང༌། ཨཾ་ཆ་ལྔ་པ་སྟེ་བཅུ་པོ་མངལ་གྱི་གནས་སྐབས་བཅུའམ་ཟླ་བ་བཅུ་དག་པའོ། །དེའི་ཕྱིར་དེ་ལ་སྐྱེ་བའི་རིམ་པ་བཞིན་ཞེས་བྱའོ། །དེ་ཡང་ཇི་ལྟར་བཞེངས་ན། ཁུ་བའི་གཟུགས་ལས་དེ་ནས་ཏེ་དེའི་རྗེས་སུ་ཡི་གེ་ཨཾ་དམར་པོ་དང༌། ཧཱུཾ་སྔོན་པོའི་རྣམ་པ་གཉིས་སུ་གྱུར་པ་འོད་ཟེར་རབ་ཏུ་འབར་བའོ། །དེ་གཉིས་ལ་གཉུག་མའི་སྔགས་ཞེས་བྱ་བ་ཅི་སྙམ་ན། དོན་དམ་པར་གདོད་མའི་ཐབས་ཤེས་ཀྱི་ངོ་བོ་ཡིན་པ་དང༌། ཀུན་རྫོབ་རྣམ་པའི་ཚུལ་གྱིས་ན། ལུས་གྲུབ་ཙམ་ཉིད་ནས་ལྟེ་བའི་གཏུམ་མོ་ཨཾ་དང༌། སྙིང་གའི་དཔྱིད་ཧཱུཾ་ཡང་གྲུབ་པས་གཉུག་མའམ། གདོད་མའི་ས་བོན་ནོ། །སྦྱངས་བྱ་ནི་མངལ་གྱི་ཟླ་བ་བཅུ་དང༌། སྦྱངས་འབྲས་ནི་ས་བཅུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ཐ་མ་པའི་ཚུལ་དང༌། སྨིན་བྱེད་ནི་འབྱུང་བ་ལྔ་དང་ཕུང་པོ་ལྔ་ཐིམ་པའི་ཡེ་ཤེས་ཀྱིའོ། །འདི་ལ་ཕྱག་མཚན་བསྐྱེད་དེ་ཆོ་ག་གསུམ་བསྐྱེད་བྱེད་པའང་བྱུང་བ་གཞན་གྱིས་ཁ་འགེངས་ན། དེ་དང་མངོན་བྱང་ལྔ་བསྐྱེད་སོགས་གཞན་ཡང་འབྱུང་དུ་རུང་མོད་ཀྱི། འདིར་མ་བཤད་པ་ཉིད་
མི་དགོས་པའི་སྒྲུབ་བྱེད་དོ། །གསུམ་པ་ནི། གཉིས་ལས་རྡོ་རྗེ་ཅན་བཞེངས་ཏེ་ཞེས་གཞུང་སྔ་མའི་འཕྲོས་ལ་མཚམས་སྦྱར་ཏེ། ཁ་དོག་སྔོན་པོ་འཇིགས་པ་པོ། །དམར་པོ་འོད་ཀྱི་དཀྱིལ་འཁོར་འབར། །ཞལ་བཞི་པ་སྟེ་འཇིགས་པ་ཅན། དྲུག་གཉིས་ཕྱག་གིས་རྣམ་པར་བརྒྱན། །དཀར་བཟློག་ཨུ་མའི་བདག་པོ་མནན། །ཉིན་མོའི་དབང་ཕྱུག་གདན་དུ་བཏིང༌། །རྩ་བའི་ཞལ་ནི་ནག་པོ་དང༌། །གཡས་པ་ཀུན་ད་ལྟ་བུ་སྟེ། གཡོན་པ་དམར་པོ་འཇིགས་ཆེན་པོ། །ནུབ་ནི་གསེར་དུ་འབར་བའོ། །སྔར་གྱི་ལག་ཆར་ཡང་དག་ལྡན། །སྤྱན་གསུམ་གྱིས་ཀྱང་རྣམ་པར་མཛེས། ཁྲོ་བ་དང་བཅས་བཞད་པའི་ཞལ། གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །དེ་ཡི་ཤེས་རབ་ཕག་མོ་ནི། །དམར་མོ་ཁ་དོག་ཆེར་འབར་བ། །ཞལ་གཅིག་ཕྱག་གཉིས་རྣམ་པར་མཛེས། །རྡོ་རྗེ་དང་ནི་མི་ཐོད་འཆང༌། ཞེས་སོ། །དེ་ཡང་ས་བོན་དེ་གཉིས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཅན་ཏེ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་བདག་པོ་དཔལ་ཧེ་རུ་ཀའི་སྐུར་བཞེངས་པ་ནི། ཁ་དོག་སྔོན་པོ་ཁྲོ་བོའི་ཆ་བྱད་དུ་མ་དང་ལྡན་པས་རབ་ཏུ་འཇིགས་པ་པོ། སྐུ་ལས་རབ་ཏུ་འབར་བའི་མེའི་འོད་ཀྱི་དཀྱིལ་འཁོར་དམར་པོ་འཕྲོ་བ། ཞལ་བཞི་པ་སྟེ་བཞི་ཀར་ཡང་མཆེ་བ་གཙིགས་པ་དང༌། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་དང༌། ཁྲོ་གཉེར་ལ་སོགས་པ་རབ་ཏུ་འཇིགས་པའི་རྣམ་འགྱུར་ཅན་ནོ། །འཁོར་ལོ་སྡོམ་པའི་ཞལ་བཞི་ལ་ཞི་ཁྲོ་ཆགས་པ་སོགས་ཉམས་མི་འདྲ་བ་ཐ་དད་དུ་བྱེད་པའི་སྐབས་ཀྱང་གཞན་དང་གཞན་ལ་ཡོད་མོད་ཀྱི། འདིར་ནི་གཞུང་ཚིག་འདིས་ཉམས་མཚུངས་པར་བསྟན་ཏོ། །ཕྱག་ནི་དྲུག་གཉིས་ཏེ་བཅུ་གཉིས་ཀྱི་སྐུ་ལུས་
རྣམ་པར་བརྒྱན་ལ། ཞབས་གཉིས་ཀྱི་འོག་ཏུ་ལྷ་མོ་ཨུ་མ་དཀའ་བཟློག་མ་དང་ཨུ་མའི་བདག་པོ་དབང་ཕྱུག་ཆེན་པོ་སྟེ། དེ་ཉིད་ཁྲོས་པའི་ཚུལ་ཅན་འཇིགས་བྱེད་ཆེན་པོ་མནན་པ། ཉིན་མོར་བྱེད་པའི་དབང་ཕྱུག་ཉི་མའི་དཀྱིལ་འཁོར་གདན་དུ་བཏིང་ཞིང༌། ཞལ་བཞི་ལས་རྩ་བའི་ཞལ་ནི་ནག་པོ་ཁྲོ་ཞིང་བཞད་པའི་ཉམས་དང་ལྡན་པའོ། །ལུགས་འདི་དག་ཏུ་འབྱུང་བ་ཁམས་དྲུག་གི་ཁ་དོག་ངེས་ཅན་དུ་བརྩི་མི་དགོས་པས། ཁ་དོག་སྔོན་པོ་དང་ནག་པོ་དག་པ་གཅིག་པར་བརྗོད་པའི་དབང་དུ་བྱས་ནས། སྐུ་ལུས་སྔོ་བ་དང་རྩ་ཞལ་ནག་པ་ཞེས་འབྱུང་ཡང་དོན་གཅིག་ལ་འདུ་སྟེ། མདུན་གྱི་ཞལ་ནག་པ་ནི་གཤིན་རྗེ་དང་སྲིན་པོ་དང་ལྷ་མིན་དང་ས་བདག་འདུལ་བར་བྱེད་པའོ། །ཞལ་གཡས་པ་མེ་ཏོག་ཀུནྡ་ལྟར་དཀར་བ་སྟེ། ཆུ་ལྷ་དང་ཚངས་མ་འདུལ་བར་མཛད་པའོ། གཡོན་གྱི་ཞལ་དམར་པོ་ནི། །ཉི་མའི་འོད་ལྟར་གཟི་བརྗིད་འབར་བས་ཁམས་གསུམ་སྲེག་གོ་སྙམ་འཇིགས་པ་ཆེན་པོར་བྱེད་པ་སྟེ། མེ་ལྷ་དང་བརྒྱ་བྱིན་འདུལ་བར་བྱེད་པའོ། །ནུབ་དང་རྒྱབ་ཀྱི་ཞལ་ནི་གསེར་ལྟར་རབ་ཏུ་འབར་བ་སྟེ། ནོར་སྦྱིན་དང་དབང་ལྡན་འཇོམས་པར་བྱེད་པའོ། །ཕྱག་བཅུ་གཉིས་ལས་དང་པོ་གཉིས་ཀྱིས་ཕྱག་མཚན། རྒྱུ་རྡོ་རྗེ་འཛིན་པའི་སྐབས་དང༌། གཞན་རྣམས་ཀྱི་ཕྱག་མཚན་མཆོད་བརྗོད་ཀྱི་སྐབས་སུ་གསལ་ཏེ། སྔར་གྱི་གཞུང་ཚིག་ཏུ་བཤད་ཟིན་པའི་ལག་ཆ་སྟེ་ཕྱག་མཚན་དུ་ཡང་དག་པར་ལྡན་པའོ། །དེ་ཡང་གཡས་ཀྱི་དང་པོ་ན་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་གྱི་དང་པོ་ན་རྡོ་རྗེ་དེས་མཚན་པའི་དྲིལ་བུ་འཆང་བ་སྟེ། དེ་གཉིས་ནི་བརྒྱ་བྱིན་དང༌། དེའི་
ཆུང་མ་བདེ་སོགས་མའི་ལག་ཆ་ཕྲོགས་པའམ་ལྷ་དེ་དག་འདུལ་བའོ། །གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་གསར་པ་ཁྲག་དང་བཅས་པ་མགོ་གཡས་དང༌། སྤུ་ཕྱིར་བསྟན་པའི་རྐང་ལག་གཡོན་པ་གཉིས་ནས་བཟུང་ཞིང་སྐུ་ལ་མ་རེག་པར་བརྒྱངས་པ་སྟེ། འདི་ལ་ཕལ་ཆེར་དག་ཕྱག་གཉིས་ཀྱི་སྡིགས་འཛུབ་སྨིན་མཚམས་ཀྱི་ཐད་ཙམ་ཞེས་འདོད་ཀྱང་ངེས་ པ་མེད་དོ། །དེ་ནི་ཚོགས་ཀྱི་བདག ་པོ་བཅོམས་པས་མ་ལུས་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཅོམས་པའོ། །གཡས་ཀྱི་གསུམ་པ་ན་ཌཱ་མ་རུ་ནི་དྲ་བ་ཅན་ལ་སོགས་པ་ཇི་ལྟར་འོས་པ་སྟེ། མ་མོ་དང་སྲིན་མོ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ། རོལ་རྩེད་བྱར་གཞུག་པའི་དོན་ནོ། །གཡོན་གྱི་གསུམ་པའི་ཁ་ཊྭཱཾ་ག་ནི་དབྱུག་པ་དཀར་པོ་སྟེང་སྦོམ་ཞིང་རྩ་བ་ཕྲ་བ། རྩ་བར་རྡོ་རྗེ་རྩེ་གཅིག་པ་ཕྱེད་པས་བརྒྱན་པ། དབྱུག་པའི་རྩེ་མོར་བུམ་པ་དང༌། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང༌། དེ་ལ་གནས་པའི་མི་མགོ་རློན་པ་དང༌། རྙིང་པ་དང༌། ཐོད་རིལ་སྐམ་པོ་རྣམས་བརྩེགས་པ། རྩེ་མོར་རྡོ་རྗེ་རྩེ་ལྔ་པ་ཡོངས་རྫོགས་སམ་ཕྱེད་པས་མཚན་པ། སྣ་ཚོགས་རྡོ་རྗེའམ་བུམ་པའི་མགུལ་ནས་འཐོན་པའི་དྲིལ་བུ་གཡེར་ཁ་དང༌། བ་དན་དཔྱངས་པ་ནི་ཁ་ཊྭཱཾ་ག་རྒྱས་པ་ཡིན་ལ། ཐོད་པ་སྐམ་རློན་གཉིས་དང༌། མི་མགོ་གཅིག་པ་དང༌། བུམ་པའི་གཟུགས་ཀྱང་སྤངས་པ་སོགས་རྒྱས་བསྡུས་སྣ་ཚོགས་པ་ཡོད་དོ། །མངོན་བརྗོད་བླ་མའི་ལེའུ་དགུ་པ་ལས། མཆོད་ཕྱིར་ཐོགས་དང་འབྲེལ་བའི་རྡོ་རྗེ་ཁ་ཊཱཾ་ག་སྟེང་དུ་རྩེ་མོ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པ།
རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་ཞིང་སྣ་ཚོགས་པའི་བ་དན་རབ་ཏུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ། འོག་ཏུ་རྡོ་རྗེ་རྩེ་གཅིག་པ། ཞེས་གསུངས་པས། རྡོ་རྗེས་མཚན་པའི་དྲིལ་བུ་དཔྱངས་པ་དང༌། མཆོད་ཕྱིར་ཐོགས་དང་འབྲེལ་བར་བཤད་པ་ནི། སྤྱིར་མཉམ་སྦྱོར་སོགས་གཞན་མང་པོ་ལས་འབྱུང་ཡང༌། འཁོར་ལོ་བདེ་མཆོག་གི་མངོན་རྟོགས་ཐམས་ཅད་ལ་ཁྱབ་བྱེད་མིན་པས་འདིར་ནི་མི་དགོས་ལ། ལྷག་མ་མཚན་ཉིད་དེ་རྣམས་ཚང་བ་ཡིན་ན་འདིའི་དྲིལ་བུ་ནི་དྲིལ་བུ་གཡེར་ཁ་སྟེ། བ་ལིང་གི་རྒྱན་གྱི་དྲིལ་བུ་བཞིན་དུ་རི་མོ་དང་མཚན་མ་སྤངས་ཤིང༌། འཆང་བཟུང་མེད་པའི་ཁོག་པ་ལྕེ་དང་བཅས་པ་ཙམ་སྟེ། དྲིལ་བུ་དང་གཡེར་ཁ་སོ་སོར་དགོས་པ་མ་ཡིན་ནོ། །དེ་ཡང་ཁ་ཊྭཱཾ་གས་གདུག་པ་ཅན་ཐམས་ཅད་ཕྱེ་མར་བྱེད་ཅིང་ཐལ་བར་གྱུར་བ། དྲིལ་བུ་གཡེར་ཁའི་སྒྲས་སླར་ཡང་གསོ་བར་བྱེད་པ་ཡིན་པར་བཤད་ཅིང༌། གདུག་པའི་གཤིན་རྗེ་ཐམས་ཅད་འཇོམས་པར་མཛད་པའི་ཕྱག་མཚན་ནོ། །གཡས་ཀྱི་བཞི་པ་རྡོ་རྗེས་མཚན་པའི་དགྲ་སྟ་ནི། རེངས་བྱེད་དགྲ་སྟ་ཅན་གྱི་མཚོན་ཆ་ཕྲོགས་པའམ། ས་འོག་གི་ལྷ་མིན་རྣམས་འདུལ་བའོ། །གཡོན་གྱི་བཞི་པ་རྡོ་རྗེས་མཚན་པའི་ཞགས་པ་ནག་པོ་ནི། གཤིན་རྗེ་རྣམས་ཀྱི་དུས་ཀྱི་ཞགས་པ་ཕྲོགས་པའམ། ཀླུའི་རྒྱལ་པོ་རྣམས་དབང་མེད་དུ་ཞགས་པའི་གཟུགས་སུ་བྱས་པའོ། །གཡས་ཀྱི་ལྔ་པ་ན་མདུང་རྩེ་གསུམ་པ་ནི། དབུས་ཀྱི་རྭ་མདུང་སོ་ཟུར་བཞི་པའམ་རིལ་མོ། གཡས་གཡོན་གྱི་རྭ་གཉིས་རྩ་བ་ཅུང་ཟད་འཁྱིལ་བ་དཔུང་པར་གྲགས་པ་དང༌། རྩེ་མོ་རང་རང་གི་ཐད་ཀར་མགུག་པར་བརྒྱད་པ་ཟུར་བཞི་པ་རྣོ་བའོ། །
རྩེ་གསུམ་ལེབ་ཆགས་སུ་འདོད་པ་ནི། འཕགས་ཡུལ་ན་སྤྱོད་པའི་རྩེ་གསུམ་ཇི་ལྟར་ཡིན་མ་ཤེས་ཤིང་བོད་ཀྱི་ཀུན་ཏུ་རྒྱུ་རལ་པ་ཅན་འགའ་ཞིག་གི་ལག་ཆའམ། ཐུག་ལྕགས་འགའ་ཞིག་མཐོང་སྟེ་བཤད་པ་བྱེད་པར་ཟད་དོ། །ཏྲི་ཤཱུ་ལ་ནི་དབང་ཕྱུག་ཆེན་པོ་དང༌། དུས་མཚན་ཙནྚི་ཀཱ་གཉིས་ཀའི་ལག་ཆའི་གཙོ་བོ་ཡིན་པས་དེ་དག་ཕྲོགས་ཤིང་དེ་འཇོམས་པའི་དོན་ནོ། །གཡོན་གྱི་ལྔ་པ་ན་ཐོད་པ་ཁྲག་གིས་གང་བ་ནི་ཙ་མུཎ་ཊཱི་ལ་སོགས་པ་སྲིན་པོའི་བུ་མོ་མཁའ་འགྲོ་མ་རྣམས་ཀྱི་ལག་ཆ་སྟེ། དེ་དག་འདུལ་བའི་དོན་དང༌། གཡས་ཀྱི་དྲུག་པའི་གྲི་གུག་ནག་པོ་ཆེན་པོ་དང་སྲིན་པོ་ཐམས་ཅད་འདུལ་བའི་དོན་དང༌། གཡོན་གྱི་དྲུག་པ་ཚངས་པའི་མགོ་བོ་བསྣམས་པ་ནི། སྟེང་གི་ལྷ་ཐམས་ཅད་བཏུལ་བ་མཚོན་པའོ། །ཚངས་པའི་མགོ་བོ་ནི་གདོང་བཞི་པ་མགུལ་དང་བཅས་ཤིང་ཁ་དོག་སེར་པོའམ་དཀར་པོ་པདྨའི་འཕྲེང་བས་སྐྲ་མཚམས་བརྒྱན་པ། དཔྲལ་པར་ཙནྡན་དཀར་པོས་ཞུར་ཐིག་བྱས་པའོ། །རྡོ་རྗེ་དྲིལ་བུ་གཉིས་ཀ་དཀྱུས་སུ་སོར་བཅུ་གཉིས་པ་ཡིན་ལ། ཁ་ཊྭཱཾ་ག་ནི་རིང་ན་མཐོ་བཅུ་པའམ། འབྲིང་དུ་ན་ལྷ་མོའི་ཁ་ཊྭཱཾ་རང་མཐོ་ལྔ་དང་སོར་དྲུག་པ་ཡིན་ལ། ཡབ་ཀྱི་ཕྱག་མཚན་ལ་ནི་མཐོ་ལྔ་པའོ། །ཐུང་བ་ལ་ཚད་ངེས་པ་མེད་ཅིང༌། ཕྱག་མཚན་གཞན་རྣམས་ལའང་ཚད་ཀྱི་ངེས་བཟུང་མེད་དེ། སྐུ་གཟུགས་བཞེངས་པ་དང༌། སྒོམ་པའི་གནས་སྐབས་ལའང་ཁྱད་པར་མི་འདྲ་བ་མང་དུ་ཡོད་པར་ཤེས་པར་བྱའོ། །གང་དག་དགྲ་སྟ་ཁ་བོ་ཆེ་མེ་ལོང་གི་ཕྱེད་བཀས་པ་ལྟ་བུའོ་ཟེར་བ་དང༌། དེ་དང་རྩེ་གསུམ་གྱི་ཡུ་བ་ཁྲུ་གང་ངོ་ཟེར་བ་སོགས་ནི་ཐད་ཀ་འཁྱམས་པོ་ལ་བལྟས་པའི་
བཤད་པའོ། །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་གྱིས་ཀྱང་རྣམ་པར་མཛེས་པ། ཞལ་རྣམས་ཁྲོ་བའི་ཉམས་དང་བཅས་ཤིང་ཅུང་ཟད་བཞད་ཅིང་འཛུམ་པ་ཁྲོ་ཆགས་འདྲེས་པའི་ཞལ་ལོ། །ཞབས་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་ཤིང༌། འགྱུར་འགའ་ཞིག་ལས་གར་གྱིས་བཞུགས་ཞེས་པ་ལ་བརྟེན་ནས། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་འདོད་པ་ནི་སྡོམ་པ་བཤད་པ་དང་བྷུ་བ་བློ་ལྡན་གྱི་གཞུང་མཐོང་ན་འཁྲུལ་པ་སངས་པར་འགྱུར་ལ། ཁ་ཅིག་མར་དོའི་འགྱུར་ལ། གཡོན་བརྐྱང་དུ་ཡོད་ཟེར་བ་ནི། ཕོ་ཚོད་མ་འགྲིག་པར་ཟད་དེ། མར་དོའི་འགྱུར་གྱི་གཞུང་དང༌། མར་དོ་རང་གིས་བརྩམས་པའི་འགྲེལ་པ་དང་སྒྲུབ་ཐབས་གསུམ་གར་ན་གཡས་བརྐྱང་དུ་བཤད་སྣང་ལ། གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །ཞེས་པའི་ཚིག་དེ་ནི་རྭ་འགྱུར་ལ་ཡོད་ཀྱང་འགྱུར་ནོར་བའམ། ཡི་གེ་ནོར་བ་ཡིན་པས་མི་ལེགས་སོ། །གཞན་རྒྱན་གྱི་ཁྱད་པར་སོགས་སྔར་བཤད་ཟིན་ལ། སྟག་གི་པགས་པའི་སྨད་དཀྲིས་ནི། མདུན་ནས་རྒྱབ་ཏུ་འཕྱར་བའམ། བརླ་སྟེངས་སུ་གྲོལ་བ་གང་ལྟར་ཡང་རུང་ལ། དེ་ནི་ལྷ་ཆེན་པོ་ཁྱབ་འཇུག་ཁྲོས་པ་མིའི་སེང་གེ་ཞེས་བྱ་བའི་ཁྲོ་བོ་སྟག་གི་གཟུགས་སུ་གནས་པ། ཞེ་སྡང་ལ་མངོན་པར་དགའ་བའི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་བཏུལ་ནས་པགས་པ་བཤུས་ཏེ་སྐུ་ལ་གསོལ་བའི་ཚུལ་ལོ། །ཆ་བྱད་ཕྲ་མོ་རྒྱས་པར་ནི་དག་པའི་སྐབས་སུ་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་ནི་མཚན་དཔེ་ཐམས་ཅད་
ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་སྐུ་ལ་ཁྲོ་བོའི་ཆ་བྱད་དགོས་སར་ཁྲོ་ཉམས་སུ་བསྒྱུར་བས་རོལ་པའི་ཁྲོ་བོ་གར་དགུའི་ཉམས་མཆོག་དང་ལྡན་པ་སྟེ། དེ་ལ་སྒེག་པའི་ཉམས་ནི་མཆོར་སྒེག་སྟེ། སྐུ་ལུས་ཐམས་ཅད་འཚམ་ཞིང་མཛེས་ལ་རྒྱན་གྱིས་བརྒྱན་པ་དང་ཤེས་རབ་མ་དང༌། སྦྱོར་བ་སོགས་ཆགས་པའི་སྤྱོད་པ་སྟོན་པའོ། །དཔའ་བ་ནི་སྟོབས་དང་ལྡན་ཞིང་ཐུབ་པར་དཀའ་བ་མཁྲང་བག་ཆགས་པའི་སྐུ་ཤེད་སྟོབས་དང་ལྡན་པ་དང༌། ལྷ་རྣམས་ཞབས་འོག་ཏུ་མནན་པ་ལ་སོགས་པའོ། །མི་སྡུག་པ་ནི་ཁྲོ་བའི་ཉམས་ཏེ་མཐོང་བ་ཙམ་གྱིས་འཇིགས་པའོ། །དེ་དག་ནི་སྐུའི་ཉམས་གསུམ་མོ། །བཞད་པ་ནི་ཆགས་པ་དང༌། དགྱེས་པས་དྲེགས་པའི་རྒྱུ་ལས་བྱུང་བ་དང༌། དྲག་ཤུལ་ནི་ཚིགས་རྩུབ་པོས་གཤེ་བ་དང༌། འཇིགས་རུངས་ནི་ཧ་ཧཱ་ཧི་ཧཱི་ཧཱུཾ་ཕཊ་ལ་སོགས་པ་ང་རོ་དྲག་པོ་འབྲུག་ལྟར་སྒྲོག་པ་སྟེ། གསུང་གི་ཉམས་གསུམ་མོ། །སྙིང་རྗེ་ནི་དམིགས་པ་མེད་པའི་སྙིང་རྗེ་ལ་གནས་པའོ། །དམ་པ་ནི་རྒྱ་སྐད་དུ་ཨརྦྷུ་ཏ་ཞེས་པ། ངོ་མཚར་བའམ་ཡ་མ་ཟུང་གི་དོན་དུ་འགྱུར་ལ། སྔོན་གྱི་འགའ་ཞིག་གིས་མ་དུལ་བར་ཡང་བསྒྱུར་ཏེ། མདོར་ན་ཆགས་པའི་ཐུགས་ཀྱིས་སྤྲོ་སྟེག་པའམ། ཁྲོ་ཆགས་ཀྱི་ཐུགས་གཉིས་ཀར་ཚོགས་པ་ལྟ་བུའོ། །གལ་ཏེ་རྔམ་པ་ཞེས་འདོན་ཡང་དོན་དེ་ལྟར་བཤད་དགོས་ཀྱི་ཁྲོས་ཚུལ་ཁོ་ན་མ་ཡིན་ནོ། །ཞི་བ་ནི་ཐུགས་རྣམ་པར་མི་རྟོག་པའམ་མ་ཆགས་མི་སྡང་བའི་བཏང་སྙོམས་སོ། །དེ་གསུམ་ནི་ཐུགས་ཀྱི་ཉམས་སོ། །ཉམས་ཕྱི་མ་དྲུག་པོ་ཡང་སྐུའི་རྣམ་འགྱུར་ལ་ཚང་དགོས་པར་འདོད་པ་ནི། བཟོ་བོ་འགའ་ཞིག་གི་རྣམ་རྟོག་ཡིན་གྱི་
དོན་ལ་མི་གནས་སོ། །འོན་ཀྱང་གར་གྱི་རྩེ་མོའི་ལུས་ཀྱི་རྣམ་འགྱུར་ལ་དེ་རྣམས་ཡོད་པར་གྲགས་ཀྱང༌། སྙན་ངག་གི་ཚིག་སྦྱོར་ལ་ཉམས་ཀྱི་རོ་བརྒྱད་བཤད་པ་ལྟར་རྣམ་གཞག་གཞན་ཡིན་པས་འདི་དང་མི་འདྲའོ། །དེའི་ཤེས་རབ་རྡོ་རྗེ་ཕག་མོ་ནི་ཁ་དོག་དམར་མོ་འོད་ཟེར་བསྐལ་པའི་མེ་ལྟར་ཆེས་འབར་བ། ཞལ་གཅིག་ཕྱག་གཉིས་མ་ལང་ཚོ་ལ་བབ་ཅིང་རྣམ་པར་མཛེས་ལ་རབ་ཏུ་ཁྲོས་པ་མོ། ཕྱག་གཡས་པ་ན་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཕྱོགས་ཐམས་ཅད་དུ་སྡིགས་པར་མཛད་པ་དང༌། གཡོན་གྱིས་མི་ཐོད་དཀར་པོ་མིའི་རྒྱུ་མ་དང་བདུད་བཞིའི་ཁྲག་གིས་གང་བ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། རྒྱབ་ཞལ་ལ་སོགས་པར་སྟོབ་པས་སྣོད་གཅིག་ཏུ་ཞལ་བསྲེ་བའོ། །ཨུ་མ་པ་ཏི་དད་ཏཱས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ན་ཕྱག་མཚན་རྡོ་རྗེ་དམར་པོར་བཤད་ཀྱང༌། ཕལ་ཆེར་ལ་གསལ་ཁ་མེད་པས་འདིར་ནི་ཇི་ལྟར་མཛེས་པའམ་མཐིང་གར་བྱའོ། །སློབ་དཔོན་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལས་ཀྱང༌། རྡོ་རྗེ་ཕག་མོ་ལ་གཡས་ན་རྡོ་རྗེ་སྡིགས་མཛུབ་སྟེ། ཞེས་འདི་དང་མཚུངས་པར་རྡོ་རྗེ་ཁོ་ནར་བཤད། རྡོ་རྗེས་མཚན་པའི་གྲི་གུག་དགོས་པ་འཁོར་རྣམས་ལ། རྡོ་རྗེ་མཚོན་ཆ་ཞེས་པ་དང༌། རྣལ་འབྱོར་མཚོན་ཆ་ཞེས་པ་དང༌། གྲི་གུག་རང་མིང་གིས་གསུངས་པ་སོགས་དམིགས་གསལ་མཛད་ཡོད་པས་གཙོ་མོའི་ཕྱག་མཚན་ནི་རྡོ་རྗེ་ཁོ་ནའོ། །རཀྟའི་མཆོད་ཡོན་གསོལ་ཞིང་ཞལ་གྱི་ཕྱོགས་རྣམས་གང་ཞིང་ཁྱབ་པ། སྐུ་ལ་ཡང་ཁྲག་ཆེན་གྱིས་ཉེ་བར་བྱུགས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བའོ། །སྐུའི་རྣམ་འགྱུར་གཞན་རྣམས་དག་པའི་སྐབས་སུ་འཆད་པར་འགྱུར་ལ། ཞབས་ཀྱི་བཞུགས་
སྟངས་ལ་མཁས་པ་ཁ་ཅིག་མཉམ་འཁྱུད་དུ་བཞེད་པ་ནི། མན་ངག་དང་འགལ་ཞིང་རྒྱུ་མཚན་གཞན་ཡང་མེད་ལ། འདིར་ནི་གཡས་བསྐུམ་པའི་ཚུལ་གྱིས་འཁྱུད་པ་དང་གཡོན་ཡབ་ཀྱི་ཞབས་དང་ལྷན་ཅིག་བརྐྱང་པ་སྟེ། བྷུ་བ་བློ་ལྡན་གྱིས། གཡས་པའི་བྱིན་པས་བདག་པོ་ཡི། །གཡོན་བའི་བརླ་ནི་ཡོངས་སུ་འཁྱུད། །ཅེས་འབྱུང་ཞིང༌། དེ་ནི་སྤྱོད་པ་པའི་རྗེས་འབྲང་ཡང་ཡིན་ནོ།། བཞི་པ་ནི་བཅོམ་ལྡན་འདས་ཀྱི་ཞལ་བཞི་བྱིན་གྱིས་རློབ་པའི་སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བི་དྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེ་ནི་ལུགས་ལས་ཟློག་པའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོཧཾ། ཞེས་བྱ་བ་ནི་བསྙེན་པའོ། །ཞེས་པ་སྟེ། དེ་ཡང་སྔགས་ཆེན་བཞི་པོ་ཞལ་བཞི་ལ་ལུགས་ལས་ཟློག་པ་སྟེ་གཡོན་སྐོར་གྱིས་སྦྱར་རོ། །དེ་ཡང་ཨོཾ་སུམྦྷ་སོགས་བརྗོད་པས། རྩ་ཞལ་ལས་རྡོ་རྗེ་ཁྲོ་བོ་དང༌། རྡོ་རྗེ་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་རྣམས་ཁྲོ་བོ་ཁྲོ་མོའི་རྣམ་པར་སྤྱན་དྲངས་ཏེ་ཚུར་འདུས། རྩ་ཞལ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། དེ་བཞིན་དུ་གྲྀཧྞ་སོགས་ཀྱིས་གཡོན་ཞལ་དང་གྲྀཧྞ་པཱ་ཡའི་སྔགས་ཀྱིས་རྒྱབ་ཞལ་དང༌། ཨཱ་ན་ཡའི་སྔགས་ཀྱིས་གཡས་ཞལ་ལོ། །དྷརྨ་དྷ་ཏུའི་སྔགས་ནི། ཆོས་ཀྱི་དབྱིངས་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་བདག་ཉིད་ངའོ་ཞེས་འབྲས་བུ་རྡོར་འཛིན་ལ་དོན་དམ་པའི་ལྷར་ང་རྒྱལ་བྱེད་པའོ།། དེ་རྣམས་ཀྱི་སྦྱངས་བྱ་ནི་མངལ་དུ་དབང་པོ་རྣམས་རྫོགས་ནས་མངལ་སྒོ་ནས་ཕྱི་རོལ་དུ་བཙས་ཏེ།
སྐྱེ་བོ་ཀུན་གྱིས་མཐོང་དུ་རུང་བ་ནི་ལྷའི་སྐུར་དངོས་སུ་བཞེངས་པས་སྦྱོང༌། ཨ་ཝ་དྷཱུ་ཏཱི་དང་ཡིད་བཟང་མོའི་རྩ་ནི་ཞབས་གཉིས་ཀྱིས་སྦྱོང༌། རྩ་འཁོར་ལོ་བཞི་སྒྲུབ་པ་དང༌། གནས་སྐབས་བཞིའི་རིམ་པ་འབྱུང་བ་ནི་ཞལ་བཞི། རླུང་འཕོ་བ་བཅུ་གཉིས་འབྱུང་བ་ནི་ཕྱག་བཅུ་གཉིས་ཀྱིས་སྦྱོང་བར་བྱེད། ཨ་ཧཾ་གི་ནུས་པ་སད་པ་ནི་ཡབ་ཡུམ་ཁ་སྦྱོར་གྱིས་སྦྱོང༌། བཙས་མ་ཐག་ཏུ་འབྱུང་བ་བཞིའི་རླུང་མ་འཁྲུགས་པར་རྒྱུ་བ་ནི། ཞལ་བཞི་བྱིན་གྱིས་རླབས་པས་སྦྱོང༌། ཡུལ་ལྔ་ལ་སད་པའི་ཤེས་པ་རྟོག་བྲལ་ནི། ཆོས་ཀྱི་དབྱིངས་ཀྱི་ང་རྒྱལ་བཟུང་བས་སྦྱོང་ངོ་སྦྱངས་འབྲས་ནི། སྤྲུལ་པའི་སྐུ་སེམས་ཅན་སྐྱེ་གནས་བཞི་གྲོལ་བར་མཛད་པའི་ཞལ་བཞི་གསུང་རབ་ཡན་ལག་བཅུ་གཉིས་དང་ཐབས་དང་ཤེས་རབ་ཀྱི་དོན་སྟོན་པའི་ཕྱག་བཅུ་གཉིས་དང་ཞབས་གཉིས། འཕྲིན་ལས་རྣམ་པ་བཞི་སྤྱོད་ཅིང༌། ཡེ་ཤེས་ལས་མ་གཡོས་པའི་ཕྱིར་ཞལ་བཞི་བྱིན་གྱིས་རློབས་ཅིང་སྟོང་པའི་ང་རྒྱལ་འཛིན་པའམ། ཡང་ན་སྤྲུལ་པའི་སྐུ་འཇིག་རྟེན་དུ་འབྱུང་བའི་དབང་དུ་བྱས་ནས། སྐུ་བལྟམས་པ་ནི་ལྷ་སྐུར་བཞེངས་པ། ཕྱོགས་བཞིར་གོམས་པ་བདུན་བོར་བ་ནི་ཞལ་བཞི་བྱིན་རླབས་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་ཆོས་དབྱིངས་ཀྱི་སྔགས་ཀྱི་ང་རྒྱལ་བཟུང་བའོ། །རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ལ། རགས་པའི་སྐུ་གྲུབ་པ་ནི་སྐྱེ་བ་སྤྲུལ་སྐུ་ལམ་འཁྱེར་དང༌། ཞལ་བཞི་ནི་གནས་སྐབས་བཞི་ལམ་འཁྱེར་དང༌། ཕྱག་བཅུ་གཉིས་ཀྱིས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པ་མཚོན། ཞབས་གཉིས་ནི་སྲོག་ཐུར་དག་པ། ཡབ་ཡུམ་མཉམ་པར་སྦྱོར་བ་ནི་དཔྱིད་དང་ཐིག་ལེ་ཁ་སྦྱོར་བྱེད་པ། ཞལ་བཞི་
བྱིན་གྱིས་རླབས་པས་ནི་རྩ་འཁོར་བཞིའི་རྩ་མདུད་གྲོལ་བར་བྱེད་པ། །ཆོས་དབྱིངས་ཀྱི་ང་རྒྱལ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །ཞེས་བྱ་བ་ནི་བསྙེན་པའོ་ཞེས་པ་ནི་གཞུང་གི་ས་མཚམས་གཅོད་པ་སྟེ། རུས་སྦལ་ལོ་ཞེས་པ་ནས་ཨཏྨ་ཀོ྅ཧཾ། ཞེས་བྱ་བའི་བར་རོ། །གཉིས་པ་ཉེར་སྒྲུབ་གོ་ཆ་འགོད་པ་སྟེ་མཆན་ནི། ཨོཾ་ཨོཾ་ཧ་སྙིང་གར་རྡོ་རྗེ་སེམས་དཔའོ། །ཨོཾ་ན་མ་ཧི་སྤྱིར་བོར་རྣམ་པར་སྣང་མཛད་དོ། །ཨོཾ་སྭཱཧཱ་ཧུ་སྤྱི་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག་གོ ཨོཾ་བཽ་ཥ་ཊ་ཧེ་མཆན་ཁུང་གཉིས་སུ་དཔལ་ཧེ་རུ་ཀའོ། །ཨོཾ་ཧཱུཾ་ཧཱུཾཿཧོ་མིག་གཉིས་སུ་རྡོ་རྗེ་ཉི་མའོ། །ཨོཾ་ཕཊ་ཧཾ་རྟ་མགྲིན་ཏེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ཨོཾ་ཨོཾ་བཾ་ལྟེ་བར་རྡོ་རྗེ་ཕག་མོའོ། །ཨོཾ་ཧཾ་ཡོཾ་སྙིང་གར་གཤིན་རྗེ་མའོ། །ཨོཾ་ཧྲིཾ་མོཾ་ཁར་རྨོངས་བྱེད་མའོ། །ཨོཾ་ཧྲིཾ་ཧྲིཾ་སྤྱི་བོར་སྐྱོད་བྱེད་མའོ། །ཨོཾ་ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ཨོཾ་ཕཊ་ཕཊ་ལྷ་མོ་ཙནྜི་ཀཱ་ཡན་ལག་ཐམས་ཅད་ལའོ། །ཉེ་བའི་སྒྲུབ་པའོ། །ཞེས་ཏེ། འདི་ལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཀྱི་གཞུང་དང་འགྲེལ་པ་གཞན་དང་གཞན་ལས་མི་འདྲ་ཙམ་སྣ་ཚོགས་ཡོད་མོད་ཀྱི་ཐམས་ཅད་བྲི་བར་ག་ལ་ལང༌། །མངོན་བརྗོད་བླ་མའི་ལེའུ་སོ་བདུན་པ་ལས་རྒྱས་པ་ལ་ཐམས་ཅད་ཞལ་དྲུག་ཕྱག་བཅུ་གཉིས་པ་སྒོམ་པར་ཡང་བཤད་ལ། འབྲིང་པོ་ནི་རྡོར་སེམས་དང་ཕག་མོ་ཞལ་གསུམ་ཕྱག་དྲུག་པ། གཞན་རྣམས་ཕྱག་བཞི་པ་དང༌། བསྡུས་པ་ནི་ཡབ་རྣམས་ཕྱག་བཞི་པ་དང་ཡུམ་རྣམས་ཕྱག་གཉིས་མར་ཡང་འབྱུང་ངོ༌། །དེ་ལ་འབྲིང་པོ་ལྟར་ན་རྡོ་རྗེ་སེམས་དཔའ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་
གསུམ་ན་རྡོ་རྗེ་རལ་གྲི་ཅང་ཏེའུ། གཡོན་གསུམ་ན་དྲིལ་བུ་ཐོད་པ་མགོ་བོ་འཛིན་པ། རྣམ་པར་སྣང་མཛད་སེར་པོ་རང་རྟགས་འཁོར་ལོ། པདྨ་གར་དབང་དམར་པོ་རང་རྟགས་པདྨ། ཧེ་རུ་ཀ་ནག་པོ་རང་རྟགས་ཁྲོ་བོའི་རྡོ་རྗེ། རྡོ་རྗེ་ཉི་མ་དམར་སེར་རང་རྟགས་རིན་པོ་ཆེ། རྟ་མཆོག་ལྗང་ཁུ་རང་རྟགས་རལ་གྲིའོ། །དེ་རྣམས་ཕྱག་བཞི་པ་གཡས་དང་པོས་རང་རྟགས་དང༌། གཡོན་དང་པོས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའམ། ཡབ་རྐྱང་འཁྱུད་རྒྱ་ཅན། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང་ཐོད་པ་འཛིན་པའོ། །རྡོ་རྗེ་ཕག་མོ་དམར་མོ་དམར་སྔོ་ལྗང་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་གྱིས་གྲི་གུག་ཚངས་མགོ་ལྕགས་ཀྱུ། གཡོན་གསུམ་གྱིས་ཐོད་པ་ཁ་ཊྭཱཾ་ཞགས་པ་འཛིན་པ། གཤིན་རྗེ་མ་སྔོན་མོ། རྨོངས་བྱེད་མ་དཀར་མོ། སྐྱོང་བྱེད་མ་སེར་མོ། སྐྲག་བྱེད་མ་ལྗང་ཁུ། ཙཎྜི་ཀཱ་དུད་ཁ་རྣམས་ཕྱག་བཞིའི་གཡས་གཉིས་ན་གྲི་གུག་དང་ཅང་ཏེའུ། གཡོན་གཉིས་ན་ཐོད་པ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ཕག་མོ་མ་གཏོགས་གཞན་རྣམས་ཀྱི་ཐོད་པ་འཛིན་པའི་ཕྱག་གི་ཁ་ཊྭཱཾ྄་ག་ཡང་འཛིན་པའམ། མཆན་ཁུང་དུ་ཁ་ཊྭཱཾ་ག་ཡོད་པའོ། །རྒྱུད་ལས་ཕག་མོའི་ཞབས་འོག་ཏུ་དུས་མཚན་མ་དང༌། བདུད་ཀྱི་ལྷ་མོ་མནན་པ་བཤད་པ་ནི་དཀྱིལ་འཁོར་གྱི་གཙོ་མོ་མཛད་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་ཧེ་རུ་ཀའི་སྐུ་ལ་འགོད་པའི་དབང་དུ་བྱས་པ་ཡིན་པས། ཐམས་ཅད་རོ་གདན་ལ་གནས་པའོ། །རྡོ་རྗེ་སེམས་དཔའ་དང་རྨོངས་བྱེད་མ་ལ་ཟླ་གདན་ཡིན་ལ། གཞན་རྣམས་ལ་ཉི་གདན་ནོ། །བསྡུས་པ་ལ་ནི། དཔའ་བོ་དྲུག་པོ་རྣམས་ལས་གཞན་རྣམས་སྔར་དང་འདྲ། རྡོ་རྗེ་སེམས་དཔའ་ཡང་རང་རྟགས་རྡོ་རྗེ་
དམར་པོ་རྩེ་ལྔ་པ་འཛིན་ཞིང༌། ལྷག་མ་གཞན་དང་འདྲ་བ་དང༌། རྣལ་འབྱོར་མ་དྲུག་གར་གྲི་གུག་དང་ཐོད་པ་འཛིན་པ་ཁོ་ནའོ། །རྒྱུད་ལས་གར་སྟབས་དང༌། གཡས་བརྐྱངས་གཉིས་འདམ་ཁར་གསུངས་ཀྱང༌། འདིར་གཡས་བརྐྱངས་ཁོ་ན་བྱའོ། །དེ་དག་ལས་རྡོར་སེམས་དང་ཕག་མོ་མཉམ་སྦྱོར། རྣམ་སྣང་དང་གཤིན་རྗེ་མོ་མཉམ་སྦྱོར། པདྨ་གར་དང་རྨོངས་བྱེད་མ་མཉམ་སྦྱོར། ཧེ་རུ་ཀ་དང་སྐྱོང་བྱེད་མ་མཉམ་སྦྱོར། རྡོ་རྗེ་ཉི་མ་དང་སྐྲག་བྱེད་མ་མཉམ་སྦྱོར། རྟ་མཆོག་དང་ཙཎྜི་ཀཱ་མཉམ་སྦྱོར། དེ་དག་ཀྱང་རང་རང་གི་སྔགས་ལས་བསྐྱེད་ཅིང༌། སྔགས་ཀྱིས་བྱིན་གྱིས་རློབས་པའོ། །གལ་ཏེ་ལྷའི་སྐུ་སྒོམ་པ་ལ་མི་མོས་པར་ཡིག་འབྲུ་ལ་མོས་པའམ། བསྡུས་པ་ལ་དགའ་ན། ཡིག་འབྲུ་ཉིད་སྔགས་ཀྱི་ངོ་བོར་མོས་པས་ཀྱང་གོ་ཆོད་དོ། །དེ་ལ་གང་དུ་བསྒོམ་པའི་གནས་ནི། སྙིང་ག་ལ་སོགས་པའི་ཤ་ལྤགས་མཚམས་ཀྱི་གནས་སུ་བསྒོམ་ཞིང༌། རྟ་མཆོག་དང་ཙཎྜི་ཀཱ་ནི་སྐྲ་མཚམས་སུ་བཀོད་ནས་འོད་ཀྱིས་ལུས་ཁྱབ་པར་བྱེད་པའམ་དཔུང་པ་གཉིས་དང༌། བར་ལྷུ་གཉིས་དང༌། དཔྱི་གཉིས་དང༌། པུས་མོ་གཉིས་ཏེ་ཚིགས་ཆེན་བརྒྱད་ལ་བཀོད་ནས་དེའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་སྒོམ་པ་ཡིན་ནོ། །འདིར་བླ་མ་བརྒྱུད་པའི་མན་ངག་གིས། དཔལ་ཧེ་རུ་ཀའི་སྐུ་ལ་སྙིང་གར་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་དང༌། ལྟེ་བར་རྡོ་རྗེ་ཕག་མོ་ལ་སོགས་པ་དྲུག་བཀོད། ཡབ་དྲུག་ལ་ཡུམ་གྱིས་འཁྱུད་པ་དང༌། ཡུམ་དྲུག་ལ་ཡབ་ཀྱིས་འཁྱུད་པ་སྟེ། གཙོ་བོའི་སྐུ་ལ་གོ་ཆའི་ལྷ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་ཡུམ་ལའང་སྟེ། གོ་ཆ་བཞི་ཕྲག་ཏུ་གྲགས་ཤིང་ཤིན་ཏུ་ཟབ་པར་རྩིའོ། །གལ་ཏེ་ཡི་གེ་
འགོད་ནའང༌། ཨོཾ་ཨོཾ་ཧ་ཞེས་པའི་ཡི་གེ་ཁ་ཕྱིར་བསྟན་པའི་མདུན་དུ། ཨོཾ་ཨོཾ་བཾ་ཁ་ནང་དུ་བསྟན་པ་སོགས་ཡི་གེའང་བཞི་ཕྲག་ཏུ་བྱེད་དོ། །འོན་ཀྱང་སྒོམ་པར་དཀའ་སྟེ་མི་ནུས་ན་གཉིས་ཕྲག་ཏུ་བྱེད་དེ། ཡབ་ལ་ཡབ་ཀྱི་གོ་ཆ་ཁ་སྦྱོར་དང༌། ཡུམ་ལ་ཡུམ་གྱི་གོ་ཆ་ཁ་སྦྱོར་འགོད་དོ། །འདིའི་དགོས་པ་ནི་དབང་པོ་དྲུག་དང་ཡུལ་དྲུག་བྱིན་གྱིས་བརླབས་པས་བར་ཆད་ཐམས་ཅད་སྲུང་བར་འགྱུར་བ་ཡིན་ལ། སྦྱངས་བྱ་ནི། མངལ་ནས་བཙས་པའི་རྗེས་སུ་དབང་པོ་དྲུག་གོང་འཕེལ་དུ་འགྲོ་བ་དང༌། དེས་ཡུལ་དྲུག་འཛིན་པའི་ནུས་པ་འཕེལ་བ་སྦྱོང༌། སྦྱངས་འབྲས་ནི། སངས་རྒྱས་ཐོབ་ན་མཐའ་མེད་པའི་མངོན་ཤེས་དྲུག་དང༌། དེའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ལ་དབང་འབྱོར་བ་ལམ་དུ་བྱེད། གོང་མའི་སྨིན་བྱེད་ནི། དབང་པོ་རྣམས་ཀྱི་རྩ་ཁམས་རླུང་རྣམས་བྱིན་གྱིས་རླབས་ཏེ། རྩ་མདུད་གྲོལ་སླ། རླུང་འདུ་སླ། ཐིག་ལེ་འཕེལ་ཞིང་རྒྱས། བདེ་ཆེན་གྱིས་དྲངས་པའི་མངོན་ཤེས་དྲུག་སྐྱེ་བ་སོགས་ཡིན་ནོ། །རྡོར་སེམས་སོགས་དྲུག་པོ་འདི་དག་ལ་རིགས་དྲུག་གི་མཚན་བྱུང་བ་རིགས་དང་འགྲོ་ལྡོག་གི་འགྲོས་མཚུངས་ཀྱང་རྒྱལ་བ་རིགས་དྲུག་དངོས་དང་ཅུང་ཟད་མི་གཅིག་ལ། སྐུའི་འཁོར་ལོ་ན་བཞུགས་པའི་རྟ་མགྲིན་སོགས་དྲུག་པོ་དང་ཡང་ལྷ་རིགས་མི་གཅིག་སྟེ། དོན་ལ་འདི་དག་ཀུན་ཏུ་བཟང་པོ་ནས་སྒྲིབ་སེལ་གྱི་བར་དུ། བྱང་ཆུབ་སེམས་དཔའ་དྲུག་ཅེས་ཀུན་ཏུ་གྲགས་པ་དང་དོན་གཅིག་ཀྱང༌། བྱང་ཆུབ་སེམས་དཔའི་ཚུལ་དུ་མི་སྒྲུབ་པ་དེ་བཞིན་གཤེགས་པའི་ཚུལ་ཉིད་དུ་སྒྲུབ་པའོ། །དེ་ཡང་ཡིད་ལ་རྡོ་རྗེ་སེམས་དཔའ་ཀུན་བཟང་སྙིང་གར་གནས་པ་སྤྱི་དང་མཚུངས།
རྣམ་པར་སྣང་མཛད་མཁའ་སྙིང་སྣའི་དབང་པོ་དག་པ་འཚོགས་མར་འགོད་པ་ནི། སྣའི་རྩ་དེ་ན་གནས་པ་ཡིན་ལ། དགོས་པ་རུས་ཚིགས་ལ་སོགས་པ་ཆགས་པའི་ཐ་མ་ཡིན་པའི་ཕྱིར། དེ་ནས་བསྲུངས་བས་ལུས་ཀྱི་བར་ཆད་ཐམས་ཅད་སྲུང་ངོ༌། །པདྨ་གར་དབང་སྤྱན་རས་གཟིགས་ལྕེའི་དབང་པོ་དག་པ་སྤྱི་གཙུག་ཏུ་འགོད་པ་ནི། ལྕེ་དབང་ལྕེ་ཆུང་དང་བཅས་པའི་རྩ་དེ་ལས་བྱུང་བའི་ཕྱིར་དང༌། དགོས་པ་ནི། བྱང་སེམས་སུམ་ཅུ་རྩ་གཉིས་འབབ་པའི་གནས་ཡིན་པ། དེ་བསྲུངས་པས་ཁམས་ཀྱི་བར་ཆད་ཐམས་ཅད་སྲུང་ནུས་པའི་ཕྱིར་རོ། །ཧེ་རུ་ཀ་ཕྱག་རྡོར་རྣ་བའི་དབང་པོ་དག་པ་ཕྲག་པའི་རྩ་བར་འགོད་པ་ནི། རྣ་བའི་རྩ་རྒྱུད་དེ་ན་གནས་པའི་ཕྱིར་དང༌། དགོས་པ་ནི་ལེན་པའི་ལག་པ་དང༌། འགྲོ་བའི་རྐང་པ་དང༌། སྨྲ་བའི་ངག་རྣམས་མགྲིན་པའི་འཁོར་ལོ་ལ་བརྟེན་ནས་གནས་དེ་དང་དེར་བྱ་བ་བྱེད་པ་ཡིན་པ་ལས། དེར་ལྷ་དེ་བཀོད་པས་དེ་དག་ལ་བར་ཆད་བསྲུངས་པར་འགྱུར་རོ། །རྡོ་རྗེ་ཉི་མ་ས་སྙིང་མིག་དབང་གི་རང་བཞིན་དང༌། རྟ་མཆོག་སྒྲིབ་སེལ་ལུས་དབང་གི་རང་བཞིན་གཉིས་ནི་རང་གནས་སུ་བཀོད་པ་ཡིན་ནོ། །ཞེས་གསུངས་ལ། ཁ་ཅིག་རྣམ་སྣང་ས་སྙིང་སྟེ་མིག་གི་རྩ་འཚོགས་མ་ན་ཡོད་པ་དང་སྦྱོར། ཉི་མ་མཁའ་སྙིང་སྟེ། སྣ་དབང་གི་རྩ་བ་མིག་དང་འབྲེལ་ཞིང་མིག་བསྲུངས་པས་སྣ་ཡང་བསྲུངས་པར་འགྱུར་ལ། དགོས་པ་རོ་རྐྱང་ལ་སོགས་པའི་རྩ་ཐམས་ཅད་བསྲུངས་པར་འགྱུར་རོ། །ཞེས་ཀྱང་འཆད་པ་དག་ཡོད་དོ། །གོ་ཆའི་རྡོ་རྗེ་ཕག་མོ་ནི། དཀྱིལ་འཁོར་གྱི་གཙོ་མོ་དག་ཅུང་ཟད་མི་གཅིག་སྟེ། ཆོས་ཁམས་རྡོ་རྗེ་མ་དང་དོན་གཅིག་ན། ཡིད་ཀྱི་ཡུལ་ཆོས་ཁམས་ཀྱི་སྣང་བ་སྐྱེད་པའི་རླུང་ལྟེ་བ་ན་གནས་པས་དེར་འགོད་ལ། རྡོ་རྗེ་སེམས་
དཔའ་དང་འདི་གཉིས་ཀྱིས་དཔྱིད་དང་ཐིག་ལེའི་བར་ཆད་སྲུང་བ་ཡིན་ལ། གཤིན་རྗེ་མོ་ནི་འཇམ་པའི་རྡོ་རྗེ་མ་སྟེ། སྒྲ་རྣམ་པར་དག་པ་སྙིང་ག་སེམས་ཀྱི་གནས་ལ་གནས་པའོ། །རྨོངས་བྱེད་མ་ནི་རོ་རྣམ་པར་དག་པ་དཀར་ཤམ་ཆེན་མོའི་ངོ་བོ་སྟེ་རང་གི་གནས་ཁར་དགོད་པའོ། །སྐྱོད་བྱེད་མ་ནི་དྲི་རྣམ་པར་དག་པ་ནམ་མཁའི་སྤྱན་མ་ཞེས་བྱ་བའི་ངོ་བོ་དཔྲལ་བ་རླུང་གི་གནས་སུ་འགོད་དེ། རླུང་ནི་དྲིའི་གྲོགས་ཡིན་པའི་ཕྱིར་རོ། །སྐྲག་བྱེད་མ་ནི་གཟུགས་རྣམ་པར་དག་པ་ལྷ་མོ་ས་འོག་རྡོ་རྗེ་མའི་ངོ་བོ་ཡིན་ཏེ། ལུས་ནི་གཟུགས་གཙོ་བོར་གྱུར་པའི་ཕྱིར། ལུས་ཀྱི་མཆོག་སྤྱི་གཙུག་ཏུ་དགོད་པའོ། །ཙཎྜི་ཀཱ་ནི་རེག་བྱའི་ངོ་བོ་ཟླ་བ་མོའམ། རྒྱ་མཚོའི་ལྷ་མོ་སྟེ་རང་གི་གནས་ལུས་ཐམས་ཅད་ལ་དགོད་པའོ། །འདི་རྣམས་ཀྱིས་ནི་ཡུལ་དྲུག་གི་བར་ཆད་སྲུང་བ་སྟེ། ལོངས་སྤྱོད་དམ་ཉེ་བར་སྤྱོད་པའི་ཡུལ་ཐམས་ཅད་ཀྱིའོ། །འདི་རྣམས་རྒྱུད་གཞན་ལས་སེམས་མ་དྲུག་ཏུ་གྲགས་པ་དང་དོན་གཅིག་ཀྱང༌། སྐབས་འདིར་སེམས་མའི་ཚུལ་དུ་མི་སྒྲུབ་པར་རྡོ་རྗེ་མ་མོའི་ཚུལ་དུ་སྒྲུབ་པའོ། །རྡོར་སེམས་ཕག་མོ་སོགས་དང་པོ་བཞི། ཡབ་ཡུམ་ཁ་དོག་ཐབས་ཤེས་སྦྱོར་ཚུལ་དུས་འཁོར་ནས་བཤད་པ་དང་མཚུངས་ལ། ཕྱི་མ་གཉིས་ནི་ཁ་དོག་ལ་ངེས་པ་རྩི་བ་མེད་ཀྱང༌། རང་རིགས་ཀྱི་ཡབ་ཡུམ་མོ། །དེའི་རྗེས་སུ་ཉེ་བའི་སྒྲུབ་པའོ་ཞེས་པ་ནི་གཞུང་གི་ས་མཚམས་བཅད་པའོ། །གསུམ་པ་སྒྲུབ་པའི་ཡན་ལག་ནི། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུྃ་ནི་ཐུགས་རྡོ་རྗེའོ། །ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། མགྲིན་པར་གསུང་རྡོ་རྗེའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཱཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སམྦྷ་ར་སྭཱ་ཧཱ། ནི་དཔྲལ་བར་སྐུ་རྡོ་རྗེའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་
ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལྷ་མོའི་སྙིང་གར་རོ། །ཨོཾ་ཙཽ་རཱི་ཧཱུཾ་ཧཱུཾ་ཕཊ་མགུལ་བར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དཔྲལ་བར་རོ། །སྤྱི་བོར་ཡི་གེ་ཨོཾ་མོ། །སྙིང་གར་ཡི་གེ་ཧཱུཾ་ངོ༌། །ཟེའུ་འབྲུ་ལ་ནི་ཡེ་གེ་ཨཱཿའོ། །སྐེད་པའི་མཚམས་སུ་ནི་ཡི་གེ་སྭཱའོ།། བརླར་ནི་ཡི་གེ་ཧཱའོ། །ཞེས་བྱ་བ་ནི་སྒྲུབ་པའོ། །ཞེས་ཏེ་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་ནི་ཐུགས་རྡོ་རྗེའི་རང་བཞིན་ནོ། །ཟླ་བ་ནི་ཐོག་མའི་གསལ་བྱེད་དེ། ནག་པོ་ཀ་ལ་ཀལྤས་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་སུ་བཤད་པ་ལྟར། ཡབ་ཀྱི་མགྲིན་པ་དང་སྤྱི་བོའི་སྔགས་ཀྱི་གདན་ཡང་ཟླ་བ་ཡིན་པར་བསྟན་ཏོ། །མགྲིན་པར་ཟླ་བ་ལ་ཡེ་གེ་བདུན་པ་ཁ་དོག་དམར་པོ་གསུང་རྡོ་རྗེའི་རང་བཞིན་ནོ། །དཔྲལ་བར་ཟླ་བ་ལ་ཡི་གེ་ཉེར་གཉིས་པ་དཀར་པོ་སྐུ་རྡོ་རྗེའི་རང་བཞིན་ཏེ། དེ་རྣམས་ནི་ཉི་འོད་ལྟ་བུའི་ཚ་ཟེར་རབ་ཏུ་འབར་བའོ། །ལྷ་མོ་རྡོ་རྗེ་ཕག་མོའི་སྙིང་གར་ཨོཾ་སརྦ་བུདྡྷ་སོགས་སྙིང་པོ་ཁ་དོག་ནག་པོའོ། །མགུལ་པར་ཙཽ་རཱི་ཞེས་པའི་སྔགས་དམར་པོའོ། །དཔྲལ་བར་བཻ་རོ་ཙ་ནཱི་ཞེས་པའི་སྔགས་ཁ་དོག་དཀར་པོ་སྟེ། འདི་རྣམས་ནི་སྔར་བསྟན་པའི་ཤུགས་ལས་ཐབས་དང་ཤེས་རབ་རྒྱས་བཏབ་པའི་ངེས་པས། ཉི་མའི་དཀྱིལ་འཁོར་ལ་གནས་ཤིང་ཟླ་བའི་འོད་ཟེར་འཕྲོ་བའོ། །དེ་ལ་ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་གཅིག་ཏུ་གྱུར་པའོ། །གསུང་རྡོ་རྗེ་ནི་འོད་དཔག་མེད་དང་དོན་ཡོད་གྲུབ་པ་གཅིག་ཏུ་སྦྱོར་བའོ། །སྐུ་རྡོ་རྗེ་ནི་རྣམ་སྣང་དང་རིན་འབྱུང་གཅིག་ཏུ་འདྲེས་པ་སྟེ། མི་བསྐྱོད་པ་སོགས་ཙམ་པོ་གསུམ་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་དབྱིངས་ཀྱི་དབང་མོ་དང༌། ཀུན་ཏུ་བཟང་མོ་འདྲེས་པ་ནི་
ཐུགས་རྡོ་རྗེ་མའོ། །གོས་དཀར་དང་འདྲེས་པའི་སྒྲོལ་མ་ནི་གསུང་རྡོ་རྗེ་མའོ། །མཱ་མ་ཀཱི་དང་འདྲེས་པའི་སྤྱན་མ་ནི་སྐུ་རྡོ་རྗེ་མའོ། །ཧཱུཾ་ཡིག་ཐུགས་རྡོ་རྗེ་ལ་ཡུམ་གྱི་སྙིང་པོ་སྐུ་རྡོ་རྗེ་མ་ཤེས་རབ་མར་སྦྱོར་བ་ནི། ཐུགས་ལ་སྐུའི་ཕྱག་རྒྱའོ། །ཡབ་ཀྱི་ཉེ་སྙིང་གསུང་རྡོ་རྗེ་ལ་ཙཽ་རཱིའི་སྔགས་ཐུགས་རྡོ་རྗེ་མ་སྦྱོར་བ་ནི། གསུང་ལ་ཐུགས་ཀྱི་ཕྱག་རྒྱའོ། །དཔའ་བོའི་སྙིང་པོ་སྐུ་རྡོ་རྗེ་ལ་ཡུམ་གྱི་ཉེ་སྙིང་གསུང་རྡོ་རྗེ་སྦྱོར་བ་ནི། སྐུ་ལ་གསུང་གི་ཕྱག་རྒྱས་བཏབ་པ་སྟེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དོན་ཡིན་ལ། ཁ་དོག་ཡབ་ཀྱི་ཡི་གེ་དང་མཚུངས་པར་བྱེད་པ་ནི། ཤེས་རབ་ཀྱི་ལུས་ཐབས་ཀྱི་སེམས་དང་དབྱེར་མེད་པ་དང༌། སེམས་ངག་གི་རྣམ་པར་འཆར་བ་དང༌། ངག་ལུས་ཀྱི་རང་བཞིན་དུ་གནས་པ་རྣམས་མཚོན་པ་ཡིན་ནོ། །འདི་དག་ལྷའི་གཟུགས་སུ་མི་བྱེད་དེ། སྔགས་ཀྱི་གཟུགས་སུ་བྱེད་པ་ཉིད་ཟབ་པར་བཞེད་ན། ཡིག་འབྲུ་ཡང་ཟླ་བའམ། ཉི་མའི་གདན་ལ་འཕྲེང་ལྟར་བསྒྲིགས་པ་མགོ་གྱེན་དུ་བསྟན་པ་ཡིན་ལ། ཡི་གེའི་མགོ་གང་ནས་རྩོམ་པ་ནི། གཉིས་ཀ་མཚུངས་པར་གཡས་ནས་བརྩམས་པ་དང༌། གཡོན་ནས་བརྩམས་པར་འདོད་པ་དག་ཡོད་མོད། སྡོམ་པའི་རྒྱུད་འདིར་ཡི་གེ་ཟློག་སྟེ་འབྲི་བས། གཡོན་ནས་བརྩམས་པར་འཐད་མོད་ཀྱི། འོན་ཀྱང་བླ་མའི་མན་ངག་གིས་ཡབ་ཀྱི་ནི་གཡས་དང་ཡུམ་གྱི་ནི་གཡོན་ནས་བརྩམ་པས། ཨོཾ་ཡིག་དང་ཧཱུཾ་ཕཊ་སོགས་ཡི་གེ་མཚུངས་པ་རྣམས་ཐད་ཀ་དེར་ཁ་སྦྱོར་དུ་འོང་བར་བྱ་གསུང་ལ། ཡབ་ཀྱི་ཐུགས་ཀའི་ཧཱུཾ་ནི་ཧཱུཾ་བརྒྱད་གོང་བུ་གཅིག་ཏུ་འདུས་པར་སྒོམ་མོ་ཞེས་ཀྱང་གསུངས་ཏེ། རྒྱུ་མཚན་ཞིག་ཀྱང་སྣང་ངོ༌། །དེ་དག་ནི་རྡོ་རྗེ་གསུམ་བྱིན་གྱིས་རླབས་པའོ། [གནས་ལྔ་བྱིན་གྱིས་བརླབ་པ་ནི། གཉིས་ཀའི་མཆན།] ཡང་སྤྱི་བོའི་དབུས་སུ་ཡི་གེ་ཨོཾ་དཀར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ་འོད་ཟེར་སྙིང་གའི་བར་དུ་ཁྱབ་པ་དང༌། སྙིང་གར་ཡི་གེ་ཧཱུཾ་སྔོན་པོ་མི་བསྐྱོད་པའི་རང་བཞིན་འོད་
ཟེར་ལྟེ་བའི་བར་དུ་ཁྱབ་པ་དང༌། སྐེད་པའི་མཚམས་ཏེ་ལྟེ་བར་ཡི་གེ་སྭཱ་སེར་པོ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་འོད་ཟེར་གསང་བའི་སྟོད་ཀྱི་བར་དུ་ཁྱབ་པ་དང༌། གསང་བའི་ཟེའུ་འབྲུ་ལ་ཨ་ཡིག་དམར་པོ་འོད་དཔག་མེད་ཀྱི་རང་བཞིན་འོད་ཟེར་བརླའི་ཕྱེད་དུ་ཁྱབ་པ་དང༌། བརླའི་དབུས་དེ་ཉིད་དུ་ཡི་གེ་ཧཱ་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོ་འོད་ཟེར་རྐང་མཐིལ་གྱི་མཐར་ཐུག་པར་འཕྲོ་བ་སྟེ། ཡི་གེ་ལྔ་པོ་དེ་རྣམས་ལས་འོད་ཟེར་རང་མདོག་དང་མཚུངས་པ་གཙོ་བོར་གྱུར་པའི་སྣ་ལྔ་སྤྲོའོ། །འདིར་ཟེའུ་འབྲུ་ཞེས་པ་མགྲིན་པ་ལ་འདོད་པ་ནི་མི་ལེགས་ཏེ། མགྲིན་པ་ལ་ཟེའུ་འབྲུར་གྲགས་པ་གང་ནའང་མེད་པ་དང༌། དགྱེས་རྡོར་ལས། སྤྱི་བོར་ནི་ཨོཾ་གྱི་ཡ གེའོ། །སྙིང་གར་ནི་ཧཱུཾ་གི་ཡི་གེའོ། །ཟེའུ་འབྲུ་ལ་ཨའི་ཡི་གེའོ་ཞེས་དུག་གསུམ་གྱི་གནས་སྦྱོང་བྱེད་བཤད་པ་འདིར་ཡང་བླངས་ནས་ཡི་གེ་ལྷག་མ་རྣམས་ཁ་སྐོང་གི་ཚུལ་དུ་བཤད་པ་ཡིན་པས། མགྲིན་པ་འདོད་ཆགས་ཀྱི་གནས་སུ་འཇོག་པའི་རྒྱུ་མཚན་གསལ་པོ་མེད་པའི་ཕྱིར་རོ། །ཡང་འགའ་ཞིག་ཟེའུ་འབྲུ་ཞེས་པ་པདྨའི་ཟེའུ་འབྲུ་ཡིན་པའི་ཕྱིར། ཤེས་རབ་མ་ཁོ་ན་ལ་བཀོད་དོ་གསུང་ན། འདིར་ཟེའུ་འབྲུའི་སྒྲས་བསྟན་པ་གསང་བའི་འཁོར་ལོ་ནི་ངེས་པར་ཡིན་ལ། དེའི་འཁོར་ལོའི་ལྟེ་བ་ན། བདེ་བ་སྐྱེད་པའི་རྩའི་ཁྱད་པར་གནས་པ་ནི་ཟེའུ་འབྲུ་སྟེ། ཁྱད་ཆོས་གཞན་སྦྱར་བ་མེད་ན་དེ་ཙམ་གྱིས་ཤེས་རབ་མ་ཁོ་ནའི་ཡིན་པར་མི་འགྲུབ་པས། མན་ངག་ལས་ཡབ་ཡུམ་གཉིས་སྦྱོར་གྱི་སྐུ་ལ་འགོད་པ་ཉིད་བཟང་ཞིང༌། གཞུང་དུའང་ཡུམ་ཁོ་ནའི་གསལ་ཁ་མ་མཛད་པས་སོ། །དེ་དག་གི་སྦྱངས་བྱ་ནི་བྱིས་
པའི་ལུས་ངག་ཡིད་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ་ནི་རྡོ་རྗེ་གསུམ་བྱིན་གྱིས་བརླབས་པས་སྦྱོང༌། རྩ་དང་ཁམས་འཕེལ་བས་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་རགས་པར་གྱུར་པ་ནི་ཡི་གེ་ལྔས་སྦྱོངས་ཞིང༌། སྦྱངས་འབྲས་ནི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཐོབ་པ་ནི་གནས་གསུམ་བྱིན་གྱིས་རླབས་དང༌། ཡེ་ཤེས་གཅིག་ཉིད་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་རབ་འབྱམས་སུ་ཤར་བའམ། གནས་གྱུར་མཐར་ཐུག་གི་ཡེ་ཤེས་ལྔ་ལམ་དུ་བྱེད་པའོ། །གོང་མའི་སྨིན་བྱེད་ནི། ཁུ་བའི་ཁམས་སྐུ། རྡུལ་གྱི་ཁམས་གསུང༌། རླུང་གི་ཁམས་ཐུགས་ཏེ། དེ་རྣམས་སྙིགས་མ་རིམ་གྱིས་ཟད་པ་དང༌། དྭངས་མ་རིམ་གྱིས་འཕེལ་བ་ལས་བྱུང་བའི་ཡེ་ཤེས་མྱུར་དུ་སྐྱེ་བར་འགྱུར་བ་དང༌། ཉོན་མོངས་དུག་ལྔའི་རང་བཞིན་ཡེ་ཤེས་སུ་འགྱུར་བ་དང༌། སྤྱི་སྙིང་ལྟེ་གསང་བཞི་དང་བདེ་བ་སྐུལ་བྱེད་བརླའི་རྩ་རྣམས་དག་པར་བྱེད་པའོ། །སྒྲུབ་པའོ་ཞེས་པ་གཞུང་གིས་མཚམས་གཅོད་པའོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། ཡེ་ཤེས་དམ་ཚིག་མཉམ་གྱུར་པས། །དེ་ཕྱིར་འདི་ནི་རྡོ་རྗེར་བརྗོད། །དབང་གི་དོན་ནི་བསྒོམས་བྱས་ནས། །ཕྱི་ནས་མཆོད་པ་ཡང་དག་བརྩམས། །ལིང་ག་གཉིས་ལ་སྔགས་སྦྱར་བ། །སྣ་རྩེར་ཨཱཿཡིག་རྣམ་པར་དགོད། །དེ་བཞིན་ལིང་གའི་ལྟེ་བ་ལ། །ཡི་གེ་བཾ་ནི་རྣམ་པར་བསམ། །བློ་ལྡན་རྣལ་འབྱོར་མ་ལ་སྲུབ། །དག་པའི་ལུས་ནི་དྲི་མ་མེད། །ཞེས་པ་སྟེ། འདི་ལ་གསུམ་ལས། དོན་ཚན་དང་པོ་ཡེ་ཤེས་པ་གཞུག་པ་ནི། དཀྱིལ་ཆོག་ལས། རྐང་པ་མནན་ཞིང་གྱེན་དུ་བལྟས་ནས་ནི། །ཕཻཾ་ཞེས་བྱ་བའི་སྒྲ་ནི་སྒྲག་པར་བྱ། །ཕྱོགས་བཅུར་གནས་པའི་
དཔའ་བོ་དང༌། །རྣལ་འབྱོར་མ་ནི་དགུག་པ་སྟེ། །འཛུབ་གཉིས་འདུད་ཅིང་གུང་མོ་གཉིས། །སྦྱར་ཏེ་མཐེ་བོང་རྡོ་རྗེ་ནི། །བརྟན་པར་སྦྱར་ལ་དཔྲལ་བ་ཡི། །དབུས་སུ་ལེགས་པར་བཞག་པར་བྱ། །ཕྱག་རྒྱ་མ་མོའི་ཚོགས་བསྐུལ་ནས། །བསྐོར་ཞིང་ངེས་པར་གཞུག་པར་བྱ། །ཞེས་གསུངས་ཏེ། ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་པ་མདུན་དུ་བྱོན་པར་མོས། རྐང་པ་གཡོན་པའི་བོལ་གྱིས་གཡས་པའི་བོལ་མནན་མིག་གྱེན་དུ་བལྟ་ཞིང་བསྒྱུར། ལག་པ་གཉིས་མཐེ་བོང་རྩེ་སྤྲད་ལ་ཐུར་དུ་བསྟན། འཛུབ་མོ་གཉིས་འདུད། གུང་མོ་གཉིས་རྩེ་སྤྲད། སོར་མོ་ལྷག་མ་བཞི་བརྐྱང་བ་ནི། འབར་བའི་ཕྱག་རྒྱའམ། སྐྱེ་གནས་ཀྱི་ཕྱག་རྒྱ་ཞེས་བྱ་བ་སྟེ། དཔྲལ་བའི་ཐད་དུ་གཡོན་དུ་ལན་གསུམ་བསྐོར་ཞིང་གཡས་སུ་གཅུའོ། །ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཞེས་པས། རང་ཉིད་དམ་ཚིག་པ་ལ་དགུག་གཞུག་བཅིངས་མཉེས་བྱས་པས་དམ་ཡེ་རོ་མཉམ་དུ་གྱུར་པ་ལ། རྣམ་ལྔ་འདོད་སྐོར་བྱས་ཤིང༌། ཆོས་ཐམས་ཅད་ཀྱི་རང་བཞིན་ཐབས་དཀྱིལ་འཁོར་དང༌། ཤེས་རབ་བདེ་སྟོང་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་དུ་གདོད་ནས་དག་པའི་ཕྱིར། བདག་ཀྱང་ཟུང་འཇུག་གི་རྣལ་འབྱོར་དུ་དག་གོ །ཞེས་ང་རྒྱལ་གཟུང་བ་ནི། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྷོ྅་ཧཾ། ཞེས་བརྗོད་པས། དམ་ཡེ་མཉམ་པར་གྱུར་པ་དེའི་ཕྱིར་འདི་ནི་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། ཟུང་འཇུག་གི་རྣལ་འབྱོར་ལམ་དུ་བྱེད་པའོ་ཞེས་བརྗོད་ཅིང༌། རྣལ་འབྱོར་དེའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །
ཡེ་ཤེས་དམ་ཚིག་མཉམ་ཞེས་པའི་ཚིག་གི་ཟུར་གྱིས་འཕངས་པར་གྱུར་པས་ལུས་དཀྱིལ་མི་སྒོམ་ན། སྐབས་འདིར་སེམས་དཔའ་གསུམ་བརྩེག་བྱ་ལ། སྒོམ་ན་ལུས་དཀྱིལ་གྱི་གཙོ་བོ་ཉིད་ཀྱིས་སེམས་དཔའ་གསུམ་བརྩེག་ཏུ་འགྱུར་བས་འདིར་མི་དགོས་སོ། །དོན་ཚན་གཉིས་པ་དབང་གི་དོན་སྒོམ་པ་ནི། དབང་རྒྱས་བསྡུས་ཇི་ལྟར་འོས་པ་བླང་བ་ལས། འདིར་བསྡུས་པའི་དབང་དུ་བྱས་ན། སྙིང་གའི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་གསོལ་བ་བཏབ་པས། དཔལ་ཧེ་རུ་ཀའི་ཕྱག་ཏུ་བུམ་པ་ཐོགས་ཤིང་རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱིས། གཡས་ཌཱ་མ་རུ་འཁྲོལ་བ་དང༌། གཡོན་པས་ཐོད་པར་བུམ་ཆུ་བླངས་ཏེ་བདག་ཉིད་ཀྱི་སྤྱི་བོ་ནས་བླུགས། པི་ཝང་མ་ལ་སོགས་པ་ལྷ་མོ་བཅུ་དྲུག་གིས་བདག་ཉིད་མཆོད་ཅིང༌། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཀུན་གྱིས། བཀྲ་ཤིས་ཀྱི་གླུ་དབྱངས་དང་ཤིས་པ་བརྗོད་དེ། ཇི་ལྟར་བལྟམས་པ་སོགས་བརྗོད་ནས་དབང་བསྐུར་བར་བསམ་ལ། ཆུ་རྒྱུན་གྱིས་ལུས་གང་བ་དང༌། སྒོ་གསུམ་གྱི་དྲི་མ་དག་སྟེ། ཆུའི་ལྷག་མ་ཡར་ལུད་པ་ལས། ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུ་རྒྱན་པར་བསམ་མོ། །འབྲིང་དུ་ན་དེའི་སྟེང་དུ་དབང་གོང་མ་རྣམ་པ་གསུམ་བླང་ངོ༌། །རྒྱས་པར་ན། ཅོད་པན་རྡོ་རྗེ་དྲིལ་བུ་མིང་བརྟུལ་ཞུགས་རྣམས་ཀྱང་བླང་བར་བྱ་བ་ཡིན་མོད་ཀྱི། ད་ལྟ་ལག་ལེན་ལ་མི་མཛད་དོ། །དེའི་འོག་ཏུ་དོན་ཚན་གསུམ་པ་མཆོད་པ་ལ། མཆོད་པ་དངོས་དང་རྗེས་ཆགས་སོ། །དང་པོ་ནི་དབང་བསྐུར་བའི་ཕྱི་ནས་མཆོད་པ་ཡང་དག་པར་བརྩམས་ཏེ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཕྱིའི་མཆོད་པ་དང༌། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་ཏེ་བསྟེན་པ་ནང་
མཆོད་དེ། སྐབས་འདིར་མཆོད་པ་གཉིས་ཀྱིས་མཆོད་དོ། །དོན་ཚན་བཞི་པ་རྗེས་ཆགས་ཀྱི་རྒྱས་འདེབས་པ་ནི། ལིང་ག་སྟེ་ཡབ་ཡུམ་གྱི་རྟགས་མཁའ་གསང་གཉིས་ལ་ནི། སྔགས་སྦྱར་བར་བྱ་བ་སྟེ། མཁའ་གསང་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས་ལ། སྟོང་པའི་ངང་ལས་ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ་ཕྱི་དབྱིབས་ལིང་ག་ཉིད་ལ། ནང་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། སྟོང་པའི་ངང་ལས་ཤེས་རབ་ཀྱི་པདྨ། ཨཱཿལས་བྱུང་བ་ཕྱི་དབྱིབས་སྐྱེ་གནས་ཉིད་ལ། ནང་པདྨ་དམར་པོ་འདབ་མ་གསུམ་པ། སྣ་རྩེ་སྟེ་དེའི་ལྟེ་བ་ལ་ཨཱཿཡིག་དགོད་པར་བྱའོ། །པདྨ་ལ་ཨཱཿཡིག་དངོས་སུ་བཤད་པས་རྡོ་རྗེ་ལ་ཧཱུཾ་ཡང་དོན་གྱིས་འཕངས་སོ། །དེ་བཞིན་དུ་ལིང་གའི་ལྟེ་བ་སྟེ། རྡོ་རྗེ་ནོར་བུ་ལ་ཡི་གེ་བཾ་ཞེས་བྱ་བ་ནི། སྡེབ་སྦྱོར་གྱི་དབང་གིས་ཡ་བཏགས་བོར་བ་སྟེ། བྱཱཾ་ཡིག་གོ །དེ་ཉིད་ཀྱི་ཕྱིར་ནོར་བུ་ལ་བྱཱ་རྣམ་པར་བསམ་པ་བཞིན་དུ། པདྨའི་ཟེའུ་འབྲུའི་དབུས་སུ་ཡི་གེ་དྱཱ་བསམ་པ་ཡང་ཤུགས་ལ་བསྟན་ནོ། །དེ་ཡང་ཟེའུ་འབྲུ་དཀར་བ་དྱཱ་སེར་པོས་མཚན་པ་དང༌། ནོར་བུ་དམར་སྐྱ་བྱཱ་དམར་ནག་གིས་མཚན་པར་སྡོམ་པའི་སྒྲུབ་ཐབས་གཞན་ལས་བཤད་དོ། །རྩ་བཤད་ཀྱི་རྒྱུད་རྣམས་ལས་སྔགས་བཏུའི་སྐབས་སུ། །དྱཱ་དང་བྱཱ་ལ་ཡི་གེའི་བསྡུ་བ་མེད་པར་དངོས་སུ་བྲིས་པའི་དགོས་པ་ཡང་རྟགས་གཉིས་བྱིན་གྱིས་བརློབས་པའི་སྔགས་སུ་དགོངས་པ་སྟེ། ད་ཡིག་ནི་ཆུ་ཁམས་ཀྱི་མེ་སྟེ་དམར་ཆ་དང་འདྲེས་པའི་དཀར་པོ། ཡ་བཏགས་ནི་རྩ་དེ་ལ་རྒྱུ་བའི་རླུང༌། དེ་ཡང་པ་ར་ཤུ་བ་ཤོདྱཱ་ཏ་ཞེས་པ། དགྲ་སྟ་ལྟར་ཐབས་ཀྱི་རྩ་འབྱེད་ཅིང་ཞགས་པ་ལྟར་ཐིག་ལེ་འཆིང་བའི་ཟེའུ་འབྲུའི་རྩ་སྟེང་དུ་འཕྱར་བའི་དོན་ནོ། །བ་ཡིག་ནི་ཐིག་ལེ། ཡ་བཏགས་ནི་རླུང་སྟེ་ཤེས་རབ་ཀྱི་རྩ་ཁམས་སྐྱོད་ནུས་པའི་རླུང་དང་
ཐིག་ལེ་ནོར་བུའི་རྩ་འཁོར་ན་གནས་པ་མཚོན་ལ། བྱཱ་གྷྲ་ཛི་ནའི་དོན་སྟག་ལྤགས་ཀྱི་སྨད་དཀྲིས་སམ་ཞེ་སྡང་འཇོམས་པའི་ཕྱིར་དང་ཐིག་ལེ་སྲུང་བའོ། །གཉིས་ཀའི་བུ་གར་ཕཊ་དམར་སེར་གྱིས་བཀག་པར་མོས་པ་ནི་འཛག་པ་འགོག་པ་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པར་ནུས་པའི་བློ་དང་ལྡན་པས། རྣལ་འབྱོར་མ་ལ་སྙོམས་པར་འཇུག་ཅིང་སྐྱེ་གནས་སུ་ཡང་དག་པར་བསྲུང་བར་བྱའོ། །དེར་ཐིག་ལེ་མི་འཕོ་བར་བཟུང་བས་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བྱས་པས་ལྷ་སྐུ་ལ་རྒྱས་བཏབ་པས། དག་པའི་ལུས་དཀྱིལ་འཁོར་དེ་ཉིད་དྲི་མ་རྣམ་རྟོག་མེད་པ་བདེ་སྟོང་གི་ཡེ་ཤེས་སུ་འཆར་བར་འགྱུར་རོ། །རྗེས་ཆགས་ཀྱི་རྣལ་འབྱོར་འདི་ལ་ནི་གསང་བའི་མཆོད་པ་དང་བླ་ན་མེད་པའི་མཆོད་པ་གཉིས་ཀ་ཚང་བ་ཡིན་པས། གོང་གི་མཆོད་པ་དང་སྡོམས་པས་འདིར་མཆོད་པ་བཞི་ཅར་ཚང་ངོ༌། །དེ་དག་གི་སྦྱངས་བྱ་ནི། ལོ་བཅུ་དྲུག་གམ་བཅུ་གཉིས་ཀྱི་མཐར་བྱ་བ་རྣམས་ལ་ཤེད་བྱེ་ཞིང༌། རྣམ་རྟོག་རགས་པར་གྱུར་ལ། སེམས་ཀྱི་མཐུ་རྫོགས་པ་ནི། ཡེ་ཤེས་པ་བསྲེས་པས་སྦྱོང༌། རང་རང་གི་བྱ་བ་ལ་གནས་པ་ནི། དབང་བསྐུར་བས་སྦྱོང༌། བཟའ་བཏུང་གོས་དང་གནས་ཁང་སོགས་ལོངས་སྤྱོད་ལ་ཅི་དགར་སྤྱོད་ཅིང་ཡུལ་བསྟེན་པ་ནི། མཆོད་པས་སྦྱོང༌། རིགས་དང་མཐུན་པའམ་མི་མཐུན་པའི་ཕོ་དང་མོའི་ཡུལ་ལ་དབང་པོ་གཉིས་སྦྱོར་བསྟེན་པ་ནི། རྗེས་ཆགས་རྒྱས་འདེབས་གྱིས་སྦྱོང་བ་ཡིན་ནོ། །ཡང་འགའ་ཞིག་སྐུ་གསུང་ཐུགས་བྱིན་རླབས་ཡན་ཆད་མངལ་གྱི་གནས་སྐབས་ལ་སྦྱར་ནས། ཡེ་ཤེས་པ་གཞུག་པ་དང་བཙས་པ་སྦྱོར་བའང་ཡོད་དེ་འདིར་མི་འདོད་དོ། །སྦྱངས་འབྲས་ནི། སངས་
རྒྱས་ཐམས་ཅད་ཡེ་ཤེས་གཅིག་པར་གྱུར་པ་ནི་ཡེ་ཤེས་པ་གཞུག་པ་དང༌། རྫོགས་སངས་ཀྱི་ཡེ་ཤེས་བརྙེས་པ་ན་སངས་རྒྱས་ཐམས་ཅད་ཀྱིས་རང་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་འགྱུར་བ་ནི་དབང་བསྐུར་རྒྱས་བཏབ་དང༌། དེར་མཆོད་པའི་བཀོད་པ་མཐའ་ཡས་པ་རྟག་ཏུ་འབྱུང་བ་ནི་མཆོད་པ་དང་ཁ་སྦྱོར་གྱི་སྐུ་ཅན་ཐུགས་རྒྱུད་ཟག་མེད་ཀྱིས་རྒྱས་པ་ནི་རྗེས་ཆགས་ཀྱིས་ལམ་དུ་བྱེད་དོ། །ཡང་འཇིག་རྟེན་དུ་སྤྲུལ་སྐུ་སྟོན་པ་དང་སྦྱར་ན། ཡེ་ཤེས་བསྲེ་བ་ནི་ཆགས་བྲལ་གྱི་ཚུལ་ལ་རབ་ཏུ་བྱུང་ནས་དཀའ་བ་སྤྱོད་པ་སོགས་དང༌། ཆགས་ཆེན་གྱི་ཚུལ་ལ་བདག་ཉིད་རིགས་ལྔའི་དཀྱིལ་འཁོར་དུ་སྒྲུབ་ཅིང་རིག་པའི་བརྟུལ་ཞུགས་སྤྱོད་པ་ལ་སོགས་པ་ཡིན་ལ། དབང་བསྐུར་བ་ནི་རྡོ་རྗེའི་གདན་དུ་བདུད་བཏུལ་ནས་ཆགས་བྲལ་ལམ། ཆགས་ཅན་གྱི་སྐུར་སངས་རྒྱ་བའི་ཚུལ་བསྟན་པ་དང༌། མཆོད་པ་ནི་མཆོད་པའི་བཀོད་པ་རྒྱ་ཆེན་པོ་འབྱུང་བ་དང༌། རྗེས་ཆགས་ནི། །ཆགས་ཆེན་གྱི་གདུལ་བྱ་འདུལ་བའི་དོན་དུ་རྗེས་ཆགས་ཀྱི་སྤྱོད་པ་སྟོན་པ་རྣམས་དང་སྦྱོར་རོ། །ཡང་གོང་མའི་སྨིན་བྱེད་ནི་ཟུང་འཇུག་གི་སྐུ་གཉིས་འཛིན་སྤངས་པ་ཐོབ་པ་ནི་ཡེ་ཤེས་ཀྱི་སྐུ་དང༌། སྐད་ཅིག་མ་དང་ས་ལམ་གྱིས་བསྡུས་པའི་དགའ་བཞི་ལུགས་འབྱུང་ལུགས་ཟློག་གི་རིམ་པ་ཐམས་ཅད་དབང་བསྐུར་བ་དང༌། རླུང་དང་ཐིག་ལེ་གཙུག་ཏོར་དུ་ཐིམ་པ་རིགས་བདག་གིས་རྒྱས་འདེབས་དང༌། རིགས་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་མཆོད་པ་དང་རྗེས་ཆགས་ཀྱིས་སྨིན་པར་བྱེད་དོ། །གནས་སྐབས་ཀྱི་དགོས་པ་ནི། ཡེ་ཤེས་པ་བསྲེས་པས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་ཉིད་ལ་འཇུག་པ་དང༌།
སངས་རྒྱས་ཀུན་འདུས་པའི་ང་རྒྱལ་དུ་འཕོ་བ་དང༌། དམ་ཡེ་ལ་བཟང་ངན་དུ་འཛིན་པ་བཟློག་པ་དང༌། སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་གདོད་ནས་གྲུབ་པའི་དཔལ་ཧེ་རུ་ཀ་དེ་ཉིད་རང་དང་དབྱེར་མེད་པར་ཤེས་པའི་ཕྱིར་རོ། །དབང་བསྐུར་བས་ནི་སྔགས་ཀྱི་ལྷ་དེ་ཉིད་རྒྱལ་སྲིད་དུ་བསྐོས་པ་ཡིན་པ་འཕྲིན་ལས་སྒྲུབ་པ་ལ་མཆོག་ཏུ་དབང་བའི་ཕྱིར་རོ། །མཆོད་པ་ནི་དེའི་ཡན་ལག་སྟེ། ཚོགས་ཆེན་པོ་གསོག་པའི་ཕྱིར་དང༌། རང་གཞན་ལ་ཤེས་པའི་ཕྱིར་རོ། །རྗེས་ཆགས་ནི་སྒོམ་པའི་ལྷ་དེ་ཡང་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱས་ཐེབས་པ་དགོས་པའི་ཕྱིར་སྒོམ་མོ། །དེ་ཡན་ཆོད་ལ་སྒྲུབ་པ་ཆེན་པོའོ་ཞེས་པའི་ཚིག་མེད་ཀྱང་སྔ་མ་གསུམ་པོའི་ཤུགས་ལ་གོ་བར་དགོངས་སོ། །དེ་དག་ནི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །ཞེས་པ་ནི་དེ་ཡན་ཆད་ཀྱིས་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་ཆ་ཚང་བར་གྱུར་པས་དང་སྦྱོར་རྫོགས་ཞེས་པ་སྟེ། དང་སྦྱོར་དང་རྒྱལ་མཆོག་གི་ས་མཚམས་གཅོད་པའི་ཚིག་གོ །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ། རྒྱུ་ཐིག་ལེ་སྒྲུབ་པ། འབྲས་བུ་དཀྱིལ་འཁོར་བཞེངས་པ། དེ་དག་སྤྲོ་ཞིང་དགོད་པ། རྫོགས་བྱེད་བྱིན་རླབས་ཀྱི་རིམ་པ། མཆོད་ཅིང་བསྟོད་པར་བྱ་བའོ། །དང་པོ་ནི། ཨོཾོ་སརྦ་ཏ་ཐ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སྙིང་གའི་ས་བོན་འོད་ཟེར་གྱིས། །བདེ་བར་གཤེགས་པ་སྤྱན་དྲངས་ཏེ། །ཨ་ཝ་དྷཱུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་གཞུག །དང་པོའི་དབྱངས་ཡིག་ཡང་དག་ལྡན། །དེ་ནི་སྐད་ཅིག་འབར་བསམ་ནས། །མགལ་མེའི་འཁོར་ལོ་ལྟར་གནས་པ། །རྣལ་
འབྱོར་མ་ནི་དེ་བཞིན་ནོ། །ཞེས་པ་སྟེ། སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་གཉིས་ཀར་གྱི་སྐུ་བདེ་བ་ཆེན་པོས་གང་བར་མོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་ཆགས་རྡོ་རྗེའི་ང་རྒྱལ་དང་བཅས་པའི་སྔགས་བརྗོད་དོ། །དཔེ་འགའ་ཞིག་ལས་རཱ་ག་ཎ་དང་བཛྲ་གྱི་བར་ན་པཱུ་ཛ་ཞེས་པ་ཡོད་དོ། །བདེ་བས་རྐྱེན་བྱས་པས་སྙིང་གའི་ས་བོན་ཧཱུཾ་ལས་འོད་ཟེར་འབར་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བདེ་བར་གཤེགས་པ་རྣམས་སྤྱན་དྲངས་ཏེ། སྨིན་མའི་བར་ཏེ་སྨིན་མཚམས་གནད་ཀྱི་སྒོ་ནས་ངེས་པར་བཅུག་སྟེ། དེ་ནས་རྩ་ཨ་ཝ་དྷུ་ཏཱིའི་གནས་ཇི་ལྟ་བ་དེ་བཞིན་དུ་འཇུག་ཅིང༌། སྨིན་མཚམས་ནས་སྤྱི་བོའི་བར་རྩ་ཨ་ཝ་དྷུ་ཏཱིའི་ཡལ་ག་ལ་ཞུགས། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་སེམས་ཀྱི་བདུད་རྩི་དང་ལྷན་ཅིག་ཏུ་སྤྱི་བོ་ནས་ལྟེ་བའི་བར་ལ་ཡང་དབུ་མའི་ལམ་བརྒྱུད། དང་པོའི་དབྱངས་ཡིག་ལྟེ་བའི་གཏུམ་མོ་ཨ་ཡིག་ཀླད་སྐོར་གྱིས་བརྒྱན་པ་དང་ཡང་དག་རེག་ཅིང་ལྡན་པའི་སྐད་ཅིག་དེ་ལ་སངས་རྒྱས་དེ་རྣམས་ནི། ཐིག་ལེའི་རང་བཞིན་དུ་འབར་ཞིང་ཞུ་བར་བསམ་ཏེ། བྱང་ཆུབ་ཀྱི་སེམས་ནོར་བུའི་བར་དུ་སོང་བ། ཡང་གཏུམ་མོ་དང་རོ་གཅིག་ཏུ་འདྲེས་ཏེ་ཡར་ལྡོག་པ་སྤྱི་བོའི་བར་དུ་སོང་ཞིང༌། ཡས་བབས་དང་མས་བརྟན་གྱི་དགའ་བཞི་ཡང་ཡང་ཉམས་སུ་མྱོང་བའི་ཕྱིར་ཐིག་ལེ་སྤྱི་བོ་ནས་ནོར་བུ་ནས་སྤྱི་བོའི་བར་དུ་མགལ་མེའི་འཁོར་ལོ་ལྟར་འཁོར་ཞིང་གནས་པ་དང༌། རྣལ་འབྱོར་མ་སྟེ་ཡུམ་གྱི་སྐུ་ལ་བྱང་ཆུབ་ཀྱི་སེམས་འཁོར་ཚུལ་དེ་བཞིན་ནོ། །དེ་ནས་ཐིག་ལེ་ནོར་བུ་ནས་སྤྲོས་པ་ན། ཡུམ་གྱི་ཐིག་ལེ་
ཡང་རྩ་སྣར་བྱོན་ཏེ་རོ་གཅིག་ཏུ་འདྲེས་པ་བསམ་པར་བྱའོ། །དཀྱིལ་འཁོར་སྤྲུལ་པའི་རྒྱུ་སངས་རྒྱས་རྣམས་སྤྱན་དྲངས་ཏེ། ཞུ་བ་ཙམ་སྒྲུབ་ཐབས་མང་པོ་ཞིག་ལ་ཡོད་ཀྱང༌།།འཇུག་པའི་སྒོ་སྨིན་མཚམས་དང༌། འགྲོ་བའི་ལམ་ཨ་ཝ་དྷུ་ཏཱི་དང༌། འཇུ་བྱེད་ལྟེ་བའི་གཏུམ་མོ་དང༌། འབབ་ཚུལ་མགལ་མེའི་འཁོར་ལོ་ལྟར་ཡབ་ཡུམ་གཉིས་ཀའི་ཐིག་ལེ་འཁོར་བ་རྣམས་འདི་ཉིད་ཀྱི་སྒོས་ཆོས་ཡིན་ལ། གཞུང་ཚིག་ནི་རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ཚིག་དྲངས་པའོ། །དེ་དག་གི་སྦྱངས་བྱ་ལ་འོད་ཟེར་འཕྲོ་བ་ནི། བུའི་ལས་ཀྱི་མཐུས་ཆགས་པའི་རྣམ་རྟོག་དྲག་པོ་སྐྱེས་པ་སྦྱོང༌། སངས་རྒྱས་རྣམས་སྤྱན་དྲངས་པ་ནི་སྲིད་པ་འཚོལ་བ་རྣམས་ཞུགས་པ་དང༌། དེ་རྣམས་ཞུ་སྟེ་ལྷ་མོའི་པདྨར་སོན་པའི་བར་ནི། གཉིས་སྦྱོར་གྱི་རྐྱེན་གྱིས་དྲི་ཟ་འཁོར་བའི་ཐིག་ལེ་འཕོས་པ་སྦྱོང་བར་བྱེད་དོ། །སྦྱངས་འབྲས་ནི། འོད་ཟེར་དང་དགའ་བའི་སྒྲས་ཁྱབ་པ་ནི། སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་སྤྲོ་བ་དང༌། སངས་རྒྱས་རྣམས་སྐུ་ལ་ཞུགས་ཏེ་ཞུ་བ་ནི་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོས་མཉེས་པར་མཛད་པ་དང༌། ཐིག་ལེ་ཁ་ནང་དུ་འདུས་པ་ནི་ནམ་མཁའི་མཐས་གཏུགས་པར་སྤྲུལ་པ་སྟོན་པའི་ཡེ་ཤེས་ཀྱིས་ཁྱབ་པ་ལམ་དུ་བྱེད་པའོ། །སྨིན་ཚུལ་ནི་འོད་ཟེར་སྤྲོ་བ་ནི་སྔགས་རིམ་གྱི་གཏུམ་མོ་འབར་བ་དང༌། དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པ་ནི། ཕུང་ཁམས་ཀྱི་དྭངས་མ་ཞུ་བ་དང༌། ཨ་ཝ་དྷཱུ་ཏཱིའི་ལམ་ནས་འཇུག་པ་ནི། ཡེ་ཤེས་རིམ་པའི་ཡས་བབས་ཀྱི་དགའ་བའི་ས་གཞི་རྣམས་ཀྱི་གཞི་འདིངས་པར་བྱེད་པའོ། །གཉིས་པ་འབྲས་བུ་དཀྱིལ་འཁོར་བསྐྱེད་པ་ནི། འབར་བའི་འཕྲེང་བ་རྒྱ་མཚོ་ནི། །འཁོར་ལོ་
ཀུན་ནས་སྒོ་བཞི་པ། །དཔའ་བོའི་དབང་པོ་ཞལ་བཞི་པ། །དཔའ་བོ་རྣལ་འབྱོར་མས་ཡོངས་བསྐོར། །དེ་ཉིད་དབྱེ་བས་ཕྱེ་བ་སྟེ། སྔགས་པས་རང་འདོད་རྣམས་པར་དབྱེ། །ཕྱིན་ཅི་ལོག་ཏུ་སྦྱར་བར་བྱ། །རབ་ཏུ་དགའ་བའི་དཀྱིལ་འཁོར་ནི། །རབ་སྦྱོར་དོན་དུ་བསྒྲུབ་པར་བྱའོ། །ཞེས་ཏེ། ཀློག་སྐྱ་འགྱུར་ལས། འོག་ནས་འབྱུང་བའི་རྩ་ཡི་ལམ་ནི་ཐམས་ཅད་དང༌། ཞེས་པ་རྣལ་འབྱོར་མས་ཡོངས་བསྐོར། ཞེས་པའི་འཇུག་ན་འདུག་ཅིང༌། དེ་ཉིད་དབྱེ་བས་སོགས་ལ། སྔགས་པ་ཇི་ལྟར་དབྱེ་འདོད་པས། །དེ་ཉིད་དབྱེ་བས་ཐ་དད་ཉིད། །ཅེས་འབྱུང་ཞིང༌། ཕྱིན་ཅི་ལོག་ཏུ་ཞེས་པའི་དོད་དུ། མཁའ་འགྲོ་མ་ནི་མཉེས་སྦྱོར་བྱེད། །ཅེས་འབྱུང་ངོ༌། །དེ་ཡང་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་འདྲེས་པའི་ཐིག་ལེའི་གོང་བུ་ནི། འོད་ཟེར་འབར་བའི་འཕྲེང་བ་རྒྱ་མཚོ་ལྟར་ཟད་མི་ཤེས་པ་ཡིན་ལ། དེ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་ནི། རྟེན་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ནང་དུ་བདེ་ཆེན་ཐུགས་གསུང་སྐུའི་འཁོར་ལོ་དང༌། ཕྱི་རོལ་ཤར་སོགས་ཕྱོགས་བཞི་ཀུན་ནས་རབ་ཏུ་ཕྱེ་བའི་སྒོ་བཞི་པ། བརྟེན་པའི་ལྷ་ཚོགས་དཔའ་བོའི་དབང་པོ་འཁོར་ལོ་བདེ་མཆོག་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པ། འཁོར་དཔའ་བོ་ཉེར་བཞི་དང༌། རྣལ་འབྱོར་མ་སུམ་ཅུ་སོ་བདུན་གྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །འདི་ཐིག་ལེ་ལས་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་པའི་ལུགས་ཡིན་ལ། ས་བོན་ལས་བསྐྱེད་པ་སོགས་བསྐྱེད་ཆོག་གཞན་གཞུང་འདིར་མི་གསལ་བས་མི་དགོས་མོད། ཅི་སྟེ་ས་བོན་བྱེད་ན་ཧཱུཾ་ཨཾ་ལས་གཙོ་བོ་ཡབ་ཡུམ། མཱཾ་ཏཱཾ་བཱཾ་ལཾ་ལས་སྙིང་པོའི་རྣལ་འབྱོར་མ། པུ་ཛ་སོགས་ལས་
འཁོར་ལོ་གསུམ། ཧཱུཾ་བརྒྱད་ལས་སྒོ་མཚམས་མ་བརྒྱད་བསྐྱེད་དེ། འདིར་མ་ཟད་ལཱུ་དྲིལ་གཉིས་ཀྱི་དགོངས་པ་ཡང་ས་བོན་འདི་དག་ཁོ་ན་ཡིན་པས་རྒྱུད་དང་གཞུང་ཊིཀ་རྣམ་གྲངས་མང་པོ་དག་ནས། ས་བོན་མི་འདྲ་བ་དུ་མ་འདུག་པ་མཐོང་སྟེ་ཐེ་ཚོམ་དུ་གྱུར་ནས། ལཱུ་དྲིལ་ནག་གསུམ་གྱི་ལུགས་ལ་ཡང་གཞུང་འགྲེལ་གཞན་དང་གཞན་དག་ནས་ཆ་བསྡུ་གཡང་བསྡུའི་ཚུལ་གྱིས་ཁ་འགེངས་མི་དགོས་སོ། །ཡང་བཱུཾ་ཡིག་ལྟ་བུ་ཐུགས་ཀྱི་ཤར་རྩིབས་དང༌། ཁནྚ་ཀ་པཱ་ལ་དང་རབ་གཏུམ་མ་སྟེ་གསུམ་གར་གྱིས་ས་བོན་ཡིན་པ་སོགས་མདོར་ན་ཡི་གེ་ཉེར་བཞི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྟེན་བརྟེན་པ་ཐམས་ཅད་ཀྱི་ས་བོན་གྱི་གཙོ་བོ་ཡིན་པར་མ་ཤེས་ནས། པཱུ་ཛ་སོགས་སྐུ་གསུང་ཐུགས་ཀྱི་དཔའ་བོ་དཔའ་མོའི་ས་བོན་མིན་ཞེས་ཆེན་པོ་འགའ་ཞིག་གིས་སྨྲས་པའི་རྗེས་སུ། བླུན་པོ་ཀླད་མེད་ཐམས་ཅད་ཀྱང་འབྲང་བར་སྣང་ངོ༌། །དཀྱིལ་འཁོར་དེ་ཉིད་སྔགས་པས་རང་ཉིད་ཀྱི་འདོད་པ་སྟེ། མོས་པ་དང་མཚུངས་པས་རྣམ་པར་དབྱེ་བར་བྱའོ། །ཇི་ལྟར་དབྱེ་ན། མི་བསྐྱོད་པ་ཧེ་རུ་ཀ་ལ་མོས་ན། གཙོ་བོ་རྡོ་རྗེའི་རིགས་ཀྱིས་བྱེད་པ་བཞིན་དུ། རྣམ་སྣང་ཧེ་རུ་ཀ་ལ་མོས་ནའང་དེ་ཉིད་གཙོ་བོར་བྱེད་པ་སོགས་རིགས་ཀྱི་དབྱེ་བས་དཀྱིལ་འཁོར་ལྔའམ་དྲུག་གང་བསྒོམས་ཀྱང་འདྲ་ལ། ཡང་ལས་བཞི་སོ་སོར་སྒྲུབ་པར་འདོད་ན། ཞི་བ་ལྷ་ཐམས་ཅད་ཀྱི་དཀར་པོར་བྱེད་པ་ལ་སོགས་པ་དཀྱིལ་འཁོར་དེ་ཉིད་རིགས་དང་ལས་ཀྱི་དབྱེ་བས་ཕྱེ་བ་དེ་ལྟར་སྒོམ་མོ། །འདིར་རང་འདོད་ཅེས་པས། ལྷའི་གྲངས་མི་འདྲ་བ་མང་ཉུང་སྣ་ཚོགས་བསྟན་ནོ་ཞེས་ཀྱང་འགའ་ཞིག་འཆད་དོ། །ཀློག་སྐྱ་འགྱུར་གྱི་ཇི་ལྟར་དབྱེ་འདོད་པ་སོགས་ཀྱི་དོན་ཡང་
འདི་ཁོ་ན་ལས་མི་འདའ་སྟེ། གཙོ་བོ་ཡབ་ཡུམ་སོ་སོར་འབྱེད་པ་སོགས་དོན་མིན་ལ། དེ་ཉིད་དབྱེ་བ་ཐ་དད་ཡིན་ཞེས་འདོན་པ་ནི། ཉིད་དང་གཉིས་ནོར་བའི་བཤད་པའོ། །འོན་ཀྱང་འཁྲུལ་གཞི་དེ་འབྱུང་བའི་རྒྱུ། འགྱུར་དེ་ལས་རྩའི་ལམ་ནི་སོགས་གོང་དུ་བཏོན་པས་གཞུང་ཚིག་འཁྲུགས་པ་ལས་བྱུང་བར་སྣང་མོད། འདི་དག་ལྷ་རྣམས་སྤྲོ་བའི་སྐབས་ཀྱི་གཞུང་མ་ཡིན་མཁའ་ནང་ཉིད་དུ་བསྐྱེད་ཚུལ་གྱི་གཞུང་ཡིན་པའི་དབྱེ་བ་ཕྱེད་པར་བྱའོ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་ཞེས་པ་ནི། རྒྱུད་ལས། ཀུ་ལུ་ཏ་དང་དགོན་པ་དང༌། །ཞེས་པ་ནས། །པུ་ལི་ར་མ་ལ་ཡ་སོགས་ཞེས་པའི་བར་དུ་འཁོར་ལོ་གསུམ་གྱི་རྩིབས་རྣམས་ཡུལ་ཉི་ཤུ་རྩ་བཞིར་བཤད་པ་དང༌། བརྩོན་ཆེན་འཁོར་ལོ་སྒྱུར་མ་དང༌། །ཞེས་པ་ནས། རབ་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །ཞེས་པའི་བར་རྣལ་འབྱོར་མ་ཉེར་བཞི་དང༌། རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །ཅེས་པ་ནས། ཐོད་པའི་དུམ་བུ་ལ་སོགས་པ། ཞེས་པའི་བར་དུ་དཔའ་བོ་ཉེར་བཞི་སྟེ། རིམ་པ་དེ་རྣམས་རྩ་རྒྱུད་དང་རྡོ་རྗེ་མཁའ་འགྲོ་ལས་ཇི་ལྟར་གསུངས་པ་དེ། ཕྱིན་ཅི་ལོག་གི་རིམ་པས། ནང་ནས་ཕྱི་རོལ་གྱི་བར་ལ་རིམ་པ་བཞིན་དུ་སྦྱར་རོ། །འདོད་ཆགས་ཆེན་པོའི་རང་བཞིན་ཡབ་ཡུམ་མཉམ་པར་སྦྱར་བས། ཤིན་ཏུ་བདེ་བ་དམ་པ་བསྐྱེད་པས་རབ་ཏུ་དགའ་བའི་མཁའ་ནང་གི་དཀྱིལ་འཁོར་ནི། དངོས་གྲུབ་རྣམས་རབ་ཏུ་སྦྱོར་བའི་དོན་དུ་བསྐྱེད་ཅིང་བསྒྲུབ་པར་བྱའོ། །འདིར་དངོས་བསྟན་ལ། སྐབས་འདིར་སྲུང་འཁོར་དང་དུར་ཁྲོད་མ་གསུངས་པས་མི་སྒོམ་པར་འདོད་པ་ལྟར་མ་བསྒོམས་ཀྱང་རུང་བར་མངོན་མོད།
གཞལ་ཡས་ཁང་སྒོམ་ཕྱིན་དེའི་གདན་སྣ་ཚོགས་རྡོ་རྗེ་ཡང་བསྒོམ་དགོས་ན། ཤུགས་བསྟན་ལ་ཐོབ་པས་དུར་ཁྲོད་སྲུང་འཁོར་དང་བཅས་པའང་སྒོམ་པ་བཟང་བར་མངོན་ནོ། །འདིའི་སྦྱང་བྱ་ནི་བུ་དང་བུ་མོའི་ཚོགས་རྣམས་ཀྱི་ལུས་མངལ་གནས་སུ་གནས་པ་ཡོངས་སུ་སྦྱོང་བར་བྱེད། སྦྱང་འབྲས་ནི། རང་རྒྱུད་ཀྱི་ཡེ་ཤེས་ལས་སྤྲུལ་བའི་དཀྱིལ་འཁོར་སྤྲོ་བ་དང༌། སྐལ་ལྡན་བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་ཟུང་འཇུག་གི་སྐུའི་གོ་འཕང་ལ་བཀོད་པས་རང་གི་རིགས་སུ་བསྐྱེད་པ་མཚོན། སྨིན་ཚུལ་ནི། ཡེ་ཤེས་ཀྱི་རིམ་པར་ལྷན་ཅིག་སྐྱེས་དགའི་ས་ཐོབ་པའི་མཐར། རྗེས་དྲན་བཅུ་དྲུག་གི་སྤྲོ་བ་ཐོབ་པར་འགྱུར་བ་དེའི་གཞི་འདིངས་པར་བྱེད་དོ། །གསུམ་པ་དེ་དག་སྤྲོ་ཞིང་འགོད་པ་ལ། གཞུང་གི་ཚིག་དོན་བཤད་པ་དང༌། ལུས་དཀྱིལ་གྱི་མངོན་རྟོགས་བརྗོད་པའོ། །དང་པོ་ལ་ཇི་ལྟར་སྤྲོ་བའི་ཚུལ་དང༌། ཕྱི་ནང་གི་ལྷའི་མཚན་ཉིད་བཤད་པ་གཉིས་ལས། དང་པོ་ནི། རྩ་ཡི་ལམ་ནས་ཐམས་ཅད་དུ། །དམ་པའི་རྣལ་འབྱོར་མ་རྣམས་ཀུན། །ཡུལ་དང་ཡུལ་ལ་ངེས་པར་སྦྱར། །ཞེས་པ་སྟེ། དེ་ཡང་དཔེ་འགའ་ཞིག་ལས་རྩ་བའི་ལམ་ནས་ཞེས་འབྱུང་སྟེ་རྒྱ་དཔེ་མཐོང་ན་བརྟག་དགོས་ལ། དོན་ནི་གཅིག་པར་འགྱུར་ཏེ། རྩ་ཐམས་ཅད་ཀྱི་རྩ་བ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་ཅད་རིམ་གྱིས་དྲངས་ཏེ་སྙིང་གའི་ཐད་ནས། སོ་སོའི་རྩའི་ལམ་དུ་འཕྲོས་ཏེ་རང་རང་གི་དག་པ་དང་མཚུངས་པའི་གནས་དེ་ནས་ཐམས་ཅད་དུ་སྤྲོ་བར་བྱ་སྟེ། དམ་པ་སྟེ་མཆོག་གི་དཔའ་བོ་དང་རྣལ་འབྱོར་མ་ཀུན་ལྷ་སོ་སོའི་གནས་ཡུལ་དང་ཡུལ་ཀུན་ལ་ངེས་པར་འགོད་ཅིང་སྦྱར་བར་བྱའོ། །
ཞེས་པ་སྟེ། ཇི་ལྟར་སྤྲོ་བའི་ཚུལ་སྟོན་པར་བྱེད་དོ། །དེ་ཡང་མཁའ་ནང་དུ་དཀྱིལ་འཁོར་ཆེན་པོ་རབ་ཏུ་རྒྱས་པ་སྤྲུལ་པ་དེ་ལ་ཡིད་ཀྱི་མཆོད་པ་དང༌། ལྷ་དེ་རྣམས་ཉིད་རྗེས་ཆགས་བདེ་བས་ཚིམ་བའི་རང་བཞིན་རབ་ཏུ་དགྱེས་པར་བསྒོམ་ལ། ལྷ་རྣམས་ཀྱི་ཞལ་ཕྱག་རྣམ་པའི་མཚན་ཉིད་རྣམས་ནི་མྱུར་དུ་འཆད་པར་འགྱུར་རོ། །དེ་ལ་ལུགས་འདིའི་ཕྱི་དཀྱིལ་ལུས་དཀྱིལ་ལྷན་ཅིག་ཏུ་གསལ་འདེབས་པར་གྲགས་པ་ལྟར་ད་ལྟ་ལག་ལེན་ལ་དེ་བཞིན་དུ་མཛད་ལ། འོན་ཀྱང་ཕྱི་དཀྱིལ་སྤྲོས་པའི་རྗེས་སུ་ལུས་དཀྱིལ་སྒོམ་པ་ཡང་རུང་པར་ནི་མངོན་མོད། གཞུང་དུ་ཚིག་ཉུང་བའི་ཕྱིར་ཕྱི་ནང་སྦྲགས་ཏེ་བཤད་པ་ལྟར་སྒོམ་པའི་དབང་དུ་བྱས་ནས། བྷ་གའི་གཙོ་བོ་ཡབ་ཡུམ་རྡོ་རྗེའི་ལམ་ནས་རྩ་དབུ་མའི་ནང་བརྒྱུད་དེ་ཐུགས་ཀར་བྱོན། ཐུགས་ཀ་ནས་ཐོགས་མེད་དུ་ཕྱིར་སྤྲོས། གཙོ་བོ་ཡབ་ཡུམ་ནམ་མཁའ་གང་བར་སྤྲུལ། སྔར་ནས་གྲུབ་པའི་སངས་རྒྱས་རྣམས་ལ་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། སྤྲུལ་པ་ཐམས་ཅད་ཕྱི་དཀྱིལ་གྱི་སྟེང་གི་ནམ་མཁའ་ལ་འདུས་ཤིང་ཐིམ་པས། ཧེ་རུ་ཀ་ཡབ་གཅིག་དང་ཡུམ་གཅིག་ཏུ་གྱུར། ཡབ་ཀྱི་སྙིང་གའི་དབུ་མའི་ནང་གི་རྩ་ཧཱུཾ་གི་དབྱིབས་ཅན་ཁམས་དཔྱིད་དང་བཅས་པ་ལ་ཐིམ་པས། བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར། ཡུམ་ནི་ལྟེ་བའི་ཨཾ་དང་བཅས་པའི་རྩ་དབུ་རྐྱང་རོ་གསུམ་བདུད་བྲལ་དང་བཅས་པ་ལ་ཐིམ། དེ་རྣམས་གྱི་ནུས་པ་ལྟེ་བའི་ཨཾ་ལ་འདུས་པ་རྡོ་རྗེ་ཕག་མོར་གྱུར་ནས་ཡར་བྱོན་ཏེ། སྙིང་གའི་ཧེ་རུ་ཀ་དང་མཉམ་སྦྱོར་དུ་བཞུགས། ཡབ་
ཀྱི་ཐུགས་ཀར་ཟླ་བ་ལ་ཧཱུཾ། ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཨཾ་སྟེ་ཡི་གེ་གཉིས་པོ་འོད་འབར་བ་དང་བཅས་པར་གྱུར་པ་སྟེ། དེ་ཡང་ཡུམ་གྱི་ཐུགས་ཀར་བཾ་ཡིག་དང་ཧཱིཿཡིག་དང་ཙཾ་ཡིག་ལ་སོགས་པ་ཇི་ལྟར་རུང་བ་སྒོམས་ཀྱང་རུང་ངོ༌། །དེ་བཞིན་དུ་སྙིང་པོའི་རྣལ་འབྱོར་མ་བཞི་ཡང་སྔར་གྱི་ལམ་ནས་དྲངས་ཏེ། སྙིང་གའི་ནང་སྐོར་གྱི་ཕྱོགས་བཞིའི་རྩ་འདབ་ནས་སྤྲོས། ཕྱི་རོལ་དུ་འཁོད་པ་དང་ལྷན་ཅིག་ལུས་དཀྱིལ་གྱི་ལྷ་མོ་བཞི་ཡང་བསྒོམ། དེ་བཞིན་དུ་ཐོད་པ་བཞི་ཡང་སྔར་བཞིན་དྲངས་ཏེ། སྙིང་གའི་མཚམས་ཀྱི་རྩ་བཞིའི་བུ་ག་ནས་སྤྲོས། ཕྱིར་འཁོད་པ་དང་ལྷན་ཅིག་ལུས་དཀྱིལ་གྱི་ཐོད་པ་བཞི་ཡང་གསལ་བཏབ། འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱང་སྔར་བཞིན་དྲངས། སྙིང་ག་ནས་སྟོད་སྨད་ཀྱི་གནས་སོ་སོར་གྱེས་ཏེ། སྤྱི་བོའི་རྩའི་བུ་ག་ནས་ཁནྚ་ཀ་པཱ་ལ་དང་རབ་གཏུམ་མ་སྤྲོ་བ་ནས། པུས་མོ་གཉིས་ཀྱི་རྩ་ནས་རྡོར་སེམས་དང་བརྩོན་ཆེན་མོ་སྤྲོ་བའི་བར་དུ་སྤྲོས་ཏེ། དེ་དག་ཕྱིར་འཁོད་པ་དང་ལྷན་ཅིག་ལུས་དཀྱིལ་གྱི་ལྷ་ཞེ་བརྒྱད་གསལ་བཏབ། སྒོ་མཚམས་མ་བརྒྱད་ཀྱང་སྔར་བཞིན་དྲངས། སྙིང་ག་ནས་སོ་སོར་གྱེས་བུ་ག་བརྒྱད་ཀྱི་རྩའི་སྒོ་ནས་ཐོན། དེ་དག་ཕྱི་རོལ་དུ་འཁོད་པ་དང་ལྷན་ཅིག་ལུས་དཀྱིལ་གྱི་སྒོ་མཚམས་མ་བརྒྱད་བསྒོམ། དེ་རྗེས་གཞུང་འདི་ནས་མ་བཤད་ཀྱང་དོན་གྱིས་ཐོབ་ལ། སྡོམ་པ་བཤད་པར་འབྱུང་བས་གཞལ་ཡས་ཁང་སྲུང་འཁོར་དུར་ཁྲོད་དང་བཅས་པ་སྔར་བཞིན་དྲངས། སྙིང་ཁ་ནས་ཐོགས་མེད་དུ་ཕྱིར་སྤྲོས་ཏེ། མཐར་ཕྱི་དཀྱིལ་རྟེན་གྱི་དཀྱིལ་འཁོར་ལ་ཐིམ། དེ་དང་ལྷན་ཅིག་ལུས་དཀྱིལ་
གྱི་གཞལ་ཡས་ཁང་སྲུང་འཁོར་དུར་ཁྲོད་དང་བཅས་པ་སྒོམ་མོ། །འཁོར་གཞལ་ཡས་ཁང་དང་བཅས་པ་སྤྲོས་པའི་སྐབས་འདིར་སོ་སོའི་སྦྱངས་བྱ་དང་རིགས་མཐུན་པའི་འགྲོ་དོན་མཛད་ཚུལ་གྱི་འཕྲིན་ལས་མ་གཏོགས་སངས་རྒྱས་མཆོད་པ་སོགས་སྤྱིའི་མཛད་པ་མི་དགོས་སོ། །དེ་དག་གི་སྦྱངས་བྱ་ནི། བུ་དང་བུ་མོ་མངལ་ནས་བཙས་པ་སྦྱོང་བར་བྱེད་ལ། སྦྱངས་འབྲས་ནི་སྤྲུལ་པའི་དཀྱིལ་འཁོར་རྣམས་གདུལ་བྱའི་གནས་སོ་སོར་བྱོན་པའམ། འཁོར་ཟུང་འཇུག་གི་སྐུ་ཐོབ་པ་རྣམས་གནས་ལ་སོགས་པ་ས་བཅུའི་ཡོན་ཏན་གོང་འཕེལ་དུ་གྱུར་པ་མཚོན། སྨིན་ཚུལ་ནི། ལྷ་ཚོགས་རྡོ་རྗེའི་ལམ་ནས་ཨ་ཝ་དྷཱུ་ཏཱིའི་བརྒྱུད་དེ་ཡར་དྲངས་པ་ནི། གསང་རིམ་གྱི་སྐབས་སུ་མས་བརྟན་དགའ་བའི་ས་བཅུ་དྲུག་བསྐྱེད་པའི་གཞི་འདིངས་ཤིང༌། ལྷ་ཚོགས་སྤྲོ་བ་ནི་མས་བརྟན་གྱི་སྐབས་དེའི་དཀྱིལ་འཁོར་སྤྲོ་བའི་རྗེས་དྲན་བཅུ་དྲུག་རྣམས་མཚོན་ནོ། །གཉིས་པ་ཕྱི་ནང་གི་ལྷའི་མཚན་ཉིད་བཤད་པ་ནི། དེ་ནས་མཁའ་འགྲོ་མ་རྣམས་ནི། གནས་ལ་རྣམ་པར་གནས་པ་སྟེ། ཤར་ནས་མཁའ་འགྲོ་མ་སྔོ་སྐྱའི་འོད་ཅན་ནོ། །བྱང་ནས་ལཱ་མ་ལྗང་སེར་མའོ། །ནུབ་ནས་དུམ་སྐྱེས་མ་དམར་སེར་རོ། །ལྷོ་ནས་གཟུགས་ཅན་མ་དཀར་སེར་གྱི་མདོག་ཅན་ཏེ། །འདི་ཐམས་ཅད་ནི་རོའི་སྟེང་ན་ཐོད་པ་དང་གྲི་གུག་ལག་ན་ཐོགས་པ། སྐྲ་གྱེན་དུ་བརྫེས་པ། རྒྱན་རྣམས་ཀྱིས་བརྒྱན་པ་ཞལ་གཅིག་པ། དབུ་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱིས་མཚན་ཞིང་ཡང་དག་པར་ལྡན་པ་གར་སྟབས་ཀྱིས་བཞུགས་པའོ། །ཐོད་པ་རྣམས་སུ་གླང་པོ་ཆེ་དང༌། ཅེ་སྤྱང་དང༌།
མི་དང༌། གླང་རྣམས་རིམ་པ་ཇི་ལྟ་བའོ། །མཚམས་བཞིར་ཡང་ལྔར་གཅིག་གིས་མ་ཚང་བའི་སྣོད་རྣམས་སོ། །མགོ་བོ་པུལླིར་མ་ལ་ཡ་ནས། ཁཎྜ་ཀ་པཱ་ལི་དང༌། རབ་ཏུ་གཏུམ་མོ་སྟེ། སོ་དང་སེན་མོ་འབབ་པའོ། །སྤྱི་གཙུག་འབར་བ་འཛིན་པ་ནས། མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ་སྟེ། སྐྲ་དང་སྤུ་འབབ་པའོ། །རྣ་བ་གཡས་པ་ཨུ་རྒྱན་ནས་ཀཾ་ཀ་ལ་དང་འོད་ལྡན་མ་སྟེ་ལྤགས་པ་དང་དྲི་མ་འབབ་པའོ། །ལྟག་པ་ཨརྦུ་ཏ་ནས་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་ཤ་འབབ་པའོ། །དེ་དག་ནི་ཤར་ལ་སོགས་པ་ནས་ལུགས་དང་མི་མཐུན་པའོ། །རྣ་བ་གཡོན་པ་བའི་མཆོད་སྦྱིན་ནས། དཔའ་བོ་བཟང་པོ་དང་དཔའ་བོའི་བློ་མ་སྟེ་ཐམས་ཅད་དུ་ཆུ་རྒྱུས་འབབ་པའོ། །སྨིན་དབུས་དགའ་བའི་དབང་ཕྱུག་ནས། །འོད་དཔག་ཏུ་མེད་པ་དང་མིའུ་ཐུང་མ་སྟེ་རུས་པའི་འཕྲེང་བ་འབབ་པའོ། །མིག་གཉིས་ལྷ་མོའི་མཁར་ནས། རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ་དེ་ནི་རྟག་ཏུ་མཆིན་པ་འབབ་པའོ། །དཔུང་པ་མཱ་ལ་པཱ་ནས། རྡོ་རྗེའི་ལུས་དང་ཤིང་གྲིབ་མ་སྟེ་སྙིང་གའི་ཆུ་བོ་འབབ་པའོ། །དེ་དག་ནི་དབང་ལྡན་ལ་སོགས་པའི་མཚམས་ནས་ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་པ་རྣམས་དང་སྙོམས་པར་ཞུགས་པས་བཞུགས་སོ། །དེ་བཞིན་དུ་མཆན་ཁུང་འདོད་པའི་གཟུགས་ནས་ཨང་གུ་རི་དང་ཨེ་ར་བ་ཏཱི་སྟེ་དེ་རྟག་ཏུ་མིག་འབབ་པའོ། །ནུ་མ་གཉིས་པོ་ཨོ་ཏྲེ་ནས་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་མཁྲིས་པ་འབབ་པའོ། །ལྟེ་བ་ཏྲེ་ཤ་ཀུ་ནི་ནས་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་སྟེ་གློ་བ་འབབ་པའོ། །སྣའི་རྩེ་མོ་ཀོ་ས་ལ་ནས་བཛྲ་ཧཱུཾ་ཀ་ར་དང་ཆང་འཐུང་མ་སྟེ་རྒྱུ་མའི་འཕྲེང་བ་
འབབ་པའོ། །དེ་དག་ནི་ཤར་ལ་སོགས་པ་ནས་སོ། ཁ་ཀ་ལིང་ག་ནས་སུ་བྷ་དྲ་དང་ལྗང་ལྷ་མོ་སྟེ་ལ་སོགས་ཀྱི་རྩ་འབབ་པར་བཤད་པའོ། །མགྲིན་པ་ལམ་པ་ཀ་ནས་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ལྟོ་བ་འབབ་པའོ། །སྙིང་ག་ཀཉྩི་ནས་འཇིགས་བྱེད་ཆེན་མོ་དང་རྟ་སྣ་མ་སྟེ་བི་དྲ་འབབ་པའོ། །འདོམས་པར་ཧི་མཱ་ལ་ཡ་ནས་མིག་མི་བཟང་དང༌། ཁ་ག་ན་སྟེ་འཚོགས་མའི་སྲུབས་འབབ་པ་སྟེ། མཚམས་སུ་སྔར་བཞིན་ཏེ། གསུང་གི་འཁོར་ལོ་ས་སྤྱོད་མ་སྟེ། དེ་རྣམས་ནི་སྙོམས་པར་ཞུགས་པས་རྣམ་པར་གནས་སོ། །ལིང་ག་ཡི་དྭགས་གནས་པ་ནས་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་ཏེ་བད་ཀན་འབབ་པའོ། །བཤང་བའི་ལམ་ཁྱིམ་གྱི་ལྷའི་གནས་ནས་རིན་ཆེན་རྡོ་རྗེ་དང་དུ་མ་སྐྱེས་མ་སྟེ་དྲི་ནི་རྟག་ཏུ་འབབ་པའོ། །བརླ་སཽ་རཥྟ་ནས་རྟ་མགྲིན་དང་ཆང་འཚོང་མ་སྟེ་ཁྲག་འབབ་པར་རབ་ཏུ་གྲགས་པའོ། །བྱིན་པ་གཉིས་གསེར་གླིང་ནས་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་རྡུལ་འབབ་པར་གྱུར་པའོ། །དེ་དག་ནི་ཤར་ལ་སོགས་པའི་ཕྱོགས་སུའོ། །སོར་མོ་ན་ག་ར་ནས་ནི། དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་སྟེ་ཚིལ་འབབ་པའོ། །རྐང་པའི་རྒྱབ་སིདྷུ་ནས་ནི། པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ་སྟེ་འདི་ནི་རྟག་ཏུ་མཆི་མ་འབབ་པའོ། །མཐེ་བོང་མྱ་ངམ་ནས་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ་སྟེ་མཆིལ་མ་འབབ་པའོ། །པུས་མོ་ཀུ་ལུ་ཏ་ནས་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་བྱིས་པའི་སྣབས་འབབ་པའོ། །སྔོན་བཞིན་མཚམས་རྣམས་སུ་སྟེ། སྐུའི་འཁོར་ལོ་ས་འོག་སྤྱོད་པ་རྣམས་
སྙོམས་པར་ཞུགས་པས་བཞུགས་སོ། །ཤར་གྱི་སྒོ་ནས་ཁྭ་གདོང་མའོ། །བྱང་ནས་འུག་གདོང་མའོ། །ནུབ་ནས་ཁྱི་གདོང་མའོ། །ལྷོ་ཕྱོགས་ནས་ཕག་གདོང་ཅན་ཏེ། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཁ་དོག་དང་མཚན་མ་དང་ལྡན་པ། རོ་ལ་ཞོན་ཞིང་དེ་ལས་འོད་ཟེར་འབར་བས་བཞིན་ཀུན་ཏུ་རྣམ་པར་འགྱུར་ཞིང༌། སྣ་ཚོགས་སུ་རྣམ་པར་བསྒྱུར་བ་སྟེ་ལུགས་དང་མཐུན་པའོ། །ཕོ་ཉ་མོ་རྣམས་ནི་ལུགས་དང་མི་མཐུན་པས་ཡང་དག་པར་རྣམ་པར་བཞག་སྟེ། མེའི་མཚམས་ནས་གཤིན་རྗེ་བརྟན་མའོ། །སྲིན་པོའི་མཚམས་ནས་གཤིན་རྗེ་ཕོ་ཉ་མའོ། །རླུང་མཚམས་ནས་གཤིན་རྗེ་མཆེ་བ་གཙིགས་མའོ། །དབང་ལྡན་གྱི་མཚམས་ནས་གཤིན་རྗེ་འཇོམས་མ་སྟེ། འདི་དག་ཀྱང་ཁ་དོག་གཉིས་མའོ། །ཡིད་དུ་འོང་མ་སྔ་མ་ལྟ་བུར་རོ་ལ་ཞོན་པའོ། །དཔལ་ཧེ་རུ་ཀ་ལ་སོགས་པ་དཔའ་བོ་རྣམས་ནི་རྡོ་རྗེ་དང་དྲིལ་བུས་འཁྱུད་པའི་ཕྱག་རྒྱ་ཅན་ནོ། །ལྷ་མོ་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་ཐོགས་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྤྱན་གསུམ་མ་མཆེ་བ་གཙིགས་མ། ཐོད་པའི་འཕྲེང་བས་བརྒྱན་པ། འོད་ཟེར་དུ་མ་འཕྲོ་ཞིང་འབར་བ། ཁྲོ་གཉེར་ཡོན་པོའི་མིག་གིས་ལྟ་བ། རོ་མནན་ཞིང་དེ་ལས་འོད་ཟེར་འབར་བ། ཉི་མ་ལ་གར་གྱིས་བཞུགས་པའོ། ཁྭའི་གདོང་ཅན་མ་ལ་སོགས་པ་བཤད་པ་ནི་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཐོར་ཚུགས་ཀྱི་ནོར་བུ་དང་རྣ་ཆ་དང་མགུལ་རྒྱན་དང་གདུ་བུ་དང་རྡོ་རྗེའི་སྐེད་པ་དང་ཐོད་པའི་འཕྲེང་བས་མགུལ་པ་བརྒྱན་པ། དེ་བཞིན་དུ་རྐང་པ་གཉིས་ལ་
དྲིལ་བུ་གཡེར་ཁས་བརྒྱན་པ། ཤིན་ཏུ་གཡོན་བརྐྱང་པས་བཞུགས་པའོ། །གོང་གི་དཔའ་བོ་ཉི་ཤུ་བཞི། །ཧེ་རུ་ཀ་དཔལ་རིགས་བྱུང་བ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོའི་རིགས་ལས་བྱུང་བའོ། །ཞེས་པ་སྟེ། དེ་ཡང་དེ་ལྟར་སྤྲོས་ཤིང་སྦྱར་བ་དེ་ནས་ཕྱི་དཀྱིལ་དང་ལུས་དཀྱིལ་གྱི་མཁའ་འགྲོ་མ་རྣམས་ཕྱི་དང་ནང་གིས་བསྡུས་པ་རང་རང་གི་གནས་རྣམས་ལ་རྣམ་པར་རོལ་ཞིང་གནས་པ་སྟེ། ནང་དུ་སྙིང་གའི་ཤར་གྱི་འདབ་མ་ཆུ་རླུང་རྒྱུ་བའི་རྩ་དང༌། བདེ་ཆེན་འཁོར་ལོ་པདྨ་སེར་མོ་འདབ་མ་བརྒྱད་པའི་ཤར་གྱི་པད་འདབ་ཏུ་མཁའ་འགྲོ་མ་ཞེས་བྱ་བ། ལྷ་མོ་མཱ་མ་ཀཱིའི་ངོ་བོ་མཚན་གྱི་རྣམ་གྲངས་གཞན་གསོད་བྱེད་མ་སྟེ། སྐུ་མདོག་སྔོ་ལ་སྐྱ་བའི་འོད་ཅན་ཏེ། སྔོ་ལ་དཀར་བའི་མདངས་ཅན་ནོ། །རྭ་འགྱུར་ན་དཀར་སྔོན་དུ་སྣང་བ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ནོ་ཞེས་སྐབས་འདིར་ཡང་ཕྱག་མཚན་བཤད་དོ། །ནང་དུ་སྙིང་གའི་བྱང་རླུང་གི་རླུང་རྒྱུ་བའི་རྩ་དང་ཕྱི་རུ་བདེ་ཆེན་འཁོར་ལོའི་པད་འདབ་བྱང་མར་ལཱ་མ་སྐུ་མདོག་ལྗང་ལ་དཀར་བའི་མདངས་ཅན་ནོ། །ལཱ་མ་ཞེས་པ་མཛེས་མར་བསྒྱུར་བ་དང༌། དགའ་མར་བསྒྱུར་བ་དང༌། །རོལ་པ་མོར་བསྒྱུར་བ་གསུམ་ཡོད་དེ། གསུམ་ཀར་དོན་གྱི་ཕྱོགས་རེ་ནས་འབྱོར་བ་ཡིན་ནོ། །ནང་དུ་སྙིང་གའི་ནུབ་ཀྱི་རྩ་མེ་རླུང་རྒྱུ་བ་དང༌། །ཕྱི་རུ་བདེ་ཆེན་གྱི་པད་འདབ་ནུབ་མ་ལ་དུམ་སྐྱེས་མ་དམར་ལ་དཀར་བའི་མདངས་དང་ལྡན་པའོ། །ནང་དུ་སྙིང་གའི་ལྷོ་ས་རླུང་རྒྱུ་
བའི་རྩ་དང༌། ཕྱི་རུ་བདེ་ཆེན་གྱི་པད་འདབ་ལྷོ་མ་ལ་གཟུགས་ཅན་མ་སེར་ལ་དཀར་བའི་མདངས་ཆགས་པའི་མདོག་ཅན་ཏེ། དེ་ཡང་མཁའ་འགྲོ་མ་ལ་སྔོ་སྐྱ་དང༌། གཞན་རྣམས་ལ་ལྗང་སེར་དམར་སེར་ཞེས་འདོན་པ་ནི། རྒྱ་སྐད་དུ་གཽ་ར་ཞེས་པ་དཀར་བ་དང་སེར་བ་ལ་འཇུག་པའི་གནས་སྐབས་གཉིས་བྱུང་ཞིང༌། གོས་ཆེན་པོས་གཽ་ར་སེར་པོར་བསྒྱུར་བ་མང་བས། གཞུང་འདིའི་ཡང་འགྱུར་གྱི་རྩ་བ་འགོས་འགྱུར་ཡིན་ནོ། །དེའི་ཕྱིར་གཞན་རྣམས་སེར་པོར་བསྒྱུར་ལ། མཁའ་འགྲོ་མ་སྔོ་སེར་དུ་བྱས་ན། ལཱ་མ་ལྗང་ཁུ་དང་ཟློས་པར་བསམ་ཏེ། སྔོ་སྐྱའམ་དཀར་སྔོན་དུ་བྱས་སོ། །འོན་ཀྱང་རྡོ་རྗེ་མཁའ་འགྲོ་ལས། བྱང་དུ་མརྒད་དཀར་བའི་མདོག །ཅེས་པ་དང༌། ནུབ་ཏུ་དམར་ཞིང་དཀར་བའི་མདོག །ཅེས་སོགས་འབྱུང་བས། སྐབས་འདིར་གཽ་ར་ཞེས་པ་ཐམས་ཅད་དཀར་བའི་དོན་ཏེ། དེ་ནི་འབྱུང་བ་བཞི་ལ་སོགས་པ་ཁམས་རྣམས་ཀྱི་རང་བཞིན་རྣམ་པར་དག་པ་གདོད་ནས་དྲི་མས་མ་གོས་པ་དང༌། ཐབས་བདེ་བ་ཆེན་པོ་ཧེ་རུ་ཀའི་བྱང་ཆུབ་ཀྱི་སེམས་ཀྱིས་སྐུ་ལུས་ལ་ཁྱབ་པ་མཚོན་པའོ། །སེར་བའི་མདངས་ཅན་དུ་འདོད་པ་རྣམས་ཀྱི་བསམ་པ་ནི། རིན་པོ་ཆེའི་རིགས་སོ་ཞེས་དགོངས་པ་ཡིན་མོད། འོན་ཀྱང་འདིར་དེ་ལྟར་མི་སྦྱོར་རོ། །དེ་ལ་ལྷ་རྣམས་ཀྱི་མཚན་དོན་ལང་ཀ་རྒྱལ་བཟང་སོགས་ཀྱིས་རྣམ་གྲངས་གཞན་དུ་བཤད་ཡོད་ཀྱང༌། འདིར་ལེན་མི་དགོས་ལ། སྤྱིར་འཇིག་རྟེན་སྲིན་མོ་རྫུ་འཕྲུལ་ཆེ་བ་རྣམས་རོ་ལངས་ཀྱི་བཞོན་པ་ལ་བརྟེན་ཏེ་ནམ་མཁའ་ལ་འགྲོ་ཞིང་གཞན་གྱི་སྲོག་འཕྲོག་པས། མཁའ་འགྲོ་མ་དང་གསོད་བྱེད་མ་ཞེས་ཟེར་ལ། འགའ་ཞིག་དུས་དང་དུས་ལ་མཆོད་པས་མགུ་བར་གྱུར་ན། མིའི་བྱད་གཟུགས་
ཕུན་སུམ་ཚོགས་པ་དང༌། རོལ་རྩེད་ཀྱི་དགའ་བ་སྣ་ཚོགས་དང༌། འཁྲིག་པའི་དེ་ཁོ་ན་ཉིད་སྟེར་བར་བྱེད་པས། ལཱ་མ་ཞེས་ཟེར་བ་དང༌། དེ་ཉིད་དགའ་བས་འདོད་པའི་སྒྱུ་རྩལ་བྱེད་པ་ཡང་ཡིན་ལ། སྐྱེ་བོ་རྣམས་ཡིད་གཡོ་བའི་སྒོ་ནས་ལུས་ངག་བསྐྱོད་པར་ཡང་བྱེད་དུ་འཇུག་པས་འདོད་པའི་སྒྱུ་རྩལ་དང༌། གཡོ་བ་ནི་གར་ཏེ་དེའི་ཕྱིར་གར་གྱི་དབང་ཕྱུག་མའོ། །ཡང་ཁ་ཅིག་གདོང་བརྙན་སོགས་ལུས་ཀྱི་ཆ་ཤས་དུམ་བུ་མི་འདྲ་བར་བསྒྱུར་ཞིང༌། སྒྲ་སྣ་ཚོགས་ཀྱིས་འཇིགས་པ་བསྐྱེད་པ་དང༌། ལུང་སྟོན་པ་དང༌། རིགས་སྔགས་སྟོན་པར་བྱེད་པས་དུམ་བུའི་ལུས་ལས་སྒྲ་ཡིག་སྐྱེད་པའི་ཕྱིར། དུམ་སྐྱེས་མ་ཞེས་ཟེར་ཏེ་འཇིག་རྟེན་དབང་དུ་བྱེད་ཅིང་འགུགས་པར་བྱེད་པའོ། ཁ་ཅིག་ནི་སྡུག་པ་དང་མི་སྡུག་པ་རྒན་གཞོན་བར་མ་སྣ་ཚོགས་དང༌། མི་དང་དུད་འགྲོ་དང་ལྗོན་ཤིང་ལ་སོགས་པ་གཟུགས་སྣ་ཚོགས་པར་བསྒྱུར་ཏེ་སྐྱེ་བོ་རྣམས་འཕྲུལ་ཞིང་རྨོངས་ལ་ཉམས་པར་བྱེད་པའི་ཕྱིར། གཟུགས་ཅན་མ་ཞེས་ཟེར་ཞིང་ལྷུང་བའི་ལས་བྱེད་པ་མོའོ། །དེ་ལྟར་ན་གདུལ་བྱ་དེ་རྣམས་འདུལ་བའི་ཕྱིར། དགོངས་གཞི་ངེས་པའི་དོན་ལ་དགོངས་ནས། དེ་དག་གི་མིང་གིས་བཅོམ་ལྡན་འདས་མ་རྣམས་ལ་ཡང་མཚན་པར་བྱས་པ་སྟེ། ཐུགས་སྤྲོས་བྲལ་གྱི་ནམ་མཁའ་ལ་ཡེ་ཤེས་གྱ་གྱུར་འགྲོ་བའི་ཕྱིར་མཁའ་འགྲོ་མ་དང༌། དུམ་དུ་སྐུ་ལས་གསུང་གི་སྣང་བ་སྐྱེད་པའི་ཕྱིར་དུམ་སྐྱེས་མ་དང༌། སྐུའི་སྤྲུལ་པ་གཟུགས་ཅན་མཐའ་དག་གི་རྣམ་པར་སྟོན་པའི་ཕྱིར་གཟུགས་ཅན་མ་དང༌། ཡེ་ཤེས་དགའ་བ་ཐམས་ཅད་ལ་རོལ་བའི་ཕྱིར་ལཱ་མའོ། །དེ་ལྟར་མཁའ་འགྲོ་མ་བཞི་པོ་འདི་ཐམས་ཅད་ནི་གདན་མི་རོའི་སྟེང་ན་ཞབས་གཡས་བརྐྱང་
བའི་གར་སྟབས་ཀྱིས་བཞུགས་པ་སྟེ། གཡས་བརྐྱང་ཉིད་གར་གྱི་ཚུལ་ཡིན་པས་གར་སྟབས་ཞེས་བྱ་ཡི། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ནི་མ་ཡིན་ནོ། །དེ་ཡང་རྒྱ་སྐད་དུ། ནརྟ་པ་ཞེས་པ་ནི། སྒྲ་དྲང་ཐད་དུ་བསྒྱུར་ན་གར་སྟབས་ཞེས་བྱ་སྟེ་གར་གྱི་ཚུལ་སྤྱིའི་མིང་ཡིན་ལ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ལ་ནི་ཏན་ཌ་བ་ཞེས་ཟེར་གྱི་གར་ཞེས་པའི་སྐད་དོད་མེད་དོ། །ཕྱག་གཡས་དང་གཡོན་ན་གྲི་གུག་དང་ཐོད་པ་བསྣམས་པ། དབུ་སྐྲ་ཕྱེད་གྱེན་དུ་བརྫེས་ཤིང་བཅིངས་པ། ཕྱེད་ཐུར་དུ་གྲོལ་བ་ཡིན་ལ། ཁ་ཅིག་འགྱུར་གཞན་ལས། དབུ་སྐྲ་གྱེན་དུ་འབར་བ་ཞེས་འབྱུང་བ་ལྟར་སྐྲ་དམར་སེར་བརྫེས་པར་ཡང་འདོད་དོ། །རུས་པའི་རྒྱན་ལྔ་དང༌། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རྩེ་ཕྲན་ལྔ་ལ་སོགས་པ་རྒྱན་རྣམས་ཀྱིས་བརྒྱན་པ། མཆེ་བ་གཙིགས་ཤིང་བཞད་པའི་ཞལ་རས་གཅིག་པ། ཕྱག་གཡོན་གྱི་ཐོད་པ་རྣམས་ཀྱི་ནང་དུ་ཁྲག་དང་བདུད་རྩི་འདྲེས་པས་ཅུང་ཟད་གང་བའི་དབུས་སུ། མཁའ་འགྲོ་མའི་ལ་གླང་པོ་ཆེ་དང༌། ལཱ་མའི་ལ་ཅེ་སྤྱང་དང༌། དུམ་སྐྱེས་མའི་ལ་མི་སྟེ་སྐྱེས་པ་དང༌། གཟུགས་ཅན་མའི་ལ་བ་ལང་ཁྱུ་མཆོག་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཡོད་པའོ། །དབུ་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱིས་མཚན་ཞིང་ཡང་དག་པར་ལྡན་པ་ཞེས་པ་ནི། ཆད་འཇུག་ནོར་བ་ལྟ་བུའི་རྐྱེན་གྱིས། རྒྱ་དཔེ་ཚིག་འཁྲུགས་པ་ལ་བརྟེན་ནས་བསྒྱུར་བས་དོན་ཡང་འཁྲུལ་པ་སྟེ། མི་མགོའི་ཐོད་པ་དབུར་བསྒྱུར་ནས་ཡུམ་བཞིའི་དབུ་རྒྱན་དུ་བསམ་པར་འདུག་གོ །དེས་ན་རཱ་འགྱུར་ལས། ཕྱོགས་དང་བྲལ་བ་བཞི་པོ་ནི། བདུད་རྩི་ལྔ་ཡི་སྣོད་ཡིན་ཏེ། སངས་རྒྱས་
གཟུགས་ཀྱིས་ཉེར་མཛེས་པའི། ཐོད་པར་ཡང་དག་ལྡན་པའོ། །ཞེས་འབྱུང་བ་ལྟར་བཤད་དགོས་ཏེ། རྡོ་རྗེ་མཁའ་འགྲོ་ལས་ཀྱང༌། མཚམས་ནི་རྣམ་པ་བཞི་རྣམས་སུ། །བདུད་རྩི་ལྔ་ཡི་ཐོད་པ་ཉིད། །སངས་རྒྱས་གཟུགས་བརྙན་ཉེ་བར་མཛེས། ཅོད་པན་བཟང་པོ་ཡང་དག་ལྡན། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་སློབ་དཔོན་གྱིས་བཀོད་པའོ། །དེས་ན་འདི་སྐད་ཅེས་བྱ་སྟེ། ནང་སྙིང་གའི་མཚམས་ཀྱི་རྩ་འདབ་མཆོད་པའི་རྩ་བཞི་དང༌། ཕྱི་བདེ་ཆེན་འཁོར་ལོའི་མཚམས་ཀྱི་འདབ་མ་བཞིར་ཡང༌། ལྔར་གཅིག་གིས་མ་ཚང་བའི་ཐོད་པའི་སྣོད་རྣམས་སྟེ། བདུད་རྩི་ལྔས་གང་བ་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱིས་མཚན་ཞིང་ཡང་དག་པར་ལྡན་པའོ། །དེ་ཡང་དཀྱིལ་ཆོག་ལས། མཚམས་ཀྱི་ཆ་ཡི་པདྨ་ལ། །མ་དང་དེ་བཞིན་ཕ་དང་ནི། །རྒྱལ་པོ་དང་ནི་རྒྱལ་རིགས་གཉིས། །མགོ་ཡི་སྣོད་ནས་མཆོད་བྱེད་པ། །ཞེས་གསུངས་ཏེ། ཤར་ལྷོར་ཁམས་དམར་པོས་གང་བའི་ཐོད་པ་ལ་རིན་ཆེན་འབྱུང་ལྡན་གྱི་སྐུ་གཟུགས་དང་ལྷོ་ནུབ་ཏུ་ཁུ་བས་གང་བའི་ཐོད་པ་ལ་འོད་དཔག་མེད་ཀྱི་སྐུ་གཟུགས་དང༌། ནུབ་བྱང་དུ་རྐང་སོགས་ཤ་ཆེན་གྱི་དྭངས་མས་གང་བའི་ཐོད་པ་ལ་དོན་ཡོད་གྲུབ་པའི་སྐུ་གཟུགས་དང༌། བྱང་ཤར་དུ་དྲི་ཆེན་དྲི་ཆུས་གང་བའི་ཐོད་པ་ལ་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་ཀྱིས་མཚན་པ་སྟེ། བདུད་རྩིའི་སྟེང་དུ་སྐུ་གཟུགས་ཡོངས་སུ་རྫོགས་པ་ཐོན་པ། ཡབ་རྐྱང་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན། ཕྱག་རྒྱ་སྤྱི་དང་མཐུན་པར་བྱེད་དེ། འདི་དག་རྣམ་པ་སངས་རྒྱས་བཞིའི་སྐུ་འདྲའི་ཚུལ་ཡིན་ནོ། །སྙིང་པོའི་རྣལ་འབྱོར་
མ་བཞི་སྐུ་མདོག་དཀར་བའི་མདངས་ཅན་དང༌། ཐོད་པའི་ནང་གི་སྲོག་གཟུགས་དང༌། མཚམས་ཀྱི་ཐོད་པའི་སངས་རྒྱས་ཀྱི་སྐུ་གཟུགས་རྣམས་རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་མཛད་པ་ཡིན་ཡང༌། དཀྱིལ་འཁོར་འདི་རྩ་རྒྱུད་ཀྱི་ཡིན་གྱི་རྡོ་རྗེ་མཁའ་འགྲོའི་མ་ཡིན་པས། མཁའ་འགྲོ་མ་དང་ལྟུང་བྱེད་མ་སྦྱོར་བ་སོགས་དང༌། མཚམས་ཀྱི་ཐོད་པ་རྣམས་བདུད་རྩི་ལྔ་འདྲེས་ཀྱིས་གང་བ་སོགས༌། དེའི་འགྲེལ་པ་དང་སྒྲུབ་ཐབས་ཀྱི་ལུགས་སྒྲ་ཇི་བཞིན་པ་འདི་ལ་སྦྱོར་མི་དགོས་ཏེ། དེར་སྙིང་པོའི་རྣལ་འབྱོར་མ་བཞི་ཡང་ཕྱག་བཞི་མ། ཕྱག་མཚན་ཡང་མ་ཧཱ་མཱ་ཡའི་འཁོར་དང་འདྲ་རུང་དུ་འབྱུང་བ་འདིར་སྦྱོར་མི་དགོས་པ་བཞིན་ནོ། །ནང་དེ་བཞིན་དུ་སྦྱར་ཏེ། སྤྱི་གཙུག་དང་བྱང་རྩིབས་ཡུལ་ཆེན་ཛ་ལནྡྷ་རར་ཁམས་སྐྲ་དང་བ་སྤུ་འབབ་པ་དཔའ་བོ་ཀེང་རུས་ཆེན་པོ་དང༌། རྩ་ཕྲ་གཟུགས་མ་གཏུམ་མིག་མའོ། །རྣ་བ་གཡས་པ་དང་ནུབ་རྩིབས་ཨོ་ཊི་ཡ་ཎ་ན་ཁམས་ལྤགས་པ་དང་དྲི་མ་འབབ་པ། དཔའ་བོ་ཀེང་རུས་དང༌། རྩ་རྩེ་བ་མ་ལྷ་མོ་འོད་ལྡན་མའོ། །ལྟག་པ་དང་ལྷོ་རྩིབས་ཨརྦུ་ཏར་ཁམས་ཤ་འབབ་པ་མཆེ་བ་རྣམ་པར་གཙིགས་པ་དང༌། རྩ་གཡོན་པ་མ་སྣ་ཆེན་མའོ། །དེ་དག་ནི་ཤར་ལ་སོགས་པ་ནས་ལུགས་མི་མཐུན་པ་སྟེ་གཡོན་བསྐོར་གྱི་རིམ་པས། བྱང་དང་ནུབ་དང་ལྷོའི་རྩིབས་ལ་སྟེ་རིམ་པས་འགོད་པའོ། །རིམ་པ་དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱ་སྟེ། གཞུང་གི་དངོས་བསྟན་ལ་ནང་དཀྱིལ་ལ་ཡུལ་ཆེན་གྱི་དག་པ་སྨོས་པས། ཕྱི་དཀྱིལ་ལ་ཡང་དག་པ་དེས་ཤེས་པར་བྱ་སྟེ། ནང་གི་དཔའ་བོ་དཔའ་མོ་ལ་རྩ་ཁམས་ཀྱི་དག་པ་སྨོས་པ་བཞིན་དུ། ཕྱི་དཀྱིལ་གྱི་ལྷ་ཡང་རྩ་ཁམས་དེ་དང་
དེའི་དག་པ་ཡིན་ལ། དེའི་ཕྱིར་གོང་དུ་གཞལ་ཡས་ཁང་གི་ཕྱི་དབྱིབས་སྦྱང་བྱ་ལུས་སྦྱོང་བྱེད་དུ་བཤད་པའང་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །དེ་དག་ནི་གནས་ཏེ་ས་དང་པོ་རབ་ཏུ་དགའ་བའི་སའོ། །རྣ་བ་གཡོན་པ་གོ་ད་བ་རིར་ལུས་ཀྱི་གནས་ཐམས་ཅད་དུ་ཁམས་ཆུ་རྒྱུས་འབབ་པ། སུ་ར་པེ་རི་ལྷའི་དགྲ་དང༌། རྩ་ཐུང་ངུ་མ་དཔའ་བོའི་བློ་མའོ། །སྨིན་མའི་དབུས་རསྨཱི་ཤྭ་རར་ཁམས་རུས་པའི་འཕྲེང་བ་སྟེ་རུས་པའི་ཚོགས་རྣམས་འབབ་པ་འོད་དཔག་མེད་དང༌། རྩ་རུས་སྦལ་སྐྱེས་མ་མིའུ་ཐུང་མའོ། །མིག་གཉིས་དེ་བི་ཀོ་ཊ་དག་ལ་ཁམས་མཆིན་པ་འབབ་པ་རྡོ་རྗེའི་འོད་དང༌། རྩ་སྒོམ་པ་མ་ལང་ཀའི་དབང་ཕྱུག་མའོ། །དཔུང་པ་གཉིས་ཀྱི་རྩ་ཁ་མ་ལ་བ་ན་ཁམས་སྙིང་འབབ་པ་རྡོ་རྗེའི་སྐུ་དང༌། རྩ་དབང་མ་ཤིང་གྲིབ་མའོ། །དེ་བཞི་ཐུགས་འཁོར་གྱི་མཚམས་ཤར་ལྷོའི་རྩིབས་ལ་སོགས་པར་ལུགས་དང་མཐུན་པ་སྟེ་གཡས་སྐོར་དུ་དགོད་པའོ། །དེ་དག་ནི་ཉེ་བའི་གནས་སམ་ས་གཉིས་པ་དྲི་མ་མེད་པ་སྟེ། ཐུགས་ཀྱི་འཁོར་ལོ་མཁའ་ལ་སྤྱོད་པ་རྣམས་ཐབས་དང་ཤེས་རབ་ཁ་སྦྱོར་མཉམ་པར་འཇུག་པའི་ཚུལ་གྱིས་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཁམས་མིག་འབབ་པ་ནི་མྱུ་གུ་ཅན་དང༌། རྩ་སྐྱོན་ལྡན་མ་ནི་ས་སྲུངས་མའོ། །ནུ་མ་གཉིས་པོ་ཨོ་ཊེ་རུ་ཁམས་མཁྲིས་པ་འབབ་པ་རྡོ་རྗེ་རལ་པ་ཅན་དང༌། རྩ་འཇུག་མ་ནི་འཇིགས་བྱེད་ཆེན་མོའོ། །དེ་གཉིས་ཞིང་སྟེ་ས་གསུམ་པ་འོད་བྱེད་པའོ། །ལྟེ་བ་ཏྲི་ཤ་ཀུ་ནེར་ཁམས་གློ་བ་འབབ་པ་དཔའ་བོ་ཆེན་པོ་དང༌། རྩ་མ་མོ་རླུང་གི་ཤུགས་ཅན་མའོ། །སྣའི་རྩེ་མོ་ཀོ་ས་ལ་ནས་
ཁམས་རྒྱུ་མའི་འཕྲེང་བ་འབབ་པ་རྡོ་རྗེ་ཧཱུཾ་མཛད་དང༌། རྩ་མཚན་མོ་ནི་ཆང་འཐུང་མའོ། །དེ་གཉིས་ཉེ་བའི་ཞིང་དང་ས་བཞི་པ་འོད་འཕྲོ་བའོ། །བཞི་པོ་དེ་ཕྱི་རོལ་དུ་གསུང་གི་འཁོར་ལོའི་ཤར་ལ་སོགས་པའི་རྩིབས་རྣམས་སོ། ཁ་སྒོའི་གནས་ཀ་ལིང་ག་ནས་ལོགས་ཀྱི་རྩིབས་འབབ་པ་ཞེས་པ་འགྱུར་གཞན་དུ་སྟ་ཟུར་གྱི་རྒྱུས་པ་འབབ་པར་ཡང་བྱས། ཁ་ཅིག་ལས་སྙེ་མ་འབབ་པ་ཞེས་འབྱུང་སྟེ། ཁམས་དེ་ནི་དཔའ་བོ་རབ་ཏུ་བཟང་པོ་དང་རྩ་བསིལ་སྦྱིན་མ་ནི་སྔོ་སངས་ལྷ་མོའམ་ལྗང་ལྷ་མོའོ།། མགྲིན་པ་ལམྦྷ་ཀ་ར་ལྟོ་བ་སྟེ་ཕོ་བའི་ཁམས་འབབ་པ་རྡོ་རྗེ་བཟང་པོ་དང༌། རྩ་ཚ་བ་མ་ཤིན་ཏུ་བཟང་མོའོ། །དེ་གཉིས་ནི་ཉེ་བའི་ཚནྡྷོ་ཧ་སྟེ་ས་ལྔ་པ་སྦྱངས་དཀའ་བའོ། །སྙིང་ག་ཀཉྩིར་ཁམས་བཤང་བ་འབབ་པ་འཇིགས་བྱེད་ཆེན་པོ་དང༌། རྩ་གཞོལ་མ་རྟ་སྣ་མའོ། །འདོམ་བར་ཏེ་རྩ་སཾ་སེ་དང་སྐྱེས་པའི་འབྲས་བུ་གཉིས་དང་བཅས་པའམ་བུད་མེད་ཀྱི་རྩ་དེ་ཁོ་ན་དང་གསང་བའི་ཁ་སྐོར་རྩ་འབྲུ་འཁུར་འབྲམ་དང་བཅས་པ་སྟེ། ཧི་མ་ལ་ཡ་ནི། ཁམས་འཚོགས་མའི་མཚམས་ཀྱི་མཐའ་འབབ་པ་མིག་མི་བཟང་དང༌། རྩ་རངས་མ་ཁ་གཱ་ན་ན་སྟེ། དེ་གཉིས་ཚིནྡྷ་ཧེ་དང་ས་དྲུག་པ་མངོན་དུ་གྱུར་པའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྔར་བཞིན་ཏེ། མཚམས་ཀྱི་རྩིབས་རྣམས་གཡས་སྐོར་གྱིས་ཀ་ལིང་ཀ་ལ་སོགས་པའོ། །གསུང་གི་འཁོར་ལོས་སྟེང་ན་སྤྱོད་མ་སྟེ། དེ་རྣམས་ནི་ཡབ་ཡུམ་སྙོམས་པར་ཞུགས་པས་རྣམ་པར་གནས་སོ། །སྐྱེས་པའི་ལིང་ག་དང༌། བུད་མེད་ཀྱི་སྐྱེས་གནས་ཀྱི་དབུས་ནི་པྲེ་ཏ་པུ་རི་སྟེ་ཡི་དྭགས་གནས་པ་ཞེས་བྱ་བ་ན། ཁམས་བད་ཀན་འབབ་པ་སྟོབས་པོ་ཆེ་དང༌། རྩ་ཤིན་ཏུ་གཟུགས་
ཅན་མ་འཁོར་ལོའི་ཤུགས་ཅན་མའོ། །བཤང་ལམ་གྲྀ་ཧ་དེ་བ་ཏ་སྟེ། ཁྱིམ་གྱི་ལྷའི་གནས་ན། ཁམས་རྟག་ཏུ་རྣག་འབབ་པ་རིན་ཆེན་རྡོ་རྗེ་དང༌། རྩ་སྤྱི་མ་དུམ་སྐྱེས་མའོ། །དེ་གཉིས་ནི་འདུས་པ་སྟེ་ས་བདུན་པ་རིང་དུ་སོང་བའོ། བརླ་གཉིས་སཽ་རཥྟ་ན་ཁམས་ཁྲག་འབབ་པར་རབ་ཏུ་གྲགས་བ་རྟ་མགྲིན་དང༌། རྩ་རྒྱུ་སྦྱིན་མ་ཆང་འཚོང་མའོ། །བྱིན་པ་གཉིས་གསེར་གླིང་ན་ཁམས་རྡུལ་འབབ་པ་ནམ་མཁའི་སྙིང་པོ་དང༌། རྩ་སྦྱོར་བྲལ་མ་འཁོར་ལོའི་གོ་ཆ་མ་སྟེ། དེ་གཉིས་ཉེ་བའི་འདུ་བ་སྟེ་ས་བརྒྱད་པ་མི་གཡོ་བའོ། །སྡོམ་འབྱུང་ལས། རྐང་པའི་སོར་མོ་ན་ག་རར། །ཞེས་གསུངས་པས། ལག་སོར་མ་ཡིན་ཏེ། རྐང་སོར་བརྒྱད་པོ་ན་ག་ར་ནས། ཁམས་ཚིལ་འབབ་པ་དཔལ་ཧེ་རུ་ཀ་དང༌། རྩ་སྡུག་གུ་མ་ཤིན་ཏུ་དཔའ་མོའོ། །རྐང་པའི་རྒྱབ་སྟེ་བོལ་གོང་སིནྡྷུ་ནས་ནི། ཁམས་རྟག་ཏུ་མཆི་མ་འབབ་པ་པདྨ་གར་གྱི་དབང་ཕྱུག་དང༌། རྩ་གྲུབ་མ་སྟེ་སྟོབས་ཆེན་མའོ། །དེ་གཉིས་དུར་ཁྲོད་དེ་ས་དགུ་པ་ལེགས་པའི་བློ་གྲོས་སོ། །རྐང་པའི་མཐེ་བོང་གཉིས་མྱ་ངམ་སྟེ་མ་རུའི་ཡུལ་ནས་ཁམས་མཆིལ་མ་ཁ་ཆུ་འབབ་པ་རྣམ་པར་སྣང་མཛད་དང༌། རྩ་འཚེད་པ་མ་འཁོར་ལོས་བསྒྱུར་མའོ། །ནང་ལུས་དཀྱིལ་ལ་པུས་མོ་གཉིས་དང༌། ཕྱི་དཀྱིལ་ལ་སྐུ་འཁོར་གྱི་རྩིབས་བྱང་ཤར་མ་ཡུལ་ཆེན་ཀུ་ལུ་ཏ་སྟེ་ཁམས་བྱིས་པའི་སྣབས་འབབ་པ་རྡོ་རྗེ་སེམས་དཔའ་དང༌། རྩ་ཡིད་བཟང་མ་བརྩོན་འགྲུས་ཆེན་མོའོ། །དེ་གཉིས་ཉེ་བའི་དུར་ཁྲོད་དེ་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །སྐུའི་འཁོར་ལོ་ས་འོག་ན་སྤྱོད་པ་སྟེ། དེ་རྣམས་ཡབ་ཡུམ་མཉམ་པར་སྦྱོར་བ་ཁ་སྦྱོར་གྱི་ཚུལ་དུ་
བཞུགས་སོ། །མཚམས་ཀྱི་རིམ་པ་རྣམས་ལ་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་དང༌། འགྲེལ་པ་དང༌། ས་བཅུའི་བྱང་ཆུབ་སེམས་དཔའི་སྒྲུབ་ཐབས་འགྲེལ་པ་རྣམས་ལས། དབང་ལྡན་ནས་འགོ་བརྩམས་ཏེ་གཡོན་སྐོར་སོགས་བཤད་པའང་ཡོད་པས། སྤྱིར་དེ་བཞིན་ཡང་འཐད་པ་ཁོ་ན་ཡིན་མོད་ཀྱང༌། འདིར་ནི་སྒོ་མཚམས་མའི་སྐབས་སུ་མེ་མཚམས་གཤིན་རྗེ་བརྟན་མ་ནས་བརྩམས་ཏེ་བསྐོར་བར་བཤད་ཅིང༌། ལཱུ་དྲིལ་ནག་གསུམ་ཡང་ལྷ་འགོད་ཚུལ་གྱི་རིམ་པ་ལ་མི་མཐུན་པ་མེད་པར་གྲགས་པ་བཞིན་འཐད་པས། སྔར་ཐུགས་འཁོར་གྱི་སྐབས་སུ་དབང་ལྡན་ནས་ཞེས་འབྱུང་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་ཡིན་གྱི། རྒྱ་དཔེ་ལ་ཕྱིས་ཀྱི་འགས་ཡིག་ཆུང་བཏབ་པར་དཀྱུས་སུ་ཤོར་བའི་ཡིག་ནོར་བྱུང་བར་མངོན་ནོ། །སྙིང་གའི་ཕྱི་སྐོར་དང་འབྲེལ་བའི་རྩ་བུ་ག་བརྒྱད་དུ་ཟུག་པ། ཁམས་སྙིགས་མ་བརྒྱད་འབབ་པ་རྣམས་ནི། དམ་ཚིག་འཁོར་ལོའི་སྒོ་མཚམས་ནས་བརྩམས་ཏེ་དུར་ཁྲོད་བརྒྱད་ཀྱི་བར་རྣམ་པར་དག་པ་ཡིན་ཏེ། ཕྱི་ནང་གི་དག་སྦྱོར་གཅིག་ཡིན་ལ། དམ་ཚིག་འཁོར་ལོ་ཉིད་ནས་བརྩམས་ཏེ། དུར་ཁྲོད་ཀྱི་ཆར་གཏོགས་པར་ཡང་བཤད་དོ། །དེ་ཡང་ནད་ལུས་དཀྱིལ་ལ་ཁའི་སྒོ་དང་ཕྱིའི་ཤར་སྒོར་རྩ་གཞན་མཐུ་རྩེ་མོ་རྣམ་པར་དག་པ་ཁྭ་གདོང་མའོ། །ཆུ་ལམ་དང་བྱང་སྒོར་རྩ་མཐུ་བསྐྱེད་མ་རྣམ་པར་དག་པ་འུག་གདོང་མའོ། །བཤང་ལམ་དང་ནུབ་སྒོར་རྩ་རོའི་རྩེ་མོ་ཁྱི་གདོང་མའོ། །སྣ་བུག་གཉིས་དང་ལྷོ་ཕྱོགས་ཀྱི་སྒོར་རྩ་རོ་ལུས་མ་ཕག་གདོང་མ་སྟེ། འདི་བཞི་པོ་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་རྣམས་ཀྱི་ཁ་དོག་དང་ལྡན་པ་སྟེ་སྔོ་སྐྱ་ལ་སོགས་པ་ཡིན་ལ། གླང་པོ་ལ་སོགས་པ་སྲོག་གཟུགས་བཞི་པོ་མ་གཏོགས། མཚན་མ་ཕྱག་མཚན་གྲི་གུག་
ཐོད་པ་དང་ལྡན་པ་ཉི་མ་དང་མི་རོའི་གདན་ལ་གནས་ཤིང༌། སྐུ་དེ་ལས་འོད་ཟེར་འབར་བ། ཁྲོས་པའི་བཞིན་ཀུན་ཏུ་རྣམ་པར་འགྱུར་ཞིང༌། སྤྲུལ་པ་སྣ་ཚོགས་སུ་རྣམ་པར་འགྱུར་བའོ། །འདིར་ནི་གཡོན་སྐོར་ལ་ལུགས་མཐུན་གྱི་རིམ་པའི་ཐ་སྙད་མཛད་པའོ། །ཕོ་ཉ་མོ་རྣམས་ནི་ལུགས་དང་མི་མཐུན་པས། ཡང་དག་པར་རྣམ་པར་བཞག་སྟེ་ཞེས་འབྱུང་ན། རྭ་འགྱུར་ལས། ལུགས་འབྱུང་ལུགས་ལས་ཟློག་པ་ཡི། །ཕོ་ཉ་རྣམས་ནི་ཡང་དག་གནས། །ཞེས་བསྒྱུར་བ་བདེ་སྟེ། །ཕོ་ཉ་མོ་ཞེས་པ་སྒོ་མཚམས་མ་བརྒྱད་ཀའི་མིང་ངོ༌། །སྐབས་འདིར་གཡས་སྐོར་ལ་ལུགས་ཟློག་གི་ཐ་སྙད་མཛད་ནས། རྣ་བ་གཡས་དང་མེའི་མཚམས་ཀྱི་གྲྭར། རྩ་ནམ་མཁའ་མ་གཤིན་རྗེ་བརྟན་མ་དང༌། རྣ་བ་གཡོན་དང་སྲིན་པོའི་མཚམས་ཀྱི་གྲྭར་རྩ་ཆར་སྦྱིན་མ་གཤིན་རྗེ་ཕོ་ཉ་མོ་དང༌། མིག་གཡས་དང་རླུང་མཚམས་ཀྱི་གྲྭར། རྩ་རུལ་མ་གཤིན་རྗེ་མཆེ་བ་གཙིགས་མ་དང༌། མིག་གཡོན་དང་དབང་ལྡན་གྱི་མཚམས་ཀྱི་གྲྭར། རྩ་གཏོགས་མ་རྣམ་པར་དག་པ་གཤིན་རྗེ་འཇོམས་མ་སྟེ། མཚམས་ཀྱི་ལྷ་མོ་འདི་དག་ཀྱང་སྔ་མ་སྒོ་སྲུང་བཞི་ལྟར་མི་རོ་ལ་གདན་དུ་ཆིབས་པ་སོགས་རྣམ་པ་དང་མཚན་ཉིད་གཞན་འདྲ་བ་ལ༌། ཁ་དོག་གཞལ་ཡས་ཁང་གི་ཕྱོགས་མདོག་གི་རིམ་པས་ཕྱེད་གཟུགས་སུ་བྱ་སྟེ། དེ་ཡང་དཀའ་བའི་མདངས་ནི་འདི་དག་ལ་ཡང་ཡོད་པར་བྱ་ལ། རྣལ་འབྱོར་མ་བཅུ་གཉིས་པོ་འདི་རྣམས་ལ་ཁ་དོག་དཀར་པོ་དངོས་ཀྱི་ལྷ་མེད་པས། དཀར་པོ་རྣམ་སྣང་གི་རིགས་ཐུན་མོངས་སུ་འཇུག་པའི་ཕྱིར་དང༌། གོང་དུ་བཤད་པའི་རྒྱུ་མཚན་གཉིས་ཀྱང་འདི་དག་ལ་ཚང་བར་བྱེད་དགོས་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་
ལྷ་མོའི་ཞལ་ཅན་གྱི་དོན་ཏེ། སྤྱིར་མཛེས་ཤིང་ཡིད་དུ་འོང་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་ཅད་ཡིན་ལ། ཞི་ཞིང་འཛུམ་པའི་ཡིད་དུ་འོང་བ་ནི་འདི་དག་ཀྱང་མ་ཡིན་ཏེ་ཤིན་ཏུ་ཁྲོས་པའི་ཉམས་ཅན་གྱི་ཕྱིར་རོ། །དེས་ན་སྒོ་མ་རྣམས་གདོང་བརྙན་ཡིན་པས་གཟུགས་མི་སྡུག་པ་ཞེས་བྱ་ལ། མཚམས་མ་རྣམས་ལྷ་ཞལ་གྱི་ཕྱིར། ཡིད་འཕྲོག་པའི་གཟུགས་སུ་གསུངས་སོ། །སྤྱིར་མགོ་བརྙན་དུ་བྱེད་པའི་ཡེ་ཤེས་ལྷ་ཡང་མང་དུ་འབྱུང་མོད་ཀྱི། འདི་དག་མགོ་བརྙན་དུ་མི་ལེགས་གདོང་བརྙན་ཉིད་དུ་འཐད་པས། དེ་ལ་ཡང་སྐྲ་མཚམས་ཚུན་ཆད་གདོང་བརྙན་དུ་བྱེད་པ་དང༌། སྣའི་རྩ་བ་ཚུན་ཆོད་མཚུལ་པ་གདོང་བརྙན་དུ་བྱེད་པའི་ལུགས་གཉིས་ཡོད་ན། སྐྲ་མཚམས་ཚུན་ཆོད་གདོང་བརྙན་དུ་བྱེད་པ་ལེགས་སམ་སྙམ་མོ། །དེའི་ཕྱིར་ཁྱི་གདོང་དང་ཕག་གདོང་ལ་སྙན་ནི་དེ་ཉིད་ཀྱི་རྣ་བ་དང༌། དེའི་རྣ་བའི་རྩ་བ་ནས་ཕུག་སྟེ་རྣ་རྒྱན་འདོགས་དགོས་ལ། ཁྭ་ཏ་དང་འུག་པ་ལ་རྣ་བའི་འབུར་མེད་པས་མིའི་རྣ་བ་ལྟ་བུ་རྣ་ཤལ་ཐུང་ངུ་རེ་བྱའོ། །ཕྱེད་གཟུགས་རྣམས་ཀྱི་མིང་ལ་ལུས་ཕྱེད་དབང་ཕྱུག་མ་དང༌། མ་ཕྱེད་དབང་ཕྱུག་མ་དང༌། ལུས་ཕྱེད་མི་མོའི་དབང་ཕྱུག་མ་ཞེས་ཀྱང་བྱའོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་སྒྲས་བསྡུས་པ། དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའི་ཕྱག་རྒྱ་ཅན། ཕྱག་གཡོན་གྱིས་རང་རང་གི་ལྷ་མོའི་ནུ་མ་འཚིར་བ། ན་བཟའ་རྒྱན་དང་ཆ་བྱད་རྣམས་དཔལ་ཧེ་རུ་ཀ་ཉིད་དང་མཚུངས་པ་ལས་མི་རོའི་གདན་ལ་བཞུགས་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་སྤངས་པ། ཕྱག་རྒྱ་ལྔས་བརྒྱན་པར་བཤད་དོ། །ལྷ་མོ་ལ་གཟིགས་ཤིང་སྒྲོས་མནན་པ་སྟེ་
ཞལ་སྦྱོར་བས་ཡུམ་གྱི་མ་མཆུ་ཚེམས་ཀྱིས་འཚིར་བའོ།། ལྷ་མོ་ཉེར་བཞི་པོ་ཐམས་ཅད་ནི། རྒྱན་དང་རྣམ་པ་རྡོ་རྗེ་ཕག་མོ་དང་མཚུངས་པ་ལས། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་པ་ཐོགས་པས་ཡབ་ལ་འཁྱུད་པ་སྟེ། དཔའ་བོ་རྣམས་ནི་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། མཆེ་བ་བཞི་གཙིགས་པ། ཐོད་པའི་འཕྲེང་བ་སྟེ་མི་མགོའི་དབུ་རྒྱན་དང་དོ་ཤལ་གྱིས་བརྒྱན་པ། འོད་ཟེར་དུ་མ་འཕྲོ་ཞིང་འབར་བ་སྟེ་མེ་དཔུང་གི་དབུས་ན་བཞུགས་པ། ཁྲོ་གཉེར་ཡོན་པོ་སྟེ་འཁྲུགས་པའི་ཚུལ་དང༌། ཆགས་པའི་གཟིགས་སྟངས་གཡོ་བ་འདྲེས་པས་ལྟ་བ། ཉི་མའི་གདན་ལ་རོ་མནན་ཞིང་དེ་ལྟ་བུའི་སྐུ་ལས་འོད་ཟེར་འབར་བ། གཡས་བརྐྱང་པའི་གར་ཏེ། གཡས་བརྐྱང་གི་སྟབས་ཉིད་ཀྱིས་བཞུགས་པའོ། །འཁོར་ལོ་གསུམ་གྱི་ལྷ་རྣམས་ཀྱི་སྐུ་མདོག་ནི། དཀྱིལ་ཆོག་ལས། དཀར་མིན་དཀར་དང་དམར་པོ་ཡིས། །ཐ་མ་མཆོག་དང་བར་མ་སྟེ། །ཐམས་ཅད་རིམ་བཞིན་དགོད་པ་ནི། །བླ་མའི་རིམ་གྱི་དྲིན་ཡིན་ནོ། །ཞེས་གསུངས་པས། ཐུགས་འཁོར་བ་རྣམས་ནག་པོ། གསུང་འཁོར་བ་རྣམས་དམར་པོ། སྐུ་འཁོར་བ་རྣམས་དཀར་པོར་གསུངས་པ་ལྟར། གཙོ་བོར་བྱེད་པ་ཡིན་ལ། སྒྲུབ་ཐབས་སུ་མི་གསལ་བ་ནི། སེམས་རྣམ་པར་དག་པས་ཐམས་ཅད་ཀྱང་མཐིང་ཀར་བྱེད་པ་སོགས་སྐུ་མདོག་མི་འདྲ་བའི་ཁྱད་པར་མང་པོ་འདམ་ཁ་སྦྱར་དུ་ཡོད་པས་གང་ལྟར་བྱས་ཀྱང་མི་འགལ་བར་དགོངས་སོ། ཁྭ་ཏའི་གདོང་ཅན་མ་ལ་སོགས་པ་སྒོ་མཚམས་མར་བཤད་པ་རྣམས་ནི། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ་ཅན། ཐོར་ཚུགས་ཀྱི་ནོར་བུ་
ཞེས་པ་ནི། འདི་ལ་ཐོར་ཚུགས་མེད་པའི་ཕྱིར་ཅུང་ཟད་འགྱུར་མ་ལེགས་པ་སྟེ། དངོས་སུ་ན་གཙུག་གི་ནོར་བུའི་དོན་ནོ། །དེ་ལྟར་ན་གཙུག་གི་ནོར་བུ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུའི་རིགས་རྣམས་དང༌། རྡོ་རྗེའི་སྐེ་རགས་དང༌། ཐོད་པའི་འཕྲེང་བ་སྟེ་དོ་ཤལ་གྱིས་མགུལ་བ་ལ་བསྐོན་ཞིང་བརྒྱན་པ། དེ་བཞིན་དུ་རྐང་པ་གཉིས་ཀྱི་གདུ་བུ་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། ཤིན་ཏུ་གཡོན་བརྐྱང་བས་བཞུགས་པ་སྟེ། རྭ་འགྱུར་དུ་ཁ་ཊྭཾ་ག་འཛིན་པ་ཞེས་འབྱུང་ཡང༌། འགྱུར་གཞན་ལས་མི་འབྱུང་བ་དག་པར་མངོན་ལ། མན་ངག་འགའ་ལས་སྟག་ལྤགས་ཀྱི་ཤམ་ཐབས་སྒོ་མ་རྣམས་ཁོ་ནའི་ཁྱད་ཆོས་སུ་སྦྱོར་ཡང་རྒྱུ་མཚན་མེད་པར་མངོན་ནོ། །རོ་གདན་རྣམས་ཀྱི་དོན་རྭ་ལུགས་ཀྱི་མན་ངག་ནི། སྙིང་པོའི་རྣལ་འབྱོར་མ་རྣམས་ཀྱི་གདན་ནི་རིམ་པས། ཁྱབ་འཇུག་ཆེན་པོ་དང༌། གཞོན་ནུ་གདོང་དྲུག་དང༌། འདོད་པའི་ལྷ་དང་བརྒྱ་བྱིན་རྣམས་ཀྱི་རང་བཞིན་དུ་ཤེས་པར་བྱ་ཞིང༌། ཐོད་པ་རྣམས་ཀྱི་གདན་ཟླ་བར་བྱེད་པ་ནི། ཟླ་བ་བདུད་རྩིའི་རང་བཞིན་ཡིན་པས་བདུད་རྩི་སྐྱེད་པའི་ཕྱིར་ཡིན་ལ། ཐོད་པ་རྣམས་ནི་ལྷའི་བུ་ཉི་མ་དང་ཟླ་བ་དང་སྲིན་པོ་དང་ཐགས་བཟང་རིས་རྣམས་ཀྱི་ཐོད་པའོ། །ཐུགས་ཀྱི་དཔའ་བོའི་རོ་གདན་རྣམས་ནི་གཟའ་ཆེན་པོ་བརྒྱད་ཀྱི་ངོ་བོ་དང༌། གསུང་གི་ངོ་བོ་ནི་ཀླུ་ཆེན་པོ་བརྒྱད་དང༌། སྐུའི་བརྒྱད་ནི་དམྱལ་སྲུངས་ཏེ་གཤིན་རྗེ་བརྒྱད་དོ། །ཡང་ན་འཇིགས་བྱེད་ཆེན་པོ་ཉི་ཤུ་རྩ་བཞི་པོ་རྣམས་ཚར་བཅད་པའི་གདན་ཏེ། དོན་གྱི་གནད་གཅིག་པར་སྣང་བས་གཉིས་ཀ་མི་འགལ་ལ། མངོན་བརྗོད་བླ་མའི་འགྲེལ་པ་ཟངས་དཀར་ལོ་ཙཱ་བས་བྱས་པ་ན། འཇིགས་བྱེད་
ཉེར་བཞིར་པོ་འདི་ལྷ་བཞི་དང་དྲི་ཟ་བཞི། གནོད་སྦྱིན་བཞི་དང་སྲིན་པོ་བཞི། ཀླུ་བཞི་དང་ལྷ་མིན་བཞི་རྣམས་ཡིན་ཟེར་བ་སྣང་ངོ༌། །སྒོ་མཚམས་མ་བརྒྱད་ཀྱི་རོ་གདན་ནི། ཕྱོགས་སྐྱོང་བ་བརྒྱད་ཀྱི་ངོ་བོའོ། །སྒོ་མཚམས་མ་རྣམས་ནི་ཤིན་ཏུ་ཁྲོས་པ་ཡིན་པའི་ཕྱིར་ཅུང་ཟད་སྐུ་ལུས་སྦོམ་པར་བྱ་ཞིང༌། དཀྱུས་ལྟར་ན་དབུ་སྐྲ་ནག་པོ་ཡིན་ཡང༌། དམར་སེར་གྱེན་བརྫེས་སུ་གྲོལ་བར་འདོད་པའང་སྣང་སྟེ། དེ་ལྟར་ཡང་འགལ་བ་མེད་པ་འདྲའོ། །གོང་དུ་བཤད་པའི་དཔའ་བོ་ཉི་ཤུ་རྩ་བཞི་ནི། དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ། ཁམས་རྣམ་པར་དག་པ་དང༌། གསལ་བའི་ཡེ་ཤེས་དང་སྒྱུ་མ་ལྟ་བུའི་སྐུ་དང༌། བདེ་བ་ཆེན་པོ་ལས་བྱུང་བའོ། །མཁའ་འགྲོ་མ་ནི་ཉི་ཤུ་རྩ་བཞི་དང༌། མ་མོ་བཅུ་གཉིས་ཀྱང་སྟེ། རྡོ་རྗེ་ཕག་མོའོ་རིགས་ལས་བྱུང་བ། རྩ་རྣམ་པར་དག་པ་དང༌། སྟོང་པའི་ཡེ་ཤེས་དང༌། འོད་གསལ་བ་དང༌། རྣམ་པ་ཐམས་ཅད་པའོ། །རྣམ་གྲངས་སུ་ན། དེ་དང་དེའི་རིགས་ལས་བྱུང༌། ཞེས་པ་དེ་དག་སྐུའི་རྣམ་པ་འདྲ་བའི་དོན་ཡང་ཡིན་ནོ། །སྔར་མཁའ་དཀྱིལ་གྱི་སྐབས་སུ་གཞལ་མེད་ཁང་བསྐྱེད་པར་གསུངས་ན་ཡང༌། དཀྱིལ་འཁོར་སྤྲོ་བ་དང་མི་སྤྲོ་བ་གང་གི་ཡང་གསལ་ཁ་མ་བྱུང་མོད། སྔར་བསྐྱེད་ཕྱིན་སྤྲོ་དགོས་ལ། སྤྲོ་ཚུལ་གོང་དུ་བཤད་པ་བཞིན་ཡིན་མོད། སྤྲོས་པ་དེ་ཕྱིའི་གཞལ་མེད་ཁང་ལ་ཐིམ་པ་དང་ལྷན་ཅིག་ཏུ། ལུས་གཞལ་མེད་ཁང་དུ་སྒོམ་པར་མཛད་དོ། །བཞི་པ་ལུས་དཀྱིལ་གྱི་མངོན་རྟོགས་བརྗོད་པ་ནི། སྐབས་འདིར་ལུས་དཀྱིལ་གྱི་རྣམ་པར་གཞག་པ་གོ་བ་གལ་ཆེ་བས་ཕྱོགས་ཙམ་སྨོས་ན། ལུས་དཀྱིལ་གྱི་
རང་བཞིན་ལ་དཔྱད་པ་དང༌། ལུས་འདིའི་ལུས་དཀྱིལ་གྱི་གོ་དོན་བཤད་པའོ། །དང་པོ་ནི། སྤྱིར་རང་ཉིད་ལྷ་སྐུར་གསལ་བའི་ལུས་ལ་བཀོད་པ་ཡང་ཡིན་ལ། བཀོད་པ་དེ་ཡང་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་ཚུལ་དུ་རྣམ་པར་གཞག་པ་ཅན་ནི། ལུས་དཀྱིལ་གྱི་རྣལ་འབྱོར་སྤྱི་ཁྱབ་ཀྱི་ངོ་བོ་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ལུས་དཀྱིལ་དུ་འགྱུར་བ་ལ་ནི། མཚན་ཉིད་དེའི་སྟེང་དུ་ལུས་སམ་ལུས་དང་འབྲེལ་བའི་ཆོས་དེ་དང་དེའི་རང་གི་རང་བཞིན་དུ་ཡང་འབྲེལ་ཞིང༌། སྦྱོང་བྱེད་དུ་ཡང་འགྱུར་བའི་ལྷ་དེ་དང་དེར་བསྒོམ་པའང་དགོས་པ་ཡིན་ནོ། །དེ་ལ་ཡང་དབྱེ་ན་ཕུང་ཁམས་རགས་པའི་ལུས་དཀྱིལ་དང༌། རྩ་ཁམས་ཕྲ་བའི་ལུས་དཀྱིལ་གཉིས་ཡོད་ལ། དང་པོ་ནི། གསང་འདུས་འཕགས་སྐོར་བའི་ལུས་དཀྱིལ་ལྟ་བུ་ཡིན་པ། འདི་དཀྱིལ་འཁོར་དུ་བྱས་མ་བྱས་ཀྱི་ཁྱད་པར་གྱིས་ལུས་དཀྱིལ་དུ་འཇོག་མི་འཇོག་མ་གཏོགས། མངོན་བརྗོད་ནས་བཤད་པའི་ཕུང་ཁམས་བཅུ་བདུན་བྱིན་གྱིས་རློབས་པ་དང་གནད་གཅིག་པར་འགྱུར་རོ། །གཉིས་པ་ནི། འཁོར་ལོ་བདེ་མཆོག་གི་ལུས་དཀྱིལ་གྲགས་ཆེ་བ་འདི་རྣམས་ཡིན་ཞིང༌། འདི་ལ་ཡང་ལུས་དཀྱིལ་འབའ་ཞིག་སྒོམ་པ་དྲིལ་བུ་ལུས་དཀྱིལ་ལྟ་བུ་དང༌། ཕྱི་དཀྱིལ་དང་བཅས་པར་སྒོམ་པ་ལཱུ་ནག་ལྟ་བུའོ། །དེ་ལ་ཡང་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་འགོད་པ་དང༌། རྩ་འཁོར་གཞན་ལ་འགོད་པ་སོགས། མངོན་བརྗོད་བླ་མ་གཙོ་བོར་གྱུར་པའི་རྒྱུད་གཞུང་སོ་སོ་ནས་སྣ་ཚོགས་ཞིག་སྣང་ཡང༌། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྱི་བོ་ལ་སོགས་པ་ཉེར་བཞིར་འགོད་པ་འདི་ཉིད་ལུས་དཀྱིལ་གྱི་གཙོ་བོ་ཡིན་ལ། རྒྱུད་སྡེ་གཞན་ལས་འབྱུང་བའི་རིགས་ལ་གདན་བཞིའི་ལུས་དཀྱིལ་ལྟ་
བུ་རླུང་དག་བྱེད་ཉེ་ཚེ་བ་ཡང་ཡོད་ལ། གསང་འདུས་རྡོ་རྗེ་འཕྲེང་བར། འཁོར་ལོ་བཞིའི་རྩ་རྣམས་དག་བྱེད་ཀྱི་ལྷ་བཤད་པ་དང༌། འཕགས་སྐོར་བའི་ལུས་དཀྱིལ་གཉིས་བསྲེས་པ་འདྲ་བའི་ལམ་འབྲས་ཀྱི་ལུས་དཀྱིལ་ནི། ཕུང་ཁམས་རགས་པའི་ལུས་དཀྱིལ་དང་གནད་གཅིག་པ་ལ་ཕུང་ཁམས་ཀྱི་ལྷ་རིགས་ལྔ་ཡུམ་ལྔ་རྩ་འཁོར་ལ་བཀོད་པས། ལུས་དཀྱིལ་ཕྲ་རགས་གཉིས་ཀྱི་ས་མཚམས་བར་སོང་བའི་རིགས་ཅན་དང༌། སངས་རྒྱས་ཐོད་པའི་ལུས་དཀྱིལ་ཞེས་བྱ་བ་མན་ངག་གི་རྗེས་སུ་འབྲངས་ཏེ། བདེ་མཆོག་གི་ལུས་དཀྱིལ་སྦྱར་བ་ལྟ་བུ་ཡང་ཡོད་དེ། མདོར་ན་གསང་འདུས་དགྱེས་རྡོར་ཐོད་པ་གདན་བཞི་སོགས་ལས། རྒྱུད་ཀྱི་ཚིག་དོན་སྒྲ་ཇི་བཞིན་པས་ལུས་དཀྱིལ་མི་སྟོན་ཡང༌། བླ་མའི་མན་ངག་ལས་འབྱུང་བ་ཙམ་ཡིན་ནོ། །སྡོམ་པའི་རྒྱུད་ནི་དེ་དག་དང་མི་འདྲ་སྟེ། རྒྱུད་ཀྱི་དངོས་བསྟན་ཉིད་ལ་ཤིན་ཏུ་གསལ་བ་ཡིན་ནོ། །དེ་ལ་སྤྱིར་སངས་རྒྱས་ཐམས་ཅད་ཡེ་ཤེས་གཅིག་ཅིང་རང་སྣང་དུ་ཐ་དད་མེད་པའི་ཕྱིར། རྒྱུད་སྡེ་བཞི་ནས་གསུངས་པའི་ཡི་དམ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ངོ་བོའི་སྒོ་ནས་དབྱེ་བ་རྡུལ་ཙམ་མེད་དོ། །འོན་ཀྱང་སྐུའི་རྣམ་པ་མི་འདྲ་བ་དང༌། སྔགས་མི་འདྲ་བ་དང༌། ཆོ་ག་མི་འདྲ་བ་དང༌། རྣམ་འཕྲུལ་མི་འདྲ་བ་དང༌། མཚན་དོན་མི་འདྲ་བ་རྣམས་ཀྱི་རྒྱུ་ལས་གདུལ་བྱ་སོ་སོའི་ལས་དང་བསམ་པའི་དབང་གིས་བྱིན་རླབས་འཇུག་ཚུལ་དང༌། དྲི་མ་སྦྱོང་ཚུལ་དང༌། ཡེ་ཤེས་བསྐྱེད་ཚུལ་དང༌། འཕྲིན་ལས་སྒྲུབ་ཚུལ་ཐ་དད་པར་འབྱུང་བའི་རྣམ་གཞག་ཐམས་ཅད་མི་འགལ་ལོ། །དེའི་ཕྱིར་ན་རིགས་ལྔ་ཡུམ་བཞི་སོགས་ཀུན་ཁྱབ་ཀྱི་ལྷ་དེ་དག་
པ་དང་བསྟུན་ནས་སྒོམ་པ་པས། རྡོ་རྗེའི་ཕག་མོ་དང་གཟུགས་ཅན་མ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་ལྷའི་དག་པར་སྒོམས་ན། བྱིན་རླབས་འཇུག་ཚུལ་ལ་སོགས་པ་མྱུར་བའི་ཟབ་གནད་ཡོད་དོ། །འོ་ན་ལུས་དཀྱིལ་གྱི་ངོ་བོ་དེ་བཞིན་ཡིན་ན། སྐྱེད་ཆོག་ཇི་ལྟ་བུ་དགོས་སྙམ་ན། འདི་ལ་ལུས་འདི་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་དུ་སྒོམ་པ་ཡིན་ནོ་ཞེས་པ་ཞིག་ཡོད་པ་ལས། ལུས་འདི་ཞུ་ནས་གཞལ་ཡས་ཁང་དུ་གྱུར་པར་སྒོམ་པ་ནི། སྤྱིར་སྒྲུབ་ཐབས་ཕྲ་མོ་དང་མན་ངག་འགའ་རེ་ལ་སྣང་ཡང་དེ་ལྟ་བུ་ལུས་དཀྱིལ་གྱི་སྐྱེད་ཆོག་མིན་པར་སྣང་ལ། ཕྱིས་བྱུང་ལུས་དཀྱིལ་གྱི་བཤད་པ་འགལ་བ་ཐ་དད་པ་རྣམས་ནི། འདི་སྐད་ཅེས་ཕྱི་དཀྱིལ་བསྡུས་ནས་ལུས་དཀྱིལ་སྒོམ་པ་ཡང་མི་འཐད། བྲེ་ནང་དུ་བྲེ་བཅུག་པ་བཞིན་ཕྱི་ནང་ཉིས་རིམ་སྒོམ་པ་ཡང་མི་འཐད། གཞལ་ཡས་ཁང་གི་ཆ་ཤས་དེ་དང་དེའི་དོད་དུ་ལུས་དེ་དང་དེ་སྨོས་པ་བྱེད་པ་ཡང་མི་འཐད་པས་རྣམ་གཞག་འདི་དང་འདི་ལྟ་བུའོ་ཞེས་སྨྲ་བར་བྱེད་མོད། འོན་ཀྱང་གསུམ་པོ་དེ་མཐའ་གཞན་འགོག་པའི་ཚུལ་ཡིན་ན་མ་གཏོགས། འདོད་པ་དེ་ལྟ་བུ་ཁས་ལེན་མཁན་མ་བྱུང་བས་འཐད་དང་མི་འཐད་དཔྱད་པ་མི་དགོས་ལ། མི་འཐད་ངེས་པའི་རྒྱུ་མཚན་གྱིས་དབེན་པ་ཅི་རིགས་པའང་ཡོད་མོད། འོན་ཀྱང་ད་ལྟར་ཁས་ལེན་པ་པོ་ཡོད་པའི་རིགས་ལ། ལུས་དཀྱིལ་གྱི་སྒྲུབ་གཞི་ལུས་ཁོ་ན་ཡིན་པར་འདོད་པ་ལ་ཕལ་ཆེར་མཐུན་མོད། འགའ་ཞིག་རྒྱུ་མཚན་དེའི་ཕྱིར། གཞལ་ཡས་ཁང་ལ་ལུས་རྒྱུར་གཏོང་བའི་མིང་བཏགས་ནས། གཞི་ལུས་ཀྱི་ཆ་ཤས་རེ་རེ་དང༌། གཞལ་ཡས་ཁང་
གི་ཆ་ཤས་ཆོས་མཐུན་རེ་རེ་སྦྱར་ནས་ངོ་བོ་གཅིག་པར་མོས་པ་བྱས་ན། ཕྱི་རུ་སྣང་བའི་གཞལ་ཡས་ཁང་དེ་ཀ་ལུས་དཀྱིལ་གྱི་གཞལ་ཡས་ཁང་ཡིན་པར་འགྱུར་བ་དང༌། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ལུས་དཀྱིལ་གྱི་གཞལ་ཡས་ཁང་ཡང་ཕྱི་དཀྱིལ་དང་རྣམ་པ་འདྲ་བ་ཁོ་ནའོ། །ཞེས་འདོད་དོ། །གཞན་ཁ་ཅིག་ནི། མིག་གི་ནང་དུ་རྩིག་པ་ལྔ་དང༌། སོའི་ནང་དུ་དྲ་བ་དྲ་ཕྱེད་དང༌། རྣ་བའི་ནང་དུ་རྟ་བབས་སོགས་གཞལ་ཡས་ཁང་བློས་བསླང་གི་བཀོད་པ་ཞིག་རོ་མང་པོ་སྤུངས་ནས་གཞག་པ་ལྟ་བུར་འདོད་དོ། །དེ་དག་ནི་ཤིན་ཏུ་རིགས་པ་མ་ཡིན་པས་རང་ལུགས་ལ་འདོད་པར་མི་བྱེད་དོ། །དེ་རྣམས་ཀྱི་སྒྲུབ་བྱེད་ཀྱི་རྩ་བ་ལུས་གཞལ་ཡས་ཁང་དུ་མ་གྱུར་ན་ལུས་དཀྱིལ་གྱི་ལྷ་ལ་བཞུགས་གནས་མེད་པས་དཀྱིལ་འཁོར་དུ་མི་འགྱུར་ལ། ལྷ་ཚོགས་ལ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམ་དགོས་ཕྱིན། རྟེན་གཞལ་མེད་ཁང་ཡང་གྲུ་བཞི་སྒོ་བཞིའི་རྣམ་པ་ཅན་དུ་ཅིའི་ཕྱིར་མི་སྒོམ་སྙམ་པ་འདིའོ། །དེ་ནི་ཤིན་ཏུ་མ་ངེས་ཤིང་མ་གྲུབ་སྟེ། ཕྱི་དཀྱིལ་ལ་ཡང་གཞལ་མེད་ཁང་གྲུ་བཞི་སོགས་པའི་ཁང་བཟང་མེད་པའི་དཀྱིལ་འཁོར་ཡོངས་རྫོགས་ཡོད་དེ། མ་ཧཱ་མ་ཡ་དང༌། ཀྱཻ་རྡོ་རྗེའི་ཧེ་རུ་ཀ་གསུམ་དང༌། བདག་མེད་མའི་བདག་བསྐྱེད་དངོས་བསྟན་གྱི་སྐབས་སོགས་ལ་རྒྱུད་ལས་ཁང་བཟང་མི་འབྱུང་ཞིང༌། སྒྲུབ་ཐབས་མང་པོ་ལས་ཀྱང་མ་བཤད་པ་ལྟ་བུ་སྟེ། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་འགའ་རེ་ལས་ཀྱང་མི་འབྱུང་ངོ༌། །དེ་འདྲའི་རིགས་ལ་ནི། པདྨ་དང༌། འཁོར་ལོ་དང༌། ཆོས་འབྱུང་ལ་སོགས་པ་ཉིད་གཞལ་མེད་ཁང་ངོ༌། །
ལུས་དཀྱིལ་གྱི་ལྷ་ཡང་རྣམ་པ་ཀུན་ཏུ་ཞལ་ཕྱག་ཅན་དུ་བཀོད་པར་མ་ངེས་ཏེ། ཡིག་འབྲུ་དང་སྔགས་དང་ཕྱག་མཚན་ལ་སོགས་པའི་དཀྱིལ་འཁོར་ཡང་འབྱུང་བའི་ཕྱིར་རོ། །གལ་ཏེ་ཞལ་ཕྱག་ཅན་དུ་བྱེད་ཀྱང༌། ལྷ་དེ་ཉིད་རང་རང་གི་བཞུགས་གནས་དང་མ་འབྲེལ་བར་གཞལ་མེད་ཁང་ལོགས་སུ་སྒོམ་པ་དོན་མེད་པའི་ཕྱིར་དང༌། ཁྱད་པར་གཞལ་མེད་ཁང་དུམ་བུ་ཁྲོལ་ལུགས་སུ་སྒོམ་པ་ནི། བླུན་པའི་རྣམ་འགྱུར་ཁོ་ནར་གསལ་བའི་ཕྱིར་རོ། །ཅིས་མངོན་ཞེ་ན། གཞལ་མེད་ཁང་ཕྱི་དཀྱིལ་དང་མཚུངས་པ་དགོས་སམ་མི་དགོས་བརྟགས་ནས། དགོས་ན་རྩིག་པ་ནི་མིག་གི་ནང་དུ་བསྐོར་ནས་ཡོང༌། ལྷ་རྣམས་ལྟེ་བ་དང་སྙིང་ག་ལ་སོགས་པར་བཞག་པས། ལྷ་རྣམས་རྩིག་པའི་ཕྱི་རོལ་དུ་སོང་བ་དང༌། འོག་གི་ས་གཞི་དང་སྟེང་གི་ཐོག་ཕུབ་གང་དང་ཡང་མ་འབྲེལ་པའི་རྩིག་པ་ཙམ་གྱིས་བྱ་བ་གང་ཡང་མི་བྱེད་པ་སོགས་ཐམས་ཅད་ལ་རིགས་འགྲེ་བར་བྱའོ། །ཕྱི་དཀྱིལ་དང་མཚུངས་པ་མི་དགོས་ན་ནི། རྩིག་པའི་རྣམ་པ་དང་དྲ་ཕྱེད་ཀྱི་རྣམ་པས་ཅི་ཞིག་བྱ་སྟེ། དེ་དག་ཕྱི་དཀྱིལ་གྱི་རྣམ་པ་ཡིན་པས་སོ། །ལྷ་ཞལ་ཕྱག་གི་རྣམ་པ་ཅན་ལ་ནི་མི་མཚུངས་སྟེ། ཁང་བཟང་ལ་སོགས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་ཡིན་ལ། ཞལ་ཕྱག་ནི་ནང་ལུས་ཀྱི་རྣམ་པ་ཡིན་པས་ལུས་དཀྱིལ་དང་མི་འགལ་བའི་ཕྱིར་རོ། །ཚོར་བ་དང༌། འདུ་ཤེས་དང༌། རྣམ་ཤེས་དང༌། ངག་དང་ཡིད་ལ་སོགས་པ་ཡང་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་བྱེད་དགོས་པའི་ཕྱིར། སྒྲུབ་གཞི་ལུས་ལས་བྱེད་དགོས་ཞེས་པ་ཡང་འཐད་པ་མ་ཡིན་ནོ། །དེས་ན་རང་ལུགས་ནི། ཕུང་ཁམས་སམ་རྩ་ཁམས་དེ་དང་དེའི་ཆོས་ཉིད་ནི་
དོན་དམ་པའི་ལྷ་དང༌། གཞལ་མེད་ཁང་དུ་གནས་པ་ཡིན་ཏེ་དེ་དང་དེའི་རང་བཞིན་ཤེས་པའི་སྒོ་ནས་མངོན་དུ་འགྱུར་བའི་ཕྱིར་དེ་དང་དེར་སྒོམ་པ་ཡིན་ལ། དེ་ཡང་གཞི་ལུས་ཀྱི་ལྷ་སྐུ་གཅིག་པོ་དེའི་ཕྱི་ནང་གི་ཆ་ཤས་ལ་ཁང་བཟང་གི་རྣམ་གཞག་ཡོད་མེད་ཇི་ལྟར་ཡིན་ཡང་རུང༌། རང་རང་ལུགས་ཀྱི་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་གཞག་དང་མཐུན་པར་བསྒོམ་པས་ན་ལུས་ཀྱི་དཀྱིལ་འཁོར་རོ། །ལུས་ཞེས་བྱ་བ་གཞི་ལུས་ལྷ་སྐུ་ཡིན་གྱི། ཐ་མལ་གྱི་ལུས་མ་ཡིན་ནོ། །དེའི་དཀྱིལ་འཁོར་ཞེས་བྱ་བ་ཡང༌། སྒྲུབ་གཞི་དེ་ལས་བྱས་པ་མ་ཡིན་གྱི། སྐུ་དེ་ལ་བཀོད་པའི་དཀྱིལ་འཁོར་གྱི་དོན་ནོ། །དེས་ན་གདོད་མ་ནས་དཀྱིལ་འཁོར་ལྷུན་རྫོགས་སུ་བཞུགས་པ་ཡིན་པའི་ཕྱིར། གསར་དུ་སྒྲུབ་དགོས་པའི་སྒྲུབ་གཞི་མཚན་ཉིད་པ་ནི་ཁས་མི་ལེན་ལ། བློ་ངོར་གང་ལས་བསྒྲུབ་པའི་གཞི་དང༌། དམིགས་པའི་ཡུལ་ནི། སྤྱིར་ཆོས་ཉིད་དོན་དམ་པའི་དཀྱིལ་འཁོར་དང༌། སྒོས་སུ་ཆོས་ཉིད་དེ་ཀ་རྟེན་ལུས་དང་འབྲེལ་བའི་ཆོས་རྣམས་ཀྱི་ཆོས་ཉིད་དུ་སོང་ཚུལ་གྱི་སྒོ་ནས་འཇོག་གོ །ཆོས་ཉིད་ཀུན་ཁྱབ་ཡིན་ཡང༌། ལུས་ཀྱི་ཆ་ཤས་སོ་སོ་ལ་ཆོས་ཉིད་དུ་སོང་ཚུལ་སོ་སོའི་ལྡོག་ཆ་ནས། ལྷ་དང་དཀྱིལ་འཁོར་སོ་སོར་བསྐྱེད་པ་ཡིན་པས་དེ་དང་དེ་བསྒོམས་པས། ཕུང་ཁམས་སོགས་དེ་དེ་དག་པར་འགྱུར་བ་དང༌། དེས་གདོད་མའི་དཀྱིལ་འཁོར་ཇེ་གསལ་ཇེ་གསལ་དུ་འགྱུར་ཞིང༌། དོན་དངོས་གནས་ལ་རང་གི་ཡེ་ཤེས་རྒྱས་པའི་སྟོབས་ཡིན་ཡང༌། རང་གཞན་རྣལ་འབྱོར་ཅན་གྱི་བློའི་སྣང་ཚུལ་ལ། གཞན་
རྒྱུད་ཀྱིས་བསྡུས་པ་སྔོན་ནས་སངས་རྒྱས་པའི་སངས་རྒྱས་བྱང་སེམས་ཡི་དམ་གྱི་ལྷ་རྣམས་ཀྱི་བྱིན་རླབས་ཇེ་ཆེ་ཇེ་ཆེ་འཇུག་པར་འགྱུར་རོ། །གཉིས་པ་ལུགས་འདི་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་གྱི་གོ་དོན་བཤད་པ་ལ། རྒྱུད་ལས་ཇི་ལྟར་གསུངས་ཚུལ་ཟུར་ཙམ་སྨོས། ཕྱི་ནང་ཡུལ་ཆེན་གསུངས་པའི་དགོངས་པ་བཤད༌། ལུས་དཀྱིལ་ཉིད་ཀྱི་རབ་ཏུ་དབྱེ་བ་བཤད༌། ཐུན་མོང་མིན་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། སྡོམ་པ་རྩ་རྒྱུད་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག།བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཚནྡྷོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡྷོ་སྦྱངས་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་ཡུལ་དུ་སྤྱོད། །འདི་ནི་ནང་གི་བདག་ཉིད་ས། །ཕ་རོལ་ཕྱིན་བཅུའི་ས་རྣམས་ནི། །མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག།རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ཞེས་གསུངས་པས་བསྟན་ཞིང་དོན་དེ་གསལ་བར་འཆད་པ་ལ། མངོན་བརྗོད་བླ་མའི་ལེའུ་དགུ་པ་སོགས་སྟོད་སྨད་རྣམས་ནས་ལུས་དཀྱིལ་མང་དུ་གསུངས་ཤིང༌། བཤད་རྒྱུད་གཞན་རྣམས་ནས་ཀྱང་ལུས་དཀྱིལ་གྱི་རྣམ་གྲངས་རེ་ངེས་པར་གསུངས་སོ། །
ལུས་དཀྱིལ་གྱི་ལྷ་མང་ཉུང་ཡང་མི་འདྲ་བ་དུ་མ་དང༌། བསྐྱེད་ཚུལ་ཡང་སྐད་ཅིག་གིས་བསྐྱེད་པ་དང༌། ས་བོན་ལས་བསྐྱེད་པ་དང༌། སྔགས་ལས་བསྐྱེད་པ་སོགས་མི་འདྲ་བ་མང་ལ། སྒོམ་པའི་དུས་སྐབས་ཀྱང༌། ཕྱི་དཀྱིལ་གྱི་ལྷ་ཚོགས་བསྐྱེད་པའི་སྔོན་ཉེར་སྒྲུབ་ཀྱི་སྐབས་སུ་བསྐྱེད་པ་མི་ཐུབ་ཟླ་བའི་ལུགས་ལྟ་བུ་དང༌། རྗེས་སུ་བསྐྱེད་པ་ལཱུ་ཡི་པ་ལྟ་བུ་དང༌། དུས་མཉམ་དུ་བསྐྱེད་པ་ལུགས་འདི་ལྟ་བུ་དང༌། ཕྱི་དཀྱིལ་དང་མ་འབྲེལ་བར་སྒོམ་པ་དྲིལ་བུ་ལུགས་ལྟ་བུ་དང༌། ལུས་དཀྱིལ་གྱི་རྟེན་ཕྱི་དཀྱིལ་ཡང་ལྷ་མང་ནས་དཔའ་བོ་གཅིག་པུའི་བར་མང་ཉུང་མ་ངེས་པ་དང༌། ལུས་དཀྱིལ་གྱི་ངོ་བོ་ཕྲ་རགས་ཀྱང་གཉིས་ཀར་རྒྱུད་འདི་སྐོར་ལས་གསལ་བར་བཤད་དོ། །གཉིས་པ་ཕྱི་ནང་ཡུལ་ཆེན་གསུངས་པའི་དགོངས་པ་བསྟན་པ་ནི། སྤྱི་བོ་ལ་སོགས་པ་ལུས་ཀྱི་གནས་དང༌། པུ་ལི་ར་མ་ལ་ཡ་སོགས་ཕྱི་རོལ་གྱི་ཡུལ་རྣམས་ལ། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་གསུངས་པའི་དགོངས་པ་ནི། དབང་པོ་དམན་པ་ལ་ཕྱི་རོལ་གྱི་ཡུལ་དང༌། འབྲིང་ལ་ཕྱི་དཀྱིལ་གྱི་འཁོར་ལོའི་རྩིབས་སོགས་དང༌། དབང་རྣོན་ལ་ལུས་ཀྱི་དཀྱིལ་འཁོར་གྱི་རྩ་ཁམས་དཀྱིལ་འཁོར་དང༌། རབ་ལ་རྩ་ཁམས་དབུ་མར་ཐིམ་པའི་ཞུ་བདེའི་ཡེ་ཤེས་དང༌། དབང་པོ་བླ་ན་མེད་པ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ས་བཅུར་བཤད་ཅིང༌། ས་བཅུའི་སྒྲ་དོན་ཡང་སྦྱིན་པས་སེམས་ཅན་ཚིམ་ཞིང་རྟེན་པར་བྱེད་པས་གནས་དང༌། བཟོད་པ་ལ་ཡོན་ཏན་ཕུལ་བྱུང་སྐྱེ་བས་ཞིང་དང༌།
ཞི་ལྷག་གཉིས་ཀྱིས་གཞན་དོན་སྒྲུབ་ནུས་པའི་ཕྱིར། གཞན་དོན་ལ་འདུན་ཞིང་རྟོག་པས་འདུན་རྟོག་དང༌། ཐབས་མཁས་ཀྱིས་ཏིང་ངེ་འཛིན་དང་མངོན་ཤེས་སོགས་མཚན་མ་མེད་པར་འདུ་བས་འདུ་བ་དང༌། བདག་མེད་པ ་དུར་ཁྲོད་དང་མཚུངས་པའི་ཆོས་དབྱིངས་ཀྱི་དོན་རྟོགས་ནས་གཞན་ལ་སྟོན་པར་བྱེད་པའི་ཕྱིར་དུར་ཁྲོད་དང༌། བདེ་བ་ཆེན་པོའི་ཡེ་ཤེས་འཐུང་ཞིང༌། སྒྲིབ་གཉིས་བག་ཆགས་དང་བཅས་པའམ། རྣམ་རྟོག་གཅོད་པར་བྱེད་པས་ན་མཐུད་གཅོད་དེ། དེ་དག་རེ་རེ་བཞིན་དང་མིང་དོན་གཅིག་པ་ལས་ནུས་པ་ལྷག་པོར་ཡོད་པས་ན། ཉེ་བའི་གནས་ནས་ཉེ་བའི་མཐུད་གཅོད་ཀྱི་བར་རོ། །ཞེས་རྒྱ་གར་མཁས་པ་རྣམས་ཀྱིས་བཤད་པས། རྣམ་གྲངས་ཀྱི་སྒོ་ནས་དེ་དག་ཀྱང་རང་ལུགས་སུ་ཁས་བླང་བར་བྱ་ལ། རང་ལུགས་ཉིད་གསལ་བར་བརྗོད་ན། ཕྱིའི་ཡུལ་ཆེན་ཡང་འཛམ་བུ་གླིང་ཁོ་ན་ལ་བཞག་པ་དང༌། འཇིག་རྟེན་གྱི་ཁམས་ཡོངས་རྫོགས་གཅིག་ལ་བཞག་པ་དང༌། དག་པའི་ཞིང་རབ་འབྱམས་ལ་བཞག་པ་སྟེ། རྣམ་བཞག་གཙོ་ཆེ་བ་གསུམ་ཡོད་ལ། གཞན་ཡང་རང་ཉིད་གང་དུ་གནས་པའི་ས་གཅིག་ལ་བལྟོས་ནས་བཞག་པ་དང༌། གྲོང་ཁྱེར་གཅིག་ལ་བལྟོས་པ་དང༌། རྒྱལ་ཁམས་གཅིག་ལ་བལྟོས་པ་དང༌། སྟོང་གསུམ་གཅིག་ལ་བལྟོས་ནས་བཞག་པ་སོགས་མི་འདྲ་བ་དུ་མ་འབྱུང་ངོ༌། །བསྐྱེད་རིམ་ལ་བརྟེན་ནས་ཕོ་ཉའི་དངོས་གྲུབ་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་དང༌། རྫོགས་རིམ་ལ་བརྟེན་ནས་སྦྱོར་ལམ་གྱི་ས་རྣམས་སུ་སྒྲུབ་དགོས་ལ། ཕྲ་ཡང་གི་ཡོན་ཏན་མ་ཐོབ་པ་དེ་སྲིད་དུ། ཕོ་ཉའི་དངོས་གྲུབ་བསྒྲུབ་པའི་ཕྱིར་དུ་
སྤྱོད་ཅིང་རྒྱུ་བའི་ཡུལ་ནི་འཛམ་བུའི་གླིང་གི་གདོད་ནས་གྲུབ་པའི་ཡུལ་རྣམས་ཡིན་ལ། བསྐྱེད་རིམ་གྱི་དངོས་གྲུབ་གྲུབ་ཟིན་དང༌། རྫོགས་རིམ་གྱི་ཡང་ཕྲ་ཡང་ཕྲ་ཕབ་ལྟ་བུའི་ལུས་ནི་ཐོབ་ཟུང་འཇུག་གི་སྐུ་མ་ཐོབ་པ་དེ་སྲིད་དུ། འཇིག་རྟེན་གྱི་ཁམས་གཅིག་ནས་སྟོང་གསུམ་གཅིག་གི་བར་དུ་རང་གི་ནུས་པ་ཆེ་ཆུང་དག་སྦྱར་ཏེ། དེ་དག་ལ་བལྟོས་པའི་ཡུལ་ཆེན་རྣམས་སུ་སྤྱོད་ཅིང་རྒྱུ་བ་ཡིན་ཞིང༌། དག་པ་དང་མ་དག་པའི་ཞིང་གཞན་རྣམས་སུའང་བགྲོད་ནུས་པ་ཙམ་ཡིན་མོད་ཀྱི། དེ་དག་ལ་དབང་མ་འབྱོར་བས་དེ་དག་ཏུ་རིག་པའི་བརྟུལ་ཞུགས་སྤྱོད་ཅེས་མ་གྲགས་སོ།། ཟུང་འཇུག་གི་སྐུ་གྲུབ་ནས་ནི། དག་པའི་ཞིང་རབ་འབྱམས་སུ་རིག་པའི་བརྟུལ་ཞུགས་དངོས་སུ་སྤྱད་པས། མ་དག་པའི་ཞིང་མཐའ་ཡས་པར་སྤྲུལ་པ་སྣ་ཚོགས་པས་ཤུགས་ལ་སྤྱོད་པར་འགྱུར་ཞིང༌། སེམས་ཅན་གྱི་དོན་སྒོ་ཐམས་ཅད་ནས་སྤྱོད་པའང་ཡིན་ནོ། །བསྐྱེད་རིམ་གྱི་སྤྱོད་པས་ཞིང་རྣམས་སུ་རྒྱུ་བ་དང༌། ཕོ་ཉ་མོ་རྣམས་ཀྱི་འདུ་བ་བསྒྲུབས་པས་ལུས་ཀྱི་ཆ་ཤས་དང་རྩ་ཁམས་དེ་དང་དེ་ཟག་མེད་དུ་གྱུར་པ་མ་ཡིན་ཡང༌། མིའི་ལུས་ཀྱི་ཆོས་གཞན་དུ་གྱུར་ནས། ལྷ་མཆོག་རྣམས་ཀྱི་ལུས་དང་རྗེས་སུ་མཚུངས་པའི་སྔགས་ཀྱི་ལུས་དྭངས་ཤིང་ཐོགས་པ་མེད་པ་འཇིག་རྟེན་པའི་ཡོན་ཏན་དུ་མ་དང་བཅས་པ་འབྱུང་བ་ཡིན་ལ། མོས་པས་སྤྱོད་པའི་ས་བཅུ་གཉིས་ལ་ཡང༌། ཕོ་ཉ་མོ་རྣམས་ཀྱི་འདུ་བ་ལ་བརྟེན་ནས། ལུས་ཀྱི་ཆ་ཤས་དེ་དང་དེའི་རྩ་ཁམས་རླུང་རྣམས་འཁོར་བའི་ཆོས་ལས་གཞན་དུ་གྱུར་ཏེ།
ཟག་མེད་ཀྱི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ལ་ས་ཐོབ་པར་བཏགས་ཤིང༌། རྫོགས་རིམ་གྱི་སྟོབས་ལས་ཕྲ་ཡང་གི་ཡོན་ཏན་ཐོབ་མ་ཐོབ་ལ་ཞིང་ཁམས་སུ་བགྲོད་པ་རྒྱ་ཆེ་ཆུང་སོགས། མངོན་ཤེས་ལྔས་བསྡུས་པའི་ཡོན་ཏན་རླབས་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་ཀྱང༌། ནང་གི་རྩ་རླུང་ཐིག་ལེ་གཞན་དུ་གྱུར་ཚུལ་གྱི་ཡེ་ཤེས་རིགས་གཅིག་པ་ཡིན་ནོ། །ཟུང་འཇུག་གི་སྐུ་གྲུབ་ནས་ནི། ལྷན་ཅིག་སྐྱེས་པའི་ཕོ་ཉ་མོའི་འདུ་བ་ལ་བརྟེན་ནས། ཡང་དག་པའི་ཡེ་ཤེས་ཀྱི་ས་མངོན་དུ་བྱེད་པ་ཉིད་གཙོ་བོ་ཡིན་མོད་ཀྱི། དེ་ལ་ཡང་སྔར་གྱི་རྩ་རླུང་ཐིག་ལེའི་བག་ཆགས་རྣམས་སེམས་ཀྱི་སྣང་བ་ཙམ་གྱི་རྩ་རླུང་ཐིག་ལེའི་རྣམ་ཆར་ཤར་ནས་ཡོད་པས་དེ་དག་རིམ་པས་འཕགས་ལམ་གྱི་ཡེ་ཤེས་ཆེན་པོར་གནས་གྱུར་པའི་ཚུལ་ལ། གོ་རིམ་སྔ་མ་རྣམས་དང་མཐུན་པར་བརྩི་དགོས་སོ་ཞེས་སྤྱིར་ཤེས་པར་བྱས་ནས། རྣལ་འབྱོར་པ་ལམ་འདིའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དེས། ཕོ་ཉའི་འདུ་བ་ཐོབ་པའི་དོན་དུ་འཛམ་བུ་གླིང་གི་པུ་ལི་ར་མ་ལ་ཡར་བརྟུལ་ཞུགས་ཀྱི་སྤྱོད་པས་རྒྱུས་པ་ན། དེ་ན་གནས་པའི་ཞིང་སྐྱེས་ཀྱི་དཔའ་བོ་རྣལ་འབྱོར་མ་བསྐྱེད་རིམ་གྱི་ཡེ་ཤེས་ཅན་དག་གི་འདུ་བ་ཐོབ་སྟེ། དེ་ཐོབ་པ་ཙམ་གྱིས་འབད་རྩོལ་མེད་པར་སྤྱི་བོའི་གནས་དང་རྩ་ཐིག་རླུང་གསུམ་སྔགས་ཀྱི་ལྷའི་ལུས་སུ་གྱུར་པ་ན། ད་ལྟ་ལུས་གཞན་རྣམས་གནས་མ་གྱུར་པས། སྤྱིར་མིའི་ལུས་སུ་ཡོད་ཀྱང་ཡོན་ཏན་གཞན་དུ་མས་བརྒྱན་པར་གྱུར་པ་དེ་ནི་བསྐྱེད་རིམ་ཐུན་མོང་གི་དངོས་གྲུབ་ལ་བལྟོས་པའི་སྐུའི་རིག་པ་འཛིན་པའི་དངོས་གྲུབ་བམ། རྩ་བའི་རིག་པ་འཛིན་པའི་
དངོས་གྲུབ་བམ། སྔགས་ཀྱི་སྐུའི་དངོས་གྲུབ་ཀྱི་ནངཚན་དུ་གྱུར་པའི་ས་དང་པོ་ཐོག་མ་བསྐྱེད་རིམ་གྱི་ས་དང་པོ་ཐོབ་པ་ཡིན་ལ། དེའི་ཕྱིར་ཕྱིའི་ཡུལ་པུ་ལི་ར་མ་ལ་ཡ་དང༌། ནང་གི་སྤྱི་བོ་གཉིས་ས་དང་པོར་དག་བྱ་དག་བྱེད་བརྩིས་པས་དག་པའི་དབང་གིས་འཇོག་སྟེ། ཕྱིའི་ཡུལ་དེར་རྒྱུས་པས་དེའི་ཕོ་ཉ་མོའི་འདུ་བ་ཐོབ་པའི་རྐྱེན་དང༌། ནང་གི་སྤྱི་བོ་དག་པ་གཉིས་འཛོམ་པ་ལས་རིག་འཛིན་གྱིས་དང་པོའི་དངོས་གྲུབ་ཐོབ་ནུས་པའི་ཕྱིར། རྒྱུ་འབྲས་ཀྱི་འབྲེལ་བ་ལ་བརྟེན་ནས་ཕྱི་ནང་དེ་གཉིས་ཀྱང་སར་བཞག་པ་ཡིན་ནོ། །དེ་བཞིན་དུ་གཞན་རྣམས་ལ་རིགས་འགྲེས་ཏེ། མཐར་ལུས་ཀྱི་གནས་ཉི་ཤུ་རྩ་བཞིའམ། སུམ་ཅུ་སོ་བདུན་སྔགས་ཀྱི་སྐུར་གྱུར་པ་ན་མི་ལུས་རིལ་གྱིས་དག་པ་ཡིན་པས། ཐུན་མོང་གི་རིག་འཛིན་ཆེན་པོ་ལེགས་པར་གྲུབ་ཅིང་ཐོབ་ཟིན་པ་ཡིན་ལ། ཐུན་མོང་ལ་བལྟོས་པའི་ས་བཅུ་གཉིས་ཀྱི་དབང་ཕྱུག་ཅེས་ཀྱང་བྱའོ། །རི་ལུ་མིག་སྨན་ལ་སོགས་པ་དངོས་གྲུབ་དང་རིག་འཛིན་ཕྲ་མོ་རྣམས་ལ་ནི། ཕོ་ཉའི་འདུ་བ་ཡང་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། རྒྱུད་འདིའི་ལུགས་ཀྱི་ཕོ་ཉས་བསྒྲུབ་པ་ཡང་མང་དུ་ཡོད་མོད། དེ་དག་ལ་ཐིག་ལེ་བྱང་ཆུབ་ཀྱི་སེམས་འཆིང་བའི་སྟོབས་ཀྱིས། རྩ་ཁམས་མིའི་ཆོས་སྔགས་ཀྱི་སྐུར་གྱུར་པ་མེད་པས། རྫས་སྔགས་ཏིང་འཛིན་ཉེ་ཚེ་བའི་ནུས་པས། ལྷ་ཀླུ་ལྷ་མིན་གནོད་སྦྱིན་སོགས་དང་སྐལ་བ་མཉམ་པའི་ལུས་ཙམ་དུ་གྱུར་པ་ཡིན་ཡང༌། སྔགས་ཀྱི་སྐུའི་རིག་འཛིན་གྱི་ཕྱོགས་སུ་བསྐྲུན་པར་མི་ནུས་ཏེ། རི་རབ་དང་ཡུངས་ཀར་བཞིན་ནོ། རིག་པ་འཛིན་པའི་སྐུ་གྲུབ་ནས། གཞན་དོན་འགྲོ་བའི་དོན་སྤྱོད་པའི་ཕྱིར་རམ། རང་དོན་རྫོགས་རིམ་གྱི་ཡེ་
ཤེས་སྒྲུབ་པའི་དོན་དུ་རིག་པའི་བརྟུལ་ཞུགས་སྤྱོད་པའི་ཡུལ་ཆེན་ནི། འཇིག་རྟེན་གྱི་ཁམས་རིལ་པོ་གཅིག་ནས་སྟོང་གསུམ་གྱི་བར་ཏེ། དེ་ལ་རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་ཚུལ་ནི་སྔ་མས་རིགས་འགྲེ་ཞིང་ཞོར་ལ་རྟོགས་པར་འགྱུར་ལ། གཞན་དོན་གྱི་དབང་དུ་བྱས་ན་གནས་དེ་དང་དེར་ས་དེ་དང་དེའི་ཡོན་ཏན་ལ་གནས་པའི་དཔའ་བོ་མཁའ་འགྲོ་རྣམས་དང་ལྷན་ཅིག་ཏུ་འགྲོ་བའི་དོན་སྤྱོད་ཅིང༌། གདུལ་བྱ་རྣམས་ཀྱང་གཙོ་བོར་ས་དེ་དང་དེ་ལ་འགོད་པ་ཤས་ཆེ་བའི་ཡུལ་ཕྱོགས་ཏེ། པུ་ལི་ར་མ་ལ་ཡ་ལ་སོགས་པའི་མིང་གིས་བཏགས་ཤིང༌། གནས་ལ་སོགས་པའི་ས་བཅུ་གཉིས་པོར་འཇོག་པ་ཡིན་ནོ། །རྫོགས་རིམ་ལ་བརྟེན་པའི་སར་འཇོག་ཚུལ་རྣམས་ཀྱང་དེས་རིགས་འགྲེ་ཞིང༌། གཞན་དུ་བཤད་ཟིན་པས་འདིར་མི་བརྗོད་དོ། །གསུམ་པ་ལུས་དཀྱིལ་ཉིད་ཀྱི་རབ་དབྱེ་བཤད་པ་ལ། གང་ལ་འགོད་པའི་གཞི་དང༌། དེ་ལ་འགོད་པའི་ལྷ་དང༌། གང་དུ་འགོད་ཅིང་བསྐྱེད་པ་སྟེ་གསུམ་ལས། དང་པོ་ནི། སྤྱིར་གཙོ་འཁོར་ཐམས་ཅད་ལ་ལུས་དཀྱིལ་འགོད་པ་ཡང་ཡོད་པས་མཐའ་གཅིག་ཏུ་མ་ངེས་ཀྱང༌། ནག་པོའི་ལུགས་འདི་དང་ལཱུ་དྲིལ་གྱི་ལུགས་ཏེ་གསུམ་པོ་འདི་ལ། ད་ལྟ་ཏིང་ངེ་འཛིན་ཁོ་ནའི་སྒོམ་པ་བདག་བསྐྱེད་ལྟར་ན། ཡབ་ཀྱི་སྐུ་ཁོ་ན་ལ་འགོད་ཅིང༌། སྒྲུབ་པའི་སྐབས་རིག་མ་ལས་རྒྱ་དང་ལྷན་ཅིག་སྒོམ་པ་ཡིན་ན། ཡབ་ཡུམ་གཉིས་ཀར་གྱི་སྐུ་ལ་འགོད་དགོས་ལ། ཡུམ་བཀའ་གཙོ་བོར་གྱུར་པའི་སྒྲུབ་ཐབས་རྣམས་ལ་རྡོ་རྗེ་ཕག་མོ་ཉིད་ཀྱི་སྐུ་ལ་འགོད་དོ། །གཉིས་པ་ནི། དཔའ་བོ་ཉེར་བཞིའམ། དཔའ་མོ་ཉེར་བཞིའམ།
ཁ་སྦྱོར་ཉེར་བཞིའམ། རྣལ་འབྱོར་མ་བཞི་ཙམ་འགོད་པ་ཡང་ཡོད་པས། སྤྱི་ལྡོག་ནས་ངེས་པ་མི་སྣང་ཡང༌། སློབ་དཔོན་སྤྱོད་དྲིལ་ལཱུ་གསུམ་གྱི་ལུགས་ལ། ལྷ་དྲུག་ཅུ་རྩ་གཉིས་ཀར་འགོད་དགོས་པར་སྣང་ངོ༌། །དེ་ཡང་དྲིལ་བུ་པའི་སྒྲུབ་ཐབས་ན་ཤིན་ཏུ་གསལ་ལ། ལཱུ་ནག་གི་སྒྲུབས་ཐབས་ན། མ་མོ་བཅུ་གཉིས་གང་དུ་འགོད་མི་གསལ་ཡང༌། སྤྱོད་པ་པའི་ལུགས་འདི་ལ་དཔྱིད་ཀྱི་ཐིག་ལེ་ལས་གསལ་བས། དེ་ནས་འབྱུང་བ་བཞིན་བྱེད་དགོས་སོ། །གསུམ་པ་ནི། སྤྱིར་མངོན་བརྗོད་ལེའུ་དགུ་པ་ལས། མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་དང༌། ཐོད་པ་བཞི་ཞལ་བཞི་ལ་བཀོད་པ་དང༌། རྒྱུད་དེ་ལས་སངས་རྒྱས་ཐོད་པ་སེར་པོའི་ལུས་དཀྱིལ་ལ་དཔའ་བོ་དཔའ་མོ་ཞེ་བརྒྱད་ཀྱང་ནང་གི་རྩ་འཁོར་ལ་འགོད་པ་སོགས་མ་ངེས་པ་སྣ་ཚོགས་ཡོད་ཅིང༌། སྒྲུབ་ཐབས་གཞན་དང་གཞན་ལས་ཀྱང་མ་ངེས་པ་སྣ་ཚོགས་བཤད་མོད་ཀྱི། ལུགས་འདི་ལ་ལྟེ་བའི་ཨཾ་ཡིག་ཕག་མོར་བསྐྱེད་ཅིང༌། སྙིང་གའི་ཧཱུཾ་ཧེ་རུ་ཀར་བསྒོམས་ནས། གཙོ་བོ་ཡབ་ཡུམ་གཉིས་པོ་སྙིང་གར་ཁ་སྦྱོར་དུ་བཞུགས་པ་ནི། དཔྱིད་ཐིག་ཁ་སྦྱོར་མཚོན་པའི་ཕྱིར་དང༌། སྙིང་གའི་རྩ་འདབ་བརྒྱད་པོ་པདྨ་འདབ་བརྒྱད་ཀྱི་རྣམ་པར་གྱུར་པར་མོས་པའི་ཕྱོགས་བཞིར་འབྱུང་བ་བཞིའི་རླུང་མཁའ་འགྲོ་མ་བཞི་དང༌། མཚམས་བཞིར་བདུད་རྩིའི་དྭངས་མ་འབབ་པ་ཐོད་པར་སྒོམ་པ་ཡིན་ནོ། །ལུགས་གཞན་ལས་ཕྱོགས་དང་ཕྱོགས་མཚམས་བརྗེས་པ་ཡང་བཤད་ཅིང༌། རྩ་འཁོར་ལོ་བཞིའི་ལྟེ་བ་དང༌། ཞལ་བཞིར་འགོད་པ་སོགས་ཀྱང་དོན་གྱི་གནད་མཚོན་དོན་ནི་འདི་དང་གཅིག་གོ །དཔལ་རྡོ་རྗེ་མཁའ་འགྲོ་ལས།
ཉི་ཤུ་རྩ་བཞིར་དབྱེ་བ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གཞན་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྩ་ཡི་གཟུགས་ཀྱིས་གནས་པའོ། ཞེས་རྣལ་འབྱོར་མ་རྣམས་རྩ་རྣམ་པར་དག་པར་བཤད་ཅིང༌། ཀུན་སྤྱོད་དང་མངོན་བརྗོད་དུ། སོ་དང་སེན་མོ་ལ་ནི་ཐོད་པའི་དུམ་བུའོ། །ཞེས་པ་ལ་སོགས་པ་དཔའ་བོ་རྣམས་ལ་ཁམས་ཀྱི་དག་པ་བསྟན་པ་དང༌། རྩ་ཡང་མི་ཕྱེད་མ་ལ་སོགས་པ་ཉི་ཤུ་རྩ་བཞི་ཡིན་པར་སམྦུ་ཊི་དང་སྡོམ་འབྱུང་ལས་བཤད་དོ། །དེས་ན་འཚོགས་མའི་གནས་ཡུལ་ཆེན་པུ་ལི་ར་མ་ལ་ཡར་མོས་ཤིང༌། དེ་ལ་འོད་ཀྱི་སྤྱི་བུའམ། རྩིབས་ཀྱི་རྣམ་པའང་སྒོམ་པར་འདོད་པའང་བྱུང་མོད་ཀྱི། འདིར་དེ་འདྲ་གང་ཡང་སྒོམ་མི་དགོས་ལ། རྩ་མི་ཕྱེད་མ་དཔའ་མོ་རབ་གཏུམ་མའི་སྐུར་བཞེངས། ཁམས་སོ་སེན་བསྐྱེད་པའི་དྭངས་མ་འབབ་པ་དཔའ་བོ་ཁཎྜ་ཀ་པཱ་ལར་བཞེངས་པ་ཡིན་ལ། དེ་དག་ལ་ཡང་ས་བོན་ལས་བསྐྱེད་པ་སོགས་ལུགས་གཞན་ལས་སྣ་ཚོགས་འབྱུང་ཡང༌། རེ་ཞིག་ལུགས་འདི་ལ་པུ་ཛ་ཨོ་ཨ་སོགས་སྔགས་ཀྱི་སྒྲའམ་གཟུགས་སོ་སོ་གནས་དེ་དང་དེར་བཀོད་པས། ལུས་ཀྱི་ཆ་ཤས་དེ་ཡུལ་ཆེན་དང༌། རྩ་ཁམས་ལྷར་བཞེངས་པར་མོས་པ་ཙམ་གྱིས་ཆོག་སྟེ། དེས་ན་ཡི་གེ་པཱུ་ཡིག་ཞུ་བ་ལས་གནས་དང༌། ལྷ་ཡབ་ཡུམ་སྟེ་གསུམ་བསྐྱེད་པ་ལྟ་བུའི་ལུགས་ཀྱང་ཡོད་མོད། འདིར་པཱུ་ཞེས་བྱ་བའི་སྔགས་ཀྱི་སྒྲ་འཚོགས་མར་དྲན་པ་ཙམ་གྱིས། ཡུལ་ཆེན་དེ་དང་དཔའ་བོ་ཡབ་ཡུམ་རྫོགས་པར་མོས་དགོས་པ་ཡིན་ནོ། །སྒོ་མཚམས་མ་བརྒྱད་དྲིལ་བུ་པའི་སྒྲུབ་
ཐབས་ལས་སྙིང་གའི་ཕྱི་སྐོར་གྱི་རྩ་འདབ་ལ་འགོད། འདིར་ཡང་དེ་དང་གནད་ནི་གཅིག་མོད། འགོད་ཚུལ་བུ་ག་བརྒྱད་ལ་འགོད་དེ། བུ་ག་བརྒྱད་ཀྱི་རྩ་རྣམས་སྙིང་གའི་ཕྱི་སྐོར་དང་འབྲེལ་བའི་ཕྱིར་རོ། །བུ་ག་བརྒྱད་ཀྱང་ལཱུ་ཡི་པའི་འགྲེལ་པ་སོགས་གཞུང་གཞན་ལས་སྣ་ཚོགས་བཤད་མོད་ཀྱང༌། འདིར་ནི་སྔར་གཞུང་དོན་གྱི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །མངོན་བརྗོད་ལས། མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་ལ་འགོད་པར་བཤད་པ་ཡང་འདི་དག་དང་གནད་ནི་གཅིག་སྟེ། སྦྱངས་བྱའི་དུས་ན་ལག་པ་ནི་སྙིང་གའི་རྩ་འཁོར་གྱི་ནུས་པས་སྐྱེ་བ་ཡིན་ཏེ། དེ་ཡང་ནང་སྐོར་རྩ་འདབ་གཉིས་དང༌། ཕྱི་སྐོར་གྱི་བཞི་ལག་པ་གཡས་དང་འབྲེལ་ཞིང༌། ལྷག་མ་གཉིས་དང་བཞི་གཡོན་དང་འབྲེལ་བས་གཡས་གཡོན་གྱི་ལག་པ་ལ་རྩ་དྲུག་དྲུག་སྟེ། སྙིང་གའི་རྩ་འཁོར་ལས་གྱེས་པའི་རྩ་ལག་པར་ཟུག་པ་ཡིན་པས། རྩ་བཅུ་གཉིས་སྦྱོང་བྱེད་ཕྱག་བཅུ་གཉིས་སུ་འགྱུར་བས་སོ། །ནང་གི་དོན་སྣོད་རྣམས་ཀྱང་སྙིང་གི་རྩ་འདབ་ཀྱི་ནུས་པ་ལས་བྱུང་བ་ཡིན་ལ། དོན་སྣོད་བཅུ་གཉིས་དང་རྩ་བཅུ་གཉིས་ཀྱང་འབྲེལ་བའི་ཕྱིར། སྨན་པ་རྣམས་ཀྱིས་རྩ་རྟོག་པར་བྱེད་པའི་རྩ་བཅུ་གཉིས་དང་ཡང་གནད་གཅིག་པར་མངོན་ནོ། །ལུས་དཀྱིལ་རྟེན་གྱི་དཀྱིལ་འཁོར་ནི་གཞུང་འདི་ན་མི་གསལ་ཡང་དཔྱིད་ཐིག་ལེས་ཁ་སྦྱོར་གྱི་རྒྱུད་དྲངས་ཏེ། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །ཞེས་སོགས་གསུངས་པ་ལྟར་ཡིན་པས། དེ་ཡང་དང་པོར་ཕྱིའི་སྲུང་འཁོར་གྱི་དོན་ནི། སྡོམ་པ་བཤད་པ་ལས། གོ་རིམ་བཞིན་དུ་ལུས་སྐྱེས་ནི། །རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་
རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིང༌། །གུར་ནི་རུས་པའི་འཕྲེང་བ་ཉིད། །ཅེས་འབྱུང་བ་ལྟར། ལུས་སྐྱེས་ནི་སྐྲ་སེན་བ་སྤུ་རྣམས་ཏེ། དེ་ཡང་སྐྲ་མེ་རི། སེན་མོ་ཕུར་བུ། བ་སྤུ་དྲ་བ་དང༌། ཐིག་སྐུད་ཅེས་པ་བླ་བྲེ་སྟེ་དྲ་བའོ། །མཚམས་མེད་ཅེས་པ་ལྤགས་པ་རྡོ་རྗེའི་རྭ་བ་དང་ས་གཞིའོ། །རུས་ཚིགས་རྣམས་ནི་རྡོ་རྗེའི་གུར་ཏེ་སྲུང་འཁོར་རོ། །བུ་ག་བརྒྱད་དངོས་ནི་དུར་ཁྲོད་བརྒྱད་དེ། དེའི་རྩ་ནི་སྒོ་མཚམས་མ་བརྒྱད་དུ་འཇོག་པས་ཁྱད་པར་དེ་ཡིན་པ། སྤྱིར་ལྷ་སྣམ་ནས་དུར་ཁྲོད་གྱི་བར་དམ་ཚིག་གི་འཁོར་ལོར་འཇོག་པའང་སྔར་ཡང་ཡང་བཤད་པ་བཞིན་ཡིན་ནོ། །རྐང་མཐིལ་རླུང༌། སུམ་མདོ་མེ། ལྟེ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ་སྟེ། རི་རབ་ཉིད་ཀྱི་མགྲིན་པ་གདོང་དང་གཙུག་ཏོར་རྣམས་སོ། །ལུས་འདོམ་གང་གྲུ་བཞི་མཉམ་པ་ནི་གཞལ་ཡས་ཁང་གྲུ་བཞི་སྟེ། དམ་ཚིག་འཁོར་ལོ་དང་ལུས་སྐུ་འཁོར། ངག་གསུང་འཁོར། ཡིད་ཐུགས་འཁོར། སྙིང་ག་ཆོས་འཁོར་བདེ་ཆེན་འཁོར་ལོ། དེའི་ལྟེ་བའི་རྩ་དབུ་མ་ནི་གཙོ་བོའི་པདྨ། སྙིང་གའི་ཕྱོགས་བཞི་ནས་འབྱུང་བ་བཞིའི་རླུང་སྐྱེས་ཏེ་བུ་ག་རྣམས་སུ་རྒྱུ་བ་ནི་སྒོ་བཞི། བར་ལྷུ་གཉིས། ལག་དར་གཉིས། བརླ་གཉིས། རྗེ་ངར་གཉིས་ཏེ། རྐང་བརྒྱད་ནི་ཕྱི་སྒོ་མདུན་གྱི་ཀ་བ་བརྒྱད་དག་པའང་ཡིན་ལ། དེ་བཞིན་དུ་སྐུ་གསུང་ཐུགས་བདེ་ཆེན་འཁོར་ལོ་བཞིའི་ཀ་བ་བརྒྱད་ཚན་བརྒྱད་ཚན་རྣམས་ཀྱང་རྐང་བརྒྱད་པའི་ཆ་ཤས་རེ་རེའི་དག་པ་ཡིན་ནོ། །དབང་པོ་རྣམས་དང་མཆུ་དང་ནང་ཁྲོལ་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་པར་གྱུར་པར་མོས་པ་ཙམ་གྱིས་ཆོག་ལ། ལྕེ་
འདོད་སྣམ། རྣ་བ་ཕ་གུ། སོ་དྲ་ཕྱེད་ཅེས་པ་ལ་སོགས་པ་དག་སྦྱོར་སོ་སོ་དང་བཅས་ཏེ་སྤྲོས་པས་སྒོམ་པར་བཞེད་པ་ལྟར་ཡང་མི་འགལ་ཏེ་མན་ངག་ཡིན་པའི་ཕྱིར་རོ། །གསུམ་པ་ཐུན་མོང་མ་ཡིན་པའི་ཕན་ཡོན་བསྟན་པ་ནི། དེ་ཡང་སྙིང་གའི་དཔྱིད་དཔལ་ཧེ་རུ་ཀ་དང༌། ལྟེ་བའི་གཏུམ་མོ་དང་རྩའི་གཙོ་མོ་བཞི་རྡོ་རྗེ་ཕག་མོར་གྱུར་པ་སྙིང་གར་བསྒོམས་པས་རྩ་ཐིག་དེ་དག་མཉེན་ཞིང་ལས་སུ་རུང་བར་འགྱུར་བ་དང༌། སྙིང་གའི་ཐུགས་ཀྱི་སྒོ་གཉིས་འབྱེད་ཅིང༌། སྙིང་ག་དང་ལྟེ་བའི་སྒོ་དང༌། དབུ་མའི་ཡས་སྣ་མས་སྣ་དང༌། སྤྱི་བོ་དང་སྨིན་མཚམས་ཏེ། ཐུགས་ཀྱི་སྒོ་ཉིས་ཚན་པ་མཐའ་དག་ཀྱང་འབྱེད་པར་འགྱུར་ལ། སྙིང་ག་གཙོ་བོར་གྱུར་པའི་འཁོར་ལོ་རྣམས་སུ་དཔྱིད་ཐིག་གི་འདུ་འཕྲོད་འབྱུང་བའི་སྨིན་བྱེད་དམ་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པར་འགྱུར་རོ། །ཡུམ་བཞི་སྙིང་གའི་རྩ་འདབ་ལ་བཀོད་པས། འབྱུང་བཞིའི་རླུང་ནང་དུ་ལྡོག་ཅིང༌། གསུང་གི་སྒོ་བཞི་དག་པར་བྱེད་ལ། རྩ་འཁོར་ལོ་བཞིའི་ལྟེ་བའི་རླུང་རྣམས་ཀྱང་སྦྱོང་ཞིང༌། འབྱུང་བ་བཞི་ལ་དབང་ཐོབ་པ་དང༌། རྒྱུ་དེ་དག་ལས་བྱུང་བའི་རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པའི་གཞི་འདིངས་པའོ། །མཚམས་ཀྱི་མཆོད་པའི་རྩ་ལ་ཐོད་པ་བཞི་བཀོད་པས་བདུད་རྩི་ལྔའི་དྭངས་མ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་སྒྲིག་ལ། སྤྱི་བོ་ལ་སོགས་པའི་གནས་སུ་མི་ཕྱེད་མ་ལ་སོགས་པ་རླུང་དང་མུན་པ་གཙོ་བོར་འབབ་པའི་རྩ་བརྒྱད་ལ་ཐུགས་འཁོར་བ། མཆན་ཁུང་ལ་སོགས་པའི་གནས་བརྒྱད་དུ་སྐྱོན་མ་ལ་སོགས་པ་ཁྲག་འབབ་པའི་རྩ་བརྒྱད་ལ་གསུང་འཁོར་པ། རྟགས་ལ་
སོགས་པ་གནས་བརྒྱད་དུ་རངས་མ་ལ་སོགས་པ་ཁུ་བ་གཙོ་བོར་འབབ་པའི་རྩ་བརྒྱད་ལ་སྐུ་འཁོར་པ་སྟེ། ལྷ་དེ་རྣམས་བསྒོམས་པས་རླུང་འཕོ་བ་ཉི་ཤུ་རྩ་བཞི་དང༌། རྩའི་ཀུན་སྤྱོད་བདུན་ཅུ་རྩ་གཉིས་དང༌། ཁམས་ཀྱི་བགྲོད་པའང་ཉེར་བཞི་དང་བདུན་ཅུ་རྩ་གཉིས་ཏེ། དེ་དག་དབུ་མར་འགགས་པའི་ཡེ་ཤེས་སྐྱེས་པའི་སྨིན་བྱེད་དུ་འགྱུར་ཞིང༌། ཁྱབ་བྱེད་ཀྱི་རླུང་ཡང་ཐིམ་པའི་རྒྱུ་བྱེད་དོ། །ལུས་དཀྱིལ་གྱི་གནད་ཆེ་ཤོས་འཁོར་ལོ་གསུམ་པོ་འདི་ཡིན་པར་གྲགས་པ་བཞིན་དོན་ལ་ཡང་གནས་པས་ནན་ཏན་གལ་ཆེའོ། །བུ་ག་བརྒྱད་ཀྱི་རྩ་ལ་མ་མོ་བརྒྱད་བསྒོམས་པས། བུ་ག་བརྒྱད་དུ་འདུས་པའི་ཡན་ལག་གི་རླུང་རྣམས་ཐིམ་པ་དང༌། དབང་ཤེས་དྲུག་བདེ་བ་ཆེན་པོར་ཤར་བའི་སྟོབས་ལས་བྱུང་བའི་མངོན་ཤེས་དྲུག་སྐྱེ་བ་སོགས་ཀྱི་སྨིན་བྱེད་དུ་འགྱུར་ཞིང༌། བར་ཆད་ཕལ་ཆེར་སྒོ་འདི་དག་ལ་བརྟེན་ནས་འཇུག་པ་མང་བས། ཕྱི་རོལ་གདོན་གྱི་བར་ཆད་དང༌། ནང་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་བཟློག་པར་འགྱུར་བ་དང༌། དབང་ཤེས་དྲུག་གི་བཞོན་པ་རླུང་ཐིམ་པས། དེའི་རྗེས་འབྲང་རྣམ་རྟོག་རྣམས་འགགས་ཏེ། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བ་ལ་ཡང་བསྔགས་སོ། །འདི་དག་བསྒོམས་པས་འཕྲལ་དུ་ཡང་སྒོ་དགུ་ནས་ཐིག་ལེ་སྲུང་བའི་མཐུ་ཅན་དུ་འགྱུར་ལ། རྫོགས་རིམ་གྱི་སྐབས་སུ་དབང་པོ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་བྱེད་པའི་རྒྱུ་ཡང་ཡིན་ནོ། །སྒོ་བརྒྱད་རྣམ་ཤེས་དྲུག་དང་སྦྱོར་ཚུལ་ལ། མིག་རྣ་བ་སྣ་ལྕེ་བཞི་པོ་དངོས་སུ་གསལ། བཤང་ལམ་ལུས་ཀྱི་སྒོ། གསང་གནས་ཡིད་ཀྱི་སྒོ་ཞེས་བྱའོ། །དེ་ལྟར་ལུས་དཀྱིལ་གྱི་ལྷ་ཐམས་
ཅད་ཀྱི་ཐུན་མོང་གི་ནུས་པ་ནི། རྩ་ཁམས་དེ་དང་དེ་མཉེན་ཞིང་དུལ་བ་དང༌། དེ་དག་ཏུ་རླུང་ཅུང་ཟད་འདུ་བ་དང༌། དེ་དག་ལྷ་དེ་དང་དེས་བྱིན་གྱིས་བརླབས་པས་བར་ཆད་མི་འབྱུང་ཞིང༌། མཉམ་བཞག་དང་རྗེས་ཐོབ་ཀྱི་ཡོན་ཏན་ཅི་རིགས་པ་སྐྱེ་བ་དང༌། ཁྱད་པར་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་མྱུར་དུ་ཐོབ་པ་དང༌། ཕྱིའི་ཡུལ་ཆེན་གནས་དེ་དང་དེ་དག་དབང་དུ་འདུ་བའི་དགོས་པ་ཁྱད་པར་ཅན་ཡོད་དེ། ཕྱི་དཀྱིལ་ལྷ་དྲུག་ཅུ་རྩ་གཉིས་བསྒོམས་པ་ལ་ཡང༌། སྤྱིར་ཕན་ཡོན་དེ་དག་ཐམས་ཅད་དང་ཁྱད་པར་ཕྱི་མ་གཉིས་པོ་དེ་ངེས་པར་ཡང་ཡོད་མོད། ཕྱི་དཀྱིལ་རྐྱང་པ་ལས་ལུས་དཀྱིལ་ལྷག་པར་སྟོབས་ཆེ་བ་ཡིན་ནོ། །ད་ནི་བཞི་པ་རྫོགས་བྱེད་བྱིན་རླབས་ཀྱི་རིམ་པ་ལ། དག་པའི་རྣལ་འབྱོར། །ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་སྟེ་གསུམ་མོ། །དང་པོ་ལ་གཉིས་ཏེ། ཕོ་ཉ་གསུམ་བསྲེ་བའི་དག་པ་དང༌། རྡོ་རྗེའི་དག་པ་བསྒོམ་པའོ། །དང་པོ་ནི། སྐད་ཅིག་རྣམ་པའི་སྔགས་ཀྱི་བྱིན་གྱི་རླབས་པ་ཞེས་ཀྱང་བྱ་སྟེ། དེ་ཡང་སྐབས་འདིར་གོ་ཡུལ་དུ་དགོས་པའི་ཕོ་ཉ་གསུམ་ནི། རང་གིས་བསྒོམ་པའི་ཕྱི་དཀྱིལ་ལུས་དཀྱིལ་གཉིས་ཀ་སྔགས་སྐྱེས་ཡིན་ལ། པུ་ལི་ར་མ་ལ་ཡ་སོགས་ཕྱི་འཇིག་རྟེན་ཁམས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་སྤྲུལ་པའི་སྐུ་རྣམས་ནི་ཞིང་སྐྱེས་ཡིན་ཞིང༌། འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས་པ་རྣམས་ནི་ལྷན་སྐྱེས་སོ། །རང་གིས་བསྒོམ་པའི་ཕྱི་དཀྱིལ་ལུས་དཀྱིལ་གཉིས་ཀྱང་ངོ་བོ་གཅིག་ཏུ་མོས་དགོས་ཤིང༌། གཞལ་ཡས་ཁང་དང་སོ་སོའི་གནས་
རྣམས་ཕྱི་འཇིག་རྟེན་ཁམས་ཀྱི་ཡུལ་ཆེན་སུམ་ཅུ་སོ་བདུན་པོ་དེ་དག་ཡིན་ལ། ལྷ་རྣམས་དེ་དག་ཏུ་གདོད་ནས་གྲུབ་པའི་ཞིང་སྐྱེས་ཀྱིས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཡིན་ནོ། །ཞེས་སྔགས་སྐྱེས་ལ་ཞིང་སྐྱེས་ཀྱི་ང་རྒྱལ་བསྐྱེད་པ་དང༌། སྔགས་སྐྱེས་ཞིང་སྐྱེས་དབྱེར་མེད་དེ་ཉིད་ཁོ་ན་ཆོས་ཀྱི་དབྱིངས་ན་གདོད་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཡིན་ལ། ལུས་དང་ཡུལ་ཆེན་དབྱེར་མེད་ཀྱི་དཀྱིལ་འཁོར་འདི་ཁོ་ན་སངས་རྒྱས་ཀྱི་ཡེ་ཤེས་གནས་སོགས་ས་བཅུའམ་བཅུ་གཉིས་ཀྱི་རྣམ་ཆར་སྣང་བ་དེ་ཁོ་ན་ཡིན་ནོ་ཞེས་ལྷན་སྐྱེས་ཀྱི་ང་རྒྱལ་བསྐྱེད་པ་ཡིན་ནོ། །འདི་ངོ་བོ་གཅིག་པར་མོས་པས་བསྲེ་བ་ཡིན་གྱི། ཡེ་ཤེས་སྤྱན་འདྲེན་ལྟར་ལྷའི་རྣམ་པ་གཉིས་གཅིག་ལ་གཅིག་ཐིམ་པ་མ་ཡིན་ནོ། །དེ་ལྟར་ན་རང་གིས་བསྒོམ་པའི་སྔགས་སྐྱེས་ལ་ཞིང་སྐྱེས་ཀྱི་བྱིན་རླབས་འཇུག །དེ་ལ་ལྷན་སྐྱེས་ཀྱི་བྱིན་རླབས་འཇུག་པ་ཡིན་ལ། ད་ལྟ་འདི་བསྒོམས་པས་བསྐྱེད་རྫོགས་ཀྱི་ཡེ་ཤེས་ཅུང་ཟད་བརྟན་པ་ཐོབ་པ་ནས་བརྩམས། སྐབས་ཇི་ལྟར་འོས་པ་ལ་སྦྱངས་པའི་རིག་མའམ། མཐར་སྐྱེས་ཀྱི་ཕོ་ཉ་མོ་གང་ཡིན་ཡང་རུང་སྟེ། དེ་ལྟ་བུའི་སྔགས་སྐྱེས་དང་སྒྲུབ་པ་པོ་འདུ་བ་ཐོབ་པར་འགྱུར་ཞིང༌། དེས་ཞིང་སྐྱེས་དང༌། དེས་ལྷན་སྐྱེས་བསྐུལ་ནས་གྲོལ་བར་འགྱུར་རོ། །དེ་ཡང་སྐབས་འདིར་ཨོཾ་ཞེས་པས་ཕོ་ཉ་གསུམ་དུ་གཏོགས་པའི་སྐུའི་འཁོར་ལོ་པ་གསུམ་དང༌། ཨཱཿཞེས་པས་གསུང་འཁོར་པ་གསུམ། ཧཱུཾ་ཞེས་པས་ཐུགས་འཁོར་པ་གསུམ། བདེ་ཆེན་དམ་ཚིག་གཉིས་པོ་དེ་དག་གི་སྤྱི་ཁྱབ་ཏུ་བཏང་བའམ་སརྦ་བཱི་ར་
ཡོ་གི་ནཱི་ཞེས་པའི་སྐབས་སུ་དྲན་པར་བྱ། ཀཱ་ཡ་ཞེས་པས་སྐུ་འཁོར་གསུམ་དབྱེར་མེད་ངོ་བོ་གཅིག་ཏུ་མོས། ཝཱ་ཀ་ཞེས་པས་གསུང་འཁོར་གསུམ། ཙིཏྟ་ཞེས་པས་ཐུགས་འཁོར་གསུམ་དབྱེར་མེད་ངོ་བོ་གཅིག་ཏུ་མོས་ཤིང༌། གཞན་རྣམས་དེ་གསུམ་གྱི་སྤྱི་ཁྱབ་ཏུ་བཏང་བའམ། བདེ་ཆེན་དང་དམ་ཚིག་གི་འཁོར་ལོ་རིགས་གསུམ་བཛྲ་ཞེས་པས་གཅིག་ཏུ་བསྲེས་ཀྱང་རུང་སྟེ། དེ་ཐམས་ཅད་ཀྱང་དཔལ་ཧེ་རུ་ཀ་གཅིག་པུའི་རང་བཞིན་དུ་མོས་ནས། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པའོ། །ཕམ་ཐིང་པའི་མན་ངག་ལས། ཕོ་ཉ་གསུམ་བསྲེས་ཀྱི་དམིགས་པ་ཞིབ་རྒྱས་འབྱུང་བ་འདི། འཁོར་ལོ་སྡོམ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྐྱེད་རིམ་གྱི་མན་ངག་གནད་ཀྱི་སྙིང་པོར་གནང་སྟེ། འདི་ལ་གཅེས་པར་གཟུང་དགོས་ཀྱི། འདི་ཤེས་པའི་རྗེས་སུ་ཡིད་མི་ཆེས་པས་འདོར་བ་ནི་སྐལ་བའི་སྐྱོན་དུ་སྣང་ངོ༌། །གདོད་ནས་གྲུབ་པའི་དཀྱིལ་འཁོར་དུ་སྐད་ཅིག་གིས་མོས་པར་བྱེད་པའི་ཕྱིར། སྐད་ཅིག་རྣམ་པ་ཞེས་བྱ་ཡི། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཁོ་ནའི་དོན་མ་ཡིན་ནོ། །འདིའི་སྦྱངས་བྱ་ནི་རིགས་ཀྱི་བྱ་བས་བསྐྱེད་བསྲེང་བ་དང༌། སྦྱངས་འབྲས་ནི་འཁོར་རྣམས་མི་སྐྱེ་བའི་བཟོད་པ་དང་རྒྱལ་ཚབ་ཀྱི་ས་ལ་འགོད་པ་དང༌། སངས་རྒྱས་ཉིད་དུ་བྱིན་གྱིས་བརླབས་པས་སངས་རྒྱས་ཀྱི་བྱ་བ་བྱེད་པའི་རྒྱུ་དང༌། རྫོགས་རིམ་གྱི་སྐབས་ཕོ་ཉ་གསུམ་མམ་བཞིའི་འདུ་བ་ཐོབ་པའི་རྒྱུའོ། །གཉིས་པ་ནི། དཀྱིལ་འཁོར་དེ་ཐམས་ཅད་རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་དགའ་བའི་ངོ་བོར་མོས་ཤིང༌།
ཨོཾ་བཛྲ་ཤུདྡྷོ་སོགས་ཀྱི་སྔགས་བརྗོད་པའོ། །དེ་ལ་སྔ་མ་ནི་སྐུ་རྣམ་པའི་སྒོ་ནས་བྱིན་རླབས་ཀྱི་དག་པ་བསྒོམ་པ་གཙོ་ཆེ་ལ། ཕྱི་མ་ནི་ཐུགས་བདེ་ཆེན་ཀྱི་བྱིན་རླབས་དག་པ་གཙོ་ཆེ་སྟེ། འདི་ཕོ་ཉ་གསུམ་བསྲེས་ཀྱི་རྗེས་སུ་འབྲང་བ་ཡིན་པས། དག་རྫོགས་སྨིན་གསུམ་ལ་སོགས་པ་མི་དགོས་ཏེ་སྔ་མའི་ནང་དུ་འདུས་སོ། །དོན་ཚན་འདི་སྒྲུབ་ཐབས་འདིའི་གཞུང་གི་དངོས་བསྟན་ལ་གསལ་པོ་མེད་ཀྱང༌། ཡུལ་དང་ཡུལ་དུ་མངོན་པར་སྦྱར་སོགས་དང༌། ཕྱི་དཀྱིལ་ལུས་དཀྱིལ་སྦྱར་བའི་དག་པས་ཤུགས་ལ་བསྟན་ཞིང༌། འཁོར་ལོ་བདེ་མཆོག་སྤྱི་འགྲོས་ཀྱི་མན་ངག་ཡིན་པ་དང༌། སློབ་དཔོན་སྤྱོད་པ་པ་ཉིད་ཀྱིས་ཀྱང་སྐབས་གཞན་དུ་གསལ་བར་གསུངས་སོ། །གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་ནི། ཡེ་ཤེས་དམ་ཚིག་མཉམ་གྱུར་བས། །དེ་ཕྱིར་རྡོ་རྗེ་ཞེས་སུ་བརྗོད། །ཅེས་པ་སྟེ་ཚིག་དོན་ནི་སྔར་སྒྲུབ་ཆེན་གྱི་སྐབས་སུ་བཤད་པ་དང་འདྲ་ལ། དམིགས་པ་སྒོམ་ཚུལ་ཡང་ཕལ་ཆེར་འདྲ་མོད་ཀྱི། ཁྱད་པར་ནི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་མ་ལུས་པ་གཅིག་ཏུ་འདྲེས་པའི་བདག་ཉིད་ལས། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུར་ཁྲོད་སྲུང་འཁོར་དང་བཅས་པ་ཚུན་ཆོད་ཚར་གཅིག་ཁོ་ན་སྤྱན་དྲངས་པས་ཀྱང་ཆོག་ལ། དམིགས་པ་གསལ་ན་དཔའ་བོ་དང་མཁའ་འགྲོ་མ་ནམ་མཁའ་དང་མཉམ་པ་སྤྱན་འདྲེན་པ་ཡིན་ནོ། །འདིའི་སྦྱང་བྱ་སྦྱོང་བྱེད་ནི། འཁོར་ལོ་ཆེད་དུ་དམིགས་པའི་ཁྱད་པར་མ་གཏོགགོང་སྒྲུབ་ཆེན་གྱི་སྐབས་སུ་བཤད་པ་དང་འདྲ། སྨིན་བྱེད་དུ་འགྱུར་ཚུལ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུ་བྱེད་དོ། །གསུམ་པ་དབང་བསྐུར་
རྒྱས་བཏབ་ནི། དབང་གི་དོན་ནི་བསྒོམས་བྱས་ཏེ། །ཞེས་པ་སྟེ། འདི་ཡང་དམིགས་པ་བསྒོམ་ཚུལ་སྒྲུབ་ཆེན་གྱི་སྐབས་དང་འདྲ་བ་ལས། ཁྱད་པར་ནི་དབང་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་མེད་དེ་བསྡུས་པ་ཁོ་ན་བྱ་བ་དང༌། དཀྱིལ་འཁོར་གྱི་ལྷ་ཕྱི་དཀྱིལ་ལུས་དཀྱིལ་ཐམས་ཅད་ལ་ཆུ་དབང་བསྐུར་དགོས་ཤིང༌། རིགས་བདག་ནི་གཙོ་བོ་ཡབ་ཡུམ་སྔར་དང་པོ་སྦྱོར་བའི་སྐབས་སུ། རྡོ་རྗེ་ཁྲོ་བོའམ་མི་བསྐྱོད་པའི་རིགས་ཁོ་ནར་གནས་པ་དེ་ལ་མཁའ་དཀྱིལ་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་དེ་ཐིམ་པས། མི་བསྐྱོད་པ་དང་རྡོར་སེམས་མཉམ་འདྲེས་ཡིན་ཡང༌། རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་མཚོན་པའི་ཕྱིར། རིགས་བདག་སྔར་གྱི་མི་བསྐྱོད་པ་དེ་ཉིད་རྡོ་རྗེ་སེམས་དཔའི་རྣམ་པར་གྱུར་སོང་བར་མོས་པ་ཙམ་ཡིན་པས། ཆུའི་ལྷག་མ་ཡར་ལུད་པ་དེ་ཉིད་ལྷར་སོང་བར་བསྒོམ་པ་ནི་མིན་ལ། འོན་ཀྱང་ཆུ་རྒྱུན་མི་བསྐྱོད་པ་ལ་ཐིམ་པའི་རྐྱེན་གྱིས་རྡོར་སེམས་སུ་སོང་བར་མོས་དགོས་པ་ཡིན་ནོ། །འཁོར་རྣམས་ལ་འཁོར་ལོ་ལྔ་པོ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབྱེ་བས། སྐུ་འཁོར་པ་རྣམས་ལ་རྒྱལ་བ་རྟག་པ། གསུང་འཁོར་བ་རྣམས་ལ་སྣང་བ་མཐའ་ཡས། ཐུགས་འཁོར་བ་རྣམས་ལ་མི་བསྐྱོད་པ། བདེ་ཆེན་འཁོར་ལོ་པ་ལ་རྡོ་རྗེ་ཉི་མ། དམ་ཚིག་འཁོར་ལོ་པ་ལ་རྟ་མཆོག་གིས་དབུ་རྒྱན་དུ་བྱ་ཞིང༌། དེ་རྣམས་ངོ་བོ་ཉིད་ཀྱི་རྒྱའོ། །འདི་ལྟར་ན་འཁོར་ལ་རིགས་ལྔ་ཆར་ཚང་ཞིང༌། གཙོ་བོ་ལ་རྡོ་རྗེ་འཆང་སྟེ་རིགས་དྲུག་ཀར་ཡོད་པ་ཡིན་ནོ། །ཕྱོགས་ཕྱོགས་མཚམས་ཀྱི་དབྱེ་བས་རྒྱས་འདེབས་བྱེད་ན་ཡང་སྤྱིར་མི་རུང་
བ་མེད་མོད་ཀྱི། འོན་ཀྱང་གཙོ་བོ་དང་ཤར་ཕྱོགས་པ་གཉིས་ཀ་མི་བསྐྱོད་པར་བྱས་ན། རྒྱལ་བ་རིགས་བཞི་ལས་མ་ཚང་བར་འགྱུར་ཞིང༌། ཡུམ་རྡོ་རྗེ་ཕག་མོ་རྣམ་སྣང་དུ་བྱེད་པའང་སློབ་དཔོན་འདིའི་ལུགས་སུ་མི་འགྱུར་ཏེ། དེའི་རིགས་དང་མཚོན་ཆ་འཆང༌། ཞེས་གོང་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །སྔགས་ལ་བཻ་རོ་ཙ་ནི་ཡོད་པས་ཀྱང༌། རྒྱལ་བ་རིགས་ལྔས་ཟླས་ཕྱེ་བའི་རྣམ་སྣང་གི་རིགས་སུ་མ་ངེས་ཏེ། ཡེ་ཤེས་ཀྱི་སྣང་བ་ཕྱོགས་ཐམས་ཅད་དུ་རྒྱས་པའི་དོན་ཙམ་ཡིན་པའི་ཕྱིར་དང༌། མིང་དེ་ཙམ་གྱིས་དེར་འགྱུར་ན། བཛྲ་ཝརྞ་སྟེ་རྡོ་རྗེའི་རིགས་ཅན་ཞེས་འབྱུང་བས་མི་བསྐྱོད་པའི་རིགས་སུ་ཡང་ཅིའི་ཕྱིར་མི་འགྱུར། དེས་ན་ཅི་སྟེ་ཕྱོགས་ཀྱི་དབྱེ་བ་བྱེད་ན། གཙོ་བོ་དཀྱུས་དང་འདྲ་བ་ལ་ཤར་དང་ཤར་ལྷོ་བ་རྣམ་སྣང་དུ་བྱས་ན་བཟང་ངོ༌། །འདིའི་དག་རྫོགས་སྨིན་གསུམ་ཡང་འཁོར་ལ་ཆེད་དུ་དམིགས་པའི་ཁྱད་མ་གཏོགས་ཕལ་ཆེར་སྔར་དང་འདྲ་ལ། ཡང་ཆེད་དུ་བྱ་བའི་གདུལ་བྱ་རྣམས་བླ་ན་མེད་པ་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བ་ཡང་མཚོན་ནོ། །ལྔ་པ་མཆོད་ཅིང་བསྟོད་པ་ར་བྱ་བ་ནི། ཕྱི་ནས་མཆོད་པས་མཉེས་བྱས་ཏེ། །ཞེས་པས་བསྟན་ལ། ཐམས་ཅད་སྔ་མ་ལྟ་བུའོ། །ཞེས་པ་ནི། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་གདབ། མཆོད་པ་དང་བཅས་པ་རྣམས་སྔར་དང་པོ་སྦྱོར་བའི་སྐབས་སྒྲུབ་ཆེན་གྱི་ཡན་ལག་ཏུ་བྱུང་བ་དང་འདྲ་ཞེས་པ་ཡིན་ན། གཞན་རྣམས་ལ་གོང་དུའང་རྒྱས་བཤད་ཀྱི་སྤྲོས་པ་མེད་ལ། མཆོད་པ་དང་འབྲེལ་བའི་རྗེས་ཆགས་ལ་གོང་དུ་རྒྱས་བཤད་མཛད་དོ། །འདིར་མཆོད་པ་ནི། བླ་མ་རྣམས་ཀྱི་མན་ངག་
གིས། སྔགས་ཀྱི་མཆོད་པ། ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། ཡིད་བྱུང་གི་མཆོད་པ། བསྟོད་པའི་མཆོད་པ་སྟེ་རྣམ་པ་ལྔར་མཛད་དོ། །གཞན་ཡང་རིག་མ་བཅུ་དྲུག་ལ་སོགས་པས་མཆོད་ནའང་ལེགས་པར་འགྱུར་ཞིང༌། སྤྱིར་དོན་ཚང་ན་རྒྱས་བསྡུས་ཇི་ལྟར་འོས་པས་རུང་སྟེ། སོ་སོའི་མན་ངག་བཞིན་བྱའོ། །འོན་ཀྱང་སྔགས་མཆོད་ནི། ལྷ་སོ་སོ་ལ་དམིགས་ནས་རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་པས། ལྷ་རྣམས་གཟི་བྱིན་དང་སྟོབས་བསྐྱེད་པ་ཡིན་པས། སྒྲུབ་ཐབས་དཀྱུས་སུ་མི་གསལ་ཡང་ཤིན་ཏུ་གལ་ཆེ་ཞིང༌། དཀྱིལ་ཆོག་ལས་མདུན་བསྐྱེད་ཀྱི་བྱིན་རླབས་རྣམ་པ་ལྔའི་དང་པོའི་སྐབས་ཀྱི་ཚིག་གིས་ཟིན་པའང་ཡིན་ནོ། །ཕྱི་མཆོད་ནི་ཆུ་དང་ཉེར་སྤྱོད་ལ་སོགས་པ་བྱིན་གྱིས་རླབས་པའམ། བསྡུ་ན་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལོ། །ནང་མཆོད་ནི་བདུད་རྩི་མྱང་བ་ཡིན་ཏེ། ལྷ་སོ་སོའི་ཕྱག་ཏུ་འབུལ་བ་ལྟ་བུའང་རུང་མོད་ཀྱི། འདིར་ཀ་པཱ་ལ་བདུད་རྩིས་གང་བ་ཡངས་ཤིང་རྒྱ་ཆེ་བ་ལ། ཕྱི་དཀྱིལ་དང་ལུས་དཀྱིལ་དུ་གཏོགས་པའི་ལྷ་ཐམས་ཅད་ཀྱི་ལྗགས་ལས་བྱུང་བའི་འོད་ཟེར་འདུས་ཏེ་བདུད་རྩི་དྲངས་ཤིང་གསོལ་བར་བསམ་པ་ཉིད་གཙོ་བོར་བྱེད་དེ། ཟས་གཅིག་ཏུ་ནི་ཟ་བ་ཉིད། །གཙང་སྦྲ་གསུམ་པ་ཡིན་པར་བཤད། ཅེས་པའི་རྣམ་གྲངས་ཀྱི་དོན་དུ་ཡང་བཞེད་ལ། ཨོཾ་སརྦ་བཛྲ་ག་མི་ནི་སོགས་བཟའ་བའི་ང་རྒྱལ་གཟུང་བ་ཡང་བྱའོ། །གསང་བའི་མཆོད་པ་ནི། གོང་གི་རྗེས་ཆགས་དང་འདྲ་བ་ལས་གཙོ་བོའི་རྗེས་ཆགས་ལ་བརྟེན་ནས་ལུས་དཀྱིལ་གྱི་ལྷ་ཐམས་ཅད་
ཚིམ་པ་དང༌། འཁོར་ལོ་གསུམ་ལ་ཁ་སྦྱོར་གྱི་ལྷ་རྣམས་སྙོམས་པར་འཇུག་པ་ཉིད་དང༌། མ་མོ་བཅུ་གཉིས་མཁའ་འགྲོ་མའི་ཀུན་ཏུ་སྤྱོད་པའི་ཚུལ་གྱིས་བསྐོར་བ་ཡིན་ཡང༌། དེ་ཙམ་སྒོམ་པར་མི་ནུས་ན་གཙོ་བོའི་ཐུགས་ཀ་ནས་ཧེ་རུ་ཀ་ཕྱག་མང་ངམ་ཕྱག་གཉིས་པ་མཁའ་འགྲོ་མ་སོགས་རང་རང་གི་ཁ་དོག་དང་མཐུན་པ་སྤྲོས་ཏེ། སྙོམས་འཇུག་གི་མཆོད་པས་མཆོད་ནས་སླར་ཡང་རང་གི་ཐུགས་ཀར་བསྡུའོ། །ཡིད་བྱུང་གི་མཆོད་པ་ནི། ཡིད་སྤྲུལ་དང༌། བདག་པོས་མ་བཟུང་བ་དང༌། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་མཆོད་པ་མཐའ་ཡས་པ་རྣམས་ཀྱིས་མཆོད་པ་ཡིན་མོད། མདོར་བསྡུ་ན་འདི་མ་བྱས་ཀྱང་ཆོག་གོ །དེ་ནས་བསྟོད་པའི་མཆོད་པ་ལ། རྐང་བརྒྱད་གཉིས་ཀྱིས་བསྟོད་པ་ནི་ངེས་པར་དགོས་ལ། སྤྲོ་ན་འཁོར་ལོ་སྡོམ་པ་ཁྲོ་བོའི་མཚན་བརྒྱ་བསྐལ་བའི་མེ་འབར་མར་གྲགས་པ་དང༌། རྡོ་རྗེ་སེམས་དཔའ་འཁོར་ལོ་བདེ་མཆོག་གི་མཚན་བརྒྱ་སོགས་ཀྱང་འདོན་པར་བྱེད་ཅིང༌། བདག་བསྐྱེད་ཀྱི་བསྟོད་པ་ཕལ་པ་ནི་འདོན་མི་དགོས་སོ། །ཡང་རིག་མ་བཅུ་དྲུག་གི་མཆོད་པ་ལ། ཕྱི་ནང་གསང་བའི་མཆོད་པ་གསུམ་འདུས་པར་བཤད་པའང་ཡོད་པས། དེ་ལྟར་བྱས་ཀྱང་རུང་ལ། སྤྱིར་རྒྱུད་ལས། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་པའི་མཆོད་པ་བཞི་ལ་འཆད་ཚུལ་མི་གཅིག་པ་མང་སྟེ། མཁའ་འགྲོ་རྒྱ་མཚོ་ལས། །མཆོད་པ་བཞི་ནི་རབ་སྟོན་མཛོད། །དཀྱིལ་འཁོར་ བདག་དང་གཉིས་མེད་ཉིད། །མཆོད་པ ་རྣམས་ནི་གཉིས་ མེད་བྱེད། །ཕྱི་དང་ནང་བདག་ཉིད་ཅན་རྫས། །གཉིས་པ ་ཡི་ནི་མཆོད་པར་དྲན། །
བཟའ་དང་བཏུང་སོགས་ལ་རོལ་བ། །གཉིས་མེད་མཆོད་པ་གསུམ་པའོ། །བཞི་པ་ཆོས་དང་རྣལ་འབྱོར་དག།འཛིན་པ་ཡིས་ནི་མཆོད་པའོ། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་གྲུ་གཟིངས་ལས་བཤད་པ་རྣམས་ནི་མི་ལེགས་པ་ཅི་རིགས་སྣང་བས་མི་འབྲི་ལ། འདིར་ཕྱི་མེ་ཏོག་ལ་སོགས་པའི་རྫས་དང༌། ནང་བདུད་རྩིའི་མཆོད་པ་དང༌། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་བཟའ་བཏུང་ལ་རོལ་པ་སྐྱེ་བོ་དམ་པ་ལྷན་ཅིག་འདུས་པའི་མཆོད་པ་དང༌། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རོལ་པ་ཆོས་ཀྱི་མཆོད་པ་སྟེ་བཞི་པོ་དེ་རྣམས་ཡིན་པར་གསལ་ལོ། །ཡང་སློབ་དཔོན་བྷ་བ་བྷ་དྲས། ཕྱི་རོལ་གྱི་ཤེས་རབ་མ་དང་སྙོམས་པར་འཇུག་པ་དང༌། རང་རྫས་ཐིག་ལེས་མཆོད་པ་བྱེད་པ་དངོས་པོའི་མཆོད་པ་དང༌། རྗེས་ཆགས་ཀྱི་ཡེ་ཤེས་མྱོང་བ་གསང་བའི་མཆོད་པ་དང༌། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི་ཡིད་ཀྱི་རང་བཞིན་གྱི་མཆོད་པ་དང༌། ཕྱིའི་འདོད་ཡོན་གྱི་མཆོད་པ་ནི་ཕྱི་མཆོད་དེ། དེ་ལྟར་མཆོད་པ་བཞི་ཡིན་པར་བཞེད་དེ། དངོས་པོའི་མཆོད་པ་ནི་ནང་མཆོད་ཀྱི་བྱེ་བྲག་ཡིན་པར་གསལ་ལོ། །མཆོད་བསྟོད་ཀྱི་དག་རྫོགས་སྨིན་གསུམ་ཡང་སྒྲུབ་ཆེན་གྱི་མཆོད་པའི་སྐབས་དང་འདྲ་སྟེ། ཁྱད་པར་ནི་འཁོར་གྱི་ལྷ་རྣམས་ལ་བལྟོས་ཏེ་བཞག་པས། རང་གི་དངོས་ཀྱི་འཁོར་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་དེ་ལྟར་འབྱུང་བ་མཚོན་བྱེད་དུ་སྦྱོར་དགོས་སོ། །ད་ནི་འཕྲོས་དོན་ཅུང་ཟད་བརྗོད་ན། ཁ་ཅིག་དཀྱིལ་འཁོར་རྒྱལ་མཆོག་ལ་སྦྱང་བྱ་
དང་སྦྱོར་བ་མི་དགོས་པ་འདོད་ཀྱང༌། ལས་དང་བྱ་བ་སྦྱོང་བྱེད་ཀྱི་གནད་གལ་ཆེ་ཤོས་རྣམས་སྐབས་འདིར་ཡོད་པས། དག་རྫོགས་གཉིས་འཛོམ་གྱི་ང་རྒྱལ་མ་ཆད་པ་གནད་ཆེ་ལ། ཡང་འགའ་ཞིག་འཁོར་ཚོགས་ལ་གོ་ཆ་གཉིས་འགོད་པར་མཛད་པའང་ཡོད་མོད་ཀྱི། དེ་ལྟར་ན་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དང་མཐུན་པའི་ལེགས་ཆ་ཅུང་ཟད་ཡོད་ཀྱང༌། སྒྲུབ་ཐབས་འདིར་འཁོར་ལ་བསྙེན་སྒྲུབ་ཡན་ལག་བཞི་བརྩི་བའི་གསལ་ཁ་མེད་པས་མི་དགོས་ཤིང༌། དཀྱིལ་ཆོག་ལས་དཔའ་བོ་དང་རྣལ་འབྱོར་མ་རྣམས་གོ་ཆ་གསུམ་གྱིས་བརྒྱན་པར་བཤད་པ་ནི། སྐབས་དེ་ཉིད་ཀྱི་སྒོས་ཆོས་ཡིན་གྱི། སྒྲུབ་ཐབས་ཀྱི་སྐབས་སུ་དགོས་པ་མ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ཡང་ལོགས་སུ་མི་མཛད་དེ། ཕོ་ཉ་གསུམ་བསྲེས་པ་ལ་དོན་ཚང་ཞིང་ལོགས་སུ་བྱེད་པ་རང་གཞུང་དུ་མ་བཤད་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་མྱང་བའི་སྐབས་མཁས་པ་ཁ་ཅིག་ཨོཾ་ཨ་མྲྀ་ཏ་ཨུད་ཏ་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཾ་ཨཾ་ཁཾ་ཧཱུཾ། ཞེས་པས་ལྕེ་བྱིན་གྱིས་བརླབས་ལ། ལུས་དཀྱིལ་གྱི་ལྷ་མཆོད་པའི་བསམ་པས་མྱངས་པའི་མཐར། ཨོཾ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་གཟུང་ངོ༌། །ཞེས་གསུངས་ཏེ། དེ་ལྟར་ཡང་འགལ་བ་མེད་མོད་ཀྱི། འོན་ཀྱང་མཆོད་བསྟོད་ལ་ང་རྒྱལ་གཟུང་བ་མེད་པས། བདུད་རྩི་མྱང་བ་ལ་ཡང་ང་རྒྱལ་གཟུང་བ་མི་དགོས་པར་མངོན། དེ་བཞིན་དུ་གསང་མཆོད་ནི་རྫས་བཅུ་ལ་ལོངས་སྤྱོད་ཅིང༌། སྙོམས་པར་ཞུགས་པའི་
བྱང་སེམས་ལྕེས་མྱངས་ཏེ། བཛྲ་ག་མི་ནིའི་ང་རྒྱལ་བྱེད་གསུངས་ཏེ། རྒྱ་གར་བ་འགའ་རེས་བཤད་འདུག་ཀྱང༌། ནང་མཆོད་ཀྱི་ཁོངས་སུ་གཏོགས་པ་དང༌། གཞན་ཡང་མི་འཐད་པ་ཅུང་ཟད་སྣང་བས་སྐབས་འདིར་རང་ལུགས་ལ་མི་འདོད་དོ། །དེ་དག་གིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཟིན་ཏོ། །གསུམ་པ་ལས་རྒྱལ་པོ་མཆོག་ནི། དཀྱིལ་འཁོར་ཆོས་ཀྱི་སྐུར་དག་པ་དྲན་པ་ཡིན་ཏེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཆོས་ཀྱི་སྐུར་མོས་པས་ལམ་དུ་འཁྱེར་བ་ཡིན་ནོ། །སྒྲུབ་ཐབས་གཞན་འགའ་ཞིག་ལས་ཀྱང༌། དཀྱིལ་འཁོར་གྱི་འཁོར་ལོ་རྨི་ལམ་ལྟར་ཤེས་པར་བྱེད་པ་ལས་རྒྱལ་མཆོག་དང༌། འགའ་ཞིག་ཏུ་སྤྲོ་བསྡུ་དང༌། ཕྲ་ཐིག་བསྒོམ་པ་ལས་རྒྱལ་མཆོག་ཏུ་ཡང་བཤད་དོ། །མལ་ལོའི་སྲོལ་འཛིན་ལ་བླ་ཆེན་ས་སྐྱ་པའི་ནག་འབུམ་ལས། ཡོ་གའི་ལུགས་དང་མཐུན་རུང་དུ་མཛད་ནས། ཡེ་ཤེས་སྤྱན་འདྲེན་མན་ཆད་ལས་རྒྱལ་མཆོག་ཏུ་མཛད་ལ། རྗེ་བཙུན་ཆེན་པོ་གྲགས་པས་བྱང་ཕྱོགས་ཀྱི་དག་པ་ཁོ་ན་ལས་རྒྱལ་མཆོག་ཏུ་མཛད་དེ་བཞེད་པ་མི་མཐུན་པར་སྣང་ལ། རྗེས་འབྲང་ཕྱིས་བྱུང་བ་རྣམས་དེ་གཉིས་འདམ་ཁ་ཡིན་ཞེས་སྐྱོན་སུབ་ཀྱི་རྫུན་རིབ་བྱེད་ཀྱང༌། མོས་པ་ཐ་དད་དང་དགོས་པའི་དབང་གིས་ལག་ལེན་ལ་འདམ་ཁ་བྱུང་བ་ཡིན་གྱི། མཚན་ཉིད་གཏན་ལ་འབེབས་པ་ལ། གཉིས་ཀ་མ་ནོར་བའི་འདམ་ཁ་འབྱུང་བ་ངོ་མཚར་ཆེ། དེས་ན་སྐྱེས་བུའི་མཆོག་གཞན་དང་བཞེད་པ་མི་མཐུན་པ་བྱུང་ཡང་སྐྱོན་དུ་མི་
འགྱུར་ན། ཁོང་ཡབ་སྲས་གཉིས་བཞེད་པ་ཕྲ་མོ་མ་མཐུན་ཡང་སྐྱོན་དུ་དོགས་མི་དགོས་སོ། །ལོ་ཙཱ་བ་སོ་སོའི་ལུགས་ཀྱང་སྣ་ཚོགས་སྣང་མོད་ཀྱི། ཡེ་ཤེས་སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་ནི། དཀྱིལ་འཁོར་རྒྱལ་མཆོག་གི་ཡན་ལག་ཏུ་བཤད་པ་ཁོ་ན་བླ་མེད་ཕྱོགས་ལ་ཚད་ལྡན་གྱི་གཞུང་གཞན་རྣམས་ལ་སྣང་བའི་ཕྱིར། དེ་དག་དང་འདི་རིགས་པ་མཚུངས་པས། རྗེ་བཙུན་ཆེན་པོའི་ལྟར་ལེགས་མོད། འོན་ཀྱང་རང་ལུགས་ལ་བྱང་ཕྱོགས་ཀྱི་དག་དྲན་དང༌། རྫོགས་རིམ་སྟོན་བྱེད་ཡིན་ནོ་ཞེས་གྲགས་པའི་ཚིག་འདི་རྣམས་སྡོམས་པ་ལས། ལས་རྒྱལ་མཆོག་གི་དོན་ཚང་བར་བྱེད་དགོས་པ་ཡིན་ནོ། །དེ་ལྟར་ན་ལས་རྒྱལ་མཆོག་ལ་གཉིས། བྱང་ཕྱོགས་ལ་སོགས་པའི་དག་པ་དྲན་པ་དང༌། རྫོགས་རིམ་རྗེས་མཐུན་པ་ཕྲ་ཐིག་གི་རྣལ་འབྱོར་རོ། །དང་པོ་ནི། ད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷའི་སྦྱོར་བས་བཞག་པར་བྱའོ། །ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་རབ་གཏུམ་མའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་གཏུམ་མིག་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྣ་ཆེན་མའོ། །དད་པའི་དབང་པོ་ནི་དཔའ་བོའི་བློ་མའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མི་ཐུང་མའོ། །དྲན་པའི་དབང་པོ་ནི་ལང་གའི་དབང་ཕྱུག་མའོ། །ཏིང་ངེ་
འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ། །ཤེས་རབ་ཀྱི་དབང་པོ་ནི་ས་སྲུང་མའོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ། །དྲན་པའི་སྟོབས་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་སྔོ་སངས་ལྷ་མོའོ། །ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་སྣ་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁྭ་གདོང་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ། །ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ། །ཡང་དག་པའི་རྟོག་པ་ནི་འཁོར་ལོ་སྒྱུར་མའོ། །ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་བྱ་རོག་གདོང་མའོ། །ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ། །ཡང་དག་པའི་དྲན་པ་ནི་ཕག་གདོང་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་ཡ་མ་ཌ་ཌྷིའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་ཡ་མ་དུ་ཏཱིའོ། །མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ནི་ཡ་མ་དཾ་ཥྟཱིའོ། །མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་ཡ་མ་མ་ཐ་ནཱིའོ། ཞེས་བཅོམ་ལྡན་འདས་
རྡོ་རྗེ་ཅན་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལྷའི་རྣམ་པར་དག་པར་བཀའ་སྩལ་ཏོ། །ཞེས་པ་སྟེ། འགྱུར་གཞན་དང་དཔེ་ཕལ་ཆེར་ལས། མཁའ་འགྲོ་མའོ་ཞེས་བྱ་བ་ནས། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི། གཤིན་རྗེ་འཇོམས་མའོ། །ཞེས་པའི་བར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཞེས་སོགས་གོང་བཞིན་འབྱུང་སྟེ། བར་གྱི་ཚིག་རྣམས་བསྡུས་སྣང་ལ། རྭ་འགྱུར་ལ་གོང་དུ་སྨོས་པ་བཞིན་ཡོངས་རྫོགས་བྲིས་པ་ཉིད་ལེགས་སོ། །བྱང་ཕྱོགས་དེ་ཡང་ལམ་གྱིས་བསྡུས་པ་དང་འབྲས་བུས་བསྡུས་པ་གཉིས་ཡོད་པ་ལས། འདིར་གང་གི་དག་དྲན་བྱ་ཞེ་ན། གོང་མ་འགའ་ཞིག་ལམ་གྱི་དག་པར་འདོད་པར་བྱུང་ལ། བསྐྱེད་རིམ་ལ་རྫོགས་རིམ་དུ་མོས་པ་བྱས་ན། དེ་ཐོབ་པའི་ཐབས་སུ་འགྱུར་བ་ཡང་ཡོད་པས་ལམ་གྱི་དག་དྲན་ཡང་མི་རུང་བ་མ་ཡིན་མོད། དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་དགོས་པའི་ཕྱིར། འབྲས་བུས་བསྡུས་པའི་དག་པ་ཉིད་གཙོ་བོར་འཇོག་གོ །ལམ་ལ་ཡང་མདོ་དང་ཐུན་མོང་པའི་དག་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་བྱངཕྱོགས་ཀྱི་དག་པ་གཉིས་ཡོད་མོད་ཀྱི། དེ་དག་གི་རྣམ་གཞག་དཔྱིད་ཐིག་གི་འགྲེལ་པར་བཤད་ཟིན་ཞིང༌། སྐབས་དོན་མ་ཡིན་པས་འདིར་མི་འབྲིའོ། །སྐབས་དོན་འབྲས་བུ་བསྡུས་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་མཐའ་ཡས་ཀྱང༌། སྐབས་འདིར་ཡབ་ཡུམ་གཉིས་མེད་ཀྱི་ལྷ་སུམ་ཅུ་རྩ་བདུན་ཡོད་པའི་ངེས་པས་བྱང་ཕྱོགས་སོ་བདུན་ལ་སྦྱོར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཆོས་སོ་བདུན་དུ་འདུས་
པའང་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མཐའ་ཡས་ཀྱང་ཡེ་ཤེས་ངོ་བོ་གཅིག་ཡིན་པས། གང་ཡང་རུང་བ་གཅིག་ཁོ་ནར་འདུས་པའང་ཡིན་མོད། བྱང་ཕྱོགས་སོ་བདུན་ལས་མི་ཉུང་མི་མང་བར་བརྗོད་པ་ནི། ལྷ་སོ་བདུན་དུ་སྦྱོར་དགོས་པའི་དགོས་པ་ལ་བལྟོས་པའི་གྲངས་ངེས་སོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི། ཆུ་ཁམས་གྱི་ཆོས་ཉིད་དྭངས་མ་མེ་ལོང་ཡེ་ཤེས་དེ། འཁོར་བའི་བག་ཆགས་ཀྱི་དྲི་མ་དག་པའི་དག་པ་གཉིས་ལྡན་གྱི་ཕྱིར། གཙང་བ་དམ་པའང་ཡིན་ལ། དོན་དམ་པའི་རྣམ་པ་འཁོར་བ་དང་མཐུན་པའི་གནས་ལུས་ལོངས་སྤྱོད་དུ་སྣང་བའི་ཕྱིར་ལུས་དྲན་ཉེར་དང༌། བག་ཆགས་སྤངས་པའི་ཕྱིར་གཙང་བ་དག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཆུ་ཁམས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེར་གཞག་ནི། རླུང་ཁམས་ཀྱི་དྭངས་མ་བྱ་སྒྲུབ་ཡེ་ཤེས་དེ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་ཏེ། དེའི་བྱ་བ་སྒྲུབ་པ་ཡིན་པའི་ཆ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཞིང༌། སྙིང་རྗེ་དེ་ཡང་ཐེག་པ་འདིར་བདེ་བ་ཆེན་པོ་ཡིན་ལ། དེ་ཡང་ལས་རླུང་ཡན་ལག་དང་བཅས་པ་འགགས་པ་ན། རླུང་ཁམས་ཀྱི་དྭངས་མ་བདེ་ཆེན་མཐར་ཐུག་མངོན་དུ་འགྱུར་བ་ཡིན་པས། དེས་མ་རིག་བག་ཆགས་ཀྱི་ས་དང༌། ཡིད་ལུས་ལས་བྱུང་བའི་སྡུག་བསྔལ་ཕྲ་མོ་ཡང་འགགས་པར་གྱུར་ན། ཚོར་བ་གཞན་རྣམས་སྨོས་ཅི་དགོས་ཏེ། ཚོར་བ་དག་པའི་ཕྱིར་ཚོར་བ་དྲན་ཉེ་དང༌། བདེ་ཆེན་ཉིད་ཀྱི་ཕྱིར་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རླུང་ཁམས་
ཀྱི་དྭངས་མའི་ཕྱིར་ལཱ་མའོ། །ཆོས་དྲན་པ་ཉེར་གཞག་ནི། མེ་ཁམས་ཀྱི་དྭངས་མ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་འདྲེས་པ་མཁྱེན་ཡང༌། ཐམས་ཅད་རང་བཞིན་མཉམ་ཉིད་དུ་གཟིགས་པའི་ཕྱིར་མཉམ་ཉིད་དེ་ནི་རྟག་པ་ཡིན་ཏེ། གང་མི་རྟག་པ་ཞིག་ཡོད་ན་ཡུལ་དུས་སོ་སོ་བ་ཡིན་པས་མཉམ་པ་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་སྐད་ཅིག་རེ་རེ་དང་རྣམ་འགྱུར་ཕྲ་མོའི་སྐབས་ལྟ་ཅི་སྨོས། འཁོར་འདས་སེམས་ཀྱི་སྣང་ཆ་ཙམ་མ་གཏོགས་གདོད་ནས་མ་གྲུབ་པའི་ཕྱིར། གནས་ལུགས་དེ་ལ་འཁོར་བས་རྙོགས་པ་ཡང་མེད་ལ། མྱང་འདས་སུ་དག་པ་ཡང་མེད་པའི་ཕྱིར། མི་རྟག་ཅིང་འགྱུར་བའི་གནས་སྐབས་མ་གྲུབ་པས་རྟག་པ་ཉིད་དོ། །དེས་ན་དེ་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་ཇི་སྙེད་རྟོགས་པའི་ཕྱིར། ཆོས་དྲན་ཉེ་དང༌། འགྱུར་མེད་རྟོགས་པའི་ཕྱིར་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། མེ་ཁམས་ཀྱི་དྭངས་མ་ཉིད་ཀྱི་ཕྱིར་ཁནྚ་རོ་ཧཱའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི། ས་ཁམས་ཀྱི་དྭངས་མ་མཉམ་ཉིད་ཡེ་ཤེས་ཏེ། བདག་གཞན་ཆོས་ཐམས་ཅད་སྟོང་པར་ཡང་མཉམ། རང་བཞིན་བདེ་བ་ཆེན་པོར་ཡང་མཉམ། གསལ་བའི་དཀྱིལ་འཁོར་དུ་ཡང་མཉམ། མཉམ་པ་དེ་ཡང་འདྲ་མཚུངས་ཙམ་ཚོགས་པའི་དོན་མ་ཡིན་ཏེ། རང་བཞིན་གཅིག་པུ་གཉིས་སུ་ མེད་པ་ཡིན་ལ། དེ་ལྟར་ན་ཤེས་བྱ་ཀུན་ལ་ང་བདག ་ལྟ་ཅི་སྨོས། གཞན་ལས་ལོགས་སུ་དགར་ཏེ། རང་ངོས་འདི་ལྟར་ཚུགས་ཐུབ་པོ་ཞེས་པ་ཡང་མི་སྣང་ཞིང༌། དེའི་ཕྱིར་བདག་
གི་སྤྲོས་པ་ཞི་བ་དང༌། མཉམ་ཉིད་དེ་ནམ་ཡང་འགྱུར་བ་མི་བསྟེན་ཞིང་རིག་པའི་རྒྱལ་པོར་གྲུབ་པས། བདག་མེད་པའི་སྤྲོས་པ ་ལས་ཀྱང་འདས་ཏེ་གནས་ལུགས་སུ་བཞུགས་པ་ཡིན་ནོ། །མི་བདེན་པའི་སེམས་རྣམས་ཀྱི་གནས་ལུགས་རང་མྱོང་གི་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། སེམས་དྲན་ཉེ་དང་གནས་ལུགས་ལ་བཞུགས་པའི་ཕྱིར་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ས་ཁམས་ཀྱི་དྭངས་མ་ཉིད་ཀྱི་ཕྱིར་གཟུགས་ཅན་མའོ། །དེ་ལྟར་ན་ཡེ་ཤེས་ཀྱི་སྐུ་ལུས་དྲན་ཉེ་དང་བདེ་ཆེན་ཚོར་བ་དང༌། མི་འགྱུར་བའི་ཡེ་ཤེས་ཆོས་དང༌། རང་རིག་ཡེ་ཤེས་སེམས་དྲན་པ་ཉེ་བར་གཞག་པ་སྟེ། རིམ་པ་བཞིན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའོ། །འདི་ནི་ཆོས་སོ་བདུན་གྱི་རྣམ་གཞག་ཀུན་གྱི་རྩ་བ་ཡིན་ཞིང༌། ཡེ་ཤེས་བཞི་འབྱུང་བཞིའི་དྭངས་མ་ཡིན་པས་ལྷ་མོ་བཞི་དང་སྦྱོར་བའི་རྒྱུ་མཚན་ཡང་བཤད་དུ་ཡོད་པ་ཁོ་ནའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། དེ་བཞིན་གཤེགས་པ་གང་ལ་ཡང་མ་ཐོབ་པ་ཐོབ་པར་བྱེད་པའི་འདུན་པ་རྟོག་པ་དང་བཅས་པ་ནི་མི་མངའ་མོད། རྣམ་པར་མི་རྟོག་བཞིན་དུ་རང་རྒྱུད་ཀྱི་ཆོས་དགེ་བ་ཐམས་ཅད་ལ་དབྱེར་མེད་དུ་འདྲེས་པའི་འདུན་པ་དང༌། གཞན་དོན་ལ་ཡང་མཉམ་ཉིད་དུ་ཁྱབ་པའི་ངང་ནས། དམིགས་པ་མེད་པའི་སྙིང་རྗེས་བསྐུལ་བའི་འདུན་པའོ། །བརྩོན་འགྲུས་ནི་དོན་དམ་པའི་ཆོས་དགེ་བ་ཐམས་ཅད་ལ་རྟག་ཏུ་ཞུགས་པས་དགྱེས་པའི་ཐུགས་ཏེ། གཞན་དོན་དུ་ཐམས་ཅད་དགེ་བ་ལ་སྦྱོར་བའི་ངང་ཚུལ་ལོ། །དཔྱོད་པ་ནི་
དངོས་སུ་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པ་མཐའ་ཡས་པ་ཐམས་ཅད་མ་འཁྲུགས་པར་མཁྱེན་པ་ཡིན་ལ། དེའི་ཤུགས་ལ་ཀུན་རྫོབ་རྒྱུ་འབྲས་ཀྱི་ཆོས་ཕྲ་ཞིང་ཕྲ་བ་མ་ལུས་པ་ཡང་མ་འདྲེས་པར་མཁྱེན་པ་ཉིད་དོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། རྣམ་པར་གཡེང་བའི་གོ་སྐབས་ནམ་ཡང་མེད་པའི་ཕྱིར། སྣང་བ་དང་མི་སྣང་བའི་ཤེས་བྱ་ཀུན་ལ་རྟག་ཏུ་རྩེ་གཅིག་པའི་ཐུགས་ཏེ། དཔྱོད་པས་མཁྱེན་པའི་ཡུལ་ལ་འདིས་རྩེ་གཅིག་ཏུ་གནས་པའོ། །དེ་བཞིན་དུ་དད་པ་ནི། རང་ཉིད་དམན་ཞིང་གཞན་མཆོག་ཏུ་གྱུར་པའམ། རང་བཞིན་མཉམ་པ་པོའི་ཡུལ་ལ་འདུན་པ་སོགས་ནི་སངས་རྒྱས་ལ་མེད་མོད་ཀྱང༌། རང་གི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སྤྱོད་ཡུལ་དགེ་བ་མཐའ་ཡས་པ་རྣམས་ལ་དམིགས་པ་མེད་པའི་དགའ་བས་དང་བ་དང༌། ཐེ་ཚོམ་ནེམ་ནུར་སྤངས་པའི་ཡིད་ཆེས་པའང་ཡོད་ལ། འདུན་པའང་གོང་དུ་སྨོས་པ་བཞིན་ཡིན་པས་དེ་ལྟ་བུའི་དད་པའོ། །བརྩོན་འགྲུས་གོང་བཞིན། དྲན་པ་ནི་ཡེ་ཤེས་དེ་ལ་ཤེས་བྱའི་ཡུལ་ཐམས་ཅད་རྟག་ཏུ་འཆར་བས་ནམ་ཡང་བརྗོད་པ་མི་སྲིད་པ་སྟེ། སྣམ་བུ་དྲན་ན་བུམ་པ་བརྗོད་པ་ལྟ་བུ་ནམ་ཡང་མེད་པའོ། །ཏིང་ངེ་འཛིན་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་འདྲའོ། །ཤེས་རབ་ནི་ཇི་ལྟ་བ་དང་ཇི་སྙེད་པ་མ་ལུས་པ་ཡང་དག་པར་ངེས་ཤིང༌། དབྱེ་བསྡུ་མཁྱེན་པ་སྟེ། ཤེས་རབ་དེ་དམིགས་པ་མེད་པའི་སྙིང་རྗེ་ཉིད་ཀྱི་ཕྱིར། སྒྲ་དོན་འདྲེས་འཛིན་གྱི་རྣམ་རྟོག་མ་ཡིན་པ་བཞིན་དུ། ངེས་པ་དང༌། དཔྱོད་པ་དང༌། འབྱེད་པ་དང༌། བསྡུ་བ་འདི་དག་རྟོག་པ་མ་ཡིན་ཏེ། རྟོག་པ་གནས་གྱུར་པའི་
ཡེ་ཤེས་ཀྱི་ཐ་སྙད་འཇོག་ལ། སྤྱིར་ན་ངེས་ཤེས་ཐམས་ཅད་རྟོག་བཅས་སུ་འཇོག་པ་ནི། རྣལ་འབྱོར་མ་ཐོབ་པའི་འགྲོ་བ་ཕལ་པ་རྣམས་ཀྱི་སྤྱི་མཐུན་གྱི་དབང་དུ་བྱས་པ་རྟོག་གེའི་རྣམ་གཞག་ཡིན་ནོ། །དེ་དག་ལས་སངས་རྒྱས་རང་དོན་གྱི་ཡེ་ཤེས་དང་སོགས་ལྔ་ནི། དགེ་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དབང་པོ་ཡིན་ལ། དེ་ཉིད་གཞན་དོན་མཛད་འཕྲིན་མཐའ་ཡས་པ་འབྱུང་བར་ནུས་པའི་ཆ་ནས་སྟོབས་ལྔ་ཞེས་བྱའོ། །འདུན་པ་དད་པ་དང༌། དཔྱོད་པ་ཤེས་རབ་དང༌། སེམས་ཏིང་ངེ་འཛིན་ཡིན་པས་རྫུ་འཕྲུལ་རྐང་བཞི་ཡང༌། དབང་པོ་བཞི་དང་ངོ་བོ་གཅིག་མོད་ཀྱི། རང་དོན་དུ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང༌། གཞན་དོན་གང་ལ་གང་དགོས་མ་འཁྲུགས་པར་ཐོགས་པ་མེད་པར་འབྱུང་བའི་ཆ་ནས་རྐང་པ་བཞིར་འཇོག་ལ། རྫུ་འཕྲུལ་ནི་འབྱོར་པ་སྟེ་ཡོན་ཏན་ཡིན་ལ། རྐང་པ་ནི་རང་གཞན་གཉིས་ཀྱི་སྟེང་དུ་མྱུར་བར་འགྲུབ་པའི་དོན་ཡིན་ལ། ལྷུན་གྱིས་གྲུབ་པ་ལས་ཆེས་མྱུར་བ་མི་སྲིད་ཅིང༌། གཞན་དོན་གང་ལ་གང་དགོས་པར་འབྱུང་བ་དེ་ཡང་ཆེས་མྱུར་བ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ལ། ཏིང་ངེ་འཛིན་དང་བརྩོན་འགྲུས་དང༌། ཆོས་རབ་ཏུ་རྣམ་འབྱེད་ཤེས་རབ་དང༌། དྲན་པ་རྣམས་ངོ་བོའི་སྒོ་ནས་གོང་དུ་བཤད་པ་དེ་ཁོ་ན་ཡིན་ཡང༌། དེ་རྣམས་གདོད་མ་ནས་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་དུ་གནས་པ་ནི་བྱང་ཆུབ་ཡིན་ལ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་གནས་སྐབས་ཐོབ་པ་ནི། བྱང་ཆུབ་རང་གི་ལུས་ཏེ་མཚན་ཉིད་ལ་རྗེས་སུ་ཞུགས་པའི་ཕྱིར། ལུས་སམ་ཡན་ལག་གོ། དེ་ལྟར་ན་དག་པ་
གཉིས་ལྡན་གྱི་ལྡོག་ཆ་ནས་བྱང་ཆུབ་ཡན་ལག་ཏུ་བཞག་གོ། དེ་ཡང་ཆོས་དབྱིངས་རང་གི་ངོ་བོ་ནས་ནི། དག་པ་གཉིས་ལྡན་ཁོ་ན་ཡིན་ལ། རང་བཞིན་ཁོ་ནའི་དག་པ་དང༌། དག་པ་གཉིས་ལྡན་སོ་སོའི་དབྱེ་བ་ནི། གང་གིས་བསྒོམས་ཤིང་འབྲས་བུ་མངོན་དུ་བྱས་པའི་སྐྱེས་བུ་དེ་དང་དེ་ལ་བལྟོས་ནས་དེར་འཇོག་པ་ཡིན་ཏེ། དོན་དམ་པའི་ཆོས་དབྱིངས་ཡེ་ཤེས་ཀུན་ཁྱབ་དེ་ནི། རང་གི་ངོ་བོས་རྟག་ཏུ་དག་པ་གཉིས་ལྡན་ཡིན་ཡང༌། ལྷ་སྦྱིན་ལ་བལྟོས་ནས་རང་བཞིན་གྱིས་དག་པ་གཅིག་པུ་ལས་མེད་ཅིང༌། ཡེ་ཤེས་དེའི་རང་ངོས་ནས་མ་ཟད་བཅོམ་ལྡན་འདས་ཤཱཀྱ་སེངྒེ་ལ་བལྟོས་ནས་ཀྱང་དག་པ་གཉིས་ལྡན་ཉིད་ཡིན་པ་ལས། སྐབས་འདིར་དག་པ་གཉིས་ལྡན་གྱི་དབང་དུ་བྱས་པའི་ཆོས་སོ་བདུན་ལྷ་སོ་བདུན་དུ་སྦྱོར་དགོས་པ་ཡིན་ནོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། གོང་གི་དད་པ་དང་འགྲོས་གཅིག་པར་ཡང་བྱའོ། །ཤིན་ཏུ་སྦྱངས་པ་ནི། ཐིག་ལེ་མི་འགྱུར་བའི་ངོ་བོ་ཡིན་ལ། བཏང་སྙོམས་ནི་མཐའ་དབུས་བདེ་སྡུག་མཐོ་དམན་རིང་ཐུང་དཀའ་བླ་སོགས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་འབད་རྩོལ་མེད་པའི་ཡེ་ཤེས་སོ། །འཕགས་ལམ་ཡན་ལག་བརྒྱད་ལ། ཡང་དག་པའི་ལྟ་བ་ནི། གོང་དུ་བཤད་པའི་ཤེས་རབ་དང་གཅིག་པ་ལས། རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་ནོ། །རྟོགས་པ་ནི་སྙིང་རྗེ་ཆེན་པོའོ། །ངག་ནི་ཆོས་ཉིད་དོན་གྱི་སྒྲ་དབྱངས་གཞོམ་དུ་མེད་པའི་ན་ད་སྒྲ་སྐད་རྣམ་པ་ཐམས་ཅད་པའོ། ལས་ཀྱི་མཐའ་ནི་གཞན་དོན་དུ་འཕྲིན་ལས་མཐའ་ཡས་པ་འབྱུང་བའི་གཞི་
སངས་རྒྱས་རང་སྣང་དུ་མཛད་པའི་རྣམ་འཕྲུལ་མཐའ་ཡས་བསྟན་པ་དེའོ། །འཚོ་བ་ནི་རང་སྣང་དུ་ཞིང་ཁམས་དང་མཆོད་པའི་སྤྲིན་གྱི་ཕུང་པོ་འབྱུང་བའི་ཡེ་ཤེས་སོ། །རྩོལ་བ་ནི་གོང་དུ་བཤད་པའི་བརྩོན་འགྲུས་ཉིད་དེ། མཐའ་མེད་པའི་གཞན་དོན་དུས་ལས་མ་ཡོལ་བར་སྤྱོད་པའོ། །དྲན་པ་ནི་སྔར་བཤད་པ་ཉིད་དེ། འོན་ཀྱང་ཡང་དག་པའི་དོན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་སྲོག་ཏུ་སོང་བའི་སྒོ་ནས་དང༌། འཕགས་པའི་ལམ་ནི་ཁྱད་པར་ཅན་གྱི་ཡོན་ཏན་མ་ལུས་པའི་གཞིར་གྱུར་པའི་ཕྱིར། ལྟ་རྩོལ་དྲན་གསུམ་ལ་ལྡོག་ཆ་དེ་གཉིས་ཀྱི་སྒོ་ནས་སྔར་གྱི་དང་མི་ཟློས་པར་རྣམ་པར་འཇོག་གོ །དེ་ཐམས་ཅད་ཀྱང་ཡང་དག་པའི་ཏིང་ངེ་འཛིན་གཅིག་པུར་འདུས་ཤིང༌། སྒྱུ་མ་ལྟ་བུ་དང༌། དཔའ་བར་འགྲོ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཡང༌། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་ཞིང་གི་རྡུལ་སྙེད་ཡིན་མོད་ཀྱི། དེས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་བྱེ་བའི་ཆ་ལ་ཡང་བསྐྲུན་པར་མི་ནུས་པས། ཏིང་ངེ་འཛིན་རབ་འབྱམས་མཐའ་མེད་པ་དེ་དག་དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གཅིག་པུའི་ངོ་བོར་གནས་པ་ནི། ཡང་དག་པའི་ཏིང་ངེ་འཛིན་ཉིད་དེ། དེ་ནི་དཔལ་ཧེ་རུ་ཀར་བཞེངས་པའོ། །དེ་ཉིད་མཁའ་ཁམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པས་རྡོ་རྗེ་ཕག་མོའི་དག་པ་ཡང་སྟེ། ཇི་སྐད་དུ། བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། ཞེས་པ་ལྟར། མཁའ་ཁམས་ཀྱི་དྭངས་མ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནོ། །སངས་རྒྱས་ཉིད་ལ་དགེ་ཆོས་སྔར་མ་སྐྱེས་པ་སྐྱེད་པ་དང༌། སྔར་ཡོད་
བསྲུང་བ་དང༌། མི་དགེ་བའི་ཆོས་སྔར་མེད་མི་སྐྱེ་བར་བྱེད་པ་དང༌། སྔར་ཡོད་སྤོང་བ་སྟེ་བཞི་པོ་གང་ཡང་མི་དགོས་མོད། འགྲོ་དོན་སྤྱོད་པའི་ནུས་པ་ཅན་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ལྡོག་ཆའི་དབྱེ་བ་བཞི་སྟེ། གདུལ་བྱའི་སྐལ་བ་དང་འཚམ་པར་འཇིག་རྟེན་པ་ཁམས་གསུམ་དང༌། འཇིག་རྟེན་ལས་འདས་པ་ཐེག་པ་གསུམ་གྱི་དགེ་བའི་ཆོས་རྣམས་རྒྱུད་ལ་སྐྱེས་པ་རྣམས་སྐྱེད་དུ་གཞུག་པ་དང༌། དགེ་བའི་ཆོས་དེ་འདྲ་སྐྱེས་ཟིན་པ་རྣམས་མི་ཉམས་ཤིང་སྤེལ་བས་ཡང་དག་པར་བསྲུང་བ་དང༌། མི་དགེ་བའི་ཆོས་སྒྲིབ་པར་གཏོགས་སོ་ཅོག་ཐམས་ཅད་སྐྱེས་པ་རྣམས་ས་བོན་སྤོང་དུ་གཞུག་པ་དང༌། མ་སྐྱེས་པ་རྣམས་ཀྱི་བག་ཆགས་ཀྱང་སྤོང་དུ་བཅུག་པས་མི་སྐྱེད་པའི་གནས་ལ་འགོད་པའི་ཡེ་ཤེས་ཏེ་ཡང་དག་སྤོང་པ་འདི་དག་སྐབས་འདིར་གཞན་དོན་སྤྱོད་པའི་རྒྱུར་གྱུར་པའི་ཡེ་ཤེས་ལ་བཞག་གོ །དེ་ལྟར་ཆོས་ཉིད་དག་པ་གཉིས་ལྡན་འབྲས་བུའི་བྱང་ཕྱོགས་སོ་བདུན་པོ་འདི་རྣམས་ལ་རེ་རེ་བཞིན་ཐབས་མཁས་ཀྱི་ཆ་རེ་དང༌། ཤེས་རབ་ཟབ་མོའི་ཆ་རེ་ཡོད་ལ། མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་རྣལ་འབྱོར་མ་སུམ་ཅུ་སོ་དྲུག་ལ་དག་པ་བརྗོད་པས་ནི། རང་རང་གི་ཐབས་རྣམས་ཀྱང་དེའི་དག་པ་ཡིན་པར་གོ་དགོས་ཏེ། སྙིང་པོའི་རྣལ་འབྱོར་མ་རྣམས་ཀྱི་ཐབས་ནི། ཧེ་རུ་ཀ་རིགས་བཞིའམ། རྒྱལ་བ་རིགས་བཞི་སྟེ། མཆོད་པའི་སྣོད་བཞིས་མཚོན་པ་དག་ཡིན་ལ། འཁོར་ལོ་གསུམ་གྱི་ལྷ་ལ་དངོས་སུ་གསལ་ཞིང༌། སྒོ་མ་རྣམས་ཀྱི་གདོང་བརྙན་ཉིད་ཁྲོ་བོ་རྣམ་རྒྱལ་ལ་སོགས་པ་ཡབ་བཞི་སྦས་པའི་ཚུལ་ཡིན་པ་དང༌། མཚམས་མ་རྣམས་ཀྱི་ཕྱེད་
གཟུགས་ལས་གཡས་ཀྱི་ཆ་རྣམས་དབྱུག་སྔོན་ཅན་ལ་སོགས་པ་ཡབ་བཞི་སྦས་པའི་ཚུལ་ཡིན་ནོ། །ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀ་ཡིན་པ་བཞིན། རྡོ་རྗེ་ཕག་མོ་ཡང་དེ་ཡིན་ཏེ། དེ་ལྟར་ན་ཆོས་སོ་བདུན་ལས་ཕྱེ་ནས། ཐབས་ཀྱི་ཕྱོགས་སོ་བདུན་ནི་ཡབ་སོ་བདུན་དང༌། ཤེས་རབ་ཀྱི་ཕྱོགས་སོ་བདུན་ནི་ཡུམ་སོ་བདུན་ནོ། །རབ་གཏུམ་མ་མན་ཆད་ལ་བྱང་ཕྱོགས་རྣམས་ལྷ་སོ་སོ་དེ་དང་དེར་དག་ཚུལ་སྦྱོར་བ་ལ་ལུང་གིས་སྒྲུབ་པ་ཁོ་ན་ལས་གཞན་པའི་རྒྱུ་མཚན་བཤད་དུ་མེད་དོ། །ཕྱིས་ཀྱི་བདེ་མཆོག་མཁན་པོར་རློམ་པ་རྣམས་དགྱེས་རྡོར་རམ་གསང་འདུས་སོགས་རྒྱུད་གཞན་ལ་ཅུང་ཟད་སྦྱངས་པའི་ལྟག་ཤེད་ཀྱིས་བདེ་མཆོག་འཆད་པར་སྣང་ལ། སྡོམ་པའི་གཞུང་ཉིད་ལ་རིང་དུ་སྦྱངས་པར་མི་འདུག་ཅིང༌། འགའ་ཞིག་རྒྱ་གཞུང་ཧལ་ལེ་བ་སྣ་ཚོགས་ནས་བསྡུ་བར་བྱེད་ལ། གཞན་དག་མན་ངག་ཡིན་དུ་རེ་བས་བོད་ཀྱི་ངག་སྒྲོས་ཐན་ཐུན་གྱི་ཡིག་རིགས་ཙམ་འཚོལ་བར་བྱེད་དོ། །དེ་དག་ཐམས་ཅད་བྱང་ཕྱོགས་ཀྱི་རྣམ་གཞག་ལ་འཁྲིགས་མ་ཆུད་པས་ཆེད་ཆེར་མི་བྱེད་པར་སྣང༌། ཡང་འགའ་ཞིག་གིས་ཆེ་བ་བརྗོད་པ་ཅུང་ཟད་མཛད་མོད་ཀྱི་རྒྱས་པར་འཆད་པའང་མེད་ལ། ཐམས་ཅད་ཀྱིས་མདོ་དང་ཐུན་མོང་བའི་རྣམ་གཞག་ལས་གཞན་མ་རྙེད་དོ། །དེས་ན་སྡོམ་པའི་ཆོས་སྐོར་ལ་མཁས་པ་ཇོ་བོ་བདེ་མཆོག་རྡོ་རྗེ་དང་ཅོག་རོ་ཆོས་རྒྱལ་ལ་སོགས་པ། སྔོན་གྱི་སྐྱེས་མཆོག་འགའ་ཞིག་གིས་ཆེ་ཐང་དུ་མཛད་དེ། ལམ་གྱི་ཆོས་སོ་བདུན་ལ་ཐུན་མོང་ཐུན་མོང་མ་ཡིན་པ་གཉིས་དང༌། འབྲས་བུའི་སོ་བདུན་ཐབས་ཤེས་གཉིས་ཀའི་རྒྱས་བཏབ་ཅན་དུ་འཆད་པ་སོགས་ཆོས་འདིའི་སྲོག་ཤིང་དུ་སྣང་བ་བདག་གི་བསོད་ནམས་ཀྱིས་ལེགས་པར་
རྙེད་དོ། །སྐབས་འདིར་གཞུང་གི་དངོས་བསྟན་གྱི་ཚིག་གིས་མ་ཟིན་པའི་དག་པ་གཞན་རྣམས་ཀྱང་ཅི་རིགས་པ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིངཀ་ནི་ཆོས་ཉིད་འགྱུར་བ་མེད་པའོ། །ཡེ་ཤེས་ཀྱི་སྣང་བས་མ་རིག་པའི་མུན་པ་སེལ་བར་བྱེད་པའི་ཕྱིར་ཉི་མའི་དཀྱིལ་འཁོར་གདན་དུ་བྱས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་རྩ་ཞལ་དང༌། མཚན་མ་མེད་པས་གཡས་ཞལ་དང༌། སྨོན་པ་མེད་པས་གཡོན་ཞལ་དང༌། རྣམ་པར་ཐར་པའི་སྒོ་འདུས་མ་བྱས་པས་རྒྱབ་ཞལ་ལོ། །ཐུགས་རྡོ་རྗེ་སྟོང་ཉིད་ཀྱི་ཡེ་ཤེས་ནི། མ་དག་པའི་སྣང་བ་འགག་པའི་ཕྱིར་དབུས་ཞལ་གྱི་ཁ་དོག་མཐིང་ཀ་དང༌། སྐུ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་རྡུལ་ཆོས་ཀྱི་ནོག་ནག་མེད་པའི་ཕྱིར་གཡས་ཞལ་དཀར་པོ་དང༌། རྗེས་སུ་ཆགས་པ་བརྩེ་བའི་སྒོ་ནས་ཆོས་སྟོན་པའི་ཕྱིར་གསུང་རྡོ་རྗེ་གཡོན་ཞལ་དམར་པོ་དང༌། ཡེ་ཤེས་རྡོ་རྗེ་བདེ་ཆེན་གྱི་གཟི་འོད་འབར་བའི་ཕྱིར་རྒྱབ་ཞལ་གསེར་གྱི་མདོག་གོ །ཡང་མདུན་ཞལ་ནག་མོ་ནི་དྲག་པོའི་ལས་དང༌། གཡས་ཞལ་དཀར་པོ་ནི་ཞི་བའི་ལས་དང༌། གཡོན་ཞལ་དམར་པོ་ནི་དབང་གི་ལས་དང༌། རྒྱབ་ཞལ་སེར་པོ་ནི་རྒྱས་པའི་ལས་སྒྲུབ་པའི་ཕྱིར་རོ། །ཞབས་གཡས་བདེ་ཆེན་དང༌། སྙིང་རྗེ་དང༌། བསོད་ནམས་ཀྱི་ཚོགས་དང༌། ཐབས་ཀྱི་རང་བཞིན་ནོ། །གཡོན་རྣམ་པ་ཐམས་ཅད་པའི་སྟོང་ཉིད་དང༌། སྤྲོས་བྲལ་དམིགས་མེད་དང༌། ཡེ་ཤེས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་རང་བཞིན་ནོ། །དུས་གསུམ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་པའི་ཕྱིར། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་སྟེ། དེ་ཡང་སྐུ་དང༌། གསུང་དང༌། ཐུགས་དང༌།
ཡེ་ཤེས་ཏེ་བཞི་ཅར་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར་རོ། །རླུང་འཕོ་བ་བཅུ་གཉིས་འགགས་པ་དང༌། ཁམས་དཀར་དམར་གྱི་བགྲོད་པ་བཅུ་གཉིས་བཅུ་གཉིས་འགྱུར་བ་མེད་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཐིམ་པ་དང༌། ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པའི་ཕྱིར་ཕྱག་བཅུ་གཉིས་སོ། །དེ་རེ་རེ་ལའང་ཁམས་ལྔ་དག་པའི་ཡེ་ཤེས་ཀྱི་དབྱེ་བས། ཕྱག་སོར་རྣམས་ཏེ་ཕྱི་དང་ནང་དུ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང་ཆུ་ཚོད་དྲུག་ཅུ་རྣམ་པར་དག་པའོ། །ཡེ་ཤེས་ལྔ་རོ་གཅིག་པའི་བདག་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྡོ་རྗེ་དྲིལ་བུ་སྟེ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཕྱིར་འཁྱུད་པའི་ཕྱག་རྒྱས་བསྣམས་པའོ། །གཏི་མུག་ཐམས་ཅད་བཅོམ་པའི་ཕྱིར་གླང་པོ་ཆེའི་ལྤགས་པའོ། །ལྷན་སྐྱེས་ཀྱི་དགའ་བ་སྙིང་རྗེ་ཆེན་པོའི་ངོ་བོར་གྱུར་པའི་སྒྲས། དབྱིངས་རྐྱང་པ་ལ་མི་གནས་པར་བསྐུལ་བ་ནི་ཅང་ཏེའུའོ། །སྒོ་གསུམ་གྱི་ཉེས་པ་ཐམས་ཅད་གཅོད་པའི་ཕྱིར་དགྲ་སྟའོ། །སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་པ་དང༌། སྐུ་གསུམ་གྱི་ཕྱིར་མདུང་རྩེ་གསུམ་པའོ། །ཐ་མལ་གྱི་རྣམ་རྟོག་ཐམས་ཅད་འཇོམས་པ་དང༌། འགྲོ་དོན་ལ་བརྩོན་པའི་ཕྱིར་གྲི་གུག་གོ །དོན་དམ་པའི་རྩ་དབུ་མ་ཆོས་ཉིད་ཀྱི་ཐིག་ལེས་གང་ཞིང་གྱེན་དུ་གཤེགས་པའི་ཕྱིར་ཁ་ཊྭཱཾ་གའོ།། དངོས་པོར་འཛིན་པའི་སྐྱོན་ཀུན་ཡེ་ཤེས་ཀྱིས་བཅིངས་ཏེ་རྣམ་རྟོག་གི་བྱ་བྱེད་མེད་པར་བྱེད་པའི་ཕྱིར་ཞགས་པའོ། །སེམས་ཅན་རྣམས་ལ་བདེ་བ་ཆེན་པོའི་བདུད་རྩི་སྩོལ་བའི་ཕྱིར་ཐོད་པའོ། ཚད་མེད་བཞིའི་རང་བཞིན་ནམ། འདོད་པ་དང༌། སྲིད་པ་དང༌། མ་རིག་པ་དང༌། ལྟ་བའི་ཆུ་བོ་སྟེ་བཞི་བཅོམ་
པའི་ཕྱིར་ཚངས་པའི་མགོ་བོ་གདོང་བཞི་པའོ། །དེ་ལྟར་ཡང་སྡོམ་པ་བཤད་པ་ལས། རྩེ་གསུམ་སྐུ་གསུམ་དག་པའི་ཕྱིར། །གླང་པོ་གཏི་མུག་རྣམ་པར་འཇིག །ལུས་ངག་ཡིད་གསུམ་དད་བྱུང་བའི། །སྐྱོན་ནི་དགྲ་སྟས་གཅོད་པར་བྱེད། །གྲི་གུག་རྣོན་པོ་སེམས་ཅན་དོན། །བརྩོན་འགྲུས་ཡང་དག་ལྡན་ཕྱིར་འཕྱར། །རྟག་ཏུ་དགའ་བའི་རང་བཞིན་གྱི། །སྒྲ་ནི་ཅང་ཏེའུ་བརྟག་པར་བྱ། །ཡེ་ཤེས་ལྔ་ཡི་རང་བཞིན་པས། །རྡོ་རྗེ་སྟོང་པའི་མེས་བསྲེགས་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱི། ཁ་ཊཱཾ་ག་ནི་ཡན་ལག་གནས། །ཐོད་འགྲོ་སྐྱོང་བ་ཐོད་པའི་སྐུ། །དེས་ན་དེ་ནི་ཐོད་པར་བརྗོད། །སྙིང་རྗེ་རོ་ཡིས་གང་བ་ནི། །འཐུངས་པས་ཧེ་རུ་ཀ་ཉིད་རྒྱལ། །ཞགས་པས་སྐྱོན་ནི་རྣམ་པར་བཅིངས། །ལུས་ཅན་མ་ལུས་གཞན་དབང་འགྱུར། །མགོ་བོ་ཚངས་པའི་རང་བཞིན་ཉིད། །ཅེས་གསུངས་སོ། །ཞབས་གཡས་པ་རྐྱང་བ་ནི་ཞི་བའི་མཐའ་ལ་མི་གནས་པ་དང་གཡོན་བསྐུམ་པ་ནི་སྲིད་པའི་མཐའ་ལ་མི་གནས་པའོ། །ཐབས་ཤེས་ཀྱི་རང་བཞིན་ཞབས་གཉིས་ཀྱིས་ཆད་མཐའ་དང་འཛིན་རྟོག་གི་ངོ་བོ་འཇིགས་བྱེད་དང༌། རྟག་མཐའ་དང་གཟུང་རྟོག་གི་ངོ་བོ་དུས་མཚན་མ་མནན་པའོ། །ཡང་ན་མངོན་བརྗོད་བླ་མ་ལས། འཇིགས་བྱེད་དང་ནི་དུས་མཚན་དག །སྲེད་དང་སྡང་བ་ཞབས་ཀྱིས་མནན། །ཞེས་པ་དང༌། རྣམ་པར་རྟོག་པ་འཇིགས་བྱེད་དང༌། །སྲེད་དང་ཕྲག་དོག་དུས་མཚན་ཉིད། །ཞབས་ཀྱི་འོག་ཏུ་གནོན་པར་མཛད། །ཅེས་འབྱུང་བ་ལྟར་ཡང་བཤད་དོ། །མགུལ་རྒྱན་སྦྱིན་པ། གདུ་བུ་རྣམས་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་ནོར་བུ་
བརྩོན་འགྲུས། མཆོད་ཕྱིར་ཐོགས་བསམ་གཏན། ཐལ་ཆེན་ཤེས་རབ་སྟེ། ཕྱག་རྒྱ་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །སྐབས་འདིར་སྤྱི་བོའི་འཁོར་ལོ་དང་ནོར་བུ་གཅིག་ཏུ་སྡོམས་པ་ཡིན་ལ། སྐེ་རགས་ཀྱང་ཐལ་བ་དང་གཅིག་ཏུ་སྡོམས་པའི་དབང་དུ་བྱས་སོ། །ཐོད་སྐམ་ལྔ་ནི་ཡེ་ཤེས་ལྔ། རྡོ་རྗེ་བཞི་ཀར་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར། དབུ་རེ་རེ་ལ་ལྔ་ལྔའོ། །ཡེ་ཤེས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལས་བྱུང་ངོ་ཞེས་མཚོན་པའི་ཕྱིར། རྡོ་རྗེ་ནག་པོའི་འཕྲེང་བའི་སྦྲེལ་ཐབ་ཅན་ནོ། །དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རལ་པའི་ཅོད་པན་ནོ། །མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་བདེ་བ་ཉིད་ཀྱི་ཕྱིར་གཡོན་ངོས་སུ་ཟླ་བ་ཕྱེད་པའོ། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པའི་ཕྱིར་སྤྱི་བོར་སྣ ་ཚོགས་རྡོ་རྗེའོ། །ལྟ་བ་ངན་པ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་ཞལ་ཐམས་ཅད་རྣམ་པར་འགྱུར་བ་ཁྲོས་པའི་ཞལ་ལོ། །ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་འཇོམས་པའི་ཕྱིར་མཆེ་བ་བཞི་བཞི་གཙིགས་པའོ།། ཡང་བྱང་ཆུབ་ཀྱི་སེམས་ཀུནྡ་རྣམ་པར་དག་པའི་བདེ་ཆེན་གྱི་སྐུ་ཡིན་པའི་ཕྱིར་ཐལ་བས་ཉེ་བར་བྱུགས་པ། ལུས་ལ་རོ་རྐྱང་གི་ཡི་གེ་ལྔ་བཅུ་དང་སེམས་ཀྱི་རྣམ་རྟོག་སེམས་བྱུང་ལྔ་བཅུ་རྣམ་པར་དག་པའི་ཡེ་ཤེས་ནི་མགོ་རློན་ལྔ་བཅུའི་དོ་ཤལ་ལོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ཐེ་ཚོམ་སྟེ་སྐྱོན་དྲུག་བཅོམ་པའི་བརྡར་སྟག་ལྤགས་ཀྱི་སྨད་དཀྲིས་སོ།། རིགས་ལྔ་ཡུམ་བཞིའི་བདག་ཉིད་ཅན་གྱི་གར་གྱི་ཉམས་དགུ་གང་ལ་ལྡན་པ་ནི་ལྷ་དགུ་པོ་དེ་གཅིག་ཏུ་མཚོན་པའི་བདག་ཉིད་དོ། །ཞེས་གོ་བའི་ཕྱིར་རོ། །དེ་ཡང་སྒེག་པའི་ཉམས་ནི་རྣམ་སྣང༌། དཔའ་བ་
ནི་རིན་འབྱུང༌། མི་སྡུག་པ་ནི་མི་བསྐྱོད་པ། བཞད་པ་ནི་འོད་དཔག་མེད། དྲག་ཤུལ་ནི་དོན་ཡོད་གྲུབ་པ། འཇིགས་རུང་ནི་མཱ་མ་ཀཱི །སྙིང་རྗེ་ནི་སྒྲོལ་མ། དམ་པ་ནི་གོས་དཀར་མོ། ཞི་བ་ནི་སྤྱན་མའི་རང་བཞིན་ནོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཕྱིར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའོ། །སྟོང་པ་ཉིད་དང་སྙིང་རྗེ་མི་འབྲལ་བའི་ཕྱིར་སྐུ་ལུས་ཀྱང་མཉམ་པར་སྦྱོར་བར་གནས་པའོ། ཟག་མེད་ཀྱི་དགའ་བ་ཆེན་པོ་སྤྲོས་བྲལ་དུ་རོ་གཅིག་པའི་ཕྱིར་ཞལ་སྦྱོར་ཞིང་ཕན་ཚུན་དུ་མཆུ་སྒྲོས་འཇིབ་པར་མཛད་པའོ། །དེ་དག་ནི་གཙོ་བོ་བཅོམ་ལྡན་འདས་ཀྱི་སྐུའི་དག་པའོ། །སྟོང་པ་ཉིད་ལས་བདེ་བའི་ཡེ་ཤེས་བསྐྱེད་དུ་འཇུག་པའི་ཕྱིར། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོའ། །ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཞལ་གཅིག་མའོ། །ཐབས་ཤེས་གཉིས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་ཕྱག་གཉིས་མའོ། །འདོད་ཆགས་ཆེན་པོ་ལྷན་ཅིག་སྐྱེས་པའི་ཉམས་དང་ཡེ་ཤེས་བརྟན་གཡོ་ཀུན་ལ་ཁྱབ་པའི་ཕྱིར་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བའོ། །ཀུན་ཏུ་རྟོག་པ་ཐམས་ཅད་འཇོམས་པའི་ཕྱིར་ཆེར་འཁྲུགས་པ་མོའོ། །རྡུལ་དང་མུན་པ་དང་སྙིང་སྟོབས་གསུམ་རྣམ་པར་དག་པའི་བདེ་ཆེན་གྱི་མངོན་ཤེས་ཤེས་བྱ་ཐམས་ཅད་ལ་གཡོ་བའི་ཕྱིར་སྤྱན་གསུམ་དམར་ལ་གཡོ་བའོ། །དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་ནི་དབུ་སྐྲ་གྲོལ་བ་དང༌། སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་གཅེར་བུ་མོའོ། །བདེ་བ་འཛིན་པའི་རང་བཞིན་གྱི་ཐོད་པ་དང༌། བདེ་ཆེན་དེས་བདུད་བཅོམ་པའི་ཕྱིར་བདུད་བཞིའི་ཁྲག་གིས་གང་བ། དེ་ཡང་ཐབས་ལ་མཁས་པ་ཉིད་ལ་བརྟེན་པའི་
ཕྱིར། གཙོ་བོའི་ཞལ་རྣམས་སུ་མཆོད་ཡོན་དུ་འབུལ་བའོ། །སྤྲོས་པའི་མཐའ་ཐམས་ཅད་འཇོམས་པའི་ཕྱིར། རྡོ་རྗེ་དང་བཅས་པའི་སྡིགས་འཛུབ་ཀྱིས་ཕྱོགས་ཀུན་ཏུ་གནོན་པའོ། །འཁོར་བ་རང་བཞིན་གདོད་ནས་མ་གྲུབ་པས་དེར་འགྲོ་བ་རྣམས་འཁྱམས་པ་ཡང་ངོ་བོས་མ་གྲུབ་པར་གཟིགས་པའི་ཕྱིར། རྡུལ་གྱི་དྭངས་མ་འབབ་པའི་ཟླ་མཚན་དང་བཅས་པའོ། །ཞབས་གཡས་བསྐུམ་པ་ནི་ཐབས་བདེ་བ་ཆེན་པོས་འཁོར་བ་ལ་མི་གནས་པ་དང༌། གཡོན་བརྐྱང་བ་ནི། ཤེས་རབ་སྟོང་ཉིད་ཀྱི་སྐུས་ཞི་བའི་མཐའ་ལ་མི་གནས་པའོ། །ཡབ་དང་མཉམ་པར་སྦྱོར་བའི་དག་པ་རྣམས་ནི་སྔར་ཡབ་ཀྱི་སྐབས་སུ་ཡུམ་དང་སྦྱོར་བའི་དག་སྦྱོར་བཤད་པ་རྣམས་དང་མཚུངས་མོད་ཀྱི། འོན་ཀྱང་ཐབས་ཀྱི་ཡེ་ཤེས་སུ་གྲུབ་ཕྱིན་ཆད། ཤེས་རབ་ཀྱི་མཚན་ཉིད་ཀྱང་གདོད་ནས་ཚང་བའི་ཟུང་འཇུག་ནི་ཡབ་ཀྱི་དག་པའི་སྐབས་སུ་སྦྱོར་ཞིང༌། ཤེས་རབ་ཀྱི་ངོ་བོར་གྲུབ་ཕྱིན་ཆད་ཐབས་ཀྱི་མཚན་ཉིད་ནམ་ཡང་མི་འདོར་བའི་ཟུང་འཇུག་ནི་ཡུམ་གྱི་དག་པའི་སྐབས་སུ་སྦྱར་བ་ཁྱད་པར་རོ། །ཡེ་ཤེས་ལྔ་རྣམ་པར་དག་པའི་ཕྱག་རྒྱ་ལྔ་སྟེ། འཁོར་ལོ་ཆོས་དབྱིངས། རྣ་ཆ་སོར་རྟོག །མགུར་ཆུ་མཉམ་ཉིད། གདུ་བུ་མེ་ལོང་ལྟ་བུ། སྐེ་རགས་བྱ་གྲུབ་རྣམས་ཡིན་ལ། འོག་པག་དང༌། ཞབས་གདུབ་ལས་དཔྱངས་པའི་གཡེར་ཁའི་འཕྲེང་བ་རྣམས་ནི། རྟེན་འབྲེལ་བཅུ་གཉིས་སྟོན་པའམ་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པའོ། །དེ་ལ་ཕྱག་རྒྱ་དྲུག་ནི། ཐབས་གཙོ་ཆེ་བའི་དབང་དུ་བྱས་པས་ཕར་ཕྱིན་དྲུག་དང༌། ལྔ་ནི་ཤེས་རབ་གཙོ་ཆེ་བའི་དབང་དུ་བྱས་
པས་ཡེ་ཤེས་ལྔའོ། །ཡང་ན་རྒྱུད་གཞན་གྱི་ངེས་པས་སྟོང་ཆེན་ལྔ་དང་ཐིག་ལེ་དྲུག་གི་དག་པར་གནས་པས་ཐབས་ལ་ཤེས་རབ་དང༌། ཤེས་རབ་ལ་ཐབས་ཀྱིས་རྒྱས་བཏབ་པར་བྱས་ཀྱང་རུང་ངོ༌། །ཐོད་སྐམ་ལྔ་ནི་རིགས་ལྔའི་སངས་རྒྱས་ཉིད་རྣམ་པར་དག་པའོ། །ཐོད་སྐམ་ལྔ་བཅུའི་དོ་ཤལ་ནི། ཡི་གེ་ལྔ་བཅུ་དང༌། སེམས་བྱུང་ལྔ་བཅུ་དག་པ་སྔར་དང་འདྲ་ལ། དག་བྱེད་ཀྱི་ཁྱད་པར་ལས་སྐམ་རློན་སོ་སོ་ཡིན་ཏེ། ཐབས་བདེ་བ་ཆེན་པོའི་ཆུས་བརླན་པ་ལས་མགོ་རློན་དང༌། ཡེ་ཤེས་ཀྱི་གཏུམ་མོ་ཤེས་རབ་སྟོང་པའི་དྲོད་ཀྱིས་བསྐམས་པ་ལས་ཐོད་སྐམ་མོ། །ཡེ་ཤེས་རྟག་པ་ལ་འགྱུར་བའི་རྒས་པ་མེད་པའི་ཕྱིར། ལང་ཚོ་གསར་དུ་བདོ་བ་མོ། ཡོན་ཏན་རྒྱས་པའི་ཕྱིར་ཤ་ཉམས་རྒྱས་པའི་སྐུའོ། །རང་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་ནུ་འབུར་གཉིས་རྒྱས་པའོ། །ཆོས་ཉིད་རྟོགས་པར་དཀའ་ཞིང་བསམ་གྱི་མི་ཁྱབ་པའི་ཕྱིར་སྐེད་སྐབས་ཕྲ་བའོ། །དོན་དམ་པའི་བྱང་ཆུབ་ཀྱིས་སེམས་གཞི་ཤིན་ཏུ་བརྟན་པའི་ཕྱིར་སྟ་ཟུར་རྒྱས་ཤིང་མཚམས་ཀྱི་མཐའ་ཟླུམ་པའོ། །བསོད་ནམས་དང་ཡེ་ཤེས་རབ་ཏུ་བསགས་པའི་ཕྱིར་བརླ་རྒྱས་པའོ། །རྣམ་པ་ཀུན་གྱིས་མཆོག་དང་ལྡན་པའི་ཕྱིར་སྐྱེ་གནས་རུས་སྦལ་གྱི་དབྱིབས་ལྟར་མཐོ་བའོ། །འགྲོ་བ་ཀུན་ལ་མཐའ་ཡས་པའི་ཕུན་སུམ་ཚོགས་པ་སྩོལ་བའི་ཕྱིར་སྐུའི་རྣམ་པ་ཐམས་ཅད་དག་ཅིང་ཕུན་སུམ་ཚོགས་པའོ། །དེ་དག་ནི་འཁོར་ལོའི་དབང་ཕྱུག་མ་རྡོ་རྗེ་ཕག་མོའི་སྐུའི་དག་པའོ། །ཤར་དུ་ཆུ་ཁམས་འབབ་བའི་རྩ་སུམ་སྐོར་མ་རྣམ་པར་དག་པ་ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་རྡོ་རྗེ་མཁའ་འགྲོ་མའོ།། དེ་བཞིན་དུ་རིམ་པ་བཞིན་དུ་སྦྱར་ཏེ། མཐར་དམ་ཚིག་འཁོར་
ལོའི་བྱང་ཤར་གྱི་གྲྭར་སྙིགས་མ་འབབ་པའི་རྩ་གཏོགས་མ་རྣམ་པར་དག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ངོ་བོ་གཤིན་རྗེ་འཇོམས་མའོ་ཞེས་པའི་བར་དུ། ལུས་དཀྱིལ་དང་བྱང་ཕྱོགས་ཀྱི་དག་པ་སྔར་བཤད་པ་ཉིད་ཀྱིས་གོ་སླ་ལ། ཉེས་པའི་སྐྱོན་གྱིས་མ་གོས་པའི་ཡེ་ཤེས་ཀུན་ཏུ་རྒྱས་པ་ནི་པདྨ་སེར་པོ་འདབ་མ་བརྒྱད་པ་སྟེ། དེའི་འདབ་མ་ལ་གནས་པའི་ལྷ་ཚོགས་ཀྱི་དག་པ་ལ་སྙིང་རྗེ་ཚད་མེད་པ་ནི་མཁའ་འགྲོ་མའོ། །བཏང་སྙོམས་ཚད་མེད་པ་ནི་ལཱ་མའོ། །དགའ་བ་ཚད་མེད་པ་ནི་དུམ་སྐྱེས་མའོ། །བྱམས་པ་ཚད་མེད་པ་ནི་གཟུགས་ཅན་མའོ། །ཉེས་པ་ཟད་པའི་ཕྱིར་ཁ་དོག་སྔོ་བ་དང༌། འགྲོ་བའི་དོན་སྣ་ཚོགས་སྤྱོད་པའི་ཕྱིར་ལྗང་ཁུ་དང༌། བརྩེ་བས་འགྲོ་ལ་ཆགས་པའི་ཕྱིར་དམར་བ་དང༌། ཡོན་ཏན་རྒྱས་པའི་ཕྱིར་སེར་བ་སྟེ། ཐམས་ཅད་ཀྱང་རང་བཞིན་རྣམ་པར་དག་པའི་ཕྱིར་དཀར་བའི་མདངས་ཅན་ནོ། །མཚམས་ཀྱི་འདབ་མ་ལ་གནས་པའི་ཐོད་པ་བཞི་ལས། ཤར་ལྷོར་ཁུ་བས་གང་བའི་ཐོད་པ་ནི་འོད་དཔག་མེད་ཀྱི་ངོ་བོ་དང༌། ལྷོ་ནུབ་ཏུ་རྡུལ་གྱིས་གང་བའི་ཐོད་པ་ནི་རིན་ཆེན་འབྱུང་ལྡན་དང༌། རླུང་དུ་ཤ་ཆེན་གྱིས་གང་བའི་ཐོད་པ་ནི་དོན་ཡོད་གྲུབ་པ་དང༌། བྱང་ཤར་དུ་དྲི་ཆེན་དྲི་ཆུས་གང་བའི་ཐོད་པ་ནི་རྣམ་སྣང་གི་ངོ་བོ་སྟེ། ཡེ་ཤེས་བཞིའི་རང་བཞིན་དུ་ཡང་ཤེས་པར་བྱའོ། །ཐོད་པ་རྣམས་ཀྱི་གདན་ཟླ་བ་ནི་ཉོན་མོངས་པའི་གདུང་བ་སེལ་བར་བྱེད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་རྣམས་མངོན་བརྗོད་བླ་མ་ལས། ཀུན་ཏུ་བཟང་པོ་འཇམ་པའི་དབྱངས། །འཇིག་རྟེན་མགོན་པོ་ས་སྙིང་པོ། །ཕྱག་ན་རྡོ་རྗེ་བྱམས་པ་དང༌། །ནམ་མཁའི་སྙིང་པོ་ནམ་མཁའི་མཛོད། །སྒྲིབ་པ་རྣམ་པར་སེལ་བ་དང༌། །
སྤོས་ཀྱི་གླང་པོ་ཉིད་ཡིན་ཏེ། །མི་ཟད་པ་དང་ཡེ་ཤེས་ཏོག །སྤོབས་པ་བརྩེགས་པ་མཆོག་ཡིན་ཏེ། །མྱ་ངན་ཀུན་འཇོམས་ཉིད་ཡིན་ནོ། །ངན་སོང་ཀུན་འདྲེན་ཉིད་དང་ནི། །དྲ་བ་ཟླ་བ་རིན་ཆེན་དང༌། །ཉི་མ་རྡོ་རྗེ་འོད་མཆོག་སྟེ། །ནོར་བཟང་དང་ནི་མཐུ་ཆེན་ཐོབ། །རྒྱ་མཚོ་དང་ནི་བཟང་སྐྱོང་ངོ༌། །དེ་དག་སྔོན་ཉིད་གྲུབ་པ་སྟེ། །ཞེས་འབྱུང་སྟེ། དེ་དག་ལས་མི་ཟད་པ་ནི་བློ་གྲོས་མི་ཟད་པའོ། །དྲ་བ་ནི་དྲ་བ་ཅན་གྱི་འོད་དོ། ཟླ་བ་ནི་ཟླ་འོད་གཞོན་ནུའོ། །རིན་ཆེན་ནི་རིན་ཆེན་འོད་དོ། །ཉི་མ་ནི་ཉི་མའི་འོད་ཀྱི་སྙིང་པོའོ། །རྒྱ་མཚོ་ནི་བློ་གྲོས་རྒྱ་མཚོའོ། །དཔའ་མོ་ཉེར་བཞི་ཡང་དེ་ཉིད་ལས། རྡོ་རྗེ་ཕོ་ཉ་མོ་ཉིད་དང༌། སྐུལ་བྱེད་དག་ནི་རིན་ཆེན་སྒྲོན། །རྡོ་རྗེ་ཉི་མ་མོ་དེ་བཞིན། །རོ་ལངས་རྡོ་རྗེ་གཞོན་ནུ་མ། །ཀམ་པོ་ཛི་ཡང་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་མ་དེ་བཞིན། །ཡེ་ཤེས་སྒྲོན་མ་རྡོར་འཇིགས་མ། །རིན་ཆེན་མ་དང་རྒྱན་ལྡན་མ། །སྒྲོལ་མ་དང་ནི་གོས་དཀར་མོ།།སྤྱན་མ་མཱ་མ་ཀཱི་མཆོག་དང༌། རྒྱལ་མཚན་རྩེ་མོ་སོ་སོར་འབྲང༌། །རྨ་བྱ་དང་ནི་རི་ཁྲོད་མ། །ལུ་གུར་བརྒྱུད་དང་ཕྱིར་བཟློག་མ། །ལྷ་མོ་གཙུག་ཏོར་རྡོར་འཇིགས་མ། སྔོན་གྲུབ་པ་ཡི་ལྷ་མོ་སྟེ། །འདོད་པའི་འབྲས་བུ་ཐམས་ཅད་གསོལ། །ཞེས་འབྱུང་བ་ལ། རྡོར་འཇིག་མ་གོང་མ་ནི། རྡོ་རྗེ་འཇིགས་བྱེད་མ་དང༌། ཕྱི་མ་ནི་རྡོ་རྗེ་འཇིགས་མའོ། །སྒྲོལ་མ་སོགས་ལྷ་མོ་བཞི་ནི་ཉེ་བའི་སྒྲོལ་མ་ལ་སོགས་པ་བཞི་ཡིན་གྱི། དེ་བཞིན་གཤེགས་མ་བཞི་པོ་མ་ཡིན་ནོ། །དེ་བས་ན་བྱ་རྒྱུད་ལས། ཕྱག་ན་རྡོ་རྗེའི་ཡུམ་མཱ་མ་ཀཱིར་བཤད་པ་སོགས་ཀྱང་འདི་ལྟ་བུ་ཡིན་ནམ་སེམས། ལྷ་མོ་གཙུག་ཏོར་ཞེས་པ་ནི་གཙུག་ཏོར་གདུགས་དཀར་མོའོ། །ཞེས་
འཆད་དོ། །ཚིགས་ཀུན་བཟང༌། ཡིད་འཇམ་དཔལ། ལྕེ་འཇིག་རྟེན་དབང་ཕྱུགམིག་ས་སྙིང༌། རྣ་བ་ཕྱག་རྡོར། རྩ་རྒྱུས་བྱམས་པ། སྣ་ནམ་སྙིང༌། ཕོ་མོའི་དབང་པོ་ནམ་མཁའ་མཛོད། ལུས་དབང་སྒྲིབ་སེལ། སྤོས་ཀྱི་གླང་པོ་སོགས་ལྔ་མགོ་བོ་ལ་དབང་རྟེན་ཁོག་པ་ལྔ། ངན་སོང་ཀུན་འདྲེན་སོགས་དྲུག་ནི་ལག་པ་དང་སོར་མོའི་ཚིགས་ཀྱི་རིམ་པ་དྲུག་དང༌། དེ་བཞིན་དུ་རྐང་པ་དང་སོར་ཚིགས་ཀྱི་རིམ་པ་དྲུག་ཀྱང་སྟེ། དེ་རྣམས་རིགས་མཐུན་སྡོམས་པ་དྲུག་གོ །ནོར་བཟང་ལ་སོགས་པ་བཞི་ནི། ལུས་ཀྱི་སྟོད་སྨད་ལ་མདུན་རྒྱབ་ཀྱི་དབྱེ་བས་བཞི་སྟེ། དེ་རྣམས་རྣམ་པར་དག་པའོ་ཞེས་ཀྱང་འཆད་དོ། །དཔའ་བོ་ཉི་ཤུ་རྩ་བཞིར་གྱུར་པའི་ཚེ་ཁམས་ཉེར་བཞིའི་དག་སྦྱོར་ནི་གོང་དུ་བསྟན་པ་ཉིད་དོ། །དེ་ལ་དཔའ་བོ་དཔའ་མོ་འདི་རྣམས་དང༌། སེམས་དཔའ་ཡབ་ཡུམ་དེ་རྣམས་ངོ་བོ་གཅིག་པ་ཉིད་ཡིན་ཡང་གདུག་པ་འདུལ་བའི་དོན་དང༌། དངོས་གྲུབ་མྱུར་བའི་ཕྱིར་དཔའ་བོ་ཡབ་ཡུམ་གྱི་སྐུ་ཉིད་བསྔགས་པ་ཡིན་ནོ། །རྣལ་འབྱོར་མ་ཉེར་བཞི་ནི་སྟོང་པ་ཉིད་ཉི་ཤུ་དང་རྣམ་པར་ཐར་པ་བཞི་དག་པ་ཡིན་ལ། དཔའ་བོ་ཉེར་བཞི་ནི་མི་འགྱུར་བའི་ཚུལ་གྱི་དགའ་བ་བཅུ་དྲུག་དང༌། ཞུ་བའི་ཚུལ་གྱིས་དགའ་བ་བཞི་དང༌། རང་བཞིན་གྱི་ཚུལ་གྱི་དགའ་བ་བཞི་རྣམས་སོ། །འདི་རྣམས་ཀྱི་ཕྱག་དང་ཕྱག་མཚན་གྱི་དག་པ་གཙོ་བོ་ཡབ་ཡུམ་གྱི་རྩ་ཕྱག་དང་འདྲ་བར་བྱ་སྟེ། གཙོ་མོའི་ཕྱག་གི་རྡོ་རྗེ་དང༌། དཔའ་མོ་འདི་རྣམས་ཀྱི་གྲི་གུག་དག་པ་གཅིག་པར་ཤེས་པར་བྱའོ། །ཐུགས་འཁོར་པ་རྣམས་མུན་པའི་ཡོན་ཏན་དག་པའི་ཕྱིར་སྐུ་
མདོག་སྔོན་པོ། གསུང་འཁོར་པ་རྣམས་རྡུལ་གྱི་ཡོན་ཏན་དག་པའི་ཕྱིར་སྐུ་མདོག་དམར་པོ། སྐུ་འཁོར་པ་རྣམས་སྙིང་སྟོབས་ཀྱི་ཡོན་ཏན་དག་པའི་ཕྱིར་སྐུ་མདོག་དཀར་པོའོ། །རྣལ་འབྱོར་མ་ཉེར་བཞི་འདི་རྣམས་ཀྱི་ཕོ་ཉ་མོ་ནི། མངོན་བརྗོད་ལས། མང་པོའི་གཟུགས་མ་གཟུགས་བཟང་མ། །རྡོ་རྗེ་མཆུ་དང་འོད་བྱེད་མ། །རྟ་གདོང་མ་དང་དྲག་གདོང་མ། །རྡོ་རྗེ་སྣ་མ་སྙན་གྲགས་མ། །རྡོ་རྗེ་ཕོ་ཉ་རྡོ་རྗེ་སེན། །རྡོ་རྗེ་གཞོན་ནུ་མ་དེ་བཞིན། །གཡོ་ལྡན་མ་དང་རོ་ལངས་མ། །རྡོ་རྗེ་མདའ་མོ་ཉིད་དང་ནི། །གནྡྷ་རི་དང་འཇིགས་པའི་ཞལ། །ཟླ་བའི་རྩེ་མོ་དེ་བཞིན་ཏེ། ཁྲོ་གཉེར་ཅན་དང་སྣ་ཚོགས་གཟུགས། རྡོ་རྗེ་ཀ་ཏའི་བུ་མོ་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང་ནི། ལྷ་མོ་སྒྱུ་འཕྲུལ་དྲག་བྱེད་མ། མེ་ལྟར་འབར་དང་སེར་སྐྱ་མོ། །རྡོ་རྗེ་འབར་མ་རྣམ་འཁྱིལ་མ། །རྡོ་རྗེ་འཇིགས་བྱེད་མ་ཉིད་དེ། །གྲུབ་པའི་མཁའ་འགྲོ་མ་དཀྱིལ་འཁོར། །ཞེས་གསུངས་ཏེ། སེམས་མ་ཉེར་བཞི་དང་མཚན་གཅིག་པ་འགའ་ཟུང་སྣང་ཡང༌། དོན་སོ་སོ་ཡིན་པར་གྲགས་པ་བཞིན་འཐད་དེ། འདི་དག་ཕྲ་མེན་གྱི་ཚུལ་ཡིན་པར་བཤད་དགོས་པས་སོ། །སྒོ་མཚམས་མ་བརྒྱད་ནི། ཇི་སྐད་དུ། ཁྲོ་བོ་རྣམ་རྒྱལ་མ་སོགས་བརྒྱད། ཅེས་གསུངས་པ་ལྟར་ན། ཁྭ་གདོང་མ་སོགས་བཞི་ཁྲོ་བོ་རྣམ་རྒྱལ་དང༌། བདུད་རྩི་འཁྱིལ་བ་དང༌། རྟ་མགྲིན་དང༌། གཤིན་རྗེ་གཤེད་རྣམས་དང་སྦྱོར་ལ། གཤིན་རྗེ་བརྟན་མ་སོགས་བཞི་དབྱུག་སྔོན་མི་གཡོ་གཞན་གྱིས་མི་ཐུབ་པ་ཁམས་གསུམ་རྣམ་རྒྱལ་རྣམས་དང་སྦྱོར་དགོས་པར་འགྱུར་ལ།
ཡང་སྒོ་མཚམས་མ་བརྒྱད་ནི། གཽ་རཱི་ལ་སོགས་པ་བརྒྱད་དང་དོན་གཅིག་པར་ཡང་བཤད་པ་དེའི་དབང་ལྟར་ན། མངོན་བརྗོད་ལས་གཤིན་རྗེ་གཤེད་དང་རྟ་མཆོག་རྒྱལ། །བགེགས་ནི་གནོན་པར་མཛད་པ་དང༌། །ཤེས་རབ་མཐར་བྱེད་བཞི་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །བརྒྱད་པ་མི་གཡོར་གྲགས་པ་སྟེ། ཁྲོ་བོ་ཆེན་པོ་མངོན་སྒྲུབ་པ། །གདུག་པ་ཐམས་ཅད་ངེས་པར་གནོན། །དཀར་མོ་ལ་སོགས་དམ་ཚིག་ལྷ། །ཧེ་རུ་ཀར་སྣང་བརྒྱད་པ་ཡིན། །སྔར་བཤད་མཁའ་འགྲོ་མ་རྣམས་ཏེ། ཁྲོ་བོ་བརྒྱད་དང་གཉིས་མེད་གནས། །ཞེས་གསུངས་ཤིང༌། སྔར་བཤད་ཅེས་པ་ནི། ལེའུ་ཉེར་ལྔ་པར་གསུངས་པ་སྟེ། ཤར་ཕྱོགས་སུ་ནི་གཽ་རཱི་སྟེ། །བྱང་དུ་དེ་བཞིན་ཙཽ་རཱིའོ། །ནུབ་ཀྱི་ཕྱོགས་སུ་པྲ་མོ་ཧཱ། །ལྷོ་རུ་ཡང་ནི་བཻ་ཏ་ལཱི། །མེ་ཡི་ཕྱོགས་སུ་པུཀྐ་སི། །བདེན་བྲལ་དུ་ནི་ཙནྜ་ལཱི། །རླུང་གི་ཕྱོགས་སུ་གྷསྨ་རཱི། །དབང་ལྡན་ཧེ་རུ་ཀར་སྣང་མ། །ཞེས་གསུངས་པ་རྣམས་ཡིན་ཏེ་སྔར་དང་མི་འདྲ་བར་བྱུང་ཡང༌། སྒྲུབ་ཐབས་གནས་སྐབས་མི་འདྲ་བའི་སྐབས་སུ་གསུངས་པ་ཡིན་ཞིང༌། ཁྲོ་བོ་རྣམ་རྒྱལ་སོགས་བརྒྱད་དང༌། ཁྭ་གདོང་སོགས་བརྒྱད་དང༌། གཽ་རཱི་སོགས་བརྒྱད་ངོ་བོ་རྒྱུད་གཅིག་ཀྱང་དཀྱིལ་འཁོར་ཐ་དད་ཀྱི་སྐབས་སུ་འབྱུང་བས་གོ་རིམ་གཅིག་དགོས་པར་ཡང་མ་ངེས་སོ། །འོན་ཀྱང་འདིར་ནི་ཡབ་སྦས་ཤིང་ཡུམ་ཉིད་གཙོ་བོར་གྱུར་པ་ཡིན་པས། ཁྭ་གདོང་སོགས་རིམ་པས་རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་ལུ་གུར་བརྒྱུད་མ་དང༌། རལ་གཅིག་མ་དང༌། གཞན་གྱིས་མི་
ཐུབ་མ་དང༌། ཙུན་ད་དང༌། འོད་ཟེར་ཅན་མ་དང༌། ལྕགས་སྒྲོག་མ་དང༌། གཏུམ་མོ་ཁྲོ་གཉེར་ཅན་མ་རྣམས་སོ། །ཁྲོ་བོ་རྣམ་རྒྱལ་ལ་སོགས་པའི་དབང་དུ་བྱས་ན། རྣམ་རྒྱལ་གྱི་ཡུམ་ནི་གདུགས་དཀར་མོའོ། ཁམས་གསུམ་རྣམ་རྒྱལ་གྱི་ཡུམ་ནི་ཁྲོ་མོའི་དབང་ཕྱུག་མ་སྟེ་རྡོ་རྗེ་ས་འོག་མའོ། །ཞེས་པ་ཁྱད་པར་རོ། །གདུགས་དཀར་དང་སྐུལ་བྱེད་མ་ལ་སོགས་པ་བྱང་ཆུབ་སེམས་མའི་སྐབས་སུ་བཤད་པ་དང་ཟློས་པར་འགྱུར་སྙམ་ན་མི་འགྱུར་ཏེ། སྤྱིར་ཡང་རྒྱུད་གཞན་ལས་གཙོ་བོ་གོ་འཕོས་པའི་སྐབས་སུ་དཀྱིལ་འཁོར་གཅིག་ལ་རིགས་གཅིག་པའི་ལྷ་གཉིས་ངེས་པར་འཇོག་དགོས་པའི་སྐབས་ཀྱང་ཡོད་པ་དང༌། རྒྱུད་གཅིག་པ་ཙམ་ལ་བསམས་ན་ནི། ཁོ་བོ་ཅག་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྒྱུད་གཅིག་པར་ཡང་འདོད་ལ། དེར་མ་ཟད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་གཙོ་བོ་ཉིད་ཀྱི་རྣམ་འཕྲུལ་དུ་བྱེད་དགོས་པ། རྣལ་འབྱོར་ཆེན་པོ་སྤྱིའི་ལུགས་ཡིན་པས། ལྷ་ཚོགས་རྒྱུད་གཅིག་པ་ལ་ནི་ཟློས་སྐྱོན་གྱིས་དྲི་མ་ཡང་ག་ལ་ཡོད། གཙོ་འཁོར་ཐམས་ཅད་རྣམ་པ་གཅིག་པའི་དཀྱིལ་འཁོར་ཡང་ཡོད་པས། གཙོ་འཁོར་གྱི་ལྷ་རྣམས་རྣམ་པ་མི་འདྲ་བ་དགོས་པ་མིན་ཡང༌། འདིར་ནི་རྣམ་པའི་སྒོ་ནས་ཀྱང་ཐ་དད་དུ་ཡོད་དོ། །དེའི་ཕྱིར་རྣམ་པ་ཐ་དད་པས་ཟློས་པར་ཡེ་མི་འགྱུར་ལ། གཞན་ཡང་ལྷ་ངོ་བོ་གཅིག་པ་ལ་ཡང༌། ཞི་དྲག་གི་ཁྱད་པར་ལས་གནས་མཐོ་དམན་གྱི་ཐ་སྙད་ཀྱང་འཇོག་ཏུ་རུང་བ་དང༌། རྣམ་པ་དང་སྔགས་དང་འཕྲིན་ལས་ཐ་དད་པར་འགྱུར་བའི་ཕྱིར། ལྷ་སོ་སོར་འཇོག་པའི་སྐབས་མང་བ། དཔེར་ན། སྐུལ་བྱེད་མ་ཞི་བ་དང་ཁྲོ་མོ་ལྷ་ཐ་དད་པར་
འཇོག་པའི་སྐབས་བཞིན་ཏེ། རལ་གཅིག་མ་ལ་སོགས་པ་གཞན་ལ་ཡང་ངོ༌། །འོན་ཀྱང་འདིར་དེ་དག་ནི་མཚན་གཅིག་པ་ཙམ་ལས་ལྷ་རིགས་མི་འདྲ་སྟེ། སེམས་མ་དང་ཁྲོ་མོའི་ཁྱད་པར་ཡང་ཡོད་ཅིང༌། དེ་ལྟ་བས་ན་མཚན་ཞིབ་མོར་ན་ཉེ་བའི་སྐུལ་བྱེད་མ་ལ་སོགས་པའི་ཐ་སྙད་ཀྱང་འཇུག་པ་ཡིན་ནོ། །འདིར་ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་ནི། གཙོ་བོ་བཅོམ་ལྡན་འདས་ལ་འདུས་པའམ། ཁྭ་གདོང་མ་དང༌། ཁྱི་གདོང་མ་ལ་འདུས་པའམ། ཡང་ན་སྤྱི་ཁྱབ་ཏུ་གཏོང་སྟེ། སྟོབས་བཅུ་རྣམ་པར་དག་པའི་སྒོ་མཚམས་མ་རྣམས་སོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་ནི་ཁྭ་གདོང་མའོ། །མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི་འུག་གདོང་མའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་ཁྱི་གདོང་མ་སྟེ། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱང་ངོ༌། །མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི་ཕག་གདོང་མའོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི་གཤིན་རྗེ་བརྟན་མའོ། །དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་ནི་གཤིན་རྗེ་ཕོ་ཉ་མའོ། །སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི་གཤིན་རྗེ་མཆེ་བ་མའོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི་གཤིན་རྗེ་འཇོམས་མའོ། །འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང༌། དེ་བཞིན་ཉིད་ཀྱི་སྐུ་ལུས་ལ་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཞལ་གཅིག་གོ །ཐབས་དང་ཤེས་རབ་ཀྱི་ཕྱག་གཉིས་དང་བདེན་པ་གཉིས་ཀྱི་ཞབས་གཉིས་སོ། །རྣམ་པར་མི་རྟོག་པ་ཉིད་ཀྱི་མི་རོ་ལ་གནས་པའོ། །ཁྱད་པར་དུ་ཡང་སྒོ་མཚམས་
མ་བརྒྱད་སྦོམ་པའི་ལུས་སུ་གནས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཁོང་དུ་ཆུད་པ་མཚོན་ལ། ཆེར་ཁྲོས་པ་ནི་ཁྲོ་མོ་ཉིད་ཀྱི་ཕྱིར་དང༌། མ་མོ་བརྒྱད་དམ་སྲིན་མོ་བརྒྱད་ཀྱི་གཟུགས་འཛིན་པའི་ཕྱིར་དང༌། གདུག་པ་ཅན་འདུལ་ཞིང་ཕྱོགས་བཅུའི་བགེགས་བསྲུང་བའི་ཕྱིར་དང༌། སྟོབས་བཅུའི་ཡེ་ཤེས་ཀྱིས་མ་རིག་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ་ནི། སྲིད་པ་འཇོམས་པའི་ཕྱིར་དང༌། སྡུག་བསྔལ་ཟད་པར་བྱེད་པའི་ཕྱིར་རོ། །སྡང་བའི་ཚུལ་གྱིས་སྡང་བ་རྣམས་འཇོམས་པར་མཛད་པའི་ཕྱིར། སྒོ་མ་བཞི་ལ་སྟག་ལྤགས་ཀྱིས་སྨད་དཀྲིས་པའོ། ཁམས་གསུམ་གྱི་འགྲོ་བའི་ཉོན་མོངས་འདུལ་བའི་ཕྱིར་དབུ་སྐྲ་དང་མཆན་ཁུང་དང་སྐེད་སྤུ་གཡོ་བའོ། །མ་མོ་བཅུ་གཉིས་དབུ་སྐྲ་ཕྱེད་གྲོལ་བ་ནི། འཁོར་བའི་འཆིང་བའི་དྲི་མ་ཐམས་ཅད་སྤངས་པ་དང༌། ཕྱེད་བཅིངས་པ་ནི་སེམས་ཅན་གྱི་དོན་དུ་ཆགས་སྡང་གི་རྣམ་པ་ལྟར་སྟོན་པའོ། །སྐྲ་བརྫེས་པར་བྱེད་ན་དབྱིངས་ལས་སྐྱེས་པའི་ཡེ་ཤེས་གོང་དུ་འཕེལ་བའོ། །ལྷག་མ་གཙོ་བོ་ཡབ་ཡུམ་གྱི་དག་པའི་སྐབས་སུ་བཤད་པ་རྣམས་འདིར་སྦྱར་བས་ཤེས་པར་ནུས་ལ། རྣལ་འབྱོར་མ་བཞིའི་ཕྱག་གི་ཐོད་པའི་ནང་དུ་གནས་པའི་སྲོག་གཟུགས་ལ། བདེ་མཆོག་ཕྱོགས་སུ་དག་པ་བཤད་པ་མ་མཐོང་ཞིང་མ་ཐོས་མོད། རྒྱུད་གཞན་དང་སྦྱར་ན་གླང་པོ་ཆེ་ནི་ནད། ཅེ་སྤྱང་ནི་ཉེར་འཚེ། སྐྱེས་པ་ནི་ཡིད་མི་བདེ། བ་གླང་ནི་རྒུད་པ་སྟེ། དེ་རྣམས་བཅོམས་པས་རབ་ཏུ་བརྟན་པ་དང༌། ཤིན་ཏུ་མྱུར་བ་དང༌། ཤིན་ཏུ་གསལ་བའི་
བློ་དང༌། གཞན་དོན་གྱི་ཁུར་ཁྱེར་བའི་ལྷག་བསམ་རྣམས་ཀྱི་རང་བཞིན་མཚོན་ནམ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །གཙོ་བོའི་གནས་ཀྱི་སྣ་ཚོགས་པདྨ་ནི། འཁོར་བར་འཕྲིན་ལས་སྣ་ཚོགས་པ་སྤྱོད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །སངས་རྒྱས་ཀྱི་ས་དང་བདེ་བ་ཆེན་པོའི་ས་རྣམ་པར་དག་པའི་བདེ་ཆེན་འཁོར་ལོའོ། །འགྲོ་བ་རྣམས་ཀྱི་སྡུག་བསྔལ་གཅོད་པའི་ཕྱིར་གྲི་གུག་གི་འཕྲེང་བས་མཚན་པ་དང༌། ཡོན་ཏན་རྒྱས་པའི་ཕྱིར་མུ་ཁྱུད་སེར་པོ་སྟེ་འདི་ལ་གདམ་ངར་རྡོ་རྗེའི་འཕྲེང་བ་བྱེད་ཀྱང་དག་པ་གྲི་གུག་དང་འདྲའོ། །དེ་ནི་ཉེ་བའི་འཐུང་སྤྱོད་དོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་འཁོར་ལོ་གསུམ་མོ། །འཐུང་སྤྱོད་དང༌། སྐུ་བཞིའི་མཛད་པ་དང༌། འཕྲིན་ལས་ཀྱི་ངོ་བོ་ནི་དམ་ཚིག་གི་འཁོར་ལོ་སྟེ། རྡོ་རྗེ་ཐིག་ཚུན་ཆད་དོ། །ཐུགས་འཁོར་གྱི་ཕྱོགས་ཀྱི་རྩིབས་བཞི་ནི་གནས་ཏེ་ས་དང་པོ་རབ་ཏུ་དགའ་བ་དང༌། མཚམས་ཀྱི་བཞི་ནི་ཉེ་གནས་ཏེ་ས་གཉིས་པ་དྲི་མ་མེད་པ་དང༌། དེ་བཞིན་དུ་སྦྱར་ཏེ་གསུང་དང༌། སྐུའི་རྩིབས་གཉིས་གཉིས་ས་རེ་རེ་སྟེ་གསུང་གི་རྩིབས་བཞི་ཞིང་ཉེ་ཞིང་ཚནྡྷོ་ཉེ་བའི་ཚནྡྷོ་སྟེ་གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། དྲུག་པ་མངོན་དུ་གྱུར་པ། ལྔ་པ་སྦྱང་དཀའ་བ་རྣམས་སོ། །སྐུའི་རྩིབས་བརྒྱད་ནི། འདུ་བ་ཉེ་འདུ་དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་སོ། །ས་བཅུ་ཡོན་ཏན་ཡར་ལྡན་གྱི་དབང་དུ་བྱས་ནས་རབ་དགའ་ལ་སོགས་པ་ཡང་སངས་རྒྱས་ཀྱི་སར་གནས་ལ།
གནས་སོགས་བཅུ་གཉིས་པོ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལས་ཕྱེ་བ་ཉིད་དོ། །ཐུགས་མི་འགྱུར་བའི་བདེ་བ་དང༌། གསུང་ཆོས་ཀྱི་སྒྲ་དབྱངས་པདྨོ་ལྟར་རྒྱས་པ་དང༌། སྐུ་འགྲོ་བའི་དོན་སྤྱོད་པ་འཁོར་ལོ་ལྟར་འཁོར་བའི་ཕྱིར། རྡོ་རྗེ་དང༌། པདྨ་དང༌། འཁོར་ལོའི་རྭ་བ་ལ་སོགས་པའོ། །དབུས་ཨིནྡྲ་ནཱི་ལའི་ས་གཞི་ནི་དོན་དམ་པའི་ཡེ་ཤེས་ཀྱི་ཁམས་སོ། །འགྲོ་དོན་སྣ་ཚོགས་པར་སྤྱོད་པས་གཞལ་ཡས་ཁང་གི་ཁ་དོག་སྣ་ཚོགས་པའོ། །གཞལ་ཡས་ཁང་གྲུ་བཞི་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཟུར་བཞི་པོ་ནི་ཚངས་པའི་གནས་པ་བཞིའོ། །སྒོ་བཞི་ནི་རྣམ་པར་ཐར་པ་བཞིའོ། །རྟ་བབས་འདེགས་བྱེད་ཀྱི་ཀ་བ་བཞི་བཞི་ཕྱོགས་བཞིར་གནས་པ་ནི་ཡང་དག་སྤོང་བ་བཞིའོ།། དྲན་པ་ཉེ་བར་གཞག་པ་བཞི་ནི་འདོད་སྣམ་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒོ་ཁང་བཞིའོ། །བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་གྱི་མེ་ཏོག་ལ་སོགས་པའི་རྒྱན་ཐམས་ཅད་དོ། །དབང་པོ་ལྔ་ནི་རྩིག་པ་རིམ་པ་ལྔའི་རྩ་བ་སྟེ། དེ་ཉིད་མཐོན་པོར་བརྩིགས་པ་ནི་སྟོབས་ལྔའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཀ་བ་བརྒྱད་དེ། སྒོ་གདོང་གི་ངོས་ཀ་བརྒྱད་དང༌། འཁོར་ལོ་བཞིའི་ཐོག་ཕུབས་འདེགས་བྱེད་ཀྱི་ཀ་བ་རྣམས་ཀྱང་སྟེ། ཀ་བར་མཚུངས་ཤིང་བརྒྱད་ཚན་བརྒྱད་ཚན་དུ་ཡང་གྲངས་མཚུངས་པའི་ཕྱིར་རོ། །བསྡུ་བའི་དངོས་པོ་བཞི་ནི་རྟ་བབས་བཞིའོ། །བདག་ཏུ་ལྟ་བ་འཇོམས་པའི་ཕྱིར་སྣ་ཚོགས་རྡོ་རྗེའི་གཞིའོ། །རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པ་དང༌། སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱིས་མཚོན་པའི་ཕྱིར་དུར་ཁྲོད་བརྒྱད་དོ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་
རྡོ་རྗེའི་འཕྲེང་བའོ། །ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་འབར་ཞིང་གདུག་པ་ཅན་རྣམས་རིང་དུ་སྐྲོད་པའི་ཕྱིར་འོད་ཟེར་གྱི་ཁོར་ཡུག་གོ །ལྷག་མ་གཞལ་ཡས་ཁང་དང༌། བསྲུང་བའི་འཁོར་ལོ་དང༌། དུར་ཁྲོད་རྣམ་པར་དག་པ་རྒྱས་པ་ནི། ཕལ་ཆེར་སྤྱི་དང་མཚུངས་ཤིང༌། གཞན་ལས་རྟོགས་པར་འགྱུར་བས་འདིར་མ་བཀོད་དོ། དེ་དག་ལས་བྱང་ཕྱོགས་ཀྱི་དག་པ་དྲན་པ་ནི་མེད་མི་རུང་ཡིན་ལ། གཞན་རྣམས་ཇི་ལྟར་འོས་པར་སྦྱར་བས་ཆོག་གི །ཐམས་ཅད་ཐུན་གཅིག་ལ་བསྒོམ་དགོས་པ་རང་ཡང་མ་ཡིན་ནོ། །ལཱུ་ཡི་པའི་འགྲེལ་པ་ཇོ་བོ་རྗེས་མཛད་ཟེར་བ་ན། ཆོས་སྐུ་ལས་བྱུང་བར་རྟོགས་པ་དང༌། ལྷར་ཞེན་པ་འགོག་པ་དང༌། སྒྱུ་མ་དང་སྟོང་པ་དུས་གཅིག་ཏུ་རྟོགས་པ་དང༌། ཐེག་པའི་ཁྱད་པར་བསྟན་པ་སྟེ། དག་དྲན་གྱི་དགོས་པ་བཞིར་བཤད་ལ། ཁ་ཅིག་ཆོས་སྐུའི་སྟེང་གི་ཞེ་སྡང་ཅན་འདུལ་བའི་ནུས་པ་དེ་གཞན་སྣང་དུ་གཟུགས་སྐུ་མི་བསྐྱོད་པར་བཞེངས་པ་སོགས་གཞན་རྣམས་ལའང་རིགས་འགྲེ་སྟེ། དག་དྲན་གྱི་མོས་པ་དེ་ལྟར་བྱེད་དགོས་པར་འདོད་པ་སོགས་ཕྱོགས་གཅིག་ནས་འགལ་བ་ཆེར་མེད་ཀྱང་དོན་གྱི་གཙོ་བོ་སྟོར་ཞིང་ནུས་པ་ནི་ཤིན་ཏུ་ཆུང་ངོ༌། །དེས་ན་རང་ལུགས་ནི། དང་པོའི་སངས་རྒྱས་གདོད་ནས་གྲུབ་པའི་ཆོས་ཉིད་ཀྱི་སྟེང་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་མངའ་བ་ལས། ཡོན་ཏན་གང་དང་གང་ཞིག་ལྷ་དེ་དང་དེའི་ངོ་བོར་གདོད་ནས་གནས་པ་དེར། རང་གི་བློས་བསྒོམས་པའི་ལྷ་དེ་ཡང་རྣམ་པར་དག་པར་མོས་དགོས་པ་ཡིན་ན། དེ་ལྟར་དག་པ་དྲན་པའི་
འོག་ཏུ་ལྷའི་རྣལ་འབྱོར་ལ་སེམས་འཛིན་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་བསྒོམ་དགོས་པ་ཡིན་ཏེ། བརྟན་པ་ཐོབ་ནས་སྒོམ་པ་ནི་དཀའ་བ་མེད་ལ། ལས་དང་པོ་པས་སྒོམ་ཚུལ་ནི། ཁྲིད་ཡིག་ཏུ་ཤེས་པར་བྱ་དགོས་ཤིང༌། བླ་མའི་ལག་ལེན་ལས་ཀྱང་རྟོགས་དགོས་སོ། །གཉིས་པ་རྫོགས་རིམ་རྗེས་མཐུན་པ་ཕྲ་ཐིག་གི་རྣལ་འབྱོར་ནི། སྙིང་གི་ནང་སོང་པདྨ་ནི། །འདབ་མ་བརྒྱད་པ་གེ་སར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། མར་མེ་ལྟ་བུའི་རང་བཞིན་ཏེ། །ཆུ་ཤིང་གི་ནི་མེ་ཏོག་བཞིན། །འཕྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་སོང་དཔའ་བོ་ནི། །ཡུངས་དཀར་སྦོམ་ཕྲའི་ཚད་ཙམ་སྟེ། །གཞོམ་མེད་ཧཱུཾ་སྟེ་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དེ་དཔྱིད་ཅེས་པ་རྣམ་པར་བཤད། །མེ་ནི་ཆེན་པོའི་གཟུགས་ཀྱིས་ནི། །ཕག་མོ་ཐིག་ལེ་དུ་ནི་བརྗོད། །ལས་ཀྱི་རླུང་གི་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་མཉེས་གྱུར་ནས། །སྙོམས་པར་འཇུག་པ་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། དཔྱིད་ཀྱི་ཐིག་ལེར་བརྗོད་པའོ། །སྟོང་པ་ཉིད་ཀྱི་ཚུལ་འཛིན་མ། །རྒྱུ་དང་མི་རྒྱུ་ཡང་དག་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །སྒོ་ནི་རྣམ་པ་གསུམ་འབྱུང་བར། །འབྱུང་བ་འདི་ནི་འཇུག་པ་སྟེ། །འདི་ནི་ཐམས་ཅད་ལུས་ལ་གནས། །ལྟ་བར་ཨ་ཡི་ཚུལ་གྱིས་ནི། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །སྙིང་ལ་ཧཱུཾ་གི་ཡི་གེ་ནི། །རིང་པོ་ཚད་གཉིས་དག་ཏུ་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །ཤིན་ཏུ་རིང་པོ་ཚད་གསུམ་པ། །
དཔྲལ་བའི་ཧཾ་ཞེས་བྱ་བ་ནི། །མི་ཤིགས་པ་ཡི་ཐིག་ལེའོ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ས་སོགས་འབྱུང་བ་བཞི་དག་དང༌། །ཐུན་བཞིར་བྱིན་གྱིས་བརླབས་པ་ཡིས། །སྐད་ཅིག་བཞི་ནི་འབྱུང་བ་དང༌། །དགའ་བ་བཞི་ཡི་རང་བཞིན་གྱིས། །སྦྱོར་བ་བཞི་ནི་སྔོན་དུའོ། །མཆོག་ཏུ་དགའ་བའི་མཚན་ཉིད་ཀྱི། །བྱ་དང་བྱེད་པའི་དངོས་པོ་ཡི། །རྡོ་རྗེ་སེམས་དཔའི་ཚུལ་གྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །པདྨ་འདབ་མ་བཞི་པོ་ཡང༌། །ཕྱོགས་བཞིར་རྣམ་པར་གནས་པ་ནི། །འབྱུང་བ་བཞི་ཡི་རྩ་ཡིན་ཏེ། །མར་མེ་ལྟ་བུའི་རང་བཞིན་ནོ། །མཚམས་སུ་རྣམ་པར་གནས་པའི་ཚེ། །དེ་ནི་ནང་སོར་བཞི་པོ་ཡང༌། །དེ་ནས་བདུད་རྩི་ལྔ་འབབ་པ། །དེ་ཉིད་རང་བཞིན་མེད་ཚུལ་གྱིས། །འདིར་ནི་མཆོད་པའི་ཚུལ་གནས་པས། །མཆོད་པ་བཞི་རུ་ཡང་དག་བཤད། །ལུས་ཀྱི་སྙིང་གི་ནང་ན་ནི། །རྩ་རྣམས་བརྒྱད་ནི་རྣམ་པར་གནས།། གཞན་ཡང་སྐུ་གསུང་ཐུགས་དབྱེ་བས། ཉི་ཤུ་རྩ་བཞི་ཡང་དག་བཤད། །གནས་སོགས་དབྱེ་བ་ལ་བརྟེན་ཏེ། །གནས་དང་གནས་ལ་རྣམ་པར་གནས། ལྷུང་བྱེད་ལ་སོགས་རྣམ་དག་པ། ཁྭ་གདོང་ལ་སོགས་སྔར་ཇི་བཞིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྒྱས་བཏབ་པའི་ཕྱིར་གསུངས་སོ། །ཞེས་པ་སྟེ། དེ་ལ་དང་པོ་དཔྱིད་ཀྱི་ཐིག་ལེ་ངོས་གཟུང་བ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་དུ་སོང་བ་སྟེ། དབུས་སུ་གནས་པའི་རྩ་པདྨ་འདབ་བརྒྱད་ལྟ་བུ་གེ་སར་ལྟེ་བ་དང་བཅས་པ་སྟེ། དེའི་ལྟེ་བ་ནི་དབུ་མའི་ཆ་ཤས་ཡིན་ལ་དབུ་མ་དེའི་ནང་དུ་སོན་པའི་རྩ་མར་མེ་ལྟ་བུར་རང་འོད་འཕྲོ་བའི་རང་བཞིན་ཏེ། དབྱིབས་ནི་
ཆུ་ཤིང་གི་མེ་ཏོག་ལྟར་འཕྱང་ཞིང་ཁ་འོག་ཏུ་ལྟ་བ། རྩ་བ་ན་འདབ་བརྒྱད་ཀྱི་རྣམ་པ་ཐུང་ངུ་དང༌། དབུས་ཀྱི་ཟེའུ་འབྲུ་ཟངས་དུང་ཁ་ཐུར་དུ་བསྟན་པ་ལྟ་བུ་མཐེ་བོའི་ལྟོ་གང་གི་དཀྱུས་ཙམ་པ། དེ་ཡི་ནང་དུ་སོན་པའི་དཔའ་བོ་སྟེ། དཔལ་ཧེ་རུ་ཀའི་བྱིན་རླབས་འཇུག་པའི་གཞི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་བྱ་བ། ངོ་བོ་ཁུ་ཁྲག་འདྲེས་པ་ལ་དཀར་པོས་དབང་བསྒྱུར་བ། རླུང་དྲོད་ཀྱི་རང་བཞིན་ཅན་གྱིས་ཁྱབ་པའི་ཁམས་ཡུངས་ཀར་སྦོམ་པོའི་ཚད་ཙམ་སྟེ། འཁོར་འདས་ཀུན་གྱི་སྣང་བ་འཆར་བའི་ནུས་པ་ཅན། གསོན་པོའི་ཚེ་ན་གནས་གཞན་དུ་འཕོ་འཇུག་མི་བྱེད་པ་དང༌། ཐིག་ལེ་དེའི་བག་ཆགས་སྒྲིབ་པ་སྤོང་བར་དཀའ་བས་གཞོམ་དུ་མེད་པ། ཧཱུཾ་གི་ས་བོན་གྱིས་མཚོན་པར་བྱས་པ་དེ་ནི་ཁ་བའམ་བ་མོ་ལྟ་བུའི་མདོག་ཅན་ཐིག་ལེ་གཞན་རྣམས་དེ་ལས་སྤྲོ་བར་བྱ་བའི་ཕྱིར་འཛག་པའི་ངང་ཚུལ་ཅན་ཉིད་དེ། ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་ན་དེ་ནི་དཔྱིད་ཅེས་བྱ་བར་རྣམ་པར་བཤད་དེ། དགའ་བ་དང༌། བདེ་བ་དང༌། ཚིམ་པ་དང༌། བཀྲག་མདངས་དང༌། སྟོབས་དང༌། ནུས་པ་དང༌། ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་ཐམས་ཅད་ནི་འདིས་བྱེད་ལ། དཔྱིད་ཀའི་དུས་སུ་ནི་རྩ་དང་ཤིང་དང་སྨན་རྣམས་ཁ་འབུས་པས་སྐྱེ་བོ་རྣམས་དགའ་བར་འགྱུར་བ་དང་འདྲའོ། །མེ་ཆེན་པོ་ཁོར་ཡུག་རྟ་གདོང་གི་མེས་རྒྱ་མཚོ་ཆེན་པོ་སྐེམ་པར་བྱེད། སྨིན་ཞིང་སྐ་བར་བྱེད་པ་དེ་བཞིན་དུ་ལྟེ་བའི་དམར་ཆ་ཡང་ལུས་ཀྱི་ཁམས་རྣམས་ཟ་བར་བྱེད་པ་སྟེ། ལམ་དུ་མ་བྱས་ན་རྒས་པ་དང་འཆི་བར་བྱེད་ལ། ལམ་དུ་བྱས་ན་ཡེ་ཤེས་ཀྱི་སྣང་བ་སྐྱེད་ཅིང༌། སྙིགས་མ་མཐའ་དག་སྲེག་པར་བྱེད་པས།
མེ་དེ་དང་འདྲ་བའི་གཟུགས་ཅན་ཏེ། ལྟེ་བའི་ཨཾ་ཡིག་ནི་རྡོ་རྗེ་ཕག་མོའི་བྱིན་རླབས་འཇུག་པའི་གཞི་འདི་ལ་ཐིག་ལེ་ཞེས་བྱ་སྟེ། ཁམས་དྭངས་སྙིགས་འབྱེད་པ་དང༌། དྭངས་མ་ཁྱབ་པར་བྱེད་པ་དང༌། བདེ་བ་སྐུལ་བྱེད་ཡིན་པའི་ཕྱིར་རོ། །དེ་ཙམ་གྱིས་ནི་ལུས་ལ་ཇི་ཙམ་གནས་པའི་དཔྱིད་ཐིག་གཉིས་ཀྱི་རང་བཞིན་ངོས་གཟུང་བ་ཡིན་ལ། བསྒོམ་པའི་སྟོབས་ལས་ལྟེ་བ་དང༌། གསང་བའི་བར་གྱི་རྩ་དབུ་མ་སྦུབས་སྟོང་དུ་རྒྱས་པར་འགྱུར་ཞིང༌། དེར་བདེ་བ་བསྐུལ་ནུས་པའི་ལས་ཀྱི་རླུང་གསར་དུ་སྐྱེ་སྟེ། དེས་དབུ་མའི་མས་སྣའི་ཚངས་པའི་མེ་སྦར། མེ་རླུང་ལྷན་ཅིག་འདྲེས་པས་ལྟེ་བའི་དཀྱིལ་འཁོར་དུ་ནི་ཨཾ་ཡིག་འབར་བར་བྱེད་ཅིང༌། ལྟེ་བའི་ཕག་མོ་ཡང་དཀར་དམར་གཉིས་ཀར་འདྲེས་པ་ཡིན་པ་ལས། དམར་ཆ་གཙོ་ཆེ་ཞིང་དེས་དབང་བསྒྱུར་བ་ཡིན་ལ། དེ་ཉིད་རིམ་གྱིས་འབར་བ་ལས། སྤྱི་བོ་དང་མགྲིན་པའི་འཁོར་ལོ་གཉིས་ཀྱི་ཐིག་ལེ་ཡང་ཞུ་བ་སྙིང་གར་འདྲེས་ཤིང༌། སྙིང་གའི་ཐིག་ལེ་དཔྱིད་དེ་ཞུ་བ་ལྟེ་བའི་མེས་ཐོབ་ཅིང་ཕྲད་པའི་བདེ་བ་དམ་པས་ཡིད་མཉེས་པར་གྱུར་ཞིང༌། དཔྱིད་དང་ཐིག་ལེ་གཉིས་པོ་མཉམ་པར་འདྲེས་ཤིང་སྙོམས་པར་འཇུག་པས་གནས་པ་འདི་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དཔལ་ཧེ་རུ་ཀ་ཉོན་མོངས་པ་འཇོམས་པའི་དཔའ་བོ་དཔྱིད་ཀྱང་ཡིན་ལ་ཕག་མོ་ཡང་ཡིན་པས་དཔྱིད་ཀྱི་ཐིག་ལེ་སྟེ། དབྱེར་མེད་པར་བརྗོད་པའོ། །འདིར་སྟོང་པ་ཉིད་ཀྱི་ཚུལ་འཛིན་མ། ཞེས་པ་ནི། རྒྱུད་དང་དཔྱིད་ཐིག་གི་གཞུང་ལས། རྣལ་འབྱོར་མ་ཡི་གཟུགས་བརྟེན་ནས། ཞེས་འབྱུང་ཞིང༌། དེ་ལྟར་ན་རྣལ་འབྱོར་མ་རྩ་ལ་ཁྱབ་ནས་རྒྱུ་བ་རླུང་དང༌། མི་རྒྱུ་བ་ཁམས་ལ་ཡང་ལྷན་སྐྱེས་དེས་
ཁྱབ་པའི་དོན་ཡིན་ཡང༌། འདིར་བཤད་པའི་འགྱུར་ལྟར་ན་བདེ་སྟོང་གི་ཉམས་མྱོང་དེས་གནས་ལུགས་སྟོང་པ་ཉིད་ཀྱི་ཚུལ་རྟོགས་པར་འགྱུར་ཞིང༌། རྒྱུ་བ་སྣོད་དང་མི་རྒྱུ་བ་བཅུད་ཀྱི་སྣང་བ་ཤར་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་རྒྱུས་ཐེབས་པས་ཡང་དག་པར་གནས་སོ། །ཞེས་པ་ཡིན་པས། རྭ་འགྱུར་ལས། སྟོང་པ་ཉིད་ཀྱི་ཚུལ་བླངས་ནས། །ཞེས་འབྱུང་བ་གོ་བདེའོ། །དེ་དག་ནི་ལམ་ཉམས་སུ་བླངས་པའི་དཔྱིད་ཐིག་ཁ་སྦྱོར་གྱི་ཡེ་ཤེས་བསྟན་པའོ། །རླུང་ནང་དུ་འོང་བ་སྐུ་དང་རྐྱང་མ་སྦྱོར། ཕྱིར་འགྲོ་བ་གསུང་དང་རོ་མ་སྦྱོར། རླུང་གནས་པ་འདི་ནི་ཐམས་ཅད་ཀྱི་ལུས་ནང་དུ་གནས་པ་ཐུགས་ཀྱི་བཟླས་པ་སྟེ་རྩ་དབུ་མ་དང་སྦྱོར་བའོ། །གཞི་འཁོར་བའི་དུས་སུ་དེ་ལྟར་གནས་ལ། ལམ་སྒོམས་པ་ན་རོ་རྐྱང་གཉིས་ཀྱང་དབུ་མས་དབང་བྱེད། རྩ་གསུམ་གྱི་སྒོ་ནི་རྣམ་པ་གསུམ་ནས་སྐུ་གསུང་ཐུགས་ཀྱི་དབྱེ་བས་འབྱུང་ངོ༌། །གཞུང་འདི་འཆད་པ་པོ་ཕལ་ཆེར་ཞིག་སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས་དབྱེ་བར་འཆད་པ་ནི། གཞུང་འདི་ཁོ་ན་འཆད་པ་ན་འགྲིག་ཏུ་རུང་བ་ལྟར་སྣང་ཡང༌། དཔྱིད་ཞིག་གི་གཞུང་འཆད་པའི་ཚེ་ཟློས་སྐྱོན་འབྱུང་བས་མི་ལེགས་སོ། །དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་སྐྱེས་པ་ན། རླུང་ཐམས་ཅད་རྡོ་རྗེའི་བཟླས་པར་འགྱུར་བའི་ཕན་ཡོན་བསྟན་པ་ཡིན་ནོ། །ལྟེ་བར་གནས་པའི་ཡེ་ཤེས་ཨ་ཐུང་གི་ཚུལ་ལམ་གཟུགས་ཏེ་རྣམ་པ་ནི། ཚད་གཅིག་པ་ཡིན་པས་ཐུང་ངུ་རུ་ནི་ཡོངས་སུ་གྲགས་པ་དང༌། སྙིང་གའི་འཁོར་ལོའི་དབུས་ཀྱི་ཧཱུཾ་གི་ཡི་གེ་ནི། ཧ་དང་ཨུ་གཉིས་འདུས་ཤིང་རིང་པོ་ཡིན་པས་ཚད་གཉིས་པ་
དང༌། མགྲིན་པའི་འཁོར་ལོར་གནས་པའི་ཨོཾ་གྱི་གཟུགས་ཀྱིས་ནི། ཨ་ཨུ་མ་གསུམ་འདུས་པ་དང་ཤིན་ཏུ་རིང་པོ་པླུ་ཏ་ཅན་ཡིན་པས་ཚད་གསུམ་པ་དང༌། དཔྲལ་བར་ཧཾ་ཞེས་བྱ་བའི་ཡི་གེ་ནི་ཐིག་ལེ་ཀླད་སྐོར་དང༌། མི་ཤིགས་པ་ཚེག་དྲག་སྟེ་ཟླ་ཚེས་དང་ཧ་ཡིག་དང་ན་ད་སྟེ་བཞི་པོ་དེ་འདྲེས་པས་ཤིན་ཏུ་ཆེས་རིང་པོ་ཚད་བཞི་པ་སྟེ། འདིར་སྒྲ་དང་ཐིག་ལེ་མི་ཤིགས་པའོ། །ཞེས་འབྱུང་བ་ལྟར་བཤད་དགོས་སོ། །དེ་ཡང་གཞི་དུས་ན་ལྟེ་བའི་རླུང་དབྱངས་ཀྱི་རང་བཞིན་ཅན་གྱེན་དུ་འོངས་པས་སྙིང་གར་རིང་པོ་དང༌། མགྲིན་པ་ཤིན་ཏུ་རིང་པོ་དང༌། དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོ་རུ་ཆེས་རིང་པོར་འགྱུར་ཞིང༌། དེ་རྣམས་སྡོམས་པས་ངག་གི་བརྗོད་པ་སྣ་ཚོགས་འབྱུང་ལ། ཐིག་ལེའི་དབང་དུ་བྱས་ན་སྤྱི་བོར་ཆ་བཞི། མགྲིན་པ་ཆ་གསུམ། སྙིང་གར་ཆ་གཉིས། ལྟེ་བར་ཆ་གཅིག་སྟེ། གཞི་དུས་ལ་གཏུམ་མོའི་མེ་དང་ཐག་ཉེ་སར་དཀར་ཆ་བསྐམས་པའི་ཚུལ་ཡིན་ལ། དེ་ཉིད་ལམ་དུ་བྱས་ན་ཕུན་ཚུན་གཅིག་གིས་གཅིག་གྲོགས་བྱས་ཏེ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་རྩ་འཁོར་ལོ་བཞི་པོ་སོ་སོའི་དབྱེ་བ་ལས། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་ཐིག་ལེ་དང༌། ཐུན་ཚོད་བཞིར་བྱིན་གྱིས་རླབས་པ་སྟེ་རྟག་ཏུ་འབྱུང་བའི་འབྱུང་བ་བཞིའི་རླུང་རྒྱུ་བ་རྣམས་དང༌། སྐད་ཅིག་མ་བཞི་དང༌། དགའ་བ་བཞི་དང༌། རྣལ་འབྱོར་བཞི་རྣམས་འབྱུང་ངོ༌། །དེ་ཡང་ལྟེ་བར་ས། སྙིང་གར་ཆུ། མགྲིན་པར་མེ། སྤྱི་བོར་རླུང་སྟེ་འབྱུང་བའི་ཐིག་ལེ་གནས་ཤིང་རླུང་རྣམས་རྒྱུ་ལ། ཐུན་བཞིར་ལྟེ་བ་ནས་དབྱུ་གུ་དྲུག་ཅུ་རྩ་བཞི་དང༌།
སྙིང་ག་ནས་ཐུན་ཚད་བརྒྱད་དང༌། མགྲིན་པ་ནས་འཕོ་བ་བཅུ་དྲུག་དང༌། སྤྱི་བོ་ནས་ཆུ་ཚོད་སུམ་ཅུ་སོ་གཉིས་ཀྱི་རླུང་རྣམས་འབབ་བོ། །དེ་བཞིན་དུ་སྐད་ཅིག་མ་བཞི་འབྱུང་བ་ནི་ལྟེ་བར་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ། སྙིང་གར་རྣམ་པར་སྨིན་པའི་སྐད་ཅིག་མ། མགྲིན་པར་རྣམ་པར་ཉེད་པའི་སྐད་ཅིག་མ། སྤྱི་བོར་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །དགའ་བ་བཞི་ནི། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་སོ། །དེ་ཡང་སེམས་དོན་དམ་གྱི་རང་བཞིན་བདེ་བ་དང་ཀུན་རྫོབ་མཚན་ཉིད་བདེ་བ་དེ་ཡང་དགའ་བ་བཞི་བོ་དེའི་རང་བཞིན་ཏེ་ཚུལ་ལམ་གཟུགས་ཀྱིས་འཁོར་ལོ་བཞིར་གནས་ལ། ལྟེ་བར་རྣལ་འབྱོར། སྙིང་གར་རྗེས་སུ་རྣལ་འབྱོར། མགྲིན་པར་ཤིན་ཏུ་རྣལ་འབྱོར་སྤྱི་བོར་རྣལ་འབྱོར་ཆེན་པོའོ། །མངོན་དུ་ཞེས་པ་ནི་འགྱུར་གཞན་ལས་གཞོལ་བ་ཡིན་ཞེས་ཀྱང་འབྱུང་སྟེ། འཁོར་ལོ་བཞིར་སྦྱོར་བ་བཞི་མངོན་དུ་འགྱུར་བའམ་སྒོམ་པའི་དོན་ནོ། །དགའ་བའི་མཆོག་ལྷན་སྐྱེས་ཀྱི་ངོ་བོའམ་མཚན་ཉིད་དུ་བྱ་བ་འབྲས་བུའི་ཡོན་ཏན་དང༌། བྱེད་པ་ལམ་དང་གཞིའི་དངོས་པོ་རྣམས་འདྲེས་པར་འགྱུར་བ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱི་རང་བཞིན་གྱིས་ནི་ཇི་ལྟར་བདེ་བ་འབད་རྩོལ་མེད་པར་རོལ་བར་བྱེད་དོ། །རྩ་འཁོར་ལོ་བཞི་ལ་བཞི་ཚན་གྱི་ཆོས་དེ་དག་རང་བཞིན་གྱི་ཚུལ་གྱིས་འཇུག་པས། ལམ་བསྒོམས་པའི་ཚེ་རང་བཞིན་དང་མཚུངས་པར་དེ་དག་རྣམ་པར་དག་པའི་ཡེ་ཤེས་ཐོབ་པ་གསང་རིམ་འབྲས་བུ་སྤྱོད་པ་དང་བཅས་པ་གསལ་བར་བསྟན་པ་ཡིན་ནོ། །
རྩ་དཔྱིད་ཀྱི་རྒྱལ་པོའི་ཕྱོགས་བཞིར་སྙིང་གའི་པདྨའི་འདབ་མ་བཞི་པོ་ཡང་རྣམ་པར་གནས་པ་ནི། འབྱུང་བ་བཞིའི་རྩ་ཡིན་ཏེ་མར་མེ་ལྟ་བུར་རབ་ཏུ་གསལ་བའི་རང་བཞིན་ཅན་ནོ། །དེ་ཡང་ཤར་དུ་སུམ་སྐོར་མ་ཆུ་རླུང་རྒྱུ་བ་དང༌། བྱང་དུ་འདོད་མ་རླུངགི་རླུང་རྒྱུ་བ་དང༌། ནུབ་ཏུ་ཁྱིམ་མ་མེ་རླུང་རྒྱུ་བ་དང༌། ལྷོར་གཏུམ་མོ་ས་རླུང་རྒྱུ་བ་རྣམས་སོ། །མཚམས་སུ་རྣམ་པར་གནས་པའི་རྩ་བཞི་པོ་ཡང་མདོར་བསྡུས་པའི་ཚེ། མཚམས་ཀྱི་བཞི་པོ་དེ་ནི་ཕྱོགས་ཀྱི་བཞིའི་ནང་དུ་སོང་བ་སྟེ། དེ་དག་ཏུ་བསྡུས་པས་ཆོག་པའི་གནས་སྐབས་ནི། དཔེར་ན་རྩ་སུམ་ཅུ་རྩ་གཉིས་ཀྱི་རྣམ་གཞག་བྱེད་པའི་སྐབས་བཞིན་ཏེ། ཤར་ལྷོའི་རྩ་སུམ་སྐོར་མ་ལས་སྐྱེས་པ་སོགས་ཡིན་ནོ། །དེ་དག་གི་ནང་ནས་བདུད་རྩི་རྣམ་པ་ལྔའི་དྭངས་མ་འབབ་ཅིང༌། བསྐྱེད་རིམ་གྱི་སྐབས་འདིར་ནི། ཐོད་པ་བདུད་རྩིས་གང་བ་མཆོད་པའི་ཚུལ་དུ་གནས་པ་བསྒོམ་ལ། ལུས་ཀྱི་གནས་ཐབས་ལ་ཡང་ཕུང་ཁམས་ཐམས་ཅད་ལ་བདེ་བས་མཆོད་པ་བྱས་པ་བཞིན་དུ་ཚིམ་པར་བྱེད་པ་ཡང་དག་པ་ཡིན་པར་བཤད་དོ། །དེ་ཉིད་རང་བཞིན་མེད་ཚུལ་གྱི་ཞེས་པ་ནི། དཔྱིད་ཐིག་ལས། དངོས་པོ་དེ་ཡི་རང་བཞིན་གྱིས། །ཞེས་འབྱུང་བ་དང་འགྱུར་ཁྱད་ཡིན་ཞིང༌། དེའི་འགྱུར་ལྟར་བཤད་ན་བདེ་ཡང༌། འདི་ཉིད་ཀྱི་དབང་དུ་བྱས་ན། མཚམས་ཀྱི་རྩ་བཞི་པོ་དེ་ལམ་དུ་བྱས་པས། དང་པོ་དེ་ཁོ་ན་ཉིད་བདེ་བ་དང༌། དེ་རྗེས་རང་བཞིན་མེད་པ་སྟོང་ཉིད་རྟོགས་པའི་ཚུལ་གྱིས་ཡེ་ཤེས་མཆོག་སྐྱེ་བར་འགྱུར་ཞེས་པའོ། །དེ་ལྟར་ན་ལུས་ཅན་རྣམས་
ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་ནང་ན་ནི་འབྱུང་བ་བཞི་དང་མཆོད་པ་བཞིའི་རྩ་རྣམས་བརྒྱད་ནི་རྣམ་པར་གནས་སོ།། ཡང་འདི་ལ་རྩ་རྣམས་ལྔ་ནི་རྣམ་པར་གནས་ཞེས་པའི་འགྱུར་ལྟར་ན། མཚམས་ཀྱི་རྣམས་ལོགས་སུ་མི་བགྲོད་པར་སྙིང་ཁའི་དཔྱིད་དང་ཕྱོགས་ཀྱི་བཞི་ཡིན་ཏེ། རྩ་སུམ་ཅུ་རྩ་བདུན་ལ་ཡང་འདི་ལྟར་བགྲོང་དགོས་སོ། གཞན་ཡང་རྟགས་སོགས་ལ་གནས་པ་ཤིན་ཏུ་གཟུགས་ཅན་མ་ལ་སོགས་པ་སྐུའི་རྩ་བརྒྱད་དང༌། མཆན་ཁུང་སོགས་ལ་གནས་པ་སྐྱོན་མ་ལ་སོགས་པ་གསུང་གི་རྩ་བརྒྱད་དང༌། སྤྱི་བོ་སོགས་ལ་གནས་པ་མི་ཕྱེད་མ་ལ་སོགས་པ་ཐུགས་ཀྱི་རྩ་བརྒྱད་ཀྱི་དབྱེ་བས། རྩ་ཉི་ཤུ་རྩ་བཞིར་ཡང་དག་པར་བཤད་ལ། མི་ཕྱེད་མ་སོགས་བཞི་གནས་དང་སྦྱར་བ་སོགས་གནས་ཉེ་གནས། ཞིང་ཉེ་ཞིང༌། ཚནྡྷོ་ཉེ་བའི་ཚནྡྷོ། འདུ་བ་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས་ཀྱི་དབྱེ་བ་ལ་བརྟེན་ནས། གནས་ཆེན་དང་གནས་ཆེན་ཞེས་མང་ཚིག་སྦྱར་བ་སྟེ། ཡུལ་ཉི་ཤུ་རྩ་བཞི་ལ། རྩ་ཉེར་བཞི་དེ་རྣམས་ངོ་བོ་ཉིད་ཀྱི་རྣམ་པར་གནས་པའོ། །དེ་ལྟར་ན་ཉི་ཤུ་རྩ་བཞིའི་སྟེང་དུ་ལྟུང་བྱེད་མ་དང༌། སོགས་ཁོངས་ནས་གསོད་བྱེད་མ་དང་འགུགས་བྱེད་མ་དང༌། གར་དབང་མ་དང༌། པདྨ་དྲ་བ་ཅན་མ་རྣམས་ཏེ་མཁའ་འགྲོ་མ་ལཱ་མ་དུམ་སྐྱེས་མ་གཟུགས་ཅན་མ་རྡོ་རྗེ་ཕག་མོ་རྣམས་སོ། །དེ་རྣམས་རྣམ་པར་དག་པ་སྙིང་གའི་རྩ་ལྔ་པོ་སྟེ། དེ་དག་བསྣན་པས་ཉི་ཤུ་རྩ་དགུ་ཡིན་ལ། ཁྭ་གདོང་མ་ལ་སོགས་པ་སྔར་ཕྱི་དཀྱིལ་གྱི་སྐབས་སུ། དཀྱིལ་འཁོར་གྱི་སྒོ་མཚམས་ལ་འགོད་ཅིང༌། དུར་ཁྲོད་ཆེན་པོ་བརྒྱད་དུ་ཀུན་ཏུ་སྤྱོད་པར་བཤད་པ་བཞིན་དུ་ལུས་ཀྱི་ཡང་བུ་ག་བརྒྱད་ལ་
གནས་པའི་རྩ་བརྒྱད་ཡིན་ཏེ། དེ་ལྟར་སྔར་གྱི་རྩ་ཉེར་དགུའི་སྟེང་དུ་བུ་ག་བརྒྱད་ཀྱི་རྩ་བསྣན་པས་རྩ་སུམ་ཅུ་རྩ་བདུན་ནོ། །འདིར་རོ་རྐྱང་དབུ་མ་བདུད་བྲལ་མ་བཞི་ནི་རྡོ་རྗེ་ཕག་མོའི་ངོ་བོར་གཅིག་ཏུ་སྡོམས་ཤིང༌། དཔྱིད་ཀྱི་རྩ་དཔལ་ཧེ་རུ་ཀའི་རྗེས་སུ་འབྲང་བ་ཡིན་པས་ལོགས་སུ་མི་འདྲེན་ལ། ཀུན་གྱི་ཁྱབ་བྱེད་དུ་བྱེད་པའི་ལུགས་ནི་ཡོད་དོ། སྙིང་གི་ནང་སོན་ཞེས་པ་ནས་བརྩམས་ཏེ། གནས་དང་གནས་ལ་རྣམ་པར་གནས། ཞེས་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་གྱི་ལྷ་ལ་བདེ་སྟོང་གིས་རྒྱས་བཏབ་པའི་ཕྱིར་དང༌། ནང་གི་རྩ་ཁམས་རྣམས་ལ་ལྷ་དྲུག་ཅུ་རྩ་གཉིས་ཀྱིས་རྒྱས་བཏབ་པའི་ཕྱིར། ཁ་སྦྱོར་ལ་སོགས་པའི་རྒྱུད་དུ་གསུངས་སོ། །དེ་ལ་སྐུ་གསུང་ཐུགས་གྱི་དབྱེ་བ་ཡི། ཞེས་པ་མན་ཆད་གཞུང་འདིར་འཕྲོས་དོན་དུ་བཤད་པ་ཡིན་ཏེ། རྩ་རླུང་ཐིག་ལེ་སྤྱི་ལྡོག་ནས་མདོ་ཙམ་གཏན་ལ་འབེབས་པ་དང༌། ས་ལམ་གྱི་ཡོན་ཏན་རྣམས་དང་འབྲེལ་བ་རྩི་ཚུལ་ཅུང་ཟད་ཙམ་བཤད་པ་ཡིན་ནོ། །དེ་ཡན་ཆད་ཀྱི་ཚིག་ལ་དཔྱིད་ཐིག་གི་གཞུང་ལྟར་ན། སྙིང་གའི་ནང་སོན་སོགས་དཔྱིད་ཐིག་ལུས་ཀྱི་གནས་ཚུལ་གཏན་ལ་འབེབས་པ་དང༌། ལས་ཀྱི་རླུང་གི་ཞེས་པ་ནས་ཡང་དག་གནས་ཀྱི་བར་ལམ་སྒོམས་པའི་མཐུ་ལས་དངོས་སུ་གཏུམ་མོ་འབར་ཞིང༌། ཐིག་ལེ་ཞུ་བའི་བདེ་དྲོད་དཔྱིད་ཐིག་ཁ་སྦྱོར་དུ་འབྱུང་བའི་ཡེ་ཤེས་རྫོགས་རིམ་དངོས་དེ་སྟོན་པ་ལ་སྦྱོར་ཞིང༌། འདིར་ནི་དེ་གཉིས་ཀར་སྡོམས་ནས་གཞི་ལམ་དེ་དག་དང་རྣམ་པ་མཐུན་པར་དམིགས་པས་གསར་དུ་བསྒོམས་པའི་གཏུམ་མོ་འཁོར་ལོ་བཞི་པ་དེ་སྟོན་པར་འགྱུར་རོ། །འདི་ནི་རྫོགས་རིམ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུ་
ཁྱད་པར་ཅན་བྱེད་པའི་ཕྱིར། རྫོགས་རིམ་ཞེས་མིང་འདོགས་ཀྱང༌། དངོས་ནི་བསྐྱེད་རིམ་གྱི་ཕྲ་ཐིག་གོ །དེ་ལ་རང་འཁོར་ལོའི་དབང་ཕྱུག་ཏུ་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ལ། ལྟེ་བར་རྩ་འཁོར་སེར་པོའམ་དམར་སེར་ནང་སྐོར་འདབ་མ་བརྒྱད། ཕྱི་སྐོར་ལྔ་བཅུ་ང་དྲུག་སྟེ་དྲུག་ཅུ་རེ་བཞིའོ། །ནང་སྐོར་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ཕྱི་སྐོར་ལ་ནི་དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་གཉིས་དང༌། སླར་ཡང་དབྱངས་རིང་པོ་དྲུག་རྣམས་ཏེ། འཁོར་ལོའི་ལྟེ་བ་རྩ་དབུ་མའི་ནང་དུ་ནི་ཨཾ་ཡིག་གོ །སྙིང་གའི་འཁོར་ལོ་སྔོན་པོ་རྩ་འདབ་བརྒྱད་ལ། ཕྱོགས་བཞིར་ཨ་ཨི་ཨུ་ཨེ། མཚམས་བཞིར་ཡ་ར་ལ་ཝའོ། །དབུས་ཀྱི་ལྟེ་བར་ནི་ཧཱུཾ་ཡིག་མགོ་བོ་ཐུར་དུ་བསྟན་པའོ། །དེ་ཉིད་དཔྱིད་ཀྱི་ཡི་གེའོ། །མགྲིན་པའི་འཁོར་ལོ་དམར་མོའི་ནང་སྐོར་འདབ་མ་བཞི་ལ་ཨཱ་ཨཱི་ཨཱུ་ཨཻ། ཕྱི་རོལ་འདབ་མ་བཅུ་གཉིས་ལ་རྀ་ལྀ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཏེ། དེ་ལྟར་འདབ་མ་བཅུ་དྲུག་གི་ཡི་གེ་སྟེ་དེའི་ལྟེ་བར་ནི་ཨོཾ་གྱི་ཡི་གེའོ། །སྤྱི་བོའི་འཁོར་ལོ་དཀར་པོ་ནི་འདབ་མ་སུམ་ཅུ་རྩ་གཉིས་ཏེ། དབྱངས་ཀྱི་ཡི་གེ་ཚར་གཉིས་དང་ལྡན་པའོ། །དེའི་ལྟེ་བ་ལ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པའོ། །ཡི་གེ་ཐམས་ཅད་ནི་རྩ་འཁོར་གྱི་ཁ་དོག་དང་མཚུངས་པ་ཡིན་ལ། སྙིང་ག་དང་སྤྱི་བོའི་འདབ་མའི་ཡིག་འབྲུ་རྣམས་ཀྱང་མགོ་བོ་ཐུར་དུ་བསྟན་པ་ཡིན་ནོ། །རོ་མ་དང་རྐྱང་མ་དག་ལ་དབྱངས་ཀྱི་ཡི་གེ་དཀར་པོ་གཉིས་དང༌། གསལ་བྱེད་ཀྱི་ཡི་གེ་དམར་མོ་གཉིས་སྤེལ་བས་དབྱངས་གསལ་དྲུག་ཅུ་རེ་བཞི་པ་རེ་འགོད་པའམ། ཡང་ན་རོ་མ་ཀཱ་ལི་
སོ་གཉིས་དང༌། རྐྱང་མ་ལ་དབྱངས་སོ་གཉིས་བཀོད་ཀྱང་རུང༌། གང་ལྟར་ཡང་རོ་མས་ནི་ཡས་ནས་མར་འགོད་ལ། རྐྱང་མ་ལ་ནི་མས་ནས་ཡར་འགོད་དོ། །ལྟེ་འོག་སོར་བཞིའི་དབུ་མའི་མས་སྣ་ལ་ནི་ཀྵ་ཡིག་དམར་ནག་གོ །གསང་བའི་འཁོར་ལོའི་ཐད་དུ་ནི། རླུང་གི་དཀྱིལ་འཁོར་ཡཾ་གྱིས་བརྒྱན་པའོ། །ཡཾ་ལས་རླུང་གཡོས་ཀྵ་ཡིག་གཙུབས་ཏེ། མེ་རླུང་འདྲེས་མས་ལྟེ་བའི་ཨཾ་ཡིག་གསོས། ཨཾ་གི་མེ་འོད་ཀྱིས་ཨོཾ་དང་ཧཱུཾ་ཕུག་ཅིང་ཧཾ་ཡིག་ཀྱང་བཞུ་ནས། སྨིན་མཚམས་ནས་ཐོན་ཏེ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་བཀུག་སྤྱི་བོ་ནས་ཞུགས་ཏེ། ཧཾ་ཡིག་དང་འདྲེས་ཤིང་དེ་ལས་ཐིག་ལེ་དཀར་པོའི་རྒྱུན་འབབ་པ། མགྲིན་པའི་ཨོཾ་དང༌། སྙིང་གའི་ཧཱུཾ་བརྒྱུད་དེ། དེ་ཐམས་ཅད་ཀྱི་དྭངས་མ་བསྡུས་ནས་ལྟེ་བའི་ཨཾ་ལ་ཐིམ་པ་ཡང་དང་ཡང་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདི་བསྒོམས་པས་རླུང་ཅུང་ཟད་འགགས་པ་ནི་ཕྲ་མོའི་རྣལ་འབྱོར་དང༌། དེ་ལས་བདེ་བ་སྐྱེ་བ་ནི་ཐིག་ལེའི་རྣལ་འབྱོར་རོ། །ཕྲ་ཐིག་འདིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡང་རྒྱས་འདེབས་པའི་ཕྱིར། འདི་ཡང་དཀྱིལ་འཁོར་ཆོས་སྐུར་འཆར་བྱེད་ཀྱི་ཐབས་སོ། །གཉིས་པ་མཉམ་ལངས་ཀྱི་རྣལ་འབྱོར་ལ། གཞུང་འདིར་དངོས་སུ་བསྟན་པའི་དོན་དང༌། དངོས་སུ་མ་བསྟན་པ་རྒྱུད་ལས་ཁ་འགེངས་པའི་ཚུལ་གཉིས་སོ། །དང་པོ་ལ། གཏོར་མའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་དང༌། ཐུན་མཚམས་ལ་འཇུག་པ་གོ་ཆའི་རྣལ་འབྱོར་རོ། །དེ་ཡང་ལག་ལེན་ནི་བཟླས་པ་སྔོན་དུ་བྱ་བ་ཡིན་མོད་ཀྱི། གཞུང་གི་དངོས་བསྟན་འདི་ནི་བཤད་པའི་གོ་རིམ་ཡིན་ནོ། །དེ་ལ་གཏོར་མའི་ཆོ་ག་ནི།
རྫས་བཅུ་ལས་ནི་སྔར་བསམས་པ། །ཡི་གེ་ཨ་ལས་བྱུང་བའི་སྣོད། །རླུང་གིས་མེ་ཡི་དཀྱིལ་འཁོར་ལ། །སྦར་བས་ཁོལ་བར་གྱུར་པ་དང༌། །དབྱངས་ཡིག་དང་པོ་ཡང་དག་ལྡན། །སྐད་ཅིག་དེ་ལ་འབར་ཞིང་ལྟ། །ཟློག་པའི་ཡི་གེ་མཉམ་སྦྱོར་བ། །རྒྱུད་ཀྱི་སྔགས་ནི་བསྒོམ་པར་བྱ། །ཡི་གེ་ཨོཾ་གྱིས་ཀུན་གསལ་བས། །དེ་ཉིད་གསུམ་ལ་ཡང་དག་བརྗོད། །དེ་ལྟར་སྒོམས་གྱུར་ན་ལྷ་མོ། །རྫས་ཀྱི་དངོས་གྲུབ་བཟང་པོ་བྱེད། །འདི་ཡིས་རྣལ་འབྱོར་དངོས་གྲུབ་ནི། །བྱིན་གྱིས་རློབ་པར་ཡང་དག་འགྱུར། །ཨོཾ་ཨ་རལླི་ཧོཿཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། དྲི་ཤྱ་ཧོཿ ཨོཾ་བཛྲ་ཌཱ་ཀཱི་ནི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུཉྫ་ཐཱ། པི་པཱ་ཐཱ། མ་མ་ཀཱ་རྱ། སཱ་བྷ་ཡ་ཨོཾ་ཨཱཿཧཱུཾ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་གསུངས་ཏེ། དེ་ལ་དང་པོ་རྫས་བྱིན་གྱིས་རླབས་པ་ནི། འདི་ལ་ཁ་ཅིགས་བཅུ་ལ་ནི་ལྔར་བསམས་པ། །ཞེས་འདོན་ཅིང་འབྲི་སྟེ། ལྔ་ནི་གྲངས་ཀྱི་ལྔར་བྱས་ནས་ཡེ་ཤེས་ལྔའི་ས་བོན་ལ་འཆད་ཅིང༌། གཞན་དག་རྫས་བཅུ་ལ་ནི་སྔགས་བསམས་ཏེ། ཞེས་འབྲི་ཞིང་འདོན་ལ། དོན་སྔ་མ་དང་མཚུངས་པར་འཆད། དེ་གཉིས་ཀ་བོད་ཡིག་ནོར་བ་ལ་འབྲུ་མནན་པའོ། །དཀྱུས་ཀྱི་འགྱུར་ལྟར་ན། ཕྱིས་རྫས་བཅུ་བསྒོམ་དགོས་པ་ལས་ནི། དེའི་སྔ་རོལ་དུ་བསམ་པར་བྱ་བ་སྣོད་དང་རླུང་དང་མེ་རྣམས་ཡིན་ནོ་ཞེས་འཆད་དགོས་སོ། །འོན་ཀྱང་སྐབས་འདིར་རྭ་འགྱུར་ལས། དང་པོ་ཨ་ཡིག་ལས་སྐྱེས་པའི། །ཐོད་པར་རྫས་བཅུ་རྣམ་བསམ་པ། །རླུང་དང་མེ་ཡི་དཀྱིལ་འཁོར་གྱིས། །འབར་བ་དང་ནི་སྲོ་བ་དང༌། །ཞེས་འབྱུང་བ་གོ་བདེ་སྟེ། །དོན་ཡང་དེ་བཞིན་དུ་བཤད་དགོས་སོ། །
དེ་ལ་གཏོར་མ་སྦྱིན་པའི་དུས་ནི་འབྱོར་ཞིང་ནུས་ན་ཐུན་བཞིའི་མཐའ་དང༌། མ་འབྱོར་ཞིང་མ་ནུས་ན། ཐུན་ཐ་མ་ལ་ངེས་པར་དགོས་པའི་དབང་དུ་མཛད་ནས། མངོན་བརྗོད་ལས། ཆོ་ག་འདི་ཡི་རིམ་པ་ཡིས། །ཐུན་མཚམས་བཞི་རུ་སྦྱིན་པར་བྱ། །ཞེས་པ་དང༌། ལྷོ་ཕྱོགས་ཁ་བལྟས་གནས་པ་ཡིས། །མཚན་ཕྱེད་དུས་སུ་གཏོར་མ་སྦྱིན། །ཞེས་གསུངས་ཤིང༌། དེ་ལྟ་བུ་ཡི་དུར་ཁྲོད་དུ། །གནོད་སྦྱིན་རོ་ལངས་སྲིན་པོ་ལ། །ཧེ་རུ་ཀ་ཡི་གཟུགས་བསྒོམས་ནས། །དེར་ནི་གཏོར་མ་སྦྱིན་བྱ་སྟེ། །ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང༌། །སིལ་སྙན་གར་རྣམས་རབ་ཏུ་བྱ། །ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་སྦྱོར། །ཧཱུཾ་ཕཊ་ཅ་ཅོའི་སྒྲ་འབྱིན་ཞིང༌། །ཞབས་གཡས་བརྐྱང་བའི་སྦྱོར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིངས་ནས་སུ། ཁ་ནི་དམ་ཚིག་གིས་བསྐངས་ནས། །གསང་སྔགས་འདི་ནི་རྗེས་དྲན་བྱ། །ཞེས་དུར་ཁྲོད་གནས་པ་རྣམས་ལ་གཏོར་མ་སྦྱིན་པ་དང༌། རང་ལྷའི་ང་རྒྱལ་དང༌། འདུག་སྟངས་དང༌། ཕྱག་རྒྱ་དང༌། དམ་རྫས་བཟའ་བ་དང༌། རོལ་མོའི་སྒྲ་དང༌། དྲག་ཤུལ་གྱི་སྔགས་དང༌། གཏོར་སྔགས་གསུངས་པ་ལྟར་ཀུན་སྤྱོད་ཀྱི་ཡང་དགོངས་པ་ཡིན་ནོ། །དེས་ན་དུར་ཁྲོད་ལ་སོགས་པ་དངོས་སམ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ས་གཞི་ལ་འདུག་པར་མོས་ལ། བདག་བསྐྱེད་དཀྱིལ་འཁོར་མ་བསྡུས་པའི་སྐབས་ཡིན་ནམ། དཀྱིལ་འཁོར་སྒྲུབ་མཆོད་ལྟ་བུ་ལ་བདག་མདུན་བསྲེས་གྲུབ་པའི་སྐབས་ཡིན་ན། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་བྱེ་བར་མོས། དེ་ལ་ང་རྒྱལ་གཙོ་བོར་འཇུག་ཅིང༌། དུར་ཁྲོད་དུ་སོང་བར་མོས་པ་ཡིན་ནོ། །ཐུན་བར་དུ་འབུལ་བ་ཡིན་ན།
ཐུན་མཚམས་ཀྱི་ལྷའི་ང་རྒྱལ་ཉིད་ཀྱིས་ཆོག་གོ །གང་ལྟར་ཡང་གཅེར་བུ་སྐྲ་གྲོལ་བ་ཁ་ལྷོ་ཕྱོགས་སུ་བལྟ་ཞིང༌། རིག་མས་འཁྱུད་པའི་ལུས་ཅན་དུ་བསམ་པ་སླར་ཡང་ཧེ་རུ་ཀ་ཕྱག་གཉིས་པའམ་ཕྱག་མང་གི་ང་རྒྱལ་གསལ་བཏབ་ནས་བདུད་རྩི་རིལ་བུའམ་ཤ་ཆེན་མུར་བཞིན་པའམ། མེད་ན་མོས་པ་བྱས་ཏེ་གཏོར་མའི་ཆོ་ག་ལ་འཇུག་གོ །གཏོར་མའི་སྣོད་ནི། རབ་དངོས་སུ་ཡང་ཐོད་པར་བཤམ་མོ། །མ་རྙེད་ན་སྣོད་གང་ཡང་རུང་བར་བཤམ་མོད་ཀྱི། ཁ་ཅིག་ལྕགས་སྣོད་དང༌། བསེ་སྣོད་དུ་མི་བྱ་ཟེར་བ་ནི་ཕྱི་གཏོར་ལ་དེ་ལྟར་གྲགས་ཀྱང༌། འདི་དག་ནང་གཏོར་ཡིན་པས་ངེས་པ་མི་དགོས་སོ། །ཇི་ལྟར་ཡིན་ཡང་ཡིད་ཀྱི་དམིགས་པས་ཐོད་པའི་སྣོད་དུ་བསམ་སྟེ། གྲུབ་ཐོབ་ཛ་ལནྡྷ་རི་པས་ཕག་མོའི་སྒྲུབ་ཐབས་སུ་དུམ་བུ་གཅིག་པ་དང༌། གཉིས་པ་དང༌། གསུམ་པ་གང་རུང་གིས་ཆོག་པར་བཤད། སྡོམ་འབྱུང་ལས། དུམ་གསུམ་སྒྲུབ་པའི་དངོས་གྲུབ་མཆོག །ཅེས་འབྱུང་བའི་དབང་དུ་མཛད་ནས། བླ་མ་གོང་མ་རྣམས་དུམ་བུ་གསུམ་པ་གཙོ་བོར་མཛད་དོ། །མངོན་བརྗོད་ལས། ཐོད་པར་དེ་རྣམས་ལ་ཡང་སྦྱིན། །ཞེས་འབྱུང་བས། དངོས་སམ་ཡིད་ཀྱིས་བསམས་པའི་ཐོད་པའི་སྣོད་དགོས་སོ། །གཏོར་མའི་རྫས་ནི། ཤ་དང་ཁྲག་དང་ཉ་ཤ་དང་སྒོག་པ་དང་བཙོང་དང་ཆུ་དང་ཆང་ལ་སོགས་པ་དང་ལྡན་པའི་ཟན་དག་འཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བ་ཐམས་ཅད་ཀྱིས་བྱ་ཞིང༌། མདུན་དུ་མཆོད་ཡོན། གཡས་སུ་ཆུ་གཞན་དང་ཉེར་སྤྱོད་ལ་སོགས་པ་བཤམ་ཞིང༌། གཡོན་དུ་ཉེ་བར་དགོས་པ་སོ་རྩི་དང༌། ན་བཟའ་ལ་སོགས་པ་
ཇི་ལྟར་འོས་པ་བཤམ་མོ། །དེ་ལ་བྱིན་གྱིས་བརླབས་པའི་བདུད་རྩི་ལྔས་སྦགས་པར་བྱ་དགོས་ཏེ། བདུད་རྩི་རིལ་བུའི་ཆུའམ་ནང་མཆོད་ཀྱིས་གཏོར་དགོས་པ་ཡིན་ནོ། །གཏོར་མའི་དབྱིབས་ཀྱི་བཀོད་པའི་ཁྱད་པར་ནི། འཕགས་ཡུལ་ན་ངེས་ཅན་མི་བྱེད་པས། སྤྱིར་ངེས་པ་མི་དགོས་ཀྱང༌། ཡུལ་ལུགས་དང་བསྟུན་པའི་སྤྱོད་པ་ཡིན་པས་ཕྱོགས་འདིར་རིག་སྔགས་ཅུང་ཟད་གྲུབ་པའི་བླ་མ་སྔ་རབས་པ་རྣམས་ཀྱི་ལག་ལེན་གང་ཡིན་པ་དེས་ཆོག་གོ ཁ་ཅིག་རྡོ་རྗེ་མཆུའི་དམ་ཚིག་གི་གཟུངས་ལས། གཏོར་མ་པདྨའི་དབྱིབས་ཅན་བཤད་པ་དེ་ཁོ་ན་ལྟར་དགོས་ཟེར་བ་ནི། ཇི་སྐད་དུ། སྐྱེས་བུ་རྫུས་མས་སྦྱར་བ་ཡི། །མདོ་རྒྱུད་ཚད་མར་གཟུང་མི་བྱ། །ཞེས་པའི་དོན་ལ་བསམ་པའི་རིགས་ལ། འོན་ཀྱང་གཟུགས་བརྙན་དེ་བཞིན་བྱེད་པ་ཡང་འགལ་བ་མེད་དོ། །དཔལ་སམྦུ་ཊི་ལས། མཆོད་ཡོན་མཆོད་སོགས་རིམ་གྲོ་དང༌། །ཉ་དང་ཤ་སོགས་ཟ་བ་དང༌། །ཆང་དང་མྱོས་བྱེད་སྤྲོ་བ་ཡང༌། །གཡོན་དུ་ཉེ་བར་དགོས་པ་ཀུན། །གཡས་པ་དག་ཏུ་ཆུ་ཡི་སྣོད། །སྔོན་དུ་མཆོད་ཡོན་དག་གི་སྣོད། །རྫས་ནི་འདི་དག་ཐམས་ཅད་རྣམས། །བདུད་རྩི་ལྔ་ཡིས་སྦྱང་བར་བྱ། །ཞེས་གསུངས་སོ། །དེས་ན་བདུད་རྩི་ནི་སྦྱོང་བྱེད་ཡིན་གྱི་གཏོར་མའི་རྒྱུ་མ་ཡིན་ལ། ཐམས་ཅད་རྣམས་ཞེས་གསུངས་པས། མཆོད་པ་དང་ཡོ་བྱད་ཐམས་ཅད་ཀྱང་དེས་བསངས་གཏོར་བྱེད་པ་ཡིན་ཞིང༌། ཌོཾ་བི་ཧེ་རུ་ཀས། ཚོགས་རྫས་ཀྱི་སྐབས་སུ་བདུད་རྩིས་མ་སྦྲན་པར་རྫས་བྱིན་གྱིས་བརླབས་པར་མི་བྱའོ། །ཞེས་འབྱུང་བས། རིག་པ་དེས་ན་གཏོར་མ་ལ་
ཡང་བདུད་རྩིའི་བསངས་གཏོར་བྱས་པའི་རྗེས་སུ་བྱིན་རླབས་བྱ་བ་ཡིན་ནོ། །བོད་འདིར་གཏོར་ཆབ་སྦྲོན་པ་ཞེས་མིང་བཏགས་ཏེ། ཆང་གཉིས་བར་དུ་ཆུ་ཡིས་སྦྱང་ཟེར་ཏེ། འགའ་ཞིག་ནང་མཆོད་ཆུ་ཆང་གི་རིམ་པས་སྦྱོང༌། ཁ་ཅིག་ཆང་ཆུ་ནང་མཆོད་ཀྱི་རིམ་པས་སྦྱོང་སྟེ། སོ་སོའི་ལག་ལེན་ཙམ་མ་གཏོགས་ཁུངས་ཀྱི་གསལ་ཁ་མེད་པས། དེ་དག་ལ་དགག་སྒྲུབ་དོན་མེད་དེ་ཅི་དགར་བྱའོ། །ཆང་ཕལ་པ་ལྡུགས་པ་ནི་གཏོར་མའི་རྒྱུ་ཡིན་གྱི་སྦྱོང་བྱེད་མིན་ལ། བསྒྲུབས་པའི་བསངས་ཆུ་ཡིན་ན་མ་གཏོགས། ཆུ་ལྡུགས་པ་ཡང་སྐོམ་མཚོན་བྱེད་ཡིན་གྱི། ཆུ་ཕལ་པའི་བསངས་བྱེད་ཀྱི་དགོས་པ་ཆུང་བས། སྦྱོང་བྱེད་དམ་བསངས་བྱེད་དངོས་ནི་ནང་མཆོད་ཉིད་ཡིན་པར་ཤེས་པར་བྱའོ། །བར་ཆད་བསྲུང་བའི་དོན་དུ་ཁྲོ་བོའི་སྔགས་ཀྱི་ཆུ་སོགས་འཐོར་བ་ཡིན་ན་མི་འགལ་མོད་ཀྱི། ཁ་ཅིག་རྒྱལ་པོ་ཟས་ཟ་བའི་ཚེ་ཆུ་གཙང་གིས་བསངས་གཏོར་བྱེད་པ་དང་འདྲའོ་ཟེར་བ་ནི་མ་འབྲེལ་ཞིང་མ་ངེས་ལ་མ་གྲུབ་པའི་རྫུན་གཏམ་མོ། །ནང་མཆོད་འཐོར་བ་གཏོར་མའི་རྒྱུ་བདུད་རྩི་ལྔ་མཚོན་བྱེད་ཡིན་ནོ་ཟེར་བ་ཡང་མི་རིགས་ཏེ། ཇི་སྐད་དུ། སྔགས་རྣམས་ཐམས་ཅད་ཉིད་ལ་ནི། རྨད་དུ་བྱུང་བའི་གཏོར་མ་འབུལ། ཞེས་པ་ལྟ་བུ་ཁྱད་པར་ཅན་གྱི་དོན་སྒྲུབ་པ་འགའ་ཞིག་ལ་མ་གཏོགས། གཏོར་མའི་རྒྱུ་ནི་ཁ་ཟས་བཟང་དགུ་དང་དམིགས་གསལ་གོང་དུ་སྨོས་པ་དེ་དག་ཡིན་ལ། ཤ་ལྔ་བདུད་རྩི་ལྔ་ནི་གཏོར་མ་དེ་བྱིན་གྱིས་རློབ་བྱེད་ཀྱི་རྫས་དང་ཏིང་ངེ་འཛིན་ལ་དགོས་ཀྱི། དང་པོར་རྒྱུ་ལ་དེ་དག་དགོས་པ་མིན་ནོ། །མཆོད་པ་དངོས་སུ་བཤམས་ན་བྱིན་གྱིས་བརློབ་ཅིང༌། དངོས་སུ་མེད་ན་ཡིད་
ཀྱིས་སྤྲུལ་པས་ཆོག་གོ །བྱིན་གྱིས་རློབ་བྱེད་ཀྱི་རྫས་བཅུ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །རིན་ཆེན་དབང་པོ་ཁྲག་ཅེས་བཤད། །སྣང་བ་མཐའ་ཡས་ཁུ་བར་བརྗོད། དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེའི་ཆུ། །རྣམ་པར་སྣང་མཛད་བཤང་བར་བཤད། །འདི་རྣམས་བདུད་རྩི་ལྔ་མཆོག་གོ །ཞེས་འབྱུང་ལ། བདུད་རྩི་ལྔ་ཁོ་ན་བསྐྱེད་ཀྱི་ཤ་ལྔ་མི་བསྐྱེད་པ་ལྟར་ན། ཤ་ཆེན་ཞེས་པ་ཤ་དངོས་ཡིན་ལ། ཤ་ལྔ་ལོགས་སུ་བྱེད་པ་ལྟར་ན། ཤ་ཆེན་གྱི་དྭངས་མ་སྟེ། ཀླད་པ་དང་རྐང་དང་ཚིལ་གསུམ་ལ་བཤད་དོ། །ཤ་ལྔ་ནི་གདན་བཞི་ལས། །ལྕགས་ཀྱུ་ལ་སོགས་རྣམ་པ་ལྔ། །དེ་ཉིད་ལྔ་རུ་བྱ་བ་སྟེ། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྷ་རུ་འདོད་པ་སྟེ། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུ་རིན་ཆེན་དབང༌། །རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། །ལྕགས་ཀྱུ་ལྔ་ལ་སོགས་པ་ལ། །དེ་ཉིད་ཐམས་ཅད་སྦྱར་བར་བྱ། །ཞེས་གསུངས་ཏེ། ལྕགས་ཀྱུ་ཆེན་པོ་མི་ཤ་རྡོ་རྗེ་ནི་བ་ལང༌། གནས་ནི་ཁྱི། རྒྱལ་པོ་ནི་གླང་པོ་ཆེ། གཡོ་བའི་ལྕགས་ཀྱུ་ནི་རྟ་ཤའོ། །དངོས་གྲུབ་འགུགས་པའི་ཕྱིར་ལྕགས་ཀྱུ་ཞེས་བྱ་ལ། འདིར་ཡེ་ཤེས་ལྷ་ནི་རྣམ་སྣང་ཡིན་ཏེ། རྒྱུད་དེའི་ལུགས་ཀྱི་དཀྱིལ་འཁོར་གྱི་གཙོ་མོ་ཡེ་ཤེས་དབང་ཕྱུག་མ་རྣམ་སྣང་གི་རིགས་ཡིན་ལ། ཡབ་རྣལ་འབྱོར་ནམ་མཁའ་རྣམ་སྣང་གི་ངོ་བོ་ཡིན་པས། ཤ་ཆེན་དང་རྣམ་སྣ ང་སྦྱར་བ་ཡིན་ཡང༌། འདི་དག་ཏུ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེའི་རིགས་ཡིན་པས། དེ་ཉིད་གོ་ཟློག་སྟེ། ཤ་ཆེན་དང་མི་བསྐྱོད་པ།
བ་ལང་ཤ་དང་རྣམ་སྣང་སྦྱོར་དགོས་སོ། །དེ་ལ་སྡོམ་འབྱུང་གི་དགོངས་པས་བདུད་རྩི་ལྔ་ཡབ་ལྔ་དང༌། ཤ་ལྔ་ཡུམ་ལྔ་དང་སྦྱོར་ཞིང༌། འགོད་ཚུལ་ཡང་དབུས་ཀྱི་གཉིས་པོ་བརྩེགས་ཤིང༌། གཞན་རྣམས་ཕྱོགས་མཚམས་བརྒྱད་ལ་འགོད་དོ། །ལཱུ་ཡི་པའི་འགྲེལ་པ་ལྭ་བ་པས་མཛད་པ་རྗེས་འབྲང་དང་བཅས་པ་ཐམས་ཅད་དང༌། འཇིགས་མེད་འབྱུང་གནས་རྗེས་འབྲང་དང་བཅས་པ་ཐམས་ཅད་ཀྱང༌། སྡོམ་འབྱུང་གི་རྗེས་སུ་འབྲང་བ་ཤ་སྟག་གོ །འདིར་ནི་ཀུན་སྤྱོད་མངོན་སྤྱོད་རྡོ་རྗེ་མཁའ་འགྲོ་གསུམ་གྱི་རྗེས་སུ་འབྲངས་ཏེ། ཤ་ལྔ་བདུད་རྩི་ལྔ་བརྩེགས་ནས་འགོད་ཅིང༌། ཡབ་ལྔ་ཡུམ་ལྔའི་དབྱེ་བ་སོ་སོར་མི་མཛད་པར་ཐུན་མོང་དུ་ཡེ་ཤེས་ལྔའི་དག་པར་སྦྱོར་ཏེ། དེ་ཡང་གཞུང་ལས། སྔར་བསམ་པ་ཞེས་པ་རྭ་འགྱུར་ལས་དང་པོ་ཞེས་འབྱུང་བ་ལྟར་བཤད་དེ། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ། དང་པོར་ཨ་ཡིག་ལས་སྐྱེས་པའི་ཐོད་པའི་ནང་དུ་གོང་དུ་བཤད་པ་ལྟར་ཤ་ལྔ་དང་བདུད་རྩི་ལྔ་སྟེ། རྫས་བཅུ་རྣམས་རང་རང་གི་མིང་ཡིག་དང་པོ་ལས་བསྐྱེད་ཅིང་བསམ་ལ། དེ་རྣམས་ཀྱི་སྟེང་དུ་འོག་ནས་རྒྱུད་ཀྱི་སྔགས་ནི་བསྒོམ་པར་བྱ། ཞེས་པ་ཡར་བླངས་ནས་རྒྱུད་ཅེས་པ་ནི་རིགས་ལ་ཡང་འཇུག །ཕན་ཚུན་དུ་འབྲེལ་བ་ལ་ཡང་འཇུག་ན། ཤ་ལྔ་དེ་བཞིན་གཤེགས་པ་ལྔའི་དམ་རྫས་ཡིན་པས། ཡེ་ཤེས་ལྔ་དང་འབྲེལ་ལ། བདུད་རྩི་ལྔ་ཡུམ་ལྔའི་དམ་རྫས་ཡིན་པ་ཡང་ཡེ་ཤེས་ལྔ་དང་འབྲེལ་བའི་ཕྱིར། ཡེ་ཤེས་ལྔ་ནི་དེ་རྣམས་སྦྱོང་བྱེད་དུ་འབྲེལ་ལ། དེ་རྣམས་ཡེ་ཤེས་ལྔ་ལ་སྦྱང་བྱར་འབྲེལ་བས་འབྲལ་བའམ་རྒྱུད་ཀྱི་སྔགས་ཧཱུཾ་བྷྲཱུཾ་
ཁཾ་ཛྲི་ཨཾ་རྣམས་ནི་ཡེ་ཤེས་ལྔའི་ས་བོན་ཏེ། རྫས་ལྔ་ཚན་གཉིས་པོ་སོ་སོར་བརྩེགས་པའི་སྟེང་དུ་བསྒོམ་པར་བྱ་ཞེས་པའམ། ཡང་ན་རྒྱུད་དེ་རིགས་ལྔའི་སྔགས་ཏེ་ས་བོན་བསྒོམ་པར་བྱའོ། །ཞེས་སྦྱར་རོ། །དེ་དག་ནི་རྫས་བསྐྱེད་པ་ཡིན་ནོ། །བྱིན་གྱིས་རློབ་བྱེད་ཀྱི་ཡི་གེ་བསྐྱེད་པ་ནི། རྫས་དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཡི་གེ་ཨོཾ་ཡིག་བསྒོམས་ཏེ། དེའི་འོད་ཀྱིས་རྫས་བཅུ་པོ་ཀུན་གསལ་བར་བྱེད་པ་དང༌། དེའི་སྟེང་དུ་དབྱངས་ཡིག་དང་པོ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དང་ཡང་དག་པར་ལྡན་པ་དང༌། མགོ་བོ་ཐུར་དུ་ལྟ་བས་མགོ་ཞབས་ལྡོག་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་ཁ་ཊྭཱཾ་ག་དང་མཉམ་པར་སྦྱོར་བའོ། །དེ་ནས་རླུང་གཡོས་ཏེ་མེ་སྦར་བས་ཐོད་པ་བསྲོས་པ་ལས་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར་པས། དངོས་པོ་ངན་པ་རྣམས་སྦྱངས་ཏེ་ཁ་དོག་དམར་སེར་དུ་གྱུར་པ་དང༌། ཨོཾ་དང་ཟླ་བ་དང་ཁ་ཊྭཱཾ་གའམ་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་བདུད་རྩིའི་རྒྱུན་ཁ་དོག་དཀར་པོ་བབས་པ་དང་འདྲེས་པས། ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པའི་བདུད་རྩི་རྟོགས་པར་བྱས། ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅིང་བསྟིམ་པས། བདུད་རྩི་ཡེ་ཤེས་པའི་ངོ་བོར་གྱུར་ནས། འབར་བ་སྟེ་འཕེལ་ཞིང་རྒྱས་པར་བལྟ་ཞིང་བསྒོམ་པར་བྱའོ། །དེ་ནས་ཨོཾ་དང་ཟླ་བ་རྡོ་རྗེ་རྣམས་ཞུ་ཞིང་བསྟིམས་པས་སྦྱངས་རྟོགས་སྦར་གསུམ་བརྟན་པར་བྱས་པར་མོས་ལ། ཡི་གེ་འབྲུ་གསུམ་གྱི་དེ་ཉིད་གསུམ་ནི་ཡང་དག་པར་བརྗོད་པར་བྱའོ། །འདིའི་ཁ་ཊྭཱཾ་ག་ནི་བདུད་རྩི་འབྱུང་བའི་གཞི་ཡིན་པས་བདུད་རྩི་སྦོར་བ་ལ་ཁ་ཊྭཱཾ་ག་ཡང་འཐད་ཅིང༌། ཡང་རྡོ་རྗེ་ནི་ཟླ་བ་ཉི་མ་མཉམ་སྦྱོར་དགོས་པའི་དོན་གྱིས་ཡིན་ཏེ།
ཨོཾ་དང་ཟླ་བ་བསྒོམ་པའི་ཕྱོགས་ལ་རྡོ་རྗེ་འོས་ཤིང༌། ཆོ་ག་གཞན་མང་པོ་ལ་ཡང་སྣང་བའི་ཕྱིར་ཁ་ཊྭཱཾ་ག་དང་རྡོ་རྗེ་འདམ་ཁར་བྱའོ། །དེ་དག་ནི་བླ་མ་གོང་མ་རྣམས་དང་ལུགས་འདི་འཛིན་པའི་བོད་སྔ་རབས་རྣམས་ཀྱི་བཞེད་པ་ལྟར་བཤད་དོ། །འོན་ཀྱང་སྤྱོད་པ་པའི་རྗེས་འབྲང་འཕགས་ཡུལ་གྱི་རྣལ་འབྱོར་པ་འགའ་ཞིག་ནི་འདི་སྐད་ཅེས་གསུངས་ཏེ། བདུད་རྩི་ལྔ་ཁོ་ན་བསྒོམ་པ་དང༌། ཤ་ལྔ་ཁོ་ན་བསྒོམ་པ་དང༌། ཡི་གེ་ལྔ་ལས་རྫས་བཅུ་བསྐྱེད་པ་དང༌། ཡི་གེ་བཅུ་ལས་རྫས་བཅུ་བསྐྱེད་པ་དང༌། ཡི་གེ་རེ་རེ་ལས་རྫས་རེ་རེ་བསྐྱེད་པའི་བར་དུ་ཡང་འདྲ་སྟེ། ཡེ་ཤེས་པའི་ས་བོན་ལས་རྫས་བསྐྱེད་པར་བྱའོ། །འབུད་པ་དང་སྦར་བས་ངན་པའི་རྫས་སྦྱངས། ཨ་ཡིག་གི་འོད་ཀྱིས་རྫས་རྣམས་མར་མེ་ལྟར་འོད་འབར་ཞིང་གསལ་བ་དང་དྭངས་པར་བྱས། ཟློག་པའི་ཡི་གེ་འབྲུ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། ཨོཾ་ཡིག་ཁོ་ན་དང༌། ཨཱཿརིང་པོ་ཚེག་དྲག་ཅན་ལས་ཟླ་བ་ཕྱེད་པ་དེས་མཚན་པ་དང༌། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །དེ་ལས་རྒྱུད་ཀྱི་སྔགས་གསུམ་སྤྲོས། ཧ་དཀར་པོས་ཁ་དོགཧོཿསེར་པོས་དྲི། ཧྲཱིཿསྔོན་པོས་རོ་ཕུན་སུམ་ཚོགས་པར་བྱས་ཏེ། དེ་ནི་བདུད་རྩིར་རྟོགས་པའོ། །རྡོ་རྗེ་ཟླ་བ་ལ་ཐིམ། ཟླ་བ་ཨོཾ་ལ་ཐིམ། ཨོཾ་ཡིག་རྫས་ཀྱི་སྟེང་དུ་བབས། དེའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅིང༌། ཨོཾ་དང་ལྷན་ཅིག་རྫས་ལ་འདྲེས་པས། ཡེ་ཤེས་ཀྱི་རང་བཞིན་མཐའ་མེད་དུ་འཕེལ་བར་བསམས་ལ། ཡིག་གསུམ་བཟླ་བར་འདོད་དོ། །ཟླ་བ་ཕྱེད་པ་བསྒོམ་པ་ནི། བདུད་རྩིའི་སྟོབས་རྙེད་ཅིང་ཇེ་འཕེལ་དུ་འགྲོ་བའི་དགོས་པ་ཡོད་དོ་གསུང་
པ་ཐོས་ཤིང༌། ཡི་གེ་ཡང་མཐོང་སྟེ་འདི་ཙཱརྱ་པའི་ལུགས་སྤྱི་འགྲོའི་བདུད་རྩི་བྱིན་རླབས་ཡིན་ཡང་གོང་དུ་བཤད་པའི་གཞུང་གི་ཚིག་དོན་ལ་འདི་ངོས་འབྱོར་བ་ཙམ་སྣང་སྟེ་ཇི་ལྟར་འོས་པ་སྦྱར་བར་བྱའོ། །གཉིས་པ་ཕན་ཡོན་ནི་སྦྱངས་རྟོགས་སྦར་གསུམ་མམ་སྦྱངས་སྦར་རྟོགས་སྤེལ་བཞིའི་ནུས་པ་ཐོབ་པས། དེ་ལྟར་བསྒོམས་པར་གྱུར་ན་བདུད་རྩི་དང༌། བཟའ་བ་དང༌། བཏུང་བ་དང༌། གཏོར་མ་དང༌། ཙ་རུ་དང༌། སྦྱིན་སྲེག་དང༌། རིལ་བུ་ལ་སོགས་པའི་རྫས་ཀྱི་དངོས་གྲུབ་བཟང་པོ་ཐམས་ཅད་བྱེད་པར་འགྱུར་རོ། །བཟང་པོ་ཞེས་པ་ལྷར་བཅོས་ཏེ་ལྷ་རྫས་སུ་བསྒྱུར་ནས། ལྷ་རྫས་དངོས་གྲུབ་འབྲས་རབ་སྟེར། །ཞེས་བསྒྱུར་བ་གོ་བདེའོ། །འདི་ཡིས་ཞེས་སོགས་ཀྱང༌། སྦྱོར་བ་འདི་ཡིས་དངོས་གྲུབ་ནི། །ཡིད་ཆེས་རབ་ཏུ་འཇུག་པར་འགྱུར། ཞེས་བསྒྱུར་བ་གོ་བདེ་སྟེ། དེ་ལྟར་བྱིན་གྱིས་བརླབ་ནུས་བའི་སྦྱོར་བ་སྟེ་བཟླས་སྒོམ་གྱི་ཁྱད་པར་འདི་ཡིས་ནི་བཟའ་བ་དང༌། སྦྱིན་སྲེག་དང༌། གཏོར་མ་དག་བྱས་ན་ཕྱུགས་དང༌། རོ་ལངས་དང༌། གཏོར་མ་དང༌། སྐྱེ་བ་བདུན་པ་ལ་སོགས་རྒྱུད་ལས་གསུངས་པའི་དངོས་གྲུབ་རྣམས་ནི་འཕྲལ་དུ་འགྲུབ་པའི་ཕྱིར། དངོས་སུ་ཡིད་ཆེས་རབ་ཏུ་ལྡན་པར་འགྱུར་རོ། །ཀྱེ་ལྷ་མོ་ཞེས་བོད་པའི་ཚིག་བྱུངསྟེ། རྒྱུད་ཀྱི་ཚིག་དྲངས་པ་ཡིན་ནོ། །ཕན་ཡོན་འདི་ནི་རྫས་གྲུབ་པའི་ཆོ་གའི་ཕན་ཡོན་སྤྱིར་བསྟན་པ་ཡིན་གྱི། གཏོར་ཆོག་ཁོ་ན་ལ་སྦྱོར་བ་མིན་ནོ། །གསུམ་པ་གཏོར་སྔགས་ནི། ཨོཾ་ནི་བདུད་རྩི་སྐྱེད་པར་བྱེད་པའོ། །ཨ་རལླི་ནི་རོལ་པ་སྟེ། ཧོཿནི་དངོས་སུ་བསྒྱུར་དུ་མེད་ཀྱང་སྐུལ་བའི་
ཚིག་ཡིན་པས་རོལ་བར་མཛོད་ཅེས་པའི་དོན་ནོ། །ཛཿཧཱུཾ་བཾ་ཧོཿནི་དགུག་གཞུག་བཅིང་མཉེས་ཏེ། དེ་ཡང་འདི་དངོས་སུ་དགུག་གཞུག་བྱེད་པ་མིན་ཡང༌། དེ་དང་མཚུངས་པར་གསོལ་བ་འདེབས་པ་སྟེ། ཚུར་བྱོན་ཅིག །བཞུགས་ཤིག །བྱ་བ་མ་ཟིན་གྱི་བར་དུ་མ་གཤེགས་ཤིགདགྱེས་བཞིན་དུ་བཞུགས་ཤིག་ཅེས་བསྐུལ་བའི་དོན་དུ་ཡིན་ལ། ཡིག་དོན་བསྒྱུར་དུ་མེད་དོ། །ས་མ་ཡ་དམ་ཚིག །སྟྭམ་ནི་ཁྱོད་དེ་འགྲོ་བའི་དོན་སྤྱོད་པར་དམ་བཅས་པའི་ལྷ་ཚོགས་ཁྱོད་ཅེས་སོ། །དྲྀ་ཤྱ་ནི་གཟིགས་ཤིག །ཧོ་ནི་དགྱེས་པའི་དོན་ནོ། །གཟིགས་པ་ནི་དགོངས་པ་ཡིན་པས་དགོངས་པར་གསོལ་བ་དང༌། དགྱེས་པར་གསོལ་བ་འདེབས་པ་ཡིན་ནོ། །ཡང་ཨོཾ་ནི་སྤྱིར་སྔགས་ཀྱི་མགོ་འདྲེན་པ་ཡིན་ལ། འདི་ནི་བདུད་རྩིའི་ས་བོན་ཏེ་གཏོར་མ་གསོལ་པས་སྟོབས་དང་བདེ་བ་བསྐྱེད་པའི་དོན་ནོ། །བཛྲ་ནི་རྡོ་རྗེ་སྟེ་དཔལ་ཧེ་རུ་ཀའོ། །ཌཱ་ཀི་ནི་ནི་མཁའ་འགྲོ་མ་སྟེ། མཁའ་འགྲོ་མའི་དྲ་བ་ཞེས་པ་འཁོར་གྱི་ཚོགས་མཐའ་དག་གོ །དེ་ནི་རྒྱུད་འདི་ལ་རྣལ་འབྱོར་མ་རྣམས་གཙོ་བོར་སྨོས་པའང་ཡིན་ལ། གཅིག་ཏུ་ན། ཇི་སྐད་དུ། ཌེཾ་ནི་ནམ་མཁར་འགྲོ་མ་ཞེས། །སངས་རྒྱས་ཁམས་ལས་རྣམ་པར་བརྟགས། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་པ་ལྟར་དོན་དམ་སྤྲོས་བྲལ་གྱི་ནམ་མཁའ་ལ་ཡེ་ཤེས་འགྲོ་བའི་མཁའ་འགྲོ་མ་སྟེ། མིང་ལ་མོ་རྟགས་བྱུང་མོད་ཀྱང་ལྷ་མོ་ཁོ་ནར་ཡང་མ་ངེས་སོ། ཁ་ཁ་ནི་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ནི་གསོལ་བར་མཛོད་གསོལ་བར་མཛོད། དངོས་སུ་
ན་གཏོར་མ་བཟའ་བ་དང༌། དེ་ལས་བྱུང་བའི་བདེ་བ་མྱོང་བར་མཛོད་ཅིག་པ་ཡིན་ལ། དོན་དམ་པ་ན། བདག་ཅག་འཁོར་བ་པ་ཐམས་ཅད་ཁྱེད་ཀྱི་ཡེ་ཤེས་ཆེན་པོར་བཟའ་ཞིང་ཐིམ་པ་དང༌། ཡེ་ཤེས་ཆེན་པོའི་བདེ་བ་མྱོང་བར་མཛོད་ཅིག་པའོ། །ཅི་ཞིག་བཟའ་ཞེ་ན། ཨི་མཾ་ནི་འདི་བ་ལིཾ་ནི་གཏོར་མ་སྟེ། ཤ་ཁྲག་དང་དྲོད་དང་དབུགས་ཀྱི་སྟོབས་སོ། །དེ་ནི་བདུད་རྩི་ལྔ་དང་ཤ་ལྔར་བྱིན་གྱིས་བརླབས་པ་དང༌། དུད་འགྲོ་དང༌། ཕྱུགས་སྒྲུབ་པའི་བསམ་གཏན་ཉིད་ཀྱིས་སོ། །བྷུཉྫ་ཐཱ་ནི་བཟའ་བའམ། པི་པ་ཐ་ནི་བཏུང་བ་ཡང་ཞེས་པ་སྟེ། ཡང་ན་གཏོར་མ་ཞེས་པ་མདོར་བསྟན་དང༌། བཟའ་བ་དང་བཏུང་བ་ནི་དབྱེ་བའོ། །ངེས་པར་ན་ཀུན་རྟོག་བསད་པའི་གཏོར་མ་དང༌། ཡུལ་ལྔའི་བཟའ་བ་དང༌། རྣམ་པར་ཤེས་པའི་བཏུང་བ་རྣམས་འོད་གསལ་དུ་གསོལ་ཏེ་ཐིམ་པར་མཛོད་ཅིག་པའོ། །གཏོར་མ་གསོལ་ནས་ཅི་བྱ་ན། མ་མ་ཀཱརྱི་ནི་བདག་གི་བྱ་བ། སཱདྷ་ཡ་སྒྲུབས་ཤིག་པ་སྟེ། བདག་གིས་གསོལ་བ་བཏབ་པའི་དོན་ཐམས་ཅད་མཛོད་ཅིག་ཅེས་པ་ཡིན་ན་བྱ་བ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས་དང་ཕྲ་མོ་ལས་ཐམས་ཅད་ཀྱང་ཡིན་ནོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་ཚིམ་པར་བྱ་བའི་ཕྱིར་ཡིན་ལ། དེའི་དངོས་གྲུབ་བསྐུལ་བའང་ཡིན་ནོ། །ཕཻཾ་ནི་རྡོ་རྗེའི་མཁའ་འགྲོ་མ་རྣམས་བསྐུལ་བ་སྟེ། ལན་གཉིས་སུ་ཟློས་པ་ནི། མཁའ་འགྲོ་མ་ཉིད་བསྐུལ་བ་དང༌། མཁའ་འགྲོ་མས་དཔའ་བོ་དག་བསྐུལ་བའི་ཕྱིར་རོ། །འདི་ནི་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བའི་སྔགས་ཡིན་ཏེ། ལུགས་འདིའི་
ཐུན་མོང་མ་ཡིན་པའོ། །སྔགས་དེས་གཏོར་མ་འབུལ་བའི་ཆོ་ག་ནི་འདི་ཡིན་ཏེ། བདག་བསྐྱེད་ལ་གཏོར་མ་འབུལ་བ་ཡིན་ན། རང་ཉིད་ལས་ཀྱི་རྡོ་རྗེ་ཕྱག་གཉིས་པ་དུར་ཁྲོད་ན་གནས་པས་གཏོར་མ་བྱིན་གྱིས་བརླབས་ཏེ། གཏོར་མགྲོན་སྤྱན་དྲངས། ཤར་སྒོར་གཏོར་མའི་སྤྱི་བུངས་ཆེན་པོ་བཞག་ནས་འབུལ་བར་བསམས། འདི་ལ་དམ་ཚིག་པ་བསྐྱེད་པ་མི་དགོས་སོ། །མདུན་བསྐྱེད་དཀྱིལ་འཁོར་མཆོད་པ་དང༌། མཎྜལ་མཆོག་ལ་འབུལ་ཚུལ་ནི། དཀྱིལ་ཆོག་ཏུ་བཤད་པ་དང༌། འོག་ཏུ་འཆད་པར་འགྱུར་ཞིང༌། རྒྱུན་གྱི་རྣལ་འབྱོར་ལ་ཐུན་མཚམས་སུ་འབུལ་ན། རང་དཔའ་བོ་གཅིག་པ་དུར་ཁྲོད་ཆེན་པོར་བཞུགས་ནས་གོང་དུ་བཤད་པ་བཞིན་གཏོར་མ་བྱིན་རླབས་ཀྱི་བར་རྒྱས་པར་བྱ་སྟེ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་པ་བསྒོམས་ལ། ཡེ་ཤེས་པ་སྤྱན་དྲངས་དགུག་གཞུག་གཉིས་མེད་དུ་བྱས་ནས། ཤར་སྒོའི་ནང་དུ་གཏོར་མའི་སྤྱི་བུངས་ལ་གསོལ་བར་བསམ་པ་ཡིན་ཏེ། ལྗགས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམ་སྟེ་དཀར་ལ་དམར་བའི་མདངས་ཆགས་པའམ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་དེ་ལས་འོད་ཟེར་གྱི་རང་བཞིན་དབྱིབས་སྦུབས་ཅན་བྱུང་ནས་གཏོར་མ་ལ་བཙུགས་ཏེ་གསོལ་བར་བསམ་པ་ཡིན་ལ། འོན་ཀྱང་བསད་པའི་ལས་ཀྱི་གཏོར་མ་ནི། ཞལ་དུ་བསྟབ་པས་ཆམ་ཆོམ་དུ་གསོལ་བར་མོས་པ་ཡིན་གྱི། འོད་ཀྱི་སྦུ་གུ་ལས་འདྲེན་པ་མ་ཡིན་ནོ། །དེ་ནས་སྔགས་ལན་བདུན་གྱིས་འབུལ་ཏེ། གཙོ་བོ་ཡབ་ཡུམ་དང་འཁོར་ལོ་ལྔ་ལ་སྟོབས་པའོ། །དེའི་རྗེས་སུ་ཕྱི་མཆོད་དང༌།
ནང་མཆོད་ཕུལ་ནས་ཌཱ་མ་རུའི་སྒྲ་དང་བཅས། རྐང་བརྒྱད་གཉིས་ཀྱིས་ཡོངས་སུ་བསྟོད་ཅིང༌། སྲིད་དང་ཞི་བ་མཉམ་པ་སོགས་ཀྱིས་གསོལ་བ་བཏབ་བོ། །གཞུང་འདིར་འཇིག་རྟེན་པའི་གཏོར་མ་བྱུང་བ་ནི། བཤད་རྒྱུད་རྣམས་ལས་གསལ་བར་གསུངས་པས་སྔགས་ཚིགས་རྙེད་སླ་བར་དགོངས་ཤིང༌། ཆོ་ག་ཡང་རྙེད་སླ་བར་དགོངས་པའོ། །འོན་ཀྱང་འདི་ནི་ངེས་པར་དགོས་ཏེ། འཕྲིན་ལས་སྒྲུབ་པའི་གཏོར་མ་ནི། དུར་ཁྲོད་གནས་པ་རྣམས་ལ་སྦྱིན་པ་ཁོ་ན་འཕྲལ་དུ་གནད་ཆེ་བར་བཞེད་ཅིང༌། དགྱེས་པ་རྡོ་རྗེ་ལས་ཀྱང༌། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔའ་གཏོར་མ་བསྟན། །ཞེས་འཇིག་རྟེན་མ་འདས་པའི་འབྱུང་པོ་རྣམས་ཚིམ་པར་བྱས་ན། མི་ཕྱུགས་སོགས་སྐྱེ་བོ་དུ་མའི་སྲོག་ལ་གནོད་པ་བསྲུང་ནུས་པའང་ཡིན་ནོ། །ལཱུ་དྲིལ་སོགས་འཇིག་རྟེན་འདས་པའི་གཏོར་སྔགས་ལ་སོགས་པ་མེད་པའི་ལུགས་ལ། ཕཻཾ་ནས་དྲྀ་ཤྱ་ཧོའི་བར་གྱིས་དཀྱིལ་འཁོར་པ་ལ་འབུལ་བ་ཡིན་ཡང༌། འདིར་ནི་སྔགས་དེ་འཇིག་རྟེན་པའི་གཏོར་མགྲོན་རྣམས་དགུག་ཅིང་དམ་ཚིག་ལ་བཀར་བའི་སྔགས་སོ། །དེ་མན་ཆད་འབུལ་བའི་སྔགས་ཡིན་ན། སམྦུ་ཊི་ལས་གསུངས་པའི་སྔགས་བསྡུས་པ། པྲ་ཡཙྪནྟུ་ཡན་ཆད་དང༌། ཀུན་སྤྱོད་དང༌། མངོན་སྤྱོད་དང༌། རྡོ་རྗེ་མཁའ་འགྲོ་གསུམ་ལས་གསུངས་པ་རྒྱས་པ་གང་གིས་ཕུལ་ཀྱང་འདྲ་མོད་ཀྱི། འདིར་རྒྱས་པ་ཉིད་བྱའོ། །དེའི་འོག་ཏུ་འཕྲིན་ལས་གཞོལ་ཏེ། དབང་བསྐུར་བ་དང༌། རྒྱལ་པོའི་དོན་དང༌། ཡུལ་འཁོར་གྱི་དོན་དང༌། འཁོར་ལོའི་མཆོད་པ་དང༌། རབ་གནས་སོགས་དང་འབྲེལ་བ་ལ་ནི་རོལ་མོ་
རྣམ་པ་དུ་མ་དག་འབུད་དཀྲོལ་དང་བརྡུང་བར་བྱའོ། །གནས་སྐབས་གཞན་དུ་ཇི་ལྟར་བདེ་བ་སྟེ། སྒྲུབ་པ་པོ་ཉིད་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་ལ། སྒྲུབ་གྲོགས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པས་ཅང་ཏེའུ་འཁྲོལ་བའམ། ཡང་ན་དེ་ཉིད་གོ་ཟློག་པའང་ཡིན་མོད་ཀྱི། སྒྲུབ་གྲོགས་མེད་ན་རང་ཉིད་ཇི་ལྟར་འདོད་པར་བྱ་བ་ལས། ད་ལྟ་ཅང་ཏེའུ་དང་དྲིལ་བུ་ལྷན་ཅིག་ཏུ་དཀྲོལ་བའི་ལག་ལེན་བྱེད་པ་ཡང་དགོས་དོན་མཚུངས་པ་ཡིན་ནོ། །འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མ་གཉིས་ཀ་ལ། དྲྀ་ཤྱ་ཧོ་ཡན་ཆད་ལ་པདྨའི་བསྐོར་བ་བྱ་ཞིང༌། དེ་མན་ཆད་ལ་ཐོད་པའི་ཕྱག་རྒྱས་འབུལ་བ་ཡིན་ཞིང༌། འཇིག་རྟེན་འདས་པ་ལ་སྔགས་ཡོངས་སུ་རྫོགས་པ་དེ་ཉིད་ལས་དུམ་བུར་བྱེད་པ་མེད་ལ། འཇིག་རྟེན་པའི་གཏོར་སྔགས་ལ་ནི། དྲྀ་ཤྱ་ཧོ་ཡན་ཆད་ཚར་གཅིག་དང༌། དེ་མན་ཆད་ཚར་གསུམ་ལ་སོགས་པའོ། །རྐང་བརྒྱད་དང་འཕྲིན་ལས་བཅོལ་བའི་སྐབས་ནི། རོལ་མོའི་སྒྲ་བྱེད་པར་ཐམས་ཅད་མཐུན་ལ། གཏོར་སྔགས་ཀྱིས་འབུལ་བའི་སྐབས་ཀྱང་སྒྲུབ་གྲོགས་རྣམས་ཀྱིས་རོལ་མོ་བྱེད་པ་ཡང་རྒྱ་གར་བའི་ལག་ལེན་མང་པོ་ལ་སྣང་ངོ༌། །མཐར་ཡིག་བརྒྱ་དང༌། བཟོད་གསོལ་དང༌། དུར་ཁྲོད་གནས་པ་དང༌། ཞོར་ལ་འོངས་པའི་མགྲོན་རྣམས་གཤེགས་སུ་གསོལ། ཡེ་ཤེས་འཁོར་ལོ་རང་ལུས་ལ་བསྡུ། སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད་དོ། །ཡང་ན་འཕྲིན་ལས་བཅོལ་མ་ཐག་ཏུ་བཀྲ་ཤིས་དང༌། སྨོན་ལམ་གདབ་པ་བྱས་ཀྱང་རུང་སྟེ། ཇི་ལྟར་འོས་པ་སྦྱར་རོ། །གཏོར་ཆོག་གི་རྣམ་གཞག་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཉིས་པ་བཟླས་པའི་རྣལ་འབྱོར་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་
ཤཱ་ཡ། མ་ཧཱ་ཀལྤ་ཨགྣི་སནྣི་བྷ་ཡ། ཛ་ཊཱ་མུ་ཀུ་ཊོཊྐ་ཊཱ་ཡ། དཾཥྟ་ཀ་རཱ་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱི་རི་ཎ། བྱཱ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ། མ་ཧཱ་དྷུ་མྲནྡྷ་ཀཱ་ར་བ་པུ་ཥཱ་ཡ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿཕཻཾ་ཕཻཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ་བྷ་ཀྵ་བྷ་ཀྵ། བ་ས་རུ་དྷི་ར་ཨ་མཱ་ལ། བ་ལམྦི་ནེ། གྲྀཧྣ་གྲྀཧྣ། སཔྟ་པཱ་ཏ་ལ་ག་ཏ་བྷུ་ཛཾ་གས་པཾ་བ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜཧྱ་ཨཱ་ཀཌྜཧྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཾ་ཀྵྨཾ། ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ། སྔགས་ཐམས་ཅད་ཀྱི་མཐའ་རུ་ཧཱུཾ་དང་ཕཊ་ཅེས་བྱ་བའི་ཡི་གེ་སྦྱར་རོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་ནི། རང་རང་གི་མིང་གི་སྔགས་ཉེ་བར་བརྗོད་དེ། དང་པོར་ཨོཾ་གྱི་ཡི་གེ་དང༌། མཐར་ཧཱུཾ་གི་ཡི་གེ་རབ་ཏུ་སྦྱོར་རོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་པཱ་ཡ། གྲྀཧྣ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཙཽ་རཱི་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་ཉེ་བའི་སྙིང་པོའོ། །རྗེ་
བཙུན་མའི་རྐང་པའི་སྔགས་སོ། །ཞེས་པ་སྟེ། རྐང་པའི་སྔགས་ཞེས་པ་ལ་སྔགས་ཀྱི་ཚིག་གོ །ཞེས་པ་རྭ་འགྱུར་ལས་སོ། །འགྱུར་དེ་དང་གཞན་ཡང་འགྱུར་རྙིང་གི་དཔེ་འགའ་རེ་ལས། སྔགས་ཀྱི་ཡིག་འབྲུ་ཐམས་ཅད་གོ་རིམ་ཟློག་ནས་བྲིས་ཡོད་དེ། རྒྱ་དཔེ་མང་པོ་ལ་དེ་བཞིན་དུ་ཡོད་པར་སྣང་ལ། བོད་དཔེ་ཕལ་ཆེར་ལས་འདོན་ཚུལ་དང་མཐུན་པར་ལུགས་འབྱུང་ཉིད་བྲིས་སྣང་ངོ༌། །དེ་ལ་ཨོཾ་ན་མོ་བྷ་ག་ཝ་ཏེ་ནས། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་ནི། དཔལ་ཧེ་རུ་ཀའི་རྩ་བའི་སྔགས་སམ་ཕྲེང་བའི་སྔགས་སོ། །སྔགས་ཐམས་ཅད་ཀྱི་སོགས་ནི་དཔའ་བོ་ཉེར་བཞིའི་སྔགས་སྟོན་བྱེད་དེ། གཙོ་བོའི་སྔགས་ལས་ཀ་ར་ཀ་ར་སོགས་དུམ་བུ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱི་མཐའ་རུ་ཧཱུཾ་གཉིས་དང་ཕཊ་ཅེས་པའི་ཡི་གེ་སྦྱར་བ་ནི། ཐོད་པའི་དུམ་བུ་སོགས་དཔའ་བོ་ཉེར་བཞིའི་སྔགས་སོ། །འདིར་ཨོཾ་མ་གསུངས་པ་ནི། སྔར་ཨོཾ་ཀ་ར་ཀ་ར་ཞེས་ཡོད་པས་ཤུགས་ལ་གོ་བར་དགོངས་སོ། །ཛྙཽཾ་ཞེས་པའི་སྐབས་ན། སྔགས་བཏུ་ལས། ཛ་ལ་ཎ་བཏགས་ཡོད་པ་ནི། ཛྙའི་ལུས་འགྱུར་ཡིན་པས། ཛ་ལ་ཉ་བཏགས་མ་བྱུང་ན་ཛྙ་མིན་ནོ་སྙམ་པ་མི་བྱའོ། །ད་ལྟའི་རྡོ་རྗེ་མཁའ་འགྲོའི་རྒྱུད་ན། ཛྙཽཾ་མེད་ཅིང་བྷ་བ་བྷ་དྲའི་འགྲེལ་པས་ཀྱང་འཁོར་ལོ་འབྲི་བའི་སྐབས་སུ་འདི་མེད་པའི་ལུགས་བྱས་ནས། ཛྙཽཾ་གི་དོད་དུ་མ་ཧཱ་བིདྱ་ཞེས་པའི་སྔགས་ཞིག་བླ་ཐབས་སུ་བསྣན་ཡོད་དེ། རྩ་བའི་དཔེ་མ་དག་ཅིང་འགྲེལ་པ་མཁན་པོས་ནོར་བར་མངོན་ནོ། །ཅི་སྟེ་རྡོ་རྗེ་མཁའ་འགྲོའི་ལུགས་ལ་དེ་ལྟ་བུ་ཡིན་དུ་ཆུག་ཀྱང༌། འདི་རྩ་རྒྱུད་ཀྱི་སྒྲུབ་ཐབས་ཡིན་གྱི་རྡོ་རྗེ་མཁའ་འགྲོའི་སྒྲུབ་
ཐབས་མིན་པས། དེ་ལ་བརྟེན་ནས་འདི་ལ་ཐེ་ཚོམ་སྐྱེད་མི་དགོས་སོ། །རབ་གཏུམ་མོ་སོགས་དཔའ་མོ་ཉེར་བཞི་ལ། པྲ་ཙཎྜེ་ལ་སོགས་པ་མཁའ་འགྲོ་མ་རྣམས་ཉིད་ཀྱི་རང་རང་གི་མིང་གི་སྔགས་ཉིད་ཉེ་བར་བརྗོད་པས་ཆོག་ན། མིང་སོ་སོའི་དང་པོར་ཨོཾ་གྱི་ཡི་གེ་དང༌། འཇུག་གི་མཐར་ཧཱུཾ་གི་ཡི་གེ་རབ་ཏུ་སྦྱར་བ་ཉིད་བསྔགས་སོ། །འདིར་དེ་ཙམ་ལས་མི་འབྱུང་ཡང་རྒྱུད་ལས་རང་མིང་བརྗོད་པའི་སྔགས་ལ་ནི། མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། ཞེས་གསུངས་པས། ཧཱུཾ་གཉིས་དང་ཕཊ་གཅིག་ངེས་པར་སྦྱོར་དགོས་སོ། །ཨོཾ་ཤྲཱི་སོགས་ཡི་གེ་ཉེར་གཉིས་པ་ནི་སྙིང་པོ་དང༌། ཧྲི་ཧ་སོགས་ཡི་གེ་བདུན་པ་ནི་ཉེ་བའི་སྙིང་པོ་དང༌། ཨོཾ་སུམྦྷ་སོགས་ཞལ་བཞི་པའི་སྔགས་ནི་སྙིང་པོའི་ཉེ་བའི་སྙིང་པོ་སྟེ་འཁོར་ལོ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་ཤིན་ཏུ་མྱུར་བའི་སྔགས་སོ། །ཨོཾ་སརྦ་སོགས་ནི་རྡོ་རྗེ་ཕག་མོའི་སྙིང་པོའོ། །ཨོཾ་བཻ་རོ་སོགས་ནི་དེའི་ཉེ་བའི་སྙིང་པོའོ། །ཙཽ་རཱི་སོགས་ནི་ཐུགས་རྒྱུད་བསྐུལ་བ་ལ་ཆེས་མྱུར་བའི་ཕྱིར་སྙིང་པོའི་ཉེ་སྙིང་ངོ༌།། སྙིང་པོའི་ཉེ་སྙིང་དང༌། ཉེ་སྙིང་གི་སྙིང་པོ་ཞེས་པ་ནི་བརྗོད་ཚུལ་གྱི་ཁྱད་ཙམ་ལས་དོན་ལ་ཁྱད་མེད་ལ། དེར་འཇོག་པ་ནི་སྔགས་འབྲུ་མང་ཉུང་སོགས་ཀྱིས་མ་ཡིན་ཏེ། ཤིན་ཏུ་རྣོ་ཞིང་མྱུར་བའི་སྒོ་ནས་འཇོག་པ་ཡིན་ལ། ཡུམ་གྱི་སྙིང་པོ་ཉེ་སྙིང་འདིར་བཤད་པ་ལས་གོ་ཟློག་པའི་ཚུལ་གྱིས། ལཱུ་ཡི་པ་སོགས་སྒྲུབ་ཐབས་གཞན་ལས་འབྱུང་བ་ནི། རྒྱུད་ཀྱི་ཁུངས་ཡོད་པས་སྤྱིར་ཤིན་ཏུ་འཐད་མོད་ཀྱང༌། སྙིང་པོ་པས་ཉེ་སྙིང་ཡི་གེ་ཉུང་བར་ཀུན་ཏུ་གྲགས་པ་དང་མཐུན་པའི་ཕྱིར། འདིར་
བཤད་པ་ཉིད་ཀྱང་ཤིན་ཏུ་ལེགས་པ་ནི་ཡིན་ནོ། །རྗེ་བཙུན་མའི་རྐང་པའི་སྔགས་སོ་ཞེས་པ་ནི། ཁ་ཅིག་སྔ་མ་གསུམ་པོའི་དོན་བསྡུས་ཡིན་པར་འདོད་ན། ཡབ་ཀྱི་སྐབས་སུ་ཡང་དོན་བསྡུའི་ཚིག་མེད་པས་དེ་ནི་མི་ལེགས་སོ། །དེ་ལྟ་བས་ན་གསུམ་པོ་དེར་མ་ཟད་རྗེ་བཙུན་མའི་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་ཀྱང་ཡོད་དོ། །ཞེས་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སམ་འཕྲེང་བའི་སྔགས་རྒྱུད་ལ་ཁ་འཕངས་པའི་ཚུལ་གྱིས་བསྟན་པའམ། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་གཞན་ལ་ཁ་འཕངས་པའང་ཡིན་ལ། རྡོ་རྗེ་ཕག་མོའི་རྩ་སྔགས་དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་འབྱུང་བ་བཞིན་དུ་འདིར་སྦྱོར་དགོས་པ་ཡིན་ནོ། །རྩ་སྔགས་སྐུ། སྙིང་པོ་གསུང༌། ཉེ་སྙིང་ཐུགས་ཀྱི་སྔགས་ཡིན་པར་ཀུན་ཏུ་གྲགས་པ་བཞིན་ཡིན་ལ། འདིར་སྙིང་པོའི་ཉེ་སྙིང་བསྟན་པས་ནི། རྡོ་རྗེ་བཞི་པ་ཡེ་ཤེས་རྡོ་རྗེ་ཡང་དག་པར་བསྐུལ་བའི་སྔགས་བསྟན་པའི་ཕྱིར། བདེ་མཆོག་གི་སྒྲུབ་ཐབས་གཞན་པས་ཁྱད་པར་དུ་འཕགས་པའི་གནད་གཅིག་ཡིན་ནོ། །ཞལ་བཞི་པའི་སྔགས་ནི་འདི་ཉིད་ཁོ་ན་བརྟེན་ནས་ལས་ཆེན་བཅུ་གཉིས་སྒྲུབ་ཚུལ་ཟུར་བཀོད་རྒྱས་ཤིང་ཟབ་པ་ཡོད་ལ། རྫ་རྔ་བཅིང་པའི་རེ་མིག་བཞི་བཅུ་ཞེ་དགུའི་ངེས་དོན་སོགས་སྔགས་དོན་ཁྱད་པར་ཅན་ཡང་མང་དུ་ཡོད་པ་དང༌། ཁྱད་པར་སྔགས་ཚན་བཞིས་འགྱུར་པ་བཞི་འགོག་ཅིང༌། ཐིག་ལེ་བཞིས་དགའ་བ་བཞི་བརྟན་པར་བྱེད་པ་ཡིན་པས། ཡེ་ཤེས་རྡོ་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་དངོས་དང་ལྷག་པར་འབྲེལ་ལ། ཡུམ་གྱི་སྙིང་པོའི་ཉེ་སྙིང་ལ་ཧེ་རུ་ཀ་མངོན་འབྱུང་དང༌། མི་གཡོ་བླ་མེད་དུ་འབྱུང་བའི་བཽ་ཧེ་རཱི་
ཞེས་པ་ཡི་གེ་འགྱུར་བ་འདྲ་རུང་སྣང་ཡང་མིན་ཏེ་འདི་ནི་ངེས་པར་སྔགས་རང་རྐང་པ་ཡིན་ནོ། །ཙཽ་རཱི་ཞེས་པ་ལ་ཡི་གེ་ཕྱིས་བསྣན་ལྟར་ན། ཙ་ནི་ཙཎྜ་ལཱི་སྟེ་ཡེ་ཤེས་ཀྱི་གཏུམ་མོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཉིད་ཡིན་ལ། ཨོ་ནི་ཨོཊྚ་སྟེ་ཆགས་པའི་བདེ་བ་ལས་དགའ་བ་སྐྱེ་བར་འགྱུར་བའི་དགའ་བའི་དོན་ཡིན་ལ། དེ་ནི་རྣམ་པ་ཀུན་ལྡན་ལས་ཞུ་བདེ་སྐྱེས་ཏེ་དེ་ལས་མི་འགྱུར་བའི་གནས་ཐོབ་པའོ། །ར་ནི་རཱ་མ་སྟེ་དགའ་མ་ཡིན་ལ། ཨི་ནི་ཨིནྡུ་ཟླ་བ་དང༌། སླར་ཡང་ཨི་གཉིས་པ་དང༌། དཱི་བུ་བཀྲ་བ་ལ་འཇུག་པའི་དོན་ཉིད་ཀྱི་ཕྱིར། རྣམ་པ་ཐམས་ཅད་པའི་ཕྱག་རྒྱ་ཆེན་མོ་ལྷ་མོའི་གཟུགས་བདེ་ཆེན་དང་དབྱེར་མེད་པ་སྟོན་པ་ཡིན་ཏེ། བཀྲ་བ་ནི་རྣམ་པ་ཐམས་ཅད་པ། དགའ་མ་ནི་ལྷ་མོ་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་ཟླ་བའོ། །དེས་ན་ཙ་ཡིག་དང༌། ཨོ་ཡིག་དང༌། ར་སྲོག་མེད་དང༌། ཨི་ཡིག་དང༌། སླར་ཡང་ཨི་ཡིག་སྟེ་ཡི་གེ་ལྔ་ལ་ཡི་གེ་བསྣུན་ཏེ། ཙཎྜ་ལི་དང༌། ཨོཊྚ་དང༌། རཱ་མ་དང༌། ཨིནྡུ་དང༌། དི་བྱ་ཞེས་འབྱུང་བ་ལས་དོན་དེ་ལྟར་བྱུང་ལ། ཙ་དང་ཨོ་མཚམས་སྦྱར་བས་ཙཽ། ཨི་གཉིས་མཚུངས་འདྲ་ལ་ར་ཡིག་དྲངས་པས། རཱི་ཞེས་པ་གྲུབ་སྟེ། དེའི་ཕྱིར་ཙཽ་རཱིའི་ངེས་དོན་རྣམ་པར་ཐམས་ཅད་པའི་གཏུམ་མོ་ལས་ཞུ་བདེ་སྐྱེས་པ་ཉིད་ཞུ་བའི་ཟླ་བ་བྱང་སེམས་དང་གཏུམ་མོ་རོ་གཅིག་ཏུ་འདྲེས་པ་ལས། ཡེ་ཤེས་ཀྱི་ལྷ་མོའི་སྐུ་ཟུང་འཇུག་གི་བདག་ཉིད་ཅན་དུ་གྱུར་པ་སྟེ་ཡེ་ཤེས་རྡོ་རྗེ་དངོས་ཉིད་དོ།། ཡང་ཀུན་རྫོབ་ཏུ་ན་རྡོ་རྗེ་ཕག་མོ་ལ་ཆོམ་རྐུན་མའི་མཚན་འཇུག་པ་ཡང་ཡོད་དེ། སྔོན་ནི་ལྷ་མོ་དཀའ་བཟློག་མས་
འདོད་པའི་ལྷ་ལས་མདའ་ལྔ་ཡོངས་སུ་བླངས་ཏེ། དྲག་པོའི་དཀའ་ཐུབ་བཟློག་པར་ཡང་བྱས་ལ། འཇིག་རྟེན་ཐམས་ཅད་མདའ་ལྔས་ཡོངས་སུ་དཀྲུགས་ཤིང་མྱོས་པར་བྱས་ནས། དེ་དག་གི་མདངས་དང་གཟི་བརྗིད་དང་དཔལ་དང་ལོངས་སྤྱོད་རྣམས་རྟག་ཏུ་འཕྲོག་པར་བྱས་པས་ན། ཆོམ་རྐུན་མ་ཞེས་གྲགས་སོ་ཞེས་འབྱུང་སྟེ། གདུལ་བྱས་མིང་གིས་འདུལ་བྱེད་བཅོམ་ལྡན་འདས་མ་ལ་ཡང་མཚན་དེ་བཞིན་དུ་འབྱུང་དུ་རུང་བ་ཡིན་པ། ལྷ་ཆེན་པོ་འདུལ་བའི་དཀྱིལ་འཁོར་ཕལ་ཆེར་ལ་དེ་ལྟར་སྣང་བའི་ཕྱིར་དང༌། རྡོ་རྗེ་ཕག་མོ་ཞེས་པའི་མཚན་དོན་ཡང་ཕྱི་ལྟར་ན་འདིའི་རིགས་ཡིན་པས་སོ། །འདིར་འཕྲོས་དོན་དུ་བཟླས་པའི་མངོན་པར་རྟོགས་པ་ཅུང་ཟད་བརྗོད་ན། སྤྱིར་བཟླས་པ་དེ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའི་བཟླས་པའོ། །ཡང་ན་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་བཟླས་པ་གཉིས་སོ། །དེ་ལས་དོན་དམ་པ་དང་རྫོགས་རིམ་གྱི་བཟླས་པ་ནི། དཔྱིད་ཀྱི་ཐིག་ལེ་ལ་སོགས་པར་བཤད་པ་དེ་ཡིན་པས་འདིར་མི་སྤྲོ་ལ། བསྐྱེད་རིམ་པའི་བཟླས་པའི་དབང་དུ་བྱས་ན། བཟླས་པ་པོའི་མཚན་ཉིད། བཟླས་པའི་དགོས་པ། བཟླས་པའི་ངོ་བོ། །བཟླས་པའི་དབྱེ་བ། ལས་བཞིའི་མན་ངགབཟླས་པའི་གྲངས། བཟླས་པའི་ཡན་ལག་རྣམས་སོ། །དང་པོ་ནི། དམ་ཚིག་དང་ལྡན་ཞིང་བཟླས་པ་ལ་མངོན་པར་དགའ་བའོ། །གཉིས་པ་ནི། སེམས་ཀྱི་དྲི་མ་སྦྱང་བའི་ཕྱིར་དང༌། ངག་གི་ནུས་པ་རྙེད་པའི་ཕྱིར་དང༌། རང་ལས་རྒྱུད་གཞན་དུ་གཏོགས་ཤིང་གྲགས་པའི་
ཡེ་ཤེས་ཀྱི་ལྷ་དང༌། དེའི་འཁོར་དུ་གཏོགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་པའི་ཕྱིར་རོ། །རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །ཅེས་ཡེ་ཤེས་ཀྱི་ལྷ་བོད་པ་ལྟ་བུའི་དོན་དུའང་བཤད་དེ། ཡེ་ཤེས་ལྷ་ལ་བོས་པ་དང་མ་བོས་པའི་ཁྱད་པར་ལས་གསན་མི་གསན་དང་ཉེ་རིང་གི་དབྱེ་བ་ཡོད་པ་མ་ཡིན་ཡང༌། གསུངས་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒྲིབ་པའི་གཉེན་པོ་བྱེད་པ་དང༌། ཆོས་ཉིད་ཀྱི་བཟླས་པས་སྒྲིབ་པ་ཅུང་ཟད་ཅུང་ཟད་ཟད་པ་ན། ཡེ་ཤེས་ལྷ་དང་ཇེ་ཉེར་འགྱུར་བ་ཡང་དངོས་པོའི་ཆོས་ཉིད་ཡིན་ཞིང༌། སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་ལ། རྒྱུ་སྔགས་བསྒྲུབས་པ་ན་འབྲས་བུ་ལྷ་ཡང་ཉེ་བར་འགྱུར་བ་ཡིན་པས། དཔེར་ན། ལྷ་སྦྱིན་ལན་མང་དུ་བོས་ན་ལྷ་སྦྱིན་ཉེ་བར་འོང་བ་དཔེར་མཛད་པ་ཡིན་ནོ། །གསུམ་པ་ནི། སངས་རྒྱས་རྣམས་ཀྱི་གསུང་ཆོས་ཀྱི་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིགས་སྔགས་དེ་དང་རྣམ་པ་མཐུན་པ་ཞིག་ཡིད་ཀྱིས་བསམས། ངག་གིས་བཟླས་ནས་ཡེ་ཤེས་ཀྱི་རིག་སྔགས་དེའི་ངོ་བོར་མོས་པ་བྱས་པ་དེའི་ཚེ་ཞེན་པས་ཞུགས་ན་འབྲེལ་བས་མི་བསླུ་བ་ཡིན་ཏེ། འབྲས་བུའི་རིགས་སྔགས་དེ་མངོན་དུ་བྱེད་པའི་རྒྱུ་ཐ་མལ་པའི་ཡིག་འབྲུ་དེ་ཡང་རྣམ་པ་དེ་དང་མོས་པ་དེ་ལན་གཅིག་གིས་ཆོག་པ་མ་ཡིན་མོད། རྟག་ཏུ་ཡང་ཡང་བསྐྱར་བཟློས་བྱས་པས་འགྲུབ་པ་ནི་བཟླས་པའི་དོན་ནོ། །དེ་ལ་འགྲུབ་ཚུལ་གཉིས་ཡོད་དེ།
སྔགས་དེས་ཐུན་མོང་གི་དངོས་གྲུབ་རྣམས་དང༌། ལས་རབ་འབྱམས་རྣམས་སྒྲུབ་ནུས་པ་དེའི་ཚེ། རིག་སྔགས་སུ་གྲུབ་པ་ནི་ཡིན་ཡང༌། དེ་ཙམ་གྱིས་ཡེ་ཤེས་སུ་གྲུབ་པ་མ་ཡིན་ལ། ནུས་པ་དེ་ཡོད་ཀྱི་སྟེང་དུ་ལྷག་པོར་སྒྲ་ཐམས་ཅད་སྔགས་ཀྱི་དེ་ཉིད་དུ་རྟོགས་པ་དེའི་ཚེ་ཡེ་ཤེས་སུ་གྲུབ་པ་ཡིན་ཞིང༌། དེ་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ན། སངས་རྒྱས་ཀྱི་གསུང་རྡོ་རྗེའི་སྔགས་སུ་གྱུར་པ་ཡིན་ནོ། །ཚུལ་དེ་ནི་སྔགས་གཅིག་པུར་མ་ཟད་དེ། ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར། ཡིད་ཀྱིས་བསྒོམ་པའི་ལྷ་ལ་འབྲས་བུའི་སྐུར་མོས་ཏེ་རྟག་ཏུ་བསྒོམས་ན། གནས་སྐབས་སུ་ལྷའི་བྱ་བ་བྱེད་ནུས་པ་དང༌། དེ་ཉིད་ཆོས་གཞན་དུ་གནས་གྱུར་ནས་འབྲས་བུ་སངས་རྒྱས་ཀྱི་སྐུ་ཐོབ་པའི་དངོས་རྒྱུར་འགྱུར་བ་ཡིན་ཞིང༌། སྐུ་གཟུགས་དང་དངོས་གྲུབ་ཀྱི་རྫས་ལ་སོགས་པ་ལའང་བྱིན་རླབས་འཇུག་ཚུལ་རྣམས་དེ་དང་འདྲ་བར་ཤེས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་རིག་སྔགས་དེ་དང་རྣམ་པ་མཐུན་པ་དག་དེར་མོས་པ་དང་འབྲེལ་བས་ཡང་ཡང་བསྐྱར་ཞིང་བཟློས་པ་ནི་བཟླས་པའི་ངོ་བོའོ། །འདི་ཁ་ཅིག་མཉམ་བཞག་གི་རྣལ་འབྱོར་ཡིན་ཟེར་ཡང་མ་ཡིན་ཏེ། མཉམ་བཞག་ལས་ལངས་པ་ངག་གི་སྤྱོད་པའི་ལས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །སེམས་མ་ཡེངས་པ་དགོས་པའི་ཕྱིར་མཉམ་བཞག་གོ་སྙམ་ན། དེ་ནི་རྗེས་སྤྱོད་གཞན་ཐམས་ཅད་ལ་ཡང་
དགོས་པས་དེ་དག་ཀྱང་དེར་ཐལ་བར་འགྱུར་རོ། །བཞི་པ་ནི། མཉམ་བཞག་ལ་སྐྱོ་བར་གྱུར་ན། སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་ན་ད་ལས་རླུང་ཕྱིར་འབྱུང་བ་དང་ལྷན་ཅིག་ཧཱུཾ་གི་སྒྲས་ལྷ་ཚོགས་སྤྲོ་ཞིང་དོན་གཉིས་བྱས། རླུང་ནང་དུ་འཇུག་པ་དང༌། ཨོཾ་གྱི་སྒྲས་ལྷ་ཚོགས་རྣམས་ཚུར་བསྡུས་ཏེ། གནས་པ་ན་ཨཱཿཡིག་གི་སྒྲས་ན་ད་ལ་ཐིམ་པར་མོས་པ་ནི་རྡོ་རྗེའི་བཟླས་པའོ། །སྙིང་གའི་ན་དའམ། ས་བོན་ནམ། སྔགས་འཕྲེང་ལས་ལྷ་ཚོགས་སྤྲོས་དོན་གཉིས་བྱས། ཚུར་འདུས་ཏེ་དང་པོ་གང་ལས་སྤྲོས་པ་དེ་ལ་བསྡུ་བ་ནི། སྤྲོ་བསྡུའི་བཟླས་པའམ་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་ལ་གནས་པས་སྔགས་འཕྲེང་རྣམས་ཕྱི་རོལ་ནས་རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་སོན། ཨ་ཝ་དྷཱུ་ཏཱིའི་ལམ་ནས་སྟེང་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་སྙིང་གའི་ན་དའམ་ས་བོན་ལ་ཐིམ། ཡང་དེ་ལས་སྔགས་འཕྲེང་བྱུང་ལྷ་མོའི་པདྨར་ཞུགས་ཤིང་འཁོར་བ་སོགས་གོང་བཞིན་སྒོམ་པ་ནི། དོ་ལི་སྟེ་ཁྱོགས་ཀྱི་བཟླས་པའོ། །གཞན་དེ་དང་འདྲ་བ་ལས། ཡབ་ཡུམ་གཉིས་ཀར་སེམས་དཔའ་གསུམ་བརྩེགས་ཀྱི་སྐུའི་དབྱིབས་བརྒྱུད་པ་དང༌། རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་ལངས་ནས་འཁོར་ཚུལ་ཕར་འཁོར་བ་བྱེད་པ་ཡིན་པས་རང་གི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས་པ་སོགས་ཏེ། ཡེ་ཤེས་ཀྱི་བཟླས་པའོ་ཞེས་འདོད་དེ། དེ་གཉིས་ཀར་འཁོར་ལོའི་བཟླས་པའོ། །སྤྱི་བོའི་
ཧཾ་དང་ལྟེ་བའི་ཨཾ་གདོད་ནས་གྲུབ་པ་དེ་ལས་སྔགས་ཀྱི་སྒྲ་འབྱུང་བར་མོས་པ་ནི་རང་བཞིན་གྱི་བཟླས་པའོ། །དེ་ཡང་མངོན་བརྗོད་ལས། སྲོག་རྩོལ་ལས་དང་ཆོ་ག་བཞིན། །ཡེ་ཤེས་ཀྱི་ནི་བཟླས་པར་བྱ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །བདུད་རྩི་ལྔ་དང་ལྡན་བྱས་ནས། །འཁོར་ལོའི་དམ་ཚིག་བཟླས་པ་ནི། ཁྲོ་བོའི་ཚིག་གིས་བཟླས་བྱས་ནས། །དངོས་གྲུབ་ཐམས་ཅད་བདེ་བས་ཐོབ། །དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། བཟླས་པའང་མཉམ་པར་བཞག་པས་བྱ། ཤེས་རབ་ཐབས་ཀྱི་ཆོ་ག་བཞིན། །བཟླས་པས་རྣལ་འབྱོར་དོན་ཆེན་སྟེར། །རྣལ་འབྱོར་མ་དང་མཁའ་འགྲོ་དཔའ། །མངོན་སུམ་དུ་ནི་མཆོག་ཀྱང་སྩོལ། །ཞེས་གསུངས་ཏེ། སྲོག་རྩོལ་ཞེས་སོགས་ནི་རྡོ་རྗེའི་བཟླས་པའོ། །སྤྲོ་དང་སོགས་ནི་དམ་ཚིག་གི་བཟླས་པའོ། །འཁོར་ལོའི་སོགས་ཀྱིས་དོ་ལི་དང་ཡེ་ཤེས་ཀྱི་བཟླས་པའོ། །ཤེས་རབ་ཐབས་ཀྱི་སོགས་ཀྱིས་རང་བཞིན་གྱི་བཟླས་པའང་ཟུར་གྱིས་བསྟན་པའོ། དཀྱིལ་འཁོར་པ་ནི་སོགས་འཁོར་གྱི་བཟླས་པ་བྱེད་ཚུལ་ལོ། །བདུད་རྩི་ལྔ་དང་ཞེས་པ་ནི། བཟླས་པའི་དུས་སུ་བདུད་རྩི་ལྔའི་རིལ་བུ་ཁ་ནང་དུ་བཅུག་སྟེ་བཟླ་བའི་དོན་ཡིན་ན། དེ་ཡང་སྒྲུབ་པའི་སྐབས་ཏེ་བསྙེན་པ་ལ་ནི་མི་དགོས་སོ། ཁྲོ་བོའི་ཚིག་གིས་ཞེས་པའི་ངག་བཟླས་ཤུགས་དྲག་པོ་ཁྲོ་བཟླས་སུ་གྲགས་པ་ཡང་བསྟན་པར་མངོན་ལ། དངོས་སུ་ནི་དྲག་པོ་ཧེ་རུ་ཀའི་བཟླས་པ་ཞེས་པའི་དོན་ནོ། །བཀོད་པའི་བཟླས་པ་ཞེས་པ་སྙིང་གར་སྔགས་འཕྲེང་བཀོད་ནས་ཀློག་པའི་ཚུལ་དུ་བྱེད་པ་ཡང་སྤྱི་ལ་གྲགས་པ་བཞིན་འདིར་ཡང་སྦྱར་རོ། །
འགོག་བཟླས་དང༌། ཡིད་བཟླས་དང༌། ཤུབ་པུའི་བཟླས་པ་དང༌། ངག་བཟླས་དང༌། ཁྲོ་བོའི་བཟླས་པ་དང༌། སྔགས་དང༌། གཟུགས་དང༌། རྣལ་འབྱོར་གྱི་བཟླས་པ་སོགས་ཀྱང་བཟླས་པའི་དབྱེ་བར་འགྱུར་རོ། །ལྔ་པ་ནི། རྩ་རྒྱུད་ལས། གང་ཡང་རབ་ཏུ་གྲགས་པའི་སྔགས། །དེ་ཡི་དབྱེ་བ་རིམ་ཇི་བཞིན། ཁ་དོག་ཕོ་ཉ་ལ་སོགས་སྔགས། །མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །ཕན་ཚུན་འདུད་པའི་གསང་སྔགས་ནི། །ཡུལ་ཉིད་ཀྱིས་ནི་ཕྱེ་བ་ཡིན། །ཞི་བ་ལ་ནི་ལྷོད་པ་སྟེ། །དྲག་ཅིང་རྩུབ་པ་མ་ཡིན་ནོ། །ས་བོན་འཕྲེང་བ་དེ་ནས་འཛིན། །ཧཱུཾ་ནི་མཐའ་རུ་གནས་པ་ཡིན། །བསྒྲུབ་བྱ་འགོག་པར་གྱུར་ནས་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཁ་སྦྱོར་སྦྱོར་བར་གྱུར་པ་དང༌། །རྡོ་རྗེ་ལུ་གུར་བརྒྱུད་བཅིངས་ནས། །རྡོ་རྗེས་ཕྱེ་བ་ཉིད་དང་ནི། །དེ་བཞིན་སྒྲོ་ཡི་ཆུན་པོས་བསྐོར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་རྡོ་རྗེའི་ཚིག་འདི་དག་ལ། དོན་གྱི་རྣམ་གྲངས་གཞན་དང་གཞན་ལ་སྦྱོར་རྒྱུ་མང་མོད་ཀྱི། སྐབས་འདིར་ལས་བཞིའི་བཟླས་པ་དང་སྦྱར་བ་ནི། ཁ་དོག་ཅེས་པས་ཞི་བ་ལ་སྔགས་འཕྲེང་དཀར་པོ། རྒྱས་པ་ལ་སེར་པོ་དབང་ལ་དམར་པོ། དྲག་པོའི་ལས་རྣམས་ལ་ནག་པོ་སྟེ་སྔགས་ལས་སྤྲོས་པའི་ཕོ་ཉ་ཡང་སོ་སོ་ཡིན་ནོ། །མདའི་ཤུགས་ཀྱིས་འགྲོ་བ་ནི་ཞི་བའི་སྐབས་ཀྱི་ཡིན་པར་བོད་སྔ་མ་ཁ་ཅིག་བཞེད་ཀྱང༌། ཞི་བ་ལ་ལྷོད་པར་བཤད་པ་དང་འགལ་བས། རྒྱ་གར་གྱི་འགྲེལ་པ་རྣམས་ཀྱིས་དྲག་པོ་དང་སྦྱར་བ་ཉིད་ལེགས་སོ། །དེས་ན་ཡབ་ཡུམ་གྱི་སྔགས་ཁ་སྦྱོར་དུ་བཟླ་བའི་ལུགས་ལ། ཡབ་ཀྱི་སྔགས་རྫོགས་པའི་རྗེས་སུ་ཡུམ་གྱི་
སྔགས་ཀྱི་ཡིག་འབྲུ་འབྱུང་བ་མི་ཕྱེད་པར། ཡབ་ཡུམ་གྱི་སྔགས་འཕྲེང་བ་ཉིས་བསྒྲིགས་བཞིན་དུ་བྱུང་བར་བསམ་དགོས་པ་ལས། ཡབ་ཡུམ་གྱི་སྔགས་ཀྱི་ཡིག་འབྲུ་ཕན་ཚུན་ཁ་སྦྱོར་དུ་གནས་པའི་ཚུལ་གྱིས་བསྒོམ་པ་ཡིན་ལ། གལ་ཏེ་ཡབ་རྐྱང་ལ་སོགས་པར་བཟླ་ན་སྔགས་གཅིག་པ་ཉིད་ལ་ཡིག་འབྲུ་གཉིས་རེ་གའུ་ཁ་སྦྱོར་གྱི་ཚུལ་གྱིས་བསྒོམ་པ་ཁ་སྦྱོར་སྦྱོར་བ་སོགས་ཀྱི་དོན་ནོ། །སྤྲོ་བསྡུ་དང་བཀོད་པ་དང་འཁོར་ལོའི་བཟླས་པ་གསུམ་ཆར་ལ་ལས་བཞིའི་དམིགས་པ་འདི་དག་འཇུག་པར་སྣང་ལ། སྤྲོ་བསྡུའི་སྐབས་སྔགས་ཉིད་འོད་དང་བཅས་པ་སྤྲོ་ཞིང་བསྡུ་བའི་འགྲོས་ལ་སྦྱོར། བཀོད་པའི་སྐབས་སྔགས་ལས་བྱུང་བའི་འོད་ཟེར་ལ་སྦྱོར་དགོས་པ་སོགས་ཡིན་ཡང༌། འཁོར་ལོ་དམ་ཚིག་བཟླས་པ་ནི། ཁྲོ་བོའི་ཚིག་གིས་བཟླས་བྱས་ནས། །ཞེས་འབྱུང་བ་ལྟར། དཔལ་ཧེ་རུ་ཀ་རྡོ་རྗེ་ཁྲོ་བོ་ཐམས་ཅད་ཀྱི་རབ་མཆོག་ཉིད་ཀྱི་ཕྱིར། ཁྲོ་བོ་ལ་འཁོར་ལོའི་བཟླས་པ་བསྔགས་པར་བཞེད་པས། དེའི་ཕྱིར་དེ་དང་སྦྱར་ན་ཞི་བ་ལ་སྔགས་ཀྱི་ཡིག་འབྲུ་རྣམས་ཅུང་ཟད་མ་རེག་པ། ཡིག་འབྲུ་རེ་རེ་བཞིན་འོད་ཟེར་དཀར་པོ་དལ་གྱིས་འཁོར་བ་ལྷོད་ཅིང་དལ་གྱིས་འགྲོ་བ་སྒོམ་མོ། །དབང་གི་ལས་ལ་ནི། ཡིག་འབྲུ་དམར་མོ་འོད་ཟེར་དམར་པོ་ཅན་ཡི་གེ་སྔ་མའི་ཞབས་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུར་ཡོད་ཅིང༌། ཕྱི་མའི་མགོ་ལ་འོད་ཟེར་ཞགས་མིག་ལྟ་བུ་ཡོད་པ། དེ་ལ་ལྕགས་ཀྱུ་ལྟ་བུ་དེ་བཏབ་ནས་སྔ་མས་ཕྱི་མ་དྲངས་པའི་ཚུལ་གྱིས་འགྲོ་བ་ནི། ལུ་གུར་བརྒྱུད་ལྟ་བུའི་འགྲོས་སོ། །དྲག་པོ་ལ་ནི་བླ་མ་གོང་མ་རྣམས་སྲད་བུ་ནག་པོ་ལྟ་བུའི་ཚུལ་ཞེས་གསུང་སྟེ།
ཡིག་འབྲུ་དང་པོ་ཁ་ཤར་དུ་བལྟས་ན། གཉིས་པ་བྱང་དུ་བལྟས། གསུམ་པ་ནུབ་ཏུ་བལྟས་བཞི་པ་ལྷོར་བལྟ་བ་ལ་སོགས་པ་ཡིན། ཡང་ན་རྡོ་རྗེས་དབྱེ་བའི་འགྲོས་ཏེ། ཡི་གེ་སྔ་མ་སྔ་མ་ཕྱི་མ་ཕྱི་མས་ཕུལ་ཞིང༌། ཤིན་ཏུ་མྱུར་བ་མདའི་ཤུགས་ལྟར་འགྲོ་བའོ། །རྒྱས་པ་ལ་ནི། སྔགས་འབྲུ་རེ་རེ་ལས་འོད་ཟེར་ཡི་གེའི་སྨད་ཀྱི་ཕྱོགས་ལ་ཇེ་རྒྱས་རྩེ་མོ་ཅུང་ཟད་འཁྱིལ་པའི་རྣམ་པ་ཅན་མང་པོ་བཤིབས་པས་རྨ་བྱའི་སྒྲོ་ཕོན་འདྲ་བ་བསྒོམ་པ་སྟེ། ཐམས་ཅད་ལ་མཚུངས་པར་ཡིག་འབྲུ་སྔ་མ་སྔ་མའི་ཞབས་ཀྱི་ཕྱོགས་ལ་ཕྱི་མ་ཕྱི་མའི་མགོ་འཐུད་དེ། ཡིག་འབྲུ་མ་རེག་ཅིང་འོད་ཟེར་འབྲེལ་བའི་ཚུལ་གྱིས་འཁོར་བར་སྒོམ་པ་ཡིན་ནོ།། ལྕགས་ཀྱུ་ཉིད་ཀྱིས་དགུག་པར་བྱ། །ཞེས་དང༌། འབིགས་པ་མདའ་ཡིས་སྦྱར་བར་བྱ། །ཞེས་པ་ནི། དབང་གི་ལས་ཀྱི་ཕོ་ཉ་སྤྲོ་ཚུལ་ཡིན་ལ། གཏུན་ཤིང་གིས་ནི་དཀྲུག་པ་དང༌། །རྡོ་རྗེ་ཁ་ཡིས་བཟའ་བར་བྱ། །ཞེས་པ་ནི་དྲག་པོའི་ལས་ཀྱི་ཕོ་ཉའི་བྱ་བ་དང༌། དུས་མིན་འཆི་ལས་རྒྱལ་བ་ཉིད། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་པ་ནི་ཞི་རྒྱས་གཉིས་ཀྱིའོ། །དངོས་གྲུབ་ཀྱི་དོན་དུ་བཟླས་པ་ལ་ནི། སྔགས་འབྲུའི་ཁ་དོག་ལྷའི་སྐུ་མདོག་དང་མཚུངས་པ་དང༌། འོད་ཟེར་ཁ་དོག་སྣ་ལྔ་པའམ། ལྷ་དབང་དུ་བྱ་བའི་ཕྱིར་དམར་པོའོ། །ཞེས་ཀྱང་གསུངས་ལ། འགྲོས་ནི་ཞི་བ་དང་མཚུངས་པར་དལ་གྱིས་འགྲོ་བའོ། །དེ་ལ་འཁོར་ལོའི་དམིགས་པ་ཞལ་ནས་ཕར་སྤྲོ་ཞིང༌། རྡོ་རྗེའི་ལམ་
ནས་ཚུལ་འོང་བས་ནི། ཐིག་ལེ་བརྟན་པ་དང་གསལ་བའི་ཉམས་སྐྱེད་པར་བྱེད། ཐུར་སེལ་ནང་དུ་ཐིམ་པར་འགྱུར་བའི་ཕན་ཡོན་ཡོད་ཅིང༌། འོན་ཀྱང་རླུང་སྟོད་དུ་འཆུགས་པའི་གེགས་འབྱུང་བ་སྲིད་དོ། །རྡོ་རྗེ་ནས་ཕར་འགྲོ་ཞིང་ཞལ་ནས་ནང་དུ་འཇུག་པའི་དམིགས་པས་ནི་མི་རྟོག་པའི་ཉམས་སྐྱེ། སྲོག་རླུང་དབུ་མར་ཐིམ་པར་བྱེད་རླུང་སྟོད་དུ་འཚངས་པའི་གེགས་སེལ་ཏེ། འོན་ཀྱང་ཅུང་ཟད་དེ་དམིགས་པ་མི་གསལ་བ་འགྱུར་ཉེན་ཡོད་པས་རེ་རེ་ཁོ་ན་མི་བྱེད་པར། གཉིས་ཀ་ཐུན་སོ་སོར་སྤེལ་ཞིང་བསྒོམས་ན་བཟང་བ་ལས། དེ་ཡང་སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང༌། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བ་བསྒོམས་ན་ལེགས་པར་བཞེད་དོ། ཁ་ཅིག་མདའི་ཤུགས་ཀྱིས་འཁོར་ཚུལ་ཡིག་འཕྲེང་བསྒྲིགས་པ་ལྟར་འདོད་པ་སོགས་ནི་བྱུང་རྒྱལ་དུ་སྨྲ་བར་ཟད་དོ། །འཁོར་གྱི་བཟླས་པ་ལ་ནི་སྤྲོ་བསྡུའི་བཟླས་པ་གཙོ་བོར་བྱ་སྟེ། དེ་ཡང་གཙོ་བོའི་ཐུགས་ཀར་དེ་དང་དེའི་སྔགས་བཀོད་ཅིང་འཁོར་དེ་ཉིད་ཀྱི་སྔགས་བཟླ་བའི་གྲོགས་ཀྱིས་གཙོ་བོར་བྱེད་པར་བསམས་ལ་དེ་དང་དེའི་སྔགས་བཟླ་བ་ནི་མན་ངག་གོ །དྲུག་པ་ནི། དངོས་གྲུབ་སྒྲུབ་པ་ལ་ཚད་མེད་པར་འདོད་དེ། འོན་ཀྱང་དེའི་ལུགས་ལ་ལྷ་སྐུའི་བསམ་གཏན་ཤིན་ཏུ་གོམས་པས་སྒྲུབ་པའི་ཕྱིར། རྒྱུད་ལས་གསལ་བ་ལྟར་བཟླས་པ་ཁྲི་ལ་སོགས་པ་ཉུང་ངུས་འགྲུབ་པའང་ཡོད་དོ། །གལ་ཏེ་དམིགས་པ་མི་བརྟན་ན། ངག་བཟླས་ཁོ་ནས་དངོས་གྲུབ་འགྲུབ་པ་ནི་དཀོན་ལ། ཁ་ཅིག་བྱང་ཆུབ་མ་ཐོབ་བར་དུ་བཟླ་ཟེར་བ་སོགས་ན། རིག་རིག་གྲས་སུ་སྨྲས་པ་སྟེ་བླུན་པོ་མགུ་བྱེད་དུ་ཟད་དོ། །སློབ་དཔོན་
ཕལ་པའི་ལས་འགའ་ཞིག་སྒྲུབ་པར་འདོད་པས། གྲངས་ཀྱི་བསྙེན་པ་ཙམ་བྱེད་པ་ནི་སྤྱི་དང་མཚུངས་ཏེ། ཡབ་ཡུམ་གྱི་ཉེ་སྙིང་ལ་ནི་འབུམ་ཕྲག་བདུན་ལ་སོགས་པ་ཡབ་ཡུམ་གང་གཙོ་བོར་བྱེད་པ་དེའི་འབྲུ་འབུམ་མོ། །སྙིང་པོ་ལ་ནི་འབུམ་ཕྲག་བཞིའོ། །རྩ་བའི་སྔགས་ལ་ནི་སྟོང་ཕྲག་བརྒྱད་དོ། །འཁོར་རྣམས་ལ་ནི་ཁྲི་ཕྲག་རེའམ། ཕྱིས་ཀྱི་ལག་ལེན་ལྟར་ན་འཁོར་ལོ་གསུམ་གྱི་ལྷ་ལ་ཁྲི་ཕྲག་བཞི་རེ་དང༌། མ་མོ་བཅུ་གཉིས་ལ་སྟོང་ཕྲག་བཞིའོ། །རྩ་སྔགས་སྙིང་པོ་ཉེ་སྙིང་གསུམ་ནི་རེ་རེའི་གྲངས་ཚད་འཁྱོལ་བས་ཀྱང་ཆོག་པར་གྲགས་ལ་དབང་བསྐུར་བ་དང༌། རབ་གནས་ལ་སོགས་པ་ལ་གནང་བ་ཞུ་བའི་བསྙེན་པ་དེང་སང་བསྙེན་པ་ཁ་གསོར་གྲགས་པ་ལ་ནི། གཙོ་བོའི་སྙིང་པོ་ཁྲི་ཕྲག་གསུམ། འཁོར་ལོ་གསུམ་ལ་ཁྲི་ཕྲག་གཉིས། རྣལ་འབྱོར་མ་བཅུ་གཉིས་ལ་སྟོང་ཕྲག་ལྔ་དང་ལྔ་བརྒྱ་རེ་བཟླ་བར་འདོད་དེ། ཁ་ཅིག་འདི་རྩ་བའི་བསྙེན་པ་ཡིན་པར་ཡང་འདོད་ན་དེ་ནི་མི་ལེགས་སོ། །མངོན་བརྗོད་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང༌། །གཞན་ནི་ཁྲི་རུ་བཟླས་པ་བྱ། །ཞེས་པ་རྩ་བའི་བསྙེན་པ་སྟེ། ད་ལྟ་བཞི་འགྱུར་དུ་བཟླ་བར་འདོད་དོ། ཁ་གསོ་བ་ལ་ནི་གོང་གི་དེ་རྒྱས་པ་དང༌། འཁོར་ལོ་གསུམ་བོར་བ་འབྲིང་པོ་དང༌། གཙོ་བོ་ཡབ་ཡུམ་ཁོ་ན་བཟླ་བ་བསྡུས་པར་འདོད་དོ། །བདུན་པ་ནི། སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླ་བར་གསུངས་པའི་ཡན་ལག་དེ་ཡང་གང་ཞེ་ན། སྔགས་རང་ཉིད་ལ་གནས་པའི་ཡན་ལག་ནི། རིང་ཐུང་གུད་སྐྱེད་ཡིག་འབྲུ་
རྣམས་ལྷག་ཆད་ནོར་གསུམ་སྤངས་པ་དང༌། མཐུན་པའི་རྐྱེན་གྱི་ཡན་ལག་ལས་བཞི་སོ་སོར་སྒྲུབ་པ་ལ། ཕྱོགས་དང་དུས་དང་བསམ་པ་དང་ཆ་བྱད་དང་སྔགས་ཀྱི་མཐའ་བསྒྱུར་བ་ལ་སོགས་པ་དགོས་ལ། རྒྱུན་གྱི་རྣལ་འབྱོར་ལ་དེ་ལྟར་མི་དགོས་ཀྱང༌། སྔགས་ཀྱི་ཡིག་འབྲུའི་རྣམ་པ་དང་སྒྲའི་རྣམ་པ་གསལ་བ་སྔགས་ཀྱི་བཟླས་པ་དང༌། ལྷའི་རྣམ་པ་གསལ་བ་ཡང་ཡང་སྒོམ་པ་གཟུགས་ཀྱི་བཟླས་པ་དང༌། དེ་དག་ཀྱང་སྟོང་པ་ཉིད་དུ་རྗེས་སུ་དྲན་པ་ཡང་ཡང་སྒོམ་པ་ནི། རྣལ་འབྱོར་གྱི་བཟླས་པ་སྟེ། ཐུན་རེ་རེ་བཞིན་དེ་དག་ཚང་བ་ནི་དགོས་ལ། གནས་སྐབས་སོ་སོར་གསུམ་ཀ་འཛོམ་པ་ངེས་པར་དགོས་པའང་ཡོད། རེ་རེ་ཁོ་ན་ངེས་པར་དགོས་པའང་ཡོད། གཉིས་འདུས་སམ། གསུམ་འདུས་སམ། རེ་རེ་ཇི་ལྟར་འོས་པས་ཆོག་པའང་ཡོད་དེ། བླ་མའི་མན་ངག་བཞིན་ཇི་ལྟར་འོས་པ་སྦྱར་བར་བྱའོ། །བཟླ་ཚུལ་ནི། ཐོག་མར་ངག་བྱིན་གྱིས་རླབས་པ་དང་གདུག་པ་ཅན་བསྐྲད་པའི་ཕྱིར་ཞལ་བཞི་པ་ཅུང་ཟད་བཟླ། སྔགས་རིགས་རེ་རེ་ལས་མི་བཟླ་ན། སྐབས་སུ་གང་བབ་པ་དེ་ཉིད་དེའི་རྗེས་སུ་བཟླ་ལ། སྔགས་འཕྲེང་ཡོངས་སུ་རྫོགས་པར་བཟླ་ན། དང་པོར་ཡབ་ཀྱི་རྩ་སྔགས་དང་དེ་ནས་ཡུམ་གྱི་རྩ་སྔགས་འདོན། དེ་ནས་སྙིང་པོ། དེ་ནས་ཉེ་སྙིང༌། དེ་ནས་སྙིང་པོའི་ཉེ་སྙིང༌། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞི། དེ་ནས་འཁོར་ལོ་གསུམ་གྱི་ལྷ། དེ་རྗེས་སྒོ་མཚམས་མ་བརྒྱད། ཀུན་གྱི་ཐ་མར་གོ་ཆའི་སྔགས་འདོན་ཏེ། གང་བཟླས་པ་མང་དུ་བྱེད་པར་འདོད་པ་དེ་སོ་སོའི་སྐབས་དེ་ཉིད་དུ་བཟླ་བ་ཡིན་ནོ། །ཡབ་ཡུམ་གཉིས་མེད་དུ་བཟླ་བའི་མན་
ངག་ནི་ཕམ་ཐིང་བ་རྗེས་འབྲང་དང་བཅས་པའི་ཕྱག་ལེན་ཏེ། རྒྱུད་འདི་ལ་རྣལ་འབྱོར་མའི་སྔགས་གཙོ་བོ་ཡིན་པའི་ཕྱིར་དང༌། ཕན་ཚུན་འདུད་པའི་གསང་སྔགས་ཞེས་པ་དང༌། ཁ་སྦྱོར་སྦྱོར་བར་གྱུར་པ་ཞེས་སོགས་ཀྱི་རྒྱུད་ཚིག་གིས་ཀྱང་གསལ་བར་བསྟན་པ་ཡིན་པས་བཟླས་པ་བྱེད་ཚུལ་མཆོག་ཏུ་སྣང་ལ། མ་མོ་བཅུ་གཉིས་པོའི་འགོར་སུམྦྷ་དང༌། དཔའ་བོའི་རྐང་བརྒྱད་དེ་བཅུ་གཉིས་སྤེལ་བ་ནི་ལཱུ་ཡི་པའི་སྐབས་སུ་ཕམ་ཐིང་བ་ཡང་བཞེད་པ་ཡིན་ཏེ། ཁུངས་ཕྱག་རྡོར་བསྟོད་འགྲེལ་ལས་འབྱུང་མོད། འོན་ཀྱང་འདིར་ནག་པོའི་ལུགས་ལ་ནི་མི་སྦྱོར་ཏེ། ད་དུང་འདི་ལ་མན་ངག་གི་གནད་ཅུང་ཟད་ཡོད་པ་ནི་གཞན་དུ་ཤེས་པར་བྱའོ། །བགྲང་འཕྲེང་གི་ཡན་ལགསྤྱིར་འཕྲེང་བའི་རྒྱུ་དང༌། གྲངས་དང༌། བགྲོང་ཚུལ་དང༌། བྱིན་རླབས་ཀྱི་རིམ་པ་མི་འདྲ་བ་རྣམས་ནི་སྤྱི་དང་འདྲ་ཞིང་ལོགས་སུ་ཤེས་པར་བྱ་ལ། འདིར་ནི་མི་ཐོད་ལས་བྱས་པའི་འཕྲེང་བ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ནས་གཡོན་པའི་མཐེ་བོང་དང༌། སྲིན་ལག་གིས་བགྲང་བར་བྱའོ། །མངོན་བརྗོད་ལས། དུང་ཆེན་འཕྲེང་བ་བླངས་ནས་ནི། །ལག་གཡོན་མཐེ་བོང་སྲིན་ལག་གིས། །གསང་སྔགས་དག་ནི་བཟླ་བར་བྱ། །ཞེས་སོ། །དེ་ལྟར་བཟླས་ན་གཡོན་པའི་ཀུན་སྤྱོད་ཀྱིའང་ཆ་ཤས་སུ་འགྱུར་ལ། སྲིན་ལག་རླུང་ཡིན་ཞིང་མེ་ཡང་དེ་ལ་འདུས་པ་དང༌། མཐེ་བོང་ས་ཡིན་ཞིང་ཆུ་ཡང་དེ་ལ་འདུས་པ་དང༌། ལས་ཀྱི་རླུང་གིས་ལྟེ་བའི་མེ་སྦར་བས་
ཁམས་སྙི་བ་ཆུ་དང༌། སྲ་བ་སའི་ཐིག་ལེ་ཞུ་ཞིང༌། ཞུ་བདེ་དེ་ལས་བདེ་བ་ཆེན་པོ་ཐོད་པའི་འཕྲེང་བས་མཚོན་པ་དེ་འབྱུང་ལ། བདེ་ཆེན་དཔེ་གཞོམ་མེད་ཀྱི་སྒྲ་སྔགས་ལ་ཚད་འཇོག་པར་བྱེད་དེ། མཚོན་དོན་དེ་ཁོ་ན་ཉིད་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ཐུན་མཚམས་ལ་འཇུག་པ་གོ་ཆའི་རྣལ་འབྱོར་ནི། ཨོཾ་ཧ་ན་མ་ཧི་སྭཱ་ཧཱ་ཧཱུཾ། བོཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། དཔའ་བོའི་གོ་ཆ་དྲུག་གོ །ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡི་གེ་ཨོཾ་ནི་ཐམས་ཅད་དུ་སྟེ། རྣལ་འབྱོར་མ་དྲུག་གི་གོ་ཆའོ། །ཞེས་གསུངས་ཏེ། དེ་ཡང་ཨོཾ་ཡིག་ལྷག་པོར་སྣོན་པ་ནི། བཅུ་གཉིས་ཀར་ལ་ཡིན་པས་ན་མ་ཧི་སོགས་ལྔ་དང༌། ཧཾ་ཡོཾ་སོགས་ལྔ་ལ་ཨོཾ་ཡིག་རེ་རེ་ཡོད་ལ། སྡེ་ཚན་གཉིས་ཀྱི་ཐོག་མ་གཉིས་ལ་ཨོཾ་ལྷག་པོ་བསྣན་པས་ཨོཾ་ཉིས་འགྱུར་རོ། །དེ་ལ་ཡབ་ཡུམ་གྱི་རྩ་སྔགས་གཉིས་དང༌། སྙིང་པོ་གཉིས་དང༌། ཉེ་སྙིང་གཉིས་དང༌། གོ་ཆ་གཉིས་རྣམས་ལ་རིན་ཆེན་བཞི་ཞེས་བྱ་སྟེ། གཉིས་ཚན་དུ་སྦྱར་བ་བཞི་པོ་རེ་རེ་ལ། རྩ་བའི་རྒྱུད་ཉིད་དུ་ལས་ཚོགས་མང་དུ་གསུངས་པའི་ཕྱིར་དེ་ལྟར་གྲགས་པ་སྟེ། རྩ་རྒྱུད་ལས། ས་སྟེང་ན་ནི་རིན་ཆེན་བཞི། །འཕྲེང་བ་སྔགས་ནི་དམ་པ་ཡིན། །ཞེས་གསུངས་སོ། །དེ་ཡང་དཀྱིལ་འཁོར་ཉེ་བར་བསྡུ་བ་སྔོན་དུ་འགྲོ་བས་ཐུན་མཚམས་སུ་འཇུག་པ་ན་གོ་ཆ་བཅིང་བར་བྱ་སྟེ། དེ་ལ་ཉེར་བསྡུ་ནི། སྔར་སྣོད་བཅུད་ལན་མང་དུ་སྦྱངས་ཀྱང༌། ད་དུང་ཐ་མལ་གྱི་རྣམ་རྟོག་མ་སྤངས་པས། སྣོད་བཅུད་ཀྱི་ཞེན་པ་སླར་ཡང་སྐྱེ་བའི་ཕྱིར། ཡང་ཐུགས་ཀའི་འོད་ཟེར་གྱིས་སྣོད་བཅུད་གཞལ་ཡས་ཁང་དང་ལྷར་སྦྱང་བ་བྱས་ལ། སྲུང་འཁོར་ནས་བདེ་ཆེན་འཁོར་ལོའི་བར་དུ་རྟེན་གྱི་དཀྱིལ་འཁོར་ཕྱི་མ་ཕྱི་མ་ནང་མ་
ནང་མ་ལ་ཐིམ། དེ་བདག་ཉིད་ལ་བསྡུའོ། །ལྷ་རྣམས་བསྡུ་བའི་ཚུལ་ལ། ཕྱི་དཀྱིལ་གྱི་ལྷ་རེ་རེ་ལུས་དཀྱིལ་གྱི་ལྷ་རེ་རེ་ལ་བསྡུ་བའི་ཚུལ་ཡོད་པའང་མི་འགལ་ཞིང༌། ཕྱོགས་གཡོན་སྐོར་གྱི་རིམ་པས་སྣ་བུག་གཡས་ནས་འཇུག་པ་དང༌། མཚམས་གཡས་སྐོར་གྱི་རིམ་པས་སྣ་བུག་གཡོན་ནས་འཇུག་པ་ཡང་མན་ངག་ལས་འབྱུང་སྟེ། ཕྱོགས་ཟླ་བའི་ཆོས་ཀྱིས་རྩ་གཡས་པ་ཉི་མའི་ཆོས་བྱིན་གྱིས་རློབས་པ་དང༌། མཚམས་ཉི་མའི་ཆོས་ཀྱིས་རྩ་གཡོན་པ་ཟླ་བ་བྱིན་གྱིས་རློབ་པར་འགྱུར་ལ། དེ་ནས་ཡུམ་ཡང་རང་ལ་ཐིམ། མཐར་ལུས་ནང་དུ་ཆུད་པའི་ལྷ་ཐམས་ཅད་ཀྱང་སྙིང་གར་བསྡུས་པས་དབུས་དབུ་མར་རོ་མཉམ་པས་བྱིན་གྱིས་རློབ་པའོ། །བདག་ཉིད་ཀྱི་སྐུ་ཡང་འོད་གསལ་དུ་བསྡུས་ནས་སླར་ཐུན་མཚམས་ལྷ་སྐུར་ལྡང་བའམ། ཡང་ན་ཕྱག་གཉིས་པའི་བར་དུ་བསྡུས་ཏེ། དེ་ལ་གནས་པས་ཐུན་མཚམས་ཀྱི་སྤྱོད་པ་ལ་འཇུག་ཏུ་ཡང་རུང་ངོ༌། །དེ་རྗེས་ཐུན་མཚམས་ཀྱི་ལྷའི་སྐུ་ལ་གོ་ཆ་གསུམ་གྱི་རྒྱས་བཏབ་པར་བྱ་སྟེ། དེ་ལས་གོ་ཆ་གཉིས་ནི་མེད་མི་རུང་ཡིན་ལ། གོ་ཆ་ཆེན་པོ་ནི་ལེགས་པའི་ཡན་ལག་གོ །དེ་ཡང་ལུས་དཀྱིལ་གྱི་ལྷ་རྣམས་ཞུ་ནས་སོ་སོར་མེ་འོད་ཀྱི་གུར་ཁང་རེ་རེའི་ནང་ན་ཟླ་ཕྱེད་ཐིག་ལེ་ན་དས་མཚན་པའི་ཡིག་འབྲུའི་གཟུགས་ཀྱིས་གནས་པར་བསམ། ལུགས་འདི་ལ་གཙོ་བོའི་སྐུ་ལ་གོ་ཆ་གསུམ་ཀར་གྱིས་བརྒྱན་པ་ཡིན་པས། ཐུན་མཚམས་ཀྱི་ལྷ་ཡབ་རྐྱང་ཉིད་ལ་དཔའ་མོའི་གོ་ཆ་ཡང་འགོད་པ་ཡིན་ནོ། །གཞན་དུ་ཡབ་ལ་ཡབ་ཀྱི་གོ་ཆ་ཁོ་ན་འགོད་པའི་རིགས་ལ་དཔའ་བོའི་གོ་ཆ་འབའ་ཞིག་གོ །
དེ་ལྟར་གོ་ཆ་དང་འབྲེལ་བར་ཐུན་མཚམས་ཀྱི་བགེགས་བསྐྲད་ཅིང་བསྲུང་བའི་དོན་དུ། སུམྦྷ་ལན་གཉིས་ཚམ་རྔམ་དང་བཅས་པས་ཕྱོགས་བཅིངས་ཤིང་ཐུན་མཚམས་ཀུན་ཏུ་འཁོར་ལོའི་དབང་ཕྱུག་གི་སྐུ་གསུང་ཐུགས་ཀྱི་སྣང་བ་དང་མི་འབྲལ་བ་དགོས་ལ། དེ་ཉིད་ཆུ་ཡུར་འགོར་གཟུང་བའི་ཚུལ་གྱིས་བསྒོམས་པ་ནི། སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་སུ་མོས་བཞིན་པས། རྐང་བ་བརྒྱད་པའི་སྔགས་ཚར་གཅིག་བརྗོད་དོ། །གོ་ཆ་གསུམ་བསྒོ་བ་ནི་བདག་སྲུང་བ། ཚམ་རྔམ་ནི་གནས་སྲུང་བ། དག་པ་གསུམ་དྲན་པ་འདི་ནི་རྣལ་འབྱོར་སྲུང་བ་སྟེ། ཐུན་མཚམས་ཉིད་ལ་བལྟོས་པའི་སྲུང་བ་གསུམ་ཡིན་ནོ་གསུང༌། དེའི་འོག་ཏུ་དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེ་དག་ལ་དག་བྱ་དག་བྱེད་ཅུང་ཟད་སྦྱར་ན། བཟླས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་གསུང་རྡོ་རྗེའི་འཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་སྤྱོད་པ་མཚོན། འཁོར་བར་སྒྲ་དོན་འདྲེས་འཛིན་གྱི་རྣམ་པར་རྟོག་པ་དང༌། མིང་ཚིག་ཡི་གེ་བརྗོད་པ་དུ་མ་བྱུང་བ་རྣམས་སྦྱོང་བར་བྱེད། དཀྱིལ་འཁོར་ཉེ་བར་བསྡུ་བས་ནི། ཆོས་ཀྱི་སྐུའི་སྣང་བ་རབ་འབྱམས་མཐའ་ཡས་པར་འཕྲིན་ལས་ཐམས་ཅད་འདུས་པ་ནི། སྣོད་བཅུད་སྲུང་འཁོར་ལ་ཐིམ་པ་དང༌། སྣང་བ་རབ་འབྱམས་རྣམས་ཐུགས་རྗེ་ཆེན་པོར་འདུས་པ་ནི། དུར་ཁྲོད་སྲུང་འཁོར་སོགས་གཞལ་ཡས་ཁང་ལ་ཐིམ་པ་དང་དེ་ཉིད་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར། དེ་སྐུ་འཁོར་ལ་ཐིམ་པ་དང༌། དེ་གསུང་དང༌། དེ་ཐུགས་དང༌། དེ་ཡང་བདེ་ཆེན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། འཁོར་ལོ་བཞི་རིམ་ཅན་དུ་ཐིམ་པ་དང༌། ཐམས་ཅད་ངོ་བོ་ཉིད་སྐུར་མཉམ་པ་ཉིད་ཀྱི་ཕྱིར། གཙོ་བོ་ལ་བསྡུ་བ་ཡིན་ཞིང༌། ལྷ་རྣམས་བདེ་བ་དང་སྟོང་པ་གཉིས་སུ་
འདུས་པའི་ཕྱིར། གཡས་སྐོར་གཡོན་སྐོར་གྱི་རིམ་པས་སྣ་བུག་གཉིས་སུ་བསྡུ་བ་དང༌། རྣམ་ཀུན་གྱི་སྟོང་ཉིད་ཀྱང་བདེ་ཆེན་གྱི་ངོ་བོ་ཡིན་པའི་ཕྱིར། ཡུམ་ཡང་ཡབ་ལ་སྟིམ་པ་དང༌། ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞལ་ཕྱག་ལྷག་མ་རྩ་བའི་ཞལ་ཕྱག་ལ་སྟིམ་པ་ཙམ་མམ་དེ་ཡང་འོད་གསལ་དུ་བསྡུ་བའི་བར་དུ་ཡིན་ནོ། །དེ་ལས་གཞན་དོན་དུ་གཟུགས་ཀྱི་སྐུའི་སྣང་བ་རྒྱུན་མི་འཆད་པར་འབྱུང་བ་ནི། ཐུན་མཚམས་ཀྱི་ལྷ་སྐུར་བཞེངས་པས་མཚོན་ནོ། ཁ་ཅིག་དངོས་ཀྱི་གདུལ་བྱ་མེད་པ་ན། ཆོས་ཀྱི་སྐུ་ཉིད་དུ་བཞུགས་པ་ནི་དཀྱིལ་འཁོར་ཉེར་བསྡུ་དང༌། ཡང་གདུལ་བྱ་བྱུང་བ་ན་གང་འདུལ་གྱི་གཟུགས་སྐུར་སྣང་བ་ནི་ཐུན་མཚམས་ཀྱི་ལྷའོ་ཞེས་ཀྱང་འཆད་དོ། །དེས་འཁོར་བའི་ཆོས་ཇི་ལྟར་སྦྱོང་བ་ཡང་རྩ་ཁམས་རླུང་གི་ནུས་པ་སྣ་ཚོགས་པ་དང༌། ཕུང་ཁམས་ཉི་ཤུར་གྲགས་པ་ཚུན་ཆད་ཐིམ་པ་ནི། སྣོད་བཅུད་ནས་བརྩམས་གཞལ་ཡས་ཁང་དུ་བསྡུ་བའི་བར་རོ། །ས་ཆུ་ལ་ཐིམ་པ་ནི་གཞལ་མེད་ཁང་སྐུ་འཁོར་ལ་ཐིམ་པ་དང༌། དེ་བཞིན་དུ་ཆུ་ཐིམ་པ་སྐུ་འཁོར། མེ་ཐིམ་པ་གསུང་འཁོར། རླུང་ཐིམ་པ་ཐུགས་འཁོར། ནམ་མཁའ་ཐིམ་པ་བདེ་ཆེན་འཁོར་ལོ་བསྡུ་བའི་བར་དུ་སྦྱོར་རོ། །ཕྱོགས་གཡོན་སྐོར་གྱིས་ཐིམ་པ་སྣང་བ་དང༌། མཚམས་གཡས་སྐོར་གྱིས་ཐིམ་པ་མཆེད་པ། ཡུམ་དང་ཞལ་ཕྱག་ལྷག་མ་ཐིམ་པ་ཐོབ་པ། ཐམས་ཅད་སྙིང་གར་ཐིམ་པ་ནས་གཙོ་བོ་ཐིམ་པའི་བར་འོད་གསལ་ཏེ་འཆི་བའི་བར་དང༌། གཉིད་འཐུག་པོའི་བར་དུ་སྦྱོར་ཞིང༌། དེ་ལས་རྨི་ལམ་དང་བར་དོར་ལྡང་བ་ནི་ཐུན་
མཚམས་ཀྱི་ལྷ་སྐུའོ། །འདིར་འཁོར་ལོ་ལྔའི་དཀྱིལ་འཁོར་ལ་སྡུད་རིམ་རྒྱས་པ་དེ་བཞིན་དུ་བྱུང་ལ། འཁོར་ལོའི་རིམ་པ་ཆེས་མང་བ་རྣམས་ལའང་འདིས་རིགས་འགྲཻས་ཏེ་རྒྱས་པར་ཤེས་པར་བྱ་ལ། བཅུ་གསུམ་མའི་སྒྲུབ་ཐབས་ལ་སོགས་པ་བསྡུས་པ་རྣམས་ལ་ཡང་འབྱུང་བ་ལྔའི་ཐིམ་རིམ་གཅིག་ཏུ་སྡོམས་པ་སོགས་དོན་གྱི་གཙོ་བོ་རྣམས་ཆ་ཚང་ཡོད་པ་གོ་བར་བྱའོ། །འདིར་བདེ་ཆེན་འཁོར་ལོ་ཁ་དོག་སེར་པོ་ནམ་མཁའི་ཁམས་སུ་ཇི་ལྟར་འགྱུར་སྙམ་ན། དགྱེས་རྡོར་ལས། དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེ་འགྱུར། །ཞེས་ནམ་མཁའི་ཁམས་རིན་ཆེན་འབྱུང་ལྡན་དུ་སྦྱར་བ་བཞིན་འདིར་ཡང་ཡིན་པས་མི་འགལ་ལ། དེའི་ཕྱིར་གཙོ་བོའི་གདན་སྣ་ཚོགས་པདྨ་ཡང་རྣམ་པར་ཤེས་པའི་ཁམས་སོ། །དེ་ནི་རྒྱུད་གཞན་ལས་ཡེ་ཤེས་ཀྱི་ཁམས་སུ་གསུང་པ་དེ་ཡིན་ན། འདིར་ནི་ནམ་མཁའ་དང་རྣམ་པར་ཤེས་པ་ཁམས་གཅིག་ཏུ་རྩི་བ་ཤས་ཆེ་ཞིང༌། དེའི་ནང་གི་རྣམ་ཤེས་ནི་སྟོང་ཞིང་རིག་པ་དང༌། ནམ་མཁའ་ནི་བདེ་བའོ། །རྣམ་གཞག་གཞན་ལས་ནི་ནམ་མཁའི་སྟོང་པ་དང༌། ཡེ་ཤེས་བདེ་བར་བཞེད་དེ། དེ་གཉིས་ཁམས་རྐང་ཚུགས་པ་རེ་རེར་གསུངས་སོ། །དེ་དག་རྫོགས་རིམ་གང་གི་སྨིན་བྱེད་དུ་འགྱུར་ན། མ་དག་པའི་སྣང་བ་འོད་གསལ་དུ་བསྡུ་བའི་རིགས་དང༌། དེ་ལས་ལྷ་སྐུར་ལྡང་བའི་རིགས་རྣམས་ཀྱི་སྨིན་བྱེད་ཡིན་མོད་ཀྱི། ཕལ་ཆེར་སྔར་གྱི་སྐབས་གཞན་དང་གཞན་དུ་སྦྱར་ཟིན་པའི་ཕྱིར། འདིར་སྦྱོར་བ་གཙོ་མི་ཆེ་ལ། འོན་ཀྱང་མཉམ་བཞག་བདེ་སྟོང་ལས་རྗེས་ཐོབ་ལྷ་སྐུར་ལངས་པ་དང༌། གཉིད་ཀྱི་འོད་གསལ་ལས་རྨི་ལམ་ལྷ་སྐུར་
བཞེངས་པ་དང༌། དེ་ལས་གཉིད་སད་པའི་དུས་ཀྱི་ལྷ་སྐུར་ལངས་པ་སོགས་དང་སྦྱོར་རོ། །གཉིས་པ་དངོས་སུ་མ་བསྟན་པ་རྒྱུད་ལས་གསུངས་པས་ཁ་བསྐང་པ་ལ། དུས་རྒྱུན་གྱི་རྣལ་འབྱོར་དང༌། ཁྱད་པར་གྱི་རྣལ་འབྱོར་གཉིས་སོ། །དང་པོ་ནི། རྩ་བའི་རྒྱུད་ལས། གཉིད་ལོག་མ་ལོག་ལངས་པའམ། །བཟའ་བའམ་གྲོང་གི་ཆོས་སྤྱོད་པ། །སྔགས་པས་རྟག་ཏུ་བཟློས་བྱེད་དེ། །དེ་ལ་བདུད་ནི་ཡོད་མ་ཡིན། །ཞེས་གསུངས་ཏེ། གཉིད་ལོག་ནི་ཉལ་བའི་རྣལ་འབྱོར་རོ། །མ་ལོག་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །ལངས་པ་ནི་ལྡང་བའི་རྣལ་འབྱོར་རོ། །བཟའ་བ་ནི་ཁ་ཟས་ཀྱི་རྣལ་འབྱོར་རོ། །གྲོང་གི་ཆོས་སྤྱོད་པ་ནི་རྗེས་ཆགས་ཀྱི་རྣལ་འབྱོར་རོ། །བཟློས་བྱེད་ན་ཞེས་པ་བཟླས་པའི་རྣལ་འབྱོར་རོ། །འགྱུར་ཁ་ཅིག་ལས། ཟས་ལ་སྤྱོད་སོགས་མེ་ཐུ་ན། ཞེས་པ་ལྟར་ན། སོགས་ཁོངས་ནས་བཟླས་པ། ཉེར་བསྡུ། གཏོར་མ་སོགས་ཀྱང་བསྟན་པར་འདོད་ན། དེ་དག་ལས་བཟླས་པ། གཏོར་མ། ཉེར་བསྡུ། ཐུན་མཚམས་ལ་འཇུག་ཚུལ་དང་བཅས་པ་ནི་སྔར་བཤད་ཟིན་ཏོ། །འདིར་ཁ་ཟས་ཀྱི་རྣལ་འབྱོར་བྱ་སྤྱོད་ཀྱི་རྣལ་འབྱོར། རྗེས་ཆགས་ཀྱི་རྣལ་འབྱོར། གཉིད་ཀྱི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་ཏེ་དྲུག་ལས། དང་པོ་ནི། ཟས་ཟ་བའི་དུས་སུ་སྐད་ཅིག་རྣམ་པའི་སྔགས་བརྗོད་པས་ལུས་དཀྱིལ་གསལ་གདབ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། བསྡུ་ན། ཨོཾ་གྱིས་སྦྱངས་ཨཱཿཡིས་རྟོགས། ཧཱུཾ་གིས་མང་པོར་སྦར། ཧས་ཁ་དོགཧོས་དྲི། ཧྲཱི་རོ་ནུས་ཕུན་སུམ་ཚོགས་པར་བྱས་པར་བསམ།
ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མ་ཡ་ཤུདྡྷོ་྅་ཧཾ། ཞེས་པས། སྔགས་ཏེ་ལྕེ་ཧཱུཾ་ལས་རྡོ་རྗེ་དཀར་པོར་གྱུར། ཨོཾ་ཨ་མྲྀ་ཏ་ཨུཏ་ཏ་ཀ་ཧཱུཾ་ཧཱུཾ་ཋ་ཋ་ཏྲཾ་ཨཾ་ཁཾ་ཧཱུཾ། ཞེས་པས་བྱིན་གྱིས་བརླབས་ཏེ། ལྟེ་བའི་ཐབ་ཁུང་ནས་གཏུམ་མོ་འབར་བའི་དབུས་ན། ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་ཧཱུཾ་ལ་ཕུལ་པར་མོས་ཏེ། ཨོཾ་ཨཱཿཧཱུཾ་བཟླས་ཤིང༌། ལག་པ་གཡོན་པས་བཟའ་གཏན་དུ་གཡོན་པས་མི་ལྕོགས་ན་ཁམ་དང་པོ་གཡོན་པས་བཟའོ། །ཟོས་པས་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམ་པར་མོས། བཟའ་བའི་དང་པོར་ཕུད་འབུལ་བ་དང༌། ཆང་བུ་སྦྱིན་པ་དང༌། ལྷག་མ་བསྔོ་བ་སོགས་སྤྱི་དང་འདྲའོ། །བཏུང་བའི་ཁྱད་པར་རྣམས་ཀྱང་ཆོ་ག་དེ་དང་འདྲ་ཞིང༌། ཕུད་ཐིགས་གཏོར་ཚུལ་གྱིས་འབུལ། ལག་པ་གཡོན་པས་སྣོད་བཟུང་སྟེ་བཏུང་ངོ༌། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཤིང༌། དངོས་པོ་ཐམས་ཅད་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་པར་བྱས་ལ་བླ་མ་དང་སངས་རྒྱས་བྱང་སེམས་དང༌། བདག་ཉིད་ལ་ཧེ་རུ་ཀར་ཤེས་པའི་སྒོ་ནས། རྐང་པ་བརྒྱད་པ་དང་རྩ་སྔགས་ཀྱིས་བསྟོད། རང་ཧེ་རུ་ཀའི་ང་རྒྱལ་གྱིས་སྐྲག་པ་དང་དོགས་པ་སྤངས་ཏེ། འཁོར་གསུམ་རྣམ་པར་མི་རྟོག་པའི་ལྟ་བས་ཟིན་པའི་སྒོ་ནས་འདོད་པའི་ཡོན་ཏན་རྣམས་བདེ་ཆེན་ལྷན་ཅིག་སྐྱེས་པའི་གྲོགས་སུ་འཁྱེར་ཞིང་ལོངས་སྤྱོད། གོང་དུ་བཤད་པ་ལྟར་ཐུན་མཚམས་བྱིན་གྱིས་རློབ་པའི་རྒྱུན་དེ། ལས་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་སུ་ཡང་ཡང་ཤེས་པ་དང༌། སེམས་ཅན་གང་མཐོང་ཞིང་ཐོས་པ་ཐམས་ཅད་འཁོར་ལོ་བདེ་མཆོག་དང་རྡོ་རྗེ་ཕག་མོར་མོས། ཨཱ་ལི་ཀཱ་ལིའི་
མགོ་བོར་ཨོཾ་དང༌། གཞུག་ཏུ་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་ལན་གཅིག་གམ་གསུམ་རེ་བརྗོད་དེ། རང་བཞིན་གྱི་ངག་དང་བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་བྱིན་གྱིས་བརླབས། ཇི་ལྟར་འོས་པར་ཡི་གེ་བརྒྱ་པ་བཟླ་བས་ཀྱང་ཉམས་ཆག་བསྐང་ཞིང་ལྷའི་ཐུགས་རྒྱུད་བསྐུལ་བར་བྱའོ།། གསུམ་པ་ནི། སྐད་ཅིག་རྣམ་པའི་སྔགས་ཀྱིས་བདག་དང་རིག་མའི་ལུས་ཀྱི་དཀྱིལ་འཁོར་མ་ལུས་པ་གསལ་བཏབ་ཅིང་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས། རྒྱས་པར་ན་རྡོ་རྗེ་ཕག་མོ་ཀཾ་ཀཱ་ལ་ཏཱ་ར་ཎའི་སྒྲུབ་ཐབས་ནས་བཤད་པ་ལྟར། མཁའ་གསང་གི་དཀྱིལ་འཁོར་གསལ་འདེབས། གཞན་ཡང་སྒྲུབ་ཐབས་སུ་བཤད་པ་ལྟར་ཡབ་ཡུམ་གྱི་གནས་གསུམ་དང་གནས་ལྔ་བྱིན་གྱིས་བརླབ། ཡང་ན་ཀུན་སྤྱོད་དང་མངོན་སྤྱོད་ལས་འབྱུང་བ་ལྟར། སྙིང་པོ་ཉེ་སྙིང་གི་གནས་བཞི་བྱིན་གྱིས་བརླབས་ཀྱང་རུང༌། གོ་ཆ་གཉིས་ཀྱང་སོ་སོར་བསྒོ། སྐད་ཅིག་མ་བཞི་དང༌། དགའ་བཞིའི་ཡེ་ཤེས་ངོས་ཟིན་པར་བྱས་ནས། རྗེས་སུ་ཆགས་པ་སྙོམས་པར་འཇུག་པའི་དགའ་བ་བརྩམས་པར་བྱ་སྟེ། རྗེས་ཆགས་ཀྱི་ང་རྒྱལ་བཟུང་བའི་སྔགས་ཀྱང་བརྗོད་ལ། ནུས་པ་དང་ལྡན་ན་ཀུནྡ་ལྟ་བུ་ནོར་བུར་ཡུན་རིང་དུ་བཀག་ཅིང༌། ཟློག་པ་དང་གནས་སུ་བསྐྱལ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་བདེ་བས་ཚིམས་པར་བྱ་ལ། ཅི་སྟེ་དེ་ལྟར་མི་ནུས་ན་རྗེས་ཆགས་ཡིད་ཀྱིས་བསམ་པ་ཡིན་ལ། ཅི་སྟེ་ཆགས་བྲལ་གྱི་བསླབ་པས་མ་བཅིངས་པ་གང་དག་ནུས་པ་དང་མི་ལྡན་ན། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བགྲོད་པའི་འོད་ཟེར་ལས་མཆོད་པ་མཐའ་
ཡས་པ་སྤྲུལ་པས། རང་གི་ལུས་ཀྱི་དཀྱིལ་འཁོར་མཉེས་པར་བྱས་ཤིང༌། སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་མཆོད་པའི་སྤྲིན་གྱི་ཕུང་པོ་དང༌། སྲེག་རྫས་སུ་གྱུར་པ་སྤྲོས་ཏེ། ཤེས་རབ་མའི་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པ་སྣ་ཚོགས་པས་མཆོད་ཅིང༌། མེ་འོད་རབ་ཏུ་འབར་བའི་ལྷ་ཚོགས་ལ་སྲེག་བླུགས་སུ་འབུལ་ཞིང༌། ལྷན་ཅིག་སྐྱེས་པའི་སྐད་ཅིག་ངོས་གཟུང་སྟེ། ཕཊ་ཀྱི་སྒྲས་ཕྱུང་ནས། མཐར་ཨོཾ་སརྦ་ཏཱ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པས་མཆོད་པའི་ང་རྒྱལ་གཟུང་བར་བྱའོ། །བཞི་པ་ནི། ཉལ་བའི་ཚེ་སྲིད་པ་གསུམ་བསྡུ་བ་ནས། བདག་ཉིད་ཕྱག་གཉིས་པའི་བར་དུ་བསྡུ་བ་ཉེར་བསྡུའི་སྐབས་བཞིན་ལས། གདན་པད་ཉི་འཇིགས་བྱེད་དུས་མཚན་རྣམས་ཀྱང་རིམ་པས་བདག་ལ་བསྡུ། རང་དམ་ཚིག་སེམས་དཔའ་ཐུགས་ཀའི་ལུས་དཀྱིལ་གྱི་གཙོ་བོ་ཡེ་ཤེས་སེམས་དཔའ་ལ་བསྟིམ། དེའི་ཡང་ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་པད་ཉིའམ་པད་ཟླ་ལ་ཐིམ། པདྨ་ཉི་མ་ལ། དེ་ཧཱུཾ་ལ་དེ་ལ་ཡུན་རིང་དུ་སེམས་གཟུང༌། དེ་ནས་དེའི་ཞབས་ཀྱུ་ཁོག་པ་མགོ་བོ་ཟླ་ཕྱེད་ཐིག་ལེ་ན་དའི་བར་དུ་རིམ་གྱིས་བསྡུས་ནས། ན་ད་མཐིང་ཀ་ལ་ཡུན་རིང་དུ་སེམས་གཟུང༌། དེ་ཡང་ཡལ་བར་བསམ་ཏེ། མི་རྟོག་པ་ལ་བཞག་པའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །བར་དེར་རྣམ་རྟོག་རགས་པ་སྐྱེས་ནས་བར་ཆོད་པས། ཚར་གཅིག་པོ་དེ་ལ་གཉིད་དང་མ་འགྲིག་ན་ཡང་ཡང་བསྐྱར་བས་རུང་ལ། འདི་བསྒོམས་པ་ཁོ་ནས་གཉིད་འཐུག་པོའི་འོད་གསལ་རང་ཤུགས་ལ་ཟིན་པར་འགྱུར་རོ། །ལྔ་པ་ནི་གོང་དུའང་
བཤད་པ་ལྟར་ཏེ། རྣལ་འབྱོར་མ་རྣམས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཨོཾ་མ་ཧཱ་སུ་ཁ་སོགས་སྔགས་ཀྱི་སྒྲས་བསྐུལ་བ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཌཱ་མ་རུའི་སྒྲ་དང༌། ཀ་ར་ཀ་ར་ལ་སོགས་པ་རྩ་སྔགས་ཀྱི་སྒྲས་བསྐུལ་ཏེ་གཉིད་སད་པར་བྱེད་པ་ཡིན་ལ། དེ་ཡང་གཉིད་ཀྱི་རྣལ་འབྱོར་ལ་གོམས་པ་ཡིན་ན། གཉིད་ད་ལྟ་ནི་མ་སད་སད་དུ་ཉེ་བའི་སྐབས་དེར་སད་པར་འགྱུར་བ་ཡང་ཤེས་ཤིང་དམིགས་པ་ཡང་གསལ་ཐེབས་པར་ནུས་ན། གཉིད་ཀྱི་ནང་དུ་དམིགས་པ་དེ་བཞིན་དུ་བསྒོམས་པས། དམིགས་པ་གསལ་ཐེབས་པ་དང་གཉིད་སད་པ་མཉམ་པོར་འགྱུར་ལ། སད་མ་ཐག་ཏུ་སྣང་བ་ཐམས་ཅད་དཀྱིལ་འཁོར་དུ་གསལ་གདབ་བོ། གཉིད་ཀྱི་སྒོམ་ལ་དབང་མ་འབྱོར་བ་རྣམས་ཀྱིས་ཐོག་མར་རང་ཤུགས་ལ་གཉིད་སད་པ་ལས་འོས་མེད་ཀྱང༌། ད་དུང་འོད་གསལ་ལས་མ་ལངས་པའི་མོས་པ་བྱ་དེ་རྗེས་གོང་བཞིན་བསྐུལ་བས་གཉིད་སད་པར་ཡང་མོས་ཤིང༌། དེ་ནས་སྣང་བ་ཐམས་ཅད་ལྷར་སྒོམ་པའོ། །དྲུག་པ་ནི། གོང་དུའང་སྨོས་མོད་ཀྱི། ལྷ་དབང་བསྐུར་བའི་དམིགས་པ་ཁོ་ནས་ཁྲུས་བྱ་བ་ལས། རིགས་བདག་གིས་རྒྱས་འདེབས་མི་དགོས་སོ། །དངོས་སུ་ཁྲུས་མི་བྱེད་ནའང༌། ཁྲུས་ཀྱི་རྣལ་འབྱོར་གྱི་དམིགས་པ་སྒོམ་པ་མ་ཆག་ན་ལེགས་ཤིང༌། སྤྱིར་ཐུན་མཚམས་ཀྱི་སྤྱོད་པ་ཕྱི་མ་འདི་རྣམས་རེ་རེ་ནས་མ་གྲུབ་ཀྱང་མངོན་རྟོགས་ཀྱི་ཆོ་ག་མ་ཚང་བར་མི་འགྱུར་ཡང༌། ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་དང༌། བསྒྲུབ་པར་བྱ་བའི་དམ་ཚིག་སྲུང་བ་དང༌། སྔགས་
ཀྱི་སྤྱོད་པ་ལ་གནས་པ་དང༌། བྱིན་རླབས་ཁྱད་པར་ཅན་འཇུག་པ་ལ་མཆོག་ཏུ་གལ་ཆེ་བའི་ཡན་ལག་ཡིན་ནོ། །གཉིས་པ་ཁྱད་པར་གྱི་དུས་སུ་སྤྱོད་པའི་རྣལ་འབྱོར་ལ། ལག་མཆོད་ཀྱི་རྣལ་འབྱོར་དང༌། ཕྱི་རོལ་མཆོད་པ་དང༌། ཚོགས་ཀྱི་མཆོད་པ་སྟེ་གསུམ་མོ། །དང་པོ་ནི། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྔོན་རོལ་ཏུ་འདི་ངེས་པར་བྱ་དགོས་ལ། གཞན་ཡང་ཚེས་བཅུའི་མཆོད་པ་ལ་སོགས་པའི་དུས་དང༌། ཁ་ཟས་ཀྱི་རྣལ་འབྱོར་གྱི་སྔོན་དུ་གྲུབ་ནའང་ཤིན་ཏུ་ཁྱད་ཆེ་སྟེ། ཇི་སྐད་དུ། གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡས། །ཞེས་པ་དང༌། དྲིལ་བུ་ཞབས་ཀྱིས་ཀྱང༌། ཟས་ཀྱི་རྡོ་རྗེ་སེམས་སོགས་དང༌། སྙིང་གའི་དཀྱིལ་འཁོར་སྦྱིན་སྲེག་བྱ། །ཞེས་གསུངས་སོ། །དེ་ལ་རང་འཁོར་ལོ་སྡོམ་པའི་རྣལ་འབྱོར་རྒྱས་བསྡུས་གང་རུང་ཞིག་སྔོན་དུ་བཏང་ལ། བསྡུ་ན་སྐད་ཅིག་རྣམ་པའི་སྔགས་བརྗོད་དེ་ཕྱག་གཉིས་པའི་ང་རྒྱལ་དུ་ལངས་པས་ཀྱང་ཆོགབྱིན་གྱིས་བརླབས་པའི་ནང་མཆོད་ཡོད་ན་དེ་དང༌། མེད་ན་ཆང་ངམ་ཁུ་བའི་དངོས་པོ་གང་ཡང་རུང་བ་ཞིག་བདུད་རྩིར་བྱིན་གྱིས་རླབས། གཡས་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ནས་གཡོན་པ་ལ་བསངས་གཏོར་བྱ། བསངས་སྦྱངས། སྟོང་པའི་ངང་ལས་མཐེ་བོང་ལ་ཟླ་གདན། སོར་མོ་གཞན་བཞི་དང་སོར་མོ་རྣམས་བསྡུས་པའི་སེན་མོ་ལ་ཉི་གདན། དེ་རྣམས་ཀྱི་སྟེང་དུ་མཐེ་བོང་ལ་ཨོཾ་ཨོཾ་ཧ། འཛུབ་མོ་ལ་ཨོཾ་ན་མ་ཧི། གུང་མོ་ལ་ཨོཾ་སྭཱ་ཧཱ་ཧཱུཾ། སྲིན་ལག་ལ་ཨོཾ་བཽཥཊ་ཧེ། མཐེའུ་ཆུང་ལ་ཨོཾ་ཧཱུཾ་ཧཱུཾ་ཧོ། སེན་མོའི་
ངོས་ལ་ཨོཾ་ཕཊ་ཧཾ། ལག་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པ། འདབ་མ་གཉིས་པ་ལ་ཟླ་བའི་གདན། ལྟེ་བ་དང་གཞན་བཞི་ལ་ཉི་མའི་གདན། ལྟེ་བར་ཨོཾ་ཨོཾ་བཾ་དམར་མོ། འདབ་མ་དང་པོ་ལ་ཨོཾ་ཧཾ་ཡོཾ་སྔོན་མོ། གཉིས་པ་ལ་ཨོཾ་ཧྲིཾ་མོ་དཀར་མོ། གསུམ་པ་ལ་ཨོཾ་ཧྲིཾ་ཧྲིཾ་སེར་མོ། བཞི་པ་ལ་ཨོཾ་ཧཱུཾ་ཧཱུཾ་ལྗང་ཁུ། ལྔ་པ་ལ་ཨོཾ་ཕཊ་ཕཊ་དུད་ཁ་རྣམས་གཡོན་སྐོར་དུ་གནས་པ། ལག་པའི་རྒྱབ་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་བར་མོས། སྔགས་ཡོངས་རྫོགས་བརྗོད་པའམ་ས་བོན་ཙམ་བརྗོད། ལག་པ་ལ་གནས་པའི་སའི་ཁམས་ནི་ལྟུང་བྱེད་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གི་ཁམས་ནི་པདྨ་གར་གྱི་དབང་ཕྱུག་གོ །ནམ་མཁའི་ཁམས་ནི་པདྨ་དྲ་བ་ཅན་ནོ། །ཞེས་བརྗོད་ཅིང་བསམས་ཏེ། ལག་པའི་རྒྱབ་ནི་འཁྲིག་མའི་ཚིགས་ཡིན་པར་བཤད་དོ། །ཡང་འདམ་ཁའི་ཁྱད་པར་ནི། གོ་ཆ་རྣམས་ས་བོན་གྱི་ཚབ་ཏུ་ལྷ་རྣམས་སྐད་ཅིག་གིས་བསྐྱེད་པའམ། ས་བོན་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པའམ། ཆོ་ག་གསུམ་བསྐྱེད་སོགས་གང་བྱས་ཀྱང་འདྲའོ། །དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱང་ས་བོན་གྱི་དཀྱིལ་འཁོར་རམ། སྙིང་པོའི་སྔགས་ཀྱི་དཀྱིལ་འཁོར་རམ། ཞལ་ཕྱག་ཅན་གང་བསྐྱེད་ཀྱང་འདྲ་སྟེ། ཡིད་ཀྱི་ཡུལ་དུ་གསལ་ཐེབས་པ་གལ་ཆེ་ལ། ངག་ནས་བརྗོད་པ་ངེས་པར་དགོས་པ་མིན་ཡང་ཞལ་ཕྱག་ཅན་གསལ་འདེབས་པའི་ཚེ། དམིགས་པ་གསལ་བའི་ཕྱིར་ངག་ནས་བརྗོད་ཀྱང་མི་འགལ་ལོ། །དེ་ནས་ཆང་ལ་སོགས་པ་
ཁུ་བའི་རྫས་ཀྱིས་ལག་པ་གཡོན་པ་ལ་བྱུག་ཅིང་འབྲུ་གསུམ་མང་དུ་བརྗོད། ཁྱད་པར་དུ་ཨོཾ་ཨོཾ་ཧཱ་སོགས་དང༌། ཨོཾ་ཨོཾ་བཾ་སོགས་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང༌། འཁོར་གྱི་ལྷའི་སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་པས་ཆང་དང་ཁུ་བའི་རྫས་དང༌། ནང་མཆོད་དང་ཟན་དང་འབྲུ་ལ་སོགས་པ་དངོས་སུ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་དང༌། ཨོཾ་བཱི་ནཱི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་ལ་སོགས་པ་རིག་མ་བཅུ་དྲུག་གིས་མཆོད། གཡས་པས་ཌཱ་མ་རུ་འཁྲོལ་ཞིང༌། རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། ལག་པའི་ལྷ་ལ་འདོད་དོན་གསོལ་བ་བཏབ། ལག་པ་ལ་མཆོད་པའི་རྫས་རྣམས་སྣོད་གཅིག་ཏུ་བླུགལག་པ་ལ་གོས་པ་རྣམས་ལག་པ་གཡས་པས་བཞུར་ཏེ་གཡོན་གྱི་ལག་མཐིལ་དུ་སྤུངས། གཡོན་པས་སྲིན་ལག་གིས་སྙིང་ག་དང༌། ལྕེ་རྩེ་དང༌། དཔྲལ་བར་ཅུང་ཟད་རེ་བྱུག་ཅིང༌། ཧཱུཾ་ཨཱཿཨོཾ་ཞེས་བརྗོད། ལྷག་མ་ཅི་བདེར་བཞག་གོ །དེ་ནས་ཡོ་ག་ཤུདྡྷོའི་སྔགས་བརྗོད། ལག་པ་པད་སྐོར་གྱི་མཐར་འཁྱུད་རྒྱ་སྤྱི་བོར་བཞག་པས་ལག་པའི་ལྷ་རྣམས་སྤྱི་བོ་ནས་ཞུགས་ཏེ། གོ་ཆ་དང་ལུས་དཀྱིལ་ལ་ཐིམ་པར་བསམ། ལག་མཆོད་ལ་ཕུལ་པའི་རྫས་ལྷག་མ་དེ་རྣམས་ཅི་རིགས་པར་ཚོགས་རྫས་སམ། བཟའ་བཏུང་ལ་བསྲེ་བའམ། ཡང་ན་ཁྱིམ་གྱི་ནང་དུ་བཞག་པས་ལོངས་སྤྱོད་འཕེལ་བར་འགྱུར་རོ། །དེ་ལྟར་ཡང་ཀུན་སྤྱོད་ལས། རྣལ་འབྱོར་པ་ཡི་ལག་མཆོད་ཀྱིས། དབུལ་བ་བསལ་ནས་འདོད་དོན་འགྱུར། སེམས་ནི་གཞན་དུ་གྱུར་པ་ཉིད། བཟའ་བཏུང་གོས་སོགས་ཐོབ་པར་འགྱུར།
རྟག་ཏུ་མཆོད་པ་བྱས་པ་ཡིས། ཡིད་ལ་བསམ་པ་འགྲུབ་པར་འགྱུར། ཞེས་འབྱུང་སྟེ། སྤྱིར་འདོད་དོན་ཐམས་ཅད་འགྲུབ་པ་དང༌། ཁྱད་པར་དུ་འཕོངས་པ་སེལ་བའི་མཆོག་ཏུ་གསུངས་ཏེ། སེམས་ནི་གཞན་དུ་སོགས་ལ། སེམས་ཀྱིས་བསམ་པར་མ་བྱས་ཀྱང༌། །ཞེས་བསྒྱུར་བ་བདེའོ། །གཉིས་པ་ཕྱི་རོལ་མཆོད་པ་ནི། ཐོ་རངས་སམ་སྔ་དྲོའི་ཐུན་ལ་བྱ་བར་བཤད་པ་ནི། མཚོན་བྱེད་དེ། སྐབས་གཞན་དུ་ཡང་རུང་ངོ༌། ཐུན་བར་ཡིན་ན་བདག་བསྐྱེད་ལ་སོགས་པ་མི་དགོས་ལ། གཞན་དུ་ན་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་བླང་དགོས་ཏེ། ཤིན་ཏུ་བསྡུ་ན་ཐོག་མའི་དག་པ་གསུམ་ལྟ་བུས་ཀྱང་རུང་ངོ༌། །དེ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་གནས་ཀྱི་བགེགས་བསལ། རྡོ་རྗེ་དང་བཅས་པའི་ལག་པ་ས་ལ་བསྟད་ནས་ཀྱང་སུམྦྷ་བཟླས། རྫས་དང་ཡོ་བྱད་ཚོགས་པར་བྱས། སྔོན་འགྲོ་གཏོར་མ་དང༌། ཕྱི་ནང་གི་བདུད་རྩི་ལྔ་ཇི་ལྟར་འབྱོར་བ་དང་དྲི་བཟང་བསྲེས་པའི་ས་གཙང་མ་དང༌། བ་ལང་གི་ལྕི་བའི་གོང་བུ་བསྲེས་པས་མཎྜལ་གྱི་དབྱིབས་གྲུ་བཞི་དབུས་སུ་ཟླུམ་པོ་བྱ་སྟེ་ལག་པ་གཡོན་པས་བྱུག །ལྗང་ཁུ་དམར་པོ་དཀར་པོ་སོགས་ཇི་ལྟར་འོས་པར་ཁ་བསྒྱུར། དེ་ལྟ་བུ་མ་ལྕོགས་ན་ཤིང་ངམ་རྫའམ་འཁར་བ་སོགས་ཀྱི་མཎྜལ་ལ་དྲི་བཟང་དང་ནང་མཆོད་བསྲེས་པ་བྱུགས། མཆོད་པ་ཅུང་ཟད་ཅིག་བཤམས། གནས་དང་ཡོ་བྱད་བྱིན་གྱིས་བརླབ་པར་བྱ། དེ་ནས་མཎྜལ་ལ་རེག་སྟེ། ཨོཾ་པུ་ཛ་ཨོ་ཨ་ནས། མ་ཀུ་ཧཱུཾ་ཧཱུཾ་ཕཊ་
ཚར་གསུམ་དང༌། ཨོཾ་པིཥྛ་ཨུ་པ་པིཥྛ་སྭཱ་ཧཱ། ཨོཾ་ཀྵེ་ཏྲ་ཨུ་པ་ཀྵེ་ཏྲ་སྭཱ་ཧཱ། ཨོཾ་ཚནྡྷོ་ཧ་ཨུ་པ་ཚནྡྷོ་ཧ་སྭཱ་ཧཱ། ཨོཾ་མེ་ལཱ་ཀ་ཨུ་པ་མེ་ལཱ་ཀ་སྭཱ་ཧཱ། ཨོཾ་ཤྨ་ཤཱ་ནི་ཨུ་པ་ཤྨ་ཤཱ་ནི་སྭཱ་ཧཱ། ཨོཾ་པཱི་ལ་བ་ཨུ་པ་པཱི་ལ་ཝ་སྭཱ་ཧཱ། ཞེས་པ་རྣམས་ཀྱང་ལན་གསུམ་གསུམ་བརྗོད། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། ཚནྡྷོ་དང་ཉེ་བའི་ཚནྡྷོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། ཁྱད་པར་ཅན་གྱི་གནས་ལྔ། ཡུལ་ཉི་ཤུ་རྩ་བཞི། དུར་ཁྲོད་བརྒྱད་དང་བཅས་པ་གདོད་ནས་གྲུབ་པའོ་ཞེས་མཎྜལ་དེ་ལྟ་བུའི་རང་བཞིན་དུ་མོས་པར་བྱའོ། །དེ་ནས་མཐེབ་སྲིན་གཡོན་པས། གཙོ་བོ་ཡབ་ཡུམ་གྱི་གནས་སུ་དྲི་བཟང་ངམ་ནང་མཆོད་ཀྱིས་དབུས་སུ་ལྷའི་གནས་གྲུ་བཞི་པ་གཅིག་བྱ། གཞན་རྣམས་སུ་ཟླུམ་པོ་རེ་བྱ་སྟེ། ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གསུམ་གསུམ་བརྗོད་དོ། །ཡང་དེའི་རྗེས་སུ་མེ་ཏོག་གི་ཚོམ་བུ་རེ་ཡང་འགོད་པའི་ལུགས་ཡོད། སྤྱིར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ཇི་ལྟར་འོས་པ་ཅིག་གིས་ཆོག །གནས་བྱིན་གྱིས་རློབ་པའི་སྔགས་རྣམས་སྐབས་འདིར་བྱེད་པའང་ཡོད་དེ་མི་འགལ་ལོ། །དེ་ནས་བསངས་སྦྱངས། འབྱུང་བཞི་རི་རབ་དང་བཅས་པ་བསྐྱེད། དེའི་སྟེང་དུ་སྐད་ཅིག་གིས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ། དེའི་རྗེས་སུ་ལྷ་བསྐྱེད་པ་ནི། ཨཱ་ལི་ཀཱ་ལི་དང་བཅས་པའི་མངོན་བྱང་ལྔའམ། ཨཱ་ལི་ཀཱ་ལི་སྤངས་པའི་མངོན་བྱང་ལྔའམ་ས་བོན་ཙམ་མམ། ཆོ་ག་གསུམ་བསྐྱེད་དང༌། སྐད་ཅིག་གིས་བསྐྱེད་པ་
སོགས་སྐྱེད་ཆོག་གང་གིས་ཀྱང་རུང་མོད་ཀྱི། སྐབས་འདིར་གཙོ་འཁོར་ཐམས་ཅད་སྙིང་པོའི་སྔགས་ཀྱིས་བསྐྱེད་པ་ཉིད་གཙོ་བོར་བྱེད་དེ། དེ་སྐབས་སྐུའི་རྣམ་པ་ཡིད་ཀྱིས་གསལ་འདེབས་པ་ཉིད་གཙོ་བོ་ཡིན་ཡང་མངོན་རྟོགས་ངག་ཏུ་བརྗོད་པ་ལའང་འགལ་བ་མེད་དོ། །དེ་ནས་ཡེ་ཤེས་པ་དགུག་གཞུག་ངེས་པར་བྱ་དགོས་ལ། རྒྱས་པ་ལ་མོས་ན་གོ་ཆ་དང་དབང་བསྐུར་ཡང་བྱ། དེ་ནས་བྱང་ཕྱོགས་སོ་བདུན་གྱི་དག་པ་དྲན་པར་བྱས་ཏེ། མཆོད་ཡོན་ནས་རོལ་མོའི་བར་དང༌། སྙིང་ག་ནས་སྤྲུལ་པའི་རིག་མ་བཅུ་དྲུག་གིས་མཆོད། རྒྱས་པ་ལ་སྤྲོ་ན་མཆོད་པའི་རྣམ་གྲངས་གཞན་མང་པོ་ཕུལ་ཡང་ལེགས་པར་འདིར་ལག་མཆོད་ཀྱི་ཆོ་ག་ཡོངས་སུ་རྫོགས་པའམ། བསྡུ་ན་གོ་ཆའི་ལྷ་བཅུ་གཉིས་པོ་ཁོ་ནའི་ལག་མཆོད་ཀྱིས་ཀྱང་རུང་ལ། གང་ལྟར་ཡང་ལག་པའི་ལྷ་གཤེགས་གསོལ་མ་བྱས་པའི་བར་དེར་ལག་པ་གཡོན་པས་མེ་ཏོག་བླངས། ཡི་གེ་གསུམ་བཟླ་ཞིང་གཙོ་བོ་ཡབ་ཡུམ་ལ་མེ་ཏོག་ཕུལ། ཡང་སྙིང་པོས་ཀྱང་མེ་ཏོག་ཕུལ། ཉེ་སྙིང་གིས་ཀྱང་ཕུལ། དེ་རྗེས་མཁའ་འགྲོ་མ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་བར་ལ་རང་རང་གི་སྔགས་ཀྱིས་མེ་ཏོག་ཕུལ། དེ་རྗེས་ལག་པའི་ལྷ་རྣམས་ཀྱི་གནས་སུ་ཡང་ལག་པ་གཡས་པས་མེ་ཏོག་བླངས་ཏེ་སོ་སོའི་སྔགས་ཀྱིས་ཕུལ། ལག་པ་ལ་ཕུལ་བའི་མེ་ཏོག་དེ་རྣམས་ཡབ་ཡུམ་གྱི་རྐང་བརྒྱད་བརྗོད་བཞིན་དུ། མཎྜལ་གྱི་དབུས་སུ་དོར་རོ། །དེ་ནས་ལག་པའི་ལྷ་གཤེགས་གསོལ་ལག་མཆོད་ཀྱི་སྐབས་ལྟར་བྱ། དེའི་རྗེས་སུ་མདུན་བསྐྱེད་ལ་ནང་མཆོད་དང༌། སྔགས་མཆོད་དང༌། བསྟོད་
པ་དང༌། བཤགས་པ་དང༌། ལྷ་ལ་སེམས་འཛིན་པ་དང༌། བཟླས་པ་དང༌། སྨོན་ལམ་སོགས་བྱ་ཞིང༌། འགྲུབ་ན་གཏོར་མ་ཡང་སྐབས་འདིར་འབུལ་ཏེ། ཚོགས་མཆོད་བྱེད་ནའང་སྐབས་འདིར་བྱེད་རྒྱུ་ཡིན་ལ། སྤྱིར་དེ་གཉིས་མ་འགྲུབ་ཀྱང་ཆོ་ག་ཆད་པར་མི་འགྱུར་ལ། གཏོར་ཆོག་བྱེད་པ་ཤས་ཆེ་བར་སྣང་ངོ༌། །དེ་རྗེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། འདོད་དོན་གསོལ་བ་བཏབ། ཡོ་ག་ཤུདྡྷོའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་རང་ལ་གཞུག་ཅིང༌། ཞར་ལ་འོངས་བའི་མགྲོན་རྣམས་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་མཐར་སེ་གོལ་བརྡབས་པའི་སྲིན་ལག་ས་ལ་རེག་སྟེ། ཨོཾ་བཛྲ་མུཿཞེས་རང་གནས་སུ་གཤེགས་སུ་གསོལ། འདི་ལ་ཁ་ཅིག་གཤེགས་གསོལ་གྱི་ཚིག་གིས་རང་གནས་མཎྜལ་ནས་གཤེགས་ནས། རང་གི་སྙིང་གར་བསྡུ་དགོས་ཞེས་ཟེར་རོ། །དེ་རྗེས་སྨོན་ལམ་དང་བཀྲ་ཤིས་བྱ་བའམ། ཡང་ན་དེ་དག་གཏོར་མའམ་ཚོགས་མཆོད་ཀྱི་མཐར་སྦྱར་ཏེ་ཡིག་བརྒྱའི་གོང་དུ་བྱས་ཟིན་ན་འདིར་མི་དགོས་སོ། །གལ་ཏེ་དེ་ཙམ་མ་ལྕོགས་ན། ཕྱི་རོལ་མཆོད་པ་བསྡུས་པ་ནི། མཎྜལ་གྱི་མདུན་དུ་མཆོད་གཏོར་བཤམས། ནང་མཆོད་བྱིན་གྱིས་རླབས། ལག་མཆོད་གོ་ཆའི་ལྷ་ཁོ་ན་བསྐྱེད། དེ་ལ་མཆོད་པ་གཞན་མ་གྲུབ་ཀྱང་ནང་མཆོད་ཕུལ་བ་ཁོ་ནས་ཆོག །མཎྜལ་ལ་རེག་ནས་གནས་བྱིན་རླབས་ཀྱི་སྔགས་བརྗོད། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་ནས་བླངས་ཏེ། མཎྜལ་གྱི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཟུར་དྲུག་པ་བྱས་ནས། དེའི་དབུས་སུ་ནང་མཆོད་ཀྱིས་ཐིག་ལེ་ཟླུམ་པོ་ཞིག་བྱ།
དེ་དག་འབྲི་བའི་ཚེ་ཡི་གེ་འབྲུ་གསུམ་བརྗོད། དེ་ནས་ཡེ་ཤེས་པ་སྤྱན་འདྲེན་བྱེད་པ་ལྟར་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྱན་དྲངས། ལྷ་ཚོགས་ཀྱི་སྔགས་ཚར་གཅིག་བརྗོད་པས། དཀྱིལ་འཁོར་ཡོངས་རྫོགས་བཞུགས་པ་གསལ་བཏབ། མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ཕྱི་མཆོད། ནང་མཆོད། གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་ངེས་པར་བྱ། མཆོད་པ་མང་བ་ལ་སྐྱོན་མེད་དེ། ཇི་ལྟར་འོས་པས་ཁ་བསྐང༌། དེ་རྗེས་གཏོར་མ་འབུལ། ཚོགས་ཀྱི་མཆོད་པ་སོགས་བྱེད་ན་བར་འདིར་བྱེད། རྗེས་ཀྱི་བྱ་བ་ཕྱི་རོལ་མཆོད་པ་དངོས་དང་འདྲ། མཎྜལ་ལ་གོས་པའི་བདུད་རྩི་རྣམས་སྲིན་ལག་གིས་བླངས་ཏེ། ཧཱུཾ་ཨཱཿཨོཾ་ཞེས་གནས་གསུམ་དུ་བྱུག དེ་ནས་ལག་མཆོད་ཀྱི་ལྷ་ཡང་གོང་བཞིན་རང་ལུས་ལ་གཤེགས་སུ་གསོལ། འདིའི་དག་པ་ནི་ཆོས་འབྱུང་འོག་མ་ནི། རྣམ་ཐར་སྒོ་གསུམ། གོང་མ་ནི་སྙིང་རྗེའི་བདེ་བ་ཆེན་པོ་གསུམ། ཟླུམ་སྐོར་ནི་རོ་མཉམ་དུ་རྟོགས་པའི་ཡེ་ཤེས། དེ་ལས་ལྷ་སྐུ་འབྱུང་བ་ནི་དཀྱིལ་འཁོར་སྒོམ་པའོ། །གསུམ་པ་འཁོར་ལོའི་མཆོད་པ་ནི། གཞན་དུ་ཤེས་པར་བྱའོ། །རྩ་བའི་གཉིས་པ་སྒྲུབ་ཐབས་ཀྱི་ཆིངས་མདོ་ཙམ་བསྟན་པ་ལ། རྒྱུད་འདི་སྐོར་དུ་གསུངས་པའི་ཐུན་མོང་མ་ཡིན་པའི་ཆིངས་དང༌། རྒྱུད་གཞན་དང་ཐུན་མོང་གི་ཆིངས་གཉིས་ལས། དང་པོ་ལ། རྣལ་འབྱོར་དགུའི་ཆིངས་ནི། ཀུན་སྤྱོད་ལས། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པར་བྱ་བ་དང༌། །བྱིན་གྱིས་བརླབས་དང་དབང་བསྐུར་དང༌། །
ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་གསུངས་ཤིང༌། མངོན་བརྗོད་ལས་ཀྱང་དེ་དང་འདྲའོ། །གནས་པའི་རྣལ་འབྱོར་ནི། ཚོགས་གསོག །སྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་ཡན་ཆད་བསྐྱེད་པའོ། །ལྡང་བའི་རྣལ་འབྱོར་ནི། དཀྱིལ་འཁོར་གྱི་ལྷ་དམ་ཚིག་པ་བསྐྱེད་པའི་སྐོར་རྣམས་སོ། །འཇུག་པ་ནི་ཕོ་ཉ་གསུམ་བསྲེ་བ་དང༌། ཡེ་ཤེས་པ་གཞུག་པའི་སྐོར་རྣམས་ཏེ། ནག་པོ་ལུགས་འདི་ལ་ལྡང་འཇུག་དབང་གསུམ་སྤེལ་མར་བྱུང་སྟེ། གཙོ་བོའི་ལྡང་འཇུག་དབང་གསུམ་རྫོགས་པའི་རྗེས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྡང་འཇུག་དབང་གསུམ་འབྱུང་བའི་ཕྱིར་རོ། །རྫོགས་པའི་རྣལ་འབྱོར་ནི་ལུས་དཀྱིལ་དང༌། བྱིན་གྱིས་རློབ་པའི་རྣལ་འབྱོར་ནི། གོ་ཆ་གཉིས་དང༌། སྐུ་གསུང་ཐུགས་དང་གནས་ལྔ་བྱིན་གྱིས་རློབ་པའོ། །དབང་བསྐུར་བའི་རྣལ་འབྱོར་ནི་ལྷ་ལ་དབང་བསྐུར་བའོ། །ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི་དག་པ་དྲན་པ་དང༌། ལྷ་སྐུ་དང་ང་རྒྱལ་ལ་མཉམ་པར་འཇོག་པ་དང༌། ཕྲག་ཐིག་གི་རྣལ་འབྱོར་རོ། །མཆོད་པ་ནི་སྔགས་མཆོད་དང་ཕྱི་ནང་དང་གསང་བ་དང་བསྟོད་པའི་མཆོད་པ་རྣམས་སོ། །ཉེར་བསྡུའི་རྣལ་འབྱོར་ནི། ཉེར་བསྡུ་ཐུན་མཚམས་ལ་འཇུག་པ་དང་བཅས་པ་རྣམས་ཡིན་ནོ། །དེ་ལྟར་ན། གནས་པའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་དང༌། འཇུག་པའི་རྣལ་འབྱོར་དང༌། རྫོགས་པའི་རྣལ་འབྱོར་དང༌། བྱིན་གྱིས་རློབ་པའི་རྣལ་འབྱོར་དང༌། དབང་བསྐུར་བའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་གྱི་རྣལ་འབྱོར་དང༌། མཆོད་པའི་རྣལ་འབྱོར་དང༌། ཉེ་བར་བསྡུ་བའི་རྣལ་
འབྱོར་ཏེ། རྣལ་འབྱོར་དགུའོ། །སྐུ་གསུམ་ལམ་བྱེད་ཀྱི་རིམ་པ་ནི། ཕྱི་དཀྱིལ་བསྒོམས་པས་རགས་པའི་ལུས་རྣམ་པར་དག་པར་བྱེད་པ་སྤྲུལ་སྐུ་ལམ་བྱེད། ལུས་དཀྱིལ་སྒོམ་པ་ཕྲ་བའི་ལྷ་སྐུའི་ངོ་བོ་ངག་རླུང་དག་བྱེད་དང༌། བདེ་བའི་རྒྱུ་ཡིན་པས་ལོངས་སྐུ་ལམ་དུ་བྱེད། བྱང་ཕྱོགས་ཀྱི་དག་པ་དྲན་པ་ཆོས་ཉིད་ཀྱི་དོན་བསམ་པ་ཡིན་པའི་ཕྱིར་ཆོས་སྐུ་ལམ་བྱེད་དོ། །དེ་ཡང་རྣལ་འབྱོར་མ་ཀུན་སྤྱོད་ལས། ཕྱི་དཀྱིལ་གོ་ཆ་ཡེ་ཤེས་སྤྱན་འདྲེན་རྗེས་ཆགས་རྣམས་གསུངས་པའི་རྗེས་སུ། དེ་ནི་སྤྲུལ་པར་ཤེས་བྱ་སྟེ། །ལོངས་སྤྱོད་རྫོགས་པར་འདོད་པ་ཉོན། །ཞེས་གསུངས། ཡང་པུ་ལ་སོགས་པ་ཡང་དག་སྦྱར། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཧེ་རུ་ཀ་དཔལ་བདག་ཉིད་དགོད། །ཡི་གེ་ཉི་ཤུ་རྩ་བཞི་ནི། །ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། ཞེས་དང༌། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་དག་ནི་རྣམ་བསྒོམ་པ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །དེ་ནི་ངེས་པར་འབྱུང་བར་འགྱུར། །ཞེས་གསུངས་པ་རྣམས་ཡིན་ནོ། །ཡང་མཁྱེན་པ་གསུམ་ལམ་དུ་བྱེད་པ་ནི། མངོན་བརྗོད་ལས། བསྐྱེད་པའི་རིམ་པའི་སྦྱོར་བ་ཡི། །སྒོམ་པ་ཡིས་ནི་བསྒོམ་པར་བྱ། །ཐམས་ཅད་ཤེས་པ་ཉིད་དང་ནི། །དེ་བཞིན་ལམ་ཀུན་ཤེས་པ་སྟེ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །བདག་ཉིད་ཧེ་རུ་ཀར་བསྒོམ་བྱ། །ཞེས་གསུངས་ཏེ། གཙོ་བོ་འཁོར་དང་བཅས་པའི་ཕྱི་དཀྱིལ་དམ་ཚིག་པ་བསྐྱེད་པ་དང༌། གོ་ཆ་དང་དབང་བསྐུར་རྒྱས་བཏབ་དང༌། ཡེ་ཤེས་སྤྱན་འདྲེན་དང༌། མཆོད་བསྟོད་རྣམས་ནི་
རྣམ་མཁྱེན་ལམ་བྱེད་དེ། ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔ་དང༌། འཆི་བར་སྐྱེ་གསུམ་དག་པའི་སྐུ་གསུམ་ལམ་དུ་བྱེད་ཅིང༌། འཕྲིན་ལས་མཛད་པ་དང་བཅས་པ་ལམ་དུ་བྱེད་པའི་ཕྱིར་རོ། །ལུས་དཀྱིལ་གཙོ་བོར་གྱུར་པ་དང༌། ཕྱི་དཀྱིལ་ལ་ཡང་སྟེ་རྩ་ཁམས་ཡུལ་ཉེར་བཞི་དང་བཅས་པའི་དག་པར་སྒོམ་པ་ནི། ལམ་ཤེས་པ་ཉིད་ལམ་བྱེད་དེ། ལམ་དང་འབྲས་བུའི་ས་བཅུ་རྣམ་པ་ལམ་བྱེད་ཉིད་ཀྱིས་སོ། །བྱང་ཕྱོགས་ཀྱི་དག་པ་དྲན་པ་ནི། གཞི་ཤེས་པ་ཉིད་ལམ་བྱེད་དེ། གཞི་ཤེས་ཀྱི་ངོ་བོ་ཉིད་ཀྱི་བྱང་ཕྱོགས་ཁོ་ན་ཉིད་ཡིན་པས་སོ། །ཡང་དེ་ཁོ་ན་ཉིད་བཅུ་བཞིར་བསྡུས་པ་ཡང་ཡིན་ཏེ། དེ་ལྟར་ཡང་རྩ་བའི་རྒྱུད་ལས་གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུངས། །སྔགས་ཀུན་གྱི་ནི་མཆོད་པ་ཡིན། །དེ་ལྟར་དེ་ཉིད་བཅུ་བཞི་ནི། མདོར་བསྡུས་ནས་ནི་བཤད་པ་ཡིན། དེ་ཡང་བསྐྱེད་རིམ་ཁོ་ན་ལ་བསྟོས་པའི་དེ་ཉིད་བཅུ་བཞི། རྫོགས་རིམ་ཁོ་ན་ལ་བལྟོས་པའི་དེ་ཉིད་བཅུ་བཞི། རྒྱུད་དོན་ཡོངས་རྫོགས་བསྡུས་པའི་དེ་ཉིད་བཅུ་བཞི་སྟེ་གསུམ་ཡིན་ནོ། །དང་པོ་ལ། གོས་ཀྱི་དེ་ཉིད་སྟག་ལྤགས་སོགས་གོས་དང༌། རྟེན་ཀྱི་དཀྱིལ་འཁོར་སྒོམ་པ་སྟེ། གོས་ཀྱི་སྐད་དོད་བཱ་ས་ན་གནས་ལ་ཡང་འཇུག་པས་སོ། །ཕྱག་རྒྱ་ལྔའི་དེ་ཉིད་ནི་དེའི་དག་པ་དྲན་པའོ། །ཤེས་རབ་ཡན་
ལག་གི་དེ་ཉིད་ནི། སྒྲུབ་གྲོགས་ཤེས་རབ་མ་དང༌། སྔོན་འགྲོ་སྟོང་ཉིད་སྒོམ་པའོ། །ཕུར་བུའི་དྲ་བ་ནི་སྲུང་འཁོར་གྱི་དེ་ཉིད་དོ། །ཨཱ་ལི་ཀཱ་ལིའི་དེ་ཉིད་ནི་ལཱུ་ཡི་པ་ལྟ་བུ་མངོན་བྱང་ལྔ་བསྐྱེད་ལྟར་ན། མངོན་བྱང་དང་པོ་གཉིས་ཡིན་ལ། འདིར་ནི་རྒྱུ་རྡོ་རྗེ་འཛིན་པ་མཛད་པ་དང་བཅས་པའོ། །རྒྱུ་སོགས་སྟོང་པ་སྔོན་དུ་འགྲོ་བ་ནི། དེ་ཉིད་ཡེ་ཤེས་ཚོགས་གསོག་དང་དག་པ་གསུམ་སྒོམ་པ་རྣམས་སོ། །འཇུག་པ་སྒྲ་སྟེ་ན་ད་འཇུག་པའི་དེ་ཉིད་ནི་བར་དོ་སྦྱོང་བྱེད་ན་དའམ་ཧཱུཾ་བསྐྱེད་པ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཞུ་བའི་སྐབས་དང༌། དཀྱིལ་འཁོར་རྒྱལ་མཆོག་གྱི་སངས་རྒྱས་རྣམས་སྐུ་ལ་བཅུག་ཅིང་ཞུ་བའི་སྐབས་ཏེ་གསུམ་མོ། །འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ཅིང་བྱིན་རླབས་ཀྱི་རྣལ་འབྱོར་བྱེད་པ་དང༌། འཁོར་གྱི་ལྷ་ཚོགས་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་ནི་བསྡུས་པའི་དེ་ཉིད་དོ། །བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད་ནི་མཆོད་པ་དང་བསྟོད་པའོ། །བྱང་ཕྱོགས་ཀྱི་དག་དྲན་དང་ཉེར་བསྡུ་ནི་མྱ་ངན་ལས་འདས་པའི་དེ་ཉིད་དོ། །དབང་གི་དེ་ཉིད་ནི་ལྷ་ལ་དབང་བསྐུར་བའོ། །གོ་ཆ་ཆེན་པོའི་དེ་ཉིད་ནི་ལུས་དཀྱིལ་ལོ། །སྔགས་མཆོད་ཀྱི་དེ་ཉིད་ནི་བཟླས་པའོ། །ལག་མཆོད་ཀྱི་དེ་ཉིད་ནི་ཐུན་མཚམས་ཀྱི་བྱ་བ་སྟེ། དེ་ལྟར་ན་ནག་པོ་ལུགས་འདི་ཏིང་ངེ་འཛིན་གྱི་རྣམ་གྲངས་རྒྱས་པས། གོ་རིམ་ཁྲིགས་གཅིག་ཁོ་ནར་མ་ངེས་ཏེ་སྤེལ་མར་བྱུང་ངོ༌། །གཉིས་པ་ལ། གནས་ཀྱི་དེ་ཉིད་ནི་རྩ་འཁོར་ལ་སོགས་པ་ལུས་ཀྱི་གནས་སོ། །ཕྱག་རྒྱ་ལྔའི་དེ་ཉིད་ནི་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པའོ། །ཤེས་རབ་ཡན་
ལག་གི་དེ་ཉིད་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་རོ། །སྲུང་འཁོར་གྱི་དེ་ཉིད་ནི། དབབ་ཟློག་གི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཆིང་བའོ། །ཨཱ་ལི་ཀཱ་ལིའི་དེ་ཉིད་ནི་རོ་རྐྱང་གི་རླུང་དང་སྲོག་ཐུར་དབུ་མའི་ཐིག་ལེར་འཆིང་བའོ། །སྟོང་པ་སྔོན་འགྲོའི་དེ་ཉིད་ནི་རྣམ་པར་མི་རྟོག་པ་ལས་སྟོང་པའི་གསལ་སྣང་ཤར་བའོ། །ན་ད་འཇུག་པའི་དེ་ཉིད་ནི་ཡེ་ཤེས་ཀྱི་གཏུམ་མོ་འབར་བའོ། །བསྡུས་པའི་དེ་ཉིད་ནི་འབྱུང་བ་རྣམས་འོད་གསལ་དུ་ཐིམ་པའོ། །བདུད་རྩི་ཚིམ་བྱེད་ནི། རྣམ་མེད་ཕྱག་ཆེན་གྱི་བདེ་བ་འཕེལ་བའོ། །མྱ་ངན་ལས་འདས་པའི་དེ་ཉིད་ནི་གསང་རིམ་གྱི་ས་བཅུ་གཉིས་ལ་ཟུང་འཇུག་གི་སྐུའི་ཆ་ཤས་རྣམས་གྲུབ་པའོ། །ལག་མཆོད་ཀྱི་དེ་ཉིད་ནི་ཕྱག་རྒྱ་ཆེན་པོ་རྣམ་བཅས་ལ་བརྟེན་ནས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པས། ཕུང་ཁམས་སྐྱེ་མཆེད་རྣམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེ་བར་སྒྲུབ་པའོ། །དབང་བསྐུར་བའི་དེ་ཉིད་ནི་ཡས་བབས་ཀྱི་ས་བཞི་ལ་སོགས་པ་རྫོགས་རིམ་གྱི་དགའ་བཞི་ཐམས་ཅད་དང༌། གོ་ཆ་ཆེན་པོའི་དེ་ཉིད་ནི་ཡུལ་ཉེར་བཞིའི་རླུང་དབུ་མར་ཐིམ་པའི་ཡེ་ཤེས་དང༌། སྔགས་ཀྱི་དེ་ཉིད་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དེ་ཉིད་ལེགས་པར་མཚོན་ནུས་པའི་ཞུ་བདེ་འཛག་མེད་རྣམས་སོ། །གསུམ་པ་ནི། བསྙེན་པའི་གནས་དང༌། སྒྲུབ་པའི་གནས་དང༌། ལས་སྦྱོར་གྱི་གནས་སོ་སོ་བ་ཐམས་ཅད་དང༌། བསྒོམས་པའི་གཞལ་མེད་ཁང་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་དབྱིབས་སུ་བཀོད་པའི་དཀྱིལ་འཁོར་རྣམས་ཀྱང་དམིགས་པའི་རྟེན་ཡིན་པའི་ཕྱིར་གནས་
ཀྱི་དེ་ཉིད་ཅེས་བྱའོ།། ཕྱག་རྒྱ་ལྔ་ལ་སོགས་པ་མི་འབྲལ་བའི་དམ་ཚིག་དང༌། སྲུང་བའི་དམ་ཚིག་དང༌། མཉམ་རྗེས་ཀྱི་དམ་ཚིག་ལ་སོགས་པ་དང༌། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་ནི་འདའ་བར་མི་སྤྱོད་པའི་ཕྱིར་ཕྱག་རྒྱ་ལྔའི་དེ་ཉིད་དོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟོང་པ་ཉིད་ཀྱི་སྒོམ་པའི་ཁྱད་པར་དང༌། ལས་ཀྱི་ཕྱག་རྒྱ་སྤྱི་དང༌། ཕོ་ཉ་མོ་རྣམས་ཀྱི་མཚན་ཉིད་དང༌། བརྡ་དང་བསྟེན་ཚུལ་ལ་སོགས་པ་ནི་ཤེས་རབ་ཡན་ལག་གི་དེ་ཉིད་དོ། །སྲུང་བ་དང༌། བཟློག་པ་དང༌། དྲག་པོའི་ལས་ཀྱི་སྦྱོར་བ་ཇི་སྙེད་པ་རྣམས་དང༌། ཕྱུགས་སྒྲུབ་པ་དང༌། རོ་ལངས་སྒྲུབ་པ་དང༌། སྐྱེ་བ་བདུན་པ་ལ་སོགས་པ་དཔའ་བོའི་རིམ་པའི་ལས་ཐམས་ཅད་ནི་སྲུང་འཁོར་གྱི་དེ་ཉིད་དོ། །ཨཱ་ལི་ཀཱ་ལིའི་མཚོན་པ་རིན་ཆེན་བཞི་ལ་སོགས་པའི་སྔགས་རྣམས་དང༌། སྔགས་དེའི་ཆོ་གས་བསྐྱེད་པའི་ཚུལ་སྐད་ཅིག་ལས་བསྐྱེད་པ་དང། ས་བོན་ལས་བསྐྱེད་པ་དང༌། མངོན་བྱང་ལྔ་ལས་བསྐྱེད་པ་དང༌། གླུས་བསྐུལ་བ་ལ་སོགས་པ་སྐྱེ་བ་སྤྲུལ་སྐུ་ལམ་བྱེད་ཀྱི་ལྷའི་སྐྱེད་ཆོག་དང༌། རླུང་དབུ་མར་འཇུག་བྱེད་ཀྱི་རྫོགས་རིམ་ཐམས་ཅད་ནི་ཨཱ་ལི་ཀཱ་ལིའི་དེ་ཉིད་དོ། །བསྐྱེད་རིམ་གྱི་འཆི་བ་ཆོས་སྐུ་ལམ་ཁྱེར་ཐམས་ཅད་དང་རྫོགས་རིམ་གྱི་ཕུང་ཁམས་འོད་གསལ་དུ་བསྡུ་བའི་ཚུལ་ཐམས་ཅད་ནི་སྟོང་པའི་དེ་ཉིད་དོ།། བསྐྱེད་རིམ་གྱི་བར་དོ་ལམ་བྱེད་ཐམས་ཅད་དང་རྫོགས་རིམ་གྱི་གཏུམ་མོ་འབར་བ་ཐམས་ཅད་ནི་སྒྲའི་དེ་ཉིད་དོ། །བསྐྱེད་རིམ་གྱི་ཡེ་ཤེས་བསྲེ་བ་དང་རྫོགས་
རིམ་གྱི་རྣམ་པར་མི་རྟོག་པ་ཐམས་ཅད་ནི་བསྡུས་པའི་དེ་ཉིད་དོ། །མཆོད་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། ཚོགས་ཀྱི་འཁོར་ལོ་དང༌། རྫོགས་རིམ་གྱི་དགའ་བཞི་ཡེ་ཤེས་དང༌། དངོས་གྲུབ་བཅུད་ཀྱི་ལེན་གྱི་སྦྱོར་བ་ཐམས་ཅད་ནི་བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད་དོ། །བསྐྱེད་རིམ་གྱི་དག་པ་དྲན་པ་དང་རྫོགས་པའི་རིམ་པ་ལ་རྗེས་ཐོབ་ཀྱི་ཡེ་ཤེས་ཕྱོགས་མཐུན་དང་བཅས་པ་གང་ཡིན་པ་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དེ་ཉིད་དོ། །གཡོན་པའི་ཀུན་སྤྱོད་ལ་སོགས་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་དང་རྫོགས་རིམ་ལ་ཕྱག་རྒྱ་བསྟེན་པ་ནི་ལག་མཆོད་ཀྱི་དེ་ཉིད་དོ། །སློབ་མ་ལ་དབང་བསྐུར་བ་དང༌། ལྷ་ལ་རབ་ཏུ་གནས་པ་དང༌། བདག་ཉིད་དབང་བླང་བ་དང༌། ཉེ་རྒྱུའི་དབང་བསྐུར་བ་རྣམས་ནི་དབང་གི་དེ་ཉིད་དོ།། ལུས་ཀྱི་དཀྱིལ་འཁོར་དང་རྫས་སྔགས་ཕྱག་རྒྱའི་གོ་ཆ་ཐམས་ཅད་དང༌། ཁྲོ་བོ་ཆེན་མོའི་རྣལ་འབྱོར་རྣམས་དང༌། བྱམས་པ་དང༌། བཟོད་པ་དང༌། སྟོང་ཉིད་སྒོམ་པ་ལ་སོགས་པས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་དང༌། ལམ་གྱི་གེགས་སེལ་བ་དང༌། བོགས་དབྱུང་བ་ཐམས་ཅད་ནི་གོ་ཆ་ཆེན་པོའི་དེ་ཉིད་དོ། །དེ་དག་ཏུ་མ་གཏོགས་པའི་ལས་ཆེན་བཅུ་གཉིས་སོགས་ལས་ཚོགས་དང༌། ཐུན་མོང་གི་དངོས་གྲུབ་མཐའ་ཡས་པ་རྒྱུད་ཀྱི་སྦྱོར་བ་གང་ཡིན་པ་དེ་ནི་སྔགས་ཀྱི་མཆོད་པའི་དེ་ཉིད་ཅེས་བྱའོ། །དེ་ལྟར་ན་དེ་ཉིད་བཅུ་བཞིའི་འཇོག་ཚུལ་སྡེ་ཚན་གསུམ་ལས། བསྐྱེད་རིམ་གྱི་ཆིངས་ཀྱི་སྐབས་འདིར་དང་པོ་ཉིད་ངོས་གཟུང་
བར་བྱའོ། །གཉིས་པ་རྒྱུད་གཞན་དང་ཐུན་མོང་གི་ཆིངས་ལ། སྐུ་གསུམ་ལམ་བྱེད་ཀྱི་དབང་དུ་བྱས་ན། གོང་དུ་སྨོས་པའི་དེ་ཉིད་བཅུ་བཞིའི་ནང་གི་སྟོང་པའི་དེ་ཉིད། ན་དའི་དེ་ཉིད། ཨཱ་ལི་ཀཱ་ལིའི་དེ་ཉིད་གསུམ་གྱིས་བསྟན་པ་དེ་ཡིན་ཏེ། དེ་ཡང་རྒྱུ་རྡོ་རྗེ་འཛིན་པ་ལ་བལྟོས་ན། ཡེ་ཤེས་ཚོགས་གསོག་ནི་འཆི་བ་ཆོས་སྐུ་ལམ་ཁྱེར་ཡིན་ཏེ། ཀུན་སྤྱོད་ལས། ཟློག་པའང་ཇི་ལྟར་བསྟན་པ་ནི། །བཤད་བྱ་སྒྲུབ་པ་པོ་རྣམས་ཉོན། །ཞེས་སོགས་གསུངས་ཏེ། ཧེ་རུ་ཀའི་སྔགས་དོན་སྒོམ་པ་དངོས་ནི། ལཱུ་ཡི་པ་འགྲེལ་ལུགས་ལ་དངོས་སུ་ཡོད་ལ། འདིར་ཧེ་རུ་ཀའི་ཡི་གེ་སྒོམ་པ་མེད་ཀྱང་དོན་ཚང་ངོ༌། །མངོན་བྱང་གསུམ་པ་ནི་བར་དོ་ལོངས་སྐུ་ལམ་ཁྱེར་མངོན་བྱང་ལྷག་མ་མཛད་པ་དང་བཅས་པ་ནི་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་རོ། །འབྲས་བུ་རྡོ་རྗེ་འཛིན་པའི་དབང་དུ་བྱས་ན། ཆོས་སྐུ་ལམ་ཁྱེར་དེ་ཁོ་ན་ཡིན་ལ། ལོངས་སྐུ་ལམ་ཁྱེར་ན་དའམ་ཧཱུཾ་ཆ་ལྔ་པ་ནས། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུ་ལ་ཞུགས་པའི་བར་ཡིན། སྤྲུལ་སྐུ་ལམ་ཁྱེར་ནི་ཞུ་བ་གླུས་བསྐུལ་ནས་མཆོད་པའི་བར་རོ། །ནག་པོ་ལུགས་འདིའི་སྐུ་གསུམ་ལམ་བྱེད་ཀྱི་གཙོ་བོ་འདི་ཡིན་ནོ། །འཁོར་ཚོགས་རྣམས་ཀྱི་དབང་དུ་བྱས་ན། དེ་བཞིན་གཤེགས་པ་རྣམས་སྨིན་མཚམས་ནས་སྐུ་ལ་བཅུག་པ་ནི་ལོངས་སྐུ་ལམ་ཁྱེར་མངལ་དཀྱིལ་སྤྲུལ་པ་ནས་བཟླས་པའི་བར་ནི་སྤྲུལ་སྐུ་ལམ་ཁྱེར། ཉེར་བསྡུ་ནི་ཆོས་སྐུ་ལམ་ཁྱེར་རོ། །རྣལ་འབྱོར་བཞིའི་ཆིངས་ནི་
ལཱུ་ཡི་པ་དང་འདི་མི་མཐུན་ཏེ། འདི་གཤིན་རྗེ་གཤེད་ནག་པོའི་ལུགས་དང་མཐུན་ནོ། །དེ་ཡང་རྒྱུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་འཁོར་བཅས་རྣལ་འབྱོར་འབྲས་བུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་འཁོར་དང་བཅས་རྗེས་སུ་རྣལ་འབྱོར་འཁོར་གྱི་དཀྱིལ་འཁོར་སྤྲོ་བ་ཤིན་ཏུ་རྣལ་འབྱོར། ཕོ་ཉ་གསུམ་བསྲེ་བ་མན་ཆད་ནི་རྣལ་འབྱོར་ཆེན་པོའོ། །སྒྲུབ་ཐབས་ཡོངས་རྫོགས་ཀྱི་ཆིངས། དང་པོ་སྦྱོར་བ་སོགས་ཏིང་ངེ་འཛིན་གསུམ་དང༌། ལུགས་འདི་རང་གི་གཙོ་བོ་ཡབ་ཡུམ་སྒོས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་བསྐྱེད་ཀྱི་ཆིངས་ནི་གོང་དུ་བསྟན་ཟིན་པ་ཉིད་དོ། །ད་ནི་དེ་དག་གི་འཕྲོས་དོན་དུ་གྱུར་པ་འགའ་ཞིག་བཤད་པར་བྱ་སྟེ། སྤྱིར་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་ནི་གཉིས་ཏེ། གཙོ་བོ་བསྐྱེད་པ་ཁོ་ན་ལ་འཇུག་པ་ཐུན་མོང་བ་དང༌། དཀྱིལ་འཁོར་ཆེན་པོ་སྒྲུབ་ཐབས་ཡོངས་རྫོགས་ལ་འཇུག་པ་ཐུན་མོང་མ་ཡིན་པའོ། །དང་པོ་ནི། འདུས་པ་རྩ་རྒྱུད་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པ་དྲུག་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་སྒོམ་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། འདིའི་དོན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀྲལ་བ་དང༌། སློབ་དཔོན་འདིའི་གཞུང་གོང་དུ་བཤད་པ་གཉིས་མཐུན་ཤས་ཆེ་སྟེ། དེ་ལ་བསྙེན་པའི་ཡན་ལག་ནི། གཙོ་བོ་
ཉིད་རང་རང་གི་གཞུང་ནས་འབྱུང་བའི་ཆོ་གས་བསྐྱེད་དེ། བྱང་ཆུབ་མཆོག་གི་ང་རྒྱལ་བྱེད་པའོ། །དེ་ཡང་དྷརྨ་དྷ་ཏུའི་སྔགས་ནི་བྱང་ཆུབ་མཆོག་གི་སྔགས་ཡིན་ཏེ། བྱང་ཆུབ་ནི་སྟོང་པ་ཉིད། མཆོག་ནི་དོན་དམ་རིག་པའི་ཡེ་ཤེས་ཏེ། དེ་ལྟ་བུའི་ངོ་བོར་བྱིན་གྱིས་བརླབ་པའི་སྔགས་བརྗོད་པའོ། །ཉེ་བར་སྒྲུབ་པ་ནི་མངོན་ཤེས་ལ་སོགས་པ་གྲུབ་པ་མཆོག་གི་རྒྱུར་མིག་སོགས་སྐྱེ་མཆེད་དྲུག་ལ་སོགས་པ་བྱིན་གྱིས་རློབ་པ་སྟེ། སྐྱེ་མཆེད་རྣམས་ལྷ་སྐུ་དང་སྟོང་པ་ཉིད་ཟུང་དུ་སྦྱོར་བའི་རྡོ་རྗེར་སྒོམ་པའོ། །སྒྲུབ་པ་ནི་སྔགས་ཀྱི་བདག་པོ། སྐུ་གསུང་ཐུགས་རྡོ་རྗེའི་ལྷའམ་སྔགས་ལུས་ལ་བཀོད་ནས། རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་ཅིང་བསྐུལ་བའོ། །སྒྲུབ་པ་ཆེན་པོ་ནི། རང་སྔགས་རྡོ་རྗེ་ཅན་ཏེ་སེམས་དཔའ་སུམ་བརྩེག་གམ། སྒྲུབ་ཐབས་འདིའི་ལུགས་ལ་སྦྱོར་ན། ལུས་དཀྱིལ་ཡོད་པའི་དབང་དུ་བྱས་ན། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་སྟེ། དེ་གཉིས་གནད་གཅིག་པར་འགྱུར་ཚུལ་གོང་དུ་བཤད་པ་བཞིན་ཡིན་ལ། དེ་ལྟར་ཡེ་ཤེས་སེམས་དཔའི་ཏིང་འཛིན་དང༌། དབང་བསྐུར་ཏེ་དབུ་རྒྱན་ལ་རིགས་བདག་བསམ་པ་ནི་སྒྲུབ་པ་ཆེན་པོའོ།། འདིར་སྐྱེ་མཆེད་བྱིན་རླབས་ནི་གོ་ཆའི་འགོད་པ་ཡིན་ལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ལུགས་གསང་འདུས་སྒྲུབ་ཐབས་ལ། གཙོ་བོ་བསྐྱེད་པའི་སྐབས་ན་ནི་ཡེ་ཤེས་སྤྱན་འདྲེན་མེད། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་ན་ཡོད་ཀྱང༌། བསྙེན་པའི་ཡན་ལག་གི་ནང་
དུ་བསྡུས་སོ། །གཞན་འདི་དང་དགོངས་པ་གཅིག་པར་བྱུང་སྟེ། འདུས་པའི་རྒྱུད་ཚིག་དེའི་དགོངས་དོན་ལ་ཤིན་ཏུ་འབྱོར་པ་ཡིན་ནོ། །འཕགས་སྐོར་གྱི་ལུགས་དང་རྒྱུད་ཚིག་ཅུང་མི་འབྱོར་ཏེ། བྱང་ཆུབ་མཆོག་ངོས་འཛིན་རྒྱུ་མེད་པས་སྟོང་པ་ལས་ལྷ་སྐུར་ལྡང་བ་ཙམ་ལ་སྐྱབས་འཚོལ་དགོས་པ་དང༌། ཉེར་སྒྲུབ་ལ་ཡང་སྐྱེ་མཆེད་དྲུག་གམ་བཅུ་གཉིས་ལས་གྲངས་ལྷག་པ་སོགས་མི་འགྲིག་པ་ཡོད་ལ། བོད་མང་པོ་འདིའི་བསྙེན་སྒྲུབ་བཞི་དང༌། དགྱེས་རྡོར་གྱི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ་སོགས་སྦྱོར་བ་ནི་དེ་བས་ཀྱང་ཆེས་མི་འགྲིག་གོ །གཉིས་པ་ནི་མངོན་བརྗོད་བླ་མར། ཟླ་བ་རྡོ་རྗེ་ས་བོན་ཡང༌། །དེ་ཉིད་ཀྱིས་ནི་སྙིང་གར་བསྒོམ། །བསྙེན་པའི་རྣལ་འབྱོར་དག་ཏུ་བརྟག །མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་ནི། །ཉེ་བའི་བསྙེན་སོགས་རྣལ་འབྱོར་རོ། །དཔའ་བོའི་ཡན་ལག་དགོད་པ་ཡིས། །རྣལ་འབྱོར་གྱི་ནི་སྒྲུབ་པ་བརྩམས། །ཞེས་སོགས་གསུངས་ཏེ། གཙོ་བོ་སེམས་དཔའ་སུམ་བརྩེགས་ཏུ་བསྐྱེད་པའམ། མངོན་བྱང་ལྔ་ལས་གཙོ་བོ་བསྐྱེད་པ་བསྙེན་པའི་ཡན་ལག །འཁོར་གྱི་ལྷ་ཚོགས་བསྐྱེད་པ་ཉེར་སྒྲུབ་ཀྱི་ཡན་ལག །ལུས་དཀྱིལ་སྒོམ་པ་སྒྲུབ་པའི་ཡན་ལག །ལྷག་མ་གོ་ཆ་དང་སྐུ་གསུང་བྱིན་གྱིས་བརླབ་པ་སོགས་སྒྲུབ་པ་ཆེན་མོའི་ཡན་ལག་སྟེ། སྒྲུབ་ཐབས་ལུགས་འདི་ལ་གོ་རིམ་ཇི་ལྟ་བ་བཞིན་མ་འཁྲུགས་པར་མི་འབྱོར་བར་སྣང་ཡང༌། ཕྱོགས་མཐུན་བསྡུས་ན་ལེགས་པར་ཚང་ཞིང་འདུས་པ་ཡང་ཡིན་ནོ། །ཡང་སྒྲུབ་ཐབས་བསྐྱེད་རིམ་འདི་ནི་སྦྱང་བྱའི་དབང་དུ་བྱས་ནས་
རྟེན་འབྲེལ་བཅུ་གཉིས་སྦྱོང་བྱེད་ཀྱང་ཡིན་ནོ། །དེ་ལ་འཁོར་བ་ཐམས་ཅད་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་བཅུ་གཉིས་ལས་བྱུང་ཞིང༌། རྣམ་པར་བྱང་བའི་དངོས་པོས་བསྡུས་པའི་ལམ་དང་འབྲས་བུ་ཐམས་ཅད་ཀྱང་རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་ལས་བྱུང་ངོ༌། །དེ་ལ་མ་རིག་པའི་ཡན་ལག་ནི། བདག་ཏུ་འཛིན་པ་དང་ལྡན་པའི་གཏི་མུག་ཡིན་ལ། འདུ་བྱེད་ནི་དེས་ཀུན་ནས་བསླངས་ཏེ། གྲོགས་ཉོན་མོངས་གཞན་དང་བཅས་པའི་སྒོ་ནས་ལས་དགེ་བ་དང་མི་དགེ་བ་དག་བྱས་པའི་དུས་ན་སེམས་ལ་ལས་ཀྱི་བག་ཆགས་བཞག་པ་དེ་ཡིན་ནོ། །རྣམ་ཤེས་ཀྱི་ཡན་ལག་ནི་བག་ཆགས་བཞག་ཟིན་པའི་རྣམ་ཤེས་སླར་ཚེ་ཕྱི་མ་ལ་སྐྱེ་བ་བླངས་པ་ཡན་ཆད་དོ།། ཉིང་མཚམས་སྦྱར་ཟིན་ནས་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཡན་ཆད་ནི་མིང་གཟུགས་ཀྱི་ཡན་ལག་གོ །སྐྱེ་མཆེད་དྲུག་གི་ཡན་ལག་ནི། མིག་སོགས་སྐྱེ་མཆེད་དྲུག་ཆགས་པ་ནས་གཟུང་མངལ་ནས་མ་བཙས་པ་ཚུན་ཆོད་དོ། །རེག་པའི་ཡན་ལག་ནི་བཙས་པ་ནས་གཟུང་སྟེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་ཡོད་ལ། རེ་ཞིག་བདེ་སྡུག་གི་རྒྱུ་བླང་དོར་མི་ཤེས་པ་ཚུན་ཆད་དོ། །ཚོར་བའི་ཡན་ལག་ནི་ལོ་གསུམ་ལོན་ནས་བདེ་སྡུག་གི་རྒྱུ་ལ་བླང་དོར་ཤེས་ཤིང༌། དེ་ནས་གཟུང་སྟེ་ཇི་སྲིད་དུ་འཁྲིག་པ་སྤྱོད་པར་མི་ནུས་པ་ཚུན་ཆོད་དོ། །སྲེད་པའི་ཡན་ལག་ནི་འཁྲིག་པ་སྤྱོད་པའི་ནུས་པ་ཡོད་ཀྱང་དངོས་སུ་མི་སྤྱོད་པའི་བར་རོ། །ལེན་པའི་ཡན་ལག་ནི། འདོད་པའི་ཡུལ་ལ་རྒྱུག་ཅིང་འཁྲིག་པ་ལ་སོགས་པའི་བྱ་བ་
དངོས་སུ་བྱེད་པའོ། །དེ་ནས་ཤིན་ཏུ་དར་བབ་ཏུ་གྱུར་པ་ཕན་ཆད་འཇིག་རྟེན་ཕ་རོལ་གྱི་རྒྱུར་གྱུར་པའི་ལས་གཙོ་བོར་གསོག་པ་ནས་བརྩམས་ཏེ་འཆི་བ་དང་བར་དོའི་བར་ནི་སྲིད་པའི་ཡན་ལག་གོ །དེ་ནས་སྐྱེ་བ་གཞན་དུ་ཉིང་མཚམས་སྦྱོར་བ་ནི་སྐྱེ་བའི་ཡན་ལག་གོ །དེ་ནས་སྐྱེ་བ་ཕྱི་མའི་ཕུང་པོ་འགྱུར་ཞིང་འགྲོ་བའི་སྐབས་ཐམས་ཅད་རྒ་ཤིའི་ཡན་ལག་གོ །གཞུང་གཞན་ལས། ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་ངེས་གཟུང་བྱས་པའང་ཡོད་མོད། འདིར་ངེས་གཟུང་མི་སྦྱོར་རོ། །དེ་རྣམས་སྦྱོང་བྱེད་ཀྱི་དབང་དུ་བྱས་ནས། སྔོན་འགྲོ་དག་པ་གསུམ་གྱིས་ནི་མ་རིག་པའི་གནས་སྐབས་སྦྱོང་བར་བྱེད་དེ། ཧཱུཾ་ཉིད་མ་རིག་པ་དང༌། ཟླ་བ་ནི་སྲེད་པ་དང༌། འོད་ཟེར་ནི་ལས་ཀུན་ནས་སློང་བྱེད་མཚོན་ཏེ། ལུས་ལྷ་སྐུ་དང༌། ངག་ང་རྒྱལ་གཟུང་བ་ནི། མ་རིག་པའི་གནས་སྐབས་ལ་གནས་པའི་ཕུང་པོ་རྣམས་སྦྱོང་བར་བྱེད། སྔོན་འགྲོ་བསོད་ནམས་ཚོགས་གསོག་གིས་ནི་འདུ་བྱེད་སྦྱོང་བར་བྱེད། ཡེ་ཤེས་ཚོགས་གསོག་དང་ན་ད་འཇོག་པ་ནི། རྣམ་ཤེས་ཀྱི་གནས་སྐབས་སྦྱོང་བྱེད་དངོས་ཡིན་ལ། སྲུང་འཁོར་དང་གཞལ་ཡས་ཁང་དང༌། རྒྱུ་རྡོ་རྗེ་འཛིན་པ་མཛད་པ་དང་བཅས་པ་ཡན་ཆད་ཀྱང༌། ཕྲུགས་གཅིག་པོ་དེའི་རྣམ་ཤེས་ཀྱི་སྐབས་དངོས་མ་ཡིན་ཡང༌། རྣམ་ཤེས་སྦྱོང་བྱེད་ཀྱི་ཁོངས་སུ་གཏོགས་ཏེ། སྲུང་འཁོར་གྱིས་བགེགས་འཇོམས་པའི་ལས་བྱེད་པ་དང༌། རྟེན་གྱི་དཀྱིལ་འཁོར་གྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་ལས་དང༌། རྒྱུ་རྡོ་རྗེ་འཛིན་པ་ཕ་མ་ལྟ་བུ་དང༌། སྙིང་རྗེའི་དབང་བསྐུར་བ་སྤུན་ཟླ་ལྟ་བུའི་ཚུལ་ཡིན་པས།
ཕ་མ་དང་སྤུན་ཟླར་འགྱུར་བའི་ལས་རྣམ་པར་ཤེས་པ་ལ་ས་བོན་གྱི་ཚུལ་དུ་གནས་པ་རྣམས་སྦྱོང་བའི་ཕྱིར་དང༌། སྲུང་འཁོར་ནས་དེའི་བར་དུ་སོ་སོ་ལ་ང་རྒྱལ་འཇོག་ཚུལ་སྣ་ཚོགས་ཡོད་ཀྱང༌། གང་ལ་ང་རྒྱལ་འཇོག་པའི་གཞིའི་གཙོ་བོ་ན་ད་ཡིན་ཞིང༌། སྲུང་འཁོར་གཞལ་ཡས་ཁང་རྒྱུ་རྡོ་རྗེ་འཛིན་པ་རྣམས་ཀྱང༌། ན་དའི་བློས་སྤྲུལ་པའི་ཚུལ་གྱིས་བསྐྱེད་དགོས་ལ། ན་ད་ཉིད་བར་དོ་དང་སྦྱོར་དགོས་པའི་ཕྱིར། སྐབས་འདིའི་རྣམ་པར་ཤེས་པའི་ཡན་ལག་ཏུ་འདུའོ། །དེ་དག་གཙོ་བོར་རྒྱུའི་རྣམ་ཤེས་སྦྱོང་བྱེད་ཡིན་ལ། ན་ད་ཉིད་རྡོ་རྗེ་འཛིན་པའི་སྐུ་ལ་ཞུགས་པ་ནི། ཉིང་མཚམས་སྦྱོར་བ་འབྲས་བུའི་རྣམ་ཤེས་སྦྱོང་བྱེད་དང༌། ཡབ་ཡུམ་ཐིག་ལེར་ཞུ་བ་ནས་ས་བོན་གྱི་བར་མིང་གཟུགས་ཀྱི་ཡན་ལག་སྦྱོང་བྱེད་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ནས་ང་རྒྱལ་གཟུང་བའི་བར་ནི། སྐྱེ་མཆེད་དྲུག་གི་ཡན་ལག་སྦྱོང་བྱེད་དང༌། གོ་ཆ་དགོད་པས་ཀྱང་སྐྱེ་མཆེད་དེའི་ཆ་ཤས་ཅིག་ཀྱང་སྦྱོང་བར་འདོད་ཅིང༌། གཙོ་བོར་གོ་ཆ་གཉིས་དང་རྡོ་རྗེ་གསུམ་བྱིན་གྱིས་བརླབས་པས་རེག་པའི་གནས་སྐབས་སྦྱོང་ལ། གནས་ལྔ་བྱིན་རླབས་དང་ཡེ་ཤེས་གཞུག་པས་ཚོར་བ་སྦྱོང་བ་དང༌། དབང་བསྐུར་བས་སྲེད་པའི་ཡན་ལག་དང༌། མཆོད་པ་དང་རྗེས་ཆགས་ཀྱི་ལེན་པའི་ཡན་ལག་སྦྱོང་ངོ༌། །དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྤྲོ་བ་ནི། འཁོར་གྱི་ལྷ་རྣམས་ཉིད་ལ་བལྟོས་ན་མངལ་དུ་འཇུག་ཅིང་སྐྱེ་བ་ལེན་པ་སོགས་སྦྱོང་ཡང༌། གཙོ་བོ་ལ་བལྟོས་ནས་བུ་ཚ་བསྐྱེད་པའི་ལས་བྱེད་པ་དང༌། དེ་དག་བློ་གྲོས་སྣ་ཚོགས་ལ་འགོད་པ་དང༌། རང་རང་གི་རིགས་ཀྱི་སྤྱོད་
པ་ལ་འཇུག་པ་དང༌། རང་དང་དེ་དག་འདོད་ཡོན་སྣ་ཚོགས་ལ་སྤྱོད་པ་སོགས་སྦྱོང་བ་དང༌། ལས་རྒྱལ་མཆོག་ཀྱང་འཇིག་རྟེན་ཕ་རོལ་གྱི་ལུས་འགྲུབ་པའི་རྒྱུ་ལས་དང་ཉོན་མོངས་རྣམས་སྦྱོང་བྱེད་ཡིན་པས། དེ་དག་ནི་སྲེད་པའི་ཡན་ལག་དག་པར་བྱེད་པའོ། །དཀྱིལ་འཁོར་ཉེར་བསྡུའི་མཐར་ཐུན་མཚམས་ཀྱི་ལྷར་ལངས་པ་ཙམ་ནི་སྐྱེ་བའི་ཡན་ལག་སྦྱོང་བྱེད་དང༌། གོ་ཆ་བགོ་བ་ནས་ཐུན་མཚམས་ཀྱི་སྤྱོད་པ་ལ་འཇུག་པའི་བར་རྒ་ཤི་སྦྱོང་བྱེད་དོ།། རིག་པ་རྣམ་པ་བཞི་ལམ་དུ་བྱེད་པའི་ཆིངས་ནི། སྡོམ་འབྱུང་ལས། མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། །རང་གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། །རབ་ཏུ་བྱུང་ནས་བདེ་བ་སྒྲུབ་པ་གསུམ་པ་སྟེ། །རྩེ་གཅིག་ཡིད་ནི་རྙེད་པ་བཞི་པ་དག་ཏུ་གསུངས། །ཞེས་སྤྲུལ་སྐུ་ཆགས་བྲལ་གྱི་མཛད་པ་དང་མཐུན་པར་སྦྱོར་བ་ལས། གོ་ཆ་དགོད་པ་ཡན་ཆད་མིར་སྐྱེ་བ་བརྙེས་པ་དང་མཚུངས་པས་རྒྱུད། སྒྲུབ་པའི་ཡན་ལག་ནི་རབ་ཏུ་བྱུང་བ་དང་འདྲ་བས་གླེང་གཞི། ཡེ་ཤེས་པ་གཞུག་པ་ནི་བསླབ་པ་གསུམ་ལ་སློབ་པ་དང་འདྲ་བས་ངེས་ཚིག །དབང་བསྐུར་དང་མཆོད་པ་ནི། སྟན་གཅིག་ལ་སྒྲིབ་གཉིས་མཐའ་དག་འཇོམས་པའི་ཡེ་ཤེས་སྐྱེད་པ་དང་འདྲ་བས་རྒྱུ་སྟེ། རིག་པ་བཞི་ལས་སངས་རྒྱས་ཐོབ་པར་འགྱུར་བ་བཞིན་དུ། དེ་རྣམས་ཚང་བ་ལས་ལྷ་སྐུར་རྫོགས་པའང་ཡིན་ནོ། །ཆགས་ཚུལ་གྱི་རིག་པ་བཞི་དང་སྦྱོར་ཚུལ་ནི། བདེ་མཆོག་གི་ཆོས་སྐོར་ན་བཤད་པ་མི་སྣང་བས་རེ་ཞིག་བཞག་གོ །རྩ་བའི་གསུམ་པ་ལམ་གྱི་རྩ་བ་དམ་ཚིག་ཕྱོགས་ཙམ་བསྟན་པ་ལ། ཐུན་མོང་མ་ཡིན་པའི་
དམ་ཚིག་དང༌། ཐུན་མོང་གི་དམ་ཚིག་གཉིས་སོ། །དང་པོ་ནི། རྩ་རྒྱུད་ལས། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བསྟན། །སྐྱེས་པ་བུད་མེད་གཡོན་ནས་འགྲོ། །འདོད་པའི་འབྲས་བུ་སྟེར་བར་བྱེད། ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཤྲཱི་ཧེ་རུ་ཀ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པ་ཉིད་དུ་འགྱུར་བ་སྟེ། །བརྙེས་མི་བྱ་ཞིང་སྤང་མི་བྱ། །ཅི་ནུས་པ་ཡིས་མཆོད་པ་བྱ། ཁྭ་གདོང་ལ་སོགས་བརྒྱད་འདི་དག །མོས་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་བསྐྱང་བར་བྱ། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་ལ་རྨོངས་པས་མྱུར་འགྲོ་བ། །མི་གཡོ་ བདག་གཞན་གཉིས་མེད་པ། །གཉིས་སུ་མེད་དང་ཐོགས་མེད་མིན། །དམ་ཚིག་སྤྱད་པ ་སྤྱོད་པ་དང༌། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཚངས་སྤྱོད་དེ་བཞིན་བསམ་གཏན་གནས། ཁྲོ་མེད་རྒྱུན་གྱིས་ཀུན་ཏུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྦྱོང་ཡིན། །སྒྲུབ་པ་ལ་ནི་གནས་པ་ཡི། །སྒྲུབ་པ་པོ་ཡིས་རྟག་ཤེས་བྱ། །ཞེས་གསུངས་ཏེ། འདིའི་ཐོག་མ་ནི་བསྒྲུབ་པར་བྱ་བའི་དམ་ཚིག་དང༌། ཕྱི་མ་བདུན་སྤང་བར་བྱ་བའི་དམ་ཚིག་གོ །སྡོམས་ནི། གཡོན་པའི་ཀུན་སྤྱོད་རྨོངས་པས་བགྲོད། །ཐ་དད་འཛིན་དང་གུས་པ་ལྷོད། །ཕྱག་རྒྱ་མི་སྒྲུབ་ཕྱག་རྒྱ་འབྲལ། །སྤྱོད་པ་ཉམས་དང་དམ་རྫས་ཁྲོ། །ཞེས་བྱའོ། །དང་པོ་ནི། གཡོན་པའི་ཀུན་སྤྱོད་དེ། ཚོགས་འཁོར་དང་ལག་མཆོད་
ལ་སོགས་པའི་ཁྱད་པར་གྱི་དུས་སུ་མ་བྱས་ན་ལྟུང་བ་ཡིན་ཞིང༌། རྒྱུན་གྱི་དུས་སུ་ཉིན་རེ་བཞིན་དུས་བཞིར་དྲན་ཞིང་བྱེད་པའི་འདུན་པ་མ་ཉམས་པ་དགོས་སོ། །གཉིས་པ་ནི། རྨོངས་པས་བགྲོད་པ་སྤང་བ་ཞེས་བྱ་སྟེ། ཡུལ་ཕྱག་རྒྱའི་མཚན་ཉིད་མཆོག་དམན་འབྲིང་གསུམ་གང་དང་ཡང་ལྡན་པ་མ་ཡིན་པའི་བུད་མེད་ལས་ཀྱིས་མ་འཁྱུད་པ་ལ་བསམ་པ་ཆགས་སེམས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། དགོས་པ་ཆོས་དགེ་བ་ལ་གཟུང་བ་སོགས་དང་རོ་སྙོམས་པར་བྱེད་པའི་དོན་མ་ཡིན་པར། སྦྱོར་བ་དེ་ལ་བགྲོད་པས་མཐར་ཐུག་བྱ་བ་ཟིན་ཞིང་ཐུན་མཚམས་སུ་གཉེན་པོས་མ་སླེབ་ན་ལྟུང་བའོ། །དེ་ཡང་རྩ་རྒྱུད་ལས། ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་ལ་རྨོངས་པས་བགྲོད་མི་བྱེད། །ཕོ་ཉ་མོ་ཞེན་རྟག་ཐར་པ། །འབད་པ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་གསུངས་ཏེ། ཚིག་འདི་ནི་ཕོ་ཉ་མོ་སྒྲུབ་པའི་སྐབས་སུ་བཤད་པ་ཡིན་ཡང་ལས་དང་པོ་པས་ཀྱང་དེ་དང་ཕྱོགས་མཚུངས་པར་སྤྱོད་པའི་ཁྱད་པར་ཞིག་གོ །གསུམ་པ་ནི། ཐ་དད་དུ་འཛིན་པའི་ལྟུང་བ་སྟེ། ཆོས་ཉིད་གཡོ་བ་མེད་པ་དེ་ནི་རང་གཞན་གྱི་དབྱེ་བ་མེད་པར་མཉམ་ཉིད་དུ་ཁྱབ་པ་ཡིན་ཡང༌། དེ་ལྟར་མ་རྟོགས་པས་རང་གཞན་སོ་སོར་འབྱེད་ན་ལྟུང་བ་སྟེ། དེ་ཡང་ཐུན་མཚམས་བཞིར་གཉེན་པོས་སླེབ་ན་ལྟུང་བར་མི་འགྱུར་ལ། དེ་བས་ན་ཆོས་ཐམས་ཅད་གནས་ལུགས་སྟོང་པར་ཡང་མཉམ། རང་གཞིན་བདེ་གསལ་དུ་ཡང་མཉམ། ངོ་བོ་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཡང་མཉམ་པ་དེ་མི་རྟོག་པའི་ཡེ་ཤེས་ཀྱིས་ཐུན་བཞིར་
སྐྱོང་ཐུབ་ན་རབ། ཐ་ན་མོས་སྒོམ་ཙམ་ཡང་ཐུན་བཞིར་དྲན་དགོས་ཏེ། དེ་ལས་འདས་ན་ལྟུང་བ་སྟེ་ལྟ་བ་དེ་ལྟ་བུའི་དོན་གོ་ནས་མི་སྐྱོང་ན་དེ་ལྟར་ཡིན་ལ། མ་གོ་གོང་དུ་མིན་ཡང་དེ་འདྲ་དེས་མོས་པའི་ཡུལ་ཙམ་དུ་ཡང་ལྟ་བ་དེ་ཚོལ་དགོས་པ་ལས་མི་འཚོལ་ན་ལྟུང་བའི་ཕྱོགས་མཐུན་འབྱུང་བའོ།། བཞི་པ་ནི། གུས་པ་ལྷོད་པའི་ལྟུང་བ་སྟེ། ལམ་གཞན་ལ་མོས་པས་ལམ་འདི་ལས་ལམ་གཞན་མཆོག་ཏུ་འཛིན་པའམ། ལམ་འདི་ལ་སྐྱོན་དུ་འཛིན་པས་ཆོས་འདི་ལ་གུས་པ་དམན་པར་གྱུར་པ་ནི་ལྟུང་བ་སྟེ། ལམ་འདི་སྒྲུབ་པ་ལ་ཆེད་ཆེར་མི་འཛིན་པའོ། །ལྔ་པ་ནི། ཕྱག་རྒྱ་མི་བསྟེན་པའི་ལྟུང་བ་སྟེ། རྫོགས་རིམ་ལ་བརྟེན་ནས་དོན་གྱི་བདེ་སྟོང་མཚོན་ནུས་ཤིང༌། བྱང་ཆུབ་ཀྱི་སེམས་བཅིང་བར་ནུས་པ་དང༌། བསྐྱེད་རིམ་ཕྱོགས་ལ་མོས་པའི་སྒོ་ནས་སྟོང་པ་དང་སྙིང་རྗེ་དང་ལྷའི་རྣལ་འབྱོར་ལ་གནས་ཤིང༌། དཔེའི་ཡེ་ཤེས་མཚོན་ནུས་པས་ལས་ཀྱི་ཕྱག་རྒྱ་མི་བསྟེན་ན་ལྟུང་བའོ། །འདི་ལྟུང་བར་འགྱུར་བའི་དུས་ཚད་ནི་སུམྦུ་ཊི་ལས། དེ་ལྟར་གང་ཞིག་རྣལ་འབྱོར་པས། །གལ་ཏེ་པདྨ་འཛིན་པ་ལ། །སྔོན་དུ་ཉི་མ་རེ་རེའམ། །ལོ་ལ་རེག་པར་མི་བྱེད་ན། །དམ་ཚིག་ཉམས་པར་འགྱུར་རོ་ཞེས་གསུངས་པས། དུས་ཀྱི་མཐའ་ལོ་གཅིག་ལ་གཟུང་མོད། ལས་རྒྱ་དངོས་སུ་སྒྲུབ་པར་མི་ནུས་ན་ཡིད་ཀྱིས་བྱའོ།། དྲུག་པ་ནི། ཕྱག་རྒྱ་དང་འབྲལ་བའི་ལྟུང་བ་སྟེ། ལས་རྒྱ་ལ་བརྟེན་ནས་ཡེ་ཤེས་སྒྲུབ་པའི་འགོ་བརྩམས་པ་ནས་ཡེ་ཤེས་བརྟན་པར་མ་བྱས་ཀྱི་བར་དང༌།
སྤྱོད་པ་ལ་སོགས་པར་ལན་ཅིག་ཞུགས་ནས་རང་ལམ་གྱི་འབྲས་བུ་མངོན་དུ་མ་གྱུར་བར། གྲོགས་ཤེས་རབ་མ་དང་མི་འབྲལ་བར་བྱ་སྟེ་བྲལ་ན་ལྟུང་བའོ། །བདུན་པ་ནི། སྤྱོད་པ་ཉམས་པའི་ལྟུང་བ་སྟེ། ཞུ་བདེ་འཛག་མེད་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བཟུང་ཟློག་གི་སྦྱོར་བས་ཕྱིར་མི་ལྟུང་ཞིང་སྤྱི་བོར་མི་གཡོ་བ་སྟེ་བརྟན་པར་བྱེད་དགོས་པ་ལས། དམིགས་བསལ་དབང་བསྐུར་བ་དང་བཅུད་ལེན་ལ་སོགས་པའི་དོན་མ་ཡིན་པར་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་ཆེད་དུ་ཉམས་པར་བྱེད་ན་ལྟུང་བའོ། །བརྒྱད་པ་ནི། དམ་ཚིག་གི་རྫས་ལ་ཁྲོ་བའི་ལྟུང་བ་སྟེ། འདིར་ཁྱད་པར་གྱི་ཤེས་རབ་མའི་བྷ་ག་ལས་བྱུང་བའི་ཁུ་རྡུལ་གྱི་རྫས་བསྟན་དགོས་པ་ལས། མི་གཙང་བའི་སེམས་ཀྱིས་སྤོང་ན་ལྟུང་བའོ། །འདིའི་གསུམ་པ་རིགས་བཟང་ངན་དུ་འབྱེད་པ་ལྟུང་བར་བཤད་པའང་ཡོད་དེ། དེའི་གཉེན་པོའང་མཉམ་ཉིད་དུ་ཤེས་པ་ཉིད་ཡིན་པས་གནད་གཅིག་པར་འགྱུར་རོ། །དམ་ཚིག་བརྒྱད་པོ་འདི་དག་ལ་གནས་པས། ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་རྣམས་སྒྲུབ་པ་པོ་ལ་མོས་ཤིང་དད་པ་སྟེ། ཤིན་ཏུ་དགྱེས་པས་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ལ་གཡོན་པའི་ཀུན་སྤྱོད་ནི། འཇིག་རྟེན་ན་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་ལ་འདོར། །ལག་པ་གཡོན་པ་སྔོན་དུ་བསྒྱུར། །གཡོན་གྱི་སྤྱོད་པས་རབ་མཆོད་བྱེད། །ལུས་ཀྱི་གཡོན་པས་རྣམ་པར་འཁྲིལ། །གཡོན་པ་ཡིས་ནི་ཚིམ་པར་བཟའ། །བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། །སྒྲུབ་པོ་དེ་ནི་དམ་ཚིག་བརྩོན། །
ཞེས་པ་དང༌། བརྡ་ནི་ལྔ་པོ་བསྟན་པ་དག །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡའ་རྣམས་ལ་ནི་རབ་འཇུག་པའོ། ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །ཞེས་གསུངས་ཏེ། དེ་ལ་གཡོན་པའི་ཀུན་སྤྱོད་ཀྱི་ངོ་བོ། དེའི་མཚོན་དོན། དེའི་བྱེད་ལས་སམ་དགོས་པ་དེ་ལ་ཕོ་ཉ་མོ་རྣམས་མཉེས་པའི་རྒྱུ་མཚན། གཡོན་པའི་ཀུན་སྤྱོད་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ནི། ལག་པ་གཡོན་པ་བྱིན་གྱིས་བརླབས་ཤིང༌། དེས་ལུས་ཀྱི་ཆ་ཐམས་ཅད་ལ་རེག་པས་ལུས་བྱིན་གྱིས་བརླབས། དེ་ནས་ཟ་བ། འགྲོ་བ། ལེན་པ་སོགས་ལ་ལྷའི་དག་པ་དང་མཚོན་དོན་དྲན་པར་བྱས་ལ། གཡོན་པས་བྱ་བ་དེ་དང་དེ་བྱེད་པ་ཡིན་ནོ། །གཉིས་པ་ནི། ལུས་ཀྱི་གཡོན་པའི་ཆ་བདེ་བ་ཆེན་པོ་མཚོན་པ་དང༌། གཡས་ཀྱི་ཆ་རྣམས་སྣང་སྟོང་གཉིས་སུ་མེད་པའི་ལྷ་སྐུ་མཚོན་ན། བདེ་བ་ནི་རང་བཞིན་དང་ལྷ་སྐུ་ནི་རྣམ་འགྱུར་ཡིན་ལ། ཡང་ལྷ་སྐུ་ནི་རྒྱས་གདབ་བྱ་ཡིན་ཞིང༌། བདེ་སྟོང་གི་ཡེ་ཤེས་ནི་རྒྱས་འདེབས་བྱེད་ཡིན་པ། ལྷ་སྐུ་གསལ་སྟོང་དང་ཐིག་ལེ་བདེ་སྟོང་གཉིས་ཀར་གདོད་མ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་ཡང་ཡོད། རྟོགས་བྱེད་ཐབས་ལའང་གཉིས་ཀར་དགོས་མོད་ཀྱི། བདེ་སྟོང་ཉིད་གཙོ་བོ་དང་བྱེད་པོ་ཡིན་ནོ། །དེ་ཡང་གཞི་ཆོས་ཉིད་ལ་གནས་ཚུལ་ནི། དཔེར་ན་གསཻར་ལས་ལུགས་སུ་བླུག་པའི་གླང་པོ་ཆེའི་གཟུགས་ལ་རང་བཞིན་ནི་གསེར་ཡིན། རྣམ་པ་གླང་པོའི་གཟུགས་ཡིན་ན། དེ་གཉིས་རྫས་སུ་ཐ་དད་མེད་ཀྱང་
གསེར་ཡིན་པའི་ལྡོག་ཆ་གཙོ་བོ་ཡིན་པ་བཞིན་དུ། ལྷ་སྐུའི་རང་བཞིན་བདེ་བ་ཡིན་པས་ལྡོག་ཆ་བདེ་བ་གཙོ་བོ་ཡིན་ལ། ལམ་གྱི་གནས་སྐབས་སུ་ཡང་བདེ་བ་ཆེན་པོ་ཉིད་བསྒོམས་པས་ལྷ་སྐུ་རང་ཤར་དུ་འབྱུང་ལ། མ་དག་པའི་ལུས་གནས་གྱུར་པའི་ལྷ་སྐུ་འཇའ་ཚོན་ལྟ་བུ་ཡང་བདེ་བའི་ལམ་གྱིས་བསྒྲུབ་དགོས་པའི་ཕྱིར། ལམ་གྱི་གཙོ་བོ་བདེ་བ་ཡིན་ནོ། །དེ་བས་ན་གཡོན་གྱི་ཕྱོགས་ནི་ཁམས་དཀར་པོའི་དབང་དུ་བྱས་ན་བདེ་སྟོང་གི་ཡེ་ཤེས་མཚོན་ལ། གཡོན་གྱི་སོར་མོ་ལྔ་ནི་ཐབས་བདེ་བའི་ཕྱོགས་ཀྱི་འབྱུང་བ་ལྔའི་དྭངས་མ་ཡེ་ཤེས་ལྔའི་བརྡའ་དོན་ཏེ། དེ་ནི་གདོད་མའི་ཆོས་ཉིད་ཐབས་ཀྱི་དྭངས་མ་ལྔ་པོ་དཔའ་བོ་སྟེ། དཔལ་ཧེ་རུ་ཀ་རིགས་ལྔའི་གནས་ཏེ་རང་བཞིན་ཡིན་ལ། སེམས་ཉིད་བདེ་སྟོང་གཉིས་སུ་མེད་པའི་རང་སྣང་ལས་དྭངས་མ་ལྔའི་དཔའ་བོར་རྟག་ཏུ་འཆར་བ་ལ། དཔེར་ན་གསེར་ལ་གཡའ་བཞིན་དུ། སེམས་བདེ་བ་འཁྲུལ་བཅས་དང༌། ལུས་འབྱུང་བ་ལྔའི་ཆོས་འགྱུར་བཅས་རྣམས་འབྱུང་བ་ཡིན་ཏེ། དེ་ལས་ནི་མ་དག་འཁོར་བའི་ཁམས་གསུམ་སྣོད་དང་བཅུད་ཐམས་ཅད་བྱུང་ངོ༌། །ཡང་གདོད་མ་དེ་ལམ་དུ་བྱས་པ་ལས་ནི། སེམས་བདེ་བ་རྣམ་དག་ཧེ་རུ་ཀ་དང༌། ལུས་འབྱུང་བའི་དྭངས་མ་རྣམ་དག་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔ་སོགས་བྱུང་སྟེ། ཡེ་ཤེས་མྱ་ངན་ལས་འདས་པའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་བྱུང་ངོ༌། །འགྲོ་ཀུན་གཡོན་ལས་བྱུང་བའི་བརྡའ་དོན་གྱི་གཙོ་བོ་ནི་དེ་ལྟར་ཡིན་ལ། ཡང་སྟོང་པ་ཙམ་གྱི་ལྡོག་ཆ་ནས། སྟོང་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བ་
ཙམ་དང༌། འཇིག་རྟེན་ཀུན་རྫོབ་ཏུ་ལུས་ཀྱི་གཡས་སྐྱེས་པ་དང༌། གཡོན་བུད་མེད་ཀྱི་ཚུལ་དུ་གནས་ཞེས་གྲགས་ལ། འགྲོ་བ་རྣམས་བུད་མེད་ཀྱི་ཆོས་ལས་འབྱུང་ངོ༌། །ཞེས་ཀྱང་འགའ་ཞིག་འཆད་དོ། །ཡང་ཁ་ཅིག་གཡོན་ཁུ་བའི་ཁམས་ཡིན་ལ། དེ་ལས་འགྲོ་བ་ཐམས་ཅད་འབྱུང་བ་ཡིན་ནོ་ཞེས་ཀྱང་འདོད་ན། དེ་གཉིས་འགལ་བ་ལྟར་བྱུང་མོད་ཀྱི་ཐབས་དང་ཤེས་རབ་ཕན་ཚུན་རྒྱས་བཏབ་ཀྱི་དབང་དུ་བྱས་ན་འགལ་བར་ནི་མི་འགྱུར་ལ། ཡང་མངལ་སྐྱེས་མ་གཏོགས་གཞན་ལ་དེ་མི་འགྲིག་པས་མི་འཐད་དོ་སྙམ་ན། དེ་དག་དེང་སང་གི་གདུལ་བྱའི་གཙོ་བོ་མངལ་སྐྱེས་ཡིན་པས་ཀྱང་མི་འགལ་ལོ། །གཞན་ཡང་སྒོང་སྐྱེས་ནི་མངལ་སྐྱེས་དང་མཚུངས་ཤིང༌། སྐྱེ་གནས་གཞན་གཉིས་ཀྱི་ཡང་དྲོད་ནི་བུད་མེད། གཤེར་ནི་ས་བོན་གྱི་ཆོས་སུ་ཡོད་པ་དང༌། རྫུས་སྐྱེས་ལ་གནས་ཀྱི་ནམ་མཁའ་ནི་བུད་མེད། འབྱུང་བཞིའི་རྡུལ་ནི་ས་བོན་གྱི་ཚུལ་དུ་ཡོད་པས་འགྲོ་བ་ཀུན་ལ་སྦྱོར་དུ་ནི་རུང་ལ། འོན་ཀྱང་དེ་དག་མཚོན་དོན་གྱི་གཙོ་བོ་ནི་མ་ཡིན་ནོ། །ལག་སོར་ལ་ཡེ་ཤེས་ལྔའི་དག་པ་ཡིན་པ་བཞིན་དུ། དེས་བྱུགས་ཤིང་རེག་པས་ལུས་ཐམས་ཅད་ཡེ་ཤེས་ལྔའི་དག་པར་མོས་དགོས་ལ། བུད་མེད་ལ་གཡོན་གྱི་བརྡ་ཆད་ཀྱིས་གསུངས་པ་ཤིན་ཏུ་མང་མོད་ཀྱང༌། སྐབས་འདིར་ནི་ཤེས་རབ་མ་རྣམས་མཉེས་པར་བྱེད་པའི་རྒྱུའི་གཙོ་བོ་ཐབས་ཡིན་པའི་ཕྱིར། ཁམས་དཀར་པོ་ཐབས་ཀྱི་ཆོས་ལ་སྦྱོར་བ་ཉིད་འཐད་ཚབས་ཆེའོ། །དེ་ལྟར་ན་གཡོན་པའི་ཀུན་སྤྱོད་ནམ་བྱེད་པའི་སྐབས་སུ། ཆོས་ཐམས་ཅད་སེམས་སུ་འདུ་ལ། སེམས་དེའི་རང་
བཞིན་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའོ། །དེའི་སྣང་ཆ་སྣང་བ་ཐམས་ཅད་ཧེ་རུ་ཀ་རིགས་ལྔའི་རང་བཞིན་ཡིན་ལ། འགྲོ་ལེན་སོགས་གདོང་དུ་བབ་པའི་བྱ་བ་གང་ཡིན་པ་དེ་ཡང་རང་བཞིན་བདེ་བ་ཆེན་པོ་དང་ལྷ་སྐུའི་རྣམ་རོལ་ལོ། །ཞེས་ཐ་ན་མོས་པའི་སྒོ་ནས་ཀྱང་སྦྱོང་དགོས་སོ། །གསུམ་པ་ནི། རྐང་པ་གཡོན་པ་སྔོན་དུ་འདོར་བས་ལྟེ་བའི་རྩ་འཁོར་དག་བྱེད་དང༌། ལག་གཡོན་སྔོན་དུ་གྱུར་པས་སྙིང་གའི་འཁོར་ལོ་དང༌། གཡོན་གྱིས་མཆོད་ཅིང་ཕྱག་འཚལ་བས་སྤྱི་བོའི་འཁོར་ལོ་དང༌། གཡོན་གྱིས་བཟའ་བས་མགྲིན་པའི་འཁོར་ལོ་དང༌། གཡོན་གྱིས་སྔོན་དུ་འཁྱུད་པས་གསང་བའི་འཁོར་ལོ་དག་པར་བྱེད་དེ། འདི་དག་འཁོར་ལོ་དེ་དང་དེའི་བྱེད་ལས་ཡིན་ལ། དེ་དག་ལ་གཡོན་པའི་ཀུན་སྤྱོད་ཀྱིས་རྟེན་འབྲེལ་བསྒྲིགས་པས་རང་རྒྱུད་ལ་བལྟོས་ནས་རྩ་འཁོར་དེ་དག་ལ་དག་པས་རྒྱས་བཏབ་པ་དང༌། གཞན་རྒྱུད་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཞིང༌། ཡང་སྒོས་ཕོ་ཉ་མོ་རྣམས་ལ་ཐབས་རིགས་ལྔ་སོགས་ཀྱི་བརྡ་བསྟན་པས་དགྱེས་པར་འགྱུར་བ་ཡིན་ནོ། །བཞི་པ་ནི། གཡོན་པའི་ཀུན་སྤྱོད་ཀྱི་དེ་ཁོ་ན་ཉིད་ཤེས་ནས། གཡོན་པའི་ཀུན་སྤྱོད་བྱེད་པའི་སྒྲུབ་པ་པོ་ཕོ་མོ་དེ་དག་ནི། ཞིང་རྣམས་སུ་སྤྱོད་པའི་ཚེ། ཞིང་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རང་དང་སྤྱོད་པ་མཐུན་པར་གཟིགས་ནས། སྤུན་ནམ་བུ་སྡུག་པ་བཞིན་དུ་དགྱེས་པར་འགྱུར་ལ། ཞིང་དུ་མི་རྒྱུ་བར་རང་གི་ཁྱིམ་དུ་གནས་པ་རྣམས་ལའང་ཞིང་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས། སྒྲིབ་པ་མེད་པའི་སྤྱན་གྱིས་
གཟིགས་ནས་བུ་བཞིན་དུ་བརྩེ་བར་མཛད་དོ། །ཁྲག་འཐུང་མངོན་འབྱུང་ལས་ཀྱང༌། རྟག་ཏུ་གཡོན་པ་ཡིས་ནི་བྱ། །བུད་མེད་རྣམས་ལ་མཐུན་པར་སྤྱོད། །དེ་ཡིས་ངེས་པར་རྟག་ཏུ་འབྱུང༌། །ཞེས་དང༌། རང་ཡུལ་ལག་པ་གཡོན་པས་སྟོན། །དེ་ཡི་རང་གི་རིགས་ནི་དྲན། སྒྲུབ་པོའི་ལུས་ལ་ཕན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་ལ་རྟེན་སྐྱེས་པའམ་བུད་མེད་ཅི་ཡིན་ཡང་རུང༌། རྒྱུད་ཀྱི་རྒྱལ་པོ་འདི་ནི་རྣལ་འབྱོར་མའི་ཐབས་དང་དངོས་གྲུབ་གཙོ་བོར་སྟོན་པའི་ཕྱིར། དངོས་གྲུབ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིས་སྩོལ་བར་མཛད་དོ། །སྒྲུབ་པ་པོ་སྐྱེས་པ་ཕོ་ཉ་མོའི་འདུ་བ་ཐོབ་པར་འགྱུར་བ་ལྷ་མོའི་བྱིན་རླབས་ལས་འབྱུང་བར་མ་ཟད། སྒྲུབ་པོ་བུད་མེད་གང་ཞིག་ཞིང་སྐྱེས་ཀྱི་དཔའ་བོའི་འདུ་བ་ཐོབ་པ་ཡང་ཕོ་ཉ་མོའི་བཀའ་ལ་བརྟེན་ནས་འབྱུང་བ་ཡིན་པས། དཔའ་བོ་ནི་རང་དབང་དུ་སྤྱོད་པ་མ་ཡིན་ཏེ། རྣལ་འབྱོར་མ་ཉིད་རང་དབང་དུ་སྤྱོད་པ་ཉིད་ཡིན་ནོ། །དེ་བས་ན་སློབ་དཔོན་གྱི་དམ་ཚིག་སྤྱི་ཁྱབ་ཏུ་འཇུག་པ་དེ་བསྲུང་དགོས་པར་མ་ཟད། རྒྱུད་འདིའི་ལུགས་ལ་ཕོ་ཉ་མོ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་ཉིད་དོ། །དེའི་ཕྱིར་རྩ་ལྟུང་དང་པོ་ལ་ཡང་ཡུལ་གྱི་སྒོ་ནས་གཞན་དང་རྒྱ་ཆེ་ཆུང་ཅུང་ཟད་ཡོད་ལ། ཕོ་ཉ་མོ་ཞེས་བྱ་བ་ཅི་ལ་ཟེར་ན། སྤྱིར་ཕོ་ཉ་གསུམ་ཀ་ཡང་ཡིན་མོད་ཀྱི། སྐབས་འདིར་ནི། རང་བཞིན་གྱིས་གྲུབ་པའི་ཞིང་སྐྱེས་སྔགས་སྐྱེས་གཉིས་དང༌། དེ་དག་གིས་བྱིན་གྱིས་རླབས་པའི་རྟགས་མངོན་དུ་གྱུར་པའི་བུད་མེད་གཞན་ཡང་ཡིན་གྱི། རིག་མ་ཙམ་ལ་ཕོ་ཉ་མོར་མི་བརྗོད་དོ། །སྒྲུབ་པ་པོ་ཡེ་ཤེས་ཅུང་ཟད་སྐྱེས་ན། དེ་དག་དངོས་སུ་ཤེས་པ་
ཡིན་ལ། ལས་དང་པོ་པས་ནི་ཕལ་ཆེར་མོས་པའི་ཡུལ་དུ་བྱེད་དགོས་པ་ཤས་ཆེའོ།། དེ་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ནི། དཔལ་ཧེ་རུ་ཀའི་ཡང་འདྲེན་པ་ཡིན་ཏེ། དེ་ལྟར་ཡང༌། དེ་ནས་ཞེས་སོགས་དག་ཆེན་པོས། །རྒྱུད་ནི་རྫོགས་པར་གྱུར་པ་གང༌། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་གསུངས་ཏེ། དེའི་དོན་ལྷ་ལ་བཟང་ངན་ནམ་སྟོབས་ཆེ་ཆུང་ཡོད་པའི་དོན་མིན་མོད། དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ནས་ཤེས་རབ་རྩ་བ་ཡིན་ཞིང༌། ཐབས་ཡན་ལག་ཡིན་པ་དང༌། བདེ་བ་ཆེན་པོ་ཡང་རྣམ་པ་ཀུན་ལྡན་གྱི་སྟོང་པས་བསྒྲུབ་དགོས་པ་དང༌། དེ་ལས་ཀྱང་དམིགས་ཀྱིས་གསལ་བར། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་ཆོ་ག་དང་ལས་ཚོགས་དངོས་གྲུབ་ཐམས་ཅད་རྡོ་རྗེ་ཕག་མོའི་ཡེ་ཤེས་ལས་བྱུང་བའི་རིགས་སྔགས་ཀྱི་སྒྲུབ་པ་ཁོ་ན་ཡིན་པའི་དོན་ཏེ། དཔེར་ན་ཡུམ་གྱི་སྙིང་པོ་ཡུམ་གྱི་ཡེ་ཤེས་ལས་སྤྲུལ་པ་སྨོས་མ་དགོས་ཀྱང༌། ཡབ་ཀྱི་སྙིང་པོ་ཡང་རྒྱུ་ཡུམ་གྱི་སྙིང་པོ་ལས་སྐྱེས་ཤིང་ཧེ་རུ་ཀའི་རིགས་སྔགས་ཀྱི་རྣམ་པར་གྱུར་པ་སྟེ། ཡུམ་གྱི་སྔགས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །དེའི་ཕྱིར་སྒྲུབ་པོ་བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་རོ། །ལྔ་པ་ནི། དེ་ལ་གཡོན་པའི་ཀུན་སྤྱོད་ཕྱི་ནི་ལུས་ཀྱི་སྤྱོད་པ་དེ་རྣམས་ཡིན་ལ། ནང་གི་ནི་རྩ་འཁོར་ལོ་རྣམ་དག་པའི་རྟེན་འབྲེལ་སྒྲིག་པ་དེ་ཡིན་ཞིང༌། གསང་བའི་དེ་ནི་ཤེས་རབ་མའི་གཡོན་གྱི་ཕྱོགས་སུ་འབབ་པའི་རྩ་མ་ར་ནཱ་སི་ཀ་བསྐུལ་ཏེ་རྗེས་ཆགས་ཀྱི་མཆོད་པ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་གཡོན་པའི་ཀུན་སྤྱོད་ནི།
མཚོན་དོན་དག་པ་དེ་རྣམས་ཡིན་ཡང༌། དེ་མངོན་དུ་མ་གྱུར་བར་དུ་མོས་པའི་སྒོ་ནས་དག་པ་དྲན་པ་ལ་བྱའོ། །རྒྱུད་འདིའི་ལུགས་ལ་ཕོ་ཉའི་ལམ་བྱ་བ་ཡང༌། ཆགས་ལམ་སྤྱི་ལ་མི་ཟེར་གྱི་ཕོ་ཉ་མོའི་སྒྲུབ་པ་དང་འབྲེལ་བ་ཁོ་ན་ལ་བྱའོ།། གཡོན་པའི་ཀུན་སྤྱོད་ཆོས་འདིའི་ཁྱད་ཆོས་ཆེན་པོར་བཤད་ལ། ཕྱོགས་འདིར་བྱུང་བའི་བདེ་མཆོག་པར་རློམ་པ་ཕྱིས་བྱུང་ཕལ་ཆེར་ལ་མིང་རྐྱང་དུ་ལུས་འདུག་པས། རྒྱུད་གཞུང་རྣམས་ལས་འཐོར་ཐབས་སུ་འབྱུང་བའི་དོན་འདུས་ཤིང་གསལ་བར་བཤད་པ་ཡིན་ནོ།། གཉིས་པ་ཐུན་མོང་གི་དམ་ཚིག་ནི། རྩ་རྒྱུད་ལས། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། །རྒྱུ་མེད་པར་ནི་ཉམས་མི་བྱ། གསང་བ་འདི་ནི་མི་བསྟན་ཏེ། །རབ་ཏུ་འབད་དེ་སྦ་བར་བྱ། །ཞེས་པ་དང༌། གོང་དུ་བརྙས་མི་བྱ་ཞིང་སྤོང་མི་བྱ། །ཞེས་པ་རྣམས་ཀྱིས་བསྟན་པ་ཡིན་ཏེ། རྩ་བའི་ལྟུང་བ་དང་པོ་དང༌། གསུམ་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་རྣམས་ནི་བརྙས་པ་ཡིན་ལ། གཉིས་པ་དང༌། བཞི་པ་དང༌། ལྔ་པ་དང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་དང༌། བཅུ་གསུམ་པ་རྣམས་ནི་སྤོང་བར་འདུས་ཤིང༌། བདུན་པ་ནི། གསང་བ་མི་བསྟན་པ་ཉིད་དོ། །བཅུ་པ་ཡང་དོན་གྱིས་བརྙས་པར་འདུག་པས། མི་བརྙས། མི་སྤང༌། གསང་བ་མི་སྒྲོག་ཅེས་པར་བསྲུང་བྱའི་དམ་ཚིག་གཙོ་བོ་རྣམས་འདུས་ཤིང༌། རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རྣམས་དང༌། དབང་བཞིའི་དམ་ཚིག་སོ་སོ་དང༌། ལས་དང་པོ་པ་དང༌། བརྟན་པ་ཅུང་ཟད་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་ལ་སོགས་པ་རྒྱུད་ཀུན་གྱི་ཐུན་མོང་བ་
དེ་དག་ཀྱང་མ་ཉམས་པར་བསྲུང་བར་བྱའོ། །དེ་ལྟར་དམ་ཚིག་ལ་གནས་ཤིང་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དང་པོར་དཔའ་བོ་གཅིག་པུའི་རྣལ་འབྱོར་ལ་སེམས་བརྟན་པར་གྱུར་ན། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཡང་རིམ་པས་བསྒོམ་པར་བྱ་ལ། གང་གི་ཚེ་ཕྱི་དང་ནང་གི་དཀྱིལ་འཁོར་གསལ་ཞིང་ཤིན་ཏུ་བརྟན་པར་གྱུར་པ་ན། གང་རྒྱུད་ལས་བཤད་པའི་དངོས་གྲུབ་ཀྱི་ཁྱད་པར་མཐའ་ཡས་པ་དག་ཀྱང་འབད་རྩོལ་མེད་པར་འགྲུབ་པར་འགྱུར་ཏེ། དེ་དག་ཀྱང་ལོ་ཡི་སྦྱོར་བས་དྲན་པ་གཅིག་པའི་ཚུལ་གྱིས་སེམས་བརྟན་པར་ནུས་ཤིང༌། དེ་ནས་ཀྱང་དུས་དེ་སྲིད་དུ་བསྒོམས་པས། ཕྱི་ནང་གི་དཀྱིལ་འཁོར་མཐའ་དག་གསལ་བར་ནུས་པ་ཡིན་ལ། དེ་ཉིད་བརྟན་པ་དང་མཐར་འབྱིན་པའི་དོན་དུ་ཡང་དུས་དེ་ཙམ་དུ་བསྒོམ་པར་བྱ་དགོས་ཏེ། དབང་པོ་རྣོ་ཞིང་གཡེངས་རྐྱེན་དང་བྲལ་ན་ལོ་གསུམ་གྱིས་བསྐྱེད་པའི་རིམ་པ་མཐར་ཕྱིན་པར་འགྱུར་ཞིང༌། གཞན་དུ་ན་ལོ་བཅུ་གཉིས་ལ་སོགས་པས་འགྲུབ་པར་འགྱུར་རོ། །དེ་ལ་དྲན་པ་གཅིག་པ་སྒོམ་པ་ནི་བསྙེན་པ་ཡིན་ལ། རིམ་གྱིས་སྤེལ་བ་ནི་ཉེ་བསྙེན་ནོ། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣལ་འབྱོར་ལ་སྒོམ་པ་ནི་སྒྲུབ་པ་ཡིན་ལ། ཐུན་མོང་གི་དངོས་གྲུབ་ཆུང་ངུ་རྣམས་དང༌། ལས་ཚོགས་སྒྲུབ་པ་ནི་ལས་ལ་སྦྱོར་བ་ཞེས་བྱ་ཞིང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་
སྒྲུབ་པ་ནི། སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། དེ་ཡང་རྒྱུད་འདིར་བསྐྱེད་རིམ་གྱི་རྣལ་འབྱོར་པས་བསྐྱེད་རིམ་གྱི་དངོས་གྲུབ་ཀྱི་དོན་དུ། །ཕོ་ཉ་མོ་བསྒྲུབས་ཏེ། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས། དངོས་གྲུབ་ཆེན་པོ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་བ་ཡིན་ནོ། །གླེགས་བམ་གྱི་མཐར་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་མཛད་བྱང་དང༌། རྒྱ་གར་གྱི་མཁན་མོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་ནི་འགྱུར་བྱང་ཡིན་ལ། འགོས་འགྱུར་གྱི་དཔེ་ཁ་ཅིག་ལ་བུདྡྷ་ཤྲཱི་ཤཱིནྟ་དང༌། རིན་ཆེན་བཟང་པོས་བསྒྱུར་བ་ལ་འགྱུར་བཅོས་ཞེས་པ་ཡང་འདུག་ལ། སྤྱིར་གཞུང་འདི་ལ་ཀློག་སྐྱ་འགྱུར་ཟང་མ་དང༌། དེ་ལ་མལ་གྱིས་ཅུང་ཟད་བཅོས་པ་དང༌། མར་པ་དོལ་པས་འགྱུར་ཁྱད་ཆེ་བར་བཅོས་པ་དང༌། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པས་བསྒྱུར་བ་དང༌། ཅོ་གྲུ་ཏིང་འཛིན་བཟང་པོས་བསྒྱུར་བ་དང༌། འགྱུར་བྱང་ མེད་པའི་འགྱུར་མི་གཅིག་པ་གཉིས་རྣམས་བདག ་གིས་མཐོང་སྟེ། སྤྱིར་འགྱུར་གཞན་ཡང་ཡོད་སྲིད་དོ།། འདིར་སྨྲས་པ། ཟབ་ཅིང་རྒྱ་ཆེ་ཚིག་འབྲུ་ཉུང་ལ་དོན་རྒྱས་པ། །རྡོ་རྗེའི་ཚིག་བསྡུས་གཞུང་འདི་ཤིན་ཏུ་རྟོགས་དཀའ་བས། །
རྣལ་འབྱོར་ཅན་དང་མཁས་པ་དག་ཀྱང་འཁོར་གྱུར་ན། །ཇི་བཞིན་མ་ནོར་གསལ་བར་སྨྲ་འདི་སུ་ཡིས་མཐུ། །འོན་ཀྱང་བྱིས་པའི་བློ་ནི་དོན་ལ་རྨོངས། །འཁྲུལ་པ་གང་ཡིན་དེ་ནི་བདག་གིས་ལགས། །ཕུན་ཚོགས་ཡོན་ཏན་གྱིས་བརྒྱན་ལེགས་བཤད་གང༌། །སྨྲས་པ་དེ་ནི་བླ་མ་མཆོག་གི་དྲིན། །འདི་ལས་དགེ་བ་གང་བསགས་པ། །དེས་ནི་ཕྱོགས་དང་དུས་ཀུན་གྱི། །འགྲོ་འདི་ཧེ་རུ་ཀར་གྱུར་ནས། །ལྷན་སྐྱེས་བདེ་ཆེན་གཞིར་གྱུར་ཅིག །ཅེས་པ་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པའི་ཞལ་སྔ་ནས་ཀྱིས་ཉེ་བར་སྦྱར་བ། དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ལས་འབྱུང་བ། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་ཐབས་ཀྱི་རྣམ་པར་བཤད་པ་མན་ངག་རབ་ཏུ་རྒྱས་པའམ། ལྷན་ཅིག་སྐྱེས་པའི་གཟི་འོད་ཕྱོགས་བཅུར་རྒྱས་པ་ཞེས་བྱ་བ་འདི་ཡང༌། སྤྱོད་པའི་རྡོ་རྗེའི་མཚན་གྱིས་བྱིན་གྱིས་བརླབས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་ཞེ་བདུན་གསར་དུ་ཚེས་པའི་དགའ་སྟོན་ལ་གངས་རིའི་ཁྲོད་ཀྱི་དཔལ་ལྡན་ཤམྦྷ་ལར་སྦྱར་བའོ།། །།ཞུས་དག །མངྒལཾ།། ཨོཾ་ཨཐ། རབ་ཏུ་དྭངས་བ་རྒྱས་བཞིན་འདི་བྲིས་པའི། དགེ་དེས་ཡི་དམ་མཆོག་དང་མི་འབྲལ་
ཞིང༌། བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །འཁོར་ལོ་སྡོམ་པའི་གོ་འཕང་མྱུར་ཐོབ་ཤོག །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་འི། རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། སྤྱི་ལོ་༡༩༩༥ལོ་རྒྱལ་བསྟན་མི་ཉམས་གོང་དུ་འཕེལ་བའི་ཕྱིར། ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱིས་ཤིང་དཔར་འཛམ་ཐང་གཙང་བའི་ཆོས་གྲྭ་ཚོར། བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། མར་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག འདི་ཡང་པུ་ཎཱེ་ཤྲིས་བྲིས་པ་དགེའོ།
ཤོག་སྟོང་།