བདེ་མཆོག་བསྟོད་ཆེན་གྱི་རང་འགྲེལ་ཕན་བདེའི་རྒྱ་མཚོ་ཞེས་བྱ་བའི་སྟོད་ཆ།
ས མྦ ར ཏྲོ ཧ སྱ ཨ པ ན ཧི ཏ སུ ཁ བཱ ཎ བི ཧར ཏི སྨ།། །།
བདེ་མཆོག་བསྟོད་ཆེན་གྱི་རང་འགྲེལ་ཕན་བདེའི་རྒྱ་མཚོ་ཞེས་བྱ་བའི་སྟོད་ཆ་བཞུགས།
ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡཽམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་ཀྱི་རྒྱ་ཆེར་བཤད་པ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་རིག་སྔགས་འཆང་མཐའ་དག་གི་ངེས་པའི་ཚིག སྦས་པའི་དོན་མ་ལུས་པ་གསལ་བར་བྱེད་པ་ཕན་བདེའི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འགྱུར་མེད་ཡེ་ཤེས་ཀྱིས། །སྲིད་གསུམ་གནས་འདི་ཀུན་ཁྱབ་པར། །གསལ་མཛད་བླ་མ་རྗེ་བཙུན་ལ། །རྟག་ཏུ་སྤྱི་བོས་ཕྱག་འཚལ་ལོ། །རབ་གསལ་དྲི་མེད་མཚན་དཔེའི་འོད་འབར་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར། །མཐོན་
ཀའི་འོད་ཀྱི་དྲྭ་བ་འགྱེད་ཅིང་དཔག་ཡས་སྤྲུལ་པའི་དཀྱིལ་འཁོར་སྤྲོ། །བདེ་ཆེན་ཡེ་ཤེས་ཉམས་བརྒྱའི་རོལ་པས་ཤེས་བྱ་ཀུན་ལ་རྟག་རོལ་བ། །བླ་མ་ཧེ་རུ་ཀ་ཡི་ཞབས་རྡུལ་ཕྲེང་བ་སྤྱི་བོར་འཛིན་གྱུར་ཅིག །རབ་དམར་འཆར་ཀ་གསལ་བའི་འོད་ཀྱི་དྲྭ་བས་ཁེབས་ཤིང་བསྐལ་པའི་མེ་ལྟར་འབར། །འཆི་མེད་ན་ཆུང་བདེ་ཆེན་བཅུ་དྲུག་ལང་ཚོའི་དཔལ་འཛིན་མཉེན་ལྕུགས་སྐུ། །འདོད་ཆགས་ཆེན་པོས་རྣམ་པར་རོལ་མཁས་རྒྱལ་བ་ཀུན་ལ་བདེ་སྦྱིན་མ། །རྡོ་རྗེ་བཙུན་མོར་དངོས་ཀུན་རབ་འདུད་བདག་ཀྱང་བདག་པོའི་སར་འགོད་མཛོད། །བླ་མའི་ཞལ་ལུང་ལས་ཐོབ་ཡེ་ཤེས་ཀྱིས། །རབ་བོས་རྣལ་འབྱོར་མ་ཀུན་དགའ་བསྐྱེད་པ། །ཆོས་ཀུན་སྙིང་པོ་ལེན་མཁས་འགྲོ་
རྣམས་ཀྱི། །ཉེར་འཚོར་རྡོ་རྗེ་འཛིན་གང་རྒྱལ་གྱུར་ཅིག །རྒྱུད་དོན་ཤིན་ཏུ་རྒྱ་ཆེ་གང་ཡིན་པ། །བློ་དམན་རྣམས་ཀྱིས་བདེ་བླག་རྟོགས་ཕྱིར་དང༌། །བདག་གཞན་བསོད་ནམས་རྒྱ་ཆེར་སྤེལ་བའི་ཕྱིར། །རབ་ཏུ་རྒྱས་པའི་རྒྱུན་བཤགས་བདག་གིས་སྤེལ། །གཞུང་ཉུང་བ་ལ་དོན་མང་བ། །སྐྱེ་བོ་རྣམས་ཀྱིས་གོ་ཕྱིར་དང༌། །སློབ་མ་ཡིས་ནི་གསོལ་བཏབ་ནས། །སླར་ཡང་དེ་དོན་བཤད་པར་འདོད། །འདི་ལ་དོན་བཅུ་སྟེ། ཕྱག་འཚལ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་སྒོམ་པ་དང༌། ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། སྡོམ་བཟུང་ལམ་བསྟེན་པ་དང་བཅས་པ་དང༌། ཡོངས་སུ་བསྔོ་བའོ། །དེ་ལ་ཕྱག་འཚལ་བ་ནི་བསྟོད་པའི་མཆོད་པ་ཡིན་ཏེ། དེའི་ཕྱིར་ཡན་ལག་ལོགས་སུ་མ་བགྲངས་ཀྱང་རུང་སྟེ། དེ་ལྟར་ན་དེ་ལ་ཕྱག་འཚལ་བ་དང་མཆོད་པ་གཉིས་སོ། །འོན་ཀྱང་སྔ་མ་ལྟར་བཤད་ན། དང་པོ་ལ་བསྟོད་ཡུལ་ངོས་བཟུང་བ། དེ་ལ་བསོད་ནམས་བསགས་པའི་ཕན་ཡོན། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པ། དེ་རྣམས་ཀྱི་དོན་བསྡུ་བ་སྟེ་བཞི་ལས། དང་པོ་ནི། བསྟོད་བྱའི་ཡུལ་སློབ་དཔོན་དང་རྡོ་རྗེ་འཆང་དབྱེར་མེད་པ་ལའོ། །དེ་ལ་ཡོན་ཏན་ཅི་མངའ་ན། རང་དོན་ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་དང༌། གཞན་དོན་གྱི་དབང་དུ་བྱས་ན། སྲིད་པ་གསུམ་གྱི་སེམས་ཅན་རྣམས་དང་ཞི་བའི་འགྲོ་བ་ཉན་རང་དགྲ་བཅོམ་པ་
ཀུན་གྱི་ཡོན་ཏན་ཐམས་ཅད་བསྐྱེད་པར་མཛད་པས་དཔལ་དང༌། སྲིད་ཞིའི་མཐའ་ལས་སྐྱོབ་པས་མགོན་དང༌། སངས་རྒྱས་ཀྱི་སར་འདྲེན་པར་མཛད་པས་འདྲེན་པའི་མཆོག་ཅེས་པའོ། །རང་གཞན་གཉིས་ཀའི་དབང་དུ་བྱས་ནས་སྐུ་གསུམ་གྱི་ཡོན་ཏན་མངའ་བ་སྟེ། ཟབ་མོ་སྟོང་པ་ཉིད་དང༌། གསལ་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པའི་སྐུར་བསྟན་ཞིང་ཆོས་གསུང་པ་སྟེ། དེ་གཉིས་ངོ་བོ་དབྱེ་བ་མེད་པས་ནི་ཟབ་གསལ་དབྱེར་མེད་ཀྱི་སྐུ་སྟེ་སྤྲུལ་སྐུ་ཡིན་ནོ། །དཔེ་དང་གཏན་ཚིགས་ལ་སོགས་པས་རྟོགས་པར་མི་ནུས་ཤིང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པས་སམ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདེ་བ་ཆེན་པོ་འདི་ལྟ་བུ་གཞན་མེད་པས་ན་དཔེ་མེད་པ་ཞེས་བྱ། བདེ་བ་ཆེན་པོ་དེ་ཉིད་ཀྱི་རང་སྣང་ལྷ་སྐུར་རྫོགས་པས་བདེ་རྫོགས་ཏེ་ལོངས་སྤྱོད་རྫོགས་སྐུའམ་དཔེ་མེད་བདེ་རྫོགས་ཀྱི་སྐུ་ཡིན་ནོ། །དགའ་བ་ཐམས་ཅད་ཀྱི་རབ་ཏུ་གྱུར་པས་རབ་དགའ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་མཐར་ཐུག་པ་དེ་ནམ་མཁའ་དང་མཚུངས་པའི་སྟོང་པ་ཉིད་ལ་རོ་མཉམ་དུ་ཞུགས་པའམ་བདེ་བ་དེས་ནམ་མཁའ་དང་མཉམ་པའི་ཆོས་ཐམས་ཅད་ཀྱི་ཀུན་རྫོབ་རྒྱུ་འབྲས་དང༌། དོན་དམ་སྟོང་པ་ཉིད་གཅིག་ཆར་མཁྱེན་པས་རབ་དགའ་མཁའ་མཉམ་གྱྀ་སྐུའམ་ཆོས་སྐུ་ཞེས་བྱ་སྟེ། དེ་རྣམས་ཀྱི་དོན་བསྡུས་པས་ཚོགས་གཉིས་རྫོགས་ནས་སྐུ་གསུམ་བརྙེས་ཏེ་སེམས་ཅན་གྱི་དོན་མཛད་པ་ལ་བསྟོད་དོ་ཞེས་ཚིགས་བཅད་འདི་མཆོད་པར་བརྗོད་པའོ། །གཉིས་པ་ནི་རྩོམ་པར་དམ་བཅའ་བ་ཡིན་ཏེ། བསྟོད་པའི་ཕན་ཡོན། བསྟེན་
པའི་ཕན་ཡོན། བསྒོམས་པའི་ཕན་ཡོན། ཕན་ཡོན་དེ་དང་ལྡན་པའི་ཡུལ་ལ་བསྟོད་པ་དམ་འཆའ་བ་སྟེ། རེ་རེ་ལ་ཡང་ཚིག་རྐང་པ་རེ་རེ་སྦྱར་རོ། །གསུམ་པ་ལ་རྟེན་གྱི་དཀྱིལ་འཁོར་སྤྱི་དང༌། གཙོ་བོ་ཡབ་ཡུམ་དང༌། སྙིང་པོའི་རྣལ་འབྱོར་མ་བཞི་ཐོད་པ་དང་བཅས་པ་སྟེ་འདབ་མའི་ལྷ་དང༌། བདེ་ཆེན་འཁོར་ལོ་ལ་ཐུགས་ཀྱི་འཁོར་ལོ་དང༌། གསུང་གི་འཁོར་ལོ་དང༌། སྐུའི་འཁོར་ལོ་དང༌། དེ་གསུམ་གྱི་སྤྱིའི་མཚན་ཉིད་དང༌། དམ་ཚིག་གི་འཁོར་ལོ་དང༌། འཁོར་ལོ་ཐམས་ཅད་ཀྱི་སྤྱིའི་ཆོས་དང༌། ལུས་དཀྱིལ་དང༌། གཞལ་ཡས་ཁང་གི་ཁྱད་པར་རྣམས་དང༌། དུར་ཁྲོད་པ་ལ་བསྟོད་པ་རྣམས་སོ། །འོ་ན་བསྲུང་བའི་འཁོར་ལོ་ལ་བསྟོད་པར་མི་བྱེད་དམ་ཞེ་ན། སོ་སོའི་བགེགས་རྣམས་འཇོམས་ལ་འདུད་ཅེས་བྱ་བས་དོན་གྱི་འཕངས་པ་ཡིན་ནོ། །དེ་བཞིན་དུ་གཞལ་ཡས་ཁང་བཤད་པས་དེའི་གདན་སྣ་ཚོགས་རྡོ་རྗེ་དང་པདྨའང་ཞོར་ལ་བསྟན་ནོ། །འོན་ཀྱང་འདི་དག་ཚིག་གིས་ཟིན་ན་ཅི་མ་རུང་སྙམ་ན། ཡེ་ཤེས་གཞལ་ཡས་ཁང་ལ་བསྟོད། །ཅེས་པའི་མཇུག་ཏུ། སྣ་ཚོགས་རྡོ་རྗེ་འཇིག་ཚོགས་ལ། །ལྟ་འཇོམས་ཉི་དཀྱིལ་ཡེ་ཤེས་དང༌། །སྐྱོན་བྲལ་སྣ་ཚོགས་པདྨ་སྟེ། །ཐབས་ཤེས་གཞལ་ཡས་ཁང་གི་གདན། །ཕྱི་རོལ་རྡོ་རྗེའི་ས་གཞི་གུར། །རྭ་བ་འོབས་དང་ཕུར་བུ་དང༌། །བཀའ་ཡི་འཁོར་ལོ་མེ་དཔུང་བཅས། །བདུད་དཔུང་མ་ལུས་འཇོམས་ལ་བསྟོད། །ཅེས་བཏོན་ཏེ་ཚིག་གཙོ་བོར་བྱེད་པ་རྣམས་ཡི་རང་བར་བྱོས་ཤིག །དེ་ལ་དང་པོ་ནི། འབྱུང་བཞིའི་ཞེས་སོགས་
ཏེ་གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དག་པ་ཡིན་ནོ། །ཇི་སྐད་དུ། དབང་པོ་ལྔ་སོགས་སེམས་གང་ཡིན། །རྭ་བ་ལྔར་ནི་འབྱུང་བ་ཉིད། །ཅེས་དང༌། རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤོང་བ་ཞེས་སུ་བརྗོད། །དྲན་པ་ཉེར་བཞག་བཞི་པོ་ནི། ཁ་ཁྱེར་བཞིར་ནི་བརྗོད་པར་བྱ། །སྒོ་འཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་བརྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ཞེས་པ་ལྟར་ཏེ། དབང་པོ་ལྔའི་རང་བཞིན་གྱི་རྩིག་པ་དེ་གོང་ནས་གོང་དུ་བརྩེགས་པ་ནི་སྟོབས་ལྔ་མཚོན་པ་ཡིན་པས། དེ་ལྟར་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་ནོ། །འདི་མན་ཆད་ཀྱི་ཚིག་དོན་ཕལ་ཆེར་ནི་གོ་སླ་ཞིང༌། ཅུང་ཟད་དཀའ་བ་རྣམས་དཀྲོལ་བར་བྱའོ། །ཡེ་ཤེས་སོགས་ནི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་བྱང་ཕྱོགས་སོ་བདུན་གྱི་ལྡོག་པའི་ཆས་ཕྱེ་བ་གཞལ་ཡས་ཁང་དུ་སྤྲུལ་ཞེས་པའོ། །གཉིས་པ་ལ་ཡབ་ལ་བསྟོད་པ། ཡུམ་ལ་བསྟོད་པ། ཡབ་ཡུམ་གཉིས་ཆར་ལ་བསྟོད་པ་གསུམ་ལས། དང་པོ་ལ་རིགས་ནི་རིགས་ལྔ་དང་བརྒྱ་ལ་སོགས་པའོ། །བཅོམ་ལྡན་ནི་བདུད་བཞི་བཅོམ་པ་དང་ལྡན་པའམ་སྐལ་པ་དྲུག་དང་ལྡན་པའོ། །ཀུན་ཏུ་བཟང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་ལྟར་མདོར་བསྟན་ཟིན་ནས་སླར་རྒྱས་པར་འཆད་པ་ནི། གཏི་མུག་ཞེས་སོགས་ཏེ་ཉི་མས་མུན་པ་བསལ་ཏེ་འོད་ཟེར་གྱིས་ཁྱབ་པར་བྱེད་པ་བཞིན་དུ་ཡེ་ཤེས་
ཀྱི་སྣང་བས་གཏི་མུག་སྤངས་པའོ། །མཐིང་ཀ་སྟེ་ནག་པོ་ནི་མདོག་སྒྱུར་དུ་མི་རུང་བ་བཞིན་དུ་ཆོས་ཉིད་སྟོང་པ་ཉིད་ཀྱང་འགྱུར་བ་མེད་པའོ། །རྣམ་ཐར་བཞི་ནི། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱིས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་ཀུན་དང་བྲལ་ཕྱིར་དངོས་རྣམས་ཀུན། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་གསུམ་གསུངས་པ་ལྟར་རམ། འོག་ནས་འབྱུང་བ་ཅུང་ཟད་ངོས་འཛིན་མི་འདྲ་བ་ཞིག་ཀྱང་སྟེ། དེ་དག་ཀྱང་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུས་མ་བྱས་པ་སྟེ་རིམ་པ་བཞིན་དུ། ངོ་བོ་རང་བཞིན་མེད་པ་དང༌། རྒྱུ་རང་བཞིན་མེད་པ་དང༌། འབྲས་བུ་རང་བཞིན་མེད་པ་དང༌། ལས་ཉོན་དང་རིགས་འདྲས་གསར་དུ་འདུས་བྱས་པ་མེད་པ་རྣམས་སོ། །ཞབས་གཡས་བདེ་བ་ཆེན་པོ་དང༌། ཐུགས་རྗེ་དང་བསོད་ནམས་ཀྱི་ཚོགས་མཚོན་པས་ཐབས་ཀྱི་རང་བཞིན་ནོ། །གཡོན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་ཡེ་ཤེས་ཀྱི་ཚོགས་མཚོན་པས་ཤེས་རབ་བོ། །དུས་གསུམ་མཁྱེན་པ་ནི། ཆགས་ཐོགས་མེད་པར་མཁྱེན་པ་སྟེ་སྤྱན་གསུམ་ནི་དེ་རྣམ་པར་དག་པའོ། །ཕྱག་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་འགགས་པ་ཞེས་སྦྱར་ཏེ། རྟེན་འབྲེལ་གྱི་མཐའ་དཔྱོད་ནི་གཞན་དུ་ཤེས་པར་བྱ་བས་འདིར་མི་འབྲིའོ། །བཅུ་གཉིས་འགྱུར་བ་མེད་པ་ཞེས་པ་ལ་རླུང་འཕོ་བ་བཅུ་གཉིས་འགགས་པ་དང༌། ཁམས་དམར་པོའི་བསྒྲོད་པ་བཅུ་གཉིས་འགྱུར་བ་མེད་པར་བྱས་པ་དང༌། ཡང་ན་རྟེན་བརྟེན་པ་
བཅུ་གཉིས་འགྱུར་བ་མེད་པར་བྱས་པའི་ཡེ་ཤེས་ཀྱི་སྐུ་ཞེས་སྦྱར་རོ། །ཡང་དག་ཏིང་འཛིན་ཞེས་བྱ་བ་ནི། གཙོ་བོ་བྱང་ཆུབ་ཕྱོགས་ཆོས་དང་སྦྱར་བ་སྟེ། དེ་ཡང་རྒྱུད་ལས། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། །ཞེས་འབྱུང་བ་ཡུམ་ཡང་དེ་ཉིད་དག་པར་གོ་དགོས་པ་དང༌། ལྷག་མ་སོ་དྲུག་རྣལ་འབྱོར་མ་རྣམས་ཁོ་ན་ལ་སྦྱར་བའང་ཡབ་ཡུམ་དབྱེར་མེད་ཀྱི་དབང་དུ་བྱས་པ་སྟེ། ཡུམ་གྱི་དག་པ་བསྟན་པས་དེ་དང་དེའི་ཡབ་ཀྱང་གོ་བའི་དབང་དུ་མཛད་པའོ། །ཡེ་ཤེས་ལྔ་མཉམ་པ་སྟེ་རོ་གཅིག་པ་ནི་རྡོ་རྗེ་རྩེ་ལྔ་པ་དང༌། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲིལ་བུས་མཚོན་པ་ཡིན་ནོ། །ཕྱག་གཉིས་ཐུགས་ཀར་འཁྱུད་རྒྱ་མཛད་པ་ནི་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་མཚོན་ནོ། །གླང་པོ་ཆེ་ནི་གཏི་མུག་མཚོན་ཞིང༌། དེའི་པགས་པ་རྨོངས་པ་མཚོན་པ་སྟེ་དེ་དང་བྲལ་བའི་རང་བཞིན་ནོ། །འདིར་རྨོངས་པ་ནི་ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་བག་ཆགས་དང་བཅས་པའོ། །སྙིང་རྗེ་ཆེན་པོ་ནི་ཆོས་དབྱིངས་ལས་བསྐུལ་བར་མཛད་པ་ཡིན་པས། མཆོག་སྟེ་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲས་རྒྱལ་བ་རྣམས་དབྱིངས་ལས་བསྐུལ་བ་ནི་ཌཱ་མ་རུ་དང་སྒོ་གསུམ་གྱི་ཉེས་པ་བཅད་དེ་སྤངས་པ་ནི་དགྲ་སྟྭ་དང༌། སྲིད་པ་སྟེ་ཁམས་གསུམ་དུ་གཏོགས་པའི་ཉོན་མོངས་པ་མཐོང་སྒོམ་གྱི་སྤང་བྱས་བསྡུས་པ་ཐམས་ཅད་འཇོམས་པ་ནི་རྩེ་གསུམ་དང༌། རྣམ་པར་རྟོག་པ་མ་ལུས་པ་གཅོད་པ་ནི་གྲི་གུག་དང༌། བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་གྱེན་དུ་གཤེགས་པ་རྣམ་པར་དག་པ་ནི་ཁ་ཊྭཱཾ་ག །ཡེ་ཤེས་ཆེན་པོས་དངོས་པོར་འཛིན་པ་ཀུན་འཆིང་བ་ནི་ཞགས་པ། བདེ་བ་ཆེན་པོའི་
བདུད་རྩི་སེམས་ཅན་ལ་སྩོལ་བ་ནི་ཐོད་པ། ཚངས་མགོ་གདོང་བཞི་པ་ནི་ཆུ་བོ་བཞི་མཚོན་པ་སྟེ། ཆུ་བོ་བཞི་ནི། འདོད་པའི་ཆུ་བོ། སྲིད་པའི་ཆུ་བོ། མ་རིག་པའི་ཆུ་བོ། ལྟ་བའི་ཆུ་བོ་རྣམས་སོ། །མ་རིག་པ་དང་ལྟ་བ་ངན་པ་གཉིས་ལ་རེ་རེ་དང་འདོད་ཁམས་ཀྱིས་བསྡུས་པའི་ཉོན་མོངས་གཞན་ཐམས་ཅད་སྡོམ་པ་དང༌། ཁམས་གོང་མའི་ཉོན་མོངས་གཞན་ཐམས་ཅད་སྡོམ་པ་ལ་ཆུ་བོ་རེ་རེར་བྱས་པའོ། །ཞབས་གཡས་བརྐྱང་པ་ནི་ཞི་བ་ལ་མི་གནས་པ། གཡོན་བསྐུམ་པ་ནི་སྲིད་པ་ལ་མི་གནས་པ་སྟེ། ཤེས་པས་སྲིད་ལ་མི་གནས་ཤིང༌། སྙིང་རྗེས་ཞི་ལ་མི་གནས་པ། ཞེས་པ་ལྟར་ཐབས་ཤེས་དེས་ཆད་མཐའ་དང་འཛིན་རྟོག་གི་ངོ་བོ་འཇིགས་བྱེད་རྟག་མཐའ་དང་བཟུང་རྟོག་གི་ངོ་བོ་དུས་མཚན་མ་མནན་ཞིང་འཇོམས་པའི་ཚུལ་ལོ། །གདུབ་བུ་ཞེས་པ་ལ་ལག་གདུབ་བོ། །ཕྱིན་དྲུག་རང་བཞིན་ཞེས་པ་ལ། མགུར་ཆུ་སྦྱིན་པ། གདུབ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། ནོར་བུ་བརྩོན་འགྲུས། མཆོད་ཕྱིར་ཐོགས་བསམ་གཏན། ཐལ་བ་ཤེས་རབ་བོ། །རྒྱན་རྣམས་དང༌། ཕྱག་མཚན་གྱི་དག་པ་དང༌། དེ་དག་གི་མཚན་ཉིད་རྒྱས་པར་གཞན་དུ་ཤེས་སོ། །རྡོ་རྗེའི་ཕྲེང་བ་ནི་ཆོས་ཀྱི་དབྱིངས་མཚོན་ལ། །ཐོད་སྐམ་ལྔས་ནི་ཡེ་ཤེས་ལྔ་སྟེ་དེ་དེ་ལས་བྱུང་ཞེས་པའོ། །དོན་མཛད་ཅེས་པ་ནི་འཕྲིན་ལས་རྣམ་པ་བཞིས་སེམས་ཅན་གྱི་དོན་མཛད་པའོ། །ཞལ་རྣམ་པར་འགྱུར་བ་ནི་ཤིན་ཏུ་ཁྲོས་པས་བཞིན་འགྱུར་བ་སྟེ། ཡོད་པ་དང་མེད་པར་ལྟ་བ་ཐམས་ཅད་ལ་ཁྲོས་ཏེ་ལྟ་བ་དེ་ངེས་པར་རྩ་བ་ནས་འབྱིན་པའོ། །མཆེ་བ་བཞི་གཙིགས་པ་ནི་བདུད་བཞི་འཇོམས་པའོ། །རིགས་ལྔ་ཡུམ་བཞི་སྟེ་དགུ་པོ་
དེ་འདུས་པའི་ངོ་བོ་ནི་ཉམས་དགུ་ལྡན་པས་མཚོན་པ་དང༌། སྙོམས་འཇུག་ནི་ཞི་ལྷག་དབྱེར་མེད་དང༌། བདེ་སྟོང་དབྱེར་མེད་མཚོན་ནོ། །ཀུན་ད་ནི་འཛག་མེད་སྐུ་ཐམས་ཅད་ལ་ཁྱབ་པའོ། །སེམས་བྱུང་ལྔ་བཅུ་ནི་བརྟེན་པ་སེམས་ལ་སྦྱར་བ་དང༌། ཡི་གེ་ལྔ་བཅུ་ནི་རྟེན་ལུས་ལ་སྦྱར་བའོ། །སྐྱོན་ནི་རྩ་བའི་ཉོན་མོངས་པ་དྲུག་སྟེ། སྟག་ལྤགས་ཀྱི་ངེས་དོན་ནོ། །གཉིས་པ་ནི། སྟོང་པ་ཉིད་ལས་བདེ་བའི་ཡེ་ཤེས་བསྐྱེད་པའི་ཕྱིར་དམར་མོ་དང༌། ཆོས་ཀུན་དོན་དམ་དེ་བཞིན་ཉིད་སྟོང་པར་རོ་གཅིག་པས་ཞལ་གཅིག་པ། ཀུན་རྫོབ་དང་ཐབས་ཤེས་གཉིས་སུ་སྟོན་པས་ཕྱག་གཉིས་དང༌། རབ་ཁྲོས་ནི་ཀུན་རྟོགས་ཐམས་ཅད་ལའོ། །དབྱིངས་སྟོང་པ་ཉིད་ལས་འགྲོ་བ་རྣམས་ལ་ཡེ་ཤེས་སྐྱེར་འཇུག་པས་སྐྲ་གྲོལ་བ་དང༌། །གཅེར་མོ་ནི་སྒྲིབ་པ་གཉིས་སྤངས་པ་མཚོན་ནོ། །ཡན་ལག་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་སོ། །སྤྲོས་པ་ཀུན་ནི་མཐའ་བཞི་དང༌། མཐའ་བརྒྱད་ལ་སོགས་པའོ། །སེམས་ཀྱི་རང་བཞིན་ནི་ཡེ་ནས་འཁོར་བ་སྤངས་ཤིང༌། འཁོར་བར་འཁྱམས་པ་པོའི་འགྲོ་བ་རྣམས་ཀྱང་རང་བཞིན་མ་དམིགས་པས་ཁྲག་འཛག་པ་དང༌། ཤིན་ཏུ་རྣམ་པར་དག་པ། དག་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱི་སྣང་བ་མེ་ལྟར་འབར་བ་ལ་བདག་དང་གཞན་སྦྱོར་བའི་ཕྱིར་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བའོ། །ཐབས་ཤེས་སོགས་ཡབ་ཀྱི་སྐབས་དང་འདྲའོ། །གསུམ་པ་ནི། སོར་གདུབ་ལ་སོགས་ཞེས་པས་ནི། གོང་དུ་བཤད་པའི་མཆོད་ཕྱིར་ཐོགས་ཏེ་སེ་རལ་ཀ་དང༌། དཔུང་གདུབ་ཀྱང་བསྡུས་པ་ཡིན་ནོ། །དེས་
ན་ནོར་བུ་རྣ་ཆ་མགུར་ཆུ་གདུབ། །ཐལ་བ་རྣམས་ནི་ཕྱག་རྒྱ་ལྔ། །འཁོར་ལོ་སྐེརགས་རྐང་གདུབ་དང༌། །སེ་རལ་ཁ་དང་གདུབ་ཕྲན་རྣམས། །ཉེ་བའི་ཕྱག་རྒྱ་ལྔ་ཡིན་ནོ། །ཞེས་སྨྲས་སོ། །སྣང་བ་ནི་ཀུན་རྫོབ་བདེན་པའོ། །ལྷ་སྐུ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུའོ། །དེ་ལྟར་སྐུའི་མཚོན་དོན་བཤད་ནས། ནང་རྩ་ཁམས་ཀྱི་དག་པ་ནི། མི་ཤིགས་སོགས་ཏེ་མི་ཤིགས་པའི་ཐིག་ལེ་ནི་དཔྱིད་ཅེས་ཀྱང་བྱ་བ་སྟེ། རྩ་ཆུ་ཤིང་གི་མེ་ཏོག་དང་བཅས་པ་དག་པ་ནི་དཔའ་བོ། ལྟེ་བའི་གཏུམ་མོ་ནི་དེའི་དམར་ཆའོ། །ད་ནི་མཚན་གྱི་ངེས་དོན་ཏེ། དང་པོར་ཛཱ་ལ་སམྦ་ར་ཞེས་པའི་དོན་རྩ་དང་ཞེས་སོགས་ཏེ། རྩ་ཐམས་ཅད་དྷཱུ་ཏཱི་དང༌། དཔའ་བོ་དང་ལྷ་མོའི་ཚོགས་ཐམས་ཅད་གཙོ་བོ་དང༌། དག་མ་དག་གི་ཀུན་རྫོབ་ཀྱི་དངོས་པོའི་ཚོགས་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་སྡོམ་པ་སྟེ། དེ་ཉིད་ལས་བྱུང་ཞིང་དེ་ཉིད་དུ་ཐིམ་པའི་དོན་ཡིན་ལ། རྡུལ་ཏེ་ཁྲག་གི་ཁམས་ཁུ་བར་སྡོམ་པ་ནི་འཁོར་ལོ་བཞིར་དཀར་དམར་གྱི་འདུ་འཕྲོད་ལས་བདེ་བ་ཆེན་པོའི་ཡེ་ཤེས་འབྱུང་བ་སྟེ། དེ་རྣམས་ཛཱ་ལ་ཞེས་པའི་སྒྲ་ཚོགས་ལ་འཇུག་པའི་ངེས་དོན་ནོ། །ཡང་ཛཱ་ལ་ནི་པདྨ། སམྦ་ར་ནི་བདེ་མཆོག་སྟེ། ཤེས་རབ་མའི་པདྨ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བ་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །གཉིས་པ་ཤྲཱི་ཧེ་རུ་ཀ་ཞེས་པའི་ངེས་དོན་ནི། འདིར་བཤད་བྱ་ཤིན་ཏུ་མང་མོད་ཀྱི། རེ་ཤིག་འབྲས་བུ་ལ་སྦྱར་ཏེ། ཤྲཱི་ཡིག་ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཏེ་བདེ་ཆེན་ཀྱི་སྐུ་དང༌།
ཧེ་ཡིག་ནི་རྒྱུ་མཚན་གཏན་ཚིགས་ལ་སོགས་པ་དང་བྲལ་བ་རང་བཞིན་གདོད་མ་ནས་སྟོང་པ་ངོ་བོ་ཉིད་ཀྱི་སྐུ་དང༌། རུ་ཡིག་ནི་རྡུལ་ཕྲ་རབ་ཀྱི་ཚོགས་པ་དང་བྲལ་བ་ལོངས་སྐུའོ། །ཀ་ཡིག་ནི་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རྟག་ཆད་དང་སྲིད་ཞིའི་མཐའ་གང་ལ་ཡང་མི་གནས་པ་སྤྲུལ་པའི་སྐུའོ། །ཡུམ་གྱི་མཚན་གྱི་ངེས་དོན་བཱ་རཱ་ཧྭི་ངེས་དོན་ཡི་གེ་ལྔ་དང་སྦྱར་བ་ནི། ངག་གི་ཡུལ་འདས་ཞེས་སོགས་ཏེ། ཝ྄་དང་སྲོག་ཨཱ་དང༌། ར྄་དང་སྲོག་ཨཱ་དང༌། ཧྲ་དང་སྲོག་ཨཱི་རྣམས་ལ་ཨཱ་རིང་པོ་དོན་ལ་གཉིས་བྱུང་ནའང༌། གཟུགས་འདྲ་བས་ཡི་གེ་གཅིག་ཏུ་བྱས་ཏེ་ཡི་གེ་ལྔའོ། །དེ་ལ་ཝ་ནི་བཱ་ཙ་སྨྲ་བ་སྟེ་སྨྲ་རུ་མེད་པ་ལ་སྨྲ་བར་བཏགས་པ་སྟེ་བརྗོད་དུ་མེད་པ། ར་དང་ཨ་ལ་ཨ་ཀ་ར་ཨཱ་ཀ་ར་ཞེས་པ་རྣམ་པ་ཀུན་ལྡན་རྣམ་མེད་ཅེས་པའོ། །ཡང་ཨཱ་ནི་ཨཱ་བིདྱ་སྭཱ་མི་བདེ་སྟེ་རིག་པ་ཀུན་ནས་རང་རིག་པ་ཞེས་པའོ། །ཧ་ནི་ནཱིརྷ་ཏ་གཞོམ་མེད། ཨི་ནི་དཱི་བུ་བཀྲ་བའི་དོན་ལ་འཇུག །དེས་ན་ངོ་བོ་སྤྲོས་པ་དང་བྲལ་བས་རྣམ་མེད་རྣམ་པ་དཀྱིལ་འཁོར་སོགས་ཐམས་ཅད་འཆར་བས་རྣམ་པ་ཀུན་ལྡན་དེ་ཉིད་སོ་སོར་རང་གིས་རིག་པའི་སྤྱོད་ཡུལ་ལས་ཚིག་དང་རྟོག་པའི་ཡུལ་མ་ཡིན་ལ། ངོ་བོ་གཞོམ་གཞིག་གིས་འགྱུར་བ་མི་བརྟེན་ཀྱང་གཞི་ལམ་འབྲས་གསུམ་གྱི་སྣང་བ་ཐམས་ཅད་བཀྲ་ལམ་མེ་འཆར་བ་ཞེས་པའི་དོན་ནོ། །ཤེས་དང་ཤེས་བྱ་གཅིག་གྱུར་ནི་ཡུལ་ཡུལ་ཅན་སོགས་གཉིས་ཆོས་ཐམས་ཅད་གཅིག་ཏུ་འདྲེས་པའི་སྐུ་དང་ཡེ་ཤེས་ཟུང་འཇུག་གོ །གཞན་ཡང༌། བ་ལས་ཀྱི་
རླུང༌། ཨ་ཚངས་པའི་མེ། ར་ལྟེ་བའི་གཏུམ་མོ། །ཨ་བ་དྷུ་ནོ་ཏི་སྡིག་པ་རྣམ་རྟོག་བསྐྲོད་པ། ཨ་ནུ་ཏྤནྣ་སྐྱེ་བ་མེད་པ། ཧ་ཧཾ་ཡིགཨཱི་ལྷ་སྟེ་བདེ་སྟོང་ལ་བཤད་པ་ཡོད་དེ་རྒྱས་པར་བརྩོན་འགྲུས་དཔལ་བཤེས་གཉེན་དང༌། རྔོན་པའི་གདམས་ངག་གི་ལུགས་སོགས་གཞན་དུ་བཤད་ཟིན་ཏོ། །གཉིས་པ་འདབ་མའི་ལྷ་རྣམས་ལ་བསྟོད་པ་ནི། སྣ་ཚོགས་པདྨའི་འདབ་མ་ལ་ཞེས་པ་ལ་སོགས་པ་སྟེ། སྙིང་པོའི་རྣལ་འབྱོར་མ་བཞི་ལ་སོ་སོར་དོན་ཚན་བདུན་བདུན་དང་སྦྱར་བ་སྟེ། ཕྱོགས་གང་དུ་གནས་པ་དང༌། རླུང་གི་དག་པ། རྩའི་དག་པ། བྱང་ཕྱོགས་ཀྱི་དག་པ། དག་བྱའི་ལྷ། དེའི་སྐུ་མདོག །ཅེ་སྤྱང་ཞེས་སོགས་ཀྱི་དེའི་ཕྱག་མཚན་ཏེ་བདུན་ནོ། །རྩ་འདི་རྣམས་སྙིང་ཁའི་ནང་སྐོར་གྱི་ཕྱོགས་ཀྱི་རྩའོ། །སྤྱིའི་མཚན་ཉིད་ནི་ཐམས་ཅད་ཅེས་པ་ནས་གྲི་གུག་ཅེས་པའི་བར་དང༌། སྒྲོན་མ་ཞེས་པ་ནས། གཤེགས་མ་ཞེས་པའི་བར་དུའོ། །འདིར་དེ་བཞིན་གཤེགས་མ་ཤེས། དཀྱིལ་འཁོར་པ་ཐམས་ཅད་སངས་རྒྱས་མ་ཡིན་ནམ། འདི་རྣམས་ལ་སྒོས་སུ་ཅི་སྟེ་སྨོས་ཞེ་ན། གཞན་རྣམས་ནི་ལམ་ལ་གནས་པའི་ཚུལ་བཟུང་ཞིང༌། འདི་དག་ནི་རྣམ་པར་ཡང་དེ་བཞིན་གཤེགས་མར་སྣང་བས་སོ། །མཚམས་ཀྱི་འདབ་མར་གནས་པའི་སྣོད་ལ་བསྟོད་པ་ནི་མཚམས་སུ་སོགས་སོ། །ཕྱོགས་ཀྱི་རྩའི་རིགས་བྱུང་བ་ཞེས་པ་ནི་ཤར་ལྷོའི་རྩ་གསུམ་སྐོར་མའི་ཡལ་ག་ཡིན་པ་ནས། བྱང་ཤར་གྱི་རྩ་འདོད་མའི་ཡལ་གའི་བར་དུའོ། །ཐབས་ཞེས་པ་ནི་སངས་རྒྱས་ཡབ་རྣམས་ཏེ། གཙོ་བོ་མི་
བསྐྱོད་པ་མ་གཏོགས་པའི་རིགས་བཞི་པོ་རྣམས་སོ། །བཞི་པ་ནི། འདབ་བརྒྱད་སོགས་ཏེ། དེ་ལ་ཉེ་བའི་མཐུང་སྤྱོད་ནི་སངས་རྒྱས་ཀྱི་སའོ། །ལྔ་པ་དྲུག་པ་བདུན་པ་རྣམས་ལ་མདོར་བསྟན་རྒྱས་བཤད་གཉིས་གཉིས། །དང་པོ་ཤློ་ལོ་ཀ་རེ་རེ་ནི་མདོར་བསྟན་ནོ། །ས་ཡི་ཚུལ་ཞེས་པ་དང༌། མངོན་འགྱུར་ཚུལ་ཞེས་པ་དང༌། ཆོས་སྤྲིན་ཚུལ་ཞེས་པ་རྣམས་ལ་སྡེབ་སྦྱོར་ཀྱི་དབང་གི་ཚིག་བསྡུས་པ་ཡིན་ཏེ། ས་ལ་གནས་པའི་ཚུལ་འཛིན་པ་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ། །དེ་ལ་ཐུགས་འཁོར་གྱི་དང་པོ་བཞི་ནི་གནས་སམ་ས་དང་པོ་རབ་ཏུ་དགའ་བ་དང༌། ཕྱི་མ་བཞི་ནི་ཉེ་བའི་གནས་སམ། གཉིས་པ་དྲི་མ་མེད་པ་ལ་སྦྱར། དེ་བཞིན་དུ་གསུམ་པ་འོད་བྱེད་པ་ལ་སོགས་པ་བཞི། ཞིང་དང༌། ཉེ་ཞིང༌། ཚནྡོ་དང༌། ཉེ་བའི་ཚནྡོ་བཞི་སྟེ། གསུང་འཁོར་གྱི་རྩིབས་གཉིས་གཉིས་ལ་སྦྱར་ཏེ། དེ་བཞིན་དུ་བདུན་པ་རིང་དུ་སོང་བ་སོགས་བཞི། འདུ་བ་ལ་སོགས་པ་བཞི་དང་སྦྱར་ཏེ། སྐུ་འཁོར་གྱི་རྩིབས་གཉིས་གཉིས་སོ། །རྒྱས་བཤད་རྣམས་ལ། ལྷ་བཤད་པ་དང་གནས་བཤད་པ། དང་པོ་ལ། རབ་གཏུམ་མ་སོགས་ཉེར་བཞི་རིམ་པས་རྡོ་རྗེ་ཕོ་ཉ་མོ་དང༌། ཙུནྡ་དང༌། རིན་ཆེན་སྒྲོན་མ་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་རོ་ལངས་མ་དང༌། རྡོ་རྗེ་གཞོན་ནུ་མ་དང༌། གཡོ་ལྡན་མ་དང༌། སངས་རྒྱས་བྱང་ཆུབ་མ་དང༌། ཡེ་ཤེས་སྒྲོན་མ་དང༌། རྡོ་རྗེ་འཇིགས་བྱེད་མ་དང༌། དྲི་ལྡན་མ་དང༌། རྒྱ་ལྡན་མ་དང༌། ཉེ་བའི་སྒྲོལ་མ་དང༌། ཉེ་བའི་གོས་དཀར་མོ་དང༌། ཉེ་བའི་སྤྱན་མ་
དང༌། ཉེ་བའི་མཱ་མ་ཀི་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང༌། སོ་སོར་འབྲང་མ་དང༌། རྨ་བྱ་ཆེན་མོ་དང༌། རི་ཁྲོད་མ་ཅན་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། ཕྱིར་བཟློག་མ་ཆེན་མོ་དང༌། གཙུག་ཏོར་དཀར་མོ་དང༌། རྡོ་རྗེ་འཇིགས་མ་རྣམས་དང༌། དཔའ་བོ་ཉེར་བཞི་ཐོད་པའི་དུམ་བུ་སོགས་རིམ་པས། ཀུན་ཏུ་བཟང་པོ་དང༌། འཇམ་དབྱངས་དང༌། སྤྱན་རས་གཟིགས་དང༌། སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། བྱམས་པ་དང༌། ནམ་མཁའི་སྙིང་པོ་དང༌། ནམ་མཁའ་མཛོད་དང༌། སྒྲིབ་པ་རྣམ་སེལ་དང༌། སྤོས་ཀྱི་གླང་པོ་དང༌། བློ་གྲོས་མི་ཟད་པ་དང༌། ཡེ་ཤེས་རྟོག་དང༌། སྤོབས་པ་བརྩེགས་པ་དང༌། མྱ་ངན་དང་མུན་པ་ཀུན་འཇོམས་དང༌། ངན་སོང་ཀུན་འདྲེན་དང༌། དྲ་བ་ཅན་གྱི་འོད་དང༌། ཟླ་འོད་གཞོན་ནུ་དང༌། རྡོ་རྗེ་འོད་དང༌། ཉི་མའི་འོད་ཀྱི་སྙིང་པོ་དང༌། རྡོ་རྗེ་འོད་ཟེར་དང༌། མཐུ་ཆེན་ཐོབ་དང༌། ནོར་བཟང་དང༌། བཟང་སྐྱོད་དང༌། བློ་གྲོས་རྒྱ་མཚོ་རྣམས་ཏེ། འཇིགས་བྱེད་ཆེན་པོ་ཉེར་བཞི་ལྷ་མོ་དང་བཅས་པ་འདུལ་བའི་ཕྱིར་དང༌། སྒྲུབ་པ་པོ་ལ་དངོས་གྲུབ་མྱུར་བའི་ཕྱིར་དུ་འཇིགས་བྱེད་རྣམས་ཀྱི་མིང་དང༌། ཆ་ལུགས་སོགས་མཐུན་པར་དྲག་པོར་སྤྲུལ་པ་ཡིན་པར་བཤད་དོ། །ལྷ་བརྒྱད་ཚན་གསུམ་ཆར་ལ་ཕྱོགས་དང་ཕྱིའི་ཡུལ་ཆེན། ནང་གི་རྩ་དང་ཁམས། དེ་ཁོ་ན་ཉིད་བྱང་ཕྱོགས་ཀྱི་དག་པ་བཞི། ལྷ་དཔའ་བོ་དང་རྣལ་འབྱོར་མ་གཉིས་ཏེ། དོན་བདུན་བདུན་གྱིས་སྟོན་པ་ལ་ཕྱོགས་ཀྱི་རྩིབས་རྣམས་ཡུལ་ཉི་ཤུ་རྩ་བཞི་དང༌། ཁམས་དཔའ་བོ། རྩ་དཔའ་མོ། གཉིས་
ཆར་བྱང་ཕྱོགས་ཀྱི་དག་པར་ཤེས་པར་བྱའོ། །ཡུལ་ཉེར་བཞི་པོ་ནང་དུ་དག་ཚུལ་ནི། སྤྱི་བོ་ལ་སོགས་པ་སྟེ་འོག་ལུས་དཀྱིལ་གྱི་སྐབས་སུ་འབྱུང་ངོ༌། །གསུམ་ཆར་ལ་གནས་ལ་བསྟོད་པ་ནི་ཚིགས་བཅད་ཐ་མ་རེ་རེའོ། །བརྒྱད་པ་ནི། ཐུགས་འཁོར་བ་རྣམས་ཞེས་པ་ལ་སོགས་ཚིགས་བཅད་བཞི་སྟེ། རིགས་གསུམ་ཞེས་པ་ནི། རིགས་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འདུ་བ་ཡིན་ལ། དེའི་ངོ་བོ་ལྷ་རྣམས་ཏེ། དེས་ན་ངོ་བོ་ནི་ཧེ་རུ་ཀའི་རྡོ་རྗེ་གསུམ་སོགས། རྣམ་པ་ནི་མཁའ་སྤྱོད་སོགས་ཏེ། ཕོ་ཉ་ནི་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་ཤིན་ཏུ་མྱུར་བའི་དོན་ནོ། ཁྱད་པར་གཞན་ཞེས་པ་ནི་གོས་དང༌། རྒྱན་དང༌། སྐུ་དང༌། བཞུགས་སྟངས་རྣམས་སོ། །དེ་ལྟར་ལྷ་རྣམས་ཀྱི་སྤྱིའི་མཚན་ཉིད་བཤད་ནས། གནས་འཁོར་ལོ་གསུམ་གྱི་སྤྱིའི་མཚན་ཉིད་ནི། དབུས་ཀྱི་ཐོག་ཕུབས་ཞེས་སོགས་སོ། །དགུ་པ་ལ། གཞལ་ཡས་ཁང་དང་ལྷ་གཉིས་ལས། །དང་པོ་ནི། འཐུང་སྤྱོད་ཅེས་པ་ནི་མོས་སྤྱོད་ཀྱིས་ཏེ། གཙོ་བོར་ཐམས་ཅད་དུ་གྲགས་པ་བཞིན་སྦྱོར་ལམ་དང༌། རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཚོགས་ལམ་ཡང་མོས་སྤྱོད་དུ་གསུངས་པ་དང༌། ཚོགས་ལམ་གྱིས་བཅུ་གཉིས་ཀྱང་བླ་མེད་ནས་བཤད་པས། དེས་ན་མོས་སྤྱོད་ནི་ཚོགས་སྤྱོར་གཉིས་ཀའོ། །གཉིས་པ་ལ་ལྷ་ལ་བསྟོད་པ་ནི། སྒོ་མཚམས་མ་བརྒྱད་ལ་བྱང་ཕྱོགས་དང་རྩའི་དག་པ། ཕྱོགས་དང་སྐུ་མདོག་སྟེ་ཁྱད་པར་བཞི་བཞིས་བསྟན་པའི་རྩ་རྣམས་ནི་སྙིང་གའི་ཕྱི་སྐོར་གྱི་རྩ་བུ་ག་བརྒྱད་དུ་ཟུག་པ་རྣམས་
ཏེ། མིང་འདི་དག་ནི་ཕྱག་ཆེན་ཐིག་ལེ་ནས་ཀྱང་བཤད་དོ། །ཡང་བོད་གོང་མ་རྣམས་མིག་གཉིས་ལ་རྩ་འཁྲིས་མ། རྣ་བ་གཉིས་ལ་འཁྲིས་གསུམ་མ། སྣ་གཉིས་ལ་བདུད་རྩི་བུ་མོ། ཁ་ལ་བདུད་བྲལ་མ། འོག་གི་ལམ་དུ་ཁྱི་གདོང་མ་ཞེས་ཐ་སྙད་མཛད། ཡང་ཐིག་ལེའི་རྒྱུད་རང་ན་གཞན་མཐུ་མ་བཤད་ལམ་དང༌། མཐུ་སྐྱེད་མ་གསང་པ། རོའི་རྩེ་མོ་ཁ་ལ་བཤད། འོན་ཀྱང་བླ་མ་ལྷོ་ཕྱོགས་པ་སོགས་རྒྱ་གར་བ་རྣམས་ནི། མིང་འདྲ་ཡང་བདེ་མཆོག་ནག་པོའི་ལུགས་ཤེས་པ་རྣམས་ཀྱི་མན་ངག་ནི། གཞན་མཐུ་མ་ལྕེ་རྩ་སྟེ་ཁ། མཐུ་བསྐྱེད་མ་གསང་བ། རོའི་རྩེ་མོ་བཤང་ལམ། རོ་ལུས་ལ་སྣའི་རྩ་བ། ནམ་མཁའ་མ་རྣ་བ་གཡས། ཆར་སྦྱིན་མ་གཡོན། རུལ་མ་མིག་གཡས། གཏོགས་མ་གཡོན་ཞེས་བཞེད་པ་ལྟར་ཏེ་མན་ངག་གོ །ལྭ་བ་པ་སོགས་ཀྱིས་ལཱུ་ཡི་པ་ལ་འགོད་ལུགས་གཞན་མཛད་ཀྱང་དེས་ནག་པོ་ལུགས་ལ་རིགས་བགྲེ་བ་དཀའ་འོ། །དེ་ལྟར་ཞེས་སོགས་ཀྱི་སྤྱི་ཁྱབ་ཀྱི་སྐུའི་རྣམ་པ་བཤད་དོ། །དང་པོ་སོགས་ནི་འཕྲིན་ལས་བསྟན་པ་སྟེ། ཞབས་འོག་གི་རོ་གདན་རྣམས་ཀྱང་ཤུགས་ལ་འཕངས་སོ། །བགེགས་དེ་རྣམས་ལ་ཕུར་བུས་བཏབ་ཅིང༌། སླར་མི་འཇུག་པའི་དོན་དུ་རྡོ་རྗེའི་རྭ་བ་ལ་སོགས་པས་མཚམས་བཅིངས་པ་དང༌། ཡང་ན་ཁྲོ་བོ་རྣམ་རྒྱལ་ལ་སོགས་པ་བརྒྱད། སྒོ་མཚམས་མ་བརྒྱད་ཀྱི་ངོ་བོ་ཡིན་པར་བཤད་པས། ཁྲོ་བོ་བཅུའི་འཁོར་ལོས་འཇོམས་པར་མཛད་པ་ཡིན་ནོ། །བཅུ་པ་ནི། འཁོར་རྣམས་ནས་ལང་ཚོ་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་བར་ཏེ་
འཁོར་རྣམས་ཀྱི་བསྟོད་པ་དེ་དག་གི་ཚིག་དོན་ནི་གཞུང་བྱང་པོར་བཟུང་བ་ཞིག་གིས་གོ་སླ་བས་འདིར་མ་བྲིས་སོ། །འདིར་བྱང་ཕྱོགས་སོ་བདུན་དང༌། རྩ་ཁམས་ཀྱི་རྣམ་གཞག་དང་གཞལ་ཡས་ཁང་བློས་བསླང་བའི་གོ་བ་ཡོད་པ་ཅིག་གལ་ཆེའོ། །བཅུ་གཅིག་པ་ལ། བདེ་ཆེན་འཁོར་ལོ་སོགས་འཁོར་ལོ་ལྔ་སོ་སོར་སྦྱར་བ་དང༌། དེ་ལྟར་སྦྱོར་བའི་རྒྱུ་མཚན་གཉིས་ལས། དང་པོ་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་པོ་ལུས་དཀྱིལ་གྱི་བདེ་ཆེན་འཁོར་ལོ་ཡིན་ལ། ཆོས་འཁོར་གྱི་ལྟེ་བའི་དཔྱིད་དང༌། ལྟེ་བའི་རཀྟའི་དྭངས་མ་གཉིས་ཡབ་ཡུམ་གྱི་བསྐྱེད་གཞི་ཡིན་ལ། ཡབ་ཡུམ་ཞལ་སྦྱོར་དུ་བསྒོམས་པས་འདུ་འཕྲོད་སྙིང་ཁར་འབྱུང་བ་མཚོན། ལྷ་མོ་བཞིའི་བསྐྱེད་གཞི་ནི་རྩ་བའི་རླུང་བཞིའི་ངོ་བོ་ཕྱོགས་བཞི་ནས་འབབ་པ་དེ་ཡིན་ལ། ཐོད་པ་བཞིའི་ནི་མཚམས་ཀྱི་འདབ་མ་ནས་བདུད་རྩི་ལྔའི་དྭངས་མ་འབབ་བའི་རྩ་དང་ཁམས་དེའོ། །སྤྱི་བོ་ནས་པུས་མོའི་བར་གྱི་ལུས་ཀྱི་ཆ་ཤས་ཉི་ཤུ་རྩ་བཞི་པོ་དེ་ཡུལ་ཉི་ཤུ་རྩ་བཞིར་མོས་དགོས་ཤིང༌། དེ་དག་གི་རྩ་ཉེར་བཞི་པོ་རྣམས་དཔའ་མོ་ཉེར་བཞི་དང༌། ཁམས་ཉེར་བཞི་པོ་དཔའ་བོ་ཉེར་བཞིའོ། །སྙིང་ག་ཆོས་འཁོར་གྱི་ཕྱིའི་རྩ་བརྒྱད་ཀྱི་སྣེ་བུ་ག་བརྒྱད་ལ་ཟུག་པ་ཡིན་ཏེ། ཆོས་འཁོར་གྱི་ཕྱི་རོལ་གྱི་གནས་བརྒྱད་ནི་དམ་ཚིག་འཁོར་ལོ་དང༌། རྩ་རླུང་བརྒྱད་པོ་དེ་ནི་མ་མོ་བརྒྱད་ཀྱི་བསྐྱེད་གཞིའོ། །གཉིས་པ་ནི་རླུང་འབའ་ཞིག་རྒྱུ་བའི་རྩ་རྣམས་ཤེས་རབ་ཀྱི་ཆོས་ཤས་ཆེ་བས། མ་མོ་བཅུ་གཉིས་དང༌། རྩ་ཁུ་བ་གཙོ་བོར་འབབ་པ་རྣམས་ལུས་ཀྱི་ཆོས་
ཤས་ཆེ་བས་སྐུ་འཁོར་གྱི་ལྷ་དང༌། རྡུལ་འབབ་པ་རྣམས་སྔ་མ་ལས་ངག་ཤས་ཆེ་བའི་དབང་དུ་བྱས་ཏེ་གསུང་འཁོར་དང༌། དཀར་དམར་རླུང་གསུམ་ཆ་མཉམ་པར་འབབ་པ་རྣམས་བདེ་སྟོང་བསྐྱེད་པའི་ཕྱིར་ཐུགས་ཤས་ཆེ་བས་ཐུགས་འཁོར་རྣམས་ཀྱི་ལྷའི་དག་པར་གཞག་པ་ཡིན་ནོ། །བཅུ་གཉིས་པ་ནི། གྲུ་བཞི་སོགས་ཏེ་ཚིག་དོན་རྣམས་གོ་སླ་ཞིང༌། ཚད་མེད་བཞི་ལ་སོགས་པ་རྣམས་འཆད་པར་འགྱུར་རོ། ཁ་ཁྱེར་ཞེས་བྱ་བ་ནི་འདོད་སྣམ་མོ། །ཡེ་ཤེས་གཞལ་ཡས་ཁང་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རང་བཞིན་ཀྱི་གཞལ་ཡས་ཁང་ངོ༌། །བཅུ་གསུམ་པ་ནི། ཁ་སོགས་བུ་ག་བརྒྱད་ཅེས་སོགས་ཏེ། དེ་ཡང་དུར་ཁྲོད་བརྒྱད་ནི། ནང་ལུས་ལ་སྦྱར་ན་བུ་ག་བརྒྱད་ཡིན་པ་ལས། ལཱ་བ་པས། དེ་ལྟར་ཁ་དང་ལྟེ་བ་དང༌། རྟགས་དང་བཤང་ལམ་དང་སྨིན་མཚམས་དང་མིག་དང༌། སྣ་རྣམས་ལ་ཡང་གོ་བར་བྱའོ། །ཞེས་གསུངས་པའི་དགོངས་པར་བྱས་ཏེ་འདིར་རྒྱ་བོད་ཁ་ཅིགམིག་གཉིས། རྣ་བ་གཉིས། སྣ་གཉིས་ཕྱོགས་མཐུན་སྡོམ་པས་བུ་ག་གསུམ་དུ་མཛད་ཅིང༌། ལྟེ་བ་དང་སྨིན་མཚམས་ཀྱི་སྒོ་གཉིས་བསྣན་པ་དང༌། ཁ་ཅིག་གིས་འོག་སྒོ་གཉིས་ཀྱང་གཅིག་ཏུ་བྱས་ཏེ། སྤྱི་གཙུག་གི་བུ་ག་བསྣན་པའང་ཡོད། ཡང་བུ་ག་དགུ་ལས་འོག་སྒོ་གཉིས་གཅིག་ཏུ་བྱས་པ་སྟེ་ལུགས་མང་པོ་ཡོད་མོད་ཀྱི། ཁུངས་ཞིག་ཡོད་ན་དེ་དག་ཐམས་ཅད་མི་འགལ་མོ། །འོན་ཀྱང་བླ་མའི་རིམ་པས་བདེ་མཆོག་གི་རྒྱུད་རྣམས་ན་བུ་ག་བརྒྱད་གང་ཡིན་གསལ་བར་མ་གསུངས་ཀྱང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་སོགས་གཞན་
རྣམས་སུ། དུར་ཁྲོད་བརྒྱད་ལ་སྦྱར་བའི་བུ་ག་བརྒྱད་ནི། ཡོངས་སུ་གྲགས་པའི་བུ་ག་དགུ་ལ། སྣ་བུག་གཉིས་གཅིག་ཏུ་སྡོམས་པར་བཤད་པས། འདིར་ཡང་དེ་ལྟར་ཁས་བླང་ངོ་གསུང༌། འདིར་བུ་ག་དང༌། དུར་ཁྲོད་དང༌། ཕྱོགས་སྐྱོང་དང༌། ཞིང་སྐྱོང་དང༌། ཤིང་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་དང༌། མེ་དང༌། ཆུ་དང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང༌། སོགས་ཀྱི་སྒྲས་ཀླུ་བརྒྱད་ལ་སོགས་པ་བརྒྱད་ཚན་བཅུ་གཉིས་པོ་དེས་མཚོན་པའི་དུར་ཁྲོད་ཀྱི་མངོན་པར་རྟོགས་པ་རྒྱས་པར་ཤེས་པར་བྱའོ། །དུར་ཁྲོད་གནས་ཞེས་བྱ་བ་ནི། དེ་ན་གནས་པ་རྣམས་ལ་ཞེས་པའོ། །འདིར་སྨྲས་པ། བསྟོད་པའི་ཚུལ་གྱིས་བསྟོད་པར་འོས་པ་ཡི། །ལམ་བཟང་མཆོག་གྱུར་ལམ་འདི་བཤད་པ་ཡིན། །སྨྲ་མཁས་གང་དག་སྨྲ་བའི་ཚིག་ཙམ་སྟེ། །ངེས་དོན་ཡིན་ཞེས་ངེས་མེད་སྣ་ཚོགས་སྨྲ། །བཞི་པ་དེ་རྣམས་ཀྱི་དོན་བསྡུ་བ་ནི། དཀྱིལ་འཁོར་དེ་ཡང་ཁང་བཟང་ཞིག་ཏུ་རྒྱལ་པོ་དཔོན་གཡོག་འདུས་པ་ལྟ་བུ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་སྤྲོས་བྲལ་དུ་མཁྱེན་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཁོ་ན་འགྲོ་བ་འདུལ་བའི་དོན་དུ་དཀྱིལ་འཁཽར་རབ་འབྱམས་སུ་སྣང་བ་ཡིན་ནོ་ཞེས་སྟོན་པ་ཐམས་ཅད་མཁྱེན་པའི་ཞེས་པ་ལ་སོགས་པའོ། །གཉིས་པ་མཆོད་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ལ་མཆོད་ཡུལ་ནི། བླ་མ་སོགས་ཏེ། རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་དཀྱིལ་འཁོར་ཏེ་སྤྲུལ་པའི་དཀྱིལ་འཁོར་འཁོར་ཚོགས་དང་བཅས་པའོ། །འདིའི་
གསང་བ་ནི་གཞན་རྣམས་སུ་གྲགས་པའི་ཕྱིའི་མཆོད་པ་ཡིན་ཏེ། འོན་ཀྱང་གསང་བ་ཞེས་བརྗོད་པའི་རྒྱུ་མཚན་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ནུས་པས་ཚོགས་རྫོགས་ཕུལ་ཤིན་ཏུ་ཆེ་བ་སྟེ། སྔགས་ཀྱི་སྐལ་བ་མེད་པ་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དབང་པོ་བརྟུལ་པོ་རྣམས་ལ་ཤིན་ཏུ་གསང་བ་ཡིན་པ་དང༌། ཤ་ཆེན་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ལྷ་ལ་ཕུལ་བས་དངོས་གྲུབ་མྱུར་དུ་ཐོབ་པ་ནི། གསང་སྔགས་འོག་མ་རྣམས་སུ་ཡང་གསང་བས་སོ། །རབ་གསང་ཞེས་བྱ་བ་ནི་ནང་གི་མཆོད་པའོ། །གསང་ཆེན་ནི་གསང་བའི་མཆོད་པའོ། །བླ་ན་མེད་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །གཉིས་པ་ལ་གསང་བའི་དང༌། རབ་ཏུ་གསང་བའི་དང༌། གསང་བ་ཆེན་པོའི་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་བཞི་ལས། དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི་དངོས་བཤམ་སོགས་སོ། །རྒྱས་པར་བཤད་པ་ལ་ཉེར་སྤྱོད་དང༌། འདོད་ཡོན་དང༌། ཁྱད་པར་གྱི་མཆོད་པ་གསུམ་ལས། དང་པོ་ནི་མཆོད་ཡོན་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི་གཟུགས་སྒྲ་སོགས་ཚིག་བཅད་གཅིག་སྟེ། དེ་ལ་རིག་མའི་འདོད་ཡོན་ལྔ་མཆོད་ནི། གསང་བའི་མཆོད་པར་མི་འགྱུར་རམ། འདིར་ཡང་ནང་གི་ཞེས་སྨྲོས་པས། ཕྱིའི་སྐབས་སུ་ཅིའི་ཕྱིར་མི་འགལ་ཞེ་ན། དེ་ནི་བདེན་མོད་ཀྱི། གསང་བའི་མཆོད་པ་ནི། རིག་མའི་ཁ་སྦྱོར་གྱི་བདེ་བས་མཆོད་པ་ཡིན་ཀྱང་རིག་མའི་འདོད་ཡོན་གྱི་མཆོད་པ་ཡིན་ཚད་གསང་མཆོད་དུ་མི་འགྲོ་སྟེ། རིག་མས་གླུ་དང་གར་དང༌། སྒེག་པ་དང་རྒོད་པ་དང་ལུས་ཀྱི་དྲི་བཟང་དང་
ཞལ་ཟས་སྟོབ་པ་དང་ཡན་ལག་མཉེན་ཞིང་འཇམ་པས་རིམ་གྲོ་བྱེད་པ་དང༌། དེ་རྣམས་ཀྱིས་ཡིད་བདེ་བར་བྱེད་པ་སྟེ། རིག་མའི་འདོད་ཡོན་དྲུག་པོ་དེ་ཙམ་གྱི་མཆོད་པ་ནི། ཐེག་ཆེན་མདོ་སྔགས་ཐམས་ཅད་ལ་ཡོད་ཀྱང་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་གསང་བའི་མཆོད་པར་མི་འགྱུར་བ་བཞིན་ནོ། །ནང་གི་ཞེས་པ་ཡང་ཕྱི་ནང་གསང་བ་ཞེས་པའི་ནང་ནི་མ་ཡིན་ཏེ། ནང་སེམས་ཅན་གྱིས་བསྡུས་པའི་ཞེས་པའི་དོན་ནོ། །དེས་ནི་ནང་གི་མཆོད་པར་མི་འགྲོ་སྟེ། རྒྱལ་སྲིད་སྣ་བདུན་གྱི་བཙུན་མོ་རིན་པོ་ཆེ་བཞིན་ནོ། །འོ་ན་ཅི་ཞེ་ན། གསང་བའི་མཆོད་པ་ཞེས་བྱ་བ་རིག་མའི་འདོད་ཡོན་དང་པོ་བཞིའི་སྐབས་ཀྱང་སྙོམས་པར་འཇུག་པའི་འདོད་ཆགས་དང་རྗེས་སུ་འབྲེལ་བ་དགོས་ཤིང༌། འདོད་ཡོན་གང་གི་སྐབས་ཡིན་ཡང་ཞུ་བདེའི་ཐབས་སུ་འགྲོ་བ་དགོས་པ་ཡིན་ནོ། །གསུམ་པ་ལ་དྲུག་ལས། དང་པོ་དངོས་གྲུབ་ཀྱི་དོན་གྱི་མཆོད་པ་ནི། དངོས་གྲུབ་ཐོབ་པའི་ཞེས་སོགས་སོ། །འདིར་ཁྱད་པར་ཞེས་པའི་ཚིག་ནི་དངོས་གྲུབ་འབྱུང་བའི་ཕྱིར་དང་མཆོག་ཏུ་མཉེས་པའི་ཕྱིར་དང༌། ཚོགས་རྫོགས་ཕུལ་གཞན་པས་ཆེ་བའི་ཕྱིར་དང༌། ཉེ་བར་མཁོ་བའི་དོན་དང༌། དཀྱིལ་འཁོར་མཆོད་པའི་དོན་དང༌། བླ་མའི་རིམ་གྲོ་ལ་ཉེ་བར་མཁོ་བའི་དོན་དུ་མཆོད་པ་གཞན་རྣམས་ལས་ཁྱད་པར་དུ་གལ་ཆེའོ། །ཞེས་པ་སྟེ། དོན་ཚན་དྲུག་པོ་རྣམས་ལ་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ་ཐོག་མའི་གསལ་བྱེད་དོ། །ཤ་ཆེན་སོགས་ནི་རྩ་རྒྱུད་ལས་
སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། དྲི་དང་མེ་ཏོག་བདུག་སྤོས་དང༌། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་དང༌། སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་ཕྱི་ལ་ཞུན་ཆེན་གྱི་མར་མེ་དང་ཤ་ཆེན་ཡིན་ཏེ། དེ་རྣམས་བརྒྱ་ཕྲག་བརྒྱ་ཕྲག་སྤེལ་བ་དངོས་གྲུབ་སྒྲུབ་པ་ལ་བསྔགས་པ་ཡིན་ནོ། །གཉིས་པ་མཆོག་ཏུ་དགྱེས་པའི་དོན་དུ་ལྷ་མོའི་མཆོད་པ་ནི་རིག་པའི་སོགས་ཏེ། བཅུ་དྲུག་ནི་པི་ཝཾ་མ་ལ་སོགས་པའོ། །ཉི་ཤུ་ནི་སྒྱུ་མ་བདེ་མཆོག་ལས་འབྱུང་སྟེ། བདེ་མཆོག་མ། ངོ་མཚར་བདེ་མ། སྣང་མཛད་མ། སློབ་པ་མ། སངས་རྒྱས་བྱང་ཆུབ་མ། ཆོས་འཁོར་མ། རྣམ་རྒྱལ་མ། འདོད་པའི་དབང་ཕྱུག་མ། གླིང་བུ་མ། པི་ཝཾ་མ། ཅང་ཏེ་མ། རྫ་རྔ་མ། མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་སོ། །བདེ་སྦྱིན་ནི་བདེ་བ་བསྐྱེད་པའི་དོན་ཏེ། གསང་བའི་དོན་དུ་འགྱུར་བའི་སྐབས་ཀྱང་ཡོད་མོད་ཀྱི། གཙོ་བོར་རིག་མའི་ཕྱི་མཆོད་ཡིན་ནོ། །གསུམ་པ་ནི་རིན་ཆེན་སྣ་བདུན་གྱི་མཆོད་པ་ལ། །གསང་འདུས་ལས་ཀྱང༌། ཞིང་འདི་རིན་ཆེན་སྣ་བདུན་གྱི། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་སོ། རྒྱལ་སྲིད་སྣ་བདུན་ནི་འཁོར་ལོ་ཞེས་སོགས་སོ། །ཉེ་བའི་རིན་ཆེན་སྣ་བདུན་ནི་རལ་གྲི་ཞེས་སོགས་སོ། །ཕལ་པའི་རིན་ཆེན་བདུན་ནི་པད་དམར་ཞེས་སོགས་སོ། །རིན་ཆེན་དམན་པ་ནི་ཟངས་ལྕགས་ལ་སོགས་
པའོ། །ཟླ་ཤེལ་ནི་ཆུ་ཤེལ་ཏེ་སོགས་ཀྱི་ཚིག་གིས་བསྡུས་པ་ནི། ནོར་བུའི་ཁྱད་པར་གཞན་དང་གསེར་ལ་སོགས་པ་ཁམས་ཀྱི་རིམ་པ་རྣམས་སོ། །བཞི་པ་ཉེར་མཁོའི་མཆོད་པ་ནི། ཁྲུས་ཀྱི་རྫིང་བུ་ཞེས་སོགས་ཏེ། རིགས་ལྔའི་སྟན་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་ཟླ་བ། རིན་ཆེན་རིགས་ལ་རིན་པོ་ཆེ། པདྨའི་རིགས་ལ་པདྨ་དམར་པོ། ལས་ཀྱི་རིགས་ལ་སྣ་ཚོགས་རྡོ་རྗེ། རྡོ་རྗེའི་རིགས་ལ་ཉི་མ་དང་རྡོ་རྗེའོ། །བཞོན་པ་ནི་གླང་པོ། རྟ། རྨ་བྱ། མཁའ་ལྡིང༌། སེང་གེ་རྣམས་སོ། །ཕྱག་མཚན་ནི་རིགས་ལྔ་དང་དཀྱིལ་འཁོར་གྱི་ལྷ་སོ་སོའི་ཕྱག་མཚན་ནོ། །སོ་སོའི་དམ་ཚིག་ནི་བཟའ་བའི་དམ་ཚིག་སྟེ། ལྷ་སུམ་ཅུ་རྩ་བདུན་ལས། གཙོ་བོ་ཡབ་ཡུམ་སྤྱི་ཁྱབ་ཏུ་འགྱུར་ཞིང༌། ལྷག་མ་ཡབ་ཡུམ་གཉིས་མེད་དུ་བྱས་པ། ཡུམ་གཙོ་བོའི་དབང་དུ་བྱས་ནས། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་རྩ་བའི་དམ་ཚིག་ལ་ལུས་ཀྱི་ཁམས་སུམ་ཅུ་རྩ་དྲུག་དང༌། འདབ་ཆགས་སུམ་ཅུ་རྩ་དྲུག་དང༌། སྐམ་གནས་དང༌། ཆུར་གནས་ཀྱང་སུམ་ཅུ་རྩ་དྲུག་གི་ཤ་རྣམས་ཏེ། གཞན་ཡང་འཇིག་རྟེན་བདག་ལ་ཤ་ཁྲག་གནོད་སྦྱིན་མོ་དང་འོ་མ་ཀླུ་མོ་དང༌། སྤོས་དང་མེ་ཏོག་ལྷའི་ན་མོ་དང༌། ཞག་དང་མི་ཐོད་ཀྱི་འབྲུ་མར་ལ་སོགས་པ་སྲིན་མོ་དང༌། བཤང་གཅི་ཁྲག་དང་ཆང་རྣམས་མཁའ་འགྲཽ་མ་རྣམས་ཀྱི་བཟའ་བའི་དམ་ཚིག་ཏུ་བཤད་པ་བཞིན་ཡིན་ནོ། །མེ་ཏོག་བདུན་ནི། གསང་བ་འདུས་པ་ལས་གསུངས་པ་བཞིན་ཡིན་ཏེ། དེ་ཡང་འདུས་པ་ལེའུ་བརྒྱད་པ་ལས། མཁས་པས་ཨུཏྤལ་དག་དང༌། །པདྨ་རྣམ་པ་ལྔར་ཤེས་བྱ། །
ཛཱ་ཏི་རྣམ་གསུམ་ཞེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །མེ་ཏོག་ཀརྞི་ཀ་ར་དང༌། །མ་ལི་ཀ་དང་ཡུ་ཏི་ཀ །མེ་ཏོག་ཀ་ར་བཱི་ར་བསམ། །མཆོད་པ་ཐམས་ཅད་རབ་ཏུ་བརྟག །ཅེས་པ་ལྟར་ཕྱི་མཆོད་ཀྱི་དབང་དུ་བྱས་ན། པདྨ། ཨུཏྤལ། ཛཱ་ཏི། ཀརྞི་ཀ་ར། མ་ལི་ཀ །ཡུ་ཏི་ཀ ཀ་ར་བཱི་ར། བདུན་པོ་དེ་དག་ནི་བྱང་ཆུབ་ཡན་ལག་བདུན་མཚོན་པ་ཡིན་ནོ། །བཀྲ་ཤིས་ལྷ་མོ་བརྒྱད་ནི། པདྨ་ཅན་ལ་སོགས་པ་བརྒྱད་ཀྱི་བརྒྱ་བྱིན་ལྷ་མིན་གྱི་གཡུལ་ལས་རྒྱལ་བའི་ཚེ་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཆོད་པ་བྱེད་པ་མོ་རྣམས་སོ། །ལྔ་པ་དཀྱིལ་འཁོར་གྱི་མཆོད་པ་ནི་རྒྱལ་མཚན་སོགས་སོ། །མདའ་ནི་མདའ་དྲའི་བསྲུང་བའོ། །བུམ་པ་དགུ་ནི། དབང་བསྐུར་བའི་དོན་དུ་ཡང་དགོས་མོད་ཀྱི། འདིར་ནི་མཆོད་པའི་དོན་ནོ། །དྲུག་པ་བླ་མ་ལ་མཆོད་པ་ནི་ཁྱད་པར་སོགས་སོ། །དཔྱངས་པ་ནི་དྲ་ཕྱེད་ལས་སོ། །བརྒྱན་ཞིང་ནི་གནས་ཁང་ལའོ། །སེམས་དགའ་བའི་སྒོ་ནས་རྔ་ཆེན་སོགས་རོལ་མོ་སྣ་ཚོགས་དང་བཅས་པའི་གླུ་གར་རོ། །འདིར་རྒྱུད་ལས། སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང༌། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། དེའི་དོན་གསང་བ་ནི། དབང་བསྐུར་བའི་དོན་དུ་སློབ་དཔོན་ལ་ཕྱག་རྒྱ་ཕུལ་ཏེ། ལྷན་ཅིག་སྐྱེས་པའི་དགའ་བའི་རྔ་ཆེན་པོས་མཉེས་པར་བྱེད་པ་བཤད་དོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། རྡོ་རྗེ་པདྨར་ཡང་དག་བརྡར། ཞུགས་པ་ལ་སོགས་པ་རིམ་ལས་བྱུང༌། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །ཞེས་རྡོ་རྗེ་པདྨ་མཉམ་པར་སྦྱར་བས་གཞོམ་མེད་ཀྱི་སྒྲ་འབྱུང་བའོ། །
ཡོན་དབུལ་བ་ནི། གསེར་ནི་སོགས་སོ། །བདག་ཉིད་དབུལ་བ་ནི་ལུས་ངག་སོགས་སོ། །གཉིས་པ་རབ་ཏུ་གསང་བའི་མཆོད་པ་ལ་བཞི་ལས། དང་པོ་ཞི་བའི་བཏུང་བ་ནི། གཞན་ཡང་ཞེས་སོགས་ཏེ། དཀྱིལ་འཁོར་མཆོད་པའི་དོན་དུ། དུས་ལྡན་མ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་ཐིག་ལེ་དཀར་དམར་གྱིས་བདག་མདུན་གྱི་དཀྱིལ་འཁོར་རྣམས་མཆོད་པར་འགྱུར་བ་ཡིན་ལ། དེ་ལ་ཟླ་བ་ནི་ཁུ་བའོ། །མེ་ཏོག་ནི་ཟླ་མཚན་ནོ། །འདི་ནི་རྩ་རྒྱུད་ལས། སྦོམ་པོ་མཐའ་དག་རྩེ་སྦྱར་བས། །རྣལ་འབྱོར་རིག་པས་རྟག་ཏུ་སྤྱད། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པར་ཐོབ་པར་འགྱུར། །ཞེས་པའི་དོན་གྱི་ཕྱོགས་གཅིག་གོ །འདི་དག་ཕྱོགས་མཐུན་པར་གསང་བ་འདུས་པ་ལས། དཀྱིལ་འཁོར་མཆོད་པའི་སྐབས་སུ། བཞིན་བཟང་ཤིན་ཏུ་མཛེས་པ་ཡི། །ན་ཆུང་སྐལ་བ་མཆོག་ལྡན་པ། །བྱིན་གྱིས་བརླབས་ཀྱི་གནས་བསམ་སྟེ། །སངས་རྒྱས་མཆོད་པ་རབ་ཏུ་བརྟག །མིག་བཟང་བརྟན་པའི་བློ་ལྡན་པའི། ཁུ་བ་བླངས་ནས་བཟའ་བར་བྱ། །ཞེས་གསུངས་པའི་དོན་ཡེ་ཤེས་ཞབས་ལུགས་པ་མང་པོས། དངོས་སུ་ཐིག་ལེ་ཕྱུང་བར་བཞེད་པ་ལ། བོད་ཀྱི་འཕགས་བསྐོར་བ་ཕྱི་མ་རྣམས་ཀྱིས་དེ་ལྟར་ན་ལྟུང་བར་འགྱུར་བས་ཡིད་ཀྱི་འབྱིན་པ་ཡིན་ཞེས་ཟེར། སྤྱིར་བླ་མེད་ཀྱི་ལམ་འདིར་བདེ་བ་ཆེན་པོ་གཙོ་བོར་སྒྲུབ་དགོས་པས་དེའི་འགལ་ཟླ་ཐིག་ལེ་ལྷུང་བ་ནི་ཤིན་ཏུ་ཉེས་པ་ཆེ་ཡང༌། དགོས་པ་ཁྱད་པར་ཅན་གྱི་ཚེ་བསམ་པ་མཆོག་གིས་ཟིན་པས་མཆོད་པ་འདི་ལྟ་བུའི་དུས་ནི་ཉེས་པ་མེད་པར་
མ་ཟད་ཚོགས་རྫོགས་པའི་ཐབས་དམ་པ་སྟེ། དགོས་པས་དགག་བྱ་ཟིལ་གྱིས་གནོན་པ་གསང་དབང་བཞིན་ནོ། །གཉིས་པ་བདུད་རྩི་ལྔ་ལ་དངོས་གྲུབ་ཅེས་བྱ་བ་ནི། རིགས་ལྔའི་དངོས་གྲུབ་བམ། བཅུད་ལེན་གྱི་དངོས་གྲུབ་ཀྱི་དམ་ཚིག་གོ །བཅུད་ལེན་སོགས་གནས་སྐབས་སོ་སོར་བདུད་རྩི་རྣམ་པ་ལྔ་པོ་དེ་དག་ལ་རྣམ་པར་དབྱེ་བ་མང་དུ་ཡོད་མོད་ཀྱི་མ་སྤྲོས་སོ། །དེའི་ཤ་ཆེན་གྱི་དྭངས་མ་ནི། ཀླད་པ་དང༌། གཞུང་པ་དང༌། རྐང་ངོ༌། །སྒྲོན་མ་ལྔ་ནི་ཤ་ལྔ་སྟེ། དེ་རྣམས་ཟོས་པས་རིགས་སོ་སོའི་དངོས་གྲུབ་མྱུར་བའི་ཕྱིར་རིགས་ལྔའི་དམ་ཚིག་ཅེས་བྱའོ། །བདེ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་མྱོས་བྱེད་ལྔ་ནི། འབྲས་དང་བུ་རམ་དང་སྦྲང་རྩི་དང་མེ་ཏོག་དང་ཤིང་ལས་བྱུང་བ་ལྔའམ། སྡོམ་འབྱུང་ལས། རྫས་སྐྱེས་དེ་བཞིན་རྩ་བ་སྐྱེས། །གཽ་ཊི་པཥྟི་མཱ་དྷཱི་སྐྱེས། །ཤིང་སྐྱེས་དེ་བཞིན་བུ་རམ་སྐྱེས། །ཞེས་པ་རྣམས་ལ། རྣོ་དང་ཁ་དང་ཚྭ་བ་དང༌། །མངར་དང་འཇམ་པ་སྐྱེ་བར་འགྱུར། །ཞེས་རྣོ་བའི་རོ་ཅན་སོགས་ལྔའོ། །དེ་དག་བདེ་བའི་རྒྱུར་འགྱུར་བ་ནི། ཀྱཻ་རྡོ་རྗེ་ལས། དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་སོ། །གསུམ་པ་གསང་བ་ཆེན་པོའི་མཆོད་པ་ལ། མཆོད་རྫས་ཕྱག་རྒྱ་དང༌། དེས་ཇི་ལྟར་མཆོད་པའི་ཚུལ་ལོ། །དང་པོ་ནི། རིན་ཆེན་འབྱུང་གནས་ན་ཆུང་མཆོག །རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །སྒྲུབ་ཚེ་རབ་ཏུ་སྒྲུབ་པའི་ཕྱིར། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །ཞེས་
དངོས་གྲུབ་ཀྱི་དོན་ཏེ། དེ་ལ་རྣམ་སྨིན་གྱི་དབྱེ་བ་དང༌། རིགས་ཀྱི་དབྱེ་བ་དང༌། དབང་བསྐུར་བའི་ཕྱག་རྒྱ་དང༌། ཚོགས་ཀྱི་ཕྱག་རྒྱའོ། །དང་པོ་ལ་ན་ཚོད་ཀྱི་དབྱེ་བ། ལུས་ཀྱི་དབྱེ་བ། རྒྱུད་ཀྱི་དབྱེ་བའོ། །དང་པོ་ནི། རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །དེའི་རིགས་ཀྱི་ཕྱག་རྒྱ་ནི། །སྤྱིར་རིགས་ལྔ། རིགས་དྲུག །རིགས་སུམ་ཅུ་རྩ་དྲུག་ལ་སོགས་པ་བཤད་པ་རྣམས་བསྡུ་ན་ལས་ཀྱི་རིགས་དང་པདྨའི་རིགས་གསུང་དང༌། རིན་ཆེན་རིགས་དང་རྣམ་སྣང་གི་རིགས་སྐུ་དང༌། མི་བསྐྱོད་པ་ནི་ཐུགས་ཀྱི་རིགས་ཡིན་པས་འོག་ནས་འབྱུང་བ་ཐམས་ཅད་ཀྱང་འདི་གསུམ་དུ་མི་འདུ་བ་ནི་མ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི། རིགས་གསུམ་ཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་ན་ཚོད་ལ་སྦྱར་བ་ཡོད་མོད་ཀྱི། འདིར་ནི་ལོ་བཅུ་གཉིས་མ་ཐུགས་ཀྱི་རིགས་དང༌། བཅུ་དྲུག་མ་གསུང་གི་རིགས་དང༌། ཉི་ཤུ་མ་སྐུའི་རིགས་སོ། །བཅུད་ལེན་གྱི་དོན་དུ་བཅུ་གཅིག་མ་དང༌། བཟའ་བའི་དམ་ཚིག་གི་དོན་དུ་བཅུ་གཉིས་མ་སྟེ་ཐུགས་དང༌། བདེ་བ་ཆེན་པོའི་དོན་དུ་བཅུ་དྲུག་མ་གསུང་དང༌། མཁའ་སྤྱོད་ཀྱི་དོན་དུ་ཉི་ཤུ་མ། དབང་བསྐུར་བའི་དོན་དུ་ཉེར་ལྔ་མ་སྐུའི་རིགས་ཡིན་པར་བཞེད་དེ། དགོས་པའི་དོན་གྱི་ན་ཚོད་ལྔར་དབྱེ་བ་དེ་ནི་རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས་སོ། །གཉིས་པ་ནི། པདྨ་ཅན་སོགས་ཏེ། པདྨ་ཅན་མ་དང༌། གླང་པོ་ཅན་མ་དང༌། དུང་ཅན་མ་དང༌། རི་མོ་ཅན་མའོ། །རི་དྭགས་ཅན་མ་ནི་པདྨ་ཅན་མའི་ནང་ཚན་ཡིན་ཏེ། དེ་གཉིས་སོ་སོར་ཕྱེ་ན་ལྔར་འགྱུར་རོ། །
དེ་རྣམས་ཀྱི་མཚན་ཉིད་ནི། ཞལ་ལུང༌། སྡོམ་འབྱུང༌། རྣལ་འབྱོར་བཞི་རིམ་རྣམས་ལས་ནི། དོན་མགྲིན་གཅིག་ཏུ་གསུངས། གཤིན་རྗེ་གཤེད་གདོང་དྲུག་གི་རྒྱུད་དང༌། གཞན་ཡང༌། རྒྱུད་དང༌། འགྲེལ་པ་མང་པོ་དང༌། མན་ངག་རྣམས་ལས་སྣ་ཚོགས་འབྱུང་སྟེ། ཕྱོགས་མཐུན་རྩིས་པས་མི་འགལ་བར་མཐོང་ངོ༌། །འདིར་ཚིག་འདུས་ཆེ་བར་སྣང་བས་རྣལ་འབྱོར་བཞི་རིམ་ལྟར་བརྗོད་ན། ཇི་སྐད་དུ། པདྨ་ཅན་གྱི་མཚན་ཉིད་ནི། །བཞིན་ནི་ཀུན་ནས་ཟླུམ་པ་སྟེ། །སྣ་ནི་ཛ་བའི་མེ་ཏོག་མཚུངས། །རུས་སྦལ་རྒྱབ་འདྲའི་སེར་མོ་དམར། །ནུ་མ་འཁྲེགས་ཤིང་འཇམ་པ་དང༌། །རྐང་མཐིལ་མཉམ་གནས་བྲང་ཡང་མཛེས། །བ་སྤུ་འཁྱིལ་ཞིང་ངང་པའི་སྐད། །རི་མོ་གསུམ་ཅན་ཆུ་སྐྱེས་མཆོག །པདྨའི་དྲི་ལྡན་གླང་ཆེན་འགྲོས། །པདྨའི་འདབ་ལྟར་རེག་ན་འཇམ། །ཞེས་པ་དང༌། འཇམ་དཔལ་ཞལ་ལུང་ལས་ནི། ནུ་མའི་རྩེ་མོ་ཏིལ་གྱི་གང་བུ་འདྲ་བ་དང༌། རཀྟ་རོ་སྐྱུར་བ་དང༌། མདོག་དམར་བ་དང༌། མཱ་མ་ཀཱི་དང་ཀླུའི་རིགས་ཞེས་བཤད། ཀ་ར་ཎ་སྦྱོར་ཐབས་ཀྱང༌། པདྨའི་བྱེད་པ་རུས་སྦལ་ཀྱི་འདུག་སྟངས་ཀྱིས་བསྟེན། གླང་པོ་ཅན་ཞེས་བྱ་བ་ནི། སྣ་ཡོན་བ་སྤུ་འཁྱིལ་བ་དང༌། །འདོད་པའི་མྱོས་ཤིང་འདོད་ལ་སྲེད། །ཆང་གི་དྲི་ལྡན་བྱིན་པ་སྦོམ། །ལུས་ནི་སྦོམ་ལ་སྲུན་པ་དང༌། །བཞད་ཀྱི་གདངས་དང་ང་རོ་ཆེ། །གླུ་དང་རོལ་མོ་ལ་དགའ་བ། །ཞལ་ལུང་ལས་ནི། དྲི་བ་སྤྱོད་ལམ་རྩིང༌། རཀྟ་རོ་མངར། ཤ་མདོག་སྨུག་ལ་ནུ་མ་གཡས་གཡོན་དུ་བགྱེད་པ་སྤྱན་མའི་རིགས་སོ། །འགའ་ཞིག་ཏུ་བ་ཚྭ་ཆགས་པ་
བཞིན་སྣང་སྟེ་བ་ལང་གི་རིགས་ཞེས་བཤད། བྱེད་པ་ཡང་གླང་པོ་ལྟ་བུ་དང་རིལ་བུ་རེག་པས་བསྟེན། དུང་ཅན་མ་ཞེས་གྲགས་པ་ནི། །ཧ་ཅང་སྐེམ་མིན་སྦོམ་པ་མིན། །སྐྲ་རིང་སྣ་ཡང་ཅུང་ཟད་རིང༌། །ནུ་མ་ན་ར་ཀ་འབྲས་ལྟར། །ཞོ་དང་འོ་མའི་ཚོགས་ལ་དགའ། །བྱ་རོག་སྐད་ཅན་བོང་བུའི་དྲི། །བ་ལང་ལྕེ་ལྟར་རྩུབ་པ་སྟེ། །ན་ར་ཀ་ཡི་འབྲས་བུ་ནི། །རྩ་བ་ཕྲ་ཞིང་རྩེ་མོ་རྒྱས་པའོ། །ཞལ་ལུང་ལས། རཀྟ་ལན་ཚྭ་བ་དང༌། མདོག་དཀར་སེར་དང༌། གོས་དཀར་མོའི་རིགས་སོ། །བ་ཚྭའི་དྲི་ཞེས་བྱ་བ་འབྱུང་བ་ནི་འགྱུར་ཉེས་པ་འདྲ་སྟེ། བ་ར་བོང་བུ་དང་བ་ཚྭ་གཉིས་ཆར་ལ་འཇུག་པས་འདིར་བོང་བུའོ། །དཀར་སེར་ནི་འགྱུར་གཞན་ལས་སྐྱ་བསང་ཞེས་སོ། །འདི་ལ་སྟག་གམ་སེང་གེའི་རིགས་ཞེས་ཀྱང་བཤད་དོ། །བྱེད་པ་ཡང་རབ་ཏུ་བཀལ་བའི་སྦྱོར་བས་བསྟེན། རི་མོ་ཅན་ཡང་བཤད་པར་བྱ། །ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤང༌། །རྟག་ཏུ་རྩོད་པ་ལ་དགའ་ཞིང༌། །ལུས་ཐུང་དེ་ཡི་བྲང་ཡང་མཛེས། །པ་ལའི་འབྲས་ལྟར་ནུ་མ་ཟབ། །བྱིན་པ་ཕྲ་ཞིང་ཕྱིས་སྐན་ཉལ། །གསུས་པ་སྦོམ་ཞིང་མཆུ་ཡང་འཕྱངས། །ཤའི་དྲི་ལྡན་ཕུག་རོན་སྐད། །ཞལ་ལུང་ལས་ནི། བརླ་ཤ་མཛེས་པ་དང༌། ཁ་དོག་སྔོ་བསང༌། རཀྟ་ཚ་བ་དང༌། སྒྲོལ་མ་དང༌། རི་དྭགས་ཀྱི་རིགས་ཞེས་བཤད། ནུ་མ་ཟབ་པ་ནི་ཟླུམ་ལ་ཆུང་བའོ། །བྱེད་པ་ཡང་རྡོ་རྗེ་སེམས་དཔའི་དོ་ལིའོ། །སྡོམ་འབྱུང་ལས་ནི། པདྨ་ཅན་ཉིད་མཁའ་འགྲོ་མ། །ལཱ་མ་གླང་ཆེན་མ་རུ་འགྱུར། །དུམ་སྐྱེས་མ་ནི་དུང་ཅན་མ། །ཙི་ཏྲི་ནར་འགྱུར་གཟུགས་ཅན་མ། །ཞེས་དང༌།
ཙ་རྩི་ཀ་ནི་པདྨ་ཅན། །ཕག་མོ་གླང་པོ་ཅན་དུ་བཤད། །རྡོ་རྗེ་དབྱངས་ཅན་དུང་ཅན་མ། །དཀར་མོ་རི་མོ་ཅན་ཡིན་ཏེ། །ཞེས་སློབ་དཔོན་དཔལ་འཛིན་གྱིས་གཤེད་དམར་རྫོགས་རིམ་དུ་བཤད་པ་རྣམས་རིགས་ཀྱི་དབྱེ་བ་མི་འདྲ་བ་མང་དུ་བྱུང་མོད་ཀྱི། རྒྱུད་སྡེ་སོ་སོའི་བཤད་ལུགས་ཡིན་པས་མི་འགལ་ཞིང༌། བསྲེ་བར་ཡང་མི་བྱའོ། །རྡོ་རྗེ་མཁའ་འགྲོ་ལས་ནི་ཅུང་ཟད་འདྲ་མིན་དུ་འབྱུང་ཞིང༌། སྤྱིའི་བྱེད་པ་བཅིང་བ་ཤིན་ཏུ་རྒྱས་པར་གསུངས། འདི་དག་སོ་སོའི་བྱེད་པ་བཅིང་བ་ནི་རྒྱས་པར་སྡོམ་འབྱུང་ལས་གསུངས་སོ། །དེ་རྣམས་ནི་རིགས་བཞི་མཆོག་གི་དབང་དུ་བྱས་པ་ཡིན་ལ། ཐུན་མོང་གི་དབང་དུ་བྱས་ན། དུས་ཀྱི་འཁོར་ལོ་ལས། ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་རྐང་ལག་འཇམ་ལ་མཉེན་གཤིན་དཔལ་ལྡན་ཤིན་ཏུ་བཟང་མོའོ། །ཞེས་ལུས་ཕྲ། སྐྲ་འཇམ། མཉེན་གཤིན་པ་སྟེ་སྙིང་ཉེ་བ། ཤ་འཇམ་པ་གླ་རྩིའི་དྲི་དང་ལྡན་པ་སྟེ། རི་དྭགས་ཅན་མ་དང༌། ཅུང་ཟད་ཕྲ་བ་དང་ལྡན་རིང་ཞིང་མིག་ནི་གཡོ་བ་མེད་ལ་སྐྲ་ནི་འཁྱོགས་པ་པདྨ་ཅན། ཞེས་ལུས་ཕྲ་ཞིང་རིང་བ། མིག་སྐྱེས་པ་ལ་རིང་དུ་ལྟ་བ་སྟེ། ལྟ་ནན་ཆེ་བ། སྐྲ་ལི་པ། པདྨའི་དྲི་དང་ལྡན་པ་ནི་པདྨ་ཅན་དང༌། ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ་དགའ་སྐྲ་ནི་ཤིན་ཏུ་ཆུང་བ་དུང་ཅན་མ། །ཞེས་ངོ་ཚ་ཆུང་བ། འདོད་ཆགས་ཤུགས་དྲག་པ། ཚིག་རྩུབ་སྟེ་འཐབ་རྩོད་ལ་དགའ་བ་སྐྲ་སྲབ་པ་གཅི་བའི་དྲི་ཅན་མ་ནི་དུང་ཅན་མ་དང༌། རིང་ཞིང་ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་སྐྲ་ནི་རིང་བ་སྣ་ཚོགས་
མ། །ཞེས་ལུས་རིང་ཞིང་མཚམས་ལ་སེམས་ཡང་བས་ལུས་སྐྱེད་པ་ཡང་བ། སྐྲ་རིང་བ་ཉའི་དྲི་ཡོད་པ་ནི་རི་མོ་ཅན་དང༌། སྦོམ་ཞིང་ཐུང་ལ་ཡན་ལག་བརྟན་ལྡན་ཤིན་ཏུ་སྲ་བའི་ཡུལ་དང་སྐྲ་ནི་སྦོམ་པ་གླང་ཆེན་མ། །ཞེས་ལུས་སྦོམ་ཐུང༌། ཡན་ལག་ཕྲ་བ། སྐྱེ་གནས་སམ་འདོད་ཆགས་སྲ་བ་སྐྲ་བཤོར་པ་རུལ་བའི་དྲི་ཅན་ནི། གླང་ཆེན་མའི་མཚན་ཉིད་གསུངས་པ་རྣམས་དང༌། ཕོ་ཉ་མོ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་འདིར་འགྱུར་དུས་ཀུན་ཏུ་ནི་འདྲེས་པའི་རིགས། །ཞེས་ཕན་ཚུན་དུ་ཅི་རིགས་པས་མཚན་ཉིད་འདྲེས་པས་གནས་པ་ཤས་ཆེའོ། །གདན་བཞི་བཤད་རྒྱུད་སྦྱོར་བའི་རབ་བྱེད་ལས་ནི། གཞན་སྔ་མ་དང་འདྲ་བ་ལས། པདྨ་ཅན་མ་མིག་པད་འདབ་འདྲ་བ་དང༌། སྐྲ་འཁྱིལ་བ། སོ་དང་སེན་མོ་སོགས་ཕྲ་བ། སོར་མོ་དམར་བ་ཞེས་ཏེ་ཞི་བའི་ལས་ལ་བསྔགས་པ་དང༌། གླང་པོ་ཅན་མ་མཆུ་དང་ནུ་མ་འཕྱང་བ། དཔུང་པ་མཐོ་བ། སེན་མོ་རིང་བ། སྦྲང་རྩི་དང་ཆང་ལ་དགའ་བ། གསང་བའི་འགྲམ་རྒྱས་པ། རྐང་མཐིལ་མཉམ་པ། མིག་ཕྲ་བ་རྒྱས་པའི་ལས་ལའོ། །དེ་གཉིས་གླང་ཆེན་མྱོས་པའི་འགྲོས་སོ། །དུང་ཅན་མ་ནི། བྱྀན་པ་དང་སོར་མོ་དང་མགྲིན་པ་རིང༌། འགྲོས་མགྱོགས། མཆུ་གདུགས་ཀྱི་དབྱིབས་འདྲ་བ་སྟེ་དབང་གི་ལས་ལའོ། །རི་མོ་ཅན་མ་བྱད་ཆུང་བ། ཤ་ལ་དགའ་བ་དྲག་མོའི་ལས་ལའོ། །རི་དྭགས་ཅན་མ་བྱིན་པ་མཛེས། མིག་དཀྱུས་དང་ལུས་རིང་བ། མཆུ་སྙུང་བ་པགས་པ་སྲབ་ཅིང་སེམས་གཡོ་བ་བཞིན་
ཟླུམ་ལ་ཆུང་བའོ། །དེ་རྣམས་ཀྱི་མཚན་ཉིད་རྒྱས་པ་དང༌། རྩའི་དབྱེ་བ་དང༌། བྱེད་པ་བཅིང་པ་ཡང་སྦྱོར་བ་དྲུག་ཅུ་རྩ་བཞི་དང༌། འདོད་པ་བཅུ་གསུམ་དང༌། ཤིན་ཏུ་སྐྱང་བ་དང༌། འདུས་པ་དང༌། བཏེག་པ་དང༌། གྲུ་མོའི་མཚན་ཉིད་ལ་སོགས་པ་རྒྱས་པར་རྒྱུད་འགྲེལ་དང༌། ཞལ་ལུང་ལ་སོགས་པ་གཞུང་རྣམས་ལས་ཤེས་པར་བྱའོ། །གསུམ་པ་ནི། ལྷན་སྐྱེས་ཀྱི་ཕོ་ཉ་མོ་ཞེས་བྱ་བ་འོག་མིན་སོགས་དག་པའི་ཞིང་ན་བཞུགས་པ་དེ་བཞིན་གཤེགས་མ་དང༌། བྱང་སེམས་འཕགས་མ་རྣམས་སོ། །གནས་སྐྱེས་ནི་ཞིང་ཆེ་ཆུང་རྣམས་ན་གྲུབ་ཙམ་ཉིད་ན་བཞུགས་པའི་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་སོ། །རིགས་སྐྱེས་ནི་གནས་སྐྱེས་ཀྱི་རིགས་སུ་སྐྱེས་པ་འཇིག་རྟེན་ལས་འདས་མ་འདས་གཉིས་ཆར་ཡོད་ཅིང༌། རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་པ་རྣམས་སོ། །མཐར་སྐྱེས་ནི་ཕྲ་མེན་མའི་ཚོགས་རྣམས་ཡིན་ལ། སྦྱང་བ་ལས་བྱུང་བ་ནི་ཚེ་འདིར་ལམ་གྱི་རིམ་པས་རྒྱུད་སྦྱངས་པའི་རིགས་ལའོ། །དེ་ཡང་ཀྱཻ་རྡོ་རྗེ་ལས། བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱང་བ་ཡིས་ནི་བཟུང་བར་བྱ། །ཞེས་དང༌། དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་སེམས་ཀྱང་གཅིག་པ་ཉིད། །ཅེས་པའི་ཚུལ་གྱིས་སྦྱང་བའོ། །གཉིས་པ་རིགས་ཀྱི་དབྱེ་བ་ལ། མིའི་རིགས་ཀྱི་དབྱེ་བ་དང༌། ལྷའི་རིགས་ཀྱི་དབྱེ་བའོ། །དང་པོ་ནི། གར་མ་སོགས་ཏེ་རྡོ་རྗེ་མ་གཡུང་མོའོ། །དེ་ལ་བྲམ་ཟེ་རྣམ་སྣང་བཤད་པ་སྟེ། རིན་ཆེན་ཙཎྜ་ལཱིར་ཞེས་བྱ། །གར་མཁན་དཔག་མེད་མགོན་པོ་སྟེ། །
ཆོས་མ་དོན་ཡོད་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཌོམྦྷི་སྟེ། །དྲུག་པ་རྡོ་རྗེ་སེམས་དཔའ་ཡི། །རྒྱལ་རིགས་སུ་ནི་ཤེས་པར་བྱ། །བདུན་པ་ཧེ་རུ་ཀ་ཡི་ནི། །སྣ་ཚོགས་གཟུགས་ཅན་དམངས་རིགས་སོ། །ཞེས་སོགས་རྒྱས་པར་གྲུབ་ཆེན་ལཱ་བ་པའི་རྒྱུད་ཀྱི་འགྲེལ་པར་གསུངས་པ་བཞིན་ཤེས་པར་བྱ་ལ། རྡོ་རྗཻ་སེམས་དཔའ་དང་ཧེ་རུ་ཀ་གཉིས་སྤྱི་ཁྱབ་ཏུ་བཏང་བས་རིགས་ལྔའོ། །གཉིས་པ་ལ་རིགས་དྲུག་ལས་བྱུང་བའི་ཕྱག་རྒྱ་དང༌། བསྡུད་བྱེད་རིགས་བདུན་གྱི་དབྱེ་བ་དང༌། ཁྱད་པར་རིགས་གཉིས་ཀྱི་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། བུད་མེད་པད་རྩ་ལྟར་དཀར་ཞིང༌། པདྨའི་འདབ་ལྟར་དཀྱུས་རིང་མིགརྟག་ཏུ་པདྨའི་རྩ་བའི་དྲི། བདེ་གཤེགས་འདུས་པ་ཉིད་ལ་དགའ། །རིགས་རྒྱུད་ལས་བྱུང་ཤེས་པར་བྱ། །ཞེས་སོགས་རྒྱས་པར་གསུངས་པ་ཁ་དོག་དང་དྲི་དང་གང་ལ་དགའ་བའི་ཡུལ་དང་ལུས་སམ་སེམས་ཀྱི་འབྱུང་ཚུལ་ཡང་ཅི་རིགས་པ་དང་རིགས་ཀྱི་དག་ཚུལ་ཏེ། དོན་ཚན་བཞིའམ་ལྔ་ལྔས་གསུངས་སོ། །འདི་རྣམས་ཀྱི་ལུང་རྫོགས་པར་དྲངས་ན་མངས་པར་འགྱུར་བས་མདོར་བསྡུས་སུ་བརྗོད་ན། སོ་སོའི་མཚན་ཉིད་ནི་མདོག་དཀར། མིག་དཀྱུས་རིང༌། གོས་དཀར་པོ་དང༌། ལྷ་ཁང་ལ་དགའ་བ། ཙནྡན་གྱི་དྲི་དང་ལྡན་པ་ནི། །རིགས་རྒྱུད་ལས་བྱུང་ཞེས་པར་བྱ། །ཞེས་རྡོ་རྗེ་སེམས་དཔའི་རིགས་སོ། །ཤ་རྩ་སེར། གོས་དམར་སེར་གཉིས་ལ་དགའ། ཛ་ཏིའམ་མེ་ཏོག་ཙམ་པའི་དྲི་དང་ལྡན་པ། དེ་ཡང་དཔའ་བོའི་རྗེས་འགྲོ་འགྱུར། །ཞེས་རིན་འབྱུང་དང༌། མདོག་ནག་མོ་
གོས་སྔོ་བ་ལ་དགའ། ཨུཏྤལ་སྔོན་པོའི་དྲི་ཅན། དེ་ནི་དཔའ་བོ་བཟང་རྗེས་འགྲོ། །ཞེས་མི་བསྐྱོད་པ་དང༌། མདོག་དཀར་པདྨའི་དྲི་ཅན་ནི་འོད་དཔག་མེད་དང༌། མདོག་དཀར་དམར་གོས་དམར་བ། མ་ལི་ཀའི་དྲི་ཅན་ནི། དེ་ནི་རྡོ་རྗེའི་རིགས་བྱུང་བ། ཞེས་ཧེ་རུ་ཀ་དང༌། སྔོ་བསང༌། ཤ་རྩ་སེར་བ། གོས་དཀར། ཤིང་ཤྲི་ཤའི་མེ་ཏོག་གི་དྲི་ཅན་ནི། དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན། །ཞེས་དོན་གྲུབ་དང༌། མདོག་དང་གོས་དམར། ག་བུར་གི་གྱི་དྲི་ཅན་ནི། རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཡིན། །ཞེས་རྣམ་སྣང་ངོ༌། །ཧེ་རུ་ཀ་དང་རྡོ་རྗེ་སེམས་དཔའ་གཉིས་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་དྲུག་གོ །སྤྱིའི་མཚན་ཉིད་གཡོན་པའི་ཀུན་སྤྱོད་ལ་དགའ་བ། རང་རིགས་ཀྱི་སྔགས་ཀྱི་ཆ་ཤས་སྨྲ་བའོ། །གཉིས་པ་ནི། རྩ་རྒྱུད་ལས། ཡ་མི་ནཱི་དང་སྐྲག་བྱེད་མ། །འདོད་ལྡན་མ་དང་འཇིགས་གཟུགས་མ། །ཀུན་སྤྱོད་མ་དང་མཛེས་མ་དང༌། །བྷ་སུ་ར་དང་རྣམ་པ་བདུན། །བསྡུད་པ་མོར་ནི་འདིར་བཤད་བྱ། །ཞེས་བསྡུད་བྱེད་ལྷ་མོ་བརྒྱད་དང༌། དེའི་རིགས་སུ་གྱུར་པ་བསྡུ་བྱ་འཇིག་རྟེན་པའི་ལྷ་མོ་བདུན་ནི། གཟུགས་ཅན་མ་དང་ཙུམྤ་ཀི །ལཱ་མ་ཡོངས་གྱུར་བྱིས་བཅས་མ། །མི་ལྡོག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་ནི་བདུན་དུ་བཤད། །ཕྱི་མ་བདུན་པོ་འདི་དག་གི་རིགས་སུ་གཏོགས་པའི་དབང་དུ་བྱས་ནས་མཚན་ཉིད་མདོར་བསྡུས་སུ་བརྗོད་ན། ཡུན་རིང་དུ་ལྟ་བ་དང༌། སྐྱེས་པ་མཐོང་ན་སྨིན་མ་གཡས་པ་འདེགས་པ་དང༌། ཆགས་སེམས་ཀྱི་བཞིན་འགྱུར་བ་དང༌། གཟུགས་གཞན་དུ་བསྒྱུར་བ་མཐོང་ན་གཟུགས་ཅན་མའི་
རིགས་སོ། །བྱིས་པ་མཐོང་བ་ཐམས་ཅད་ལ་འཁྱུད་ཅིང་ཙུམྤས་དགའ་བར་བྱེད་པ་ནི། ཙུམྤི་ཀ་སྟེ་འོ་བྱེད་མའི་རིགས་སོ། །དེ་གཉིས་བསྟེན་བྱའོ། །ཟས་ཟ་བ་ན་འཕྲོ་གཅོད་ཅིང་ལྟ་བ་དང༌། གདོང་དང་སྨིན་མ་བསྒྱུར་ཞིང་སྡིག་མཛུབ་བྱེད་པ་དང༌། བཞིན་མི་འགྱུར་ཞིང་ཡིད་འཇིགས་པར་བྱེད་པ་ནི་ལཱ་མའི་རིགས་སོ། །ཕག་དང་སེང་གེ་དང་བྱི་ལ་དང༌། ཅེ་སྤྱང་དང༌། ར་དང༌། རྟ་རྣམས་འཇིགས་པར་བྱེད་པ་ནི་ཡོངས་གྱུར་མའི་རིགས་སོ། །དུས་རྒྱུན་དང༌། ཁྱད་པར་དུ་རྗེས་ཆགས་ཀྱི་ཚེ་ཤིན་ཏུ་རྒོད་པ་དང༌། གར་སོང་སར་ཡུན་རིང་དུ་སྡོད་པ་ནི། བྱིས་བཅས་མའམ། ཁནྚ་རོ་ཧའི་རིགས་སོ། །མཐོང་བ་ཙམ་གྱིས་ཡིད་སྐྱོ་བ་དང༌། ཡན་ལག་དང་བོང་བ་དང་གོས་སམ་ཤིང་ཐོགས་ནས་གསོད་སེམས་ཀྱི་རེག་པ་ཙམ་གྱིས་ཕ་རོལ་འཆི་བ་ནི་མི་ལྡོག་མའི་རིགས་སོ། །རྒྱུ་མེད་པར་རྒོད་པ་དང༌། ཁྲོ་བ་དང༌། ངུ་བར་བྱེད་པ་ནི་ཕྲ་མེན་མ་རྣམས་དང་རྟག་ཏུ་གསོང་པོར་སྨྲ་བ་ཡིན་ཏེ། ཨེ་ཧེ་ཀའི་རིགས་སོ། །སངས་རྒྱས་པ་སྟེ་ལམ་འདིའི་རྣལ་འབྱོར་པ་རྣམས་ཀྱི་དྲུང་དུ་རྟག་ཏུ་འོང་ཞིང་ཡུན་རིང་དུ་སྨྲ་བར་བྱེད་པ་དེ་ནི་བསྡུད་བྱེད་རྡོ་རྗེ་ཕག་མོའི་རིགས་ཡིན་ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །དེ་ལ་མཁའ་འགྲོ་མ་ཐམས་ཅད་བདུན་པོའི་རིགས་སུ་འདུ་ལ། སྤྱིར་བུད་མེད་བདུན་ཚོགས་པའི་ནང་ན་ངེས་པར་མཁའ་འགྲོ་མ་རེ་ཡོད་དེ། དེ་དངོས་ནི་ཡིན་པའི་ངེས་པ་མེད་མོད། སྒྲུབ་པ་པོ་ལ་ཕན་གནོད་བྱེད་པའི་མཐུ་ཅན་ནོ། །གཞན་ཡང་པདྨ་ཅན་སོགས་བརྒྱད་ཡ་མ་ནཱི་སོགས་བརྒྱད་ཀྱི་རིགས་ཡིན་ལ། རིགས་བརྒྱད་ཀྱི་ཕྱོགས་མཐུན་དུ་བུད་མེད་ཐམས་
ཅད་འདུ་སྟེ། དེ་དག་གི་མཚན་ཉིད་ལཱ་བ་པའི་འགྲེལ་པར་ཤེས་སོ། །འདིར་དེ་རྣམས་ཀྱི་སྲིན་ལག་གཡོན་ལ་རིམ་པ་བཞིན་འོག་ནས་འཆད་པའི་ཐོད་པ་ལ་སོགས་པའི་རི་མོ་འབྱུང་བའོ། །འདི་རྣམས་མཁའ་འགྲོ་མ་དངོས་ཀྱི་དབང་དུ་བྱས་ཏེ། གཞན་རྣམས་ནི་ཕྱོགས་རེས་ཤེས་པར་བྱ་དགོས་སོ། །འདིར་བསྡུད་བྱ་དང་སྡུད་བྱེད་ཀྱི་དོན་ཅུང་ཟད་བཤད་ན། སྒྲུབ་པ་པོ་རྣམས་ལ་མཆོག་ཏུ་དངོས་གྲུབ་སྩོལ་བ་ལ་བརྩོན་པའི་རྣལ་འབྱོར་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་དེ། དེ་ཡང་ཇི་སྐད་དུ། སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡིན། །དེ་ལས་ལྷག་པ་ཇི་སྙེད་པ། །ཞེས་གསུངས་པའི་དེ་ལས་ལྷག་པ་ནི། མངོན་བརྗོད་ལས་བསྡུད་བྱེད་མཁའ་འགྲོ་མ་བདུན་ལ་འཁོར་བྱེ་བ་རེའི་དབང་དུ་བྱས་ནས་བྱེ་བ་བདུན་དང༌། རྩ་བའི་རྒྱུད་ཉིད་ལས། མཁའ་འགྲོ་མ་ནི་རེ་རེ་ཡང༌། འཁོར་ནི་བྱེ་བ་དག་ཏུ་འགྱུར། །ཞེས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རེ་རེ་ལ་ཡང་འཁོར་བྱེ་བ་བྱེ་བར་གསུངས། འགའ་ཞིག་ཏུ་མཁའ་འགྲོ་མ་སྟོང་ཕྲག་ཉེར་གཅིག་གི་མཁའ་འགྲོ་མ་རེ་རེ་ལ་ཡང་འཁོར་བྱེ་བ་བྱེ་བར་བཤད་པས། གང་ལྟར་ཡང་སྤྱིར་སངས་རྒྱས་རྣམས་ཀྱི་འཁོར་གྱི་ཚད་གཟུང་བར་མི་ནུས་ཀྱང༌། འཇིག་རྟེན་གྱི་ཁམས་འདིའི་ཞིང་རྣམས་སུ་སྤྱོད་པ་ལམ་འདིའི་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་སྟེར་བ་ལ་ཤིན་ཏུ་མཐུ་མྱུར་བའི་ཞིང་སྐྱེས་མ་རྣམས་ཀྱི་གཙོ་བོ་བསྡུས་པའི་གྲངས་དེ་ཙམ་དུ་གསུངས་སོ། །ལམ་འདི་གཞན་པའི་བྱིན་རླབས་མྱུར་བའི་རྒྱུ་མཚན་ཡང་ཕྱོགས་གཅིག་དེའོ། །དེ་ལྟར་ན་བསྡུད་བྱ་སྡུད་བྱེད་ཀྱི་མཁའ་འགྲོ་མའི་དབྱེ་བསྡུ་
དང༌། དེ་རྣམས་ཀྱི་མཆོད་པ་བྱ་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་མ་གྲངས་མེད་པ་ཐམས་ཅད་རྣལ་འབྱོར་མ་ཕྲག་ཁྲིག་ཆེན་པོ་ཉེར་གཅིག་གམ། བྱེ་བ་སུམ་ཅུ་རྩ་དྲུག་གམ། བྱེ་བ་བདུན་དུ་འདུ་བ་ཡིན་ལ། བསྡུད་བྱ་དེ་རྣམས་སྡུད་བྱེད་མཁའ་འགྲོ་མ་ནས། གཤིན་རྗེས་འཇོམས་མའི་བར་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་དུ་འདུ། དེ་རྣམས་གོང་དུ་བཤད་པའི་རྣལ་འབྱོར་བདུན་ཕག་མོ་དང་བཅས་པར་འདུ། དེ་རྣམས་ཀྱང་རྡོ་རྗེ་ཕག་མོ་གཅིག་པུར་འདུའོ། །དེ་ལ་རྣལ་འབྱོར་མ་སོ་དྲུག་མཁའ་འགྲོ་མ་བདུན་ནམ་བརྒྱད་ཀྱི་བསྡུས་ཚུལ་ནི། བླ་མ་དམ་པ་འགའ་ཞིག་རྡོ་རྗེ་ཕག་མོ་དང་ཀུན་སྤྱོད་མ་གཉིས་བོར་བའི་ལྷག་མ་དྲུག་པོ་དེས་བརྩོན་འགྲུས་ཆེན་མོ་ནས་བརྩམས་ཏེ། རབ་གཏུམ་མའི་བར་དུ་བཞི་བཞི་བསྡུས་ལ། ཀུན་སྤྱོད་མས་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། ཕག་མོ་སྟེ་བསྡུད་བྱེད་མས་སྒོ་མཚམས་མ་བརྒྱད་བསྡུས་པར་བཞེད་དེ་ཕམ་ཏིང་པའི་མན་ངག་ཡིན་གསུང༌། ཡང་ལོ་ཙཱ་བ་ཁ་ཅིགཀུ་ལུ་ཏ་སོགས་བཞི་ལཱ་མས་བསྡུས། གསེར་གླིང་སོགས་གསུམ་གཟུགས་ཅན་མས་བསྡུས། ཧི་མ་ལ། ཀཉྩི། ལམྤ་ཀ ཀ་ལིངྐ་རྣམས་བྱིས་བཅས་མས་བསྡུས། ཀོ་ས་ལ། པྲེ་ཏ་པུ་རི། ཀཱ་མ་རུ་པ། ཏྲེ་ཤ་ཀུ་ནེ་རྣམས་ཁཎྜ་རུ་ཧིས་བསྡུས། པུ་ལི་ར་མ་ལ་ཡ། ཨོ་རྒྱན། ཨརྦུ་ཏ། ཛཱ་ལནྡྷ་ར་རྣམས་ཨེ་ཧི་ཀས་བསྡུས། གོ་དཱ་བ་རི། རསྨི་ཤྭ་ར། དེ་བི་ཀོ་ཊ། མཱ་ལ་བ་རྣམས་མི་ལྡོག་མས་བསྡུས། ལྷག་མ་བཅུ་གཉིས་རྡོ་རྗེ་ཕག་མོས་བསྡུས་
གསུང༌། གཞན་ཡང་སློབ་དཔོན་རཀྵི་ཏ་དང༌། ཀ་ན་ཀ་ཤྲཱི་དང༌། བྷ་དནྟ་པ་སོ་སོའི་བཞེད་པ་མི་འདྲ་བ་དང༌། རྒྱ་འགྲེལ་སོ་སོ་ན་ཡང་མི་འདྲ་བ་མང་དུ་བཤད་མོད་ཀྱི། ཐམས་ཅད་ལ་སྤྱིར་འགལ་བ་ཆེན་པོ་ཡོད་པ་དཀའ་ནའང༌། བཤད་རྒྱུད་ལ་བརྟེན་ནས་ཅུང་ཟད་ཞུས་དག་བྱ་དགོས་ཤིང༌། རེ་ཞིག་རང་ལུགས་ལ་སྔ་མ་དེ་ཁས་བླང་བར་བྱའོ། །གཉིས་པ་ནི། ཚེས་བཅུ་ལ་སོགས་པ་ཁྱད་པར་གྱི་དུས་ལ། ཐོད་པ་དགྲ་སྟ་མཆེ་བ་དང༌། །འཁོར་ལོ་རྒྱལ་མཚན་རལ་གྲི་དང༌། །སྐྲག་བྱེད་བརྒྱད་པ་དུང་དུ་བཤད། །ཅེས་པ་ལྟར་ཕྱག་མཚན་གྱི་དཀྱིལ་འཁོར་བྲིས་ལ་མཆོད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་གཉིས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་མྱུར་དུ་སྩོལ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་མ་འདི་དག་དུད་འགྲོ་མོའི་ཚུལ་དུའང་རིགས་ཀྱིས་ཁྱབ་པའི་ཕྱིར། རྡོ་རྗེ་ཨ་རལླི་ལས། ལོ་ནི་བཅུ་གསུམ་དེ་བཞིན་དུ། །ལོ་ནི་བཅུ་དྲུག་བུ་མོ་དང༌། །ཉི་ཤུ་རྩ་ལྔ་མ་མཆོད་བྱ། །བ་དང་དེ་བཞིན་མ་ཧེ་མོ། །སྤྲེའུ་མོ་དང་ནི་ཁྱི་མོ་དང༌། །བོང་མོ་དེ་བཞིན་རྔ་མོ་དང༌། །ཤ་བ་མོ་དང་ར་མོ་ཉིད། །ཕག་དང་བ་མེན་ལས་བྱུང་བ། །གཞན་ཡང་ཧེ་རུ་ཀ་མཆོད་ན། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་སོ། །འདི་ནི་གཞོན་ནུ་མོ་མཆོད་པའི་ཡན་ལག་གོ །འདིར་སྨྲས་པ། ཕོ་ཉ་འདི་དག་ལམ་འདི་ཡི། །དམ་ཚིག་ཅན་ལ་མངོན་པར་མོས། །བཅུད་ལེན་མཆོག་བཞིན་རྙེད་དཀའ་ཡང༌། །རྙེད་ན་ཡུད་ཀྱིས་དངོས་གྲུབ་སྩོལ། །
གསུམ་པ་ཁྱད་པར་གྱི་རིགས་ལ། ཁྱད་པར་ཞེས་པའི་ཚིག་གིས་མཁའ་འགྲོ་མ་དང་ལཱ་མའི་རིགས་ཀྱི་དབྱེ་བ་དང༌། རྗེས་ཆགས་ཀྱི་མཚན་ཉིད་ཀྱི་རྣལ་འབྱོར་མ་ཡང་བསྟན་པ་ཡིན་ནོ། །མཁའ་འགྲོ་མའི་རིགས་ལ་ནང་ཚན་དུ་དབྱེ་ན། པདྨ་གར་དབང་གི་རིགས་ལ་སོགས་པ་བདུན་ཡོད་ཅིང༌། ལཱ་མའི་རིགས་ལ་ཕྱེ་ན་ལྔ་ཡོད་ལ། དེ་དག་གི་མཚན་ཉིད་དང༌། མཆོད་པའི་དུས་དང༌། ཕྱག་རྒྱ་དང་ཕྱག་རྒྱའི་ལན་རྣམས་ཞིབ་ཏུ་ཤེས་པར་བྱ་སྟེ་ལམ་འདིའི་ཐུན་མོང་མ་ཡིན་པའོ། །གསུམ་པ་དབང་བསྐུར་བའི་ཕྱག་རྒྱ་ནི། །རིག་མ་བཞིའམ་བརྒྱད་དོ། །དེ་ལ་མ་ཞེས་བྱ་བ་ནི། གསང་དབང་གི་དོན་དུ་རང་གི་སློབ་དཔོན་ལ་ཕུལ་ཞིང་དེ་ལས་གསང་དབང་ཐོབ་པ་དེའོ། །སྲིང་མོ་ནི་སློབ་དཔོན་གཅིག་ལས་དབང་བསྐུར་བ་ཐོབ་པའོ། །བུ་མོ་ནི་རང་གི་དབང་བསྐུར་བའི་སློབ་མ་མོའོ། །ཆུང་མ་ནི་ཤེས་རབ་ཡེ་ཤེས་དབང་བསྐུར་བའི་ཚེ་སློབ་དཔོན་གྱིས་བྱིན་པའོ། །གང་དུ་མ་ལ་སོགས་པ་གསུངས་པ་རྣམས་ལས་ཀྱི་ཕྱག་རྒྱའི་སྐབས་ནི། འདིར་བཤད་མ་ཐག་པ་འདི་རྣམས་གཙོ་ཆེ་བ་ཡིན་ལ། བྲམ་ཟེ་མོ་ནི་མ་ཡིན་ཏེ། ཞེས་པ་ལ་སོགས་པ། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། སངས་རྒྱས་ཐོད་པའི་རྒྱུད་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་ལས་ནི། ཕྱི་ནང་གི་བཤད་པ་མི་འདྲ་བ་མང་དུ་མཛད་ཅིང༌། དུས་ཀྱི་འཁོར་ལོར་ཡང་གཞན་དུ་གསུངས་ལ། །འཁོར་ལོ་བདེ་མཆོག་རྩ་རྒྱུད་འདི་ལས། མ་དང་སྲིང་མོ་བུ་མོ་དང༌། །ཆུང་མ་ཕོ་ཉ་མ་ཀུན་གནས། །
གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །དེ་ཉིད་དེ་ཡི་ཆོ་གར་བཤད། །ཅེས་སྔགས་སྦྱིན་པ་སྟེ་དབང་བསྐུར་བ་སོགས་ལ་ལྟོས་པའི་མ་སོགས་སུ་གསུངས་སོ། །འདི་དག་སྒྲ་ཇི་བཞིན་པ་ཡང་རུང་ངམ་མི་རུང་ཞེ་ན། །སྒྲུབ་པ་པོ་རང་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་སྒྲུབ་པའི་དོན་དུ་མ་དང་སྲིང་མོ་དང་བུ་མོ་ནི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ནུས་ན་མ་གཏོགས་བཀག་གོ །སློབ་དཔོན་དང་དཀྱིལ་འཁོར་མཆོད་པའི་དོན་དུ་ནི། ཕྱག་རྒྱ་དེ་དག་མཚན་ཉིད་ཚང་ན་ཐམས་ཅད་ཀྱང་དབུལ་བར་བྱ་བ་ཡིན་ནོ། །འདིར་མ་ནི་སློབ་དཔོན་གྱི་རིག་མའོ་ཞེས་ཟེར་བ་ནི་ཤིན་ཏུ་ཁྱབ་ཆེས་པས་ཉེས་པར་འགྱུར་ཏེ། ཇི་སྐད་དུ། འཇིགས་རུང་དམྱལ་བ་སྡིག་ཅན་དུ། བླ་མའི་ཤེས་རབ་མ་བསྒྲོད་འགྲོ། །ཉེས་པ་དང༌། བླ་མའི་རྫས་ནི་སྲོག་ཇི་བཞིན། །དེའི་སྡུག་པའང་བླ་མ་བཞིན། ཞེས་དང༌། མཆོད་རྟེན་བཤིག་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱ་ན། །མལ་ཆ་སྟན་དང་བཞོན་པ་སོགས། །འགོམ་མི་བྱ་བ་སྨོས་ཅི་དགོས། །ཞེས་གྲིབ་མར་འགོམ་པ་ཡང་དེ་ཙམ་དུ་ཉེས་པ་ཆེ་བར་གསུངས་ན། ཕྱག་རྒྱ་ལ་འགོམ་པ་ལྟ་ཅི་སྨོས། འོ་ན་སློབ་མར་གྱུར་པའི་མཆོག་ཏུ་དགའ་མ་ནི། །སློབ་དཔོན་དང་ལྷན་ཅིག་སྤྱོད་པར་མི་འོས་སམ་ཞེ་ན། འཇིགས་མེད་འབྱུང་གནས་ཀྱི་མན་ངག་སྙེ་མར། ཐེ་ཚོམ་ཡོངས་སུ་སྤངས་ནས་ནི། །རྒོད་ནང་དེ་བཞིན་བཏེག་པ་དང༌། །བླ་མས་ལྷ་མོ་རབ་དགའ་བའི། །རོལ་པའི་གཙོ་བོ་སྦ་མི་བྱ། །བླ་མ་འབྲས་བུ་ཀུན་སྟེར་བ། །སྐྱེས་བུ་འདོད་ན་དགའ་བར་བྱ། །བླ་མའི་སྟཻང་དུ་ངེས་བལྟས་ཏེ། རྟག་ཏུ་ཆགས་བཅས་བླ་
མ་ལའོ། །དེ་ནས་ལག་པ་གཡས་པ་ཡིས། །བླ་མའི་རྟགས་ནི་བཟུང་བྱས་ཏེ། །བྷ་གར་བླ་མའི་ལས་སོན་བྱས། །རིག་པ་གསང་སྔགས་རྗེས་དྲན་བྱ། །དེ་ཡི་རོ་ནི་རྟག་བཟུང་སྟེ། །ཙ་རུ་བྱས་ཏེ་བཟའ་བར་བྱ། །རྒྱུད་དང་རྒྱུད་དུ་ངས་བཤད་པའི། །དངོས་གྲུབ་རྣམས་ནི་བཞིན་པའམ། །བླ་མ་མཉེས་པ་ཐོབ་པར་འགྱུར། །དེ་ཕྱིར་བླ་མ་རྟག་མཉེས་བྱ། །ཞེས་པའི་ལུང་དྲངས་ཏེ་རུང་བར་བཤད་པ་ལྟར་ཡིན་ནོ། །ལུང་དེ་ཡང་རྡོ་རྗེ་ཨ་རལླིའི་རྒྱུད་ཡིན་ཞེས་གསུངས་པས་བོད་ཀྱི་ད་ལྟའི་རྡོ་རྗེ་ཨ་རལླིའི་རྒྱུད་འདི་ལ་འགྱུར་ཚད་གཅིག་ཡོད་དམ་བརྟག་གོ རིག་མ་བརྒྱད་ནི། ཇི་སྐད་དུ། ཀྱཻ་རྡོ་རྗེ་ལས་དབང་གི་སྐབས་སུ། བཅུ་གཉིས་བརྒྱད་གཉིས་ལོན་པ་ནི། །རིག་མ་བདེ་ཆེན་བརྒྱད་པོ་ཉིད། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་པ། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །མ་དང་སྲིང་མོ་ཉིད་དང་ཡང༌། །བུ་མོ་སྲིང་མོའི་བུ་མོ་དང༌། །དེ་བཞིན་ཞང་པོའི་ཆུང་མ་དང༌། །མ་ཡི་སྤུན་དང་སྒྱུག་མོ་དང༌། །དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་བརྒྱད་དུ་རབ་ཏུ་གྲགས། །དེས་གསུངས་པ་ལྟར་ཏེ། །སྔ་མས་རིགས་བསྒྲེས་པས་གོ་སླ་ཞིང༌། །སྒྲ་ཇི་བཞིན་པ་མ་ཡིན་པ་རྒྱུད་སྡེ་གཞན་ནས་གསུངས་པ་རྣམས་ནི་ཡི་གེས་འཇིགས་པས་མ་བྲིས་སོ། །གང་ལྟར་ཡང་དེ་དག་ཐམས་ཅད་དཔལ་སཾ་པུ་ཊི་ལས། དབང་ན་རི་དྭགས་ཀྱི་མིག་མ་དང༌། སྐེད་པ་ཕྲ་བ་དང༌། རོ་སྨད་རྒྱས་པ་དང༌། ནུ་མ་མཐོ་བ་དང༌། བྷ་ག་བཟང་བ་དང༌། དམ་ཚིག་གི་སྤྱོད་པ་ལ་ཤིན་ཏུ་དམ་པ་དང༌།
དེ་ཁོ་ན་ལ་གནས་པ་དང༌། སྔགས་དང་རྒྱུད་ཤེས་པ་དང༌། སྒྲུབ་པ་པོའི་དབང་པོ་ལ་གནས་གསུམ་དུ་ཕྱེ་བའི་བུ་མོ་འདི་དག་བཤད་དོ་ཞེས་དང༌། མ་རྙེད་ཇི་ལྟར་གང་རྙེད་དེ། །དེ་བཞིན་ཅུ་དྲུག་ལོན་པ་ཉིད། །དང་པོ་ལང་ཚོ་ཕུན་སུམ་ཚོགས། །མི་མཛེས་ཕྱག་རྒྱ་རྙེད་ནས་ནི། །ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། དབང་གི་སྐབས་སུ། །བཅུ་གཉིས་ཡང་ན་བཅུ་དྲུག་གམ། །མ་རྙེད་ཉི་ཤུ་ལོན་པའང་རུང༌། །ཉི་ཤུ་ཡན་ཆད་ཕྱག་རྒྱ་གཞན། །དེས་ནི་དངོས་གྲུབ་ཐག་རིང་བྱེད། །སྲིང་མོ་ཡང་ན་བུ་མོ་འམ། །ཆུང་མ་བླ་མ་ལ་དབུལ་བྱ། །ཞེས་གསུངས་པའི་མཚན་ཉིད་སྤྱི་དང༌། ཁྱད་པར་དབང་གི་དོན་དུ་དབུལ་བ་ལ། བླ་མའི་བཀའ་བཅོག་པ་དང༌། ལུས་ངག་དང་ཁམས་མ་མཐུན་པའི་གཡོ་སྒྱུ་ཅན་དང༌། བླ་མ་མི་གཙང་བར་སེམས་པ་དང༌། གཞན་ཡང་ཇི་སྐད་དུ། བླ་མའི་ཡོན་ཏན་ཤེས་གྱུར་ཀྱང༌། །གཞན་དུ་དེ་ལས་ཅུང་ཟད་བསྙད། །བླ་མ་མ་མཐོང་ལྟར་བྱེད་ཅིང༌། །འོང་ཀྱང་དེ་ལ་ཕྱག་མི་འཚལ། །རྗེ་བཙུན་དེ་དང་མི་མཐུན་པའི། །མི་གཞན་དེ་དང་རྩེ་དགའ་བྱེད། །ཅེས་པའི་སྐྱོན་སྤངས་ཤིང༌། མིག་གི་རྩེ་དང་མིག་རྩ་རྒོད། །གླལ་ཞིང་སྐད་ཅིག་བསམ་པ་དང༌། །སྐད་ཅིག་རྒོད་པའི་འཕྲོ་བཞག་ནས། །བསམ་ཞིང་ཡང་ན་སྨྲའམ་འཛུམ། །རྗེ་བཙུན་བླ་མ་མཐོང་གྱུར་ན། །དགའ་ཞིང་མཛེས་ལྟ་འཛུམ་པར་བྱེད། །དེ་ཡི་བཀའ་སྩལ་ཉན་ཞིང་མོས། །བཏེག་པའི་ཚུལ་གྱིས་ཞེ་སར་ལྡན། །གཞན་དུ་དེ་ལ་སྙན་པར་བརྗོད། །ཅེས་དང༌། རྡོ་རྗེ་ཕྲེང་བར།
ཇི་ལྟར་དེ་ཉིད་རྡོ་རྗེ་འཆང༌། །བུ་མོ་སྐལ་ལྡན་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །རྐམ་ཆགས་མེད་ཅིང་ཆགས་སེམས་ལྡན། །སྒེག་པས་མྱོས་ཤིང་བསྒྱིངས་དང་བཅས། །ནུ་རྒྱས་སྔོ་བསང་ཉམས་དགའ་བ། །རྣམ་རྟོག་མེད་ཅིང་མང་དུ་ཐོས། །སྒྲུབ་པོས་དེ་སྲིད་འདོད་པ་བྱ། །ཞེས་སོགས་ཀྱི་ཡོན་ཏན་དང་ལྡན་ཞིང༌། གོང་དུ་དྲངས་པ་ལྟར་བྷ་ག་བཟང་བ་ཞེས་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་ལས། བ་སྤུ་མེད་པ་དང༌། ཤ་ཆེ་བ་དང༌། རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང༌། གླང་པོ་ཆེའི་ཟེ་བ་ལྟར་འཁྲང་པ་དང༌། སྐྱེ་གནས་ཡངས་པ་དང༌། ཁྲག་དང་ཁུ་བ་རྟག་ཏུ་འཛག་པ་སྟེ། དྲུག་པོ་དེ་དག་ནི་སྐལ་བཟང་མ་སྟེ་སུ་བྷ་ག་ཡིན་ལ། དེ་དག་ནི་སྒྲུབ་པ་པོ་ལ་མཆོག་སྟེར་བར་བྱེད་ཅེས་སོགས་དང༌། ཞལ་ལུང་སོགས་ལས་གསུངས་པ་བཞིན་སྐྱེ་གནས་ཀྱི་སྐྱོན་རྣམས་སྤངས་ཤིང་ཡོན་ཏན་རྣམས་དང་ལྡན་པ་དགོས་སོ། །འོ་ན་རིག་མ་བརྒྱད་པོ་འདི་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་རིགས་ཡིན་པས་ན། རྒྱུད་དེའི་དཀྱིལ་འཁོར་མཆོད་པ་ལ་ནི་འོས་ཀྱིས། འཁོར་ལོ་བདེ་མཆོག་ལ་ཅི་ལྟར་འགྲེ་ཞེ་ན། སྤྱིར་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་འགའ་ཞིག་ལས། ཕལ་ཆེ་བ་ནི་རྒྱུད་གཅིག་ནས་གཅིག་ཏུ་ཁ་སྐོངས་དགོས་སོ། །དེ་ལྟ་མ་ཡིན་པར་རང་གི་རྒྱུད་ལས་མི་གསལ་བའི་ཆོ་ག་གཏན་ནས་མི་རུང་ན། རྒྱུད་སྡེ་འགའ་ཞིག་གི་དཀྱིལ་འཁོར་ལ་མཆོད་ཡོན་ཙམ་ཡང་དབུལ་དུ་མི་རུང་བར་འགྱུར་རོ། །འོན་ཀྱང་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ་
ཡང་རྒྱུད་འདི་ཉིད་ཀྱི་དཀྱིལ་འཁོར་ལ་གཏན་ནས་མེད་པ་ནི་མ་ཡིན་ཏེ། སྒོ་མཚམས་མ་བརྒྱད་དང་རྒྱུད་གཅིག་པ་ཡང་གྲགས་ཤིང༌། དེར་མ་ཟད་མངོན་བརྗོད་དང༌། མཁའ་འགྲོ་རྒྱ་མཚོར་དངོས་སུ་དཀྱིལ་འཁོར་ལ་ཡང་བཀོད་པས་འདིར་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་ཁྭ་གདོང་ལ་སོགས་པ་བཞི་གཽ་རཱི་དང་ཙཽ་རཱི་བེ་ཏཱ་ལཱི་པུཀྐ་སཱི་བཞི་སྟེ། གདོང་གཉན་བཞི་ནི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༌། བདུད་རྩི་འཁྱིལ་བ་དང༌། རྟ་མགྲིན་དང༌། གཤིན་རྗེ་གཤེད་དེ་ཡབ་བཞི་སྦས་པའི་ཚུལ་དང༌། གཤིན་རྗེས་བརྟན་མ་སོགས་བཞི། གྷསྨ་རཱི། ཤཱ་བ་རཱི། ཙཎྜ་ལཱི། ཌོམྦྷི་ནཱི་སྟེ། ཕྱེད་གཟུགས་ཀྱི་གཡས་པ་རྣམས་ནི་དབྱིག་སྔོན་ཅན། འདོད་པའི་རྒྱལ་པོ། མི་གཡོ་བ། སྟོབས་པོ་ཆེ་སྟེ་ཡབ་རྣམས་སྦས་པ་ཡིན་ནོ། །ཁྲོ་བོ་ཆེན་པོ་མངོན་གྲུབ་པ། ཁྲོ་མོ་དང་བཅས་གདུག་པ་གནོན། །ཞེས་གསུངས་པའི་དོན་དང༌། ཁྲོ་བོ་རྣམ་རྒྱལ་ལ་སོགས་པའི་རང་བཞིན་དུ་མང་དུ་གསུངས་པས་སོ། །བཞི་པ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་ལ་སོགས་པ་གཙོ་བོར་ཚོགས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའམ། མཆོད་པའི་དཀྱིལ་འཁོར་གྱི་སྐབས་སུ་གསུངས་པ་མང་ངོ༌། །སུམ་ཅུ་རྩ་དྲུག་པོ་དེ་དག་ནི་མི་རིགས་ཀྱིས་ཕྱེ་བ་ཡིན་ཏེ། དེ་དག་ཀྱང་དམངས་རིགས་མོ། རྗེ་རིགས་མོ། རྒྱལ་རིགས་མོ། བྲམ་ཟེ་མོ། མཁར་བ་མཁན་མོ། ཆང་འཚོང་མ། གསེར་མཁན་མ། ཕྲེང་མཁན་མ། ཐག་མཁན་མ། ནོར་བུ་མཁན་མ། ཤ་འཚོང་མ། རྫ་མཁན་མ། འཁུར་བ་མཁན་མ། སྨད་འཚོང་མ། ཚིམ་བུ་མ། ཉ་བ་མོ།
གར་མཁན་མོ། ཚོས་མཁན་མ། རྒྱ་སྐྱེགས་མཁན་མོ། སྲིན་བལ་མཁན་མོ། ཏིལ་མར་མཁན་མོ། ལྕགས་མགར་མོ། ཀོ་ལྤགས་མཁན་མོ། ཤིང་བཟོ་མོ། འདྲེག་མཁན་མོ། སྨིན་མ་མཁན་མོ། ཁྲོན་པ་མཁན་མོ། འོད་མའི་གར་མཁན་མ། ཀླ་ཀློ་མ། ཕྱག་དར་མ། གདོལ་པ་མོ། སྟག་གཟིག་མོ། སྨྱོན་ཐབས་མོ། རོ་བསྲེག་མོ། བྷིལླི་མོ། རོ་ཁྲོད་མོ་རྣམས་སོ། །རིགས་བརྒྱ་ཞེས་བྱ་བ་ནི། རིགས་ཆུང་ཉི་ཤུ་རྩ་ལྔ་པོ་རྣམས་ལ་ནང་ཚན་དུ་ལྷ་མོ་བཞིའི་རིགས་ཀྱི་ཕྱག་རྒྱས་ཕྱེ་བས་བརྒྱའོ། །འདི་ཉིད་ནི་མཚོན་པར་བྱ་བ་སྟེ། མཐའ་ཡས་པའི་རིགས་ཀྱི་བར་དུ་འགྱུར་རོ། །གཉིས་པ་ཇི་ལྟར་མཆོད་པའི་ཚུལ་ལ། ཐབས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཤེས་རབ་མ་རྣམས་མཉམ་པར་སྦྱར་བས་ངོ་བོ་ལྷན་ཅིག་སྐྱེས་པ་ལས་མ་གཡོས་ཀྱང༌། རྐྱེན་དེས་བྱང་ཆུབ་ཀྱི་སེམས་ཞུ་བའི་ཚེ་སྣང་བ་དང༌། མཆེད་པ་དང༌། ཉེར་ཐོབ་སྟེ་ཡེ་ཤེས་གསུམ་མམ། དགའ་བ་དང་པོ་གསུམ་གསལ་བར་མཚོན་པ་སྟེ་མངོན་དུ་གྱུར་ཞིང༌། བཞི་པ་ལྷན་སྐྱེས་ཀྱི་དགའ་བ་དང༌། ཐམས་ཅད་སྟོང་པ་འོད་གསལ་བ་ནི། དམ་པའི་བདེ་བ་སྟེ་དེས་མཉེས་པར་བགྱིའོ། །ཡུལ་ལྔའི་ཞེས་སོགས་ནི་དེ་ཉིད་རྒྱས་པར་བཤད་པ་སྟེ། ཡུལ་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། དེ་རྣམས་ཀྱི་དབྱེ་བ་རྣམ་པ་གསུམ་ནི་སྡུག་པར་དང་མི་སྡུག་པ་དང་བར་མའོ། །དེ་རྣམས་ཐམས་ཅད་མཆོད་པའི་ཚུལ་དུ་བསྟེན་པ་ནི། །དེ་ལས་ལུས་སེམས་བདེ་བ་ཆེན་པོའི་རྒྱུད་འགྱུར་བ་སྟེ། སྤྱིར་འདོད་ཡོན་ཙམ་གྱིས་མཉེས་ཚུལ་དང༌། ཁྱད་པར་རིག་མའི་
བདེ་ཆེན་གྱིས་མཉེས་ཚུལ་ནི། རྡོ་རྗེ་འཕྲེང་བ་ལས། ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལ་དབྱེ་བ་གསུམ། །ཞེས་པ་ལྟར། རིག་མའི་གཟུགས་སྤྱི་དང༌། ཁྱད་པར་གྱི་གནས་ནུ་མ་དང༌། བྷ་ག་སོགས་རྣམས་མཐཽང་བས་བདེ་བ་དམ་པ་བསྐྱེད་པ་སྟེ། དེ་ཡང་མཐོང་བ་ལ་བརྟེན་ཏེ་འདོད་ཆགས་ཆེན་པོས་ཡོངས་སུ་བསྐུལ་ཏེ། དབུ་མ་ཅུང་ཟད་རྒྱས་པ་ལས་གཏུམ་མོ་འབར་བའི་ཞུ་བདེ་ཁྱད་པར་ཅན་སྐྱེས་བས་དགའ་བ་བཞིའམ་སྣང་བ་གསུམ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པའི་བག་ཆགས་རྣམས་འོད་གསལ་དུ་ཐིམ་པའི་ཚུལ་གྱིས་སྟོང་པ་ཉིད་དུ་ཉེ་བར་སོང་སྟེ། སྤང་བྱའི་བག་ཆགས་དེ་ལྟ་བུས་འཇོམས་པར་བྱེད་དོ། །དེ་ཡང་ཡུལ་སྡུག་པས་ནི། ཆགས་པའི་མིང་ཅན་དགའ་བ་དང་པོ་དང༌། མི་སྡུག་པས་ནི་ཆགས་བྲལ་གྱི་མིང་ཅན་དགའ་བ་གཉིས་པ་དང༌། བར་མས་ནི་དགའ་བ་བར་མ་བསྟན་པ་ཡིན་ནོ། །དེ་བཞིན་དུ། ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལ་དབྱེ་བ་གསུམ། །ཞེས་པ་ལྟར། དགའ་བའི་སྒྲ་དང་གླུ་དབྱངས་དང༌། །འདོད་པའི་གཏམ་གྱི་སྒྲའི་རྐྱེན་དང༌། །ག་པུར་ཨ་ཀར་ཛ་ཏི་སོགས། །དེ་བཞིན་དྲི་ལ་དབྱེ་བ་གསུམ། །ཞེས་དྲི་བཟང་གིས་གསར་དུ་བགོས་པའམ། བྷ་ག་དང་ལུས་ཀྱི་དྲི་ཚོར་བའི་རྐྱེན་དང༌། འོ་བྱེད་དེ་བཞིན་འཇིབ་པ་དང༌། དེ་བཞིན་རོ་ལ་དབྱེ་བ་གསུམ། །ཞེས་པ་ལྟར། རོ་འཛིན་དང་མ་མཆུའི་རོ་མྱང་བའི་རྐྱེན་དང༌། རྡོ་རྗེ་པདྨ་ཡང་དག་སྦྱོར། །གོས་དང་འཁྱུད་སོགས་དབྱེ་བ་གསུམ། །
ཞེས་འོ་དང་འཁྱུད་པ་ལ་སོགས་པ་ཕྱིའི་རེག་བྱ་དང༌། དབང་པོ་གཉིས་མཉམ་པར་སྦྱར་བ་ཕྱི་ནང་གཉིས་ཀའི་རེག་བྱས་རྐྱེན་བྱེད་དེ། དེ་ཐམས་ཅད་ལ་དབྱེ་བ་གསུམ་ཞེས་བྱ་བ་ནི་ཡེ་ཤེས་གསུམ་པོ་དེ་ཉིད་དོ། །དཔལ་གསང་བ་འདུས་པ་རྩ་རྒྱུད་ལས་ཀྱང༌། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་སོགས་འདོད་ཡོན་ལྔ་ཆར་ལ་གསུངས་པའི་དགོངས་པ་ཡང་དེ་ཉིད་ཡིན་ནོ། །བཞི་པ་བླ་ན་མེད་པའི་མཆོད་པ་ལ། ཉེར་སྤྱོད་ལྔའི་ངེས་དོན། འདོད་ཡོན་ལྔའི་ངེས་དོན། ཞི་བའི་བཏུང་བའི་ངེས་དོན་དུ་བཤད་པ་གསུམ་ལས། དང་པོ་ནི། མེ་ཏོག་གི་མཆོད་པ་ནི་དེ་ཁོ་ན་ཉིད་དུ་བཤད་པ། ཇི་སྐད་དུ། རྡོ་རྗེ་ཕྲེང་བ་ལས། ཡང་དག་དགའ་བའི་མེ་ཏོག་གི །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ཉིད་ལ་མཆོད་པས། །ཞེས་གསུངས་ཏེ། འདིར་རྡོ་རྗེ་ཉི་མ་ཞེས་པ་ནི་ཤེས་རབ་མའི་རཀྟའོ། །དེ་ལ་ཐབས་ཤེས་མཉམ་པར་སྦྱར་ཏེ་རཀྟའི་དྭངས་མ་ཐབས་ཀྱི་དབུ་མའི་ནང་དུ་དྲངས་ཏེ། སྤྱི་བོར་ཐིམ་པར་བྱེད་པ་ནི། མེ་ཏོག་བདག་ཉིད་མཆོད་པས། །ཞེས་པའི་དོན་ཏེ། དེ་ཡང་མཐོང་ལམ་གྱི་སྔ་ལོགས་སུ་དེ་ལྟ་བུ་བྱུང་བ་ན། དེ་ལྟར་ཐིམ་པའི་རྐྱེན་གྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་གྱི་རྣམ་པར་འབྱུང་བ་ནི་མེ་ཏོག་གི་མཆོད་པའི་ངེས་དོན་ནོ། །འདིས་ནི་ཕྱག་རྒྱའི་དམར་ཆ་འདྲེན་པ་ལ་ཁུངས་མེད་ཅེས་དགག་པ་བྱེད་པ་རྣམས་ཀྱང་བསལ་བ་ཡིན་ནོ། །གཏུམ་མོ་
སོགས་ནི་བདུག་སྤོས་ཀྱི་ངེས་དོན་ནོ། །ཇི་སྐད་དུ། རྣམ་རྟོག་ཚོགས་ཀྱིསཡུལ་མིན་ཞིང༌། ལྟེ་བར་གཏུམ་མོ་འབར་བ་ཡིས། །ངེས་པར་བསྲེག་པ་དེ་ཡི་སྤོས། །ཞེས་ཏེ། ལྟེ་བའི་གཏུམ་མོ་རབ་ཏུ་འབར་བས་རྣམ་རྟོག་མཐའ་དག་བསྲེགས་པས། གསལ་སྟོང་གི་ཡེ་ཤེས་སྐྱེ་བ་ནི་བདུག་སྤོས་དང་འདྲའོ། །མར་མེའི་ངེས་དོན་ནི། ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །ཞེས་པ་ལྟར་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ཧཱུཾ་གི་དབྱངས་དང་ལྡན་པ་རླུང་འོད་ཟེར་ལྔ་པ་འཕྲོ་བ་ནི་མར་མེ་སྟེ། དེར་རླུང་སེམས་ཐིམ་པས་འོད་གསལ་འཆར་བ་ནི་འབར་བའི་དོན་ནོ། །ཟླ་བས་ཞེས་སོགས་ནི་དྲིའི་བྱུག་པའི་ངེས་དོན་ཏེ། ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ། བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་ཀྱིས་ཀྱང་བྱུག་པ་ནི། །ཞེས་གསུངས། དེ་ལ་ནམ་མཁའ་སྟེ་གསང་བའི་པདྨར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྣ་རྩེར་ཐབས་ཀྱི་ཀུནྡ་བྱང་ཆུབ་ཀྱི་སེམས་སད་པ་སྟེ་ཞུ་ཞིང་བསྐུལ། དེ་ཉིད་སླར་དྲངས་ཏེ་རྩའི་གནས་ཐམས་ཅད་དུ་ཞུགས་པ་སྟེ་ཁྱབ་པར་བྱེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའོ། །སྟོང་ཉིད་རྣམ་པ་ནི་རྣམ་ཀུན་མཆོག་ལྡན་ཀྱི་སྟོང་གཟུགས་ཏེ་སྟོང་ཉིད་རྣམ་པ་དང་བཅས་པའོ། །ཇི་སྐད་དུ། འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བསྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་ཕྱིར་ནི་མཆོད་པར་བྱ། །ཞེས་པ་སྟེ་དབང་པོ་ལྔའི་
ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་སྟོང་གཟུགས་ཀྱི་རང་བཞིན་འགག་པ་མེད་པ་ལ་བརྟེན་ནས་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་ནི། ཡུལ་ལྔ་ཟས་སུ་ཟ་བའི་ཕྱིར། ཞལ་ཟས་དང་འདྲ་བའོ། །དེ་ལྟར་ན། ལྟེ་བའི་གཏུམ་མོ་རབ་ཏུ་འབར་བས་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ཡིན་ཞིང༌། ཁམས་དཀར་དམར་གྱི་བགྲོད་པ་ཐིམ་པའི་བདེ་སྟོང་དང༌། རླུང་སྙིང་གར་ཐིམ་པའི་འོད་གསལ་རྟགས་སྣང་ཁྱད་པར་ཅན་གྱི་ཡེ་ཤེས་རྣམས་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམ་པ་ལྔའོ། །གཉིས་པ་ནི། ཆོས་ཐམས་ཅད་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་རྟོགས་པ་གཟུགས་ཀྱི་མཆོད་པ་དང༌། སྒྲ་གྲག་སྟོང་རང་བཞིན་མེད་པར་ཤེས་པས། སེམས་ཅན་སོ་སོའི་སྐད་དང་བསམ་པ་དང་མཐུན་པའི་ཆོས་སྟོན་པའི་གསུང་སྒྲ་དབྱངས་ཐམས་ཅད་པ་ཡིན་ཡང་མངོན་ཞེན་མེད་པ་སྒྲ་དང༌། སྤྲུལ་པའི་དཀྱིལ་འཁོར་སྣ་ཚོགས་པ་སྟོན་པས་འཇིག་རྟེན་གསུམ་དུ་སྙན་གྲགས་ཀྱི་དྲི་བཟང་གིས་ཁྱབ་པ་ནི་དྲི་དང༌། ཞུ་བའི་བདེ་བ་ཆེན་པོ་རོ་མངར་པོ་མྱོང་བ་ལྟ་བུས་ཚིམ་པ་ནི་རོ་དང༌། ཟུང་འཇུག་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་མཆོག་རེག་བྱ་ཕུན་སུམ་ཚོགས་པ་ལྟ་བུ་ཐོབ་པ་ནི། རེག་བྱའི་འདོད་ཡོན་གྱི་མཆོད་པ་སྟེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་ནས་སྤྲུལ་པ་སྣ་ཚོགས་པས་དད་པར་བྱེད་ཅིང་ཆོས་སྟོན་པ་ནི་འདོད་ཡོན་ལྔའི་ངེས་དོན་གྱི་མཆོད་པའོ། །གསུམ་པ་ནི་ཁྱད་པར་སོགས་ཏེ། དེ་ལ་ཁྱད་པར་ཞེས་པའི་ཚིག་གིས་སྔ་མ་རྣམས་ཀྱི་ནང་ནས་ལོགས་སུ་དོ་གལ་ཆེ་བར་སྟོན་པ་སྟེ། སྔར་བཤད་པ་གང་
གི་ནང་དུ་འདུས་ཞེ་ན། དྲི་དང་མེ་ཏོག་གི་ངེས་དོན་དུའོ། །ནང་གི་ལུས་སོ། །བདག་ཉིད་ནི་དེའི་ངོ་བོ་ལས་བྱུང་བའོ། །སྦྲང་རྩི་སྟེ་དྲི་ཆུ་དང༌། མཚལ་ཏེ་རྡུལ་དང༌། ག་བུར་ཏེ་ཁུ་བ་དང་བཅས་པ། ཙན་དན་དམར་པོ་ནི་ཤ་ཆེན་ཏེ་དེའི་དྭངས་མ་དང༌། སྦྱར་བ་ཞེས་པས་གཞི་མཉམ་ཡང་ཤུག་ལ་འཕངས་པ་ཡིན་ནོ། །རྡོ་རྗེ་ཀུན་མཚན་ནི་ཧཱུཾ་ཡིག་ལ་སོགས་པའི་མཚན་མས་བྱིན་གྱིས་བརླབས་པའོ། །ཐབས་ཀྱི་སྦོམ་པོ་སྟེ་རྡོ་རྗེ་ཤེས་རབ་ཀྱི་མཐའ་ལྟག་སྟེ་པདྨ་མཉམ་པར་སྦྱར་བ་ལས་ཞི་བ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བུ་གས་འཐུང་ཞིང་མྱངས་པས། རང་གི་ལུས་ཀྱི་རྫས་ཐིག་ལེ་དེས་སངས་རྒྱས་ཏེ་ཕུང་པོ་ལྔ་དང༌། བྱང་སེམས་ཏེ་དབང་པོ་དྲུག་པོ་ཐམས་ཅད་བདེ་བས་མཆོད་པར་བྱ་ཞེས་ཏེ། བདག་དང་ཕྱག་རྒྱའི་བདུད་རྩི་ལྔའི་དྭངས་མས་བདེ་བ་ཆེན་པོ་ཁྱད་པར་ཅན་སྒྲུབ་སྟེ། ཞི་བའི་བཏུང་བའི་ངེས་དོན་ནོ། །འདིས་དངོས་བསྟན་གྱིས་ནང་མཆོད་བྱིན་རླབས་བསྟེན་ཚུལ་ཕན་ཡོན་དང་བཅས་པ་སྟོན་པ་ཡིན་ནོ། །སྦས་དོན་ནི་ཐབས་ཤེས་ཀྱི་དྭངས་མ་ལྔ་པོ་དབུ་མར་དྲངས་ཏེ་སྤྱི་བོར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་དེ་ཁོ་ན་ཉིད་དེས་བདག་དང་མདུན་བསྐྱེད་ཀྱི་ལྷ་ལ་མཆོད་པ་ཡིན་ནོ། །གསུམ་པ་དོན་བསྡུ་ནི། མདོར་ན་ཞེས་སོགས་ཏེ་འཇིག་རྟེན་ཁམས་ཀུན་ཞེས་པ་ནི། དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དོ། །གསུམ་པ་བཤགས་པ་ལ། སྤྱི་དོན་དང་ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ། སྟོབས་བཞིའི་ངོས་བཟུང༌། དེའི་སྒོ་ནས་
བཤགས་ཚུལ། བཤགས་པས་འདག་ཚུལ་ལོ། །དང་པོ་ལ་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ལ་དྲག་ཏུ་འགྱོད་པའོ། །གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ནི། སྡིག་པ་ཟད་པའི་དོན་ཏུ་དགེ་བའི་དཔུང་ཚོལ་བའོ། །འདི་ལ་མདོ་རྒྱུད་ཟབ་མོ་ལ་བརྟེན་པ་དང༌། སྟོང་ཉིད་ལ་མོས་པས་ཐོས་སྒོམ་བྱེད་པ་དང༌། གཟུངས་སྔགས་བཟླས་པ་དང༌། སྐུ་གཟུགས་བཞེང་པ་དང༌། མཚན་འཛིན་པ་དང༌། མཆོད་པ་བྱེད་པ་སྟེ་དྲུག་པོ་རྣམ་གལ་ཆེའོ། །སླར་ལྡོག་པའི་སྟོབས་ནི། ཕྱིན་ཆད་སྡོམ་སེམས་སོ། །རྟེན་གྱི་སྟོབས་ནི་སྐྱབས་འགྲོ་སེམས་བསྐྱེད་སྒོམ་པའོ། །འོ་ན་སྟོབས་བཞི་མ་ཚངས་ན་བཤགས་པར་མི་ནུས་སམ་ཞེ་ན། རེ་རེས་ཀྱང་ཅུང་ཟད་ནུས་མོད། ལས་སྡིག་པའི་སྟོབས་ཆེན་པོ་འདག་པ་ལ་བཞི་ཚང་དགོས་སོ། །གཉིས་པ་ནི་ཡན་ལག་གི་དོན་གྱི་སྐབས་སུ་འབྱུང་བ་ལྟར་རོ། །གསུམ་པ་ནི། ལས་སྟོབས་ཆེ་བ་རྣམས་ཐག་བསྲིངས། འབྲིང་པོ་རྣམས་རྣམ་སྨིན་ཆེན་པོ་ཆུང་ངུར་འབྲིང་བར་བྱེད། ཆུང་ངུ་རྣམས་འབྲས་བུ་འབྱིན་མི་ནུས་སུ་བྱེད་དོ། །ས་བོན་ནི་བདེན་པ་མཐོང་ན་མ་གཏོགས་མི་ལྡོག་གོ །གཉིས་པ་ལ། སྤྱིར་སྡིག་པ་ཐམས་ཅད་བཤགས་པ་དང༌། ཁྱད་པར་དུ་སྔགས་ཀྱི་ལྟུང་བ་བཤགས་པའོ། །དང་པོ་ལ་དུས་ཀྱི་ཁྱད་པར། ཀུན་སློང་གི་ཁྱད་པར། ངོ་བོའི་ཁྱད་པར། ཇི་ལྟར་བཤགས་ཚུལ། བཤགས་བྱའི་དབྱེ་བ་སྟེ་ལྔ་ལས། དང་པོ་ནི་འཁོར་བ་སོགས་སོ། །གཉིས་པ་ནི་དུག་གསུམ་སོགས་ཏེ་ཉོན་མོངས་མང་བ་ལྟུང་བའི་རྒྱུད་བསྟན་པའོ། །གསུམ་པ་ནི་ལུས་ངག་སོགས་སོ། །བཞི་པ་
ནི་ཐམས་ཅད་སོགས་སོ། །ལྔ་པ་ལ་གཉིས་ལས་དང་པོ་ཉེས་པའི་རྒྱུའི་དབྱེ་བ་ནི་མི་ཤེས་སོགས་ཏེ་དེ་ལ་མི་ཤེས་པ་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པའི་གནས་མི་ཤེས་པ། མ་གུས་པ་ནི་ལས་འབྲས་ལ་ཡིད་ཆེས་ཤས་ཆུང་བའི་སྐྱོན་གྱིས་ཉེས་པའམ་ལྟུང་བ་ཁྱད་དུ་སོད་པའི་ལས་འབྲས་སོགས་ཆོས་ལ་མ་གུས་པ་དང༌། ལམ་སྟོན་པ་པོ་ལ་མ་གུས་པས་དེས་གདམས་པ་ལ་མི་ཉན་པའོ། །བག་མེད་པ་ནི་དྲན་པ་དང་ཤེས་བཞིན་ཆུང་བས་ཡུལ་རྐྱེན་དང་འཕྲད་པའི་ཚེ་རང་དབང་མེད་པར་བྱ་བ་མ་ཡིན་པ་ལ་འཇུག་པ་ཏེ་མ་བསྡམས་པའོ། །དེ་ལྟར་གསུམ་དང༌། གོང་དུ་ཉོན་མོངས་པ་མང་བ་ཡང་བཤད་ཟིན་པས་རྒྱུ་བཞི་སྟེ། དེ་ལ་ཉོན་མོངས་པ་མང་བ་ནི། ཉོན་མོངས་པ་ཤིན་ཏུ་ཤུགས་དྲག་པ་ཡིན་ནོ། །གཉིས་པ་བཤགས་པར་བྱ་རྒྱུའི་ཉེས་པའི་དབྱེ་བ་ནི་གཉིས་ཏེ། རང་བཞིན་དང་བཅས་པའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ། སེམས་ཅན་གང་གིས་སྤྱད་ཀྱང་ཉེས་པར་འགྱུར་བ་མི་དགེ་བ་བཅུ་ལྟ་བུའོ། །བཅས་པའི་ཁ་ན་མ་ཐོ་བ་ནི། སྡོམ་པ་གསུམ་གྱི་བསླབ་བྱ་ཁོ་ནར་རྒྱལ་བས་གསུངས་པ་རྣམས་ལ། སྡོམ་པ་གསུམ་ཐོབ་པ་སོ་སོས་འདས་ན་བཅས་པ་ལས་འགལ་བའི་ཉེས་པར་འགྱུར་རོ། །དེས་ན་སྡོམ་པ་གསུམ་ཆར་མནོས་པའི་དབང་དུ་བྱས་ནས་སོ་སོར་ཐར་པའི་བསླབ་བྱ་ཕྲ་རགས་རྣམས་དང༌། བྱང་ཆུབ་སེམས་དཔའི་རྩ་ལྟུང་དང༌། སྦོམ་པོ་དང་ཉེས་བཅས་རྣམས་དང༌། འོག་ནས་འབྱུང་བའི་སྔགས་ཀྱི་བསླབ་བྱ་རྣམས་ལས་བདག་ཉིད་ཀྱིས་འདས་པའམ། འདིར་བྱང་ཆུབ་སེམས་དཔའི་བློ་སྦྱོང་བའི་
ཁྱད་པར་ཡིན་པས་ན། སེམས་ཅན་གཞན་གྱིས་ཁ་ན་མ་ཐོ་བ་བགྱིས་པ་ཐམས་ཅད་ཀྱང་ཡིད་ཀྱིས་བཤགས་པར་བྱ་བ་ཁོ་ནའོ། །གཉིས་པ་ལ་སྤང་བྱའི་དམ་ཚིག་མ་སྤངས་པའི་ལྟུང་བ་དང༌། བསྒྲུབ་བྱ་མ་བསྒྲུབས་པའི་ལྟུང་བ་བཤད་པ་དང༌། མ་ཚང་བ་རྒྱུད་ལ་ཁ་འཕངས་པའོ། །དང་པོ་ལ་སྤྱི་དོན་ནི་ལྟུང་བ་རྣམས་ཀྱི་ཡན་ལག ལྟུང་བའི་དབྱེ་བསྡུ། གོ་རིམ། སྲུང་དགོས་པའི་རྒྱུ་མཚན། མི་འབྱུང་བའི་ཐབས། བྱུང་ན་ཕྱིར་བཅོས་པ། རྒྱུད་གང་ལས་བཤད་པ་སྟེ་བདུན་ལས། དང་པོ་ལ་ཡན་ལག་ལྔ་ཚང་དགོས་ཏེ། དེ་ལ་ཡན་ལག་ལྔ་ནི། རྟེན་གྱི་ཡན་ལག་ཡུལ་གྱི་ཡན་ལག བསམ་པའི་ཡན་ལག སྦྱོར་བའི་ཡན་ལག མཐར་ཐུག་གི་ཡན་ལག་གོ །དང་པོ་ནི། གསང་སྔགས་ནང་གི་དམ་ཚིག་ཐོབ་ལ་མ་ཉམས་པ་ཤེས་པ་རང་བཞིན་དུ་གནས་པ་ཅིག་དགོས་ཏེ། སྔགས་ཀྱི་སྡོམ་པ་མ་ཐོབ་པ་ལའང་ཉེས་པ་ཙམ་དུ་འགྱུར་བ་སྲིད་མོད། དེ་ལ་བཅས་པ་མ་མཛད་ཅིང༌། དམ་ཚིག་ཉམས་པ་ལ་ནི་སླར་འདི་དག་བྱས་པས་སྡིག་པ་ནི་ཤིན་ཏུ་ཆེ་མོད་ཀྱི། སྡོམ་པ་ཉམས་ཟིན་པའི་ཕྱིར་དེ་གཉིས་ལ་རྩ་ལྟུང་དུ་མི་འགྱུར་རོ། །ཤེས་པ་རང་བཞིན་དུ་མི་གནས་པ་ལའང་འདུ་ཤེས་མ་འཁྲུལ་བ་འབྱུང་དཀོན་ཞིང༌། བསམ་བཞིན་པ་མེད་པའི་ཕྱིར་ལྟུང་བ་དངོས་གཞི་རྣམས་མི་རྫོགས་པ་ཡིན་ནོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་ནས་བུ་མེད་ཀྱི་བར་དང༌། མ་སྦྱངས་པའི་རིག་མ་ནས་དཀྱིལ་འཁོར་ཀྱི་ལས་ཀྱི་བར་སོ་སོར་སྦྱར་རོ། །གསུམ་པ་
ལ་ཀུན་སློང་དང་འདུ་ཤེས་གཉིས་ཡོད་པ་ལས། དང་པོ་ལ་གཉིས་ལས། ངོ་བོ་ནི་གོང་དུ་བཤད་པའི་ལྟུང་བའི་རྒྱུ་བཞི་པོ་གང་རུང་ངོ༌། ཁྱད་པར་གྱི་ལྟུང་བ་སོ་སོའི་སྦྱོར་བའི་དུས་སུ་ངོ་ཚ་མེད་པ། དངོས་གཞིའི་དུས་སུ་གཉེན་པོས་མ་སླེབ་པ། རྗེས་ཀྱི་དུས་སུ་འགྱོད་པ་མེད་པ་སྟེ་གསུམ་མམ་ཡང་དང་ཡང་དུ་བྱེད་པར་འདོད་པ་དང་དགའ་བར་བྱེད་པ་དང༌། མི་འགྱོད་པ་དང༌། ཕྱིར་མི་འཆོས་པ་སྟེ་མཚན་ཉིད་བཞི་ལྡན་ནོ། །དེས་ན་ཆེད་དུ་བསམ་པ་མཚན་ཉིད་བཞི་ལྡན་ནམ། གསུམ་ལྡན་ནི་རྩ་ལྟུང་ཀུན་ནས་སློང་བའི་ཁྱད་པར་རོ་ཞེས་གྲུབ་བོ། །དེ་ལ་ངོ་ཚ་མེད་པ་ནི་འདི་ལ་བརྟེན་ཏེ་ཉེས་པ་འོང་སྙམ་པ་མེད་པའོ། །གཉེན་པོས་མ་སླེབ་པ་ནི་བྱེད་འདོད་ཀྱི་རྒྱུན་མ་ཆད་པའོ། །འགྱོད་པ་མེད་པ་ནི་བྱས་ཟིན་མ་ཐག་པའི་སྐད་ཅིག་མ་ལ་ལས་བྱས་པ་དེ་ལ་འགྱོད་པ་མ་སྐྱེས་པ་སྟེ། འདི་བྱུང་ན་ལྟུང་བ་སྔ་དྲོ་བྱས་ནས་དགོངས་མོ་འགྱོད་པ་སྐྱེས་པ་ལྟ་བུས་ནི་རྩ་ལྟུང་མི་ཁེགས་སོ། །ཡང་དང་ཡང་དུ་བྱེད་པའི་དོན་ནི་བྱེད་འདོད་ཡང་ཡང་སྐྱེས་པ་སྟེ། མ་བྱས་བར་དུ་བྱེད་འདོད་མ་ལོག་པའོ། །དགའ་བར་བྱེད་པ་ནི་བྱེད་ཐུབ་པ་ན་སེམས་མགུ་བའོ། །མི་འགྱོད་པ་ནི་ལྟུང་བ་དེ་ལ་སྐྱོན་དུ་མི་བལྟ་བའོ། །ཕྱིར་མི་འཆོས་པ་ནི་བྱས་མ་ཐག་པའི་དུས་དེར། ཕྱིར་བཅོས་བྱེད་འདོད་མེད་པའི་འཛེམས་བག་མེད་པ་ཡིན་ནོ། །སྤྱིར་ཁྱད་པར་འདི་རྣམས་འདིར་བསྟན་ལྟུང་བ་ཐམས་ཅད་ལ་འཇུག་ཀྱང༌། རྩ་ལྟུང་དུ་འགྲོ་བ་ལ་དེ་དག་ཐམས་ཅད་ཚང་དགོས་པའི་ངེས་པ་ནི་མེད་དེ། འགྱོད་པ་མེད་པ་དང༌། ཕྱིར་མི་འཆོས་པ་ལྟ་བུ་མ་ཚང་ཡང༌། རྡོ་རྗེ་སྤུན་དང་སློབ་དཔོན་བཀྲོངས་པ་
ལྟ་བུ་སྟེ། གཞན་ཡང་ལུས་ངག་གི་ལས་འགའ་ཞིག་ལ་ཡང་དེ་ལྟ་བུའི་གནས་སྐབས་ཡོད་དོ། །དེ་དག་ཤིན་ཏུ་སྡིག་ཆེ་ཡང་ཡན་ལག་མ་ཚང་བའི་ཕྱིར་རྩ་ལྟུང་དངོས་ཀྱི་མིང་མི་ཐོབ་བམ་སྙམ་ན། འདིར་ནི་ཡིད་ཀྱི་བསླབ་བྱ་གཙོ་ཆེ་བའི་ཕྱིར་ཡན་ལག་ཕྲ་མོ་རེ་ཙམ་ཚང་མ་ཚང་ལ་རག་མ་ལུས་ཏེ་གཙོ་བོའི་དོན་ཐམས་ཅད་ཚང་བས་སོ། །དེས་ན་ཁྱད་པར་ཐམས་ཅད་ཚང་དགོས་པ་དང༌། རེ་རེས་ཀྱང་ཆོག་པའི་དབྱེ་བ་ཞིབ་མོ་ཤེས་དགོས་སོ། །གཉིས་པ་འདུ་ཤེས་ནི་དེ་ལ་དེར་ཤེས་མ་འཁྲུལ་པའོ། །བཞི་པ་སྦྱོར་བའི་ཡན་ལག་ནི་དེ་དང་དེ་བྱེད་པ་སྟེ། བརྙས་ཤིང་སྨོད་པ་ནས་དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་བར་རོ། །ལྔ་པ་མཐར་ཐུག་ནི་འདི་དང་འདི་ཟིན་པ་ན་རྩ་ལྟུང་དུ་འགྱུར་ཞེས་པའི་དུས་སྐབས་རྣམས་ཏེ་བརྙས་པ་གཞན་གྱི་གོ་བ་ལྟ་བུ་དང༌། དཀྱིལ་འཁོར་གྱི་ལས་སྣ་གཅིག་གྲུབ་པའི་བར་དུའོ། །གཉིས་པ་ལ་དབྱེ་བ་དང༌། བསྡུ་བ་དང༌། མཐའ་དཔྱད་པ་གསུམ་ལས། དང་པོ་ནི། རྡོ་རྗེའི་ཐེག་པ་འདིར་དམ་ཚིག་གི་བསྲུང་བྱ་ཤིན་ཏུ་མང་ན་ཡང༌། ལྟུང་བ་ལ་དབྱེ་ན་རྩ་ལྟུང་དང༌། སྦོམ་པོའི་ལྟུང་བ་གཉིས་ཀྱི་དབྱེ་བ་མཛད་པ་ཤ་སྟག་ཡོད་པས། རྩ་ལྟུང་དང༌། སྦོམ་པོ་ཕྱོགས་མཐུན་དང་བཅས་པ་གཉིས་སུ་དབྱེ་བ་སྟེ། སྦོམ་པོ་རྣམས་ཀྱང་དོན་གྱི་རྩ་ལྟུང་གི་ཡན་ལག་ཡིན་ནོ། །དེ་ལ་རྩ་ལྟུང་གི་སྒྲ་དོན། བསྲུངས་ན་དངོས་གྲུབ་ཀྱི་རྩ་བ་དང༌། མ་བསྲུང་ན་ཉེས་པའི་རྩ་བ་ཞེས་བླ་མ་གོང་མ་རྣམས་གསུངས་པ་ལ། །ཕྱིས་ཀྱི་
ཤིང་རྟ་ཆེན་པོ་ནི། །ཀུན་མཁྱེན་པད་མ་དཀར་པོ་ལ་གནས་སུ་མཆིས་སོ། །ཕྱིས་ཀྱི་ཤིང་རྟ་ཆེན་པོའི་ཞལ་ནས། འོ་ན་དངོས་གྲུབ་ཀྱི་རྩ་བར་འགྲོ་བ་སྲིད་པའི་སྐབས་འདུག་པས་ལྟུང་བ་ཡིན་པ་མི་འཐད། དེས་ན་སྡོམ་པའི་རྩ་བ་འཇིག་པར་བྱེད་པས་རྩ་ལྟུང་ཡིན་གསུང༌། དགག་པ་འདི་ནི་རང་ཉིད་རྩོད་པ་ལ་མཉེས་པ་ཙམ་ཞིག་སྟོན་པར་བྱེད་ཀྱི་སྙིང་པོ་ནི་མེད་དེ། བླ་མ་གོང་མ་རྣམས་ཀྱི་བཞེད་པ་ནི། དཔེར་ན་རྡོ་རྗེ་སློབ་དཔོན་དེ་ཡུལ་དུ་བྱས་ནས་བརྙས་ན་ཉེས་པ་དང༌། མ་བརྙས་ཤིང་གུས་པར་བསྟེན་ན་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ། རྩ་བ་སྟེ་སློབ་དཔོན་ལ་བརྟེན་པའི་ལྟུང་བ་ཞེས་བྱ། དེའི་རིག་པས་གཞན་ཐམས་ཅད་ཤེས་ཏེ། དེ་ཡང་སློབ་དཔོན་ལ་བརྙས་པའི་ངོ་བོ་ཐ་དད་པའི་རྩ་ལྟུང་དང་པོ་མ་བསྲུངས་བ་དང་སློབ་དཔོན་ལ་བརྙས་པའི་ལྟུང་བ་ཡང་ངོ་བོ་ཐ་དད་པ་ཞིག་དང༌། མི་བརྙས་པའི་བསམ་སྦྱོར་ལས་གཞན་པའི་རྩ་ལྟུང་དང་པོ་བསྲུང་བའི་ངོ་བོ་རྫས་གྲུབ་ཅིག་ནམ་ཡང་མི་སྲིད་དོ། །དེ་ལ་ཁྱེད་ཀྱིས་ནི་བསྲུངས་བ་དང་མི་བསྲུངས་པ་གཉིས་ཀ་མ་ཡིན་པའི་ལྷུང་བ་ཞིག་ཡོད་པར་བྱས་ནས། དེ་བསྲུངས་མ་བསྲུང་ལ་རྩ་བར་འཇོག་པ་གོང་མའི་བཞེད་པར་བཟུང་འདུག་པའི་ཕྱིར་ཕྱོགས་སྔ་མ་ལོངས་ཤིང༌། རིག་པ་དེ་ཡང་རྫས་སྤྱི་ཙམ་གྱི་ཚིག་ལ་འཁྲི་བ་ཡིན་པའི་ཕྱིར། སྡོམ་པའི་རྩ་བ་གཅོད་ཅེས་པ་ཡང༌། དཔེར་ན་སོ་སོ་ཐར་པའི་སྡོམ་པ་ལ། མངོན་པ་མཛོད་ལས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པ་ལྟར་འདིར་ཡང་ཡིན་ཏེ། ཁྱེད་ཀྱི་ལུགས་ལ་སྡོམ་པ་རྩ་བ་ནས་བཅད་ན། སྡོམ་པ་གཏན་མེད་དུ་འགྲོ་
དགོས་པ་ལས། དུས་ཀྱི་འཁོར་ལོར། གསང་དབང་ཐོབ་པ་ཚུན་ཆད་ལ་རྩ་ལྟུང་བྱུང་བ། ཆད་ལས་ཀྱི་བརྟུལ་ཞུགས་དྲག་པོས་སླར་སོར་ཆུད་པར་བཤད་པའི་ཕྱིར། སྡོམ་པ་རྩ་བ་ནས་མེད་པ་ཆད་ལས་ཙམ་གྱིས་གསར་དུ་སྐྱེ་བ་ངོ་མཚར་ཆེ། སླར་ཡང་དབང་བསྐུར་ཞུ་བར་བཤད་པས་སྡོམ་པ་དེས་ཐོབ་པ་ཡིན་སྙམ་ན། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། ཞེས་དང༌། གལ་ཏེ་བླ་མ་དམོད་དེ་བཞིན། །དམ་ཚིག་བག་མེད་གྱུར་པ་ན། །དེ་ཚེ་དཀྱིལ་འཁོར་དེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས་ཞེས་ལྟུང་བ་དག་བྱེད་དུ་བཤད་ཀྱི། སྡོམ་པ་ལེན་བྱེད་དུ་མ་བཤད། དེ་ཐོབ་པས་ལྟུང་བ་འདག་པ་ཡིན་སྙམ་ན། ཆད་ལས་སོགས་ཀྱི་དགོས་པ་ཡང་ཅི། འདིར་སྨྲས་པ། མཁས་པར་མངོན་པར་ཁེངས་པ་ཡིས། །གྲགས་པའི་དོན་དུ་གང་སྨྲ་བ། །བདག་ཉིད་སྐྱོན་ཅན་གཞན་དག་གི །ལུགས་བཟང་དག་ལ་འབད་ནས་སྨད། །འདི་ནི་པདྨ་དཀར་པོ་ལ་བསྐུར་པ་འདེབས་པ་ཡིན་ནོ། །ཞེས་པ་ཡང་སྨྲས་སོ། །དེས་ན་རྩ་ལྟུང་གི་སྡོམ་པ་ཤིན་ཏུ་སྐྱོན་ཅན་དུ་བྱས་ནས། ཡོན་ཏན་གྱི་རྟེན་གཏན་མི་བྱེད་པ་དང༌། ཡན་ལག་གི་ལྟུང་བས་ཀྱང་གོང་མའི་ཡོན་ཏན་ཐོབ་པའི་གེགས་ཤིན་ཏུ་ཆེ་བ་དང༌། གཉིས་ཀས་ཀྱང་དམྱལ་བར་འཕེན་ཞིང༌། སྔགས་ཀྱི་བྱ་བ་དང་ཆོ་ག་ཐམས་ཅད་ལ་མི་དབང་བར་བྱེད་པ་ཡིན་ནོ། །ཡན་ལག་གི་ལྟུང་བ་ཞཻས་པའི་ཡན་ལག་ནི། རྩ་ལྟུང་གི་ཡན་ལག་གོ །གཉིས་པ་བསྡུ་བ་ནི།
སྤྱིར་མང་དུ་གྲགས་ན་ཡང་འཐད་པའི་ཕྱོགས་ནི་ལམ་ལ་བལྟོས་པ་དང༌། དབང་ལ་བལྟོས་པ་དང༌། དམ་ཚིག་ལ་བལྟོས་པའོ། །དང་པོ་ནི། ཡུལ་ཆོས་སྟོན་པ་པོ་དང༌། གྲོགས་དང༌། ཉམས་སུ་བླང་བྱའི་ཆོས་སོ། །དང་པོ་ལ་བརྟེན་པའི་ལྟུང་བ་ནི་རྩ་ལྟུང་དང་པོའོ། །གྲོགས་ལ་གཉིས་ཏེ། ཡང་དག་པའི་གྲོགས་དང༌། ཕྱིན་ཅི་ལོག་གཉིས་ལས། དང་པོ་ལ་ལོག་སྒྲུབ་ནི། གསུམ་པ་དང་བཅུ་གཉིས་པའོ། །གཉིས་པ་ལ་བརྟེན་པ་ནི་བཅུ་པའོ། །ཆོས་ལ་གཉིས་ཏེ། ལུང་དང་སྒྲུབ་པའོ། །ལུང་གི་ཆོས་ལ་སྐུར་བ་འདེབས་པ་ནི་དྲུག་པ་དང༌། སྟོན་པའི་ཡུལ་མ་ཡིན་པ་ལ་སྟོན་པ་བདུན་པའོ། །སྒྲུབ་པའི་ཆོས་ལ་གསུམ། ལམ་གྱི་རྟེན་སེམས་བསྐྱེད་རྒྱུ་འབྲས་ལ་བརྟེན་པ་བཞི་པ་དང་ལྔ་པ་གཉིས་སོ། །འཇུག་སེམས་ཀྱི་བསླབ་པ་སྤྱི་ལས་འདས་པ་ནི་གཉིས་པའོ། །ལམ་གྱི་ངོ་བོ་ལ་ལྷའི་རྣལ་འབྱོར་ལ་བརྟེན་པ་བརྒྱད་པ་དང༌། སྟོང་པ་ཉིད་ལ་བརྟེན་པ་དགུ་པ་དང་བཅུ་གཅིག་པ་རྣམས་སོ། །འདི་གཉིས་བསྐྱེད་རྫོགས་ཀྱི་བསྡུ་བར་སྦྱོར་བ་ནི་རང་གིས་རྣལ་འབྱོར་རྒྱུད་དང་ཐུན་མོང་བར་བཤད་པ་དང་ནང་འགལ་བའོ། །ལམ་གྱི་ཡན་ལག་ལ་གཉིས་བཟའ་བའི་དམ་ཚིག་དང་འགལ་བ་བཅུ་གསུམ་པ་དང༌། ལམ་གྱི་གྲོགས་དང་འགལ་བ་བཅུ་བཞི་པའོ། །གཉིས་པ་ནི། དང་པོ་བདུན་དང་བཅུ་གཉིས་པ་དབང་སྤྱི་དང༌། བརྒྱད་པ་དང་བཅུ་པ་ནི་དུ་མ་དབང་གི་དང༌། དགུ་པ་དང་བཅུ་གཅིག་པ་གཉིས་བཞི་པའི་དང༌། བཅུ་གསུམ་པ་གསང་དབང་གི་དང༌། བཅུ་བཞི་པ་ཤེས་རབ་ཡེ་ཤེས་
ཀྱི་དམ་ཚིག་ཉམས་པའོ་ཞེས་པ་ཤས་ཆེ་བའི་དབང་དུ་བྱས་ཏེ། ཆ་ཤས་ནི་དབང་བཞི་ཀ་ལ་བཅུ་བཞི་པོ་ཐམས་ཅད་ཀྱི་ཆ་ཤས་ཡོད་དོ། །གསུམ་པ་ནི། རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ནང་ཚན་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་དང་འགལ་བ་ནི་རྩ་ལྟུང་དང་པོ་དང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང་འགལ་བ་གཉིས་པ་དང་གསུམ་པ་བཅུ་གཉིས་པ། རིགས་ལྔའི་དམ་ཚིག་སྤྱི་སེམས་བསྐྱེད་དང་འགལ་བ་བཞི་པ་དང་ལྔ་པ། པདྨའི་རིགས་ཀྱི་དམ་ཚིག་ཐེག་པ་མཐའ་དག་ལ་སློབ་པ་དག་འགལ་བ་དྲུག་པ། རིན་པོ་ཆེའི་དམ་ཚིག་སྦྱིན་པ་རྣམ་བཞིའི་ནང་གི་ཆོས་ཀྱི་སྦྱིན་པ་རྣམ་པར་མ་དག་པར་སྦྱིན་པ་བདུན་པ། ཕྱག་རྒྱ་སྐུའི་དམ་ཚིག་དང་འགལ་བ་བརྒྱད་པ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་འགལ་བ་དགུ་པ་དང་བཅུ་གཅིག་པ། བྱམས་པའི་སྦྱིན་པ་མ་དག་པ་བཅུ་པ། བཅུ་གསུམ་པ་དང་བཅུ་བཞི་པ་ནི་ལས་ཀྱི་དམ་ཚིག་མཆོད་པ་བྱ་དགོས་པའི་འགལ་ཟླའོ། །གསུམ་པ་མཐའ་དཔྱད་པ་ནི། འདིར་དུས་འཁོར་པ་ཁ་ཅིག་སྐྱབས་འགྲོ་སེམས་བསྐྱེད་དབང་བཞི་སྤྱོད་པ་རྣམས་ཀྱི་འགལ་ཟླ་ལ་རིམ་པས་སྦྱོར་བ་ཡིན་ཏེ། བསྲུང་ལུགས་ཀྱང་དེའི་རིམ་པས་ཤེས་དགོས་ཀྱི། ཕྱི་མ་གཉིས་ད་ལྟར་བསྲུང་མི་དགོས་ཞེས་སྨྲ་བ་ནི་ལམ་གྱི་གནད་འཆུག་པས་ཤིན་ཏུ་མི་ལེགས་ཏེ། དཔེར་ན་སྲོག་གཅོད་པ་ལྟ་བུ་དགེ་སློང་གསར་བུས་བསྲུང་མི་དགོས། གནས་བརྟན་དུ་སོང་ནས་བསྲུང་དགོས་ཞེས་པ་དང་འདྲ་ཞིང༌། ལས་དང་པོ་པ་ལ་བསྲུང་མི་དགོས་པར། སྤྱོད་པ་སྤྱོད་པའི་གང་ཟག དམ་ཚིག་
སྡོམ་ལས་རྣམ་པར་གྲོལ། །ཞེས་ཀུན་རྫོབ་ཀྱི་བསླབ་བྱ་ལས་གྲོལ་བ་རྣམས་ཀྱིས་བསྲུང་དགོས་པ་ལས་ངོ་མཚར་ཆེ་བ་ཅི་ཡོད། དེ་ལྟར་ན་རིགས་ལྔའི་སྡོམ་པ་བཟུང་བ་ཐམས་ཅད་ལ་བཅུ་གསུམ་པ་མ་གཏོགས་རྩ་ལྟུང་འདི་རྣམས་དམ་ཚིག་གི་ཉེས་པར་ནི་འགྱུར་བར་མངོན་ལ། རྩ་ལྟུང་བཅུ་གསུམ་པའི་སྐབས་ནས་འབྱུང་བའི་ལོངས་སྤྱོད་ཀྱི་དམ་ཚིག་མ་བརྟེན་པ། རྣལ་འབྱོར་རྒྱུད་མན་ཆད་དུ་ལྟུང་བར་མི་འགྱུར་བར་མངོན་ཏེ། མཆོད་པའི་ལས་ཀྱང་ཅི་ནུས་བགྱི་ཞེས་མཆོད་པས་ངེས་པར་སྒྲུབ་པར་ཁས་བླངས་པ་ཙམ་ཡིན་པ་ལ། རྣལ་འབྱོར་རྒྱུད་དུ་དེ་དག་གི་མཆོད་པ་མི་དགོས་པའི་ཕྱིར་རོ། །གཞན་རྣམས་ཀྱང་རྩ་ལྟུང་དུ་ནི་མི་འཇོག་པར་མངོན་ཏེ། དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཅེས་རིགས་ལྔའི་དམ་ཚིག་ལས་ལོགས་སུ་བཀར་ནས་གསུངས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྡོམ་པའི་རྩ་ལྟུང་བཅུ་བཞི་པོ་ཉིད་ཡིན་པར་ཤེས་པར་བྱ་ཏེ། གདམས་ངག་རྒྱུན་མ་ཆད་པར་མངའ་བའི་བླ་མ་གོང་མ་རྣམས་ཀྱང་དེ་བཞིན་དུ་གསུང་ངོ༌། །མཁས་པ་ཁ་ཅིགརྣལ་འབྱོར་ཕྱི་ནང་གཉིས་རྩ་ལྟུང་གི་ངོ་བོ་གཅིག་སྟེ། སྡོམ་བཟུང་གཅིག་ཁོ་ན་ཡིན་པའི་ཕྱིར་དང༌། དཔལ་མཆོག་སྨད་འགྲེལ་ལས། དམ་པའི་ཆོས་ནི་སྨད་མི་བྱ། །ཞེས་པ་ཆོས་སྤོང་གི་ཕམ་པ་ཡིན་པར་ནམ་མཁའི་སྙིང་པོའི་མདོ་ལས་གསུངས། ཞེས་བཤད་པས་དེ་དང་སྡེབས་སུ་བཤད་པའི། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་སྤང་བར་མི་བྱའོ། །ཞེས་དང༌། སློབ་དཔོན་སྨད་པར་མི་བྱ་སྟེ། །
ཞེས་པ་དང༌། དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཞེས་དང༌། བྱང་ཆུབ་སེམས་ནི་སྤང་མི་བྱ། །ཞེས་པ་རྣམས་ཀྱང་རྩ་ལྟུང་དུ་འགྲོ་དགོས་གསུང་པ་དང༌། ཡང་ཀཱ་མ་དྷེ་ནུས་མཱ་མ་ཀི་སོགས་ལ་སྨད་པ། བུད་མེད་ཤེས་རབ་རང་བཞིན་པས། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་བཤད་པ་དང༌། ཡོ་གའི་གཞུང་འགྲེལ་ན་རྩ་ལྟུང་གཞན་མ་བཤད་པས་སོ། །ཞེས་དགོངས་པ་དང༌། ཡང་རྩ་ལྟུང་བཅུ་གསུམ་པ་ཡོངས་སུ་གྲགས་པ་ནི་བླ་མེད་ཁོ་ན་དང༌། རྣལ་འབྱོར་རྒྱུད་དང་ཐུན་མོང་ལ་ནི་རྡོ་དྲིལ་སོགས་དམ་ཚིག་གི་རྫས་དང༌། ལག་པའི་ཕྱག་རྒྱ་འཆིང་བ་རྣམས་ལ་སྨད་པ་སྟེ། ནང་གི་རྣལ་འབྱོར་ཡོད་ན་འདི་རྣམས་ཀྱིས་ཅི་ཞིག་བྱ་ཞེས་འདོར་བ་ཡིན་ཏེ། དཔལ་མཆོག་སྨད་འགྲེལ་ལས། དད་པ་མེད་པས་གཞན་སྐད་བྱེད། །ཅེས་གསུངས་པ་ལ་རྡོ་རྗེ་ལ་སོགས་པ་འདིས་ཅི་ཞིག་བྱ། སྒོམ་པ་ཁོ་ན་གཙོ་བོར་གྱུར་པ་ཡིན་ཏེ། ལག་པ་རྣམ་པར་འགྱུར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་སྐྱེ་བོའི་ཚོགས་ཀྱི་ནང་དུ་གནས་ནས་དམོད་པ་གང་ཡིན་པ་འདི་ནི་དམ་ཚིག་ལས་འདས་པའོ་ཞེས་གསུངས་པའི་ཕྱིར་ཞེས་ཀྱང་གསུངས་ལ། བཅུ་བཞི་པ་ལ་ཡང་ཡོངས་སུ་གྲགས་པ་བླ་མེད་ཀྱི་ཐུན་མོང་མ་ཡིན་པ་དང༌། དཀྱིལ་འཁོར་གྱི་ལྷ་མོ་ལ་སྨོད་པ་གཉིས་ཀའི་ཐུན་མོང་པའོ། །ཞེས་སྒྲོག་པར་མཛད་པ་ནི་ནང་འགལ་ཞིང་རེ་རེ་ནས་འཐད་པ་ཡང་མ་ཡིན་ཏེ། རྩ་ལྟུང་བཅུ་གསུམ་པ་དང་བཅུ་བཞི་པའི་སྐབས་སུ་རྣལ་འབྱོར་ཕྱི་ནང་གི་རྒྱུད་གཉིས་ལ་མི་འདྲ་བའི་ཁྱད་པར་འབྱེད་པ་དེ་ཡང་མི་རིགས་ཏེ། དེ་གཉིས་ལ་སྡོམ་བཟུང་
ཐ་དད་མེད་པའི་ཕྱིར་ཞེས་པ་བདག་ཉིད་ཀྱི་རིག་པ་འདིས་གནོད་པ་མ་ཡིན་ནམ། རྣལ་འབྱོར་རྒྱུད་ཀྱི་སྐབས་སུ། མུ་སྟེགས་ཅན་ལ་སྨད་མི་བྱ། གསུངས་པས། བུད་མེད་ལ་སྨད་པའང་ཉེས་པ་མི་འགྱུར་བ་ཡང་མ་ཡིན་ལ། གཞན་ཡང་རྒྱུད་དེར་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང༌། དེས་ལྷ་མཆོད་པ་གང་ཡང་མེད་པས་དགག་བྱ་མེད་སྙམ་པར་སྣང་སྟེ། དཔལ་མཆོག་ལ་སོགས་པར་དབང་པོ་གཉིས་སྦྱོར་མེད་ཀྱང༌། བུད་མེད་ཀྱི་ཚོགས་ཀྱི་གླུ་གར་བྱེད་པ་ལ་སོགས་པའི་སྤྲོས་བཅས་ཀྱི་སྤྱོད་པ་ཡོད་པར་སྤྱོད་བསྡུས་ལས་བཤད་པས་རྣམ་དབྱེ་དེ་ཡང་ཅུང་ཟད་མ་བརྟགས་པར། རྡོ་རྗེ་དྲིལ་བུ་སོགས་སྤངས་པ་ཡང་ལུང་དེས་དམ་ཚིག་ལས་འདས་པ་ཉེས་པ་ཡིན་པར་ནི་བཤད་ཀྱི། རྩ་ལྟུང་ཡིན་པའི་རྒྱུ་མཚན་དུ་ནི་མི་འགྱུར་རོ། །འོ་ན་ཁྱེད་ཀྱི་ལུགས་ལ་ཅི་ཞེ་ན། སློབ་དཔོན་ལ་སྨད་པ་ལ་སོགས་པ་འདི་རྣམས་སྤྱད་ན་ཁས་བླངས་དང་འགལ་བའི་ཉེས་པར་ནི་གྱུར་མོད། འདི་རྣམས་བཅུ་བཞིའི་ཚན་དུ་བགྲང་བ་ནི་ཕྱོགས་དེ་ནས་བཤད་ཚོད་མེད་ལ། རྩ་ལྟུང་དང་སྦོམ་པོ་གང་ཡང་མ་ཡིན་པའི་ཕྱིར། བཅུ་བཞི་ཚན་དུ་བསྒྲིགས་པའི་ཐ་སྙད་ཀྱང་རང་བཟོར་འགྱུར་ཞིང་ལེགས་པ་མ་ཡིན་ནོ། །དཔལ་མཆོག་སྨད་འགྲེལ་གྱི་དགོངས་པ་གཞན་ཐམས་ཅད་ཀྱི་ནང་ནས་ཆོས་སྤོང་གཅིག་པོ་ཕམ་པར་བཤད་པས་གཞན་རྣམས་ཕམ་པར་མི་འཇོག་པར་གྲུབ་ལ། ཀཱ་མ་དྷེ་ནུ་སོགས་གང་ཡིན་ཆ་མེད་པ་རྣམས་ལ་ཡིད་ཆེས་པ་དཀའ་ཞིང༌། ཡོ་གའི་གཞུང་འགྲེལ་ཐམས་ཅད་བོད་དུ་འགྱུར་བ་ཡང་མིན་ལ། གལ་ཆེ་བས་ངེས་པར་འགྲེལ་པར་འཆད་པས་ག་ལ་ཁྱབ་སྟེ།
སྒྲོན་གསལ་ན་རྩ་ལྟུང་བཅུ་བཞི་ཚང་བར་མ་བཤད་པ་བཞིན་ནོ། །བླ་མེད་ལ་ཁ་འཕངས་པ་ཡིན་ན། བླ་མེད་ཀྱི་སྐལ་པ་མེད་པའི་རྣལ་འབྱོར་རྒྱུད་པ་ལ་བླ་མེད་སྟོན་དགོས་པས་རྩ་ལྟུང་ཆེད་དུ་སྒྲུབ་བམ། ཕམ་པར་བཤད་པ་ཁུངས་མའི་ཚིགས་གཅིག་བྱུང་བ་དེ་ཡང་ནམ་མཁའི་སྙིང་པོའི་མདོ་ཁུངས་སུ་བྱས་པས་ཕམ་པ་རྣམས་དེས་མཚོན་དགོས་པར་མཁས་པ་སྔར་རབས་པ་ལེགས་པར་སྦྱངས་པ་རྣམས་བཞེད་དོ། །དེས་ན་འདི་རྣམས་རྩ་ལྟུང་དུ་འཇོག་པ་ནི་བླ་མེད་ཀྱི་ཁྱད་ཆོས་ཡིན་ལ། སྡོམ་བཟུང་གཉིས་པོ་ཡང་མིང་ཚིག་འདྲ་བ་ཡིན་གྱི་དོན་མི་འདྲ་ཞིང༌། ཕུང་པོ་ལྔ་སངས་རྒྱས་ལྔར་དག་ཚུལ་ཡང་བླ་མེད་ལས་གཞན་ལ་མེད་པས། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །ཅེས་པ་ཡང་བླ་མེད་ཁོ་ནའི་ལུགས་སོ། །གསུམ་པ་ནི། གོང་དུ་འདོད་པ་བརྗོད་པའི་སྐྱབས་འགྲོ་ནས་སྤྱོད་པའི་བར་ལ་སྦྱར་བ་དེ་གོ་རིམ་དུ་འཇོག་ལ། གཙོ་བོར་ནི་ལྕི་ཡང་གི་གོ་རིམ་སྟེ་ཕྱི་མ་ཕྱི་མ་ཡང་བའོ། །བཞི་པ་བསྲུང་དགོས་པའི་རྒྱུ་མཚན་ནི། །རྒྱུད་གསང་བ་མཛོད་ཀྱི་ལུང་གྲུབ་ཆེན་ས་ར་ཧས་སངས་རྒྱས་ཐོད་པའི་འགྲེལ་པར་དྲངས་པ། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམ་པར་ཡང་དངོས་གྲུབ་འཐོབ། །གང་ལ་བསྒོམ་པ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་འགྱུར། །རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་
ཞོག་གི །མིའི་སྐྱེ་བའང་རྙེད་པ་དཀའ། །ཞེས་པ་དང༌། ཟླ་གསང་ཐིག་ལེ་ལས་ཀྱང༌། ལྷ་རྣམས་ཀྱིས་ནི་མཆོག་ཏུ་བདེ། །དམ་ཚིག་མེད་པའི་སློབ་མ་ལ། །ནམ་ཡང་སྟེར་བར་མི་འགྱུར་རོ། །ཞེས་དང༌། དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ནས་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱིས་ཀྱང་དམ་ཚིག་གིས། །གསོལ་ཡང་བཞེས་སུ་མི་གནང་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདས་པ་ཡི། །རྨོངས་པའི་དབང་ཉིད་དེ་འཐོབ་བོ། །ཞེས་དང༌། རྩ་བའི་རྒྱུད་འདི་ཉིད་ལས་ཀྱང༌། །དམ་ཚིག་འཇོམས་ཤིང་ངན་སྤྱོད་པ། །བྲམ་ཟེ་གསོད་པར་ཐེ་ཚོམ་མེད། །སྡིག་སྤྱོད་རྨོངས་པའི་བདག་ཉིད་ཅན། །བསླུས་གྱུར་ངན་པའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང༌། །དེ་ལ་ང་ནི་སྐྱོབ་མི་བྱེད། །གསང་བ་པ་ཡི་ནང་ན་ནི། །སྒྲུབ་པོ་དེ་ནི་ཕྱུགས་དང་འདྲ། །བླ་མ་ལ་འཁུས་དམ་ཚིག་ཉམས། །མཐོ་རིས་འཇིག་རྟེན་ལས་དེ་ལྷུང༌། །ཞེས་གསུངས་ཤིང༌། ངུ་འབོད་ནས་མནར་མེད་པའི་བར་དུ་ཚེ་བསྐལ་པའམ་བསྐལ་པ་མང་པོར་གནས་པ་དང༌། ཚེ་འདིར་ཡང་མི་འཚམ་པ་དུ་མ་འབྱུང་བས། དམ་ཚིག་བསྲུང་བ་ལ་འབད་དགོས་པ་ཡིན་ནོ། །ལྔ་པ་མི་འབྱུང་བའི་ཐབས་ནི། ལས་བྱེད་པའི་དུས་སུ་རང་ཉིད་ཇི་ལྟར་བྱེད་པ་དེ་ཉིད་དྲན་པ་དང༌། དེ་ཉིད་རུང་བ་དང༌། མི་རུང་བར་ཤེས་པ་ཡང་ཐོག་མཐའ་བར་གསུམ་དུ་ཡོད་པ་དང༌།དེར་མི་རུང་བ་ལ་འཛེམ་བག་ཆེ་བ་སྟེ། དྲན་ཤེས་
བཞིན་བག་ཡོད་རྣམས་བསྟེན་པ་དང༌། རྩ་ལྟུང་བདུན་པ་གསང་བ་བསྒྲགས་པ་དང༌། བཅུ་པའི་ཡུལ་ལ་གདུག་པ་ཅན་ལ་འདུལ་བའི་གནས་མ་ཡིན་པའི་འདུ་ཤེས་དང༌། བཞི་པ་དང་ལྔ་པ་ལ་ཕ་མར་ཤེས་པས་དྲིན་དྲན་པ་དང༌། ལྷག་མ་བཅུ་པོའི་ཡུལ་རྣམས་ལ་དག་སྣང་སྦྱོང་བ་དང༌། ཡན་ལག་གི་ལྟུང་བ་རྣམས་ལ་དེས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །དྲུག་པ་ཕྱིར་བཅོས་པ་ལ་དང་པོར་བཤགས་པ་དང༌། བར་དུ་དཀྱིལ་འཁོར་དུ་འཇུག་པ་དང༌། ཐ་མར་སྡིག་པ་སྦྱང་བའི་བྱ་བ་རྣམས་ལས། དང་པོ་ལ། བཤགས་པ་བྱེད་པར་ནི་ཐམས་ཅད་ནས་བཤད་ཀྱང༌། ཇི་ལྟར་བྱེད་པའི་ཆོ་གའི་ཚིག་གསལ་བར་ཚད་ལྡན་གྱི་གཞུང་འགྲེལ་ལས་མ་བྱུང་ཞིང༌། དེས་ན་གསང་སྔགས་དོན་ལ་སྟོན་པ་གཙོ་ཆེ་བའི་ཕྱིར། ལྟུང་བ་དེའི་རིགས་དང་མིང་བརྗོད་ནས་བཤགས་པར་འགྱུར་བའི་ཚིག་གང་ཡང་རུང་བ་ཞིག་གིས་ཆོག་པར་སྣང་ངོ༌། །འོན་ཀྱང་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ། བྱང་སེམས་ཀྱི་ལྟུང་བ་བཤགས་པའི་འདོན་པ་སྤོ་བ་མཛད་པ་འདི་ནི་ཤིན་ཏུ་ལེགས་པར་མངོན་ནོ། །དེའི་ཚིག་ནི་འདི་ཡིན་ཏེ། རྡོ་རྗེ་སློབ་དཔོན་དང་རིག་པ་འཛིན་པ་དགོངས་སུ་གསོལ། བདག་ཆེ་གེ་མོ་རྡོ་རྗེ་ཞེས་བགྱི་བ་ལ། ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་ལ་སྨོད་པ་ལྟ་བུ་བྱུང་སྟེ། དེ་དག་རྡོ་རྗེ་སློབ་དཔོན་དང་རིག་པ་འཛིན་པ་ལ་མཐོལ་ཞིང་བཤགས་ཏེ་མི་འཆབ་བོ། །འཐོལ་ཞིང་བཤགས་ནས་བདག་བདེ་བ་ལ་རེག་པར་
འགྱུར་གྱི། མ་མཐོལ་ཞིང་མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །དེ་ལྟར་ལན་གསུམ་མོ། །མཇུག་ཏུ་མཐོང་སྡོམ་དྲི་བར་བྱའོ། །དེས་ན་འདི་ལ་བཤགས་པའི་ཡུལ་ནི། སྔགས་ཀྱི་སྡོམ་ལྡན་གང་ཡང་རུང་བའོ། །བཤགས་པའི་དགོས་པ་ནི། ལྟུང་བ་མི་འཕེལ་བ་དང༌། ངོ་ཚ་ཁྲེལ་ཡོད་བསྐྱེད་པ་དང༌། བསྲུང་མཚམས་དངོས་སུ་ཤེས་པ་དང༌། ཕྱིན་ཆད་ཉེས་སྤྱོད་ཇེ་ཉུང་དུ་འགྲོ་བ་ཡིན་ནོ། །ཇི་ལྟར་བཤགས་པའི་ཚུལ་ནི། གྲོགས་སམ་ཡུལ་དེས་བསྲུང་འཁོར་བསྒོམས་ལ། དེའི་མདུན་དུ་བདག་ཉིད་གུས་པའི་ཚུལ་གྱིས་འདུག་ནས། བཤགས་པའི་ཆོ་ག་བྱ་བའོ། །བཤགས་པའི་ངོ་བོ་ནི། སྔར་བྱས་ལ་འགྱོད་སེམས་དང༌། ཕྱིན་ཆད་སྡོམ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལྟུང་བ་དེ་དམ་ཚིག་དང་ལྡན་པའི་དྲུང་དུ་ཉེས་པར་བསྒྲགས་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་དུ་འོས་པ་ཡོད་ན་དེ་ལ་དབང་བསྐུར་བ་ཞུ། གལ་ཏེ་ཡུལ་བསྐལ་བ་སོགས་ཀྱིས་བགྲཽད་པར་མ་ནུས་ན། རང་ཉིད་ཀྱིས་དཀྱིལ་འཁོར་བྲིས་ཏེ་བདག་འཇུག་བླངས་ནས་ཀྱང་རུང་ངོ༌། །གསུམ་པ་ནི། རང་ཉིད་ཐུན་མོང་གི་དབང་ཙམ་ཐོབ་པ་ཡིན་ན། རྡོ་རྗེ་སེམས་དཔའ་འམ། དཀྱིལ་འཁོར་གྱི་གཙོ་བོའམ། དམ་ཚིག་ཉམས་པ་ལ་ཁྱད་པར་དུ་བསྔགས་པའི་དམ་ཚིག་རྡོ་རྗེའི་བཟླས་པ་མ་ཡེངས་པར་སྟོང་ཕྲག་སུམ་ཅུ་རྩ་དྲུག་བཟླས་ན་བྱང་ཞིང་བུམ་པ་དང་གསང་དབང་ཐོབ་པ་ལ་ནི། སྔར་གྱི་བཟླས་པའི་སྟེང་དུ་སློབ་དཔོན་གྱི་ཚད་ལས་བླངས་ནས་བསོད་ནམས་ཀྱི་ཚོགས་བསྐྱེད་རིམ་དང༌། ཚུལ་ཁྲིམས་ཀྱི་ཚོགས་
ཐིག་ལེ་འཛག་མེད་དུ་འཆིང་བའི་རྫོགས་རིམ་བསྒོམས་པས་འདག་པར་འགྱུར་ཞིང༌། ཤེས་རབ་ཡེ་ཤེས་ཐོབ་པ་ལ་ནི། དེ་རྣམས་རྐྱང་པས་འདག་པར་མི་ནུས་པས་དབེན་པའི་གནས་སུ་བརྩོན་འགྲུས་ཀྱི་རིམ་གཉིས་འབད་པས་བསྒོམས་པས་ཡེ་ཤེས་ཁྱད་པར་ཅན་སྐྱེས་ན་དག་པར་འགྱུར་མོད་ཀྱི། འོན་ཀྱང་ཚེ་འདི་ལ་རྫོགས་པར་འདག་པ་ནི་དཀའ་བས་ཅིས་ཀྱང་འབད་པ་ཆེན་པོས་བསྲུང་དགོས་སོ། །ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་དགོངས་པའོ། །དེ་ཡང་བཤགས་པ་དང་དབང་བླངས་པས་རང་རྒྱུད་ཀྱི་སྡོམ་པ་ཡོན་ཏན་སྐྱེ་བའི་རྐྱེན་དུ་འགྱུར་བ་ལ། བཟླས་པ་སོགས་ནི་ཉེས་པ་དེ་རྣམས་ཀྱི་འབྲས་བུ་འབྱིན་ནུས་རྩ་བ་ནས་དག་པའི་དབང་དུ་བྱས་པ་ཡིན་པས། རྩ་ལྟུང་ལྕི་ཤོས་ལ་ལ་ནི་ཐུན་མོང་གི་དབང་ཐོབ་པ་ཙམ་ཞིག་ལ་བྱུང་བ་ཡིན་ཡང་ཇི་སྲིད་འཚོའི་བར་འབད་པ་ཆེན་པོས་སྦྱངས་ཀྱང༌། ཚེ་འདི་ལ་ཆ་ཤས་ཙམ་ལས་མི་བྱང་བ་ཡང་ཡོད་དོ། །བདུན་པ་ནི། བླ་མེད་ཀྱི་རྩ་བའི་རྒྱུད་རྒྱས་པ་རྣམས་ནི་ཕལ་ཆེར་ནས་གསུངས་ཡོད་པ་མངོན་ལ། ད་ལྟར་བཞུགས་པ་ནི། །གཤིན་རྗེ་གཤེད་དམར་ནག་གི་རྒྱུད་གཉིས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། དུས་འཁོར་རྣམས་ལས་བཅུ་བཞི་ཚང་བར་གསུངས། རྡོ་རྗེ་གུར་ལས་བཅུ་གསུངས། རྒྱུད་གཞན་རྣམས་ལས་དབྱེ་བསྡུ་སྣ་ཚོགས་པས་ཐོར་བུར་གསུངས་ཏེ། རྩ་རྒྱུད་འདི་ཉིད་ལས་ཀྱང༌། བརྙས་མི་བྱ་ཞིང་སྤང་མི་བྱ། །ཞེས་གསུངས་པའི་དང་པོས་ནི་རྩ་ལྟུང་དང་པོ་གསུམ་དང༌། བརྒྱད་པ་དང་བཅུ་
བཞི་པ་རྣམས་བསྡུས་ལ། ཕྱི་མས་ནི་བཞི་པ་སོགས་གསུམ་དང༌། དགུ་པ་དང་བཅུ་གཅིག་པ་སོགས་གསུམ་བསྡུས། གསང་བ་འདི་ནི་མི་བསྟན་ཞིང༌། །རབ་ཏུ་འབད་དེ་སྦ་བར་བྱ། །ཞེས་པས་བདུན་པ་རྣམས་དམ་ཚིག་གི་ཡན་ལག་ཕྱོགས་མཐུན་མང་པོ་དང་བཅས་པ་བསྡུས་པ་ཡིན་ནོ། །བཅུ་པ་ནི། གདུག་པ་ཅན་ལ་མངོན་གཅོད་བྱ་བར་གསུངས་པའི་ཤུགས་ལ་བསྟན་ནམ་སྙམ་མོ། །གཉིས་པ་ཡན་ལག་གི་དོན་ནི། རྩ་ལྟུང་དང་ཡན་ལག་གི་ལྟུང་བ་གཉིས་ལས། དང་པོ་ནི། ཁྱད་པར་སོགས་ཏེ་ཡུལ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ཡང་ཇི་སྐད་དུ། དམ་ཚིག་བཟླས་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །སློབ་དཔོན་དྲུག་ཏུ་རབ་ཏུ་བརྗོད། །ཞེས་པའི་དམ་ཚིག་སྦྱིན་པ་ནི། སྔགས་ཀྱི་བསླབ་བྱ་སྟོན་པའོ། །བཟླས་པ་སྦྱིན་པ་ནི། བཟླས་ལུང་ཕོག་པའོ། །འཆད་བྱེད་ནི་རྒྱུད་བཤད་པའོ། །མན་ངག་སྟོན་པ་ནི་ཉམས་ལེན་གྱི་མན་ངག་ཆ་ཚང་བ་བཤད་པའོ། །དབང་བསྐུར་བ་ནི་གོ་བར་ཟད་དོ། །ལས་བྱེད་པ་ནི། གལ་ཏེ་སློབ་དཔོན་རྒན་པོ་དང་ནད་ལ་སོགས་པའི་སྐྱོན་གྱིས་ཆོ་གའི་ངོ་བོ་ཙམ་ལས་བྱེད་མ་ནུས་ན། བརྡ་སྤྲོད་དང་དབང་རྫས་སྦྱིན་པ་སོགས་སློབ་དཔོན་དུ་འོས་པ་གཞན་ཞིག་གིས་བྱས་ན། དེ་ནི་ལས་བྱེད་པའི་སློབ་དཔོན་ཞེས་བྱ་བའོ། །དེ་རྣམས་ལས་གཙོ་བོར་བཟུང་བྱ་ནི་དབང་བསྐུར་རྒྱུད་བཤད་མན་ངག་ཐོབ་པ་གསུམ་སྟེ། རྩ་ལྟུང་དང་པོ་ཡོངས་སུ་རྫོགས་པའི་ཡུལ་ཡང་འདི་གསུམ་ཡིན་པར་མངོན་པས་གཞན་རྣམས་ལ་ནི་རྩ་ལྟུང་
གི་ན་སྨད་ཙམ་འབྱུང་ངོ༌། །གསུམ་པོ་དེ་དག་གང་ཞིག་གཙོ་བོ་ཡིན་ཞེ་ན་བླ་མ་གོང་མ་འགའ་ཞིག་ནི། སྤྱིར་གསུམ་ལྡན་གཙོ་བོ། གཉིས་ལྡན་འབྲིང༌། རེ་རེ་རྐྱང་པ་ནི་ཆུང་ངུ་སྟེ། དེའི་ནང་ནས་དབང་བསྐུར་བ་གཙོ་ཆེ་གསུང༌། འོན་ཀྱང་འདི་ལ་ནི་ངེས་པ་མེད་ཏེ། གང་ལ་བརྟེན་ནས་དེ་ཁོ་ན་ཉིད་མངོན་དུ་མཚོན་པ་དེ་ཉིད་གཙོ་བོ་ཡིན་ལ། ཐུན་མོང་གི་དབང་ཙམ་ཞིག་ཐོབ་པ་དང༌། མཆོག་གི་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པ་གཉིས་ཀྱང་ཕྱི་མ་གཙོ་བོ་ཡིན་ནོ། །འོ་ན། ཚིགས་བཅད་གཅིག་ཙམ་འཛིན་པ་ལའང༌། གལ་ཏེ་བླ་མར་མི་འཛིན་ན། ཁྱིའི་སྐྱེ་བ་བརྒྱར་སྐྱེས་ཏེ། །དམེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པས་ཚིག་བཅད་གཅིག་ཐོས་པའི་ཡུལ་ཚུན་ཆད་ཀྱང༌། སྐབས་འདིའི་རྡོ་རྗེ་སློབ་དཔོན་མ་ཡིན་ནམ་ཞེ་ན། ལུང་དེས་ཀྱང་མ་ཡིན་པར་གསལ་ཏེ། རྩ་ལྟུང་དང་པོ་འདི་ནི་མཚམས་མེད་ལས་ཀྱང་ཤིན་ཏུ་ལྕི་བ་ཡིན་པར་རྒྱུད་ཐམས་ཅད་ནས་ཡང་ཡང་གསུངས་པ་ལ། དེ་ལ་ནི་ཁྱིའི་སྐྱེ་བ་བརྒྱ་ནས། གདོལ་པར་སྐྱེ་བར་བཤད་པས་ལས་དམྱལ་བར་སྐྱེ་བར་མ་བཤད་པའི་ཕྱིར་རོ། །དེ་ལ་བརྙས་པ་ནི། ལུས་ངག་ཡིད་གསུམ་གྱིས་བརྙས་པ་སྟེ། ཡིད་ཀྱིས་བླ་མ་དེའི་སྐྱོན་རྟོག་ཅིང༌། རྒྱུ་མཚན་འདི་དང་འདིས་འདི་ནི་དམ་པ་མ་ཡིན་ནོ་སྙམ་པ་ལ་སོགས་པ་ནི་ཡིད་ཀྱི་བརྙས་པ་སྟེ། ལུང་ངག་གི་རྣམ་འགྱུར་དུ་མ་ཐོན་ན། ནམ་ལངས་ནས་ཉི་ཕྱེད་བར་ཙམ་གྱི་ཐུན་གཉིས་ལས་མ་འདས་ཁོངས་སུ་མཐར་ཐུག་མི་རྫོགས་ཤིང༌། དེ་ཡི་བར་དུ་རྒྱུན་མ་ལོག་ན་འདས་མ་ཐག་ཏུ་མཐར་ཐུག་གྲུབ་པས་རྩ་ལྟུང་
ཡོངས་སུ་རྫོགས་པ་ཡིན་ནོ། །ལུས་ངག་ཏུ་མ་ཐོན་པའི་ཡིད་ཀྱི་ཉེས་སྤྱོད་ལ་རྩ་ལྟུང་ཏུ་འཇོག་པ་ཀུན་ལ་སྤྱིར་བཏང་དུ་དུས་མཚམས་འདི་སྦྱོར་བ་ཉེ་བ་འཁོར་གྱིས་ཞུས་པའི་མདོར། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་ན། ཉིན་མོ་གུང་ལ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ་ཞེས་སོགས་ཀྱི་དགོངས་དོན་དུ་གོང་མ་རྣམས་བཞེད་པ་ལྟར་ཏེ། རྡོ་རྗེ་རྩེ་མོ་ལས། སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉི་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང༌། །པདྨ་བྱེད་པའི་རྣལ་འབྱོར་གང༌། །རྣམ་པ་བཞི་པོ་དེ་ལ་སྦྱོར། །ཞེས་རིགས་ལྔའི་དམ་ཚིག་རྣམས་ཉིན་མཚན་དུས་དྲུག་ཏུ་དྲན་དགོས་པའི་རྒྱུ་མཚན་གྱི་གཙོ་བོ་ཡང་དེ་ཉིད་དོ། །རྒྱུན་མ་ལོག་པ་ནི་གཉེན་པོ་མ་སྐྱེས་པའོ། །ངག་གིས་སྐུར་བ་འདེབས་པ་དང༌། མི་སྙན་པར་བརྗོད་པ་ནི་མི་གཞན་ཤེས་པ་རང་བཞིན་དུ་གནས་པ། སྨྲ་ཤེས་ཤིང་དོན་གོ་བ་ཞིག་གིས་ཐོས་པ་ཙམ་གྱིས་རྩ་ལྟུང་རྫོགས་ཤིང༌། ལུས་ཀྱི་མ་གུས་པའི་ཀུན་ཏུ་སྤྱོད་པ་ངན་པ་ཡང་སྔ་མ་ལྟ་བུའི་མིས་མཐོང་ཞིང༌། དེས་ཀྱང་མ་དད་པའི་སྤྱོད་པར་གོ་ན་མཐར་ཐུག་རྫོགས་པ་ཡིན་ནོ། །འདི་གཉིས་ཕ་རོལ་པོས་མ་གོ་བ་ཉིད་ལ་ཡུན་རིང་དུ་འདས་ན་ལྟུང་བ་རྫོགས་པར་མི་འགྱུར་རམ་ཞེ་ན། གང་ལ་ལུས་ངག་གི་སྤྱོད་པ་ཡོད་པ་དེར་ཡིད་ཀྱང་ཡོད་པས། གཞན་གྱིས་མ་གོ་བ་ལ་ཐུན་ཚོད་གཉིས་འདས་ན། ཡིད་ལ་ལྟོས་པའི་
རྩ་ལྟུང་འབྱུང་བ་ཡིན་ནོ། །ཕྱི་མ་གཉིས་པོ་དེ་ལ་ཡང་སློབ་དཔོན་གྱིས་དགོངས་པ་ནི་མཐའ་གཅིག་ཏུ་མི་དགོས་ལ། དགོས་ན་ལྕི་བའི་ཡན་ལག་ཏུ་ནི་འགྱུར་རོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོར་ཐུགས་དཀྲུགས་པར་བཤད་པ་ཡང་དེ་དང་འདྲའོ། །ཡོན་བདག་གིས་ཉེས་པ་མེད་པར་བླ་མ་མི་མཉེས་ན་ཅི་ལྟ་བུ་ཞེ་ན། དེ་ཙམ་ལ་རྩ་ལྟུང་ནི་མེད་ལ། འོན་ཀྱང་བླ་མ་མ་དགྱེས་པས་དངོས་གྲུབ་རིང་དུ་འགྱངས་པ་སོགས་བཤད་པས་མི་ཆུང་བའི་ཉེས་པ་ནི་ཡོད་དོ། །དེས་ན་བཀའ་སྒྲུབ་མི་ཐུབ་པ་ན་ནི་མི་མཉེས་པ་མི་འབྱུང་བའི་ཐབས་མང་པོ་ལ་ངེས་པར་འབད་དགོས་སོ། །འདི་རྩ་ལྟུང་གསུམ་པ་ལ་ཡང་རིགས་མཐུན་འགྲེ་བ་ཡིན་ནོ། །ཕྱོགས་མཐུན་ནི་བརྒྱུད་པའི་བླ་མ་ལ་སྐུར་བ་འདེབས་པ་དང་བརྙས་པ་བྱེད་ན་ཡང་ན་སྨད་ཅིག་འབྱུང་སྟེ། སྤྱོད་པ་སྤྱོད་པས་ཀྱང་བླ་མའི་ཕ་མས་ཕྱག་འཚལ་ལོ། །ཞེས་རྡོ་རྗེ་གུར་དུ་གསུངས་པས། བརྒྱུད་པའི་བླ་མའང་རྩ་བའི་བླ་མ་དང་ཡུལ་གཉན་པར་ཕྱོགས་མཚུངས་པས་སོ། །འདི་ནི་ཕྱི་རབས་ཀྱི་མཁས་འདོད་ཅན་ཤེས་རབ་དང་མཐོང་རྒྱ་ཆེ་རུ་རེ་བ་རྣམས་ལ་ཆར་བཞིན་འབབ་ཀྱི་སྣང་ངོ༌། །གཉིས་པ་བདེ་གཤེགས་བཀའ་འདས་ནི། །བླ་མ་གོང་མ་རྣམས་སོ་སོ་ཐར་པ་ལ་ལྟོས་པའི་རྩ་བ་བཞི། བྱང་སྡོམ་ལ་ལྟོས་པའི་ཕམ་པ་བཞི་སྟེ། ངོ་བོ་ནི་བརྒྱད་པོ་དེ་རྣམས་ཡིན་ཞེས་གསུངས་པ་ལ། ཁ་ཅིག་ནི་དེ་མི་རིགས་ཏེ། སྡོམ་པ་གསུམ་གང་གི་ལུགས་ལ་ཡང་རང་རང་གི་རྩ་བའི་ལྟུང་བ་དེ་
གནང་བའི་གོ་སྐབས་གཏན་མེད་པ་ལ། སྲོག་གཅོད་པ་ལ་སོགས་པ་འདི་རྣམས། གསང་སྔགས་པ་ལ་གནང་བའི་གོ་སྐབས་མང་དུ་འདུག་པའི་ཕྱིར། ཞེས་བཀག་ནས། རང་ལུགས་རྒྱལ་བའི་བཀའ་ཁྱད་དུ་བསད་པའི་སྒོ་ནས་ཁ་ན་མ་ཐོ་བ་བྱས་པ་ལ་འཇོག་གོ །བླ་མ་གོང་མ་རྣམས་ཀྱང་ཁྱད་གསོད་ཀྱི་སེམས་དགོས་པར་བཞེད་ལ། ཁྱེད་ཀྱི་རང་ལུགས་བཞག་པ་དེ་ནི་ཕལ་ཆེར་ལེགས་མོད་ཀྱི། བརྒལ་བརྟག་དེ་ནི་ལེགས་པ་མ་ཡིན་ཏེ། རྩ་ལྟུང་དུ་སོང་བ་ཡང་ཡིན་ལ། གནང་བ་ཡང་ཡིན་པའི་གཞི་མཐུན་པ་ནི་གོང་མ་རྣམས་ཀྱང་མི་བཞེད་དེ། སྤྱིར་སྲོག་གཅོད་པ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འགྱུར་ཡང༌། གསང་སྔགས་སྤྱོད་པ་ལ་གནང་བའི་སྲོག་གཅོད་པ་དེ་ནི་རྩ་ལྟུང་མ་ཡིན་ཏེ། རྩ་ལྟུང་དུ་འགྲོ་བའི་བསམ་པའི་ཡན་ལག་གཏན་མ་ཚང་བའི་ཕྱིར་རོ། ཁྱེད་ལྟར་ན་དགེ་སློང་གསར་བུ་བག་མེད་པ་རྣམས་ཆོས་སྤྱོད་བཅུ་ལ་སྦྱོར་བའི་ཕྱིར་དུ་ཅུང་ཟད་སྤྱོས་ཤིང༌། དབྱུག་པས་རྡེག་པར་བྱེད་པ་ལ་ཡང་བྱང་ཆུབ་སེམས་དཔའི་རྩ་ལྟུང་འབྱུང་དགོས་ཏེ། ཚུལ་ཁྲིམས་ལྡན་པ་ལྟ་ཞོག ཚུལ་ཁྲྀམས་འཆལ་བའི་དགེ་སློང་ལ་ཡང་རྡེག་ན་རྩ་ལྟུང་དུ་བཤད་འདུག་ལ། རྩ་ལྟུང་དུ་བཤད་པའི་ལས་རིགས་དེ་འདྲ་ནམ་ཡང་གནང་བའི་གོ་སྐབས་མེད་པར་ཁས་བླངས་པའི་ཕྱིར་རོ། ཁྱེད་ལྟར་ན། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། དེའི་བཀའ་ལས་འགོངས་པས་གཞན་རྩ་བའི་ལྟུང་བ་གཉིས་པར་འགྱུར་ཏེ། བླ་མའི་ལྐོག་ཏུ་
གྱུར་པ་མི་དགེ་བ་བཅུ་སྤྱོད་པའོ། །ཞེས་གསུངས་པས། དུས་འཁོར་བ་རྣམས་ཀྱིས་མངོན་སྤྱོད་གཏན་བྱེད་དུ་མི་རུང་བར་འགྱུར་ཏེ། རིགས་པ་དེ་ལ་ནི་སྐྱོན་དེ་དག་འཇུག་པ་ཡིན་ནོ། །འོ་ན་ཅི་ཞེ་ན། ཀུན་སློང་སངས་རྒྱས་ཀྱི་བཅས་པ་ལ་བརྙས་སེམས་ཀྱི་ཀུན་ནས་བསླངས་ཏེ། སྡོམ་པ་འོག་མ་གཉིས་ཀྱི་ཕམ་པ་ལས་འདས་པ་དང༌། བརྙས་སེམས་འདི་ཡོད་ན་སྔགས་ཀྱི་དམ་ཚིག་གཞན་རྣམས་ལས་འདས་ཀྱང་ལྟུང་བ་འདིར་འགྱུར་ཏེ། ལྟུང་བ་འདི་དང་ལྟུང་བ་གཞན་རྣམས་ཀྱི་གཞི་མཐུན་པ་ནི་ཡོད་དོ། །སྡོམ་པ་གསུམ་གྱི་བཅས་པ་ཕྲ་མོ་རྣམས་ལ་ནི། ཁྱད་དུ་གསོད་པའི་སེམས་ཀྱིས་འདས་ཀྱང་རྩ་ལྟུང་འདིའི་ཕྱོགས་མཐུན་གྱི་ཉེས་བཅས་སུ་འགྱུར་གྱི། རྩ་ལྟུང་དངོས་སུ་མི་འགྱུར་བར་མངོན་ཏེ། རྩ་ལྟུང་འདི་དང་ངོ་བོ་གཅིག་པ། དུས་ཀྱི་འཁོར་ལོར་རྩ་ལྟུང་གཉིས་པ་བླ་མའི་བཀའ་ལས་འདས་པ་ཡང༌། མི་དགེ་བཅུས་མཚོན་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གསུངས་ཀྱི། བཅས་རྐྱང་གི་མིང་ཙམ་ཡང་མ་གསུངས་པའི་ཕྱིར་རོ། །དེས་ན་ཀུན་སློང་བཀའ་ཁྱད་གསོད་ཀྱི་སེམས་ཡོད་པའི་དབང་དུ་བྱས་པ་སྤྱིར་བཞག་ནས། བསམས་བཞིན་དུ་མ་ནོར་བར་མི་གཞན་བསད་པ་དང༌། མི་གཞན་གྱི་ནོར་མ་བྱིན་པར་བླང་བའི་སྦྱོར་བ་ལ་ཞུགས་ཏེ་ཐོབ་སེམས་སྐྱེས་པ་དང༌། བསྒྲོད་བྱའི་ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བ་སྟེ། ཁྱིམ་ཐབས་ཀྱིས་བདག་གིར་བྱས་པ་ནི་གཙོ་བོ་ཡིན་ལ། གཞན་ཡང་ཕ་མ་དང་གཉེན་དང༌། ཡུལ་དཔོན་སོགས་ཀྱིས་བསྲུངས་པ་དང༌། སྨད་འཚོང་ལ་གླ་རྔན་
མ་བྱིན་པ་སོགས་དང༌། ཉེ་དུ་མོར་གྱུར་པ་དང༌། སྐྱེས་པ་དང༌། མ་ནིང་དང༌། དུད་འགྲོ་མོ་ལ་སོགས་པའོ། །མཆོད་རྟེན་ནམ་ལྷ་ཁང་ལ་སོགས་པ་མི་རུང་བའི་གནས་སུ་བསྟེན་པ་དང༌། མོ་དབང་ལས་གཞན་རྣམས་ལམ་མི་འོས་ཤིང་རུང་བ་མ་ཡིན་པ་དང༌། སྦྲུམ་མ་དང་མྱ་ངན་ཅན་ལ་སོགས་པའི་གནས་སྐབས་མ་ཡིན་པ་དང༌། གྲངས་མཚམས་ལས་འདས་པ་ལ་འདོད་པ་ཆོག་མི་ཤེས་པ་དང་ལྔ་པོ་ཉམས་སུ་མྱོང་ཞིང་བདག་གིར་བྱེད་པ་དང༌། མི་ཆོས་བླ་མའི་བརྫུན་འདུ་ཤེས་བསྒྱུར་ནས་སྨྲས་པ་གཞན་གྱིས་དོན་གོ་བ་སྟེ། སོ་ཐར་དང༌། ཐུན་མོང་གི་རྩ་བ་བཞི་དང༌། རྙེད་བཀུར་ལ་སོགས་པ་ཚེ་འདིའི་བདེ་བའི་དོན་དུ་རང་ལ་བསྟོད་པའམ་གཞན་ལ་སྨོད་པ་ཕ་རོལ་མིས་གོ་བ་དང༌། ཆོས་དང་ལོངས་སྤྱོད་ཀྱིས་འཕངས་པ་ལ་སེར་སྣའི་དབང་གིས་ཆོས་དང་ནོར་མ་བྱིན་པས། དེས་ཀྱང་མི་སྟེར་བར་ཤེས་པ་དང༌། བཤགས་པ་བྱེད་པ་ལ་མི་ལེན་པར་ཁྲོ་བའི་སེམས་ཀྱིས་དེའི་ལུས་དང་འཁོར་དང་ལོངས་སྤྱོད་ལ་གནོད་པ་བྱས་ཟིན་པ་དང༌། འདུ་ཤེས་བསྒྱུར་ཏེ་ཆོས་ཀྱི་དོན་ལོག་པར་བཤད་པ་མི་གཞན་གྱིས་གོ་བ་རྣམས་བྱང་སྡོམ་དང་ཐུན་མོང་གི་ཕམ་པ་དང༌། འདིར་བསྟན་ལྟུང་བ་ཉེར་གཉིས་པོ་རྣམས་ལའང་ཁྱད་གསོད་ཀྱི་སེམས་ཡོད་ན་བདེ་གཤེགས་བཀའ་འདས་སུ་འགྱུར་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཙམ་ཡིན་ཀྱང་ཀུན་སློང་དེས་དུད་འགྲོ་བསད་པ་སོགས་ལ་ལྟུང་བ་ན་སྨད་འབྱུང་བ་ཡིན་གྱི་དངོས་གཞིར་མི་འགྲོ། བརྒྱད་པོ་དེ་དག་བདེ་གཤེགས་བཀའ་འདས་ཁོ་ན་ཡིན་པས། དང་པོ་བཞི་སོ་ཐར་གྱི་ཕམ་པ་
བཞི་དང་ཐུན་མོང་བ་ཞེས་པ་ཡང་ལྟུང་བ་རིགས་མཐུན་ཡིན་པ་ལ་ཐ་སྙད་བཏགས་ཤིང༌། སྔགས་སྡོམ་རྒྱུད་ལྡན་ལ་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་རྒྱུད་ལྡན་གྱིས་མ་ཁྱབ་པའི་ཕྱིར་སོ་ཐར་གྱི་ཕམ་པ་ཡིན་ཞེས་ནི་མི་བྱའོ། །དེས་མདོ་ལུགས་ཀྱི་སེམས་བསྐྱེད་ལ་ཡང་རིགས་འགྲེའོ། །འདིར་གནང་བ་ཉེས་མེད་ནི་རྩ་བ་བཞི་ལ་འོག་ནས་འབྱུང་བ་ལྟར་དང༌། བྱང་སེམས་དང་ཐུན་མོང་བ་བཞི་ལས་དང་པོ་གསུམ་ལ་ཡོད་པ་རྟོགས་སླ་ལ། བཞི་པ་ལ་དངོས་ནི་མེད་ལ་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ། ཐུན་མོང་གི་རིག་པའི་གནས་འཆད་པ་ལ་འགལ་བ་མེད་དོ། །གསུམ་པ་རྡོ་རྗེ་སྤུན་ལ་ཁྲོ་བ་ནི་རྡོ་རྗེ་སྤུན་ཞེས་བྱ་བ། སྒྲ་ཡངས་པར་འཇུག་པའི་ཚེ་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ལ་འཇོག་ཀྱང༌། འདིར་རྩ་ལྟུང་གི་ཡུལ་ནི། བླ་མ་གཅིག་པའི་སྤུན་ཡིན་ལ། དེ་ཡང་ཆོས་ཀྱི་སྤུན་ཡིན་པ་ཙམ་གྱིས་མི་ཆོག་པས་སྔགས་ལ་ཞུགས་པ་གཅིག་དགོས་སོ། །ཉེ་བའི་རྡོ་རྗེ་སྤུན་འདི་མ་ཡིན་པའི་སྔགས་པ་གཞན་ལ་སྨད་ཀྱང༌། རྩ་ལྟུང་དངོས་སུ་ནི་ཅུང་ཟད་མི་ལོངས་ཤིང༌། འོན་ཀྱང༌། གལ་ཏེ་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་ཐེག་པ་ཆེན་པོ་མདོ་ལུགས་ཀྱི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལའང་དེ་འདྲ་ན། སྔགས་ཀྱི་སྒོར་ཞུགས་པ་
རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། རྩ་བའི་རྒྱུད་འདི་ཉིད་ལས་ཀྱང༌། འདོད་པའི་དངོས་གྲུབ་སྒྲུབ་པ་ཡི། །རྣལ་འབྱོར་ཆེ་ལ་གང་ཞིག་ལྡང༌། ཁྱིའི་སྐྱེ་བ་བརྒྱར་སྐྱེས་ཏེ། །དམེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེས་ན་ཉེ་བའི་རྡོ་རྗེ་སྤུན་ལ་ཁྲོས་པའི་སེམས་ཀྱིས་སྐྱོན་བརྗོད་ན། དངོས་སམ་ལྐོག་གང་ཡིན་ཀྱང་འདྲ་ཏེ་མི་གཞན་གྱིས་ཚིག་དོན་གོ་བ་ན་རྩ་ལྟུང་འདི་གྲུབ་པ་ཡིན་ནོ། །བཞི་པ་ནི། ཡུལ་སེམས་ཅན་གང་ཡང་རུང་བ་ཞིག་ལ། བྱམས་པ་ཏེ་ཕན་སེམས་རྩ་བ་ནས་དོར་བ་ཡིན་ཏེ། དེ་ཡང་རེ་ཞིག་སེམས་ཅན་དེ་ལ་སྡུག་བསྔལ་འབྱུང་བའི་སེམས་ཙམ་གྱིས་རྩ་ལྟུང་དངོས་གཞིར་མི་ལོངས་ཤིང༌། འདི་ལ་ཕན་ཐོགས་པའི་དུས་བྱུང་ཀྱང་ནམ་ཡང་ཕན་མི་འདོགས་སྙམ་དུ་སེམས་ན་ཐུན་མཚམས་གཉིས་འདས་ན་རྩ་ལྟུང་དུ་འགྱུར་རོ། །ལྔ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་བཏང་བ་ཡིན་ཏེ། སེམས་ཅན་གྱི་དོན་ལ་སྒྱིད་ལུག་པས་སམ། གྲོགས་པོ་ངན་པས་ཐེག་དམན་གྱི་ཡོན་ཏན་བརྗོད་པའམ། འཁོར་བའི་བདེ་བ་ལ་མངོན་པར་ཞེན་པས་སངས་རྒྱས་ཐོབ་འདོད་དེ་ཉིད་བཏང་ན། འདི་ཡང་དུས་མཚམས་གོང་ལྟར་ཏེ་མཐར་ཐུག་རྫོགས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་ལས་ནི་ཀུནྡ་བྱང་ཆུབ་ཀྱི་སེམས་ཉམས་པ་ལ་རྩ་ལྟུང་ལྔ་པར་བཤད་དེ། འདི་ལ་རྩ་ལྟུང་གི་རྒྱ་འགྲེལ་དུ་གྲགས་པ་འགའ་ཞིག་དང༌། དུས་འཁོར་བ་བོད་སྔ་རབས་པ་མང་པོས་ཀུནྡ་བྱང་ཆུབ་ཀྱི་སེམས་ཆེད་དུ་ཉམས་པ་བྱས་ན། རྩ་ལྟུང་འདིར་འབྱུང་
ཞེས་ཟེར་བ་ལ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། དེ་ལྟ་ན་ཁྱིམ་པ་རྡོ་རྗེ་འཛིན་པ་བུ་སྨད་ཅན་ལས་དང་པོ་པ་ལ། རྩ་ལྟུང་འདིས་མ་གོས་པ་མི་སྲིད་པ་ཐལ་བར་འགྱུར་བ་དང༌། ཐིག་ལེ་དོར་བ་ཙམ་ནི་ཤེས་རབ་ཡེ་ཤེས་ཀྱི་བསྒྲུབ་བྱའི་དམ་ཚིག་མ་བསྒྲུབས་པ་ཡིན་ལ། རྩ་ལྟུང་བཅུ་བཞི་ནི་ཐུན་མོང་ཀྱི་དབང་ལ་ཡང་བསྲུང་དགོས་པར་གྲུབ་པས་དེ་མི་ལེགས་ཞེས་དགོངས་སོ། །དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལ་དགག་པ་ནི་མ་ཡིན་གྱི། བོད་རྣམས་ཀྱིས་རྒྱུད་ཀྱི་དགོངས་པ་ཇི་བཞིན་མ་ཐོན་པ་ལ་བཀག་གོ །འདི་ལ་དུས་འཁོར་སྨྲ་བ་ཕྱི་རབས་པ་རྣམས་ཀྱིས་ཀྱང་ལན་ལེགས་པར་མ་བཏབ་སྟེ། ཁ་ཅིག་གིས་ནི། རྒྱུད་ལ་དགག་པ་བྱས་པར་བསམ། འགའ་ཞིག་ནི། གསང་དབང་གི་སྐབས་ལྟར་ཕན་སེམས་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་རིགས་བརྒྱུད་འཇོག་པ་སོགས་ནི་རང་ཉིད་མི་འགྱུར་བའི་བདེ་བ་འཐོབ་པ་ལ་ནི་ཅུང་ཟད་གནོད་ཀྱང༌། སྤྱིར་བསམ་པ་བཟང་པོས་ཀུན་ནས་བླངས་པའི་ཕྱིར་རྩ་ལྟུང་དུ་མི་འགྱུར་ཞེས་པ་དང༌། གཞན་དག་ནི་རྗེ་བཙུན་དབང་པོ་གཉིས་སྐྱེས་ཀྱི་བདེ་བ་དེ་ཁོ་ན་ཉིད་དུ་བཞེད་པས་ཁྱིམ་པའི་ཕྱོགས་བཟུང་བ་སྟེ། གྲུབ་མཐའི་སྐྱོན་ཡིན་ཞེས་པ་དང༌། ཁ་ཅིག་འགྲེལ་ཆེན་གྱི་ཚིག་ལ་འཁྲུལ་ནས་བྱང་ཆུབ་ཀྱི་སེམས་ཕྱི་རོལ་དུ་ལྟུང་བའི་བདེ་བ་ཡེ་ཤེས་སུ་འདོད་པས་ཐིག་ལེ་ཉམས་པར་བྱས་ན་ལྟུང་བ་འདིའོ་ཞེས་སྨྲ་བར་སྣང་ངོ༌། །དེས་ན་རང་ལུགས་ནི་འཛག་མེད་ཀྱི་ལམ་ལ་མ་གུས་པའི་དབང་གིས་ཐིག་ལེ་ཉམས་པར་བྱེད་ན། དུས་ཀྱི་འཁོར་
ལོའི་ལུགས་ལ་རྩ་བའི་ལྟུང་བ་འདིར་འགྱུར་ཞིང༌། ལན་ཡང་དེ་ལྟར་གདབ་རྒྱུ་ལ། གསང་དབང་དང༌། དམ་རྫས་དང༌། བཅུད་ལེན་དང༌། རིགས་ཀྱི་དོན་དུ་བསམ་པ་མཆོག་གིས་ཟིན་པ་ལ་ཉེས་པ་མེད་ཅེས་པ་ཙམ་གྱིས་ཀྱང་ཁྱིམ་པ་རྡོ་རྗེ་འཛིན་པ་བཀག་ཅེས་བྱ་བའི་ལན་ཐེབས་པར་མི་འགྲོ་སྟེ། དེ་ལྟ་བུའི་རྣམ་གཞག་དེ་ཡང་རྣལ་འབྱོར་ལ་ཅུང་ཟད་གོམས་པའི་གནས་སྐབས་ཀྱི་རྣམ་གཞག་ཡིན་པས་སོ། །གཞན་ཡང་དབང་པོ་གཉིས་སྐྱེས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་ཞེས་གསུངས་པའི་ཚིག་དང་ཤིན་ཏུ་མི་མཐུན་པར་གྱུར་ཏེ། སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་བཟང་པོས་ཟིན་པའི་ཕྱིར་ཁྱེད་ཀྱི་ལུགས་ལ་ཉེས་མེད་དུ་འགྱུར་དགོས་སོ། །རྗེ་བཙུན་དབང་པོ་གཉིས་སྐྱེས་ཀྱི་བདེ་བ་ཐར་པའི་ལམ་དུ་བཞེད་སོགས་ནི། རྩོད་པའི་ལན་ནི་ཅི་ཡང་མ་བསྟན་ཞིང་བསྐུར་བ་བཏབ་པའོ། །སྤྱིར་དེ་ཁོ་ན་ཉིད་ཀྱི་རྒྱུར་འགྲོ་བ་ནི་ངེས་པར་འདོད་ལ། དོན་དམ་པའི་དེ་ཁོ་ན་ཉིད་ཡིན་པར་ནི་ནམ་ཡང་མི་བཞེད་དེ། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་གསུངས་པ་ངེས་དོན་དུ་བཞེད་ཅིང༌། གཞན་ཡང་དེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་བརྟགས་པས་ཤེས་སོ། །ཕྱི་མས་ཀྱང་རྒྱུད་འགྲེལ་གྱི་དགོངས་པ་ལེགས་པར་མ་བཤད་དེ། དབང་པོ་གཉིས་སྐྱེས་ཀྱི་བདེ་བ་ལས་སངས་རྒྱས་འདོད་པ་རྣམས་ལ་ལྟུང་བ་འདི་འབྱུང་བ་མང་ཞེས་བྱ་བ་ཡིན་ཏེ། འགྲེལ་ཆེན་ལས། འདིར་བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ། དེ་ཉམས་པ་ལས་འཕོ་བ་མེད་པའི་བདེ་བར་མི་
འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་མེད་པར་དབང་པོ་གཉིས་སྐྱེས་ཀྱི་བདེ་བས་སངས་རྒྱས་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ་ཞེས་གསུངས་པས། དེ་ཁོ་ན་ཉིད་མེད་པར་དབང་པོ་གཉིས་སྐྱེས་ཀྱི་བདེ་བས་སངས་རྒྱས་འདོད་པ་རྣམས་ལ་ལྟུང་བ་འདི་འབྱུང་བ་མང་ཞེས་གསུངས་པ་ཡིན་གྱི། དེ་དེའི་ཡན་ལག་ཏུ་མི་དགོས་ཏེ། དེ་ཁོ་ན་ཉིད་མེད་པའི་དབང་པོ་གཉིས་སྐྱེས་ཀྱི་བདེ་བ་ཡིན་ན། ཐིག་ལེ་ལྷུང་དགོས་པས་མ་ཁྱབ་པའི་ཕྱིར། དེ་དེའི་ཀུན་སློང་གི་ཡན་ལག་ཏུ་བརྩི་བ་ལ་འབྲེལ་མི་སྣང་ཞིང༌། རྣམ་པ་གཅིག་ཏུ་ན་མངོན་པའི་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་ལས་ཕལ་ཆེར་མཐུ་ཆུང་བར་སྣང་བ་ལ། ཁྱེད་ཀྱི་ལུགས་ལ་ནི་དེ་གོ་ལོག་སྟེ། ལམ་ཡིན་པར་མངོན་པའི་ང་རྒྱལ་མེད་པར་ཐིག་ལེ་ཉམས་པ་ལ་རྩ་ལྟུང་དུ་མི་འགྲོ་ཞིང༌། ལམ་དུ་བཟུང་བ་རྣམས་ལ་རྩ་ལྟུང་དུ་སོང་འདུག་པའི་ཕྱིར། སྔ་མ་རྣམས་ཀྱིས་ཀྱང་དབང་པོ་གཉིས་སྐྱེས་ཀྱི་བདེ་བ་དེ་ཁོ་ན་ཉིད་དུ་འདོད་པའི་དབང་པོ་གཉིས་སྐྱེས་དེ་ཐིག་ལེའི་ལྟུང་བ་ལ་ངོས་བཟུང་སྣང་བ་ཧ་ཅང་རིག་པ་རྩིངས་ཏེ། དབང་པོ་གཉིས་སྐྱེས་ཀྱི་བདེ་བ་ནི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཐམས་ཅད་ཡིན་ལ། དེ་ལ་ཐིག་ལེ་ལྟུང་བས་ཁྱབ་པར་འདོད་ན་འཁྲུལ་ཚབས་ཆེ་ལ། འཁྲུལ་པ་རགས་པ་འདི་ལྟ་བུ་སྨྲ་བའི་མཁས་པ་ནི་ངོ་མཚར་ཆེ། དེས་ན་དེ་ཁོ་ན་ཉིད་མེད་པར་དབང་པོ་གཉིས་སྐྱེས་ཀྱི་བདེ་བས་སངས་རྒྱས་ཐོབ་འདོད་པ་ཞེས་པའི་ཚིག་གི་ཟུར་གྱིས་ཐིག་ལེ་
འཛག་མེད་དུ་འཆིང་བ་ལ། མ་གུས་པ་དོན་གྱིས་འཕངས་པ་ཡིན་ནོ། །ཚིག་གི་དངོས་བསྟན་ལ་ཞེན་ནས་ཅལ་ཅོལ་མི་འཚལ་ལོ། །འདིར་འཇུག་སེམས་བཏང་བའང་འདིར་འགྱུར་ཞེས་པ་ཧ་ཅང་རྒྱ་ཆེས་ཤིང༌། དོན་དམ་བྱང་སེམས་ཡིན་ཟེར་བའང་ད་ལྟ་མོས་པས་བསྒོམས་པའི་དབང་དུ་བྱས་ནས་དགུ་པ་བཅུ་གཅིག་པ་གཉིས་དང་ཟློས་ཤིང༌། དངོས་སུ་བསྐྱེད་དགོས་ཀྱི་དབང་དུ་ཡིན་ན་སྔགས་པ་སོ་སོ་སྐྱེ་བོ་ལ་འདིས་མ་གོས་པ་མི་སྲིད་པར་འགྱུར་རོ། །དྲུག་པ་ནི། རང་གཞན་གྱི་གྲུབ་པའི་མཐའ་ཞེས་པ་ལ། ཁ་ཅིག་ཕྱི་ནང་གཉིས་སུ་འདོད་ཀྱང༌། དུས་ཀྱི་འཁོར་ལོའི་འགྲེལ་པ་སོགས་ཚད་ལྡན་མང་པོ་ཞིག་ནས་མདོ་སྔགས་གཉིས་ལ་གསུངས་པས། རང་སྡེ་གསང་སྔགས་དང༌། གཞན་སྡེ་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ་སྡང་སེམས་ཀྱིས་སྨོད་ན་ཚིག་དེ་གཞན་གྱིས་གོ་བའི་ཚེ་འདིས་རྩ་ལྟུང་དུ་འགྱུར་བ་ཡིན་ནོ། །མུ་སྟེགས་ལ་སོགས་པ་རྣམས་ལའང་སྡང་སེམས་ཀྱིས་སྨད་ན་ཉེས་པ་ནི་ཆེར་འབྱུང་མོད་ཀྱི། རྩ་ལྟུང་དུ་ནི་མི་འགྱུར་རོ། །སངས་རྒྱས་པའི་གྲུབ་མཐའ་ལ་ཡང་ནོར་པ་རྣམས་སྙིང་རྗེའི་སེམས་ཀྱིས་འགོག་པ་ནི་ཉེས་མེད་ཀྱི་སྟེང་དུ་ཕན་ཡོན་ཡང་ཡོད་པ་ཡིན་མོད་ཀྱི། འདིར་ནི་སྡང་སེམས་ཀྱིས་བསྐུར་བ་འདེབས་པའོ། །བདུན་པ་ནི། ཡོངས་སུ་མ་སྨིན་པ་སྟེ་སྔགས་ཀྱི་སྡོམ་པ་ཕྱི་ནང་གཉིས་སོ་སོར་མ་ཐོབ་པ་ཡིན་ལ། དེ་ལ་གསང་བ་བསྒྲགས་པ་ནི། བུམ་དབང་གི་སྡོམ་པ་མ་ཐོབ་པ་ལ་
བསྐྱེད་རིམ་དང༌། གོང་མའི་སྡོམ་པ་མ་ཐོབ་པ་ལ་རྫོགས་པའི་རིམ་པ་སྟོན་པར་བྱེད་ན། དེ་དང་དེའི་གསང་བ་བསྒྲགས་པར་འགྱུར་བས་གང་ཟག་དེ་དད་པས་སྔགས་ལ་འཇུག་པ་ལྟ་བུའི་དགོས་པ་ཁྱད་པར་ཅན་ཡོད་ན་མ་གཏོགས། ཡུལ་དེས་དོན་གོ་བ་ན་རྩ་བའི་ལྟུང་བའོ། །ཡུལ་དེ་ཉིད་ལ་དབང་གི་ཆོ་ག་བྱ་བ་ལ་ནི་གསང་སྒྲོགས་མི་འབྱུང་བས། དགོས་པ་ཁྱད་པར་ཅན་ཡོད་པ་མ་ཡིན་པ། གང་ལ་སྨིན་བྱེད་ཀྱི་ཆོ་ག་བྱ་བ་མ་ཡིན་པར་ཡུལ་སྔགས་སྡོམ་མ་ཐོབ་པ་སྨྲ་ཞེས་དོན་གོ་བ་ལ། ཐུན་མོང་མ་ཡིན་པའི་གསང་བ་ཚིག་གཅིག་སྨྲས་ཀྱང་རྩ་བའི་ལྟུང་བར་འགྱུར་བ་ཡིན་ནོ། །འགའ་ཞིག་དེས་གོ་ཞིང་མ་དད་པ་སྐྱེས་པ་དགོས་པར་འདོད་ཀྱང༌། ཁུངས་རྣམ་དག་ཡོད་པ་དཀའ་ཞིང་དོན་ལའང་མི་འཐད་དོ། །དེས་ན་སྔགས་ཀྱི་སྤྱོད་པ་ཅན་དག་ལ་སྐྱེ་བོ་གཞན་གྱི་མངོན་དུ་འདི་དག་ནི་ཆང་འཐུང་བ་ལ་སོགས་པ་འདི་དག་འདི་ལྟ་བུ་དག་ཡིན་ནོ་ཞེས་བརྗོད་ན། །འདི་ཙམ་གྱིས་ཀྱང་གསང་བ་བསྒྲགས་པར་འགྱུར་ཏེ། ཐུན་མོང་མ་ཡིན་པའི་གསང་བ་གཞན་ལ་བཤད་པའི་ཕྱིར་རོ་ཞེས་གསུང་ངོ༌། །བརྒྱད་པ་ནི། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པ་ལྔས་རྣམ་པར་དག་པ་ཡིན་ཏེ། དེ་རྣམས་ལ་གནད་དུ་བསྣུན་པས་སངས་རྒྱས་དེ་རྣམས་ཀྱི་བྱིན་གྱིས་བརློབ་ཅིང༌། དེ་རྣམས་སངས་རྒྱས་ལྔར་བསྒོམས་པས་སངས་རྒྱས་ལྔས་བྱིན་གྱིས་བརློབ་པ་དང༌། དེ་རྣམས་དེ་བཞིན་གཤེགས་པའི་བདག་ཉིད་དུ་
མོས་དགོས་པས། འདི་ལ་གལ་ཏེ་སྨད་པའི་སེམས་བསྐྱེད་དེ་ལུས་ལ་གདུང་བ་རྩོམ་ན་བྱ་བ་དེ་ཟིན་མ་ཐག་ཏུ་རྩ་བའི་ལྟུང་བར་འགྱུར་རོ། །འོ་ན་བླ་མེད་ཀྱི་རྣལ་འབྱོར་པ་དག་གིས་བྱ་རྒྱུད་ནས་བཤད་པའི་སྙུང་གནས་དང་དཀའ་ཐུབ་དེ་དག་བྱར་མི་རུང་ངམ་ཞེ་ན། རུང་སྟེ་དེ་དག་ནི་དངོས་གྲུབ་ཀྱི་དོན་དུ་འཇིག་རྟེན་པའི་ལྷ་རྣམས་མགུ་བའི་ཕྱིར། དཀའ་ཐུབ་སྤྱོད་པ་ལས་ལུས་ལ་སྨད་པའི་སེམས་ཀྱིས་གདུང་བ་བྱེད་པ་ནི་མ་ཡིན་ནོ། །རྩ་ལྟུང་གི་འགྲེལ་པ་འགའ་ཞིག་ལས། རང་ཉིད་བསད་ན་ལྟུང་བ་ཆེན་པོ་དང་གཞན་རྣམས་ཆུང་བར་བཤད་པ་ལ། མཁས་པ་ཁ་ཅིག་གི་ཞལ་ནས་དེ་ནི་ནོར་པ་ཆེན་པོ་སྟེ། རང་ཤི་ན་ལྟུང་བ་བསྐྱེད་པའི་རྟེན་མེད་པའི་ཕྱིར་རོ། །ཞེས་པ་ནི་ཡང་དག་པ་མ་ཡིན་ཏེ། སྔགས་ཀྱི་སྡོམ་པ་ནི་ནམ་མཁའ་ཇི་སྲིད་པར་བླངས་པ་ཡིན་པས། སྡོམ་པའི་རྟེན་ལུས་འདི་ཁོ་ན་ཡིན་ཞེས་སྨྲ་བར་སོང་བས་ན། ཤི་བའི་ཚེ་སྔགས་སྡོམ་ཞིག་པར་འདོད་དགོས་ལ། དེ་ལྟ་ན་ནི། བར་དོར་མཆོག་གི་དངོས་གྲུབ་འགྲུབ་པ་ཡང་མེད་པར་འགྱུར་བ་སོགས་ནོར་པ་མང་པོ་བརྒྱུད་མར་འབྱུང་ངོ༌། །དེས་ན་དེ་ཡང་རྩ་ལྟུང་ཡིན་པར་གསལ་ལོ། །ཡང་ལུས་མི་གཙང་བར་བསྒོམ་པ་ཙམ་གྱིས་རྩ་ལྟུང་དེར་མི་འགྱུར་ཏེ། རྡོ་རྗེ་རྩེ་མོ་ལས། འཁྲིགས་པ་བདུན་དང་ལྡན་པ་དག །མི་སྡུག་སྒོམ་པས་སྤང་བར་བྱ། །ཞེས་གསུངས་པ་དང༌། སྤྱོད་བསྡུས་སྒྲོན་མེ་ལས་ཀྱང༌། རྒྱལ་སྲིད་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་གསུངས་པས་
མི་གཙང་བ་དང་སྡུག་བསྔལ་གྱི་འདུ་ཤེས་སྒོམ་དགོས་པ་མ་ཡིན་ནམ་ཞེ་ན། སྤྱིར་དེ་དག་ཀུན་རྫོབ་ཀྱི་གནས་ཚུལ་ཡིན་པས་བསྒོམ་པའང་ཡོད་མོད་ཀྱི། ཐེག་པ་དམན་པ་བཞིན་དུ་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྨོད་པར་སེམས་ན་ནི། རྩ་ལྟུང་འདིར་གཏོགས་ཀྱི་ཉེས་བྱས་སུ་ངེས་པར་འགྱུར་ཞིང་རྡོ་རྗེ་རྩེ་མོའི་ལུང་དེ་ཡང་ཁོ་བོ་ཅག་ལ་ནི་མི་འཇུག་སྟེ། རྣལ་འབྱོར་རྒྱུད་ལ་ནི་བདེ་བའི་སྡོམ་པ་མཚན་ཉིད་ཚང་བ་མེད་པའི་ཕྱིར། མདོ་ལུགས་ཀྱི་རྩ་ལྟུང་ལས་གཞན་པའི་རྩ་ལྟུང་མི་འདོད་པས་སོ། །ཡང་ཁ་ཅིག་ཟས་ཀྱིས་རྒྱགས་པས་ཉོན་མོངས་འཕེལ་ན་ཉོན་མོངས་མི་སྐྱེ་བའི་ཕྱིར་ཉུང་ངུ་ཟ་བ་ལ་ཉེས་པ་མེད་ཅེས་ཟེར་ཏེ། རང་གི་བློ་བཟོའི་བསླབ་བྱ་འདིའང་བྱར་མི་རུང་ངོ༌། །དེ་ལྟ་ན་དེ་འདྲའི་རིགས་ལ་ངལ་ཞིང་དུབ་མཐའ་འདུལ་བ་ནས་གནང་དགོས་པ་ལས་དེ་བཀག་པ་དང༌། ཟས་ཉོན་མོངས་ཀྱི་རྩ་བར་འདོད་པ་མུ་སྟེགས་པ་བླུན་པོ་འགའ་ཞིག་གི་ལུགས་ཏེ། ཉོན་མོངས་མི་འདུལ་བར་ཟས་འབྲི་བ་འདི་ནི་འདུལ་བ་ལས། དགེ་སློང་འདོད་པའི་ཀུན་རྟོག་ཅན་གཅིག་གིས་རང་གི་རྟགས་རྡོས་བརྡུངས་པ་ལ། རྒྱལ་བས་འདི་ནི་བླུན་ཏེ་གནོད་པ་ནི་གཞན་གྱིས་བྱས་ལ་བརྡུངས་ནི་གཞན་བརྡུངས་སོ། །ཞེས་གསུངས་པ་དེ་ཡང་ཁྱེད་ལ་འཇུག་པས། འདུལ་བ་དང་མི་མཐུན་ཞིང་སྔགས་དང་འགལ་བ་འདིས་ཅིར་ཡང་མི་རུང་ངོ༌། །དགུ་པ་ནི། རང་བཞིན་དག་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ལ། དེ་ལ་སོམ་ཉི་ཟ་བ་སྟེ་རྣམ་
གཞག་ཙམ་ཤེས་ནས་མ་དད་པར་བྱེད་པ་ནི་ཐུན་གཉིས་ལ་ཡོངས་སུ་འདས་ན་རྩ་ལྟུང་ངོ༌། །འོན་ཀྱང་སྟོང་ཉིད་སྟོན་པའི་གཞུང་ལ་ཐོས་བསམ་བྱེད་པའི་ཚེ། སྟོང་པ་ཉིད་ལ་དམིགས་ཏེ་གཞུང་དེའི་དོན་ནི་འདི་མིན་པ་འདྲའོ་སྙམ་པ་ལྟ་བུའི་ཐེ་ཚོམ་ཙམ་ནི་མ་བཀག་གོ །རང་གི་རིག་པའི་སེམས་དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར། དེའི་སྣང་བར་གྱུར་པའི་ཕུང་པོ་ལྔ་པོ་འདི་རྣམས་སུ་སྣང་བའི་སེམས་ཀྱི་གསལ་ཆ་ཙམ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་གྲུབ་པོ་ཡིན་པས་ཕུང་པོ་ལྔ་རིགས་ལྔར་དག་པ་ལ་སོགས་པ་དག་ཚུལ་འདི་ནི་ལྷ་སོ་སོའི་དག་པ་སྟེ་དག་པ་གཉིས་པ་ཡིན་ལ། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོའི་ངོ་བོར་ཐོག་མ་ནས་གནས་པ་ནི་རང་རིག་པའི་དག་པ་སྟེ་དག་པ་གསུམ་པའོ། །དེ་རྣམས་ལ་ཐེ་ཚོམ་ཟ་བ་སོགས་སྔ་མ་དང་འདྲའོ། །དེ་ཡང་འདི་ལ་ཆོས་རྣམས་སྟོང་པ་ཡིན་པ་ཙམ་ཅིག་གི་གོ་བར་ཤར་ནས་སླར་དེ་མིན་པར་འཛིན་པ་སྟེ། སྟོང་པ་ཉིད་མ་ཐོས་པ་ལ་ལྟུང་བར་མི་འགྱུར་བས་ཐ་སྙད་ལ་ཞེན་པའི་མཁས་རློམ་རྣམས་ལ་འདི་འོང་ཉེན་ཆེ་ཞིང༌། དག་པ་གཞན་གཉིས་ལའང་རིགས་འགྲེའོ། །བཅུ་པ་ནི། འདིར་ཡུལ་གདུག་པ་ཅན་རེ་མིར་གྱུར་པ་བླ་མ་ལ་སྨོད་པ་དང༌། དཀོན་མཆོག་གསུམ་ལ་འཚེ་བ་དང༌། སྔགས་ཀྱི་ཐེག་པ་སུན་འབྱིན་པ་རྣམས་ཡིན་ཏེ། དེ་ལ་ཕེབས་པར་སྨྲ་ཞིང་འགྲོགས་བཤེས་དང་ལུས་ངག་གིས་ཕན་འདོགས་པའི་བྱམས་པ་བྱས་ན།
ལས་ཏེ་ཟིན་པ་ཙམ་གྱིས་རྩ་ལྟུང་དུ་འགྱུར་རོ། །དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཐུབ་པའམ། སེམས་ཅན་ལ་གནོད་པ་མང་པོའི་སྒོ་ཁེགས་པ་ལ་སོགས་པ་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ་གནང་བ་ཉེས་མེད་དོ། །འོ་ན་ངན་སོང་སྦྱོང་རྒྱུད་ལས། གླེན་པས་དཀོན་མཆོག་གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་དང༌། གདོང་དྲུག་གི་རྒྱུད་ལས། གདུག་པ་རྣམས་ལ་བཟློག་སྟེ་བྱ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་བྱེད་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་མངོན་སྤྱོད་མ་བྱས་པའི་ཉེས་དམིགས་དང༌། ཇི་སྐད་དུ། དེ་སོགས་བྱཻད་པ་ཚར་བཅད་ན། འགྲུབ་འགྱུར་ཞེས་ནི་ཀུན་རིགས་གསུང༌། །ཞེས་ཕན་ཡོན་བསྟན་པས་ངེས་པར་མངོན་སྤྱོད་བྱ་དགོས་སམ། འོན་ཏེ་འཇམ་དཔལ་རྩ་རྒྱུད་ལས། མངོན་སྤྱོད་ཀྱི་ཉེས་དམིགས་མང་པོ་གསུངས་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མངོན་སྤྱོད་རབ་ཏུ་བཀག་པ་ཡིན། །ཞེས་གསུངས་པས་ངེས་པར་དགོངས་པ་གཞན་དུ་དྲངས་དགོས་ཞེ་ན། གཉིས་ཀ་ལྟར་མ་ཡིན་ཏེ། ཡུལ་དང་རྟེན་མ་ཚང་བའི་མངོན་སྤྱོད་ནི་ཐམས་ཅད་དུ་བཀག་ལ། ཡུལ་དེ་མི་མ་ཡིན་ཡང་རུང་ལ། མི་ལ་ནི་
དེ་མ་ཤི་བར་དུ་སྡིག་ལས་རྔམ་པོ་ཆེས་དུས་འདའ་བ་ཞིག་ཡིན་ལ། སྒྲུབ་པ་པོ་ནུས་པ་དང་ལྡན་ཞིང་སྟོང་པ་ཉིད་ཀྱི་ལྟ་བ་དང་སྙིང་རྗེའི་སེམས་གཡོ་བ་མེད་པར་ཡོད་ན་ངེས་པར་བསྒྲལ་བར་བྱ་སྟེ། གཞན་དུ་ན་སྙིང་རྗེ་ལྷོད་པར་འགྱུར་བ་དང༌། རྡོ་རྗེ་འཆང་གི་བཅས་པ་ལས་ཅུང་ཟད་འདས་པས་སོ། །འདི་ལ་ཉེས་བྱས་ཞིག་འབྱུང་བར་ནི་མངོན་ལ། ཡུལ་རྟེན་ཚང་ཡང་མངོན་སྤྱོད་མ་བྱས་པ་ཙམ་ལ་རྩ་ལྟུང་ནི་མི་འབྱུང་ངོ༌། །ཡང་གལ་ཏེ་དེ་ཚར་བཅད་ཀྱང་དེ་སྐྱེ་བ་གཞན་དུ་ཡང་སྡིག་པའི་འཕྲོ་ལ་འཇུག་ཅིང༌། དེ་ཤི་བའི་ཤུལ་ནའང་སྔ་མ་ཁོ་ན་ལྟར་སྡིག་སྤྱོད་ཆེན་པོ་གཞན་འོང་སྟེ། ཆོས་དང་སེམས་ཅན་ལ་འཚེ་བ་ཆེན་པོ་རྒྱུན་མི་འཆད་པར་འོང་པ་ལྟ་བུ་འདུག་ན་སྔ་མ་ཚར་བཅད་ཀྱང་དགོས་པ་ཆེན་པོ་མེད་པས་མངོན་སྤྱོད་མི་བྱ་སྟེ་སེམས་ཅན་ཀྱི་ལས་དང་བསྟན་པའི་འཕེལ་འགྲིབ་ཀྱི་དུས་སུ་ཤེས་ནས་སེམས་མནལ་དུ་བཞག་པར་བྱའོ། ཁ་ཅིག་འདི་དག་གི་ངེས་དོན་དེ་སྤྱོད་པ་ཡིན་གྱི་གསོད་པ་ཐམས་ཅད་དུ་བྱར་མི་རུང་སྟེ་སྙིང་རྗེ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་རོ། །སྤྱིར་ཚིག་གཅིག་ཁོ་ནའི་ངེས་དོན་གྱིས་དྲང་དོན་གྱི་གཞུང་ཟད་པ་མེད་པ་རྣམས་འགོག་པ་ནི་སངས་རྒྱས་བརྫུན་ཁོ་ན་གསུང་ངོ་ཞེས་པའོ། །གཞན་ཡང་འོ་ན་དུས་འཁོར་ལ་སོགས་པར་སྟོང་ཉིད་རྣམ་བཅས་ཁོ་ན་ངེས་དོན་དུ་བཤད་པས། འཁོར་ལོ་བར་བའི་དགོངས་དོན་གཙོ་ཆེ་བའི་སྟོང་ཉིད་རྣམ་མེད་སྒོམ་དུ་མི་རུང་བ་དང༌། སྙིང་རྗེ་བདེ་བ་ཡིན་པར་སྔགས་
ཀྱི་ངེས་དོན་ལས་འབྱུང་བས་སྔགས་པས་སྙིང་རྗེ་མདོ་དང་ཐུན་མོང་འདི་སྒོམ་དུ་མི་རུང་བ་དང༌། དྲང་དོན་དུ་བཤད་པའི་བསྐྱེད་རིམ་བཟླས་པ། རྩ་རླུང་སོགས་ཀྱང་སྒོམ་དུ་མི་རུང་བར་ཐལ་ལོ། །སྙིང་རྗེ་དང་ནི་མི་འགལ་ཏེ། ཀྱཻ་རྡོ་རྗེ་ལས། འབད་པས་སྙིང་རྗེ་བསྐྱེད་ནས་ནི། །བསད་པར་བྱ་བ་བརྗོད་པ་ཉིད། །ཅེས་དང༌། གཞན་ལས་ཀྱང༌། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བཅད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་སྤར། །ཞེས་གསུངས་ཏེ། དངོས་གཞིའི་སྐབས་སུ་ཀུན་རྫོབ་ཏུ་གསོད་སེམས་ཙམ་ཡོད་ཀྱང་སྦྱོར་རྗེས་གཉིས་ལ་སྙིང་རྗེས་ཟིན་པ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་བསད་པ་ལྟ་བུའོ། །ཡང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་ཞལ་སྔ་ནས། བསད་ཆོག་བྱས་པས་སེམས་ཅན་དེ་རྣམས་གྲོལ་བར་འགྱུར་ན། དེ་བཞིན་གཤེགས་པས་ཀྱང་བསད་ཆོག་ཁོ་ན་མཛད་ཅིང་སྟོན་རིགས་པར་འགྱུར་གསུང་བ་ནི་ཐུགས་བརྩེ་བ་ཆེན་པོས་གསང་སྔགས་ལོག་པར་སྤྱོད་པ་འགོག་པའི་དགོས་པ་ཡོད་པར་མཁྱེན་ཞིང་གཟིགས་ནས་གསུངས་པར་སྣང་བས་ལན་བརྒྱར་ཕྱག་བྱའོ། །འོན་ཀྱང་རིགས་པ་དེ་ནི་མི་འཇུག་སྟེ། གྲོལ་བ་ནི་ངན་སོང་ལས་གྲོལ་བ་དང༌། ཡང་ན་ཞིང་མཆོག་ཞིག་ཏུ་སྐྱེ་བའོ། །དེ་ནི་འཐད་དེ། བསད་ཅིང་སྤར་བའི་ཆོ་ག་མཚན་ཉིད་ཚང་བ་འདི་བྱས་ན། དེ་ལྟར་འགྲོ་
བར་རྒྱལ་བས་གསུངས་པའི་ཕྱིར། དཔེར་ན་ཚེ་འདས་ཀྱི་དོན་དུ་སྡིག་སྦྱོང་གི་ཆོ་ག་བྱས་པས་དེ་ལྟར་འགྲོ་བ་བཞིན་ནོ། །གཞན་ཡང་སྟོང་ཉིད་རྟོགས་པས་གྲོལ་ན་སྟོང་ཉིད་ཁོ་ན་སྟོན་དགོས་པ་སོགས་ཧ་ཅང་ཐལ་ལོ། །འདིར་སྨྲས་པ། ཐབས་ཆེན་འདི་ནི་ཡུན་རིང་ཐེག་མཆོག་ལ། །འབད་པ་རྣམས་ཀྱང་མངོན་པར་སྐྲག་བྱེད་ན། །ཐེག་དམན་བློ་ཅན་སྔགས་པར་ཁས་ལེན་པ། །དེ་དག་མཆོག་ཏུ་འཇིགས་ལ་ཅི་ཞིག་མཚར། བཅུ་གཅིག་པ་ནི། མིང་ཚིག་རྟོག་པའི་ཡུལ་ལས་འདས་པས། དེ་དང་བྲལ་བའི་ཆོས་སྟོང་པ་ཉིད་ལ་མཚན་མར་འཛིན་པ་སྟེ། རྟོག་རྩེ་བས། གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་མཐོང་མཛོད། །ཅེས་ཀྱང་གསུངས་ཏེ། ཡང་ན་མིང་སོགས་དང་བྲལ་བ་ནི་བདེ་སྟོང་གི་ཡེ་ཤེས་ལ་སོགས་པ་སྟེ། དེ་རྟོག་གེའི་ཡུལ་ལས་འདས་པས་མིང་སོགས་བྲལ་བར་ཞེས་བྱ་སྟེ། དེ་སྒྲུབ་པའི་ཐབས་བསྐྱེད་རྫོགས་ཀྱི་ཆོས་གང་ལ་འདི་ལམ་རྣམ་དག་མིན་པ་འདྲའོ་སྙམ་པའི་ལོག་པར་རྟོག་པ་ནི་འདིའི་དོན་དེ་ཐུན་མཚམས་གཉིས་འདས་ན་རྩ་ལྟུང་ངོ༌། །འདི་ལའང་ཁྱད་གཞི་དགུ་པ་དང་འདྲའོ། ཁ་ཅིག་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་ནས་རྒྱུན་དུ་བསྐྱང་དགོས་ཏེ། ཞག་གཅིག་གི་ནང་དུ་ལན་ཅིག་ཀྱང་མ་བསྐྱངས་ན་ལྟུང་བ་འདིའོ་གསུང་སྟེ། འོན་ཀྱང་བརྟག་གོ །ཛྙཱ་ན་ཤྲཱིའི་མཐའ་གཉིས་བསལ་བའི་ལུང་དྲངས་མོད། གསང་སྔགས་པས་
སྟོང་པ་ཉིད་ཀྱི་ལྟ་བ་རྟག་ཏུ་བསྐྱང་དགོས་པར་བཤད་པས་ཞག་གི་དུས་མཚམས་ཀྱང་མི་ལེགས་ཤིང་འདི་རྩ་ལྟུང་ཡིན་པའི་རྒྱུ་མཚན་གདོད་སྟོན་དགོས་སོ། །དེས་ན་གོང་མ་རྣམས་ཀྱི་བཞེད་པ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་པ་ལས། དང་པོ་རྒྱུད་འགྲེལ་ཚད་ལྡན་མང་པོའི་ཁུངས་དང་བཅས་ཤིང༌། ཕྱི་མ་ཡང་དུས་འཁོར་འགྲེལ་ཆེན་གྱི་དགོངས་པ་དང༌། ཇོ་བོ་ཆེན་པོ་རྗེས་མཛད་པར་གྲགས་པའི་དམ་ཚིག་གི་བཤད་པར་ཡང་འདི་བཞིན་དུ་བཤད་དོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ནི། སྟོང་ཉིད་ཐལ་བྱུང་དུ་རྟོག་པ། ཞེས་གསུངས་པས། ཁ་ཅིག་དོན་དམ་སྟོང་པ་ཉིད་ལ་བརྟེན་ནས། ཀུན་རྫོབ་ལ་སྐུར་པ་འདེབས་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་ལས་དང་འབྲས་བུ་ཡང་མེད་ཅེས་ལོག་པར་རྟོག་པ་བསྟན་པོ་འཛིན་ན་དུས་མཚམས་སྔ་མ་ལྟར་གྱི་རྩ་ལྟུང་ངོ༌། །ཞེས་གསུངས་པས་རྒྱུད་འདིའི་དགོངས་དོན་འགྲེལ་པ་གྲོལ་ཐིག་གི་གཞུང་དུ་ནི། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ནེ་ར་ཉྫ་ནའི་འགྲམ་དུ་ཟབ་མོ་ཐལ་བྱུང་སྒོམ་པ་སངས་རྒྱས་རྣམས་ཀྱིས་ཟློག་སྟེ་བདེ་ཆེན་བསྟན་པར་གསུངས་པས། དེ་ཡི་རྒྱུད་ལ་ལྟ་ངན་དེ་ཡོད་དོན་མེད་པས་འདིར་ཡང་སྔགས་ཀྱི་བདེ་ཆེན་ལ་མི་གུས་པས་མདོ་ལུགས་ཀྱི་སྟོང་ཉིད་ལ་མཆོག་འཛིན་ཡིན་ནམ་སེམས་སོ། །བླ་མེད་འདི་ལ་སྟོང་པ་ཉིད་ཀྱི་ལྟ་བ་ནི། དབུ་སེམས་གང་རུང་གིས་ཆོ་ག་ཞེས་མཁས་
པ་རྣམས་གསུང་པ་ནི། ལས་དང་པོ་པའི་དབང་དུ་བྱས་ན་དེ་ལྟར་འཐད་དོ། །བཅུ་གཉིས་པ་ནི། ཡུལ་སེམས་ཅན་དད་པ་དང་ལྡན་པ་སྟེ། རྡོ་རྗེའི་ཐེག་པ་དོན་དུ་གཉེར་བའོ། །ཐེག་པ་དམན་པ་དང་ཕ་རོལ་ཏུ་ཕྱིན་པ་དོན་དུ་གཉེར་བ་ལ་ནི་ལྟུང་བའི་སེལ་བར་འགྱུར་བར་མངོན་ནོ། །དེས་ན་ཡུལ་དེ་ལ་ལུས་ངག་གི་སྤྱོད་པ་འཇམ་རྩུབ་གང་ཡིན་ཡང་རུང་སྟེ། དེའི་སེམས་ཟློག་འདོད་ཀྱིས་ཀུན་ནས་བསླངས་ཏེ་དེ་དང་དེ་བྱས་པ་ནི། དེ་ཡང་སྔགས་ཀྱི་ཆོས་ལ་འཇུག་འདོད་ཀྱི་འདུན་པ་ལོག་ན་ལོག་མ་ཐག་ཏུ་རྩ་ལྟུང་རུ་འགྱུར་བ་ཡིན་ནོ། །གོང་མ་རྣམས་ཐེག་པ་གསུམ་ལ་འདུན་པ་ཟློག་པའི་དབྱེ་བས་ཆེ་ཆུང་གསུམ་དུ་བཞེད་དེ། རྩ་ལྟུང་དངོས་མིན་ཀྱང་འདིར་གཏོགས་ཀྱི་ལྟུང་བའི་དབང་དུ་བྱས་ན་འགལ་བ་མེད་དོ། །ལུས་ཀྱི་སྤྱོད་པ་གཉིས་ནི། རང་གི་སྤྱོད་ཚུལ་ངན་པ་རྣམས་བསྟན་པ་དང༌། ཡུལ་དེ་ལ་བརྡེག་འཚོག་བྱས་པ་ལ་སོགས་པའོ། །ངག་གི་གཉིས་ནི། སྔགས་པས་ལམ་གཞན་བཟང་ཞེས་པའམ་གསང་སྔགས་སྤྱོད་པའི་དུས་མ་ཡིན་ཞེས་པའམ། གསང་སྔགས་འདི་ཁེ་ཉེན་ཆེ་ཞེས་པ་ལྟ་བུ་འཇམ་པོ་དང༌། ཁྱོད་ལྟ་བུ་ལ་ཐེག་པ་དམན་པའི་ཡང་སྐལ་བ་མེད་ན་སྔགས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོགས་གཤེ་བའི་ཚིག་བརླང་པོ་ནི་རྩུབ་མོ་སྟེ་གཉིས་སོ། །ཡང་རྡོ་རྗེ་ཐེག་པ་མ་ཡིན་པ་རྡོ་རྗེ་ཐེག་པ་ལྟར་བཅོས་པའམ། བསྐྱེད་རིམ་འདོད་པ་ལ་
རྫོགས་རིམ་སྟོན་པ་ལ་སོགས་པས་ཡུལ་དེ་བསླུས་ན། དེ་ཡང་ཆོས་དང་གང་ཟག་ལ་མ་དད་པ་སྐྱེས་ཏེ་འདུན་པ་ལོགས་པའི་ཚེ་རྩ་ལྟུང་འདིར་འགྱུར་ཏེ། གང་ཟག་དེ་ལམ་དེའི་སྣོད་མ་ཡིན་པའམ། དགེ་འདུན་གྱི་ནང་དུ་འཐབ་བཀྲོལ་བྱེད་པ་ལྟ་བུའི་དགག་བྱ་ཡོད་པ་ལ་བསམ་ན་ཉེས་པ་མེད་པར་མཁས་པ་རྣམས་བཞེད་དོ། །དུས་འཁོར་ལས་ནི་དག་པའི་སེམས་ཅན་ཏེ་རྣལ་འབྱོར་ཅན་ལ་སྐྱོན་བརྗོད་པ་ལ་བཤད་ཅིང༌། དོན་དམ་བསྙེན་པ་དག་པའི་སེམས་ཅན་སུན་འབྱིན་པ་ནི་ཉི་མ་སྟེ། ཞེས་གསུངས་ལ། དེ་ཡང་རྣལ་འབྱོར་ཅན་དུ་ཤེས་ཀྱང་མུ་སྟེགས་དང༌། ཉན་ཐོས་དང༌། སྤྱོད་པ་ལ་ཞུགས་པ་དང༌། འཆོལ་བའི་ཚུལ་འཛིན་པ་ལ་སྨད་པའོ། །བཅུ་གསུམ་པ་ནི། ཁ་ཅིག་གོང་འོག་གི་ལྟུང་བ་ཐམས་ཅད་ཡིན་པར་འདོད་པ་ནི་མི་འཐད་པར་རྟོགས་སླ་ལ། རྡོ་རྗེ་དྲིལ་བུ་ལ་སོགས་པ་སྟོབ་པ་མ་བླངས་པ་འདིར་འཆད་པ་རྣམས་ནི་བསྒྲུབ་བྱའི་དམ་ཚིག་མ་བསྒྲུབས་པ་དང༌། སྤང་བྱའི་དམ་ཚིག་མ་སྤངས་པ་གཉིས་ཀྱི་རྣམ་དབྱེ་ལ་མི་མཁས་པར་སོང་ཞིང༌། དུས་འཁོར་འགྲཻལ་ཆེན་ལས། རྩ་ལྟུང་འདིའི་ཁྱད་གཞི་ཚོགས་འཁོར་གྱི་དུས་སུ་སྦྱར་བས་རྣལ་འབྱོར་རྒྱུད་དང་ཐུན་མོང་གི་ཅལ་ཅོལ་མི་འཚལ་ལོ། །འོ་ན་ཅི་ཞེ་ན། སྙིང་པོ་རྒྱན་ལས། འདོད་པའི་བསྟན་བཅོས་ལས་བྱུང་ལྟར། གཉིས་ཀའི་ལོངས་སྤྱོད་ལ་རབ་གནས། ཕན་ཚུན་དམ་ཚིག་གཏམ་
སྨྲ་ཞིང༌། དགའ་བའི་སེམས་ཀྱིས་འོངས་པ་དང༌། དོར་ན་རྩ་བ་ཉམས་པར་འགྱུར། ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དམ་ཚིག་དང་ལྡན་རྩེད་མི་བྱེད། ཅེས་གསུངས་པས། དེ་གཉིས་ཀྱི་དོན་ནི་ཚོགས་ཀྱི་འཁོར་ལོར་རིག་མས་འདོད་པ་སྟབ་པ་མ་བླང་བར་བཤད་ལ། གཞན་འགའ་ཞིག་ཏུ་བཟའ་བའི་དམ་ཚིག་ལ་ཡང་བཤད་པས། ནཱ་རོ་པའི་སློབ་མ་རྒྱ་གར་དཱ་རི་ཀ་པས་ཚོགས་འཁོར་དང་དཔའ་བོའི་བཟའ་བའི་དུས་ལྟ་བུའི་དམ་ཚིག་གིས་དུས་ལ་བབ་པ་དང༌། གཞན་གྱི་ངོ་བསྲུངས་མ་ཡིན་པ་དང༌། གཞན་འདུལ་བའི་དོན་མ་ཡིན་པར་དུས་ལ་བབ་པའི་བཟའ་བཏུང་དང༌། འཁྲིག་པའི་བྱ་བ་དང་དུ་མི་ལེན་ན་རྩ་ལྟུང་ཞེས་བཤད་པས་ཚོགས་འཁོར་གྱི་ནང་དུ་ལོངས་སྤྱོད་ཀྱི་དམ་ཚིག་སྤོང་བ་སྟེ། ཚོགས་འཁོར་གྱི་དུས་སུ་བཟའ་བའི་དམ་ཚིག་དང༌། རིག་མའི་འདོད་ཡོན་ལ་སྟབ་པ་ན་མི་གཙང་བ་དང་སྨད་པའི་སེམས་ཀྱིས་སྤངས་ན་ངེས་པར་སྤངས་ཟིན་པ་ཙམ་གྱིས་རྩ་ལྟུང་ངོ༌། །བཟའ་བ་མི་འཕྲོད་པ་དང༌། རྣལ་འབྱོར་གྱི་ནུས་པ་མེད་པས་སེམས་ཀྱིས་གུས་པར་བྱས་ཏེ་མི་བསྟེན་པ་ལ་ནི་ཉེས་པ་མེད་དོ། །རྩ་ལྟུང་དུ་འགྱུར་བའི་ལོངས་སྤྱོད་ཀྱི་དམ་ཚིག་དངོས་ནི་ཤ་ལྔ་བདུད་རྩི་ལྔ་མྱོས་བྱེད་རིག་མ་སྟེ་བཞིའོ། །བཟའ་བཏུང་གཞན་རྣམས་དང་གླུ་གར་ལ་སོགས་པ་ཡང་ལོངས་སྤྱོད་ཀྱི་དམ་ཚིག་གི་ཡན་ལག་ཡིན་པས་དེ་རྣམས་སྤངས་པ་ལ་ཡང་སྐབས་འདིར་གཏོགས་ཀྱི་ཉེས་པ་རེ་འབྱུང་བར་མངོན་ནོ། ཁ་ཅིག་དུས་འཁོར་ལ་སོགས་པའི་དགོངས་པ་ཅན་གྱི་ཚིག་འགའ་ཞིག་ལ་འཁྲུལ་
གཞི་སྐྱེས་ཏེ། ཚོགས་ཀྱི་འཁོར་ལོར་བསད་ཤ་བཟར་མི་རུང་ཞེས་པ་དང༌། ཁྱིམ་པའི་ཚོགས་འཁོར་དང་རབ་ཏུ་བྱུང་བའི་ཚོགས་འཁོར་གྱི་ཐ་སྙད་བྱས་ཏེ། ཕྱི་མ་ནི་གཏོར་མ་ལ་ཤ་ཆང་འབུལ་ཞིང༌། རྣལ་འབྱོར་པ་རྣམས་ཀྱིས་ལོངས་སྤྱད་པར་བྱ་བ་ནི་ཤིང་ཏོག་དང༌། བུ་རམ་དང༌། ཞུན་མར་སོགས་བཟའ་ཞིང་ཤ་ཆང་གི་དམ་ཚིག་ཅུང་ཟད་སྟོབ་པ་ཡིན་ཟེར། ཡང་ཤ་ལྔ་ནི་བསད་ཤ་ཉུང་ཞིང༌། བརྟག་གཉིས་ལས། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་པ་འདི་རྣམས་བཟའ་བ་ཡིན་ཞེས་ཀྱང་སྨྲ་བ། རྒྱལ་མཚན་དང་མཚོན་བསྣུན་གྱི་ཤ་ནི། གསལ་ཤིང་ལ་བསྐྱོན་པ་དང༌། གཡུལ་དུ་བསད་པའི་ཤ་ཡིན་པས་བསད་ཤ་བཟར་མི་རུང་བ་དང་འགལ་ཞིང༌། རབ་བྱུང་གི་ཚོགས་འཁོར་ལ་དེ་རྣམས་བཟར་མི་རུང་ཞེས་བྱ་བ་ནི། དགེ་སློང་གི་སྡོམ་པ་ལ་བལྟོས་ནས་ཡིན་ནམ། སེམས་བསྐྱེད་ཀྱི་སྡོམ་པ་ལ་བལྟོས་ནས་སྨྲ་བ་ཡིན། དང་པོ་ལྟར་ན་ནི་མི་རུང་སྟེ། འདུལ་བ་ལས་བསད་ཤ་བཟའ་བ་མ་བཀག་པའི་ཕྱིར། ཕྱི་དྲོའི་ཟས་བཀག་ཅིང་ཚོགས་ཀྱི་འཁོར་ལོ་གཙོ་བོར་མཚན་མོ་བྱེད་པས་སོ་སྙམ་ན། ཤིང་ཏོག་ལ་སོགས་པ་ཕྱི་དྲོ་ཟ་བ་འདུལ་བ་ལས་ནི་བཀག་གོ །འོན་ཏེ་ཐེག་པ་ཆེན་པོའི་སྡེ་སྣོད་ལས། ཤ་ཟ་བ་བཀག་པས་སེམས་བསྐྱེད་ཀྱི་བསླབ་བྱ་དང་འགལ་བ་ཡིན་སྙམ་ན། དེ་ནི་སྔགས་ཀྱི་སྤྱོད་པ་སྤྱོད་པའི་ཁྱིམ་པ་དང་རབ་བྱུང་གཉིས་ཀ་ལ་ཁྱབ་པས། ཁྱེད་ཀྱི་དབྱེ་བ་འདི་ངོ་མཚར་ཆེ།
དེ་སོགས་མང་དུ་བརྟག་པར་བྱར་ཡོད་མོད་ཀྱི་མི་སྤྲོ་ལ། རང་གི་སྤྱོད་པ་ལ་སྔགས་པས་རྙེད་བཀུར་དང༌། སྙན་གྲགས་སྒྲུབ་པར་སེམས་ན་ནི་རང་ཉིད་སྤྱོད་པ་བཟང་པོ་མངོན་ལྐོག་མེད་པར་སྐྱོང་ཞིང༌། སྐྱེ་བོའི་མདུན་དུ་བདག་ཉིད་སྒྲོག་པར་བྱ་བའི་གྲུབ་མཐའ་ངན་པ་མ་རྩོམ་ཞིག །སྔགས་ཀྱི་སྤྱོད་པ་མཐའ་དག་སྤྱད་དུ་མེད་པའི་ཕྱིར། དགེ་སློང་རྡོ་རྗེ་འཛིན་པ་སྔགས་ཀྱི་གདུལ་བྱའི་གཙོ་བོ་མ་ཡིན་པར་འགྱུར་རོ། །ཞེས་ཀྱང་བསམ་པར་བྱའོ། །འདི་ནི་དགེ་སློང་ལ་གཞན་གྱིས་སྨོད་པ་དང་ཁྱིམ་པ་སུན་འབྱིན་པར་སོང་ནས་བསྟན་པ་ལ་གཞན་མ་དད་པ་སྐྱེ་བས་འགོག་གོ་ཞེ་ན། དེ་ལྟ་བུའི་དགག་བྱ་མེད་པའི་ཡུལ་དུས་ཀྱང་ཤིན་ཏུ་མང་ལ། ཡོད་པ་ནའང་དབྱེ་བ་མི་རུང་སྟེ། རྣལ་འབྱོར་པ་འདི་དག་ཁྱི་ཕག་འདྲའོ་ཞེས་གྲགས་ན་བསྟན་པ་ལ་གཏན་མི་གནོད་ལ། དགེ་སློང་འདི་དག་དེ་འདྲ་ཞེས་ཟེར་བས་ཤིན་ཏུ་གནོད་པའི་དབྱེ་བ་དཀའ་ཞིང༌། རྡོ་རྗེ་འཆང་གིས་བསྟན་པ་ལ་སྨོད་ན་དེ་ཉིད་ཤིན་ཏུ་ཉེས་པ་ཆེ་བས། དེ་འདྲའི་དགག་བྱ་ཡོད་ན་ནི་གཉིས་ཀས་ཀྱང་མི་རུང་ལ། །མེད་ན་ནི་གཉིས་ཀས་ཀྱང་རུང་ངོ་ཞེས་ཤེས་པར་བྱའོ། །བཅུ་བཞི་པ་ནི། ཡུལ་བུད་མེད་གང་ཡང་རུང་བ་མ། སྨོད་ཚུལ་བུད་མེད་སྤྱི་ལ་སྨད་པར་འགྱུར་བའི་ཚིག་སྨོད་སེམས་ཀྱིས་བརྗོད་པ་གཞན་གྱིས་གོ་བའི་ཚེ་རྩ་ལྟུང་ངོ༌། །འདི་ལ། ཤེས་རབ་རང་བཞིན་བུད་མེད་ལ། །ཞེས་འབྱུང༌། ཤེས་རབ་ནི་སྐྱེས་པ་དང་བུད་མེད་གཉིས་ལ་བལྟོས་ནས་བུད་མེད་ཤེས་རབ་ཀྱི་ཆར་འཇོག་པའི་དོན་ནམ། གཅིག་ཏུ་ན། ཤེས་རབ་བདེ་སྟོང་གཉིས་སུ་
མེད་པའི་ཡེ་ཤེས་དེ་ལས་འབྱུང་བས་ན་རང་བཞིན་ཏེ། བུར་ཤིང་བུ་རམ་གྱི་རང་བཞིན་ཡིན་ཞེས་པ་ལྟ་བུའོ། །སྤྱི་ལ་སྨོད་ཚུལ་དུ་འགྲོ་བ་ཡང་སྐྱེས་པ་ལས་ལོགས་སུ་བཀར་ཏེ། བུད་མེད་ཀྱི་རིགས་འདི་གཡོ་སྒྱུ་ཆེ་ཞེས་པ་ལྟ་བུའམ། བུད་མེད་ཀྱི་རིགས་འདི་ཤིན་ཏུ་དམན་ཏེ་མཐོ་རིས་ཐོབ་པ་དཀོན་ན་བྱང་ཆུབ་ལྟ་ག་ལ་ཞིག །ཅེས་པ་དང༌། འདི་ཐམས་ཅད་ནི་མི་གཙང་བ་ངན་པ་ཞེས་སོགས་བཤད་པར་བྱེད་པའོ། །དུས་ཀྱི་འཁོར་ལོ་ལས། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ། །ཞེས་གསུངས་པའི་དོན་ཡང་དེ་ཉིད་དེ། གལ་ཏེ་རང་རྟེན་བུད་མེད་དུ་གྱུར་པས་རང་ལ་སྨད་ན་ལྟུང་བ་འདིར་འགྱུར་རམ་ཞེ་ན། རང་ཉིད་ཁོ་ནའི་ལུས་ལ་སྨོད་པར་བྱེད་ན་ནི། རྩ་ལྟུང་བརྒྱད་པའི་སྡེ་ཚན་དུ་གཏོགས་པར་འགྱུར་ལ། རིགས་ལ་སྨོད་པར་བྱེད་ན་ནི་བཅུ་བཞི་པ་འདིར་འགྱུར་རོ། །རྡོ་རྗེ་ཕག་མོ་ལ་སོགས་པ་ལ་སྨོད་པ་རྩ་ལྟུང་འདི་ཡིན་ཞེས་གཤིན་རྗེ་གཤེད་ཀྱི་རྒྱ་འགྲེལ་འགའ་ཞིག་ལས་འབྱུང་བ་ནི། བུད་མེད་རིགས་བཞི་ལ་རྡོ་རྗེ་ཕག་མོ་ལ་སོགས་པར་མིང་བཏགས་པ་ཡོད་པས་དེ་ལྟ་བུ་ཡིན་པར་སེམས་ལ། བོད་འགའ་ཞིག་རྡོ་རྗེ་ཕག་མོ་སོགས་ཡི་དམ་གྱི་ལྷ་མོ་ལ་འཆད་པ་ནི། དོན་མ་ཡིན་པར་སེམས་ཏེ། ཡུལ་བུད་མེད་ཀྱི་འགྲོ་བ་མ་ཡིན་པ་དང༌། སྔགས་དང་ལྷ་སྨད་པར་མི་བྱ་བར་གསུངས་པའི་ནང་དུ་འདུས་ཤིང༌། དེ་ལྟ་བུའི་དགག་བྱ་ཡང་ཤིན་ཏུ་ཆུང་བ་ཡིན་ནོ། །འགའ་ཞིག་ཏུ་
རང་གི་ཕྱག་རྒྱ་ལ་སྨད་པ་ལ་རྩ་ལྟུང་དུ་འཆད་ཏེ། སྤྱིར་གསང་འདུས་ལས། ཕྱག་རྒྱའི་སེམས་སུན་འབྱིན་པ་སྟེ། མི་དགའ་བར་བྱེད་པ་དམ་ཚིག་གི་ཉེས་པ་ཆེན་པོར་བཤད་ཀྱང་རིགས་ལ་མ་སྨད་ན་རྩ་ལྟུང་འདིར་ནི་མི་འགྱུར་བར་མངོན་ལ། གལ་ཏེ་དེའི་སེམས་སུན་ཕྱུང་བས། སྔགས་ཀྱི་ཐེག་པ་ལས་འདུན་པ་ལོག་ན་ནི་བཅུ་གཉིས་པར་འགྱུར་ཞིང༌། སྤྱིར་ཕྱག་རྒྱ་ལ་བརྟེན་ནས་རིགས་ལ་སྨད་ན། བཅུ་བཞི་པ་འདིའི་ནང་ཚན་ལྕི་བའི་ཡན་ལག་ཏུ་འགྱུར་ལ། འདིའི་ཡུལ་དུ་ཕྱག་རྒྱ་ཡིན་པར་ངེས་པར་དགོས་པ་ནི་མ་ཡིན་ནོ། །གཉིས་པ་ཡན་ལག་གི་ལྟུང་བ་ལ་བརྒྱད་ལས། དང་པོ་ནི། མ་སྦྱངས་པ་ནི་སྔགས་སྡོམ་མ་ཐོབ་པའམ། ཐོབ་ཀྱང་དམ་ཚིག་ཉམས་པ་སྟེ། དེ་ལྟ་བུའི་རིག་མ་བསྟེན་པ་ལ་དགའ་བ་ཡིན་ནོ། ཁ་ཅིག་འདི་ཡིད་ཀྱིས་བསྟེན་པར་དམ་བཅས་པ་ཡིན་གྱི། དངོས་སུ་བསྟེན་ན་རྩ་ལྟུང་བདུན་པར་འགྱུར་ཞེས་ཟེར་ན་ཡང༌། གཞུང་གཞན་ལས། ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །ཞེས་འབྱུང་བས། དངོས་སུ་བསྟན་པར་གསལ་ལ། དེ་ལ་ཕྱག་རྒྱའི་ལམ་ལྟ་བུ་ཞིག་བཤད་ན་ནི་གསང་འགྲོགས་སུ་འགྱུར་མོད་ཀྱི། བསྟེན་པ་ཙམ་གྱིས་ནི་མ་ཡིན་ཏེ། འཁྲིག་པ་ནི་ཀུན་གྱི་ཐུན་མོང་ཡིན་པའི་ཕྱིར་རོ། ཁྱད་པར་དམ་ཚིག་ཉམས་པ་བསྟེན་པས་ནི་གཞན་ཡང་ཉེས་པ་མང་པོ་བསྐྱེད་པའི་ཕྱིར་ཐག་བསྲིང་བར་བྱའོ། །གཉིས་པ་ནི། ཚོགས་ཀྱི་འཁོར་ལོ་གཙོ་བོར་སྨོས་པ་སྟེ། དཔའ་བོ་དང་དཔའ་མོའི་དཀྱིལ་
འཁོར་དང་ལྷ་མཆོད་པ། སྦྱིན་སྲེག་དང་རབ་གནས་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་ཚོགས་སུ་ངག་གིས་རྩོད་པ་དང༌། འཆའ་བ་དང༌། སྨོད་པ་བྱེད་པའོ། །ཉེ་བའི་རྡོ་རྗེའི་སྤུན་མ་ཡིན་ན། ཁྲོ་བས་དོན་དུ་བརྗོད་པར་བྱས་ན་སྦོམ་པོ་འདི་ཡིན་པར་མངོན་ལ། རྡོ་རྗེ་སྤུན་ལ་ཁྲོ་བའི་སེམས་ཡོད་ན་ནི་རྩ་ལྟུང་དུ་འགྱུར་བས་ཁྲོ་སེམས་མེད་པའི་དབང་དུ་བྱས་པའོ། །གསུམ་པ་ནི། དབང་བསྐུར་བ་ཐོབ་ཀྱང་གསང་སྔགས་ཀྱི་ལམ་ལ་མི་དད་པ་ལ་ཐུན་མོང་མ་ཡིན་པའི་གསང་བ་སྟོན་པ་སྟེ། འདི་ལ་སྔ་མ་རྣམས་འཁོར་ལོ་མཆོད་པ་ལ་སོགས་པའི་དུས་མ་ཡིན་པར་དགོངས་པའི་སྐད་ཀྱིས་ངག་གི་བརྡ་རྣམས་སྨྲ་བར་བྱེད་ན་འདིའོ་ཞེས་ཀྱང་གསུང་མོད་ཀྱི། སྦོམ་པོའི་གཞུང་གཞན་ལས་དད་པ་མེད་པ་ལ་ཆོས་སྟོན་པ་ཞེས་འབྱུང་བས། རང་ལུགས་ནི་སྔ་མའོ། །བཞི་པ་ནི། དད་པ་དང་ལྡན་པ་རང་གི་དྲུང་དུ་འོངས་ཏེ། སྔགས་ཀྱི་གདམས་ངག་ཞུས་པ་ལ་མདོ་ལུགས་ཀྱི་ཆོས་བཤད་པ་ལྟ་བུ་འདོད་པའི་དོན་མ་ཡིན་པ་སྟོན་པའོ། །འདི་ལ་འདུན་པ་ལོག་ན་རྩ་ལྟུང་བཅུ་གཉིས་པར་འགྱུར་རོ། །རང་ལ་བཤད་རྒྱུ་མེད་ན། སྦོམ་པོ་འདིར་དངོས་སུ་མི་འགྱུར་ཏེ། ཆོས་ལ་སེར་སྣ་དང་གྱ་ཚོམ་གྱི་དབང་གིས་བཤད་དུ་རུང་བཞིན་དུ་གཞན་དུ་བཤད་ན་འདིར་འགྱུར་བ་ཡིན་ནོ། །ལྔ་པ་ནི། ཉན་ཐོས་ཀྱི་ནང་དུ་ཞག་བདུན་གནས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་བའི་ལྟ་སྒོམ་སྤྱོད་པ་ལ་འཇུག་ཏུ་འཛིན་ཞིང་གནས་པའི་དགེ་སློང་དང་དགེ་
ཚུལ་དང་དགེ་བསྙེན་ཡིན་ཡང་རུང་སྟེ། རང་ཉིད་སྲོག་གི་ཉེན་པ་དེ་དག་ཐེག་པ་ཆེན་པོ་ལ་འཇུག་པ་ལྟ་བུའི་དགོས་པ་མེད་བཞིན་དུ། དེ་དག་གི་གནས་སུ་ཞག་བདུན་གནས་ན། བདུན་པའི་ཐུན་མཚམས་རྫོགས་པ་དང་འདིར་འགྱུར་རོ། །ཐེག་ཆེན་པ་སྔགས་ལ་མ་དད་པ་རྣམས་ལའང་འདིའི་ཕྱོགས་མཐུན་གྱི་ཉེས་པ་ཞིག་འབྱུང་ངམ་སྙམ་སྟེ་དཔྱད་པར་བྱའོ། །དྲུག་པ་ནི། དབང་བསྐུར་བ་མ་ཐོབ་པའི་སྔགས་ཀྱི་སྐལ་ལྡན་མིན་པ་ལ་གསང་བ་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཁ་ཊྭཱཾ་རྒྱན་དྲུག་ལ་སོགས་པ་མི་འབྲལ་བའི་དམ་ཚིག་རྣམས་དང༌། དམ་ཚིག་གི་བྲིས་སྐུ་དང་གླེགས་བམ་ལ་སོགས་པ་སྟོན་ན་སྦོམ་པོར་འགྱུར་རོ། །ལཀྵི་མས་མཛད་ཅེས་ཟེར་བའི་འགྲེལ་པར། དམ་ཚིག་ཉམས་པ་ལ་མཆོག་དབང་བུམ་གསང་ཤེར་གསུམ་དང་འབྲེལ་བའི་ཆོས་སྟོན་པ་ལ་འཆད་ཅིང་བོད་འགའ་ཡང་དེ་ལྟར་བཞེད་དོ། །བདུན་པ་ནི། ལག་པའི་ཕྱག་རྒྱ་འཆིང་བ་ལ་སོགས་པ་མི་ཤེས་ཤིང་མ་དད་པ་ལ་ཕྱག་རྒྱ་རྣམས་འདི་དང་འདི་ཡིན་ནོ་ཞེས་སྟོན་ཞིང༌། དེ་ཡང་མ་དད་ན་འདིར་འགྱུར་རོ། །བརྒྱད་པ་ནི། དཀྱིལ་འཁོར་གྱི་བསྙེན་པ་མཚན་ཉིད་ཚང་བ་མ་སོང་བར་དཀྱིལ་འཁོར་གྱི་ལས་དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། རབ་ཏུ་གནས་པ་དང༌། སྒྲུབ་མཆོད་བྱེད་པ་ལ་སོགས་པ་འཇུག་པ་ན་དེ་ཟིན་པ་ན་དེར་འགྱུར་རོ། །སྦྱིན་སྲེག་ལ་སོགས་པའི་ལས་འགའ་ཞིག་བླ་མས་བཀས་གནང་བ་དང༌། དཀྱིལ་འཁོར་ཆེན་པོ་
གཅིག་གི་གྲངས་བསྙེན་རྫོགས་པར་སོང་ནས་དཀྱིལ་འཁོར་གཞན་གྱི་ལས་ལ་འཇུག་པ་སོགས་ཅུང་ཟད་དགག་བྱ་ཆུང་བས་སྦོམ་པོའི་ཉེས་པ་མེད་དོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །དེ་རྣམས་ཀྱང་རྩ་ལྟུང་ཉིད་ཀྱི་ཡན་ལག་ཡིན་ཏེ། དང་པོ་དང༌། གསུམ་པ་དང༌། ལྔ་པ་དང༌། བདུན་པ་རྣམས་རྩ་ལྟུང་བདུན་པའི་དང༌། གཉིས་པ་ནི་རྩ་ལྟུང་གསུམ་པའི་དང༌། བཞི་པ་བདུན་པ་གཉིས་བཅུ་གཉིས་པའི་བར་དང༌། བརྒྱད་པ་དང༌། སླར་འཆད་པར་འགྱུར་བ་གཉིས། གཉིས་པའི་ཕྱོགས་མཐུན་ནོ། །བླ་མ་གོང་མ་འགའ་ཞིག་གི་བུམ་དབང་མ་ཐོབ་པ་ལ་གསང་སྒྲོགས་རྩ་ལྟུང་བདུན་པ་དང༌། དེ་ཐོབ་ཀྱང་དབང་གོང་མ་མ་ཐོབ་པ་ལ་རྫོགས་རིམ་བཤད་ན་སྐལ་མིན་གསང་བ་སྟོན་པར་འགྱུར་གསུང་ཞིང༌། མི་འབྲལ་བའི་དམ་ཚིག་སྟོན་པ་རྩ་ལྟུང་བདུན་པར་བསྡུ་བ་མཛད་དེ། ཅུང་ཟད་མི་བདེ་བས་རང་ལུགས་ནི་སྔར་བཤད་པ་དེ་ཉིད་ཡིན་ནོ། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་རྣམས། །ཞེས་སྦོམ་པོའི་གཞུང་ལས་འབྱུང་བ་ནི་གཞུང་ཁ་ཅིག་ལ་མེད་དེ། འོན་ཀྱང་འདི་ནི་སྔགས་པ་དེ་དགེ་སློང་ཡིན་ན་དགེ་སློང་གི་བཅས་རྐྱང་གི་ལྟུང་བ་རྣམས་ལས་དགོས་པར་ཁྱད་པར་ཅན་མེད་བཞིན་དུ་འདའ་བར་བྱེད་པ་སྟེ་ཀུན་སློང་ཁྱད་གསོད་ཀྱི་སེམས་དགོས་པར་མངོན་ནོ། །སྦོམ་པོའི་གཞུང་གཞན་ཞིག་ཏུ། བརྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། ཅེས་བྱ་བ་ནི།
ནང་གི་རྣལ་འབྱོར་མེད་ཀྱང་རྣལ་འབྱོར་ཡོད་པ་ལྟར་སྟོན་ཞིང་རློམ་སེམས་བྱེད་པའོ། །བདུད་རྩི་སྟོབས་ཀྱིས་ལེན་པ་དང༌། ཞེས་པ་འབྱུང་བ་ནི་རྟ་དབྱངས་ཀྱིས་མཛད་པར་གྲགས་པའི་སྦོམ་པོའི་གཞུང་གཞན་ཞིག་ཏུ་ཡང་འབྱུང་སྟེ། དོན་ནི་མ་སྦྱངས་པའི་ཕྱག་རྒྱའི་དྲི་ཆུ་རཀྟ་ལ་སོགས་པ་བཟའ་བ་ཡིན་ཏེ། སྐལ་མིན་ལ་གསང་བ་སྟོན་པའི་ནང་དུ་འདུ་བར་མངོན་ནོ། །སྦོམ་པོ་འདི་རྣམས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ལས། དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད། །གསང་བའི་ཆོས་ནི་སྟོན་པ་དང༌། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་དུ་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་སྟོན། ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །ཞེས་དྲུག་གསུངས་སོ། །གཞན་རྣམས་རྒྱུད་ཅི་རིགས་ནས་བསྡུས་པ་ཡིན་པར་མངོན་པས་མཐའ་གཅིག་ཏུ་སྦོམ་པོ་ལ་བརྒྱད་དང་དགུའི་གྲངས་ངེས་དཀའ་བར་སྣང་ངོ༌། །དེ་རྣམས་ཀྱི་སྐབས་ཀྱི་བསླབ་བྱ་དང༌། རྒྱུད་གཞུང་སོ་སོའི་དགོངས་པ་ཁྱབ་ཆེ་ཆུང་གི་རྣམ་དབྱེ་ཞིབ་མོ་རྣམས་ནི་མངས་པར་འགྱུར་བས་རེ་ཞིག་བཞག་གོ །འདིར་སྨྲས་པ། དེང་སང་སྙིགས་མ་ལས་སྙིགས་མ། །ལེགས་བཤད་ཟླ་འོད་ཤར་བ་ན། །ཕྲག་དོག་ཆུ་གཏེར་འཕྱུར་བའང་མཐོང༌། །དེ་ཕྱིར་རེ་ཞིག་ཆོག་པར་སེམས། །གསུམ་པ་ནི། དམ་ཚིག་གི་བྲིས་སྐུ་གླེགས་བམ་རྡོ་རྗེ་དྲིལ་
བུ་ཅང་ཏེའུ་ཐོད་པ་ཁ་ཊྭཱཾ་རྒྱན་དྲུག་ཕྱག་མཚན་ལ་སོགས་པ་འཆང་དགོས་པར་རྒྱུད་ལས་གསུངས་པ་རྣམས་མ་བཅངས་པ་དང༌། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ནང་གི་མཆོད་པའི་དམ་ཚིག་རྣམས་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་གསང་བའི་དམ་ཚིག་སྟེ། བསྟེན་བྱར་གསུངས་པ་རྣམས་མ་བསྟེན་པ་དང༌། སྦྱིན་སྲེག་དང༌། མཆོད་པ་གཏོར་མ་ལ་སོགས་པ་སྒྲུབ་དགོས་པར་གསུངས་པའི་དམ་ཚིག་རྣམས་མ་བསྒྲུབས་པ་དང༌། ཁྱད་པར་འོག་ནས་འབྱུང་བ་ལྟར་རིགས་ལྔའི་དམ་ཚིག་དང༌། ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་ལ་སོགས་པ་ལས་འདས་པའོ། །བཞི་པ་ནི། གཞན་ཡང་འདིར་མ་འདུས་པ་རྒྱུད་སྡེ་བཞི་ལས་ཉེས་པར་གསུངས་པ་ཐམས་ཅད་བཤགས་པར་བགྱིའོ། །ཞེས་པ་ནི་རྒྱུད་སྡེ་སོགས་སོ། །བཞི་པ་རྗེས་སུ་ཡི་རང་ནི། སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཁོར་འདས་ཞེས་བྱ་བ་ནི། འཁོར་བ་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་བྱས་པའི་དགེ་བ་ཐམས་ཅད་དང༌། འཇིག་རྟེན་ལས་འདས་པ་ཐེག་པ་གསུམ་གྱི་འཕགས་པ་སློབ་མི་སློབ་ཐམས་ཅད་ཀྱི་དགེ་བའོ། །དེ་ཡང་བྱས་ཟིན་པ་ཁོ་ནའམ་ཞེ་ན། མ་ཡིན་ཏེ། བྱས་པ་དང་བྱེད་པར་འགྱུར་བ་དང་བྱེད་བཞིན་པ་ཐམས་ཅད་ཡིན་ནོ། །ཞེས་པ་ནི། དུས་གསུམ་འབྱུང་བ་སོགས་སོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། རྒྱལ་གསུང་སོགས་ཏེ། ཆད་པ་མི་མངའ་ཞེས་
པ་ནི། སངས་རྒྱས་གང་དག་སངས་རྒྱས་ནས་ཆོས་མི་སྟོན་པར་བཞུགས་པ་མི་སྲིད་ཞེས་པའོ། །འགྲོ་བ་ནི་སྐལ་བ་དམན་པ་རྣམས་སོ། །བླ་མེད་ནི་ཐེག་པ་ཆེན་པོ་སྟེ་འདི་གཙོ་བོར་གྱུར་པས་སོ། །དེས་ན་མ་དག་པའི་འཇིག་རྟེན་གྱི་ཞིང་དུ་མྱུར་དུ་ཆོས་རྒྱུན་མི་ཆད་པར་གསུང་པར་བསྐུལ་བ་ཡིན་ནོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། རང་བཞིན་སོགས་ཏེ། འདི་ལ་རང་བཞིན་ནི་གཉིས་ཏེ་གནས་ལུགས་ཀྱི་རང་བཞིན་གྱི་སྐུ་ཆོས་སྐུ་དང༌། ཀུན་རྫོབ་རང་བཞིན་ཀྱི་སྐུ་ལོངས་སྐུ་སྟེ། དང་པོ་ནི་སྟོང་པ་ཉིད་ཡིན་པ་དང༌། ཕྱི་མ་རྒྱུ་རྐྱེན་ལས་སྐྱེ་བ་དང། སྐད་ཅིག་གིས་འཇིག་པ་ཡིན་རུང་རྒྱུན་མི་ཆད་ཅིང་སྐྱེ་འཇིག་མི་མངའ་ཞེས་སོ། །དེས་ན་འདི་ཡང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་པ་ཡིན་ནོ། །བདུན་པ་སྐྱབས་སུ་འགྲོ་བ་ནི། དབང་ཐོབ་སོགས་ཏེ། ཉོན་མོངས་པའི་དྲི་མ་འཁྲུད་ཅིང་བདེ་བ་ཆེན་པོའི་ཡེ་ཤེས་ལུགས་སུ་བླུགས་པ་ལྟར་བྱེད་པས་ན་དབང་ཞེས་བྱ་སྟཻ་དེས་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་མཆོག་གི་དབང་ངོ༌། །འདི་ལ་ཕྱག་རྒྱ་ཆེན་པོའི་དབང་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །ཞེས་ཇི་ལྟ་བའི་གནས་ལུགས་སྟོང་པ་ཉིད་ཇི་ལྟར་ཡིན་པ་དེ་ལྟར་ཤེས་པའི་བདེ་ཆེན་གྱི་ཡེ་ཤེས་ནི་ཕྱག་ཆེན་གྱི་དབང་ཞེས་བྱ་སྟེ། དེ་ཉིད་རང་གི་གང་ལས་ཐོབ་པའི་སློབ་དཔོན་ནི་སངས་རྒྱས་
དཀོན་མཆོག་གི་མཆོག་སྟེ། ཐ་མལ་གྱི་ཚུལ་གྱིས་གཞན་རྣམས་ཀྱང་བཟུང་ངོ༌། །ཐབས་ཤེས་དབྱེར་མེད་ནི་ཟུང་འཇུག་སྟེ་རྡོ་རྗེའི་ཆོས་དཀོན་མཆོག་དང༌། རྡོ་རྗེའི་ཐེག་པ་ལ་ཞུགས་པའི་རྣལ་འབྱོར་ཅན་རྣམས་དགེ་འདུན་དཀོན་མཆོག་སྟེ། ལུང་རྟོགས་ཀྱི་དམ་པའི་ཆོས་གཞན་ཐམས་ཅད་དང༌། ཐུན་མོང་གི་དགེ་འདུན་དཀོན་མཆོག་རྣམས་ཀྱང་ཞོར་ལ་འཕངས་པ་ཡིན་ནོ། །བརྒྱད་པ་སེམས་བསྐྱེད་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ལ་བདག་ཉིད་འབུལ་བ་དང༌། དགེ་བ་བསྔོ་བ་གཉིས་ལས། དང་པོ་ནི་བླ་མ་ཞེས་སོགས་ཏེ་ཀུན་ནས་ཀུན་ཏུ་ཞེས་པ་ནི་དུས་དང་གནས་སྐབས་ཀུན་ནས་ཡུལ་ཀུན་ཏུ་ཞེས་པའི་དོན་ནོ། །ཕུལ་ནས་ཀྱང་འཁོར་གཡོག་བྱེད་པའི་དོན་ནི། དེང་ནས་སོགས་སོ། །གཉིས་པ་ནི། དུས་གསུམ་སོགས་སོ། །གཉིས་པ་ལ། སྨོན་སེམས་དང༌། འཇུག་སེམས་ལེན་པ་གཉིས། དང་པོ་ནི། བླ་མེད་སོགས་ཏེ་བྱང་ཆུབ་གནས་བྱ་ཞེས་བྱ་བ་ནི། རང་གཞན་བྱང་ཆུབ་ལ་གནས་པ་སྟེ་ཐོབ་པར་བྱ་བའོ། །སངས་རྒྱས་འབྱུང་བ་སོགས་ནི་སངས་རྒྱས་ཀྱི་སྤྱན་སྔར་སྔོན་གྱི་སྐལ་ལྡན་སོགས་སྦྱར་རོ། །བྱང་ཆུབ་སེམས་ནི་སངས་རྒྱས་ཐོབ་པར་འདོད་པའི་སྨོན་པ་སེམས་བསྐྱེད་དེ། དེ་བསྐྱེད་པ་ནི་དམ་བཅའ་ལེན་པའོ། །འདིས་ནི་ཡུལ་དང༌། ལེན་པ་པོ་དང༌། ལེན་ཚུལ་དང༌། དགོས་པ་སྟེ་དོན་བཞི་བསྟན་པ་ཡིན་ནོ། །གཉིས་པ་ལ་ཐོག་
མར་ཚུལ་ཁྲིམས་གསུམ་བཟུང་བར་ཁས་བླངས་པ་དང༌། འཇུག་སེམས་ལེན་ཚུལ་དངོས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་དབྱེ་ན། ཚུལ་ཁྲིམས་གསུམ་སྟེ། ཚུལ་ཁྲིམས་ཀྱིས་ནི་སོགས་སོ། །དེ་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བའི་ལས་སྡོམ་པ་སྟེ་སོ་སོ་ཐར་པ་རིགས་བདུན་ལྟ་བུའོ། །སྡོམ་པའི་ངོ་བོ་ནི་སྒོ་གསུམ་གྱི་མི་དགེ་བ་བཅུ་སྤོང་བ་སྟེ། རེ་རེ་ལ་ཡང་རྫོགས་པར་སྤོང་བ་དང༌། སྣ་གཅིག་སྤོང་བ་དང༌། ཕན་ཆེར་སྤོང་བ་དང༌། ཡུན་ཐུང་ངུར་སྤོང་བ་དང༌། ཇི་སྲིད་འཚོའི་བར་དུ་སྤོང་བ་དང༌། རང་སྤོང་བ་དང༌། སྤོང་དུ་འཇུག་པ་དང༌། སྤོང་བ་ལ་རྗེས་སུ་ཡི་རང་བ་དང༌། སྤོང་བའི་བསྔགས་པ་བརྗོད་པ་སྟེ་བཅུ་བཅུའི་དབྱེ་བས་ཉེས་སྤྱོད་སྡོམ་པའི་དབྱེ་བ་བརྒྱ་ཐམ་པར་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །འདི་ཕྱི་མ་གཉིས་ཀྱི་གཞི་དང་སེམས་གནས་པའི་དོན་ཅན་ནོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་ཕྱིན་དྲུག་ལ་སོགས་པའི་དགེ་བ་ལ་དམིགས་ནས་རང་རྒྱུད་ལ་གསར་དུ་བསྐྱེད་ཅིང་སྐྱེས་པ་མི་ཉམས་པར་བྱེད་པ་སྟེ་རང་རྒྱུད་སྨིན་པར་བྱེད་པའི་ལས་ཅན་ནོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སེམས་ཅན་ལ་དམིགས་ནས་དེ་དག་ལ་ཕན་པ་དང་བདེ་བའི་དོན་ཁ་ན་མ་ཐོ་བ་མེད་པར་སྒྲུབ་པ་སྟེ་གཞན་རྒྱུད་སྨིན་པར་བྱེད་པའི་ལས་ཅན་ནོ། །བརྟན་པོ་ནི་བསླབ་བྱ་དང་
མ་འགལ་བ་ཞེས་པའི་དོན་ནོ། །གཉིས་པ་ནི་ཇི་ལྟར་སོགས་ཏེ་རྒྱལ་བ་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཞེས་སྦྱར་རོ། །ཐུགས་བསྐྱེད་དམ་ཚིག་ཅེས་པ་ལ་ཐུགས་བསྐྱེད་ནས་དམ་ཚིག་སྟེ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་གནས་པའོ། །མགོན་བཞིན་ཞེས་པ་ནི། མགོན་པོ་སྟེ་སངས་རྒྱས་རྣམས་ཀྱི་སྔོན་མཛད་པ་བཞིན་ནོ། །དགུ་པ་ལམ་བསྟེན་པ་ལ། ཐུན་མོང་གི་ལམ་བསྟེན་པ་དང༌། ཐུན་མོང་མ་ཡིན་པའི་ལམ་བསྟེན་པ་གཉིས་ལས། དང་པོ་ལ་བདག་མེད་གཉིས། རྩ་བ་གཉིས། ཚད་མེད་བཞི། ཕར་ཕྱིན་དྲུག །བྱང་ཕྱོགས་སོ་བདུན། བསྡུས་དངོས་བཞི། ཞི་ལྷག་གཉིས་ཏེ་གཉེན་པོའི་ཆོས་བདུན་དང༌། མི་དགེ་བ་བཅུ། བསམ་གཏན་གྱི་སྒྲིབ་པ་ལྔ། ཉེས་པ་ལྔ་སྟེ་སྤང་བྱའི་ཆོས་སྡེ་ཚན་གསུམ་མོ། །དང་པོ་ནི། བདག་དང་སོགས། གཉིས་པ་ནི། སྟོང་ཉིད་སོགས། གསུམ་པ་ནི་བྱམས་དང་སོགས། བཞི་པ་ནི་སྦྱིན་དང་སོགས། ལྔ་པ་ནི་དྲན་པ་ཉེར་བཞག་སོགས། དྲུག་པ་ནི་སྦྱིན་དང་སོགས། བདུན་པ་ནི་ཞི་ལྷག་སོགས། བརྒྱད་པ་ནི་རྟག་ཏུ་སོགས། དགུ་པ་ནི་རྒོད་དང་སོགས། བཅུ་པ་ནི་ལེ་ལོ་སོགས་སོ། །འོ་ན་མཐོང་སྒོམ་གྱི་སྤང་བྱའི་དབྱེ་བ་དང༌། སྙོམས་འཇུག་དགུ་ལ་སོགས་པ་དེ་དག་ཀྱང་ཅིའི་ཕྱིར་མི་བསྟཻན་ཞེ་ན། རྣལ་འབྱོར་རྒྱུད་མན་ཆད་དུ་ནི་དེ་དག་ཀྱང་དགོས་མོད་ཀྱི། ཐེག་པ་བླ་ན་མེད་
པ་འདིར་ནི་སྤང་བྱའི་དབྱེ་བ་དེ་དག་ཀྱང་ཐ་དད་པས་ཉེ་བར་མི་མཁོ་ལ། ལམ་འདིས་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་སྒྲུབ་པ་ལ་ནི་བསམ་གཏན་སོགས་མི་དགོས་ཤིང་བསམ་གཟུགས་དེ་དག་ནི་ལམ་འདིའི་གོལ་ས་ཏེ། ཐེག་པ་ཐུན་མོང་དུ་བསམ་གཏན་བཞི་བཤད་པའི་དོད། །ལམ་འདིར་དགའ་བ་བཞི་དང༌། སྟོང་པ་བཞི་དང༌། སྣང་བ་བཞི་རྣམས་ཡིན་ནོ། །དེས་ན་དེ་དག་ཉེ་བར་མི་མཁོ་བའི་ཕྱིར་འདིར་མི་བརྗོད་དོ། །འོ་ན་མི་དགེ་བ་བཅུ་སྤོང་བ་དང༌། ཞི་ལྷག་གཉིས་སྐྱོན་ལྔ་ལ་སོགས་པ་རྣམས་སྔགས་ཀྱི་ལམ་དང་བསྲེས་ནས་བཤད་པ་ཅི་ཞེ་ན། ལམ་ཁྲིགས་ཆགས་ཀྱི་དབང་དུ་བྱས་པ་སྟེ། སྔགས་སྡོམ་ཐོབ་ནས་སྔགས་རྒྱུད་ཀྱི་སྦྱོར་བ་ལ་མཁས་པར་སྦྱངས་ནས་ལག་ལེན་དུ་མི་དགེ་བ་བཅུ་སྤངས་ཏེ་རིམ་གཉིས་སྒོམ་པའི་ཚེ་ཞི་ལྷག་གྲུབ་པ་ཞིག་དགོས་ལ། དེ་ལ་སྒྲིབ་པ་ལྔ་སྤོང་དགོས་ཤིང་ཞི་གནས་ལ་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་དགོས་པས་སྐབས་དེར་བཤད་པ་ཡིན་ནོ། །དེ་ལྟར་ལམ་ཐུན་མོང་བ་དེ་རྣམས་ཀྱི་རྣམ་གཞག་ཞིབ་མོ་ནི་མདོ་ཕྱོགས་ཀྱི་གཞུང་ཆེན་པོ་རྣམས་ལ་ཐོས་བསམ་ཁ་ཕྱིར་ལྟས་སུ་མ་ཤོར་བར་བྱས་ཏེ་ཤིན་ཏུ་འདྲིས་པར་བྱ་དགོས་མོད། འདིར་དང་པོ་ཉིད་ནས་གསང་སྔགས་ལ་ཞུགས་པ་རྣམས་ཀྱི་ངོར་གོ་བདེ་བའི་ངག་འདོན་ཅུང་ཟད་བརྗོད་ན། སྔར་གྱི་བཅུ་པོ་དེ་དག་ལས། དང་པོ་ལ་གསུམ་
ལས། དང་པོ་མཐའ་གཉིས་ངོས་བཟུང་བ་ནི། དངོས་པོ་རྟག་པར་འཛིན་པ་རྟག་མཐའ་དང༌། སྔར་ཡོད་པ་ཞིག་ཕྱིས་མེད་པར་སོང་བར་འཛིན་པ་ནི་ཆད་མཐའ་སྟེ། གནས་སྐབས་ཀྱི་ངེས་དོན་འཆད་པའི་སྐབས་ཀྱི་རྟག་ཆད་ཀྱི་དབྱེ་བའོ། །མཐར་ཐུག་པ་ནི། ཇི་སྐད་དུ། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པ་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པས། ཅི་ཙམ་ཡོད་པར་འཛིན་པ་ཐམས་ཅད་རྟག་པའི་མཐའ་དང༌། མེད་པར་འཛིན་པ་ཐམས་ཅད་ཆད་མཐའ་ཡིན་ཞིང༌། ཕྱིས་ཡོད་འཛིན་དང་ཡོད་མཐའི་དབྱེ་བ་བྱེད་པ་སོགས་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་གཞུང་རྩོམ་མ་ཤེས་ཞེས་སྐུར་བ་འདེབས་པའོ། །གཉིས་པ་བདག་འཛིན་ངོས་བཟུང་བ་ལ། བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་གཉིས། དང་པོ་ལ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱི། དང་པོ་ནི། གྲུབ་མཐས་བརྟགས་པ་དང་མ་བརྟགས་པ་གང་ཡིན་ཀྱང་རུང་བའོ་སྙམ་དུ་སེམས་པའོ། །དེ་ཡང་རྣམ་ཤེས་ལ་ངར་འཛིན་དང་ཕུང་པོ་གཞན་བཞི་ལ་བདག་གིར་འཛིན་པ་འཇུག་པར་བཤད་པའང་གཙོ་བོའི་དོན་གྱི་དབང་དུ་བྱས་ཀྱི། བདག་དང་བདག་གིར་འཛིན་པ་གཉིས་ཀ་ཕུང་པོ་ལྔ་ཆར་ལ་བརྟེན་ནས་འཇུག་སྟེ། ངས་གཟུགས་མཐོང་ཞེས་རྣམ་ཤེས་ལ་བདག་འཛིན་དང༌། ང་ནི་སྡུག་བསྔལ་ལོ་ཞེས་ཚོར་བ་དང༌། ང་སྙམ་ན་འདི་
བཟང་ངོ་ཞེས་འདུ་ཤེས་དང༌། ངས་གོ་ཞིང་དྲན་ཞེས་འདུ་བྱེད་དང༌། རྒས་པ་ནི་ངའོ། །ང་ལ་བསྣུན་ནོ་ཞེས་སོགས་གཟུགས་ཕུང་ལ་འཛིན་པའི་ཕྱིར་རོ། །ལྷན་སྐྱེས་ལ་ངས་སྔོན་ཆུ་འདི་ལ་བརྒལ་ནས་འོངས་སྙམ་པའི་རྟག་འཛིན་དང༌། བདག་ཉིད་གཅིག་པུ་གཞན་ལས་ལོགས་སུ་གར་བའི་རྣམ་པ་དང༌། སྐྱེ་མཆེད་དྲུག་དང༌། གནས་ལུས་ལོངས་སྤྱོད་ལ་ང་དབང་ཞེས་རྟག་གཅིག་རང་དབང་ཅན་གྱི་འདུ་ཤེས་འདི་ལྟ་བུ་འཇུག་པ་ཡོད་པས། རྟག་གཅིག་རང་དབང་གི་བདག་འཛིན་ཀུན་བརྟག་ཁོ་ན་ཡིན་ཞེས་པའང་མི་འཐད་དོ། །གཉིས་པ་ནི། ཡུལ་ཆོས་གང་ལ་ཡང་ཚད་གྲུབ་ཏུ་ཞེན་པའི་བདེན་འཛིན་ནོ། །གཉིས་པ་བདག་གིར་འཛིན་པ་ནི། གང་ཟག་གི་བདག་འཛིན་གྱི་ཡན་ལག་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་ལ་བརྟན་ནས་འཇུག་སྟེ་ངའི་མིག་ཅེས་སོགས་གཟུགས་ཕུང་དང༌། ངའི་བདེ་བ་ཞེས་ཚོར་བ་དང༌། ངའི་རྣམ་རྟོག་ལ་ཞེས་འདུ་ཤེས་དང༌། ངའི་ཤེས་རབ་ཅེས་སོགས་འདུ་བྱེད་དང༌། ངའི་ཤེས་པ་མི་གསལ་སོགས་རྣམ་ཤེས་དང༌། ངའི་ནོར་ཞེས་སོགས་ནས་དང་ཡུལ་དང་ལོངས་སྤྱོད་དང༌། ངའི་ཐད་ཀྱི་ནམ་མཁའ་ཞེས་སོགས་འདུས་མ་བྱས་པ་ལ་ཡང་འཇུག་གོ །དེ་རྣམས་སྤང་པའི་ཕྱིར་བདག་མེད་གཉིས་བསྒོམ་དགོས་པས། གསུམ་པ་བདག་མེད་པར་གཏན་ལ་འབེབས་པ་ལ། དང་པོ་གང་ཟག་གི་བདག་མེད་ནི་ཀུན་རྫོབ་ཏུ་སེམས་ཅན་
ཞེས་བྱ་བར་བརྟགས་པ་ལ་ང་ཞེས་བྱ་བར་གྲུབ་པ་མེད་དེ། གྲུབ་ན་ཕུང་པོ་དང་གཅིག་དང་ཐ་དད་གང་རུང་ཡིན་དགོས་པ་ལས། བདག་ཕུང་གཅིག་ན་བདག་སྐད་ཅིག་སྐྱེ་འཇིག་ཅན་དུ་འགྱུར་བ་དང༌། བདག་དུ་མའམ་ཕུང་པོ་ཡང་གཅིག་ཏུ་ཐལ་བར་འགྱུར་བ་དང༌། བདག་ལུས་ཡིན་ན་ཁམས་ལྔ་དང་སྐྱེ་མཆེད་དྲུག་པོ་རེ་རེ་ནས་ཀྱང་བདག་མ་ཡིན་ཞིང༌། ཡིན་ན་བདག་དུ་མར་འགྱུར་ལ། དུ་མ་ཡིན་ན་ཐམས་ཅད་ཕན་ཚུལ་དུ་གཞན་གྱི་ངོ་བོར་དམིགས་པར་གྱུར་པས་བདག་ཡིན་པ་ཉམས། ཡན་ལག་རྣམས་བསལ་བའི་བཤུལ་ན་བདག་གཞན་ཡང་མ་དམིགས། རྐང་ལག་དང་ཤ་ཁྲག་སོ་སོར་ཕྲལ་བ་དང༌། ཕུང་པོ་སོ་སོའི་སྟེང་དུ་བདག་ཡིན་མིན་བརྟགས་པ་དང༌། བདག་སེམས་ཡིན་ན་དུས་གསུམ་སོགས་སོ་སོར་འོག་ནས་འབྱུང་བ་ལྟར་དཔྱད་ཀྱང་བདག་མ་དམིགས། ཕུང་པོ་དང་ངོ་བོ་ཐ་དད་དུ་གྲུབ་ན་རྟ་དང་བ་ལང་བཞིན་དུ་དམིགས་དགོས་པ་ལས་མ་དམིགས་པ་དང་ངོ་བོས་ཐ་དད་ན་ཕུང་པོའི་ཆོས་རྒྱུ་འབྲས་སྐྱེ་གནས་འཇིག་སོགས་བདག་ལ་མེད་པས་དངོས་མེད་དུ་འགྱུར་ལ། དངོས་མེད་ནི་བཏགས་པ་ཙམ་མིན་པ་གནས་ཚུལ་ལ་གྲུབ་པ་མེད་དོ། །དེས་ན་ང་ཞེས་བྱ་བར་དམིགས་པ་འདི་སེམས་འཁྲུལ་བས་བཏགས་པ་མ་གཏོགགས་མེད་དེ། འདི་ལ་གང་ཟག་གི་བདག་མེད་ཅེས་བྱ་བ་ཡིན་ནོ། །ཆོས་ཀྱི་བདག་མེད་ནི། ཕྱི་ནང་གི་ཆོས་
འདི་དག་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཡང༌། ཚད་གྲུབ་ཏུ་མེད་དེ་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་མེད་དེ་རྒྱུའི་དུས་སུ་མ་སྐྱེས་པས་སོ། །སྐྱེས་ན་རང་དང་གཞན་དང་གཉིས་ཀའང་རྒྱུ་མེད་གང་རུང་ལས་སྐྱེ་བ་ལས། བདག་ལས་སྐྱེ་ན་སྐྱེས་ཟིན་སྐྱེ་བ་དོན་མེད་པ་དང༌། ཕྱི་མཐའ་མི་སྙོགས་པས་སྐྱེ་བ་ཐུག་པ་མེད་པར་འགྱུར་བ་དང༌། རང་གིས་རང་ཉིད་ལ་བྱ་བྱེད་ཀྱི་རྣམ་གཞག་འགལ་བས་ཏེ། དབུ་མ་རྩ་བ་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་གསུངས་སོ། །རང་གི་མཚན་ཉིད་ཀྱིས་གཞན་ལས་སྐྱེ་ན། རྒྱུར་གྱུར་མ་གྱུར་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་དགོས་ཏེ། ཇི་སྐད་དུ། རྒྱུ་དང་འབྲས་བུ་གཞན་ཡིན་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་སོ། །གཉིས་ཀ་ལས་སྐྱེ་ན་སྐྱོན་གཉིས་ཀར་འགྱུར་རོ། །རྒྱུ་མེད་ལས་སྐྱེ་ན་ནི་ཡུལ་དུས་གནས་སྐབས་ཐམས་ཅད་དུ་སྐྱེ་བའམ། ནམ་ཡང་མི་སྐྱེ་བར་འགྱུར་ཏེ། ཡུལ་དུས་རེས་འགའ་སྐྱེ་བ་ནི་རྒྱུ་གཞན་ལ་བལྟོས་པའི་རྟགས་ཡིན་པས་སོ། །ཡང་རང་བཞིན་མེད་དེ་ངོ་བོའི་སྒོ་ནས་གཅིག་དང་དུ་མ་གཉིས་ཀ་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ། སློབ་དཔོན་ཆེན་པོ་ཞི་བ་འཚོའི་ཞལ་ནས། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡིན་མིན་པ། །དེ་ལ་
དུ་མ་དག་ཀྱང་མེད། །ཅེས་རྣམ་པར་དཔྱད་ན་གཅིག་ཡིན་པའི་དངོས་པོ་མི་རྙེད་ཅིང༌། གཅིག་མ་བྱུང་ན་དུ་མ་མི་འགྲུབ་སྟེ། དུ་མ་ནི་གཅིག་འདུས་པ་ལས་བྱུང་བའི་ཕྱིར་རོ། །གཅིག་དང་དུ་མ་གཉིས་ངོ་བོ་འགལ་བས་གཉིས་པོ་གཅིག་ཡིན་ན་ཅིག་ཤོས་མ་ཡིན་དགོས་ཀྱང༌། དུ་མར་གྲུབ་པ་ལ་གཅིག་སྔོན་དུ་འགྲོ་དགོས་སོ། །དེས་ན་གཅིག་བཀག་པས་དུ་མ་ཁེགས་དེ་གཉིས་མ་ཡིན་པ་ཕྱོགས་གསུམ་པ་ཡང་མེད་པས་འཁྲུལ་ངོར་སྣང་ཙམ་མ་གཏོགས་ངོ་བོས་མེད་པར་གྲུབ་བོ། །དེ་ཡང་རགས་པ་རྣམས་ལ་ཆ་ཤས་མང་པོར་ཕྱེ་བས་གཅིག་ཏུ་མི་འགྲུབ་སྟེ། དཔེར་ན། བུམ་པ་ངོ་བོས་གཅིག་ཏུ་གྲུབ་པ་མ་ཡིན་ཏེ་མཆུ་དང་ལྟོ་བ་དང་ཞབས་ལ་སོགས་པ་རེ་རེ་ལ་བུམ་པ་མི་གནས་ཤིང༌། དེ་རྣམས་མ་ཡིན་པའི་བུམ་པ་ཡང་མེད། རེ་རེ་ལ་གནས་ན་བུམ་པ་དུ་མར་འགྱུར། ཚུལ་དེས་རྡུལ་ཕྲན་གྱི་བར་དུ་བརྟག །རྡུལ་ཕྲན་ཡང་ཕྱོགས་བཞི་སྟེང་འོག་རྣམས་ལ་ལྟ་བའི་ཆ་དུ་མར་འགྱུར་བས་གཅིག་ཏུ་མི་འགྲུབ། གང་ལ་ཡང་མི་ལྟ་བའི་ཆ་མེད་ཡིན་ན་ནི་རྡུལ་གྱི་བློ་མི་འཇུག་སྟེ་ནམ་མཁའ་བཞིན། གཅིག་ཉིད་ཐམས་ཅད་ལ་ལྟ་བ་ཡིན་ན་ཐམས་ཅད་ཀྱི་ནང་དུ་ཐམས་ཅད་ཐིམ་པར་འགྱུར་རོ། །དེ་ལྟར་ཡུལ་ལྔ་དང་འབྱུང་བཞི་སོགས་དོན་ཐམས་ཅད་རྣམ་པར་དཔྱད་ན་རྡུལ་ཙམ་ཡང་མ་དམིགས་སོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་
ཞབས་ཀྱིས་ཀྱང༌། །གསང་བ་འདུས་པའི་སྒྲུབ་ཐབས་ཀུན་བཟང་ལས། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། །གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན། །ཕྲ་རབ་རྣམས་ཀྱང་མཐོང་བ་མ་ཡིན་པས། །དུ་མའི་གཟུགས་སུ་མིན་པའང་དེ་དག་འདྲ། །རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི། །རྡུལ་ཕྲན་དུ་མ་འདུས་པ་ཡོད་མིན་པས། །ས་ཡི་དཀྱིལ་འཁོར་ལ་སོགས་རང་བཞིན་དེ། །བསགས་པ་འདིར་ནི་འགའ་ཡང་མེད་པར་འགྱུར། །ཞེས་དུས་ཐོག་མཐའ་ལ་དཔྱད་པ་དང༌། གཅིག་མ་གྲུབ་ན་དེ་དུ་མ་འདུས་པའི་རགས་པ་མི་འགྲུབ་པ་དང༌། རྡུལ་ཕྲན་ཆ་མེད་དགག་པ་རྣམས་གསུངས་སོ། །དེ་ལྟར་ངོ་བོ་མེད་མོད་ཀྱི་གཏན་ནས་མེད་ཅེས་ཀྱང་བྱར་མི་རུང་བར་གསལ་བར་སྣང་བ་འདི་ཅི་ཞེ་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ཐེག་བསྡུས་ལས་གསུངས་པ་ལྟར། །དངོས་པོ་ཆུ་ཐིགས་པ་གཅིག་ལ་ཡང་འགྲོ་བ་ལྔ་ལ་སྣང་བ་ཐ་དད་ཅི་རིགས་རིགས་སུ་འཆར་བས་ཕྱི་རོལ་གྱི་དོན་མེད་དེ་སེམས་ཙམ་མོ། །དོན་དུ་སྣང་བ་ནི་ཀུན་གཞི་ལ་བག་ཆགས་བཞག་པའི་འཁྲུལ་སྣང་སྟེ། ལངྐར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞཻས་གསུངས་སོ། །གཞན་ཡང་
ཕྱི་རོལ་དུ་སྣང་བ་ལྟར་དོན་ལ་གྲུབ་ན། དངོས་པོའི་དེ་ཉིད་མཐོང་བར་ཐལ་བའི་ཕྱིར་སེམས་ཅན་ཐམས་ཅད་གྲོལ་བར་ཐལ་བ་དང༌། གཟུང་བ་དང་དེའི་འཛིན་པར་མ་གྲུབ་སྟེ་བདག་གཅིག་ཏུ་འབྲེལ་ན་ངོ་བོ་གཅིག་ཏུ་འགྱུར་ཏེ་གཅིག་ལ་གཟུང་འཛིན་གཉིས་མི་འཐད། དེ་ལས་བྱུང་བ་ཡང་མ་ཡིན་ཏེ་དུས་མཉམ་དུ་སྣང་བས་ན་རྭ་གཡས་གཡོན་བཞིན་འབྲེལ་བ་མེད་དོ། །དོན་ལ་འབྲེལ་བ་ཉིད་ཀྱང་མ་གྲུབ་པས་དེའི་ཡུལ་ཡུལ་ཅན་ག་ལ་འཐད་སྔ་ཕྱི་ཅན་ལ་ཡུལ་དང་དེའི་འཛིན་པར་མི་རུང་སྟེ་གཅིག་ཡོད་དུས་ན་ཅིག་ཤོས་མེད་པས་སོ། །གཞན་ཡང་ཡུལ་མེད་ཀྱང་སྣང་སྟེ་རྨི་ལམ་བཞིན་ནོ། །དེ་མ་ཐག་རྐྱེན་མེད་ན་ནི་ཡུལ་ཡོད་ཀྱང་མི་སྣང་བས་ངེས་པར་སེམས་ཁོ་ན་ཡིན་ཏེ་གཟུང་འཛིན་ཐ་དད་པ་མེད་པར་གྲུབ་བོ། །འོ་ན་འཛིན་པའི་སེམས་ངོ་བོས་ཡོད་དམ་སྙམ་ན། སྔོ་སེར་རིང་ཐུང་སོགས་རྣམ་པ་ཇི་ལྟར་སྣང་བ་བཞིན་དུ་མ་དམིགས་པ་དང༌། ཡུལ་ལ་ཕྱོགས་ཆའི་དབྱེ་བ་ཡོད་པ་ལྟར་དེ་ལ་ཡང་ཡོད་དེ་ཨུཏྤལ་མཐོང་བའི་ཤེས་པ་ཡང་འདབ་མ་མཐོང་བ་དང༌། ཟེའུ་འབྲུ་མཐོང་བ་དང༌། ཆུ་བ་མཐོང་བ་སོགས་ངོ་བོ་ཐ་དད་པ་དུ་མ་འདུས་པ་ཙམ་ཡིན་པ་དང༌། ཕྱི་ནང་བར་གསུམ་གང་ན་ཡང་མི་གནས་པ་དང༌། ངོ་བོ་གཅིག་མ་ཡིན་ཏེ་སེམས་སེམས་བྱུང་སྣ་ཚོགས་པར་དབྱེ་བ་ཡོད་པ་དང༌། ཡུལ་ལྔའི་རྣམ་པ་སྣ་ཚོགས་པ་རྣམས་སྐད་ཅིག་གིས་འཇིག་པ་དང༌། བསྐལ་པའི་སེམས་ཀྱང་སྐད་ཅིག་མ་སོ་སོར་བཤིག་ན་གཅིག་ཀྱང་མ་དམིགས་ཏེ། སྐད་ཅིག་མ་གཅིག་
པོ་དེ་ལ་སྐྱེ་གནས་འཇིག་གསུམ་གྱི་ཆ་མེད་ན་དངོས་མེད་དུ་འགྱུར་ལ། ཡོད་ན་དེ་ཡང་དུ་མར་སོང་ཞིང༌། དེའི་སྐྱེ་བའི་ཆ་ཤས་སོགས་ལའང་ཐུག་མེད་དུ་བརྟགས་ན་དུས་མེད་དུ་འགྱུར་ཞིང༌། འོན་ཏེ་སྐྱེ་འགག་གནས་གསུམ་གཅིག་ཅར་བྱེད་ཅིང༌། སྐད་ཅིག་དེ་ལ་སྔ་ཕྱིའི་མཐའ་གཉིས་མེད་ན་བསྐལ་པ་ཡང་སྐད་ཅིག་མར་འགྱུར་ཏེ། སྐད་ཅིག་མ་ཐམས་ཅད་གཅིག་གི་ནང་དུ་གཅིག་ཐིམ་པས་དུས་མཉམ་དུ་འགྱུར་བའི་ཕྱིར་རོ། །དེས་ན་ནང་འཛིན་པ་སེམས་ཀྱང་མ་གྲུབ་ལ། དེ་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཀྱང་ངོ་བོས་མེད་དེ་གཟུང་འཛིན་གཉིས་མེད་ན། དེ་གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཀྱང་མི་འགྲུབ་སྟེ། མོ་ཤམས་ཀྱི་བུ་མེད་པས་དེ་ཤི་བའི་ཤུལ་མེད་པ་བཞིན་ནོ། །གཞན་ཡང་ཆོས་འདི་དག་ཐམས་ཅད་ལྟོས་པས་འགྲུབ་པ་སྟེ། རྒྱུ་འབྲས། ཡུལ་ཡུལ་ཅན། ཤེས་པ་ཤེས་བྱ་དངོས་པོ་དངོས་མེད། བཟང་ངན། བདག་གཞན། སྤང་གཉེན། མཐའ་དབུས། ཡིན་མིན། ཡོད་མེད། དོན་དམ་ཀུན་རྫོབ་སོགས་ཆོས་ཐམས་ཅད་ཕན་ཚུལ་ལྟོས་པ་འབའ་ཞིག་ཡིན་པས་རང་ཚུགས་སུ་གྲུབ་པ་མེད་དེ། ཀུན་རྫོབ་འཁྲུལ་པ་ཡིན་པས་མེད་བཞིན་དུ་སྣང་བའོ། །རེ་ཞིག་དོན་དམ་ལ་འཇུག་པའི་ཚེ་བདག་མེད་ཁས་བླངས་ཏེ་འཇོག་ལ། དོན་དམ་པར་ནི་བདག་མེད་ཅེས་ཀྱང་མེད་དེ། དགག་བྱ་བདག་མེད་ན་དེ་མེད་མི་སྲིད་དེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་པའི་ཕྱིར། །དགག་བྱ་ཡོད་པ་མ་ཡིན་པས། །
ཡང་དག་ཏུ་ནི་བཀག་མེད་གསལ། །ཞེས་གསུངས་པ་ལྟར། དགག་སྒྲུབ་ཐམས་ཅད་བྲལ་བ་ཅི་ཡང་མ་ཡིན་པའི་བརྗོད་མེད་ཁས་བླངས་ཐམས་ཅད་བྲལ་བ་དེ་ནི་དངོས་པོའི་གནས་ལུགས་ཡིན་པས་དེ་ལ་མཉམ་པར་བཞག་གོ །དེ་དག་གི་སྙིང་པོ་ནི། གང་ཟག་གི་བདག་མེད་ལ་དམིགས་པ། བདག་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཞེས་དང༌། གཟུང་བ་བཀག་པ་ལ་སྒོམ་པ་སེམས་ཙམ་ལ་དམིགས་པའམ་གཟུང་མེད་ལ་དམིགས་པ་རྣལ་འབྱོར་གྱི་སེམས་སྒྱུ་མར་གཏན་ལ་འབེབས་པ་དེ་བཞིན་ཉིད་ལ་དམིགས་པ་རྣལ་འབྱོར་གྱི་ས། བརྗོད་མེད་དུ་སྒོམ་པ་སྣང་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཏེ། ཇི་སྐད་དུ། ལངྐར་གཤེགས་པ་ལས། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །ཞེས་གསུངས་པའི་དོན་དུ་བཞེད་དོ། །ལམ་འདི་ཤིན་ཏུ་ལེགས་ཏེ། །རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་པའི་དོན་དང་རྣམ་ཤེས་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང༌། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱར་སྐྱེས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དེ། །ཞེས་དང༌། གསང་བ་འདུས་པ་ལས། རང་སེམས་རྣམས་ནི་དམིགས་
པ་ལ། །ཆོས་རྣམས་ཐམས་ཅད་རབ་ཏུ་གནས། །ནམ་མཁའ་རྡོ་རྗེ་གནས་སེམས་འདི། །ཆོས་མེད་ཆོས་ཉིད་མེད་པའོ། །ཞེས་རང་སེམས་ཀྱི་བག་ཆགས་ལས་རྒྱང་ཆད་དུ་དམིགས་པ་ཕྱི་རོལ་ཏུ་སྣང་བའི་ཆོས་སུ་གསུངས་ཤིང༌། ཡེ་ཤེས་ཞབས་སོགས་གྲུབ་ཐོབ་མང་པོས་སྣང་བ་སེམས་སུ་གཏན་ལ་ཕབ་པས་གྲུབ་ཐོབ་ཀྱི་གཞུང་ཐམས་ཅད་དང༌། འདུས་པ་ཀྱཻ་རྡོར། དུས་འཁོར་རྣམས་ཀྱི་ལྟ་བ་ཐལ་འགྱུར་བར་སྒྲུབ་མི་དགོས་སོ། །གསང་སྔགས་ཀྱི་ལྟ་བ་ཡང་གདུལ་བྱ་ལ་ལྟོས་ནས་དབུ་སེམས་ཅི་རིགས་པར་ཡོད་ཅིང༌། དབུ་སེམས་གང་རུང་ཡིན་ན། ཀླུ་སྒྲུབ་དང་ཐོགས་མེད་གཞུང་གི་རྗེས་སུ་འབྲང་དགོས་པའི་ངེས་པ་འཐད་ལྡན་ཡང་མེད་དེ། ཐེག་ཆེན་གྱི་གཞུང་ལུགས་ལ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་གཞུང་ལུགས་ཀྱིས་ཁྱབ་པར་འདོད་པ་ནི། ཤར་ནུབ་ཀྱི་མི་ལ་རྒྱ་གར་ཤར་ནུབ་ཀྱི་མིས་ཁྱབ་པར་འདོད་པ་དང་འདྲའོ། །གཉིས་པ་རྩ་བ་གཉིས་ལ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་ཀྱི། དང་པོ་ལ། སྟོང་ཉིད་བཅོ་བརྒྱད་དང༌། རྣམ་ཐར་སྒོ་གསུམ་ལས། དང་པོ་ཡུལ་སྟོང་ཉིད་བཅོ་བརྒྱད་ནི། ནང་དང་ཕྱི་དང་སྟོང་པ་དང༌། །ཆེན་པོ་དོན་དམ་འདུས་བྱས་དང༌། །འདུས་མ་བྱས་དང་མཐའ་ལས་འདས། །ཐོག་མཐའ་མེད་དང་དོར་མེད་དང༌། །རང་བཞིན་ཆོས་ཀུན་རང་མཚན་ཉིད། །མི་དམིགས་དངོས་མེད་ངོ་བོ་དང༌། །དངོས་པོ་དངོས་མེད་སྟོང་ཉིད་དོ། །དེ་རྣམས་ཀྱི་སྟོང་གཞི་རིམ་པ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་
དང༌། ཕྱིའི་སྐྱེ་མཆེད་དྲུག་དང༌། སེམས་ཅན་གྱི་ལུས་དང་འབྲེལ་བའི་གཟུགས་སོགས་དང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་དང༌། སྣོད་ཀྱི་འཇིག་རྟེན་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། རྒྱུ་རྐྱེན་ལས་སྐྱེས་པའི་དངོས་པོ་དང༌། སྐྱེ་འཇིག་དང་བྲལ་བའི་འདུས་མ་བྱས་དང༌། འཁོར་འདས་རྟག་ཆད་ཡོད་མེད་ཀྱི་མཐའ་དང༌། འཁོར་བ་སྤྱི་ཙམ་ཐོག་མཐའ་མེད་པ་དང༌། ལུང་རྟོགས་ཀྱི་ཆོས་དང༌། རང་བཞིན་གནས་རིགས་དང༌། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་དང༌། ཆོས་རྣམས་ཀྱི་མཚན་ཉིད་དང༌། འདས་པ་ལ་མ་འོངས་པ་མ་དམིགས་པ་སོགས་དུས་གསུམ་ཕན་ཚུན་མ་དམིགས་པ་དང༌། ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པ་རྟེན་འབྲེལ་ཙམ་གྱི་ངོ་བོ་དང༌། ཕུང་པོ་ལྔ་དོན་བྱེད་ནུས་པ་དང༌། ནམ་མཁའ་སོགས་དོན་བྱེད་ནུས་སྟོང་རྣམས་ལ་རང་གི་ངོ་བོས་སྟོང་ཞིང༌། བདག་གཉིས་མེད་པ་ནི་སྟོང་པ་བཅོ་བརྒྱད་དེ་དེའི་སྟེང་དུ་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་ཉིད་གཉིས་བསྣན་པས་ཉི་ཤུ་སྟེ། སྟོང་ཚུལ་གོང་དུ་བདག་མེད་གཉིས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ཡུལ་ཅན་རྣམ་ཐར་གསུམ་ནི། ཆོས་ཀྱི་སྡོམ་བཞི་ལ་དམིགས་ནས་སྒོམ་པའི་དབང་དུ་བྱས་ནས་རྣམ་ཐར་གསུམ་སྟེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡུལ་དུ་བྱས་ནས་རྣམ་ཐར་གྱི་སྒོ་སྟོང་པ་ཉིད་ནི། ཆོས་ཐམས་ཅད་ལ་བདག་གཉིས་མེད་པར་སྟོང་པར་རྟོགས་པའི་ཤེས་རབ་དང་
ཏིང་ངེ་འཛིན་ཟུང་དུ་འབྲེལ་བའོ། །མྱ་ངན་ལས་འདས་པ་ཞི་བ་ཡུལ་དུ་བྱས་ནས། རྣམ་ཐར་གྱི་སྒོ་མཚམས་མ་མེད་པ་ནི་བདག་འཛིན་ལ་བརྟེན་ནས་དགའ་མི་དགའ་བདེ་སྡུག་འབྱོར་རྒུད་སྣ་ཚོགས་སུ་ཞེན་པའི་གཉེན་པོར་དགའ་མི་དགའ་སོགས་མཚན་མ་དབང་མེད་དུ་ཤེས་ནས་སྒོམ་པའོ། །འདུས་བྱས་མི་རྟག་པ་དང་ཟག་བཅས་སྡུག་བསྔལ་དུ་བྱས་ནས་སྨོན་པ་མེད་པ་ནི་ཕྱི་ནང་གི་ཕུང་པོ་ལྔ་ལ་གཙང་རྟག་བདེ་བ་འཛིན་པའི་གཉེན་པོར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་མི་གཙང་མི་རྟག་སྡུག་བསྔལ་སོགས་སུ་སྒོམ་པའོ། །རྣམ་ཐར་ནི་སྤང་བྱ་ལས་གྲོལ་བའི་མིང་སྟེ། དེའི་ཐབས་ཀྱི་འཇུག་སྒོ་ཡིན་པས་སྒོ་ཞེས་བྱའོ། །གཉིས་པ་སྙིང་རྗེ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་རྣམས་ལས་ཉོན་གྱིས་འཁོར་བར་སྡུག་བསྔལ་བ་ལ་སྙིང་རྗཻ་བ་ནི་སེམས་ཅན་ལ་དམིགས་པ་དང༌། སེམས་ཅན་སྐད་ཅིག་གིས་མི་རྟག་པ་ལས་མ་གྲོལ་བས་སྙིང་པོ་མེད་པ་ལ་སྙིང་རྗེ་བ་ཆོས་ལ་དམིགས་པ་དང༌། སེམས་ཅན་རང་བཞིན་མེད་པར་མཐོང་སྟེ་དེ་ལྟར་མ་ཤེས་པ་ལ་སྙིང་རྗེ་བ་དང༌། སྙིང་རྗེ་དེ་ཉིད་ཀྱང་ངོ་བོས་མེད་པར་མཐོང་བ་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བར་འདོད་པ་ནི་སྙིང་རྗེའི་ངོ་བོའོ། །འདི་གཉིས་ནི་བྱང་ཆུབ་ཀྱི་རྩ་བ་སྟེ། གཏམ་བྱ་རིན་ཆེན་ཕྲེང་བ་ལས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་
མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་བྱང་ཆུབ་ཀྱི་སེམས། སྙིང་རྗེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་རྣམས་རྩ་བ་གསུམ་དུ་བཤད་ཅིང༌། དེའི་དང་པོ་ནི་བཤད་ཅིང་འཆད་པར་ཡང་འགྱུར་རོ། །གསུམ་པ་ཚད་མེད་བཞི་ནི། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་རྣམས་སོ། །བྱམས་པ་ནི། ཡུལ་སེམས་ཅན་ཚད་བཟུང་མེད་པ་ལ་བསམ་གཏན་ལ་མཉམ་པར་གཞག་པ་ལྟ་བུའི་བདེ་བ་དུས་ཚད་མེད་པར་འབྱུང་བར་གྱུར་ཅིག་སྙམ་པ་དྲན་ཤེས་རྩེ་གཅིག་སྒོམ་པའོ། །སྙིང་རྗེ་ནི། ཡུལ་འདྲ་བ་ལ་དུས་ཚད་མེད་པར་སྡུག་བསྔལ་གྱི་རྣམ་པ་ཅི་ཡང་མེད་པར་གྱུར་ཅིག་པ་དང༌། དགའ་བ་ནི། ཡུལ་འདྲ། བསམ་གཏན་གྱི་དགའ་བདེ་གྱ་ནོམ་པ་ལ་མི་གནས་པ་རྣམས་གནས་ན་དགའ་བ་དང་གནས་པ་མི་འབྲལ་བར་དགའ་བའོ། །བཏང་སྙོམས་ནི་ཡུལ་འདྲ་འདི་རྣམས་ཆགས་སྡང་ཉེ་རིང་བདེ་སྡུག་སོགས་ཆོས་བརྒྱད་ཐམས་ཅད་ལ་སེམས་བཏང་སྙོམས་པ་བསམ་གཏན་བཞི་པ་ལྟ་བུ་ལ་གནས་ན་ཅི་མ་རུང་སྙམ་པ་སྟེ། ཕྱི་མ་གསུམ་ཡང་དྲན་ཤེས་རྩེ་གཅིག་ཏུ་བསྒོམ་པའོ། །འདི་གསུམ་ཆར་ལ་ཡང་གོང་དུ་སྙིང་རྗེ་ལ་བཤད་པ་བཞིན་དུ་སེམས་ཅན་ལ་དམིགས་པ་སོགས་གསུམ་གསུམ་ཡོད་དེ། སེམས་ཅན་རང་ག་ཙམ་འདི་ལ་དམིགས་པ་དང༌། ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་བདེན་མེད་ཀྱི་རྣམ་པ་ཅན་དང་
དེ་ཡང་དམིགས་པའི་དམིགས་མེད་ཀྱི་རྣམ་པ་ཅན་ཏེ་གསུམ་གསུམ་ཕྱེ་བའོ། །ཡང་འདི་དག་ལ་གྲོགས་སྨོན་ལམ་དང་འབྲེལ་བ་དང༌། རྗེས་སུ་ཡི་རང་བ་དང་འབྲེལ་བ་དང༌། གོ་ཆ་དང་འབྲེལ་བ་སྟེ་གསུམ་གསུམ་གྱིས་ཀྱང་དབྱེ་སྟེ་གོ་སླའོ། །བཞི་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། སྤྱིན་པ་ལ་སོགས་པ་དྲུག་སྟེ། སྦྱིན་པ་ལ་ངོ་བོ་དང༌། ཁྱད་པར་དང༌། དབྱེ་བ་དང༌། གཏོང་ཚུལ་བཞི་ལས། དང་པོ་ནི། གཏོང་སེམས་རབ་ཀྱི་མཐར་ཕྱིན་པའོ། །གཉིས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྲོ་བ་ལ་ཁྱད་པར་བཞི་ལྡན་དུ་བསླབ་དགོས་ཏེ། མི་མཐུན་ཕྱོགས་སེར་སྣ་ཉམས་པ་དང༌། སྦྱིན་པ། སྦྱིན་བྱ། ལེན་པ་པོ་སྟེ་འཁོར་གསུམ་རང་བཞིན་མེད་པའི་སྟོང་པས་ཟིན་པ་དང༌། སྦྱིན་ཡུལ་གྱི་བསམ་པ་ཚིམ་ཞིང་རྫོགས་པར་བྱེད་པ་དང༌། དེ་ལ་བརྟེན་ནས་བྱང་ཆུབ་རྣམ་པ་གསུམ་གང་ཡང་རུང་བ་ལ་འགོད་པའི་ཐབས་སུ་འགྱུར་བ་སྟེ་ཁྱད་པར་བཞི་ལྡན་ནམ། ཡང་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་བཟང་པོས་ཟིན་ཞིང༌། བདེན་མེད་དུ་རྟོགས་པའི་ཤེས་རབ་དང་བཅས་པས་གཞན་དོན་དུ་སངས་རྒྱས་བསྒྲུབ་ཕྱིར་བསྔོ་བས་རྒྱས་ཐེབས་པ་སྟེ་ཁྱད་པར་གསུམ་ལྡན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི། ཟང་ཟིང་དང་ཆོས་དང་མི་འཇིགས་པའི་སྦྱིན་པ་གསུམ་མོ། །དང་པོ་ནི། ལོངས་སྤྱོད་དང་བུ་དང་ཆུང་མ་དང་རང་གི་སྲོག་གི་བར་དུ་སྦྱིན་པའོ། །གཉིས་པ་
ནི་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་བཤད་བྱའི་ཆོས་རྣམ་དག་བཤད་པའོ། །གསུམ་པ་ནི་ཕ་རོལ་པོ་ཚེ་འདི་དང་ཕྱི་མའི་འཇིགས་པ་ལས་སྐྱོབ་པའོ། །བཞི་པ་གཏོང་ཚུལ་ནི། རྟེན་དམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པ། དངོས་པོ་དམ་པ་སྦྱིན་པའི་དངོས་པོ་མ་ལུས་པར་སྦྱིན་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ལ་ཕན་པའི་ཆེད་དང༌། ཐབས་དམ་པ་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ་དང༌། བསྔོ་བ་དམ་པ་དགེ་བ་རྫོགས་བྱང་དུ་བསྔོ་བ་དང༌། རྣམ་དག་དམ་པ་སྒྲིབ་གཉིས་འགོག་པའི་ལས་ཅན་ནོ། །དེ་ལྟར་དམ་པ་དྲུག་ལྡན་དུ་བྱས་ནས་གཏོང་བ་དང༌། དུས་སུ་གཏོང་བ་དང༌། མཁོ་བ་སྦྱིན་པ་དང༌། རན་པ་སྦྱིན་པ་དང༌། བཟང་པོ་སྦྱིན་པ་རྣམས་ལ་བསླབ་བོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི། སྤྱིར་མི་དགེ་བ་ཐམས་ཅད་སྡོམ་ཞིང༌། ཁྱད་པར་རང་ཉིད་ཞི་བདེའི་སེམས་སྤོང་བའི་སེམས་པ་སྟེ། ཁྱད་པར་ནི་བཞི་ལྡན་ནམ་གསུམ་ལྡན་གོང་བཞིན་ནོ། །དབྱཻ་བ་ནི་ཉེས་སྤྱོད་སྡོམ་པ་སོགས་གསུམ་སྟེ་གོང་དུ་བཤད་ཟིན་ཏོ། །བསྲུང་ཚུལ་ནི། དམ་པ་དྲུག་ལྡན་གོང་བཞིན་དང༌། བསླབ་བྱ་ཕྲ་མོ་རྣམས་དང་འགལ་བ་འཆལ་ཚུལ་གྱིས་སེམས་དང༌། དེའི་རྒྱུ་ཉོན་མོངས་ཐག་བསྲིང་བ་དང༌། མི་སྡུག་བྱམས་པ་རྟེན་འབྲེལ་སྟོང་ཉིད་སོགས་གཉེན་པོའི་གྲོགས་དང་བཅས་ནས་བསྲུང་བར་བྱའོ། །བཟོད་པའི་ངོ་བོ་ནི་
བསྲན་ཐུབ་པའི་བཟོད་སེམས་སོ། །ཁྱད་པར་ནི་བཞི་ལྡན་ནམ་གསུམ་ལྡན་ནོ། །དབྱེ་བ་ནི་གསུམ་སྟེ། སྡུག་བསྔལ་དང་ལེན་གྱི་བཟོད་པས་ནི་ཆོས་ཕྱིར་དཀའ་སྤྱད་བཟོད་པའོ། །གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། བཟོད་བྱེད་སེམས་ཅན་ལ་ཁྲོ་སེམས་མེད་པ་དང༌། ཕྱི་ནང་གི་འབྱུང་བའི་གནོད་པ་ལ་གཟེ་རེ་མི་བྱེད་པར་བཟོད་པའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཟབ་མོའི་ཆོས་རྣམས་བློར་ཤོང་པའོ། །སྒོམ་ཚུལ་ནི་དམ་པ་དྲུག་ལྡན་ནོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་སེམས་ཏེ། ཁྱད་པར་ནི་བཞི་ལྡན་སོགས་སོ། །དབྱེ་བ་ནི་གསུམ་སྟེ། དམ་བཅའ་དང་འདུན་པ་དྲག་པོ་དང་འབྲེལ་བ་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བ་ལག་ལེན་ལ་འབད་པར་སྦྱོར་བའི་བརྩོན་འགྲུས་དང༌། གཞན་དོན་ལ་སྤྲོ་ཞིང་ཕྱིར་མི་ལྡོག་པ་མི་སྐྱོ་བའི་བརྩོན་འགྲུས་སོ། །རྩོམ་ཚུལ་ནི་དམ་པ་དྲུག་ལྡན་ནོ། །བསམ་གཏན་གྱི་ངོ་བོ་ནི། དམིགས་པ་ལས་མི་གཡེང་བའི་དགེ་སེམས་རྩེ་གཅིག་པ་གོམས་པ་རབ་ཏུ་གྱུར་པའོ། ཁྱད་པར་ནི་གོང་བཞིན། དབྱེ་བ་ནི་གསུམ་ཏེ་མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འདྲེན་པར་བྱེད་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི་མངོན་ཤེས་ལ་སོགས་པ་སྒྲུབ་པར་བྱེད་པ་དང༌། གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་ནི་དེ་ཉིད་གཞན་དོན་དུ་སྤྱཽད་པའོ། །སྒོམ་ཚུལ་ནི་གོང་བཞིན་ནོ། །
ཤེས་རབ་ཀྱི་ངོ་བོ་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གོམས་པ་རབ་ཏུ་གྱུར་པའོ། ཁྱད་པར་ནི་གོང་བཞིན། དབྱེ་བ་ནི་གསུམ་སྟེ། ཀུན་རྫོབ་ཤེས་པའི་ཤེས་རབ་ནི་ཇི་སྙེད་པའི་ཆོས་འབྱེད་པའོ། །དོན་དམ་ཤེས་པའི་ཤེས་རབ་ནི་ཇི་ལྟ་བའི་གནས་ཚུལ་ཤེས་པའོ། །སེམས་ཅན་གྱི་དོན་ཤེས་པའི་ཤེས་རབ་ནི་འགྲོ་དོན་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པར་ཤེས་པའོ། །བསྐྱེད་ཚུལ་ནི་དམ་པ་དྲུག་ལྡན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདིར་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་འདུ་བ་ཡིན་པས་སྔགས་པ་རྣམས་ཀྱིས་ཀྱང་རྒྱས་པར་ཤེས་དགོས་པས་གཞན་དུ་བཙལ་བར་བྱའོ། །བཞི་པ་བྱང་ཆུབ་ཕྱོགས་ཆོས་རྣམས་བཤད་པ་ལ། སྡེ་ཚན་བདུན་ལས། དྲན་པ་ཉེར་བར་བཞག་པ་བཞི་ལ་ཐུན་མོང་བ་མདོ་ལུགས་དང༌། ཐུན་མོང་མ་ཡིན་པ་སྔགས་ལུགས་གཉིས་ལས། དང་པོ་ནི། ལུས་དང་ཚོར་བ་དང་ཆོས་དང་སེམས་དྲན་པ་ཉེར་བཞག་བཞི་ལས། དང་པོ་ནི། ལུས་མི་གཙང་བའི་རྫས་སྣ་ཚོགས་འདུས་པའི་རང་བཞིན་མི་རྟག་ཅིང་སྙིང་པོ་མེད་པར་ཤེས་པའི་ཤེས་རབ་དང༌། རྟོགས་པ་དེ་ལ་མ་བརྗེད་ཅིང་རྒྱུན་ལྡན་དུ་སྐྱོང་བའི་དྲན་པ་སེམས་ལ་ཉེ་བར་གཞག་ནས་སྒོམ་པའོ། །ཤེས་པའི་ཤེས་རབ་ཅེས་པ་མན་ཆད་འོག་མ་གསུམ་ལ་ཡང་འདི་བཞིན་དུ་སྦྱར་རོ། །གཉིས་པ་ནི། སྲེད་ཞེན་གྱིས་བཅིངས་པའི་ཚོར་བ་ཐམས་ཅད་སྡུག་བསྔལ་གྱི་ངོ་བོ་སྙིང་པོ་མེད་པ་ཤེས་པ་དང༌། གསུམ་པ་ནི། སེམས་གསལ་རིག་ཏུ་
ཤར་བ་ཐམས་ཅད་སྒྱུ་མ་ལྟ་བུ་སྙིང་པོ་མེད་པར་ཤེས་པ་དང༌། བཞི་པ་ནི། སེམས་བྱུང་སོགས་དགེ་སྡིག་ལུང་མ་བསྟན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཆུ་ཤིང་ལྟར་སྙིང་པོ་མེད་པར་ཤེས་པ་དང༌། དེ་བཞི་ཆར་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་སྟེ། ངོ་བོ་ནི་དེ་ལྟར་རྟོགས་པའི་ཤེས་རབ་སྟེ། དེ་དྲན་པས་སེམས་ལ་འདོགས་པའོ། །འདི་རྣམས་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ནི་མི་རྟག་པ་དང༌། སྡུག་བསྔལ་དང༌། གང་ཟག་གི་བདག་མེད་པ་དང༌། རགས་པས་སྟོང་པའི་སྟོང་ཉིད་ཙམ་རྟོགས་པའི་ཤེས་རབ་ལ་འཇོག་གོ །དེས་ན་འཆི་བ་མི་རྟག་པ་བསམ་པ་ལུས་དྲན་པ་ཉེར་བཞག་དང༌། འཁོར་བའི་ཉེས་དམིགས། ལས་འབྲས། དལ་འབྱོར་རྙེད་དཀའ་སྒོམ་པ་ཚོར་བ་དྲན་ཉེ་དང༌། བདག་མེད་གཉིས་སྒོམ་པ་ནི་གཙོ་བོར་ཆོས་དང་སེམས་དྲན་ཉེ་གཙོ་ཆེ་ཞིང༌། ལུས་དང་ཚོར་བ་བདེན་མེད་དུ་སྒོམ་པ་ནི་དང་པོ་གཉིས་སུ་འདུའོ། །གཉིས་པ་ནི། སྔ་མ་ལ་གཞི་བྱས་ཏེ་ཐུན་མོང་མ་ཡིན་པའི་དོན་བསྣན་ནས་སྒོམ་པ་ཡིན་པས་དེ་ལ་བཞི་ལས། དང་པོ་ནི། ལུས་རང་བཞིན་སྟོང་པ་ཉིད་ཡིན་ཀྱང་ཀུན་རྫོབ་འཁྲུལ་སྣང་དུ་མི་གཙང་བ་དང་མི་རྟག་པར་སྣང་བ་འདི་ཉིད་རབ་ཏུ་འཁྲུལ་པ་ཡིན་པས། སེམས་ཀྱི་གསལ་ཆ་ལུས་སུ་སྣང་བ་འདིའི་རྣམ་པ་ནི་ལྷའི་སྐུ་དང༌། རང་བཞིན་ནི་བདེ་བ་སྟེ། དེ་གཉིས་ཀྱང་ངོ་བོས་སྟོང་པའོ། །ཞེས་ཤེས་རབ་དེ་ལྷའི་རྣལ་འབྱོར་ལ་དམིགས་
པའི་ཚུལ་གྱིས་དྲན་པས་སེམས་ལ་ཉེ་བར་འཇོག་པའོ། །ལྷག་མ་རྣམས་ཀྱང་འདི་ཉིད་ཀྱིས་རིགས་འགྲེའོ། །གཉིས་པ་ནི། འཁྲུལ་ངོར་སྡུག་བསྔལ་དུ་སྣང་བའི་ཚོར་བའི་རང་བཞིན་སེམས་ཀྱི་གསལ་ཆ་དེའི་ངོ་བོ་བདེ་ཆེན་ཡིན་ནོ་ཞེས་ཏིང་ངེ་འཛིན་གྱི་བདེ་བ་ཙམ་པོའམ། ཞུ་བདེ་འདྲེན་པའི་ཐབས་ལ་དམིགས་པ་དང༌། གསུམ་པ་ནི་དབང་ཤེས་ཐམས་ཅད་ངོ་བོས་སྟོང་ཀྱང་འདི་ཉིད་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རྒྱུ་ཡིན་ནོ། །ཞེས་ཤེས་པ་དང༌། བཞི་པ་ནི། ཡུལ་སྣང་དང་སེམས་བྱུང་ཐམས་ཅད་ངོ་བོས་སྟོང་པ་དང༌། འདི་རྣམས་མི་ཤེས་པ་རྣམས་ལ་འཁྲུལ་པའི་རྒྱུ་བྱེད་ཀྱང་བདེ་བ་ཆེན་པོའི་རང་བཞིན་ནོ་ཞེས་ཤེས་ནས་དེ་རྣམས་ལ་བདེ་སྟོང་གིས་རྒྱས་འདེབས་པའོ། །སྐབས་འདིར་འཁོར་ལོ་བདེ་མཆོག་ལ་མཁས་པའི་བླ་མ་གོང་མ་རྣམས་རྒྱས་འདེབས་པའི་བདེ་བ་དེ་ཡང་བཅུ་དྲུག་སྟེ། བསྐྱེད་རིམ་གྱི་དགའ་བཞི། རྫོགས་རིམ་ཀྱི་དགའ་བཞི། ལམ་གྱི་དགའ་བཞི། འབྲས་བུའི་དགའ་བཞི་སྟེ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའི་མན་ངག་གིས་བཤད་པ་ཡིན་གསུང་ངོ༌། །འདི་ནི་རྟོག་གེ་ལ་དགའ་བའི་མཁས་པ་འགའ་ཞིག་ཡིད་ཆེས་པ་དཀའ་ཡང་ཤིན་ཏུ་གནད་ཆེ་ཞིང་ལེགས་པ་ཞིག་སྣང་ངོ༌། །དེ་ལ་བཞི་ཚན་དང་པོ་ནི་ལྷ་ཡབ་ཡུམ་ཞལ་སྦྱོར་སྒོམ་པ་དགའ་བ། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་འཇུག་བྱེད་པ་མཆོག་དགའ། དེས་རྣམ་རྟོག་ཕྲ་བ་ཙམ་དུ་གྱུར་ཏེ་
དམིགས་པས་སྤྲོ་བསྡུ་བྱེད་པ་ནི་དགའ་བྲལ། སྟོང་པས་རྒྱས་ཐེབས་པ་ལྷན་སྐྱེས། གཉིས་པ་ནི། འཁོར་ལོ་བཞི་ལ་ལྟོས་པ་སོགས་གྲགས་ཆེ་བ་བཞིན་ཏེ། ཕྱིའི་བདེ་བའི་མཚན་ཉིད་ཅན་དགའ་བ། ནང་གི་བདེ་བའི་ནི་མཆོག་དགའ། བདེ་བ་ལ་སེམས་ཟིན་པའི་ནི་དགའ་བྲལ། སྟོང་པས་རྒྱས་ཐེབས་པའི་མཚན་ཉིད་ནི་ལྷན་སྐྱེས་ཞེས་བཞེད་དེ་ལེགས་བཤད་ཆེན་པོའོ། །དེས་ན་ཚོགས་ལམ་ཆུང་ངུའི་དྲན་པ་ཉེར་བཞག་གི་སྐབས་སུ་བདེ་བ་དངོས་སུ་བསྒོམ་རྒྱུ་ནི་བརྒྱད་པོ་དེ་ཡིན་ལ། ལྷག་མ་བརྒྱད་ནི་འདུན་པའི་ཡུལ་དུ་བྱེད་དོ། །དེ་རྣམས་ཀྱི་གྲུབ་དོན་གོ་བདེ་བར་བརྗོད་ན་ལུས་སོགས་བཞི་པོ་ཀུན་རྫོབ་ཏུ་མི་གཙང་སོགས་བཞིར་སྣང་ཞིང༌། དོན་དམ་དུ་ཅིར་ཡང་མ་གྲུབ་བོ་ཞེས་སྒོམ་པ་ནི་མདོ་ལུགས་ཀྱི་དྲན་པ་ཉེར་བཞག་བཞི་སྟེ་ངོ་བོ་བདག་མེད་གཉིས་སྒོམ་པར་འདུས་སོ། །ལུས་ལྷ་སྐུར་སྒོམ་པ་ལ་བདེ་སྟོང་གིས་རྒྱས་འདེབས་པ་དང༌། ཚོར་བ་དང་རྣམ་ཤེས་དང་སེམས་བྱུང་ཡུལ་སྣང་དང་བཅས་པ་ཐམས་ཅད་ལ་ཡང་བདེ་སྟོང་གིས་རྒྱས་འདེབས་པ་སྟེ་གསང་སྔགས་བླ་མེད་ཀྱི་ལམ་གྱི་དྲན་པ་ཉེར་བཞག་བཞིའོ། །ཞེས་པ་སྟེ། ཉེ་བར་བཞག་པ་ནི་སྒོམ་པའི་དོན་ཏེ་དྲན་པ་དང་ལྡན་པས་སྒོམ་ཞེས་སྒོམ་ཚུལ་བསྟན་ལ། ངོ་བོ་ནི་དེ་དང་དེ་ཤེས་པའི་ཤེས་རབ་ཡིན་ཏེ། དེས་ན་དད་བརྩོན་དྲན་ཏིང་ཤེས་རབ་ལྔ་ཆར་ཚང་བ་ཀ་ཡིན་ཡང༌། དེ་ལྔའི་ཐ་སྙད་མ་བྱས་པར་གཙོ་བོ་ཤེས་རབ་ལ་ཡུལ་གྱི་དབྱེ་བས་བཞིར་ཕྱེ་བའོ། །ཚོགས་ལམ་ཆུང་
ངུའི་དབང་དུ་བྱས་ན། ཕྱི་མའི་དང་པོ་བསྐྱེད་རིམ་གཙོ་ཆེ་ཞིང༌། ཕྱི་མ་གསུམ་རྫོགས་རིམ་གཙོ་ཆེའོ། །གཉིས་པ་ཡང་དག་སྤོང་བ་བཞི་ནི། དགེ་བ་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་འཕེལ་བ། མི་དགེ་བ་སྐྱེས་པ་སྤོང་བ། མ་སྐྱེས་པ་མི་སྐྱེད་པ་བཞི་སྟེ་རིམ་པ་བཞིན་དུ་སྔར་མ་ཐོབ་པའི་ཡོན་ཏན་དང༌། དགེ་བའི་ཕྱོགས་བསྐྱེད་པའི་ཕྱིར་བར་ཆད་མེད་པར་ཉམས་སུ་ལེན་པ་དང༌། སངས་རྒྱས་སྒྲུབ་པའི་རྒྱུར་འགྱུར་བའི་དགེ་བ་རང་རྒྱུད་ལ་སྐྱེས་ཟིན་མི་ཉམས་ཤིང་འཕེལ་བའི་ཕྱིར་འབད་པ་དང༌། རང་རྒྱུད་ལ་མི་དགེ་བའི་རིགས་སྐྱེས་པ་ཐམས་ཅད་སྤངས་པའི་ཕྱིར་རྩོལ་བ་དང༌། དགེ་བའི་དམིགས་པ་མ་བརྗེད་པར་སེམས་འཛིན་པ་དང༌། སྔར་མ་སྐྱེས་ཀྱང་ད་སྐྱེ་འགྱུར་གྱི་མི་དགེ་བ་རྒྱུད་ལ་མི་སྐྱེ་བའི་ཕྱིར་འདུན་པ་དྲག་པོ་བསྐྱེད་ནས་སྒོ་གསུམ་འབད་པ་ཆེན་པོས་ཕྱི་བཤོལ་དུ་མ་ལུས་པའི་བརྩོན་འགྲུས་རྩོམ་པའོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ལ་བཞི་ལས། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། ཡུལ་དང་རྣམ་པ་དྲན་པ་ཉེར་བཞག་བཞི་དང་འདྲ་བ་ལ། གྲོགས་ཡང་དག་སྤོང་བ་བཞི་དང་བཅས་པ་འདུན་པ་དྲག་པོ་ཁོ་ནས་སེམས་རྩེ་གཅིག་པར་འཇོག་པ་སྟེ། དེ་ཡང་ཡོན་ཏན་ཁྱད་པར་ཅན་ལ་དམིགས་པའི་གུས་པ་དང་འདུན་པ་དྲག་པོ་བཀྲེས་སྐོམ་མི་ཚོར་བ་ལྟ་བུ་ལ་བརྟེན་པའོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། ཡོན་ཏན་སྒྲུབ་པ་ལ་སྤྲོ་བའི་བརྩོན་འགྲུས་རྒྱུན་ཆགས་ལ་བརྟེན་ནས་སྒོམ་པ་དང༌། སེམས་
ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། སྔར་ཏིང་ངེ་འཛིན་བསྒོམས་པའི་བག་ཆགས་སེམས་ལ་ཡོད་པ་གསལ་བཏབ་ནས་སྒོམ་པ་དང༌། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི། ཅི་བདག་མི་དགེ་བ་ཕྲ་མོ་རྣམས་ཀུན་ཏུ་སྤྱོད་དམ་ཞེས་པ་ལྟ་བུར་ཏིང་ངེ་འཛིན་གྱི་རྒྱུ་དང་སྤང་བླང་ལ་ཤེས་རབ་ཀྱིས་མ་འཁྲུལ་བར་དཔྱོད་པ་སྟེ། དེ་བཞི་དྲག་ཏུ་བསྒོམས་པས་ཡིད་ལ་བྱེད་པའི་ཁྱད་པར་བཞི་པོ་དེ་ཐོབ་པ་ན་རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཁྲོ་བ་དང༌། འཆབ་པ་སྟེ་ཀུན་དཀྲིས་བཅུ་མངོན་གྱུར་པ་ལས་རིང་དུ་གྱུར་པའོ། །དེ་ནས་ཕྲ་རྒྱས་བཅུ་པོ་སྤོང་བའི་ཕྱིར་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ལ་མངོན་པར་བརྩོན་པར་བྱེད་དེ། འོག་ཏུ་འཆད་པ་ལྟར་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་ཏེ་ཞི་གནས་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་འདི་དག་གི་ངོ་བོ་ནི་འདུན་པ་ལ་སོགས་པ་བཞི་པོ་དེ་ལ་མི་འཇོག་སྟེ། དེ་རྣམས་ཀྱིས་སེམས་རྩེ་གཅིག་ཏུ་བྱེད་པའི་ཏིང་ངེ་འཛིན་གྱི་ཆ་ལ་འཇོག་གོ །སྔགས་ལ་ནི་འདི་བརྒྱད་ཀྱི་བསྒོམ་བྱ་གོང་དུ་བསྟན་པ་ལྟར་ཡིན་པས་མི་འདྲ་ཡང་རྩོམ་ཚུལ་ལ་མི་འདྲ་བ་མེད་པས་བརྒྱད་པོ་འདི་རྣམས་ཕལ་ཆེར་མདོ་སྔགས་གཉིས་འདྲ་བར་ཁས་བླང་ངོ༌། །བཞི་པ་ལ་དབང་པོ་ལྔ་ལས། དད་པའི་དབང་པོ་ནི་རྫོགས་པའི་བྱང་ཆུབ་ལ་ཡིད་ཆེས་པའི་དད་པ་དང༌། དེའི་རྒྱུ་ཉམས་སུ་ལེན་པའི་སྤྱོད་པ་ལ་རྩོལ་བའི་བརྩོན་འགྲུས་དང༌། ཐོབ་པའི་ཆོས་ཀྱི་
དོན་དང་དམིགས་པ་མི་བརྗེད་པ་དྲན་པ་དང༌། རྣམ་གཡེང་ཞི་བའི་ངང་དུ་སེམས་རྩེ་གཅིག་པར་གནས་པའི་ཏིང་ངེ་འཛིན་དང༌། གནས་ལུགས་ལ་དཔྱོད་ཅིང་སྒོམ་པའི་ལྷག་མཐོང་ནི་ཤེས་རབ་སྟེ། རང་རང་གི་ཡུལ་ལ་དབང་བྱེད་པས་དབང་པོ་ཞེས་ཟེར་བའི་དོན་ནི། རྫུ་འཕྲུལ་གྱི་རྐང་པ་ཐོབ་ནས་གང་ཟག་དེས་ལྔ་པོ་འདི་རྣམས་བསྒོམ་པས་དམིགས་པ་ཤིན་ཏུ་བྱང་ཞིང་གོམས་ནས་དམིགས་ཡུལ་དེ་ལ་ཅི་དམིགས་ཀྱི་གསལ་སྣང་གང་འདོད་དུ་ཐོབ་པའོ། །དེ་ཡང་དད་པར་བྱས་པས་ཡུལ་ལ་བརྩོན་འགྲུས་རྩོམ། བརྩོན་པའི་སྒོ་ནས་དྲན་པས་འཇོག་དེ་ལས་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་འཇོག ། རྩེ་གཅིག་ཏུ་བྱས་པའི་ཆོས་ཤེས་རབ་ཀྱིས་རིག་ཅིང་འབྱེད་པ་ཡིན་པས་གོ་རིམ་དེ་ལྟར་བཞག་གོ །རྫུ་འཕྲུལ་གྱི་རྐང་པ་ཐོབ་པ་ན་བཤད་པ་དང་མཐུན་པར་ཡིད་ཆེས་པའི་རྟགས་མང་དུ་མཐོང་བས་བདེན་པ་དང༌། དཀོན་མཆོག་གསུམ་དང་ལས་འབྲས་རྣམས་དང༌། ཁྱད་པར་སྟོན་པ་སྲས་བཅས་ཀྱི་རྟོགས་པ་ལ་ཡིད་ཆེས་པའི་དད་པ་ཁྱད་པར་ཅན་སྐྱེ་ཞིང༌། ད་དུང་དམིགས་པ་ལ་དབང་མ་འབྱོར་གྱི་བར་དུ་དབང་པོ་ཞེས་མི་བརྗོད་དོ། །དད་པ་དེས་བརྩོན་འགྲུས་ལྷག་པ་ཞིག་རྩོམ། དད་བརྩོན་གྱིས་དྲན་པ། དྲན་པ་ལས་རྩེ་གཅིག་པ། དེ་ལས་ལྷག་མཐོང་ཁྱད་པར་ཅན་རྣམས་སྔར་ལས་ཆེས་ལྷག་པ་རེ་འགྲུབ་ཅིང་དབང་འབྱོར་བའི་ཕྱིར་ད་དུང་བརྩོན་པར་བྱེད་དོ། །ལྔ་པ་ནི་དེ་ལྟར་དབང་པོ་ལྔ་ཐོབ་ནས་སླར་ཡང་དེ་རྣམས་ཉིད་དྲག་ཏུ་བསྒོམས་པས་
དེ་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། རང་རང་གི་མི་མཐུན་ཕྱོགས་རིམ་པ་བཞིན་དུ་མ་དད་པ་དང༌། ལེ་ལོ་དང༌། བརྗེད་ངེས་དང༌། རྣམ་གཡེང་དང༌། རྨོངས་པ་རྣམས་ཀྱིས་ཚུར་མི་ཚུགས་ཤིང་ཕར་འཇོམས་པའི་སྟོབས་ལྔ་ཞེས་བྱ་བར་འགྱུར་རོ། །ཐེག་པ་བླ་ན་མེད་པ་འདིར་ཏིང་ངེ་འཛིན་གྱི་དབང་པོ་དང༌། སྟོབས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། ཤེས་རབ་ནི་བདེ་བ་དེ་ལ་དམིགས་པའི་སྟོང་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀའི་དམིགས་ཡུལ་ནི་སྣང་སྟོང་གཉིས་སུ་མེད་པའི་ལྷའི་སྐུ། དྲན་པ་ནི་འདི་ཡན་ཆད་དུ་ངེས་པར་བཅོས་མིན་གྱི་ཚུལ་འབའ་ཞིག་ཡིན་ནོ། །འདིའི་བདེ་བ་ནི་ལམ་དུས་ཀྱི་དགའ་བཞི་སྟེ། ཕྱི་རོལ་ཡུལ་དུ་འཛིན་པར་རགས་པ་ནུབ་པའི་བདེ་བ་ནི་དགའ་བ་དང༌། ནང་གི་ཡུལ་ལ་ཞེན་པ་རགས་པ་ནུབ་པའི་བདེ་བ་ནི་མཆོག་དགའ་དང༌། སེམས་སེམས་བྱུང་རྣམས་ཀྱི་འཛིན་པ་རགས་པ་ནུབ་པའི་བདེ་བ་ནི་ཁྱད་པར་གྱི་དགའ་བ་སྟེ་དབང་པོ་ལྔའི་སྐབས་ཀྱི་བདེ་བའི་ཏིང་ངེ་འཛིན་ཡིན་ལ། དགའ་བ་གསུམ་པོ་འདིའི་རྟོགས་པ་ཡང་རིམ་གྱི་སྐྱེ་བ་ཡིན་ནོ། །གཟུང་འཛིན་གྱི་རྟོག་པ་རགས་པ་ཐམས་ཅད་གཅིག་ཆར་ནུབ་པས་རང་བཞིན་བརྒྱད་ཅུའི་རྟོག་པ་མངོན་གྱུར་ནུབ་པའི་བདེ་ཆེན་ནི་ལྷན་སྐྱེས་ཏེ། སྟོབས་ལྔ་ནི་ནང་གི་ཏིང་ངེ་འཛིན་ནོ། །དྲུག་པ་བྱང་ཆུབ་ཡན་ལག་བདུན་ལ་གཉིས་ལས། དང་པོ་ཐུན་མོང་པ་ལ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆོས་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་ནས་མི་བརྗེད་པར་འཛིན་པ་
སྟེ་ཐམས་ཅད་འདི་ལ་བརྟེན་ནས་འཇུག་པའི་ཕྱིར་གནས་ཀྱི་ཡན་ལག་གོ །ཆོས་རབ་ཏུ་རྣམ་འབྱེད་ནི་རྣམ་རྟོག་གི་མཚན་འཛིན་འཇོམས་པ་བདག་མེད་རྟོགས་པའི་ཤེས་རབ་སྟེ་ཡན་ལག་བདུན་གྱི་ནང་གི་གཙོ་བོ་ཡིན་ཏེ། བྱང་ཆུབ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་གྱི་ཡན་ལག་གོ །བརྩོན་འགྲུས་ནི་ཡོན་ཏན་གོང་མ་རྣམས་སྒྲུབ་པ་ལ་མངོན་པར་སྤྲོ་བ་སྟེ་ཐོབ་བྱ་མཐར་ཐུག་པ་ལ་སྐྱེལ་བའི་ཕྱིར་ངེས་འབྱུང་གི་ཡན་ལག་གོ །དགའ་བ་ནི་ཟག་མེད་དགའ་བས་ལུས་སེམས་ལ་ཕན་འདོགས་པ་སྟེ། ལུས་སེམས་བདེ་བར་བྱེད་པས་ཕན་ཡོན་གྱི་ཡན་ལག་གོ །ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ལས་སུ་རུང་བས་ཟག་མེད་ཀྱི་བདེ་བ་འབྱུང་བ་སྟེ། ཀུན་ནས་ཉོན་མོངས་མེད་པའི་རྒྱུ་སྟེ་གཞིའི་ཡན་ལག་གོ །ཏིང་ངེ་འཛིན་ནི་རྩེ་གཅིག་པ་སྟེ་ཉོན་མོངས་མེད་པའི་གནས་ཀྱི་ཡན་ལག་གོ །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཟག་མེད་ཀྱི་སེམས་འབད་རྩོལ་ཆགས་སྡང་མེད་པར་བཏང་སྙོམས་པ་སྟེ་ཉོན་མོངས་མེད་པའི་ངོ་བོ་ཉིད་ཀྱི་ཡན་ལག་གོ །དེ་ལྟ་ཕྱི་མ་གསུམ་ཉོན་མོངས་མེད་པའི་ཡན་ལག་གོ །རྣམ་འབྱེད་བརྩོན་འགྲུས་དགའ་བ་གསུམ་ལྷག་མཐོང་གི་ཕྱོགས། ཤིན་སྦྱངས་ཏིང་ངེ་འཛིན་བཏང་སྙོམས་གསུམ་ཞི་གནས་ཀྱི་ཕྱོགས། དྲན་པ་ནི་གཉིས་ཀའི་ངོ་བོའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་བདུན་ཆར་བདེ་སྟོང་གི་
ངོ་བོ་དང༌། ཁྱད་པར་ཤིན་སྦྱངས་རྩ་རླུང་ཐིག་ལེའི་ནུས་པ་ཐམས་ཅད་དབུ་མར་ཐིམ་ཞིང༌། གནས་ཀྱི་བསྡུས་པའི་རྩ་ཁམས་དྭངས་མ་གནས་གྱུར་པའི་བདེ་བའོ། །ཏིང་ངེ་འཛིན་ནི་འབྲས་དུས་ཀྱི་དགའ་བ་བཞི་སྟེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་ས་བོན་བཅོམ་པའི་བདེ་བའི་ཏིང་ངེ་འཛིན་ནོ། །ཤེས་རབ་ནི་སྟོང་གཞིའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བས་བདེ་ཆེན་དེ་དང་ངོ་བོ་གཅིག་ཏུ་གྱུར་པ། སྣང་བ་རྣམ་བཅས་རྣམ་མེད་གང་རུང་དུ་འཆར་བའོ། །བདུན་པ་འཕགས་ལམ་ལ་ཡང་གཉིས་ལས། དང་པོ་ཐུན་མོང་བ་ནི། ཡང་དག་པའི་ལྟ་བ་འཕགས་ལམ་ཡན་ལག་ནི། བདེན་པའི་ཆོས་ཉིད་བདག་མེད་གཉིས་མངོན་སུམ་དུ་མཐོང་བའི་དོན་ལ་སྒྲོ་འདོགས་བཅད་ནས་ངེས་པ་དྲངས་པའི་ལྟ་བའོ། །ཡང་དག་པའི་རྟོག་པ་ནི། རང་གིས་རྟོགས་པའི་དོན་གཞན་ལ་སྟོན་པར་འདོད་པའོ། །ཡང་དག་པའི་ངག་ནི་རྟོགས་པ་དང་མཐུན་པར་བདེན་པའི་ཚིག་གིས་ཆོས་སྟོན་པ་སྟེ། དེ་གསུམ་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་དོ། །ཡང་དག་པའི་ལས་ཀྱི་མཐའ་ནི་སྒོ་གསུམ་གྱི་ལས་དཀར་ནག་བླང་དོར་མ་ནོར་བར་ཕྲ་ཞིང་ཁྱད་དུ་མི་གསོད་པ་སྟེ། འདིས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པའོ། །ཡང་དག་པའི་འཚོ་བ་ནི། ཁ་གསག་གཞོགས་སློང༌། ཐོབ་ཀྱིས་འཇལ་བ། ཚུལ་འཆོས། རྙེད་པས་རྙེད་པ་འཚོལ་བ་སྟེ། ལོག་འཚོ་སྤངས་པའི་འཚོ་བ་རྣམ་དག་སྟེ་ཡོ་
བྱད་སྙུངས་པར་ཡིད་ཆེས་པའོ། །སྒོམ་སྤངས་སུ་རྟོག་པའི་ཉོན་མོངས་དྲུག་པོ་འཇོམས་པ་ཞེས་འཕགས་ལམ་གྱི་སྐབས་འདིར་སྦྱོར་མོད། སྤྱིར་ཡང་དག་རྩོལ་བ་ནི། འདོད་ཆགས། ཞེ་སྡང༌། གཏི་མུགང་རྒྱལ། ཐེ་ཚོམ། ལྟ་ངན་རྣམས་འཇོམས་པའི་རྩོལ་བའོ། །ཡང་དག་དྲན་པ་ནི་བརྗེད་ངས་སོགས་ཉེ་ཉོན་རྣམས་སྤོང་བའི་བྱང་ཆུབ་ཀྱི་དམིགས་རྣམས་དྲན་པའོ། །ཏིང་ངེ་འཛིན་ཡང་དག་འཕགས་ལམ་ནི། མངོན་ཤེས་ལ་སོགས་པའི་ཡོན་ཏན་སྒྲུབ་ཅིང་གཉེན་པོ་ལ་རང་དབང་ཐོབ་པར་བྱེད་པ་སེམས་རྩེ་གཅིག་པའོ། །ཡང་དག་པའི་ལྟ་བ་ནི་གཙོ་བོ་སྟེ་གཞན་བདུན་འཁོར་ཡིན་ནོ། །ལྟ་བ་རྟོག་པ་རྩོལ་བ་གསུམ་ཤེས་རབ་ཀྱི་ཕུང་པོའོ། །ངག །ལས་མཐའ། འཚོ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དྲན་པ་དང༌། ཏིང་ངེ་འཛིན། ཏིང་ངེ་འཛིན་ཀྱི་ཕུང་པོའོ། །རྣམ་པར་གྲོལ་བ་སློབ་ལམ་དང༌། དེའི་ཡེ་ཤེས་མཐོང་བ་མི་སློབ་ལམ་གྱི་ཡང་དག་ལྟ་བའོ། །ཐེག་པ་འདིར་ནི་རྟོགས་པ། ངག །ལས་མཐའ། འཚོ་བ། དྲན་པ་རྣམས་རྗེས་ཐོབ་ཁོ་ན་དང༌། ལྟ་བ་རྩོལ་བ། ཏིང་ངེ་འཛིན་རྣམས་མཉམ་བཞག་ཤས་ཆེའོ། །མཉམ་བཞག་གི་སྐབས་སུ་ལྔ་པོའི་ནུས་པ་ཡོད་པས་ཡན་ལག་བརྒྱད་དུ་འཇོག་གོ །ཕྱི་མ་གསུམ་མི་མཐུན་ཕྱོགས་འཇོམ་པའི་ཡན་ལག་དང༌། དང་པོ་ཡོངས་སུ་དཔྱོད་པའི་ཡན་ལག །བར་པ་གསུམ་གཞན་ཡིད་ཆེས་པའི་ཡན་ལག་གོ །གཉིས་པ་ཐུན་མོང་མ་ཡིན་པ་ནི་ལྟ་བ་སྟོང་ཉིད། ཏིང་ངེ་འཛིན་ཡུལ་ལྷག་མ་རྣམས་ཀྱི་
རྩ་ཁམས་གནས་གྱུར་པའི་བདེ་བ་དང་སྟོང་ཉིད་ཟུང་འཇུག་གི་སྐུ། རྩོལ་བ། འཚོ་བ། ལས་མཐའ་ནི་གཙོ་བོར་སྤྱོད་པ་གསུམ་གྱི་ངོ་བོར་གྱུར་པའོ། །དྲན་པ་ནི་སྣང་བ་གསུམ་དབྱིངས་སུ་བསྟིམས་པའི་ལས་ཅན་གྱི་དྲན་པའོ། །རྟོག་པ་དང་ངག་ནི་འདྲའོ། །འདིར་དཔྱད་པར་བྱ་བ་ནི་འདི་ཡོད་དེ། དཔལ་ཡང་དག་སྦྱོར་བའི་རྒྱུད་ལས། བྱང་ཕྱོགས་འདི་དག་རྒྱས་པར་བཤད་པ་ནི། ཕ་རོལ་ཕྱིན་ཚུལ་ཇི་ལྟ་བ་བཞིན་ལས་གཞན་མ་བཤད་པས་མདོ་སྔགས་གཉིས་ཀྱི་ཁྱད་པར་འདི་ཇི་ལྟར་འཐད་སྙམ་ན། དེར་ནི་ཐུན་མོང་གི་དབང་དུ་མཛད་ནས་གསུངས་མོད་ཀྱི། ངོ་བོ་ནི་འདི་གཉིས་ལ་ཐ་དད་དུ་འཇོག་དགོས་ཏེ། དེ་གཉིས་ཉམས་ལེན་གྱི་ངོ་བོ་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ་ལམ་ཉམས་སུ་བླང་བྱ་ཉིད་བྱང་ཆུབ་ཕྱོགས་ཆོས་ཡིན་པས་སོ། །མན་ངག་སྙཻ་མ་ལས་ཀྱང༌། དེ་ཁོ་ན་ཡང་འབྲས་བུ་དང་རྒྱུ་དང་ཐབས་ཀྱིས་རབ་ཏུ་དབྱེ་བས་རྒྱུད་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་པ་འདི་ཙམ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །ཞེས་དང༌། བསྒོམ་པར་བྱ་བ་དེ་ཁོ་ན་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནང་དུ་འདུས་ཀྱི་ལོགས་པར་བསྒོམ་པར་བྱ་བ་ནི་མ་ཡིན་ནོ། །ཞེས་བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅན་ནི་དེ་ཁོ་ན་ཉིད་དེ། རྒྱུ་རྒྱུད་དྲན་པ་ཉེར་བཞག་གི་ཡུལ་དང༌། འབྲས་རྒྱུད་བྱང་ཕྱོགས་ཀྱི་འབྲས་བུ་དང༌། སོ་བདུན་པོ་རྣམས་ཐབས་རྒྱུད་དུ་བཤད་པས། མདོ་ལས་འབྱུང་བ་དང་ཐ་དད་དུ་བསྟན་ཞིང༌། འཇུག་ཏུ་ཡང་སྔགས་ལུགས་ལ་བདེ་བ་ཆེན་པོས་བརྒྱན་པ་
ཞིག་དགོས་པར་གསུངས་སོ། །ཐུན་མོང་མ་ཡིན་པའི་བྱང་ཕྱོགས་ཀྱི་རྣམ་གཞག་ཞིབ་མོ་འདི་དག་ནི། འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་དགོངས་པ། ཕྱོགས་འདིའི་འཁོར་ལོ་སྡོམ་པའི་རྣལ་འབྱོར་ཆེས་ཆེ་བ་མང་ངོ༌། །ལོ་ཆུང་མལ་གྱོ་སོགས་མན་ངག་རིག་པ་རྣམས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་བཀོད་པ་སྟེ། དོན་བཟང་ཞིང་ཚིག་ཉུང་བ་ཞིག་སྣང་ངོ༌། །ཕྱིས་ཀྱི་མཁས་པ་རྣམས་ནི་འདི་ལྟ་བུའི་དབྱེ་བ་བྱེད་པ་མ་མཐོང་ཞིང༌། གནད་ཆུང་ཞིང་གོ་དཀའ་བའི་རང་ལུགས་རེ་བཅས་ནས་རང་བསྟོད་ཆེན་པོ་རེ་སྒྲོག་ཅིང༌། སློབ་མ་རྣམས་མགོ་འཁོར་བར་བྱེད་དོ། །དྲུག་པ་བསྡུ་དངོས་ལ། བསྡུ་བའི་བཞིའི་ངོ་བོ། གྲངས་ངེས། བྱེད་ལས། འཁོར་བསྡུད་པ་རྣམས་ཀྱིས་བསྟེན་དགོས་པའི་རྒྱུ་མཚན་ཏེ་བཞི་ལས། དང་པོ་ལ། སྦྱིན་པ་ནི་གདུལ་བྱ་ཟང་ཟིང་གིས་ཚིམ་པར་བྱེད་པའོ། །སྙན་པ་སྨྲ་བ་ནི། ཕྱིན་དྲུག་གི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའོ། །དོན་སྤྱོད་པ་ནི། གདུལ་བྱ་རྣམས་དེའི་ཉམས་ལེན་ལ་སྦྱོར་བའོ། །དོན་མཐུན་པ་དང༌། རང་ཡང་དེ་ལྟར་སྤྱོད་པའོ། །གཉིས་པ་ནི། དང་པོར་གདུལ་བྱ་འདུན་པར་བྱེད་པ་སྦྱིན་པ་དང༌། འདུན་པའི་གདུལ་བྱ་རྣམས་ཀྱིས་ཉམས་སུ་བླང་བྱ་ཤེས་པར་བྱེད་པ་སྙན་སྨྲ་དང༌། ཤེས་པ་ལྟར་སྤྱོད་དུ་འཇུག་པ་དོན་སྤྱོད་པ་དང༌། ཉམས་ལེན་ལ་ཞུགས་པ་སླར་མི་ལྡོག་པར་བྱེད་པ་དོན་མཐུན་པ་སྟེ། གདུལ་བྱ་འདུལ་བ་ལ་བཞི་པོ་དེ་དགོས་པས་སོ། །གསུམ་པ་
ནི་འཆད་པ་པོ་ལ་དགའ་བས་ཆོས་ཉན་པའི་སྣོད་དུ་རུང་བ་དང༌། ཆོས་ལ་མོས་ཤིང་དོན་ཤེས་པས་ཐེ་ཚོམ་གཅོད་པ་དང༌། བསྟན་པ་བཞིན་སྒྲུབ་པར་བྱེད་པ་དང༌། སྒྲུབ་པ་ཡང་གོང་ནས་གོང་དུ་འཕེལ་ཞིང་དག་པར་བྱེད་པ་རྣམས་རིམ་པ་བཞིན་དུ་སྦྱར་རོ། །བཞི་པ་ནི། གཞན་དོན་དེ་ཡང་ཟང་ཟིང་དང་ཆོས་གཉིས་ཀྱིས་བསྡུས་པ་ལས། དང་པོ་ནི། སྦྱིན་པ་དང༌། གཉིས་པ་ནི་ཕྱི་མ་གསུམ་མོ། །བདུན་པ་ཞི་ལྷག་ལ་བསྒོམ་པའི་ཕན་ཡོན། སྒོམ་དགོས་པའི་རྒྱུ་མཚན། ངོ་བོ། །བསླབ་ཚུལ་ཏེ་བཞི་ལས། དང་པོ་ནི། ཏིང་ངེ་འཛིན་ཐམས་ཅད་འདི་གཉིས་སུ་འདུས་པ་དང༌། ཞི་གནས་སྤང་བྱའི་མགོ་གནོན་གྱི་གཉེན་པོ་ཡིན་ཅིང༌། མངོན་ཤེས་ལ་སོགས་པའི་ཡོན་ཏན་སྒྲུབ་པ་ལ་དགོས་པ་དང༌། ལྷ་མཐོང་ནི་ས་བོན་སྤོང་ཞིང་སེམས་རྒྱུད་གྲོལ་བ་ལ་དགོས་པས་སོ། །གཉིས་པ་ནི། ལྷག་མཐོང་མེད་ན་གནས་ལུགས་མངོན་སུམ་དུ་མི་རྟོགས་ཤིང༌། ཞི་གནས་མེད་ན་སེམས་རྣམ་རྟོག་གིས་བསྐྱོད་པས་ལྷག་མཐོང་ཡུན་རིང་དུ་མི་གནས་པས་སོ། །གསུམ་པ་ནི། ལྷག་མཐོང་ནི་དམིགས་པ་ལ་བརྟེན་ཏེ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམ་པར་འབྱེད་ཅིང༌། ཡོངས་སུ་དཔྱོད་པར་བྱེད་པའི་ཤེས་རབ་སྟེ། ཡུལ་གྱི་གནས་ཚུལ་ལྷག་པར་མཐོང་བས་ལྷག་མཐོང་ཞེས་བྱ། ཞི་གནས་ནི་སེམས་རྩེ་གཅིག་པ་གསལ་ལ་རྟོག་མེད་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བ་སྟེ། རྣམ་རྟོག་ཡུལ་ལ་གཡོ་བ་ཞི་གནས་དམིགས་པ་ལ་གནས་པས་ཞི་གནས་ཞེས་བྱ་སྟེ།
མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསུངས་སོ། །བཞི་པ་ལ་གཉིས་ལས། དང་པོ་ཞི་གནས་ལ་བསླབ་ཚུལ་ནི། དང་པོར་ཞི་གནས་ཀྱི་ཚོགས་པ་དྲུག་བསྟེན་ཏེ། ཡུལ་མཐུན་པ་ན་གནས་པ། འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་མང་པོ་སྤངས་པ། ཚུལ་ཁྲིམས་རྣམ་པར་དག་པ། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །གཉིས་པ་སྒྲུབ་ཚུལ་ལ། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ཡིན་ཏེ། དེ་ནི་འོག་ཏུ་བཤད་པར་བྱའོ། །དེས་ན་ཞི་གནས་ཀྱི་རིམ་པ་ནི་སེམས་གནས་པ་དགུ་ཡིན་ཏེ། དང་པོར་དམིགས་པ་ལ་སེམས་གཏོད་པ་ནི་འཇོག་པར་བྱེད་པའོ། །དེ་ཉིད་རྒྱུན་མཐུན་པ་ནི་རྒྱུན་དུ་འཇོག་པར་བྱེད། རྣམ་པར་རྟོག་པས་སེམས་གཞན་དུ་ཡེངས་པ་ན། དེའི་འཕྲོ་བཅད་ནས་སླར་དམིགས་པ་ལ་སེམས་གཏོད་པ་ནི་བསླན་ཏེ་འཇོག་པའོ། །དེ་ཉིད་ཡང་རྒྱུན་བསྲིངས་ཏེ་སྒོམ་པ་ནི་ཉེ་བར་འཇོག་པའོ། །གལ་ཏེ་བསམ་གཏན་གྱིས་ཡིད་སུན་ན་ཏིང་ངེ་འཛིན་གྱི་ཕན་ཡོན་དྲན་པར་བྱས་ཏེ་ཡང་སྒོམ་པ་ནི་འདུལ་བར་བྱེད་པའོ། །ཡུལ་གྱི་རྐྱེན་གྱིས་རྣམ་པར་གཡེངས་ན། རྣམ་པར་གཡེང་བའི་འདིས་སྔོན་དང་ད་ལྟར་ཡང་བདག་གི་སེམས་ལས་སུ་མི་རུང་བར་བྱེད་པ་སོགས་སྐྱོན་རྣམས་དྲན་པར་བྱས་ཏེ། རྣམ་གཡེང་ལ་ཡིད་འབྱུང་བར་བྱས་ནས་དམིགས་པ་ལ་མཉམ་པར་འཇོག་པ་ནི་ཞི་བར་བྱེད་པའོ། །སྲེད་
ཞེན་དང་མྱ་ངན་དང་འགྱོད་པ་ལ་སོགས་པའི་རྣམ་རྟོག་འཁྲུགས་པ་ན། དེ་རྣམས་སྐྱེ་བའི་ཡུལ་སྙིང་པོ་མེད་པར་ཤེས་པར་བྱས་པས་དེ་དག་རང་བབས་སུ་ཞི་བ་ནི་ཉེ་བར་ཞི་བར་བྱེད་པའོ། །དེ་ནས་བསྒྲིམས་པའི་ཚེ་བྱིང་རྒོད་མི་འཇུག་ཅིང༌། མ་བསྒྲིམས་ན་འཇུག་པའི་སྐབས་སུ་རྩོལ་བས་བསྒྲིམས་ཏེ་སྒོམ་པ་ནི། སེམས་ཀྱི་རྒྱུད་གཅིག་ཏུ་བྱེད་པའོ། །དེ་ནས་རྩོལ་བ་མེད་ཀྱང་གསལ་སྟོང་དུ་རྩེ་གཅིག་ཏུ་གནས་པའི་སྐབས་སུ་རྩོལ་བ་ཀློད་ནས་བཏང་སྙོམས་སུ་འཇོག་པ་ནི། མཉམ་པར་འཇོག་པ་ཞེས་བྱ་སྟེ། སེམས་གནས་པ་དགུ་པ་གྲུབ་པ་ཡིན་ནོ། །དེ་ཉིད་གོམས་པར་བྱས་པས་ཕྱི་ནང་དུ་རྒྱུ་བའི་རླུང་འདི་རྣམས་ལུས་ལ་ཕན་འདོགས་པར་སོང་སྟེ། ལུས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེ་ཞིང༌། སེམས་ཀྱང་ཤིན་ཏུ་ལས་རུང་དུ་གྱུར་པས་སེམས་ཤིན་སྦྱངས་ཀྱི་བདེ་བའང་འབྱུང་སྟེ། དེས་ཞི་གནས་དངོས་གཞི་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །འདི་དག་ཏུ་དཔྱད་པར་བྱ་བ་མང་དུ་ཡོད་མོད་ཀྱི། རང་ལུགས་ནི་སེམས་གནས་དགུ་པ་གྲུབ་པ་ན་ཞི་གནས་དངོས་གྲུབ་པ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ནས་ཇི་ལྟར་འབྱུང་ཚུལ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་ཡང་གཉིས་ཀྱི་དཔྱད་སྒོམ་གཙོ་བོར་བྱེད་པ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པ་མང་པོ་ནས་འབྱུང་ཞིང༌། དེའི་ཚུལ་ནི་ཐོས་པ་ལ་བརྟེན་ཏེ་སྟོང་ཉིད་ཀྱི་དོན་གོ་བར་བྱས་ཏེ། བསམ་
བྱུང་གིས་དཔྱད་པ་ལ་བརྟེན་ཏེ་ངེས་ཤེས་ཡང་ཡང་དྲང་ཤིང༌། སྟོང་ཉིད་ཀྱི་འདུ་ཤེས་ཤིན་ཏུ་ཤུགས་དྲག་པར་སོང་བ་ན། རེ་ཞིག་ཞི་གནས་བསྒྲུབས་ཏེ། ཤིན་སྦྱངས་ཐོབ་རུང་མ་ཐོབ་རུང་སེམས་གནས་དགུ་པ་འགྲུབ་པར་བྱས་ལ། དེ་ནས་ཞི་གནས་ཀྱི་ངང་ནས། དམིགས་ཡུལ་ཕྱི་ནང་གི་ཕུང་པོ་ལྔ་སོགས་དེ་དག་ལ་དམིགས་ནས་སྔར་བསམ་བྱུང་གིས་གཏན་ལ་ཕབ་པའི་གྲུབ་དོན་རྣམས་དྲན་པར་བྱས་ཏེ། དེ་དག་མེད་བཞིན་དུ་སྣང་བར་ངེས་ཤེས་བསྐྱེད་པའི་རྒྱུན་དེ་ཞི་གནས་དང་བསྲེས་ཏེ་འཛིན་མེད་དུ་ཅུང་ཟད་བཞགཡང་དེ་བསྐྱར་གྱིན་ལྟ་བའི་ངེས་ཤེས་དང་ཞི་གནས་སྤེལ་གྱིན་བསྒོམས་པས། ཡུལ་དེ་ལ་འཛིན་མེད་དུ་འཇོག་པའི་ཞི་གནས་ཀྱི་སྐབས་སྟོང་པའི་གསལ་སྣང་ཡུན་ཇེ་རིང་ལ་སོང་ན་དཔྱད་པ་ཇེ་ཉུང་དུ་གཏོང༌། སྟོང་པའི་གསལ་སྣང་དེ་ཆུང་དུ་སོང་ན་ཡང་དཔྱད་པ་ཇེ་མང་བྱ། མཐར་སྟོང་པའི་གསལ་སྣང་གཡོ་བ་མེད་པ་བྱུང་ན། ཡིད་ལ་བྱེད་པའི་ཁྱད་པར་གསལ་སྣང་སྐུལ་བར་བྱེད་པའི་འགའ་རེ་མ་གཏོགས། དཔྱད་པ་བོར་ནས་ཞི་ལྷག་ཟུང་འཇུག་ཏུ་སྒོམ་པ་ཡིན་ལ། འདི་ལ་ཡུལ་ཐམས་ཅད་ལ་ཕྱོགས་གཅིག་ཏུ་སྒོམ་པ་དང༌། གོང་དུ་བཤད་པ་ལྟར་རྣལ་འབྱོར་པ་གཞིའི་རིམ་པས་སྔ་མ་སྔ་མ་ལ་གསལ་སྣང་བརྟན་པར་ཐོབ་པ་ན། ཕྱི་མ་ཕྱི་མ་ལ་གསལ་སྣང་སྒྲུབ་པ་སོགས་རིམ་གྱིས་རིམ་གྱིས་སྦྱོང་བ་གཉིས་ཆར་ཡོད་དོ། །འདི་དག་རྒྱས་པར་ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང་དེའི་
དགོངས་པ་ལོ་ཙཱ་བ་ཡེ་ཤེས་སྡེའི་ལྷག་མཐོང་སྐྱེད་ཐབས་ལ་སོགས་པ་སྔ་རབས་ཚད་ལྡན་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ནི་རྣམ་པར་མི་རྟོག་པའི་གཟུངས་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་ལ་སོགས་པའི་དགོངས་པས་མོས་པའི་དགེ་བ་ཕུན་སུམ་ཚོགས་པས་ངེས་པའི་དོན་ཀྱི་མདོ་སྡེ་ཚོལ་བ་ལ་འཇུག །དེ་ཐོས་པ་ལ་བརྟེན་ནས་བདེ་བར་གཤེགས་པའི་སྙིང་པོའི་གནས་ཚུལ་ལེགས་པར་ངེས་ཏེ། སངས་རྒྱས་ཀྱི་སྐུ་ནི་ཤེས་བྱ་ཐམས་ཅད་ལ་ཉེ་རིང་མེད་པར་ཁྱབ་པར་གོ་བའི་ཕྱིར་ཞིང་ཁམས་ཐམས་ཅད་སྟོན་པས་ཁྱབ་པས་སྟོན་པ་དང་ནམ་ཡང་མི་འབྲལ་བར་ངེས་ཤིང་དེས་སངས་རྒྱས་རྗེས་སུ་དྲན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཐོང་བས་རང་དང་རིགས་གཅིག་པའི་རྒྱུ་མཚན་གྱི་བྱམས་པ་དང་སྙིང་རྗེ་ཆེན་པོ་སྐྱེ། འཁོར་འདས་ཐམས་ཅད་སེམས་ཀྱི་འཆར་སྒོར་ཤེས་པས་སྒྲིབ་པའི་དངོས་ཀྱི་གཉེན་པོ་ལྷག་པའི་ཤེས་རབ་བསྒོམ་བྱར་ཡིད་ཆེས་པ་རྣམས་འབྱུང༌། དེ་ཉམས་སུ་ལེན་པ་ལ་གསུང་རབ་དང་བླ་མའི་རྗེས་སུ་འབྲངས་ཏེ་ཐོག་མར་དད་པ་དང༌། དེས་ཐོས་པའི་ཤེས་རབ་དང༌། དེས་སྙིང་རྗེ་སྔོན་དུ་འགྲོ་བའི་བྱང་སེམས་བསྐྱེད་དེ། རྣམ་པར་མི་རྟོག་པ་བསམ་གཏན་གྱི་འཇུག་སྒོ་ལ་མཉམ་པར་འཇོག་གོ །དེ་ལྟར་བཞག་པས་སྒོམ་བྱུང་གི་སྐྱེ་ཚུལ་ནི། ཐོག་མར་བསམ་གཏན་ཡིན་ཏེ། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་བློ་སྐྱེའོ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་རོ། །
ཚོགས་དྲུག་ལྷུག་པ་སྟེ་ཇི་ལྟར་སྣང་བ་དེ་ལ་འགག་མེད་དུ་བཞག་པས། བསམ་གཏན་དེའི་འབྲས་བུ་ལ་མཐོང་བ་རྣམ་པ་གཉིས་འབྱུང་སྟེ། གཟུགས་ལ་ནམ་མཁའི་ཁམས་ཞུགས་པ་བཞིན་དུ་སེམས་མི་རྟོག་པའི་བསམ་གཏན་གྱིས་མཐོང་བ་ནི། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བ་དང༌། རྣམ་རྟོག་ཐམས་ཅད་སྐད་ཅིག་མ་ཙམ་སྟེ་སྔ་ཕྱི་མཚམས་སྦྱོར་མི་ནུས་ལ། སྣང་བ་སྔ་མ་ལ་སེམས་ཕྱི་མ་འཇུག་པ་ལྟར་སྣང་བ་ནི་ཆེས་འཁྲུལ་པའོ། །ཞེས་རྟོགས་པར་འགྱུར་ཏེ། ཉེ་ཉོན་གདོད་མ་ནས་འགགས་པར་མཐོང་བ་ཡིན་ནོ། །དེ་ལྟར་བསམ་གཏན་དེ་བསྒོམ་པས་ཡུལ་སྣང་ཐམས་ཅད་སེམས་ཀྱི་རང་བཞིན་དབྱེར་མེད་དུ་མཐོང་སྟེ། བདག་མེད་གཉིས་ཇི་ལྟ་བ་བཞིན་དུ་མཐོང༌། ཆོས་ཀྱི་སྐུ་ལ་ཡིད་ཆེས་ཤིང་ཆོས་ཐམས་ཅད་རྩ་བ་མེད་པའི་རྩ་བ་ཅན་དུ་མཐོང་སྟེ་ཤེས་རབ་བོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེ། དེས་སེམས་ཅན་སྒྲོལ་བའི་ཐབས་སུ་གྱུར་པའི་ཆོས་སྒོ་རྣམས་དང༌། སངས་རྒྱས་ལ་བླ་ན་མེད་པའི་མོས་པ་སྐྱེ་བ་ཡིན་ནོ། །མོས་པ་དེས་ཐབས་མཐའ་ཡས་པ་ལ་བསླབ་པས་རིམ་གྱིས་འཚང་རྒྱ་བ་ཡིན་ཏེ་འབྲས་བུ་ཡང་གཙང་བདག་བདེ་བ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱེད་པའོ། །བདེ་བར་གཤེགས་པའི་སྙིང་པོའི་དོན་སྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཆེས་དབང་པོ་རྣོན་པོ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་དཔྱད་འཇོག་གི་ལམ་གཉིས་པོ་དེ་དང་
ཕྱོགས་མཐུན་པ་ཙམ་དུ་རྒྱས་བསྡུས་དང་སྟོན་ཚུལ་མི་འདྲ་བ་མཐའ་ཡས་པ་ཞིག་འབྱུང་ངོ༌། །གཉིས་པ་སྔགས་ཀྱི་ནི། ཐབས་ཀྱི་ཕྱོགས་དང༌། ཤེས་རབ་ཀྱི་ཕྱོགས་ཀྱི་ལྷག་མཐོང་གཉིས་ལས། དང་པོ་ནི་ལྷའི་གསལ་སྣང་དང༌། བདེ་བ་ཆེན་པོའི་ཡེ་ཤེས་འཁོར་དང་བཅས་པ་རྣམས་ཏེ། དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། མཐོང་བས་ལྷག་མཐོང་ཞེས་སུ་བརྗོད། ཅེས་གཟུགས་སྣང་ལ་སོགས་པའི་ཡུལ་དྲུག་ཏུ་སྣང་བའི་ཤེས་པ་རྣམས་རང་བཞིན་བདེ་བ་ཆེན་པོ་ཡིན་པ་དེ་མཐོང་བས་ནི་ལྷག་མཐོང་ཞེས་གསུངས་སོ། །གཉིས་པ་ཤེས་རབ་ཀྱི་ཕྱོགས་ནི་གོང་དུ་བཤད་པ་ལྟར་ཐུན་མོང་གི་ལམ་དེ་གཉིས་ཆར་ཡང་འདིར་སྟོན་ཏེ། འོན་ཀྱང་རྡོ་རྗེའི་ཐེག་པ་འདིར་གཙོ་བོར་སྣང་བ་དང་རྣམ་པར་རྟོག་པ་ཐམས་ཅད་ངོ་བོ་རང་བཞིན་རྩ་བ་དང་བྲལ་བ་དེ་ཉིད་ལ་བཟོ་བཅོས་མེད་པའི་ཚུལ་གྱིས་མཉམ་པར་འཇོག་པ་དང༌། བླ་མའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ཏེ། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་ཡེ་ཤེས་སུ་བསྒྱུར་བས་དེ་རྣམས་ཀྱི་གནས་ལུགས་ལྷག་པར་མཐོང་བས་ན་ལྷག་མཐོང་ངོ༌། །ཡིད་ལ་བྱེད་པ་བདུན་ལ་སོགས་པའི་ལྷག་མཐོང་ནི། རྡོ་རྗེ་ཐེག་པ་བླ་ན་མེད་པ་འདིར་མི་དགོས་ཏེ། འདིར་ནི་ཡོན་ཏན་མངོན་པར་སྒྲུབ་པ་ཐམས་ཅད་འདོད་ཁམས་ཀྱི་སེམས་རྟེན་ཁོ་ན་ལ་བྱེད་ཅིང༌། གཟུགས་ཁམས་ཀྱི་རིག་པ་འཛིན་པ་ཞེས་བྱ་བ་ཡོད་ཀྱང༌། གཟུགས་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་ཞིང༌། གནས་གཞན་ཞིག་ཏུ་གནས་པ་ཡིན་མོད་ཀྱི། སེམས་རྟེན་ནི་དེ་དག་དང་མཐུན་པ་མ་ཡིན་ཏེ། དེའི་རྟེན་ལ་ཆགས་ཅན་གྱི་ལམ་བསྒོམ་པ་ཡོད་
པའི་ཕྱིར། གཞན་ཡང་བསམ་གཏན་དང་གཟུགས་མེད་ཀྱི་ལམ་བསྒོམ་ན། བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་འདོར་དགོས་པ་ལྟ་བུར་ཡོད་པ་ལམ་འོག་མ་རྣམས་ཀྱིས་རྒྱས་བཀབ་མི་བྱའོ། །བརྒྱད་པ་མི་དགེ་བ་བཅུ་སྤང་པ་ནི། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། དེའི་དང་པོ་གསུམ་དང༌། ངག་གི་རྫུན་ནི་གོང་དུ་བཤད་པ་ལྟར་ལས་སྲོག་གཅོད་ལ་སེམས་ཅན་གཞན་གང་ཡིན་གྱིས་ཆོག་ཅིང༌། བརྫུན་ཡང་མི་ཆོས་བླ་མ་ཁོ་ན་མི་དགོས་ཏེ་གང་ཡིན་ཞིག་གོ །ཕྲ་མ་ནི་ཕ་རོལ་དབྱེ་འདོད་ཀྱིས་འབྱེད་ཚིག་སྨྲས་ཤིང་གོ་བའོ། །ཚིག་རྩུབ་ནི་གཞན་ལ་མི་སྙན་པ་སྨྲས་ཤིང་གོ་བའོ། །ངག་ཀྱལ་ནི་དེ་གསུམ་མ་གཏོགས་པའི་ཉོན་མོངས་ཅན་གྱི་ངག་གི་ལས་ཐམས་ཅད་དོ། །ལུས་ངག་གི་བདུན་པོ་ལས་ལོག་གཡེམ་མ་གཏོགས་གཞན་ལ་བཅོལ་བས་ཆོག་ཅེས་གྲགས་སོ། །ཡིད་ཀྱི་གསུམ་ལ་བརྣབ་སེམས་ནི་གཞན་གྱི་རྫས་ལ་རང་གིར་བྱེད་འདོད་དེ། རང་གི་ནོར་ལ་ཆགས་པ་སོགས་པའི་སེམས་ཀྱིས་རྐམ་པ། གཞན་གྱི་རྫས་ལ་འཆུམས་པ། དེ་རང་གིར་སྨོན་པ། དེས་ནོན་པས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྟེ་ལྔ་ཚན་ན་ལམ་དངོས་སོ། །གནོད་སེམས་ནི་གཞན་ལ་གནོད་པ་བྱེད་འདོད་དེ་ཞེ་སྡང་དང་ཁོན་འཛིན་དང༌། གསོད་སོགས་བྱེད་འདོད་ཀྱིས་འཁུ་བ་དང༌། མེད་གཉིས་ཚང་ནའོ། །ལོག་ལྟ་ནི། རྒྱུ་འབྲས་ལ་མེད་པར་སྐུར་པ་འདེབས་པ་སྟེ། ཤེས་བྱའི་གནས་ཚུལ་ལ་རྨོངས་པ། སྡིག་པ་ལ་དགའ་བའི་དྲག་ཤུལ། ཚུལ་བཞིན་མ་
ཡིན་པའི་ཆོས་ལ་ལོག་པར་ཞུགགས་པ་ལེགས་སྤྱད་སོགས་མེད་པའི་སྐུར་འདེབས། ངེས་མེད་གཉིས་ཚང་བའོ། །དེ་རྣམས་ལ་འབྲས་བུ་གསུམ་སྟེ། རྣམ་སྨོན་དང་རྒྱུ་མཐུན་དང་བདག་པོའི་འབྲས་བུའོ། །དེ་རྣམས་སྤངས་པའི་དགེ་བ་བཅུ་སྟེ། སྲོག་གཅོད་སྤོང་བའི་སྦྱོར་བ་བྱས་ཤིང་བསྡམས་པ་མཐར་ཐུག་པའི་ལུས་ཀྱི་ལས་སོགས་ལོག་ལྟའི་བར་དུ་ངག་དང་ཡིད་ཀྱི་ལས་ཞེས་འདོན་པ་སྤོས་པ་རུང་ངོ༌། །ཞིབ་ཏུ་ན་སྲོག་གཅོད་ལ་མཚོན་ན་གཞི་ནི་རང་ལས་གཞན་པའི་སྲོག་ཆགས། འདུ་ཤེས་དེ་ལ་དེར་ཤེས། ཀུན་སློང་བསད་འདོད། ཉོན་མོངས་དུག་གསུམ་གང་རུང་གིས་འཕགས་ནས། ཞེ་སྡང་གིས་རྫོགས་པར་བྱེད། སྦྱོར་བ་རང་གིས་བྱས་སམ་བྱེད་དུ་བཅུག་པ། མཐར་ཐུག་བསད་བྱའི་སྲོག་འགགས་པའོ། །དགེ་བ་ལའང་གཞི་ནི་སེམས་ཅན་གཞན། བསམ་པ་ནི་ཉེས་པ་མཐོང་ནས་སྤོང་འདོད། སྦྱོར་བ་སྲོག་གཅོད་སྡོམ་པའི་འདུ་བྱེད། མཐར་ཐུག་བསྡམས་པ་རྫོགས་པའི་ལུས་ཀྱི་ལས་སོ། །དགེ་མི་དགེ་གཞན་ལ་སྦྱོར་ཚུལ་དང༌། དེ་དག་གི་མཐའ་དཔྱོད་དང༌། གཉིས་ཀའི་འབྲས་བུ་གསུམ་ལ་སོགས་པ་རྣམས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དགུ་པ་ལ་འགའ་ཞིག་ཏུ་འདོད་པ་ལ་འདུན་པའི་ཚབ་ཏུ་ལེ་ལོ་བཤད་པ་ཡང་ཡོད། ཁ་ཅིག་ཏུ་གནོད་སེམས་དང་རྣམ་གཡེང་བསྣན་པས་བདུན་དུའང་བཤད་པ་ཤིན་ཏུ་མང་སྟེ། གནོད་སེམས་རྣམ་གཡེང་རྒོད་པ་གསུམ་གཅིག་ཏུ་སྡོམས་
པའི་དབང་དུ་བྱས་པའོ། །དེ་ལ་འདོད་པ་ལ་འདུན་པ་དང༌། གནོད་སེམས་ནི་ལྷག་པའི་ཚུལ་ཁྲིམས་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་དང་འགྱོད་པ་དང་རྣམ་གཡེང་ནི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སྒྲིབ་པའོ། །ཐེ་ཚོམ་ནི་ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་པའོ། །སྒྲིབ་པ་བདུན་དང་ལྔ་ཞེས་བྱ་བ་བགྲོང་ཚུལ་གྱི་ཁྱད་པར་ཡིན་པས་སོ་སོར་མི་བསམ་སྟེ། བཤེས་འཕྲིན་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་བདུན་ཆར་བགྲངས་ནས། སྒྲིབ་པ་ལྔ་ཞེས་ཐ་སྙད་མཛད་པ་ནི་བགྲོང་ཚུལ་སྔ་མ་བཞིན་ནོ། །བཅུ་པ་ལ་ཉེས་པ་ལྔ་བཤད་པ། སྤོང་བའི་འདུ་བྱེད་བརྒྱད་བཤད་པ། དེ་དེའི་གཉེན་པོར་འགྱུར་ཚུལ་ལོ། །དང་པོ་ནི། ལེ་ལོ་དང༌། བརྗེད་ངས་དང༌། བྱིང་རྒོད་དང༌། མི་རྩོལ་བ་དང༌། རྩོལ་བའོ། །དང་པོ་ནི། ཏིང་ངེ་འཛིན་སོགས་སྒོམ་སྒྲུབ་པ་ལ་མི་སྤྲོ་བའོ། །གཉིས་པ་ནི་ཏིང་ངེ་འཛིན་གྱི་དམིགས་པ་བརྗེད་པའོ། །བྱིངས་པ་ནི་གཉིད་རྨུགས་པས་ནོན་ན་འབྱུང་བར་བཤད་པས། དེ་གསུམ་རིམ་ཅན་དུ་བརྗོད་ན་བྱིངས་པ་དངོས་ནི་སེམས་ཀྱི་དྭངས་ཆ་ཙམ་མ་འགགས་ཀྱང་དམིགས་པའི་ཡུལ་མི་གསལ་བ་ཡིན་ལ། དེའི་ཕྱོགས་མཐུན་གཉིད་ཀྱིས་རྨུགས་པ་ནི། སེམས་དྭངས་ཆ་ཡང་མེད་པར་མུན་མུན་
པར་སོང་བའོ། །རྒོད་པ་ནི་འདོད་ཆགས་ཀྱི་ཆ་ཤས་ཀྱི་རྣམ་རྟོག་ཡིན་པར་གསུངས་ཏེ། ངོ་བོ་ནི་ཟས་གོས་ལ་ཆགས་པས་ཚོང་དང་ཞིང་ལས་ལ་སོགས་པའི་རྣམ་པར་རྟོག་པ་དང༌། འདོད་ཡོན་ལྔ་བཟང་པོ་རྣམས་ལ་ཡིད་འཇུག་པ་དང༌། སྔོན་རྒོད་པ་དང་རྩེད་པ་ལ་སོགས་པ་དྲན་པར་བྱེད་པ་རྣམས་ཡིན་ནོ། །མི་རྩོལ་བ་ནི་མཉམ་པར་བཞག་པ་ན་བྱིང་རྒོད་སྐྱེས་པར་ཤེས་བཞིན་དུ་དེའི་གཉེན་པོ་ལ་མི་རྩོལ་བའོ། །རྩོལ་བ་ནི་བྱིང་རྒོད་མེད་པར་སེམས་ངང་གིས་གནས་པའི་ཚེ། བྱིང་རྒོད་ཀྱི་གཉེན་པོ་ལ་རྩོལ་བར་བྱེད་པའོ། །གཉིས་པ་ནི། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་ཏེ་བརྒྱད་ཀྱི། དད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དགའ་བས་དྲངས་པའི་དང་བའི་དད་པ་དང༌། འདུན་པ་ནི་འདོད་པའི་ཡུལ་ཏིང་ངེ་འཛིན་དོན་དུ་གཉེར་བའོ། །བརྩོན་འགྲུས་ནི་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་བའོ། །ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ལས་སུ་རུང་བར་བྱེད་པའོ། །དྲན་པ་ནི་ཏིང་ངེ་འཛིན་གྱི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་ནི་སེམས་གནས་པ་དང༌། བྱིང་རྒོད་སྤོང་པ་སོགས་ཐམས་ཅད་ཤེས་པའོ། །སེམས་པ་ནི་བྱིང་རྒོད་སྤོང་བའི་ཐབས་ལ་སེམས་གཡོ་བའོ། །བཏང་སྙོམས་ནི་འདུ་བྱེད་བཏང་སྙོམས་ཏེ་རྩོལ་བ་ཀློད་པའོ། །གསུམ་པ་ནི། དང་པོར་སྒོམ་པ་ལ་འཇུག་པའི་ཚེ། ལེ་ལོས་སྒོམ་ལ་
མི་སྦྱོར་བས་དེ་ཉེས་པ་ཡིན་ཏེ། དེའི་གཉེན་པོ་དད་པ་དང་འདུན་པ་སྐྱེས་པས་བརྩོན་འགྲུས་རྩོམ་པར་འགྱུར། བརྩོན་འགྲུས་ཀྱིས་ལེ་ལོ་དངོས་སུ་སེལ། བརྩོན་འགྲུས་གོམས་པས་ལུས་སེམས་ཇི་ཙམ་དགེ་བ་ལ་སྐོལ་ཡང་མི་བདེ་བ་མེད་པའི་ཤིན་ཏུ་སྦྱང་པ་འབྱུང་བས་ལེ་ལོ་སླར་མི་སྐྱེ་བའོ། །དེ་ཡང་དད་ལས་འདུན། འདུན་ལས་རྩོལ། རྩོལ་ལས་ཤིན་ཏུ་སྦྱངས་ཞེས་བཞི་པོ་དེ་རྒྱུ་འབྲས་ཀྱི་ཚུལ་དུ་འབྱུང་བ་ཡིན་ནོ། །སྒོམ་པ་ལ་ཞུགས་ཏེ་མཉམ་པར་འཇོག་པའི་དང་པོར་ནི། རྣམ་རྟོག་གི་དབང་དུ་སོང་སྟེ། དམིགས་པ་ལ་འཇོག་པ་བརྗེད་ན། ཏིང་ངེ་འཛིན་འགྲུབ་དཀའ་བའི་ཕྱིར་ཉེས་པ་དེའི་གཉེན་པོ་དྲན་པས་དམིགས་པ་ལ་སེམས་འཇོགས་པའོ། །མཉམ་པར་བཞག་ཅིང་སེམས་ཅུང་ཟད་གནས་པའི་ཚེ། བྱིང་རྒོད་གཉིས་གང་རུང་གིས་སེམས་ལས་སུ་མི་རུང་བར་བྱེད་པས། ཉེས་པ་དེའི་གཉེན་པོ་བྱིང་རྒོད་ངོ་ཤེས་པའི་ཤེས་བཞིན་ནོ། །བསྒྲིམས་ཤིང་གཉེན་པོ་བསྟེན་ན་བྱིང་རྒོད་མི་འབྱུང་བའི་སྐབས་སུ་མི་རྩོལ་ན་བྱིང་རྒོད་འཇུག་པས། དེར་གཉེན་པོ་ལ་རྩོལ་བའི་སེམས་པ་གལ་ཆེའོ། །ཞི་གནས་རྣམ་དག་ལ་རྩོལ་མེད་དུ་གནས་པའི་ཚེ། གཉེན་པོ་ལ་རྩོལ་བ་བྱས་ན་དེ་ཉིད་ཀྱི་རྣམ་གཡེང་དུ་འགྱུར་བས། དེར་རྩོལ་བ་ཀློད་དེ་བཏང་སྙོམས་བསྟེན་པར་བྱ་བ་ཡིན་ནོ། །འདིར་སྨྲས་པ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ཡང༌། །ཡོངས་རྫོགས་ཤིན་ཏུ་
གསལ་བར་ཉུང་ངུ་ཡི། །ཡི་གེས་སྟོན་མཁས་གང་འདིའང་བླ་མའི་དྲིན། །ངག་གི་དབང་ཕྱུག་གཉིས་པ་འདིར་བྱུང་བཞིན། །ལུང་ཁུངས་འདྲེན་པའི་ཚིག་ཚོགས་དང༌། །ལྟར་སྣང་རིགས་པའི་འཕྲེང་བ་ཡིས། །གླེགས་བམ་ཆེན་པོའི་ང་རྒྱལ་དེ། །མཁས་པ་རྣམས་ལ་མི་མཛེས་སོ། གཉིས་པ་ཐུན་མོང་མ་ཡིན་པའི་ལམ་བསྟན་པ་ལ། ཐོས་བསམ་བྱ་བ། ལམ་བསྒོམ་པ། ཐབས་མཁས་ཀྱི་ཁྱད་པར་དམ་ཚིག་བསྟེན་པ། དུས་རྒྱུན་དང་ཁྱད་པར་གྱི་ཉམས་ལེན། སློབ་དཔོན་གྱི་བྱ་བ། གསང་སྟེ་སྒྲུབ་པ། བླ་མ་མཆོད་ཚུལ། རྒྱུད་ལས་གསུངས་པ་ཐམས་ཅད་སྒྲུབ་པར་དམ་བཅའ་བའོ། །དང་པོ་ནི། སྔགས་རྒྱུད་སོགས་ཏེ། སྔགས་ཀྱི་སྦྱོར་བ་ནི་སྔགས་སོ་སོའི་བསྙེན་པའི་ཆོ་ག་དང༌། རྒྱུད་ཀྱི་སྦྱོར་བ་ནི། དེ་གྲུབ་ནས་ལས་ཚོགས་སྒྲུབ་པའི་ཐབས་སོ། །འདིས་ནི་རིག་པ་འཛིན་པའི་སྡེ་སྣོད་ཀྱི་དོན་ཐམས་ཅད་བསྡུས་ཏེ། བདེ་སྟོང་གི་ཡེ་ཤེས་དོན་དམ་པའི་སྔགས་ཡིན་པས་རྒྱུའི་རྫོགས་རིམ་རྣམས་སྔགས་དང༌། འབྲས་བུའི་རྫོགས་རིམ་སྤྱོད་པ་དང་བཅས་པ་རྣམས་བདེ་ཆེན་གྱི་ཡེ་ཤེས་དེའི་ལས་ཚོགས་ཡིན་པས་རྒྱུད་དོ། །གཉིས་པ་ནི་སྟོང་དང་སོགས་ཏེ། རང་སེམས་བདེ་སྟོང་དང་སྙིང་རྗེའི་ངོ་བོར་ཤར་བ་ཞིག་རིམ་པ་གཉིས་ཆར་ལ་དགོས་པར་བསྟན་ཏོ། །འདི་དག་གི་དོན་འོག་ཏུ་འཆད་པར་
འགྱུར་རོ། །གསུམ་པ་ནི། རྣམ་རྟོག་སོགས་ཏེ། ཉོན་མོངས་པ་ལྔ་དང་འབྲེལ་བའི་རྣམ་པར་རྟོག་པ་ངོ་བོ་རང་བཞིན་གསལ་སྟོང་དུ་གནས་པ། དེ་ཉིད་ཐབས་མཁས་ཀྱིས་ཉམས་སུ་བླངས་པས་ཆེད་དུ་སྤོང་མ་དགོས་པར་ཡེ་ཤེས་ལྔའི་རྒྱུ་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་བའི་གཞི་བསྒྱུར་བ་འདི་སྟོང་པ་ཉིད་ལ་བསྟེན་པའི་ཐབས་མཁས་ཀྱི་ལམ་ཡིན་ཞིང༌། གཏི་མུག་འོད་གསལ་དང༌། ཞེ་སྡང་དྲག་པོའི་ཏིང་ངེ་འཛིན་དང༌། ང་རྒྱལ་ལྷའི་རྣལ་འབྱོར་གྱི་ང་རྒྱལ་དང༌། འདོད་ཆགས་དབང་གི་ཡེ་ཤེས་དང༌། ཕྲག་དོག་གང་ཅི་ཡང་རུང་བའི་སྔོན་དུ་བདག་ཉིད་ཁོ་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པའི་བྱང་ཆུབ་ལ་འདུན་པ་དྲག་པོ་དང་འབྲེལ་བའི་བརྩོན་འགྲུས་རྣམས་ཐ་མལ་གྱི་ཉོན་མོངས་དེ་དག་གི་སྟེང་དུ་བསྣན་ཞིང་བསྒོམས་པས། དེ་དང་དེའི་ཡེ་ཤེས་མངོན་དུ་འགྱུར་བ་ནི། ཀུན་རྫོབ་ལ་ལྟོས་པའི་ཐབས་མཁས་སོ། །བླ་མ་རྗེ་བཙུན་ཞལ་གྱི་གདམས་པ་ནི། འདི་ལྟར་རྣམ་རྟོག་སྣང་བ་མ་འགགས་པ་དེ་ཉིད་ལ་བཟོ་བཅོས་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། རྟོག་པ་དང་རྟོག་མེད་མཉམ་ཉིད་དུ་མཐོང་བ་ནི་མཉམ་ཉིད་ཀྱི་ཡེ་ཤེས་དེའི་གནས་ཚུལ་གསལ་བར་མཐོང་བ་ནི་སོར་རྟོག་ཡེ་ཤེས། མངོན་པར་འདུ་བྱེད་པའི་སྣང་བ་ཙམ་མ་འགགས་པ་ནི་བྱ་སྒྲུབ་ཡེ་ཤེས། རང་བཞིན་མི་རྟོག་པ་ནི་ཆོས་དབྱིངས་
ཡེ་ཤེས་ཏེ། དེ་དང་དེའི་རིགས་མཐུན་གྱི་རྒྱུའོ། །ཉོན་མོངས་ཡེ་ཤེས་སྦྱོར་ཚུལ་ནི་རིགས་ལྔའི་གོ་རིམ་བཞིན་ནོ། །བཞི་པ་ལ་དམ་ཚིག་སྤྱི་དང༌། དགོངས་ཏེ་གསུངས་པའོ། །དང་པོ་ལ། བླ་མེད་སྤྱིའི་དམ་ཚིག་དང༌། ཁྱད་པར་རྒྱུད་འདི་ཉིད་ནས་བཤད་པའི་དམ་ཚིག་གོ །དང་པོ་ལ། བསྒྲུབ་བྱའི་དམ་ཚིག་དང༌། སྤང་བྱའི་དམ་ཚིག་གོ །དང་པོ་ལ། རིགས་ལྔའི་དམ་ཚིག་དང༌། རྡོ་རྗེ་གསུམ་གྱི་དམ་ཚིག་གོ །དང་པོ་ལ། རིག་ལྔ་སོ་སོ་དང༌། སྤྱིའི་དམ་ཚིག་གོ །འདིར་སྡོམ་པ་སྒྲག་གཟུང་གི་རྣམ་གཞག་ནི་ཡི་གེ་མངས་པར་འགྱུར་བས་མི་འདྲི་ལ་སྙིང་པོ་ཙམ་བརྗོད་ན། དང་པོ་ནི། རྣམ་སྣང་སོགས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམ་སྣང་གི་རིགས་ཀྱི་དམ་ཚིག་ཡིན་པས། དེའི་བསླབ་བྱ་རྣམས་ཀྱང་བསྲུང་དགོས་པ་ཡིན་ནོ། །སྐྱབས་འགྲོ་དེ་ཡང་རྒྱུའི་དུས་སུ་བྱང་ཆུབ་སེམས་ཀྱིས་ཟིན་པ། ངོ་བོའི་དུས་སུ་གོང་དུ་བཤད་པ་བཞིན་གྱི་སྐྱབས་ཡུལ་གསུམ་པོ་དེ་ལ་གནས་སྐབས་སུ་བློ་ཁེལ་བའི་སྒོ་ནས་སྐྱབས་ཞུ་ཞིང༌། མཐར་ཐུག་སྐྱབས་ཡུལ་གྱི་གོ་འཕང་ཐོབ་པར་འདོད་པས་སྐྱབས་སུ་ཁས་བླངས་པ། རྗེས་སྐྱབས་གནས་གཞན་མི་ཚོལ་ཞིང་སེམས་ཅན་ཐམས་ཅད་སྒྲོལ་བར་ཞུགས་པ་སྟེ། ཁྱད་པར་ལྔ་ལྡན་དགོས་སོ། །མི་བསྐྱོད་པའི་རིགས་ལ། རྡོ་རྗེ་ཐུགས་དང༌། དྲིལ་བུ་གསུང་དང༌། ཕྱག་རྒྱ་སྐུའི་དམ་ཚིག་དང༌། སློབ་དཔོན་གྱི་དམ་ཚིག་དང་བཞིའོ། །དང་པོ་ནི།
སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་དང༌། ཐུན་མོང་མ་ཡིན་པ་བདེ་བའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་དམ་ཚིག་གསུམ་གྱི་དྲིལ་བུ་དང་ཕྱག་རྒྱ་ནི་འོག་ནས་འབྱུང་བའི་རྡོ་རྗེ་གསུམ་གྱི་དམ་ཚིག་གི་སྐབས་སུ་བཤད་པར་བྱའོ། །སློབ་དཔོན་གྱི་དམ་ཚིག་ནི། སློབ་དཔོན་རྡོ་རྗེ་སེམས་དཔའ་དངོས་སུ་ལྟ་ཞིང༌། རྙེད་བཀུར་བྱ་བ་དང༌། ཡོན་དབུལ་བ་དང༌། བཀའ་བཞིན་སྒྲུབ་པ་དང༌། སྤྱོད་ལམ་རྣམ་པར་དག་པས་བསྟེན་པ་སྟེ། མདོར་ན་བླ་མ་བསྟེན་ཚུལ་རྣམ་པར་དག་པ་སྟེ། རྒྱས་པར་བླ་མ་ལྔ་བཅུ་པ་སོགས་ལས་ཤེས་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་དམ་ཚིག་ལ། སྦྱིན་པ་རྣམ་པ་བཞི་ཉིན་ལན་གསུམ། མཚན་ལན་གསུམ་དུ་སྦྱིན་པར་གསུངས་ཏེ། དངོས་སུ་སྦྱིན་མ་ནུས་ཀྱང་སྦྱིན་སེམས་ཡོད་པས་ཆོག་གོ །བྱམས་པའི་སྦྱིན་པ་ནི་སེམས་ཅན་ཚད་མེད་པ་ལ་བྱམས་པས་སྒོམ་པའོ། །པདྨའི་རིགས་ལ་ཆོས་མཐའ་དག་བཟུང་སྟེ། ཕྱི་དང་གསང་བའི་ཐེག་པ་གསུམ་ཞེས་འབྱུང་བའི་དབང་དུ་བྱས་ན། ཕྱི་མདོ་དང་གསང་བ་སྔགས་ཀྱིས་བསྡུས་པའི་ཐེག་གསུམ་གྱི་ཆོས་སོ། །འོན་ཀྱང་འདིར་ཕྱི་ཕ་རོལ་ཏུ་ཕྱིན་པ། ནང་རྒྱུད་སྡེ་འོག་མ་གསུམ། གསང་བ་རྣལ་འབྱོར་བླ་མེད་དོ། །དེ་རྣམས་ཀྱི་ཚིག་གམ་དོན་རང་བློས་ཅི་ནུས་ཀྱིས་འཛིན་པའོ། །ལས་ཏེ་དོན་གྲུབ་ཀྱི་རིགས་ཀྱི་དམ་ཚིག་ནི། དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་ཡིན་ནོ། །
སྐྱབས་གསུམ། དམ་ཚིག་གསུམ། སློབ་དཔོན། སྦྱིན་པ་བཞི། ཕྱི་དང་གསང་བའི་ཆོས་གཉིས། མཆོད་པ་སྟེ། རིགས་ལྔའི་དམ་ཚིག་བཅུའི་ཐ་སྙད་ཡོ་ག་ལ་མཁས་པ་རྣམས་མཛད་དོ། །སྡོམ་བདུན་ཞེས་བྱ་བ་ནི། རིགས་ལྔ་སྤྱིའི་དམ་ཚིག་རྣམས་ཏེ། རིགས་འདི་ཡང་རིགས་གཞན་བཞི་པོ་ཀུན་ཏུ་འགྲོ་བའི་ཕྱིར། འདིར་སྦྱར་ཡང་འགལ་བ་མེད་པའི་དབང་དུ་བྱས་པའོ། །གཉིས་པ་ནི། ཅུང་ཟད་ཁ་བསྐང་བ་དང་བཅས་ཏེ་བཤད་ན། དེ་ལས་གཞན་ཡང་བཅུ་བཞི་ནི། ཕས་ཕམ་པར་ནི་རབ་ཏུ་བཤད། ཅེས་གསུངས་ཏེ། ནམ་མཁའི་སྙིང་པོའི་མདོ་ནས་གསུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕས་ཕམ་བཅུ་བཞི་སྟེ། མདོར་བསྡུས་སུ་བརྗོད་ན། དཀོན་མཆོག་གསུམ་ཡི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། ཅེས་པ་དང་པོ་དཀོན་མཆོག་གི་དཀོར་འཕྲོག་པ་ནི། སངས་རྒྱས་ཀྱི་དུས་མཆོད་དང༌། ལྷ་ཁང་གི་ཡོ་བྱད་དང་མཆོད་པ། གླེགས་བམ་གྱི་རྒྱུ་དང་ཡོ་བྱད་དང༌། དགེ་སློང་དང་བྱང་ཆུབ་སེམས་པ་བཞིར་ལོངས་པའི་སྤྱི་རྫས་དང༌། ཕྱོགས་བཞིའི་དགེ་འདུན་གྱི་བསོད་སྙོམས་ལ་དམིགས་པའི་ཚུལ་རྣམས་རང་དབང་དུ་བྱེད་པ་དང༌། ཕྱོགས་བཞིའི་བསོད་སྙོམས་འགོགས་པ་ལ་སོགས་པའོ། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པ་ཡིན་པར་ཐུབ་པས་གསུངས། ཞེས་གཉིས་པ་ནི་ཆོས་སྤོང་སྟེ། ཐེག་པ་གསུམ་གྱི་ཆོས་གང་ཡང་རུང་
བ་གཅིག་ལ་ཆོས་མ་ཡིན། མི་བདེན་ཞེས་སོགས་ཉོན་མོངས་པ་ཅན་གྱི་ཀུན་ནས་བསླངས་ནས་སྐུར་པ་འདེབས་པའོ། །གཙོ་བོར་འདི་རྟོགས་པའི་ཆོས་ཉམས་ལེན་ལ་བཤད་ཀྱང་ལུང་ལ་ཡང་འདྲའོ། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་རྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་བ་འབེབས་པ་དང༌། །སྲོག་དང་འབྲལ་བྱེད་གསུམ་པ་ཡིན། །ཞེས་གསུམ་པ་ནི། རབ་བྱུང་ལ་རྡེག་འཕྲོག་བྱེད་པ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལྟ་ཅི་སྨོས། ཚུལ་ཁྲིས་འཆལ་བའི་དགེ་སློང་ལ་ཡང་ཁྱོད་ཀྱིས་འདི་གྱོན་པར་མི་འོས་ཞེས། རབ་བྱུང་གི་རྟགས་འཕྲོག་པ་དང༌། རྡེག་པ་དང༌། བཙོན་ཁང་དུ་འཇུག་པ་སོགས་ཆད་པས་གཅོད་པ་དང༌། བཙུན་པ་ལྡོག་ཏུ་འཇུག་པ་དང༌། གསོད་པ་རྣམས་གང་ཡང་རུང་བའོ། །ལོག་པར་ལྟ་བ་འཛིན་པ་དང༌། ཞེས་བཞི་པ་ནི་ལོག་ལྟ་འཛིན་པའོ། །མཚམས་མེད་ལྔ་ནི་བྱེད་པ་དང༌། །ཞེས་ལྔ་པ་ནི་མཚམས་མེད་བྱེད་པ་སྟེ། ལུས་གང་གིས་བསྐྱེད་པའི་ཕ་དང་མ་གསོད་པ་དང༌། དགྲ་བཅོམ་པ་གསོད་པ་དང༌། འཁོར་ལོའི་དབྱེན་དང༌། ངན་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་རྨ་བྱུང་སྟེ་སྐུ་འཚལ་འབྱིན་པའོ། །ཐ་མ་གཉིས་ནི་ད་ལྟ་འབྱུང་བ་དཀོན་ཡང་ཕྱོགས་མཐུན་ཡོད་པས། སྐུ་གཟུགས་དང་གླེགས་བམ་འཇིག་པ་དང༌། དགེ་སློང་གི་དགེ་འདུན་ནང་མི་མཐུན་པར་བྱེད་པའོ། །གྲོང་ལ་སོགས་པ་འཇོམ་པར་ཡང༌། །
ཞེས་དྲུག་པ་ནི་གྲོང་འཇོམས་པ་སྟེ། སོགས་ཁོངས་སུ་གྲོང་ཁྱེར་དང་གྲོང་རྡལ་བསྡུ་བ་ཡིན་པས། དེ་གཉིས་ལྟ་ཅི་སྨོས། གྲོང་གཅིག་གི་ཡང་ཞིང་ཁང་ཁྱིམ་ནོར་རྣམས་ཕྲོགས་ཏེ། མི་རྣམས་བསྐྲོད་པ་སོགས་བྱེད་པའོ། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང༌། །ཞེས་བདུན་པ་ནི། མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ་སྟེ། དེ་བློར་མི་ཤོང་བའམ་སྟོང་པ་ལ་བརྟེན་ནས་ཆད་ལྟ་སྐྱེ་བའི་རིགས་ཅན་ལ་སྟོང་ཉིད་ཀྱི་རྣམ་གཞག་འཆད་པའམ་གདམས་ངག་འབོགས་པའོ། །སངས་རྒྱས་ཉིད་དུ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལས་ཟློག་དང༌། །ཞེས་བརྒྱད་པ་ནི། སེམས་བསྐྱེད་ཟློག་པ་སྟེ་ཐེག་ཆེན་དུ་སེམས་བསྐྱེད་ཟིན་པ་ལ། སངས་རྒྱས་སྒྲུབ་པ་ནི་ཤིན་ཏུ་དཀའ་བས་ཐེག་པ་འོག་མ་གཉིས་གང་རུང་ལ་ཞུགས་ན་ལེགས་ཞེས་དེའི་འདུན་པ་ལྡོག་པའོ། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་མི་སྦྱོར་དང༌། །ཞེས་དགུ་པ་ནི། སོ་སོར་ཐར་པ་དང་འབྲལ་དུ་འཇུག་པ་སྟེ། སོ་ཐར་སྡོམ་པ་ལ་གནས་པ་ཞིག་ལ་འདི་དཀའ་བ་ཆེ་ལ་དོན་ཆུང་བས་བོར་ལ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ན་ལེགས་སོ་ཞེས་པ་ལྟ་བུའི་ཚིག་གིས་དེ་སོ་ཐར་ལ་འདུན་པ་ལྡོག་ཅིང༌། ཐེག་ཆེན་ལ་ཡང་མ་སྦྱར་བར་བར་མ་དོར་ལུས་པའོ། །དེ་བཞིན་དུ་སློབ་མའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཞེས་བཅུ་པ་ལ་ཐེག་དམན་ལ་སྨོད་པ་ནི། ཉན་ཐོས་ཀྱི་
ཐེག་པས་ཉོན་མོངས་མི་སྤོང་ཞེས་དེ་ལ་འདུན་པ་ལྡོག་ཏུ་འཇུག་པའི་ཕྱིར་ཕྲ་དོག་གི་སེམས་ཀྱིས་སྨོད་པའོ། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །ཞཻས་བཅུ་གཅིག་པ་ནི། རྙེད་བཀུར་དོན་དུ་གཉེར་བས་གཞན་གྱི་ཆོས་དང་གང་ཟག་ལ་སྐུར་བ་འདེབས་ཤིང་བདག་ཉིད་ལ་བསྟོད་པའོ། །བདག་ནི་ཟབ་མོ་ཞི་བ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །ཞེས་བཅུ་གཉིས་པ་ནི། རྙེད་བཀུར་དང་གྲགས་པའི་དོན་དུ་ཁོ་བོ་ནི་ཟབ་མོ་ཞི་བ་ལ་ལམ་རྣམ་དག་སྟོན་པ་ཡིན་ཏེ། ཐར་པ་འདོད་པ་རྣམས་ངའི་རྗེས་སུ་ཞུགས་ཤིག་ཅེས་སྨྲས་པ་ལྟ་བུའོ། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པ་བྱེད་པ་དང༌། །ཞེས་བཅུ་གསུམ་པ་ནི། རང་དང་མི་མཐུན་པའི་དགེ་སྦྱོང་ལ་རྒྱལ་པོའམ་བླཽན་པོ་ལ་སོགས་པའི་དྲུང་དུ། ཕྲ་མ་སྦྱར་ཏེ་ཆད་པ་གཅོད་དུ་བཅུག་པའམ། དེའི་ཆེད་དུ་དཀོན་མཆོག་གི་རྫས་རྒྱལ་པོ་སོགས་ལ་སྦྱིན་པ་དང༌། ཆད་པ་འོང་བར་ཤེས་ནས་དེས་རང་ལ་དཀོན་མཆོག་གི་རྫས་བྱིན་པ་བླངས་ན། དེ་གསུམ་ཀ་རྩ་ལྟུང་ངོ༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། ཁ་དོན་བྱེད་ལ་སྦྱིན་པ་ནི། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་བཅུ་བཞི་པ་ནི། ཞི་གནས་འདོར་བ་སྟེ་ཏིང་ངེ་འཛིན་སྒོམ་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་བར་ཆད་
བྱེད་པ་དང༌། ཡུལ་མི་གཙོ་བོའི་དྲུང་དུ་བསམ་གཏན་པ་རྣམས་ལ་སྐྱོན་མང་པོ་བརྗོད་ནས་བསམ་གཏན་པའི་ལོངས་སྤྱོད་བཤད་པ་བྱེད་པ་ལ་སྒྱུར་བ་གཉིས་སོ། །དེ་ལྟ་ན་སྡོམ་པ་བསྒྲགས་པ་ལས། སྤངས་ཤིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་རྩ་ལྟུང་སྤོང་བའི་གཉེན་པོ་རྣམས་ཡིད་ཀྱི་སྤངས་པ་དང༌། ལུས་ངག་གི་དོར་བ་གཉིས་མི་བྱ་ཞེས་པའམ། རྩ་ལྟུང་རྣམས་སྤངས་ཤིང་གོ་ཆ་དོར་བར་མི་བྱ་ཞེས་པའི་དོན་ནོ། །འདི་དག་རྩ་བ་ལམ་བསྟེན་པའི་སྐབས་འདིར་ཁོ་བོས་དངོས་སུ་མི་བརྗོད་པ་ནི། གོང་དུ་སེམས་བསྐྱེད་ཀྱི་སྐབས་དང༌། ལས་ཀྱི་རིགས་ལ་སྡོམ་པ་ཐམས་ཅད་ཅེས་པའི་སྡོམ་པའི་གཙོ་བོ་འདི་རྣམས་ཡིན་པས། དེར་འདུས་པར་བསམ་མོ། །སྲོག་གཅོད་པ་སོགས་གོང་དུ་བརྗོད་ཟིན་ཏོ། །སེམས་ཅན་འདུལ་བའི་དོན་མ་ཡིན་པ་གཞན་ཡང་ཐམས་ཅད་སྤང་བར་བྱ་བ་དང༌། དམ་པ་སྟེ་ནང་གི་རྣལ་འབྱོར་ཅན་རྣམས་གུས་པས་བསྟེན་ཞིང་བརྙེད་བཀུར་སོགས་ཀྱིས་མཆོད་པ་བྱ་བ་དང༌། གོང་དུ་བཤད་པའི་མི་དགེ་བ་བཅུ་སྤོང་བ་དང༌། སྟོང་པ་ཉིད་དང་སྙིང་རྗེའི་བསླབ་བྱ་རྣམ་པ་བཞི་ནི། ཐེག་དམན་སོགས་ཏེ། དམ་ཚིག་བཤད་པ་དང༌། སྡོམ་པ་བསྒྲགས་པ་ལས་ཀྱང༌། ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤོང༌། །མྱ་ངན་འདས་ལ་དགར་མི་འགྲོ། །ཞེས་པ་ལྟར། རང་དོན་དུ་བྱང་ཆུབ་མི་གཉེར་བ་དང༌། སེམས་
ཅན་འཁོར་བ་ལས་སྒྲོལ་བའི་དོན་ལ་རྒྱབ་ཀྱིས་མི་ཕྱོགས་པ་དང༌། འཁོར་བ་རང་བཞིན་རྣམ་པར་དག་པར་ཤེས་པས་སྤང་བྱར་མི་ཞེན་ཞིང༌། མྱ་ངན་ལས་འདས་པ་ཡང་རང་བཞིན་མེད་པར་ཤེས་པས་ཐོབ་བྱར་མི་ཞེན་པའོ། །དེ་རྣམས་ཀྱི་དོན་བསྡུས་པ་ནི། མཐའ་ལ་གནས་མི་བགྱིད། །ཅེས་པ་སྟེ། མཐའ་ནི་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་སོ། །སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ནི། བླ་མེད་ཁོ་ནའི་དབང་དུ་བྱས་པ་སྟེ། ཇི་སྐད་དུ། རྡོ་རྗེའི་ལུས་ཅན་དམ་ཚིག་པས། །ལས་བྱུང་སྐྱེས་པ་བུད་མེད་ཀྱི། །དུ་མའི་གཟུགས་ལ་བརྙས་མི་བྱ། །རྡོ་རྗེ་སེམས་དང་དམ་ཚིག་པས། །ངན་པར་རྟོག་དང་བཟང་པོར་རྟོག །རང་གི་སེམས་ཀྱིས་རང་སེམས་ལ། །ཕྱི་མས་སྔ་མ་སུན་མི་དབྱུང༌། །རྡོ་རྗེ་ངག་གི་དམ་ཚིག་པས། །འདོད་པས་བསྐྱེད་པའི་ཚིག་རྩུབ་མོ། །ཕྲ་མ་ལ་སོགས་བདེ་བའི་ཚིག །ངག་ཏུ་རྣམ་པར་སྨྲ་བར་བྱ། །ཞེས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། གཞན་ཡང་སཾ་པུ་ཊི་ལ་སོགས་པ་རྒྱུད་སྡེ་མང་པོར་མགྲིན་གཅིག་ཏུ་གསུངས་པ་ཡིན་ཏེ། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མ་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུའི་རྡོ་རྗཻའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་གདུང་བ་དང༌། །ཀུན་རྟོག་དྲ་བའི་རྣམ་རྟོག་གིས། །སེམས་ལ་རབ་སྨད་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲག་དོག་
ཉིད་ཀྱིས་མ་རངས་པས། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །རྣ་བར་བདེ་བར་བྱེད་པ་ཉིད། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་སམྤུ་ཊིར་གསུངས་པའོ། །གོང་གི་ཕྲ་མ་ཞེས་པ་འགྱུར་སྐྱོན་ཏེ། ངག་ཀྱལ་ཏེ་གཏམ་སྣ་ཚོགས་པའོ། །རྩུབ་མོ་ནི་ཉོན་མོངས་ཅན་གྱི་དོན་ནོ། །ཕྱི་མ་ལྟར་ན་གཞན་ལ་ཚིག་རྩུབ་མི་སྨྲ་ཞེས་པའོ། །ལུང་གོང་མ་འདི་གྲོལ་བའི་ཐིག་ལེར་ཡང་དྲངས་སོ། །བདེ་མཆོག་གི་གཞུང་རྣམས་སུ་ཡང༌། དཔའ་བོ་རྣལ་འབྱོར་མ་ཀུན་ལ། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། ཞེས་པའི་དཔའ་བོ་དང་རྣལ་འབྱོར་མ་ནི་སྐྱེས་པ་དང་བུད་མེད་དོ། །དེས་ན་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ཡིན་པས་རིགས་དྲུག་ཏུ་གཏོགས་པའི་སྐྱེས་པ་དང་བུད་མེད་ཀྱི་ལུས་གང་ལ་ཡང་མི་བརྙས་པ་ནི་སྐུ་རྡོ་རྗེའི་དམ་ཚིག་དང༌། རང་གཞན་གྱི་སེམས་འགྱོད་པ་ལ་སོགས་པའི་ཀུན་ཏུ་རྟོག་པས་སྔ་ཕྱིར་སུན་ཕྱུང་བས་ཟུག་ངུ་བསྐྱེད་པ་སོགས་མི་བྱེད་པ་ཐུགས་ཀྱི་དམ་ཚིག་དང༌། ཚིག་རྩུབ་སྤངས་ཤིང་དགའ་བའི་གཏམ་གྱིས་ཡིད་གཞན་དུ་མ་གྱུར་པར་རྣ་བ་བདེ་བར་བྱེད་པ་ནི་གསུང་གི་དམ་ཚིག་གོ །དེ་དག་བླ་མེད་ཐམས་ཅད་དང༌། ཁྱད་པར་སྡོམ་པའི་རྒྱུད་འདིའི་སྒྲུབ་པ་པོ་རྣམས་ཀྱིས་བུད་མེད་གང་ཅི་ཡང་རུང་བ་ཐམས་ཅད་ལ་གཡོན་སྐོར་གྱིས་བསྐོར་བ་དང་ཕྱག་ལན་གསུམ་བྱས་ལ་རྗེས་སུ་བཟུང་བར་གསོལ་བ་ཡང་གདབ་དགོས་ཏེ། དམ་ཚིག་སྦྱིན་པ་ལས། བུད་མེད་མཐོང་བ་ཐམས་
ཅད་ལ། གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་བུ་ཁྱོད་ནི་མ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །ཞེས་གསུངས་ཏེ། གཡོན་པའི་ཀུན་སྤྱོད་འདི་ཙམ་མ་གཏོགས་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ཐོབ་པའི་ཕྱིར་ཡིན་པས་མ་རྒྱུད་ཐམས་ཅད་ལ་དགོས་པ་འདྲའོ། །རྡོ་རྗེ་རྩེ་མོར་སྡོམ་པ་སྒྲགས་པ་ལས་ནི། ལྷ་དང་ལྷ་མིན་གསང་བ་པ། ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཞེས་གསུངས་པ་དང༌། གཞན་ལས། ལྷ་ལ་ཕུལ་བའི་སྙིགས་མ་དང༌། དེ་ཡི་གྲིབ་མའང་འགོམ་མི་བྱ། །ཞེས་སོགས་ནི། རྣལ་འབྱོར་ཕྱིའི་དབང་དུ་བྱས་པ་སྟེ། གསང་བ་པ་ནི་གནོད་སྦྱིན་ནོ། །ཕྱག་རྒྱ་སོགས་ལ། ཐུན་མོང་ནི་ཕྱག་རྒྱ་སྟེ་ལྷའི་སྐུ་གཟུགས་བརྙན་དང༌། སེང་གེ་གླང་པོ་སོགས་ལྷའི་བཞོན་པའི་གཟུགས་དང༌། མཚོན་ཆ་ཕྱག་མཚན་དང་རྡོ་རྗེ་དང་འཁོར་ལོ་སོགས་ལྷའི་མཚན་མའི་གཟུགས་བརྙན་རྣམས་ལ་མི་འགོམས་པ་དང༌། རྣལ་འབྱོར་ཆེན་པོ་འདིར་ཐུན་མོང་མ་ཡིན་པ་ལ་སློབ་དཔོན་གྱི་ཕྱག་རྒྱ་དང་བཞོན་པ་རྟ་ལ་སོགས་པ་དང༌། ཕྱག་ཏུ་བསྣམས་པ་དང༌། སྟན་དང་གོས་དང་སྐུ་བརྙན་ལ་སོགས་པ་སྐུའི་གྲིབ་མའི་བར་དུ་མི་འགོམ་པའོ། །གཉིས་པ་རིགས་གསུམ་གྱི་དམ་ཚིག་ནི། སེམས་ཉིད་
སོགས་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི། །རང་གི་སེམས་ཡེ་ཤེས་ལྔའི་ས་བོན་ནམ་ནུས་མཐུ་ཅན་ཏེ། སེམས་ཡེ་ཤེས་ལྔའི་ངོ་བོར་གནས་པ་དོན་དམ་པའི་རྡོ་རྗེའོ། །དེ་དེ་ལྟར་ཤེས་ནས་ལྟ་བ་སྐྱོང་ཞིང་ངོས་འཛིན་པ་ནི། རྡོ་རྗེ་དེའི་དམ་ཚིག་བཟུང་བ་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་འཛིན་པའོ། །ཐོག་མཐའ་མེད་པའི་སེམས་ཅན་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་རྡོ་རྗེའི་དོན་དྲན་པ་སྟེ། ཐོག་མཐའ་མེད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་རྡོ་རྗེ་སེམས་པའི་ཐུགས་བདེ་བའི་ངོ་བོ། དུས་ཐམས་ཅད་དུ་རང་བཞིན་དྲི་མས་མ་གོས་པས་ཀུན་ཏུ་བཟང་པོ། ཆོས་ཐམས་ཅད་འདིའི་སྣང་བ་ཡིན་པའི་ཕྱིར་ཀུན་བདག་ཉིད་དོ། །དྲིལ་བུ་གསུང་གི་དམ་ཚིག་ནི། སྒྲ་ཐམས་ཅད་གྲག་སྟོང་ཙམ་ཡིན་པས་གང་མཚོན་པ་ནི། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དེ་ཚིག་གི་ཡུལ་ལས་འདས་ཤིང་བརྗོད་པ་དང་བྲལ་བ་ཆོས་ཐམས་ཅད་ལ་སྟོང་པ་ཐ་དད་མེད་པ་དང༌། ནམ་མཁའ་ཐོགས་བཅས་བཀག་ཙམ་མ་གཏོགས་ལོངས་སྤྱོད་དུ་གྲུབ་པ་མེད་པ་ལྟར་ཆོས་ཐམས་ཅད་ནམ་མཁའ་ལྟར་རང་བཞིན་མ་གྲུབ་པ་སྟེ། འོ་ན་སྟོང་པ་དེ་ཉིད་ཡོད་དམ་སྙམ་ན། ཅི་ཡང་མིན་པའི་མཚན་ཉིད་ཅན་གྱི་ཕྱིར་སྟོང་པ་དེ་ག་ལ་ཡོད། ཇི་སྐད་དུ། ཐམས་ཅད་ནམ་མཁའ་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་དྲིལ་བུའི་ངེས་དོན་དུ་གསུངས་ཏེ།
གནས་སྐབས་པའོ། །ཡང་ན་རང་རིག་ནམ་མཁའ་ལྟ་བུའི་རྩལ་ཆོས་ཐམས་ཅད་ཡིན་པ་དང༌། སེམས་དེ་ཡང་ནམ་མཁའ་ལྟར་སྣང་སྟོང་ངོ་ཞེས་པ་སྟེ། འདི་ངེས་དོན་མཐར་ཐུག་གོ །མཁའ་མཉམ་ཞེས་པ་ནི་ནམ་མཁའ་དང་འདྲ་བའོ། །སྐུ་སྒྱུ་འཕྲུལ་དང་མཚུངས་པ་སྟེ། ལྷ་སྐུ་སྣང་སྟོང་དང༌། ཐུགས་བདེ་བས་གང་བའི་ཟུང་འཇུག་ནི་ཕྱག་རྒྱ། དེ་སྒོམ་པ་ནི་ཕྱག་རྒྱའི་དམ་ཚིག་གོ །ཡིད་ཀྱི་ལུས་སུ་བསྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །ཅེས་ཡིད་ཀྱི་ངོ་བོར་ཤར་བའི་སྐུ་དང་སྟོང་པ་དབྱེར་མེད་པའི་རྣལ་འབྱོར་ལ་གནས་ནས། འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པ་ནི་རིག་པ་འཛིན་པ་རྣམས་ཀྱིས་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ །གནས་སྐབས་སུ་ཚད་དང་ལྡན་པའི་རྡོ་རྗེ་དྲིལ་བུ་ཆོ་ག་བཞིན་དུ་འཛིན་པ་དང༌། ལག་པའི་ཕྱག་རྒྱ་ཆོ་ག་བཞིན་འཆང་བ་ན་ཡང་དེ་དག་དྲན་དགོས་པ་ཡིན་ལ། དོན་དམ་དེ་རྣམས་ཐོབ་པའི་ཕྱིར་ཀུན་རྫོབ་ལ་ཡང་བརྙས་པར་མི་བྱའོ། །གཉིས་པ་སྤང་བྱའི་དམ་ཚིག་ནི། ཉི་ཤུ་སོགས་ཏེ། ལྟུང་བ་ཉེར་གཉིས་པོ་ལ་སོགས་པ་སྟེ་གོང་དུ་ཞིབ་མོར་གཏན་ལ་ཕབ་ཟིན་ཏོ། །གཉིས་པ་འཁོར་ལོ་བདེ་མཆོག་གི་རྒྱུད་ནས་བཤད་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་ལ་ཚེས་བཅུའི་མཆོད་པ། ལག་མཆོད། གཡོན་པའི་ཀུན་སྤྱོད། རྡོ་རྗེ་བཞིའི་ངེས་དོན་ཀྱི་མཆོད་པ། ཕྱག་རྒྱ་བཞི་བསྟེན་པ་དཔའ་བོ་དང་རྣལ་འབྱོར་མ་ལ་
མཆོད་པ། བརྡའི་དམ་ཚིག །ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་རྣམས་ལས། དང་པོ་ནི། ཚེས་བཅུ་སོགས་ཏེ། དེ་ཡང་རྩ་བའི་རྒྱུད་ལས། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །གུས་པ་ཡིས་ནི་གཏོར་མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་ངོ་ཡི་ནི་ཚེས་བཅུ་དང༌། །ཟླ་བ་ཡར་ངོར་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །རྡོ་རྗེ་ལྷ་མོ་སྨྱོས་བྱེད་ཤ་རྣམས་ཀྱིས། །སྐྱེ་བོ་གུས་པས་དེ་རྣམས་མཆོད་བྱས་ན། །ཧེ་རུ་ཀ་དཔལ་མངོན་དགར་གྱུར་པ་ཡི། །གང་ཕྱིར་དེ་རྣམས་ལག་ན་མཆོག་གི་གནས། །མགུ་བའི་སེམས་ཀྱིས་མཆོག་རྣམས་སྩོལ་བར་འགྱུར། །མཚན་མོ་བརྟུལ་ཞུགས་ཅན་གཏོར་མ། །གཅེར་བུ་སྐྲ་གྲོལ་གྱུར་པས་སྦྱིན། །ཧེ་རུ་ཀའི་བདག་ཉིད་དུ། །སྦྱོར་བས་མ་མོ་རྣམས་མཉེས་འགྱུར། །ཞེས་གསུངས་ཏེ། ཚིག་བཅད་དང་པོས་ཆེད་དུ་བྱ་བ་དང༌། ཚིག་གསུམ་གྱིས་དུས་དང༌། ཚིག་ལྔས་མཆོད་པར་བྱ་བ་དང༌། ཚིག་གཉིས་ཀྱིས་སྒྲུབ་པ་པོའི་བྱ་བ་དང༌། ཚིག་ཐ་མས་ཕན་ཡོན་རྣམས་བསྟན་པ་ཡིན་ནོ། །དཀྱིལ་འཁོར་གྱི་མཆོད་པ་རྒྱས་པའམ། ཕྱིར་རོལ་མཆོད་པའི་ཆོ་གགཏོར་མའི་ཆོ་ག་དང་འབྲེལ་བའི་ཚེས་བཅུ་བསྡུས་པ་སྟེ་དེ་གཉིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་ཡིན་ཞིང༌། གཏོར་མའི་ཆོ་ག་ཡང་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་དང༌།
ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་དམ་བདུན་ཅུ་རྩ་གཉིས་ཀྱི་གཏོར་མ་དང༌། ཕྱོགས་སྐྱོང་གཏོར་ཆོག་རྒྱས་པ་དང༌། མཁའ་འགྲོ་སྤྱི་གཏོར་རྒྱས་བསྡུས་རྣམས་ཀྱི་དབྱེ་བས་རྣམ་པ་མང་པོར་འགྱུར་རོ། །དེ་བཞིན་དུ་གཞོན་ནུ་མ་མཆོད་པ་དང༌། རིགས་ལྡན་མ་མཆོད་པ་དང༌། བྱ་རོག་དང་ཅེ་སྤྱང་གི་གཏོར་ཆོག་ལ་སོགས་པ་དེ་རྣམས་ཀྱང་ཚེས་བཅུའི་མཆོད་པའི་ནང་ཚན་ཡིན་ནོ། །དེའི་རིགས་ལྡན་མ་མཆོད་པ་ཞེས་བྱ་བ། གོང་དུ་བཤད་པའི་རིགས་བདུན་སོ་སོའི་མཚན་ཉིད་ཚང་བའི་བུད་མེད་བདུན་ལྷ་མོ་བདུན་དུ་བསྐྱེད་ནས་མཆོད་པ་འབུལ་བ་ཡིན་ལ། དེ་ལྟ་བུ་མ་རྙེད་ན་ཐོད་པ་ལ་སོགས་པའི་ཕྱག་མཚན་བརྒྱད་བྲིས་ནས་མཆོད་པ་ཡིན་ནོ། །འདི་དག་གི་ཆོ་གའི་རིམ་པ་གསལ་བར་གཞན་དུ་བྲི་བར་བྱའོ། །རྣལ་འབྱོར་མ་ཀུན་སྤྱོད་ལས། དགུན་ཟླ་འབྲིང་སོགས་ཟླ་བ་ཡི། །བཅུ་པ་ལ་ནི་གུས་པས་མཆོད། །ཅེས་དགུན་ཟླ་འབྲིང་པོ་ཐོག་མར་སྨོས་པ་ནི་ལོའི་དང་པོ་ཡིན་པའི་དབང་དུ་བྱས་པ་སྟེ། མཁའ་འགྲོ་རྒྱ་མཚོར། མ་རིག་ཆུ་སྲིན་རོ་ཧི་ཏ། ཞེས་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོར། ཤར་ནས་དགུན་ཟླ་འབྲིང་སོགས་བཞག །ཅེས་རོ་ཧི་ཏིའི་ཟླ་བ་དགུན་ཟླ་འབྲིང་པོར་བཤད་ཅིང༌། ཀུན་སྤྱོད་ལས་ཀྱང༌། རྒྱལ་གྱི་ཟླ་བ་ནས་བརྩམས་ཏེ། །བཅུ་པ་ལ་ནི་གུས་པས་མཆོད། །ཅེས་གསུངས་པས། བདེ་མཆོག་གི་ལུགས་ཀྱི་ལོའི་མགོ་ནི་དགུན་ཟླ་འབྲིང་པོ་ཡིན་ལ། དེ་ཉིད་རྒྱལ་གྱི་ཟླ་བ་ལས་གཞན་དུ་བསམ་མོ། །ཡར་ངོ་དང་མར་ངོའི་ཚེས་བཅུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་མཆོད་པའི་དུས་ཀྱི་གཙོ་བོའི་དབང་དུ་བྱས་ལ། ལཱ་མིའི་རིགས་ཀྱི་
མཁའ་འགྲོ་མའི་རིགས་རྣམས་ཀྱི་མཆོད་པའི་དུས་ནི་ཐ་དད་ཡིན་ཏེ། ལཱ་མའི་རིགས་གཞིར་བཞག་པ་ལ། རྣམ་སྣང་གི་རིགས་ཀྱི་ཚེས་བཅུ། རིན་པོ་ཆེའི་རིགས་ཀྱི་ཚེས་བཅུ་བཞི་དང༌། ཚེས་བརྒྱད། པདྨའི་རིགས་ཀྱི་ཚེས་དགུ །རྡོ་རྗེའི་རིགས་ཀྱི་ཚེས་བཅུ་བཞི། ལས་ཀྱི་རིགས་ཀྱི་ཚེས་བཅུ་གཅིག་སྟེ། ཡར་ངོ་དང་མར་ངོ་གཉིས་ཀ་ལ་ཤེས་པར་བྱའོ། །གཉིས་པ་ནི། ལག་མཆོད་ཏེ། འདི་ནི་གཡོན་པའི་ཀུན་སྤྱོད་ཀྱི་ནང་ཚན་ཞིག་ཡིན་ལ། ཚོགས་ཀྱི་མཆོད་པ་དང༌། ཚེས་བཅུའི་ཆོ་ག་བྱེད་པའི་ཚེ། འདི་ངེས་པར་གལ་ཆེ་བ་ཡིན་ཏེ། རྒྱལ་པོ་འཁོར་བཅས་མཆོད་པ་ལ་སྔོན་དུ་ཕྱག་ཚང་བ་མཆོད་པ་བཞིན་ནོ། །ཞེས་གསུངས་ཏེ། མཆོད་པའི་བྱ་བ་ཐམས་ཅད་ལག་པ་གཡོན་པས་བྱ་དགོས་པས། དེ་ཉིད་བྱིན་གྱིས་མ་བརླབས་ན་ཕན་ཡོན་ཆུང་བ་དང༌། ལག་མཆོད་བྱས་པའི་ལག་པ་གཡོན་པའི་ཀུན་སྤྱོད་གང་བྱས་ཀྱང་བྱིན་རླབས་ཆེ་ཞིང༌། རྣལ་འབྱོར་མ་རྣམས་མཉེས་པར་འགྱུར་བ་དེ་ལྟར་གཞན་ལ་མི་འབྱུང་ཞིང༌། སྤྱིར་གནས་གང་དུ་ལྷ་བསྒོམས་ནས་མཆོད་ཀྱང་ཕན་ཡོན་ཆེ་མོད་ཀྱི། ཁྱད་པར་ལག་པ་གཡོན་པའི་རྩ་ཁམས་ལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་སྤྱན་དྲངས། བྱོན་ཏེ་མཆོད་པ་ལེན་པར་མཛད་པའི་གནད་ཁྱད་པར་ཅན་ཡོད་པས་ཕྱི་རོལ་མཆོད་པའམ། ལུས་དཀྱིལ་ལམ་ཕྱི་དཀྱིལ་ཡོངས་རྫོགས་མཆོད་པ་ཙམ་གྱི་ཕན་ཡོན་ཞིག་ལག་མཆོད་འབའ་ཞིག་ལ་ཡང་ཡོད་དེ་
འདི་རྣམས་ཀྱི་རྒྱུ་མཚན་ནི་ཧེ་རུ་ཀའི་བཀའ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །འདིར་དེ་ཇི་ལྟར་བྱེད་པའི་རིམ་པ་ནི་རང་བདེ་མཆོག་གི་ལྷར་གསལ་བཏབ་སྟེ། ལག་པ་གཡས་པའི་མཐེབ་སྲིན་གྱིས་གཡོན་པ་ལ་བསངས་གཏོར་བྱས། བསངས་སྦྱངས། མཐེ་བོང་ལ་ཟླ་གདན། སོར་མོ་གཞན་བཞི་དང༌། སོར་མོ་རྣམས་བསྡུས་པའི་སེན་མོ་སྤྱི་སྟེ་ལྔ་པོ་ལ་ཉི་གདན་དེ་རྣམས་ཀྱི་སྟེང་དུ། ཨོཾ་ཧ་སོགས་རིམ་པས་བཀོད་ལ། དེ་རྣམས་ཡོངས་སུ་གྱུར་པ་ལས་རྒྱུད་ལས་གསུངས་པ་བཞིན། ལྷ་རྣམས་བཀོད་དེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་མཐེ་པོར་གནས། །མཛུབ་མོར་དེ་བཞིན་རྣམ་སྣང་མཛད། །གུང་མོར་པདྨ་གར་དབང་ཕྱུག །སྲིན་ལག་དངོས་གྲུབ་ཐམས་ཅད་ནི། །རབ་ཏུ་སྩོལ་བའི་དཔའ་བོ་བཞུགས། །ཐ་མ་ལ་ནི་མཁའ་སྙིང་པོ། །མི་ཟད་གཟུགས་དང་ལྡན་པ་ཡི། །སེན་མོའི་ངོས་ལ་རྟ་མགྲིན་གྱི། །གནས་སུ་གྱུར་པར་བཤད་པ་ཡིན། །ཞེས་པ་རྣམས་སོ། །དེ་ནས་ལག་པའི་འབྱུང་བཞི་བྱིན་རླབས་ནི། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོར་བཤད་དེ། །རླུང་གི་སྒྲོལ་མར་རབ་ཏུ་བཤད། །ཙུམྤི་ཀ་ནི་སྟོང་པ་སྟེ། །ཞེས་འདི་ལྔ་མོས་པ་ཙམ་གྱིས་ཆོག་གོ །ལག་མཐིལ་ཤྲཱི་ཧེ་རུ་ཀའི། ཕག་མོ་ཀུན་འདུས་དགའ་བྱེད་ཡིན། །རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ། །འདི་ནི་ལག་ཏུ་དགོད་པ་སྟེ། །
མཛའ་བ་ཐམས་ཅད་འདུས་པ་ཡིན། །ཞེས་ལག་མཐིལ་དུ་པདྨ་འདབ་མ་ལྔ་པའི་ལྟེ་བ་ལ། ཨོཾ་བཾ་ཕག་མོ་དམར་མོ་དང༌། ལྷག་མ་ལྔ་མདུན་ནས་གཡོན་སྐོར་གྱིས་བཀོད། ལག་པའི་རྒྱབ་ཀྱི་འཁྲིག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐད་ཅིག་གིས་བསྐྱེད་ལ། གོ་ཆའི་སྔགས་ཟློས་ཤིང་ནང་མཆོད་ལག་པ་གཡོན་ལ་བྱུགས་པས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ངོ་བོ་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཐིམ་ཞིང་འདུས་པའི་ངོ་བོར་མོས། ཁུ་བ་དང༌། གོང་བུའི་རྫས་དང༌། ནང་མཆོད་རྣམས་རང་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། འདོད་དོན་གསོལ་བ་བཏབ། ལག་པ་ལ་གོས་པའི་རྫས་རྣམས་བསྡུས་ལ། སྲིན་ལག་གཡོན་པས་ཅུང་ཟད་བཟུང་ལ། ཧཱུཾ་ཨཱཿཨོཾ་ཞེས་གནས་གསུམ་དུ་བྱུགས་པས་ལག་པའི་ལྷ་རྣམས་རང་ལ་ཐིམ། ཡོ་ག་ཤུདྡྷོའི་སྔགས་བརྗོད། ལག་པའི་མཆོད་པའི་རྫས་ནི་ཅུང་ཟད་ཁ་ཟས་ལ་བསྲེ། གཞན་རྣམས་སྣོད་ཞིག་ཏུ་བཞག་པས་ལོངས་སྤྱོད་འཕེལ་བར་འགྱུར་རོ་ཞེས་བཤད་དོ། །འདི་ནི་ཟས་ཀྱི་རྣལ་འབྱོར་གྱི་སྔོན་དུ་འགྲུབ་ན་ཡང་ཤིན་ཏུ་ལེགས་པ་ཡིན་ནོ། །གསུམ་པ་ནི། རྩ་རྒྱུད་ལས། སྐྱེས་པ་བུད་མེད་གཡོན་ནས་འགྲོ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཞེས་
དགོས་པ་དང༌། འཇིག་རྟེན་ན་རྟག་གཡོན་ནས་སྤྱོད། །ཅེས་མཚོན་དོན་དང༌། རྐང་པ་གཡོན་པ་སྔོན་ལ་འདོར། །ལག་པ་གཡོན་པ་སྔོན་དུ་བསྒྱུར། །གཡོན་གྱི་མཆོད་པས་རབ་མཆོད་བྱེད། །ལུས་ཀྱི་གཡོན་ནས་རྣམ་པར་འཁྲིལ། །གཡོན་པ་ཡིས་ནི་ཚིམ་པར་བཟའ། །ཞེས་གཡོན་པའི་ཀུན་སྤྱོད་དངོས་སུ་གསུངས་ཏེ། འདི་ལ་དགོས་པ་དང༌། མཚན་དོན་དང༌། ངོ་བོ་དང༌། ཇི་ལྟར་བྱ་ཚུལ་བཞི་ལས། དང་པོ་ནི། ལམ་འདི་ལ་བྱིན་གྱིས་བརློབ་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱང་གཡོན་པའི་ཀུན་སྤྱོད་མཛད་པས་སྒྲུབ་པ་པོས་ཀྱང་དེ་ལྟར་བྱས་པ་ན། དམ་ཚིག་དང་ལྡན་པར་མཁྱེན་ནས་མཉེས་ཏེ་དངོས་གྲུབ་གནང་བའི་དགོས་པ་ཡོད་དོ། །གཉིས་པ་ནི། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། ཞེས་འཇིག་རྟེན་ཐམས་ཅད་གཡོན་ལས་བྱུང་བ་ཡིན་ཞེས་གསུངས་པས། གཡོན་གྱིས་ཐབས་ཁུ་བ་དང་ཤེས་རབ་སྟོང་པ་ཉིད་གཉིས་ཆར་མཚོན་ཏེ། མངལ་སྐྱེས་རྣམས་ཀྱི་ལུས་ཁུ་བ་ལས་ངེས་པར་གྲུབ་དགོས་པ་དང༌། ནམ་མཁའ་སྟོང་པ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པར་སྣང་བ་དང༌། ཁམས་གསུམ་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པ་དང༌། གཡོན་པའང་ཤེས་རབ་མཚོན་ཞིང༌། ཐིག་ལེ་རྒྱུ་བའི་རྩ་ཡང་གཡོན་ན་གནས་པ་ཡིན་པས་སོ། །དེ་བྱིན་གྱིས་བརླབས་པས་དྭངས་མ་རྒྱས་
ཏེ་བདེ་བ་འཕེལ་བ་དང༌། ཐིག་ལེ་ལ་རྟེན་འབྲེལ་ལེགས་པར་བསྒྲིགས་ན། ཕོ་ཉ་མོ་རྣམས་ཀྱི་འདུ་བ་འཐོབ་པའི་དགོས་པ་ཡོད་དོ། །དེས་ན་གཡོན་པའི་ཀུན་སྤྱོད་ཀྱིས་བདེ་སྟོང་གཉིས་ཀ་མཚོན་པས་དེ་བྱེད་པའི་ཚེ། དེ་ཉིད་སྒོམ་པའང་གལ་ཆེའོ། །གསུམ་པ་ནི། དངོས་གྲུབ་སྩོལ་བའི་ལྷ་རྣམས་དང་རྣམ་པ་མཚུངས་པའི་སྤྱོད་པའོ། །བཞི་པ་ནི། འགྲོ་བ་དང༌། ལེན་པ་དང༌། བཟའ་བ་དང༌། མཆོད་པ་དང༌། གཡོ་འགུལ་བྱེད་པ་ལ་སོགས་པ་བྱ་བ་ཐམས་ཅད་དང༌། ཁྱད་པར་དུ་ལག་པའི་བརྡ་དང༌། མི་མོ་ལ་འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་ཀུན་གཡོན་པ་སྔོན་དུ་འགྲོ་བའི་གཡོན་པའི་ཀུན་སྤྱོད་བྱའོ། །འདིར་སྨྲས་པ། སྣ་ཚོགས་ཚིག་གི་མདུད་པས་མ་བཅིངས་པར། །ཟབ་མོའི་དོན་ལ་རིག་གྲོལ་སྨྲ་བ་ནི། །སློབ་དཔོན་མཆོག་གི་དྲིན་ལས་ཡང་དག་པའི། །དེ་ཉིད་ཐོབ་པ་ལས་གཞན་སུ་ཞིག་ཡོད། །བཞི་པ་ནི། སྐུ་རྡོ་རྗེའི་དམ་ཚིག་ལ་ཤ་ཆེན་དང༌། གསུང་ལ་ཁུ་ཁྲག་དང༌། ཐུགས་ལ་བཤང་གཅི་དང༌། ཡེ་ཤེས་རྡོ་རྗེའི་དམ་ཚིག་ལ་ཤ་ལྔ་བཟའ་བ་ཡིན་ནོ། །དེ་རྣམས་ཀྱི་ངེས་དོན་དགའ་བའི་ཡེ་ཤེས་ཀྱིས་ཐིག་ལེ་དཔྲལ་པར་བཅིངས་པའི་ནུས་པས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པ་དང༌། མཆོག་དགའི་ཡེ་ཤེས་ཀྱིས་ཐིག་ལེ་མགྲིན་པར་བཅིངས་པས་གཟུགས་ཕུང་དང་རྣམ་ཤེས་གནས་གྱུར་པ་དང༌། ཁྱད་དགའི་ཡེ་ཤེས་ཀྱིས་ཐིག་
ལེ་སྙིང་གར་བཅིངས་པས་ཚོར་ཕུང་དང་འདུ་ཤེས་གནས་གྱུར་པ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཐིག་ལེ་ལྟེ་བར་བཅིངས་པས་དབང་ཤེས་ལྔ་རྣམས་གནས་གྱུར་པ་ཡིན་པར། རྩ་རྒྱུད་དུ། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱབ་པར་བྱ། །ཞེས་པའི་འགྲེལ་པར་ཕྱག་ན་རྡོ་རྗེས་གསུངས་ཏེ། ཤ་ལྔ་བདུད་རྩི་ལྔའི་བཅུད་ལེན་གྱིས་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱས་ནས། དགའ་བཞིའི་རིམ་པས་ཐིག་ལེ་གནས་བཞིར་འཆིང་དགོས་ཞེས་པ་འདི་གྲུབ་བོ། །ལྔ་པ་ནི། བུད་མེད་མཚན་ལྡན་ལས་ཀྱི་ཕྱག་རྒྱ་དང༌། ཡིད་ཀྱིས་བསྒོམས་པའི་བུད་མེད་དམ་ཚིག་གི་ཕྱག་རྒྱ་དང༌། གཏུམ་མོ་སོགས་ཆོས་ཀྱི་ཕྱག་རྒྱ་དང༌། རྣམ་བཅས་རྣམ་མེད་གང་རུང་གི་ཕྱག་ཆེན་ཏེ། ཞག་རེ་བཞིན་དུས་བཞིར་བསྟེན་པའོ། །གང་གི་ཕྱིར་བསྟེན་ཞེ་ན། འཛག་མེད་བདེ་བའི་རྒྱུ་རུ་ཞེས་པ་སྟེ། དེ་ཡང་རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་བྱིན་མི་རློབ། །ཅེས་པ་འགྱུར་གཞན་དུ། ལུས་ཅན་རྣལ་འབྱོར་འགྲུབ་མི་འགྱུར། །ཞེས་གསུངས་པ་བདེ་སྟེ། བདེ་བ་ཆེན་པོའི་ལམ་མེད་ན་དངོས་གྲུབ་མི་འགྲུབ་ཅིང༌། ཕྱག་རྒྱ་དང་བྲལ་བ་ལ་ཐིག་ལེ་བསྟན་པ་མེད་པས་ཐིག་ལེ་འཛག་མེད་ཀྱི་དོན་དུ་ཕྱག་རྒྱ་བསྟེན་པ་སྟེ། དུས་འཁོར་གྱི་རྒྱུད་ཕྱི་མར། བྱང་ཆུབ་དོན་དུ་གཅིག་ཏུ་སྦྱིན་པ་ལ་སོགས་ལམ་ནི་དགེ་བཅུ་ལྡན་ལས་གཞན་མ་གསུངས། དབུ་མའི་
དགའ་བ་གཅིག་པུ་བྷ་གར་དཀྲུགས་པ་གཅིག་པུས་གྲུབ་འགྱུར་ལམ་གཞན་གྱིས་མ་ཡིན། ཞེས་དང༌། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་པ་ལས། འཛམ་བུ་གླིང་པའི་འཇིག་རྟེན་གྱི་འཛག་པའི་བདེ་བའོ། །དེ་རྣམས་ལོ་བརྒྱའི་ཚེ་རྣམས་སོ། །བཅོམ་ལྡན་འདས་བུད་མེད་མེད་པ་ལས་ཅི་ལྟར་ཁུ་བ་རེངས་པར་འགྱུར། ཁུ་བ་རེངས་པ་དང་བྲལ་བ་ལས་ཚེ་རིང་པོར་རྗེས་སུ་འགྲོ་བ་མེད་དོ། །ཞེས་པའི་རྗེས་སུ་འགྱུར་བ་རེངས་པར་བྱེད་པའི་ངག་འདྲེན་རིགས་གསུམ་དང་ལུས་གདན་རྩ་བ་བཅིང་བ་ཡང་གསུངས་པ་དང༌། རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་པདྨ་མཉམ་སྦྱོར་བས། །བདེ་བ་ཐམས་ཅད་སྟེར་བར་བྱེད། །རླུང་གི་དེ་ཉིད་རིག་པ་ཡིས། །རྩ་ཡི་དབུས་སུ་འཛིན་པར་བྱེད། །ཅེས་དང༌། བྱང་ཆུབ་སེམས་ནི་ཞུ་བྱས་པ། །རྡོ་རྗེའམ་པདྨའི་རྩེར་གནས་པ། །རླུང་གི་བཟུང་བའི་སྐད་ཅིག་ནི། །རྒ་ན་འགུགས་པའི་སྦྱོར་བ་དང༌། །ཀྵཱི་སྔགས་ཀྱི་ནི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་གིས་འཐོབ་པར་བྱེད། །ཅེས་དང༌། རྡོ་རྗེ་མཁའ་འགྲོ་ལས། སྟོད་རྒྱུད་སྦྱོར་བ་ལ་སོགས་ཚོགས། །ཞེས་སོགས་རྒྱ་ཆེར་གསུངས་ཏེ་མདའ་དང་ལྕགས་ཀྱུའི་མིང་ཅན་སོགས་མང་པོ་གསུངས་པ་དང༌། ཛེ་ཏཱ་རིས་ཀྱང༌། འཇུག་པའི་རླུང་ནི་བསྡམས་ནས་ཀྱང༌། །སྟེང་དུ་དྲངས་ཏེ་སྦྱར་བར་བྱ། །ཇི་སྲིད་ལྡོག་པར་གྱུར་བར་དུ། །རྣལ་འབྱོར་པ་ཡིས་བཅིང་བར་བྱ། །ཞེས་གདན་བཞིའི་དེ་ཉིད་བཞི་པར་ཡང་བཤད་པ་
སོགས་ཡོད་པས་རླུང་སྦྱོར་དང་འཁྲུལ་འཁོར་རྩོལ་བཅས་ཀྱི་འགྱུར་བ་འགེགས་དགོས་པ་རྣམས་ཕྱག་རྒྱའི་ལམ་རྣམ་དག་མ་ཡིན་ཞེས་སྨྲ་ཞིང༌། དེ་དེའི་མན་ངག་དང་ལུས་སྤྱོད་སོགས་ལ་སྡང་སྨྲས་བྱེད་པ་རྣམས་ཀྱང་སྙིང་པོ་མེད་པར་ཤེས་པར་བྱའོ། །དེས་ན་ཐུན་མོང་དུ་ཚངས་པར་སྤྱོད་པའི་ཚུལ་ལ་གནས་པ་ཙམ་གྱིས་ལམ་འདིར་ཚངས་པར་སྤྱོད་པའི་གོ་མི་ཆོད་དེ་ཐིག་ལེ་མ་བརྟན་པའི་ཕྱིར་རྨི་ལམ་དུ་འཛག་པ་བཞིན་ནོ། །དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས་ཀྱང༌། །ཇི་ལྟར་ལོ་ས་མཚམས་སུ་བརྒྱ་ལམ་ན། །རི་དྭགས་ཟས་ཅན་འཁྲྀག་པའི་བདེ་བ་ཚོལ། །རྡོ་ཡི་ཕྱཻ་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །ལན་ཅིག་རྟག་ཏུ་ཁུ་བ་ལྟུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་ལྡན་ལ། །རྨི་ལམ་སད་པ་དག་ལ་འཛག་ཕྱིར་རོ། །ཇི་ལྟར་གཉིད་ལོག་ན་ཡང་སྦྲུལ་གྱིས་ནི། །གསོས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། །ཞེས་གསུངས་ཏེ། ཕྱག་རྒྱ་ལས་ཐིག་ལེ་འཕོ་བ་མེད་པ་ཐོབ་པ་གང་ཡིན་པ་དེ་ནི་ཐེག་པ་འདིར་ཚངས་པར་སྤྱོད་པའི་མཆོག་ཏུ་བཤད་དོ། །ཕྱག་རྒྱ་བཞིའི་རྣམ་གཞག་ནི་འོག་ཏུ་འཆད་པར་འགྱུར་རོ། །དྲུག་པ་ནི། དཔའ་བོ་སོགས་ཏེ། དོན་འབྲེལ་ཆེ་བས་སྐྱེས་པ་དང་བུད་མེད་ལ་མི་བརྙེསཔའི་སྐབས་གོང་དུ་བརྗོད་ཟིན་ཏོ། །དངོས་སུ་ཕྱག་མཆོད་བྱ་བར་མ་ནུས་ན་
ཡིད་ཀྱིས་བྱས་པས་ཀྱང་ཉེས་པ་ཁེགས་ཤིང༌། དེ་དང་དེའི་རྟེན་འབྲེལ་རྣམས་མི་འཆུག་པ་ཡིན་ཞེས་གསུང་ངོ༌། །བདུན་པ་ནི། རིགས་དྲུག་དང༌། རིགས་བདུན་དང༌། མཁའ་འགྲོ་མ་དང༌། ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་ལེགས་པར་ཤེས་ཤིང༌། འཁོར་ལོའི་མཆོད་པ་སོགས་གསང་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་གྱི་དུས་དང༌། བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་པའི་ཚེ་བརྡ་དང་བརྡའི་ལན་བྱ་དགོས་པས་ཡི་གེ་གཅིག་པ་དང༌། ཡི་གེ་མང་པོ་པ་ལ་སོགས་པ་ངག་གི་བརྡ་རྣམས་དང༌། ལུས་དང་ཡན་ལག་གི་བརྡས་ཕོ་ཉ་མོ་རྣམས་ངོ་ཤེས་པར་བྱས་ལ། ཁྱད་པར་གྱི་བརྡས་བདག་ཉིད་ལ་དངོས་གྲུབ་སྩོལ་བའི་ཕོ་ཉ་མོ་རྣམས་ཤེས་པར་བྱས། དངོས་སུ་རྗེས་སུ་མ་ཆགས་ན་དངོས་གྲུབ་མི་འགྲུབ་པས། རྗེས་སུ་ཆགས་པའི་རྟགས་རྣམས་ཀྱང་རིག་པར་བྱ་དགོས་ཏེ། དེ་རྣམས་ནི་གཙོ་བོར་སྤྱོད་པའི་དམ་ཚིག་དང༌། ད་ལྟར་ཡང་ཚོགས་ཀྱི་འཁོར་ལོའི་དམ་ཚིག་གོ །བརྒྱད་པ་ནི། ཁྱད་པར་སོགས་ཏེ། རྣལ་འབྱོར་རྒྱུད་ནི། རྒྱུད་སྡེའི་བཞིའི་ནང་གི་རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་མའི་རྒྱུད་དེ་ཕ་རྒྱུད་རྣམས་སུའོ། །རྙེད་དཀའ་བ་ནི་དེ་དག་ཏུ་མ་བཤད་པས་སོ། །འདིར་ཁ་ཅིག་འདི་བརྒྱད་བདེ་མཆོག་གི་ཐུན་མོང་མ་ཡིན་པར་གྲགས་ཀྱང་དང་པོ་ཁོ་ན་ཏེ། གཡོན་པའི་ཀུན་སྤྱོད་དེ་མ་གཏོགས་གཞན་རྣལ་འབྱོར་ཆེན་པོ་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་སོ། །ཞེས་འཆད་དེ། ཕ་རྒྱུད་མ་རྒྱུད་གཉིས་ཆར་ལ་གཞན་བདུན་པོ་དེ་དག་ནི་བྱེད་དགོས་པས་སོ་སྙམ་པའོ། །དེ་ནི་མི་འཐད་དེ། རིགས་ལྔའི་དམ་ཚིག་རྣམས་ཀྱང་སྔགས་ཀྱི་ཐུན་མོང་མ་ཡིན་པར་
མི་འགྱུར་ཏེ། ཕྱག་རྒྱ་སྐུའི་དམ་ཚིག་མ་གཏོགས། མདོ་ལུགས་ཁོ་ན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་དགོས་པས་འབའ་ཞིག་ཡིན་པས་སོ། །མདོ་ལས་དེ་རྣམས་དམ་ཚིག་དང་སྡོམ་པའི་ངོ་བོར་མ་བཤད་པས་སོ་སྙམ་ན། འདིར་ཡང་དེ་ཁོ་ན་སྟེ། འདི་རྣམས་དམ་ཚིག་གི་བཅས་མཐར་བྱས་པ་དང༌། བརྒྱད་ཀྱི་གྲངས་ངེས་ཀྱང་རྒྱུད་སྡེ་གཞན་ནས་མ་གསུངས་པས་བདེ་མཆོག་གི་ཐུན་མོང་མ་ཡིན་པ་ཅིའི་ཕྱིར་མ་ཡིན། དེ་ལ་དམ་ཚིག་བརྒྱད་ཀྱི་དང་པོ་ནི། གཡོན་པའི་ཀུན་སྤྱོད་ཡིན་ཏེ། རྒྱུན་གྱི་དུས་སུ་དུས་བཞིར་མ་དྲན་པ་དང༌། ཁྱད་པར་གྱི་དུས་སུ་མ་བྱས་ན་ལྟུང་བའོ། །གཉིས་པ་ནི། ལམ་སྒོམ་པ་དང༌། དབང་བསྐུར་བ་དང༌། བཅུད་ལེན་དང༌། དམ་ཚིག་གི་རྫས་ལ་སོགས་པའི་དོན་མ་ཡིན་པ། འཛག་པ་དོན་གཉེར་གྱིས་བུད་མེད་ལ་སྲེད་པའི་འདོད་པ་འབའ་ཞིག་གིས་ཕྱག་རྒྱ་ལ་བགྲོད་ན་ལྟུང་བའོ། །གསུམ་པ་ནི། རང་གཞན་ཏེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་མཉམ་པ་རྣམ་པར་མི་རྟོག་པའི་ཚུལ་གྱིས་སྐྱོང་དགོས་པ་ཡིན་ཏེ། ཐུན་བཞིར་དེ་ཉིད་མི་དྲན་ན་ལྟུང་བའོ། །བཞི་པ་ནི། བླ་མེད་ལས་གཞན་པའི་ཐེག་པ་མཆོག་ཏུ་མཐོང་སྟེ། ལམ་གཞན་ལ་དཀྲི་བར་ནུས་པར་སོང་བ་ཙམ་གྱིས་ལན་འདི་ལ་ཐེ་ཚོམ་སྐྱེས་ན་ལྟུང་བའོ། །ལྔ་པ་ནི། དེ་ཁོ་ན་ཉིད་དེ་ཐིག་ལེ་འཆིང་བ་དང༌། བདེ་སྟོང་དུ་བསྐྱང་
པའི་ནུས་པ་དང་ལྡན་པས། ཕྱག་རྒྱ་བསྟེན་པར་བྱ་སྟེ། མི་བསྟེན་ན་ལྟུང་བའོ། །འདི་ལྟུང་བར་འགྱུར་བའི་དུས་ཀྱི་ཚད་ནི། ལོ་གཅིག་ལ་བྱ་དགོས་པར་མངོན་ཏེ། སམྤུ་ཊི་ལས། དེ་ལྟར་གང་ཞིག་རྣལ་འབྱོར་པས། །གལ་ཏེ་པདྨ་འཛིན་པ་ལ། །སྔོན་དུ་ཉི་མ་རེ་རེ་འམ། །ལོ་ལ་རེག་པར་མི་བྱེད་ན། །དམ་ཚིག་ཉམས་པར་འགྱུར་རོ། །དམ་ཚིག་ཉམས་པས་རྣལ་འབྱོར་པ། །བག་མེད་པར་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དམ་ཚིག་བླང་བར་བྱས་ནས་ཡང་མི་བྱེད་པར་སྡོམ་པ་བཟུང་བར་བྱ་སྟཻ། དེའི་ཕྱིར་ཀུན་གྱི་སྡོམ་པ་དང་ལྡན་ཞིང༌། དེ་ཁོ་ན་ལ་གནས་པས་ཕྱག་རྒྱའི་རྣལ་འབྱོར་བྱའོ། །ཞེས་གསུངས་པས་སོ། །དངོས་སུ་མི་ནུས་ན་ཡིད་ཀྱིས་བྱའོ། །དྲུག་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་མ་བྱས་པར་དང༌། སྤྱོད་པ་ལ་སོགས་པའི་རང་ལམ་གྱི་འབྲས་བུ་མངོན་དུ་མ་གྱུར་བར་དུ་གྲོགས་ཕྱག་རྒྱ་དང་མི་འབྲལ་བར་བྱ་སྟེ་བྲལ་ན་ལྟུང་བའོ། །བདུན་པ་ནི། ཕྱག་རྒྱའི་ལམ་ལས་བྱང་ཆུབ་ཀྱི་སེམས་ཀུནྡ་དབབ་ཟློག་གི་སྦྱོར་བས་ཕྱིར་མི་ལྟུང་ཞིང་སྤྱི་བོར་མི་གཡོ་བར་བརྟན་པར་བྱེད་དགོས་པ་ལས། གསང་དབང་བསྐུར་བ་སོགས་དམིགས་བསལ་གྱིས་དུས་མ་ཡིན་པར་ཐིག་ལེ་འཛག་པར་བྱེད་ན་ལྟུང་བའོ། བརྒྱད་པ་ནི། ཤེས་རབ་མའི་བྷ་ག་ལས་བྱུང་བའི་སིཧླ་ག་བུར་དྲི་ཆུ་ལ་སོགས་པ་བཟའ་ཞིང་བསྟེན་པར་བྱ་བ་ཡིན་པ་ལ། མི་གཙང་བའི་སེམས་ཀྱིས་མི་བཟའ་ཞིང་
ཡིད་ཀྱིས་སྤོང་ན་ལྟུང་བའོ། །དེ་ཡང་རྩ་རྒྱུད་ལས། རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་བསྐྱང་བར་བྱ། །ཞེས་དང་པོ་དང༌། ལྷ་མོ་གཞན་རྣམས་ཀུན་སྦྱོར་བ། །འདོད་ལ་ཆགས་པས་ཁྲོ་འགྱུར་བ། །ཞེས་པས་གཉིས་པ་སྟེ། འགྱུར་གཞན་དུ་རྐང་པ་ཕྱི་མ། རྣམ་པར་རྨོངས་པས་འདོད་པ་མིན། །ཞེས་པ་གོ་བདེའོ། །གཉིས་སུ་མེད་པ་དང༌། ཞེས་པས་གསུམ་པ་དང༌། ཐོགས་མེད་མིན་ཞེས་པས་བཞི་པ་དང༌། དམ་ཚིག་སྤྱད་པ་སྤྱོད་པ་དང་ཞེས་པས་ལྔ་པ་དང༌། བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར་ཞེས་པས་དྲུག་པ་དང༌། ཚངས་སྤྱོད་དེ་བཞིན་བསམ་གཏན་གནས། །ཞེས་པས་བདུན་པ་སྟེ། བསམ་གཏན་གནས་ཞེས་བྱ་བ་ནི། བསམ་གཏན་བཞིའི་རྩེ་མོ་འཆང༌། །ཞེས་པ་ལ། དུས་འཁོར་འགྲེལ་ཆེན་དུ། དགའ་བཞིའི་རྩེ་མོ་ལྷན་སྐྱེས་འཆང་བར་བཤད་པ་ལྟར། ཐེག་པ་འདིར་དགའ་བཞི་ལ་བསམ་གཏན་བཞིར་བཏགས་པ་མང་བས། འདིར་ཡང་ལུགས་ཟློག་གི་དགའ་བཞི་བརྟན་པར་བྱས་པ་ཡིན་ནོ། ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད། །ཅེས་པས་བརྒྱད་པ་བསྟན་ནས། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །ཞེས་གསུངས་སོ། །ཡང་སྔ་རབས་པ་འགའ་ཞིག་གཡོན་པའི་ཀུན་སྤྱོད་དམ་ཚིག་བརྒྱད་ལ་མི་བགྲོང་པར་དང་པོ་རང་གིས་སྦྱངས་པའི་ཕྱག་རྒྱ་བོར་ནས་གཞན་བསྟན་པ་དང༌། གསུམ་པ་རིགས་བཟང་
ངན་གཉིས་སུ་འབྱེད་པའི་རྣམ་རྟོག་བྱེད་པ་སོགས་སུ་འཆད་ཀྱང་རང་ལུགས་ནི་གོང་དུ་བཤད་པ་དེ་རྣམས་སོ། །གཉིས་པ་དགོངས་ཏེ་གསུངས་པའི་དམ་ཚིག་ནི། རླུང་སེམས་སོགས་ཏེ། དེ་ཡང་རྒྱུད་མང་པོ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲས་བར་བྱ། ཁྱོད་ཀྱིས་མ་བྱིན་པ་ཡང་ལོང༌། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་འབྱུང་བ་ལ། རྣལ་འབྱོར་རྒྱུད་རྡོ་རྗེ་རྩེ་མོ་དང༌། གསང་འདུས་དགོངས་པ་ལུང་སྟོན་དང༌། དུས་འཁོར་ལ་སོགས་པ་རྒྱུད་སྡེ་མང་པོ་དང༌། རྒྱུད་འགྲཻལ་མང་པོར་ཡང་ངེས་དོན་གྱི་བཤད་པ་མི་འདྲ་བ་སྣ་ཚོགས་འབྱུང་བས་མཐའ་དག་བཤད་པར་མི་ནུས་ཏེ། ལུགས་འདིར་མན་ངག་གི་ཚུལ་ལས་འབྱུང་བ་དང་པོ་གསུམ་ནི། ཀྱཻ་རྡོ་རྗེར་གསུངས་པ་དང་མཐུན་པ་ཡིན་ཏེ། དེ་ཡང་སྲོག་གཅོད་པར་གསུངས་པའི་ངེས་དོན་ནི། ཀྱཻ་རྡོ་རྗེ་ལས། སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སྲོག་གི་སེམས་སུ་བརྗོད། །ཅེས་སོགས་སྟོང་པར་འཇུག་པ་ལས་བཤད་པ་ལྟར། འདིར་རླུང་དང༌། ཡིད་ཀྱི་རྣམ་པར་གཡོ་བ་རྣམ་རྟོག་ཐམས་ཅད་སྟོང་པར་གསོད་པའོ། །བརྫུན་གྱི་ངེས་དོན་ནི། འཇིག་རྟེན་སྒྲོལ་བ་ཞེས་བྱ་བ། །བརྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས། །ཞཻས་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པ་ལ་ཡོད་པ་ལྟར་རྟེན་འབྲེལ་གྱི་ཆོས་སྟོན་པ་དང༌། སེམས་ཅན་ངོ་བོས་མེད་པར་ཤེས་ཤིང༌། སེམས་ཅན་གྱི་མཐའ་མེད་
པས་ཐམས་ཅད་བསྒྲལ་ཟིན་པ་མི་སྲིད་ཀྱང་སེམས་ཅན་ཐམས་ཅད་སྒྲོལ་བར་ཁས་བླངས་པའོ། །མ་བྱིན་ལེན་གྱི་ངེས་དོན་ནི། །བཙུན་མོའི་ཁུ་བ་མ་བྱིན་ལེན། །ཞེས་ལས་ཀྱི་ཕྱག་རྒྱ་མའི་དྭངས་མ་འདྲེན་པར་བྱེད་པ་སྟེ། ཁུ་བ་ཤེས་པ་དཀར་པོ་གསལ་ཡང་དོན་གྱི་དམར་པོ་ཡང་འཕགས་པ་ཡིན་ནོ། །འདིར་ཁ་ཅིག་ཁུ་བ་ཁོ་ན་སྟེ། རྩ་ཚོལ་བ་ལ་རག་ལས་ཞེས་པ་དང༌། གཞན་དག་འཆི་ལྟས་མ་གཏོགས་རྡུལ་འབའ་ཞིག་འབབ་པ་ཡིན་ཞེས་ཟེར་བ་གཉིས་ཆར་ལུང་དང་མངོན་སུམ་གྱི་གནོད་བྱེད་ཡོད་པས་ཕོ་ཚོད་ཀྱིས་འུད་མ་ཤོད་ཅིག །གཞན་གྱི་བུད་མེད་བསྟེན་པའི་ངེས་དོན་ནི། རྣམ་རྟོག་གིས་བསྐྱེད་པ་ལ་མ་བལྟོས་པར་གསལ་སྣང་དུ་ཤར་བའི་རང་སྣང་གི་ལྷ་མོ་བསྟེན་པས་བདེ་ཆེན་འདྲེན་པ་དང༌། སྤྲོས་བྲལ་གྱི་སྟོང་པ་ཉིད་ལ་མཉམ་པར་འཇོག་པའོ། །ཀྱཻ་རྡོ་རྗེ་ལས་ནི། གཞན་གྱི་བུད་མེད་རང་མཚུངས་མཛེས། ཞཻས་གོང་གི་རྣམ་བཅས་དེ་ཉིད་དམ། རིགས་གཞན་ལས་བྱུང་བའི་བུད་མེད་རང་རིགས་དང་མཚུངས་པ་ལ་བཤད་དོ། །དངོས་བསྟན་དེ་དག་གཏན་ནས་བྱ་བར་མི་རུང་ངམ་ཞེ་ན། རུང་སྟེ་ཡུལ་དང་སྒྲུབ་པ་པོ་མཚན་ཉིད་ཚང་ཞིང་དགོས་པ་མཐོང་བས་མངོན་སྤྱོད་ཀྱི་སྒོ་ནས་སྲོག་གཅོད་ཚུལ་གོང་དུ་བཤད་པ་ལྟར་དང༌། ནོར་དང་བུད་མེད་ལ་ཆགས་ནས་ངན་སོང་དུ་སྐྱེ་ལ། དེ་དང་བྲལ་ན། རེ་ཞིག་དེར་མི་སྐྱེ་བ་འདུག་ན་སྙིང་རྗེས་ཀུན་ནས་བསླངས་
ཏེ། དེའི་ནོར་དང་ཆུང་མ་འཕྲོག་པ་དང༌། གཞན་གྱི་སྲོག་བསྐྱབ་པའི་ཕྱིར་བརྫུན་སྨྲ་བ་རྣམས་བསྒྲུབ་པར་བྱ་བ་ཁོ་ན་སྟེ། འོན་ཀྱང་གོང་མ་གསུམ་ལ་མངོན་ཤེས་མེད་ན། དེ་རྣམས་ཇི་ལྟར་ཡོད་མི་ཤེས་པས་རྒྱལ་པོ་མྱ་ངན་མེད་ཀྱི་དཔེས། མངོན་སྤྱོད་བྱེད་པ་ལ་ཕྱི་མཐའ་མཐོང་བ་དགོས་ཞེས་དུས་འཁོར་དུ་གསུངས་པ་ལྟར་ཏེ། གལ་ཏེ་རང་ལ་མངོན་ཤེས་མེད་ཀྱང་ཡི་དམ་མམ་མངོན་ཤེས་ལྡན་པའི་བླ་མའི་ལུང་ཐོབ་ན་རུང་སྟེ། ཇི་སྐད་དུ། བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཅེས་ཀྱཻ་རྡོ་རྗེ་ལས་གསུངས་སོ། །བླ་མ་གོང་མ་རྣམས་འདི་རྣམས་དབང་བཞི་པའི་དམ་ཚིག་དུ་བཞེད་དོ། །རིགས་སྔགས་འཆང་ཀུན་ཞེས་སོགས་ནི། གོང་དུ་བཤད་པའི་སྡོམ་པ་དེ་རྣམས་ཐམས་ཅད་བཟུང་བར་དམ་བཅའ་བའོ། །ལྔ་པ་ལ་དུས་རྒྱུན་གྱི་ཉམས་ལེན་དང༌། ཁྱད་པར་གྱི་ཉམས་ལེན་གཉིས་ལས། དང་པོ་ནི། རྣལ་འབྱོར་དགུ་སྟེ། ཉིན་མཚན་སོགས་སོ། །དེ་ཡང་ཀུན་སྤྱོད་ལས། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པར་བྱ་བ་དང༌། །བྱིན་གྱིས་བརླབས་དང་དབང་བསྐུར་དང༌། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་གསུངས་པའི་དོན། གནས་པའི་རྣལ་འབྱོར་ནི། སྔོན་འགྲོ་བསྲུང་འཁོར་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་དོ། །ལྡང་བའི་རྣལ་འབྱོར་ནི། རྟེན་བརྟེན་པ་ལྷ་རྣམས་བསྐྱེད་པ་དང༌། འཇུག་
པའི་རྣལ་འབྱོར་ནི། ཡེ་ཤེས་པ་འཇུག་པ་དང༌། རྫོགས་པའི་རྣལ་འབྱོར་ནི། ལུས་དཀྱིལ་དང༌། བྱིན་བྱིས་བརླབ་པ་ནི། གོ་ཆ་དགོད་ཅིང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང༌། བསྐྱེད་པའི་ལྷ་ལ་དབང་བསྐུར་བའི་རྣལ་འབྱོར་དང༌། མཆོད་པའི་རྣལ་འབྱོར་དང༌། རྗེས་བསྡུ་བའི་རྣལ་འབྱོར་ཏེ་དགུའམ། འགའ་ཞིག་གནས་པ་ཉལ་བའི་རྣལ་འབྱོར་དང༌། ལྡང་པ་སད་པའི་རྣལ་འབྱོར་དང༌། སྔོན་འགྲོ་འཇུག་པའི་རྣལ་འབྱོར་དང༌། དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་རྫོགས་པའི་རྣལ་འབྱོར་ཞེས་འཆད་ཅིང་ལྷག་མ་ནི་འདྲའོ། ཁ་ཅིག་ཉེ་བའི་རྣལ་འབྱོར་དང་བསྡུ་བའི་རྣལ་འབྱོར་ཞེས་གཉིས་སུ་ཕྱེ་སྟེ་བཅུར་འཆད་པ་ནི་བབ་བཅོལ་ལོ། །ཡུལ་སྣང་ནི་འདོད་ཡོན་ལྔའོ། །དེའི་བདེ་ཆེན་དེ་འདོད་པའི་ཡོན་ཏན་ལྔའི་བདེ་བའོ། །དེ་ནི་ཐུན་མཚམས་ཀྱི་སྤྱོད་པ་ཡིན་ཏེ་ལས་དང་པོ་པའི་སྤྱོད་པའོ། །དེ་དག་ཏུ་ཅི་རིགས་པར་བསྟན་ཟིན་པས་དེ་ཉིད་བཅུ་བཞི་རྩ་བར་མ་སྨོས་སོ། །འོན་ཀྱང་དེ་རྣམས་ཀྱི་ངོ་བོ་གང་ཡིན་ཞེ་ན། རྩ་བའི་རྒྱུད་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་
ཆེན་པོས་ཡང་དག་བསྲུངས། །སྔགས་རྣམས་ཀུན་གྱིས་མཆོད་པ་ཡིན། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་ཏེ། གོས་ཀྱི་སྐད་དོད་གནས་ལའང་འཇུག་པས་གནས་ཀྱི་དེ་ཉིད་ཅེས་བྱ། དེས་ན་བསྒྲུབ་པའི་གནས་དང༌། ལྷའི་གནས་རྟེན་གྱི་དཀྱིལ་འཁོར་ནི་གནས་ཀྱི་དེ་ཉིད། རང་ཉིད་ལྷའི་ཆས་སུ་འཇུག་པ་ཕྱག་རྒྱ་ལྔའི་དེ་ཉིད། བསྐྱེད་རྫོགས་གཉིས་ཆར་ལ་བདེ་སྟོང་སྒོམ་པའི་དོན་དུ་གྲོགས་ཤེས་རབ་མ་བསྟེན་ཞིང་སྟོང་པ་ཉིད་སྒོམ་པ་ནི་ཤེས་རབ་ཡན་ལག་གི་དེ་ཉིད། ཕུར་བཏབ་དང་གུར་བཅིང་བ་སོགས་བྱེད་པ་ནི་བསྲུང་འཁོར་གྱི་དེ་ཉིད། མངོན་བྱང་དང་པོ་གཉིས་ནི། ཨཱ་ལི་ཀཱ་ལི་ཡི་དེ་ཉིད། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །ཅེས་སོགས་རྣམ་ཐར་སྒོ་གསུམ་གྱི་སྒོ་ནས་ཆོས་སྐུ་ལམ་འཁྱེར་གྱི་སྟོང་ཉིད་སྒོམ་པ་སྟོང་པ་དེ་ཉིད། ན་ད་འཇུག་པ་སོགས་ལོངས་སྐུ་ལམ་བྱེད་ནི་འཇུག་པའི་དེ་ཉིད། ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་འདྲེན་པ་ནི་བསྡུས་པའི་དེ་ཉིད། བདུད་རྩི་མྱང་བ་སོགས་མཆོད་པ་ནི། བདུད་རྩི་ཚིམ་བྱེད་ཀྱི་དེ་ཉིད། བྱང་ཕྱོགས་ཀྱི་དག་པ་དྲན་པ་དང་པོའི་དེ་ཉིད་ནི་རྫོགས་རིམ་སྒོམ་པ་ནི་མྱང་འདས་ཀྱི་དེ་ཉིད། ལག་མཆོད་ཀྱིས་མཚོན་པ་གཡོན་པའི་ཀུན་སྤྱོད་ཀྱི་དེ་ཉིད་དང༌། སྒོམ་པའི་ལྷ་རྣམས་ཀྱི་དབང་ལེན་པ་ནི་དབང་གི་དེ་ཉིད་དང༌། གོ་ཆ་ཆེན་པོ་ནི། ལུས་དཀྱིལ་ཏེ་ལོངས་སྐུ་ལམ་ཁྱེར་དང༌། བཟླས་པ་ནི་སྔགས་མཆོད་དེ་
དེ་ལྟར་བཤད་པའི་དབང་བསྐུར་གྱིས་རྒྱུའི་དུས་ཀྱི་དབང་དང༌། བདུད་རྩི་ཚིམ་བྱེད་ཀྱི་མཆོད་པ་དང་གཏོར་མ་རྣམས་དང༌། གཡོན་པའི་ཀུན་སྤྱོད་ཀྱིས་དམ་ཚིག་རྣམས་དང༌། སྔགས་མཆོད་ཀྱིས་དེའི་ལས་ཚོགས་རྣམས་ཀྱང་བསྡུས་པ་ཡིན་ནོ། །འགའ་ཞིག་ཏུ་བསྡུས་པའི་སྦྱོར་བ་བྱང་ཕྱོགས་ཀྱི་དག་པ་དྲན་པ་ལ་འཆད་པའང་ཡོད། ཁ་ཅིག་ཨཱ་ལི་ཀཱ་ལིའི་དག་པ་སོ་སོར་བྱས་པ་ནི། སྤྱིར་མི་འཐད་པར་མ་ཟད་རང་གི་ཨཱ་ལི་ཀཱ་ལི་ཕྱོགས་གཅིག་ཏུ་བཀོད་ནས། ཟླ་བ་དམར་སྐྱ་གཅིག་བྱས་པ་དང་ནང་འགལ་བ་ཡིན་ནོ། །སྟོང་པའི་དེ་ཉིད་དང་འཇུག་པའི་དེ་ཉིད་གཉིས་གཅིག་ཏུ་སྡོམས་ཏེ། འགངས་ཆེ་བ་གཉིས་གཅིག་ཏུ་སྡོམས་ཤིང༌། ཆུང་བ་གཅིག་ལ་གཉིས་སུ་ཕྱེ་བ་ནི་མི་ལེགས་སོ། །བཅུ་བཞི་པོ་རྫོགས་པའི་རིམ་པ་ལ་སྦྱར་ན་གོ་རིམ་བཞིན་དུ་འདི་རྣམས་ཏེ། རྩ་འཁོར་ལ་སོགས་པའི་ལུས་ཀྱི་གནས་དང༌། སྤྲོས་བཅས་ཀྱི་སྤྱོད་པ་ལ་སོགས་པའི་སྤྱོད་པ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཐིག་ལེ་དབབ་ཟློག་ཏུ་འཆིང་བ་དང༌། རོ་རྐྱང་གི་རླུང་སྲོག་ཐུར་དང་བཅས་པ་དབུ་མའི་ཐིག་ལེར་འཆིང་བ་དང༌། སྤྲོས་བྲལ་གྱི་ལྟ་བ་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། ཕྱག་ཆེན་གྱིས་དྲངས་པའི་བདེ་ཆེན་དང༌། ཟུང་འཇུག་དང༌། རྣམ་བཅས་ཕྱག་ཆེན་ལ་བརྟེན་ནས་བྱང་སེམས་ཐིག་ལེ་འཆིང་བ་དང༌། དགའ་བཞིའི་བདེ་བ་དང༌། ཡུལ་ཉེར་བཞིའི་རླུང་དབུ་མར་ཐིམ་པ་དང༌། སྔགས་ཀྱི་དེ་ཉིད་རང་བཞིན་ལྷན་སྐྱེས་
དང་བཅས་པ་རྣམས་སོ། །གཉིས་པ་ཁྱད་པར་གྱི་སྤྱོད་པ་ནི། ལེགས་གནས་སོགས་ཏེ། ཟླ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེའི་དོན་དུ་འདུས་པའི་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་ལ་ཟླ་བ་འདུས་པའི་སྟོན་མོ་ཞེས་བྱའོ། །འདིར་ཚོགས་ཀྱི་འཁོར་ལོའི་དོན་མདོར་བསྡུས་ཞིག་བཤད་ན། ངོ་བོ་དབྱེ་བ། གང་ཟགགནས། དུས། ཡོ་བྱད། ཆོ་གབསླབ་བྱ། ཕན་ཡོན། རྩོད་པ་སྤངས་པ་སྟེ་བཅུ་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ངོ་བོ་ནི། རྣལ་འབྱོར་གྱི་གྲོགས་སུ་འགྱུར་བའི་ཕྱིར་དུ་བདག་མདུན་གྱི་ལྷ་ལ་མཆོད་པའི་ཐབས་ཁྱད་པར་ཅན་འདོད་ཡོན་ལ་ལོངས་སྤྱོད་པའི་ཁྱད་པར་རོ། །གཉིས་པ་ནི། ཚོགས་འཁོར་ཡན་ལག་དང་བཅས་པ་ཐམས་ཅད་ནི་འཁོར་ལོའི་མཆོད་པ་སྟེ། དེ་ལ་དུས་ཀྱི་སྒོ་ནས་དབྱེ་ན། རབ་གནས་དང༌། དབང་བསྐུར་སོགས་དང༌། འབྲེལ་བ་ལ་ཙྭ་རུའི་བཟའ་བའམ་དགའ་སྟོན་ཞེས་བྱ། འདི་ཉིད་ཆེད་དུ་བྱས་པ་ལ་ཚོགས་ཀྱི་འཁོར་ལོ་ཞེས་བྱ། གང་ཟག་གི་སྒོ་ནས་ཕྱེ་ན། ཚོགས་ཀྱི་སློབ་དཔོན་ལས། གཞན་ལ་ཤེས་རབ་མ་དང་བྲལ་བ་ནི་དཔའ་བོའི་སྟོན་མོ། །ཚོགས་ཀྱི་གཙོ་མོ་ལས། གཞན་ལ་ཐབས་དང་བྲལ་བའི་བུད་མེད་ཀྱི་ཚོགས་པ་ནི་དཔའ་མོའི་སྟོན་མོ། །ཞེས་ཕྱག་རྡོར་སྟོད་འགྲེལ་དང༌། མན་ངག་སྙཻ་མར་གསུངས་པ་ནི་འཐད་པའི་ཕྱོགས་ཏེ། ཐབས་ཤེས་སྙོམས་པར་འཇུག་པ་ནི་མེད་མོད། བཟའ་བའི་དམ་ཚིག་ལ་ལོངས་སྤྱོད་པའི་སླད་དུ་སྟེ། བུད་མེད་མེད་ན་ཆང་བཏུང་
དུ་མི་རུང་བ་དང༌། སྐྱེས་པ་མེད་ན་ཤ་ཟར་མི་རུང་སྟེ། སྙིང་པོ་རྒྱན་ལས། ཆང་ནི་དཔའ་མོའི་མ་སྤྱད་པར། །དཔའ་བོ་ལ་ནི་སྐལ་མེད་དེ། །ཤ་ལ་དེ་བཞིན་དཔའ་བོས་སོ། །ཞེས་གསུངས་སོ། །དེ་ན་གང་དག་སྟོད་འགྲེལ་གྱི་ལུགས་དེ་ལ་ཅུང་ཟད་ཟུར་ཟ་ཞིང༌། དམ་ཚིག་ལྔ་པར། མི་ནུས་བསམ་གཏན་དག་གིས་བྱ། །ཞེས་པའི་དོན་ཡིན་པར་བསམ་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཆད་དགོས་ཏེ། གཞན་དུ་དགེ་སློང་བསླབ་པས་བཅིངས་པ་ལ། དཔའ་བོའི་སྟོན་མོ་ཙམ་གྱི་ཡང་སྐལ་བ་མེད་པར་འགྱུར་ཞེས་ཟེར་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་གཙོ་བོ་གཅིག་པུས་བསྟེན་ཞེས་བྱ་བར་སོང་བས་ཤིན་ཏུ་མ་འགྲིག་ཅིང༌། དཔའ་བོའི་སྟོན་མོར་རྣལ་འབྱོར་མ་འོངས་ན། རྗེས་ཆགས་ཀྱི་དོན་ཡིན་པའི་ཁྱབ་མཐའ་བཅས་པར་སོང་བས་གྱ་ཚོམ་གྱི་སྨྲ་བ་དེ་སྤོངས་ཤིག །ཨེ་མ་ཧོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་དགག་པ་ཐུབ་པའི་མཁས་པ་ཁྱེད་ལྟ་བུའི་རྣམ་དཔྱོད་འདི་ཅི་ཞིག་ཅེས་ཀྱང་བརྟག་གོ །དེས་ན་བླ་མ་གོང་མ་རྣམས་སྐྱེས་པའམ་བུད་མེད་རྐྱང་པ་འདུས་པ་ལ་དཔའ་བོ་དང་དཔའ་མོའི་སྟོན་མོ་ཞེས་གསུངས་པའི་དོན་ཡང་ཕལ་ཆེར་གྱི་དབང་དུ་བྱས་པ་སྟེ། འདི་ལས་གཞན་དུ་མི་བསམ་མོ། །དེས་ན་ཐབས་དང་ཤེས་རབ་རྗེས་ཆགས་ཀྱི་མཉམ་སྦྱོར་མེད་པའི་འཁོར་ལོའི་མཆོད་པ་ནི། ཚོགས་པ་ཤས་ཆེ་ཆུང་ལ་དཔགས་ཏེ་དཔའ་བོ་དང་དཔའ་མོའི་སྟོན་མོར་འཇོག་
སློབ་དཔོན་ཁོ་ནའམ་ནུས་པ་ཐོབ་པ་རྣམས་རྗེས་ཆགས་དང་བཅས་པའི་འཁོར་ལོའི་མཆོད་པ་ནི་ཚོགས་ཀྱི་འཁོར་ལོའོ། །ཇི་སྐད་དུ། ལོངས་སྤྱོད་གསུམ་པོ་ཉིད་མེད་པར། །ཚོགས་ཀྱི་བྱ་བར་འགྱུར་མ་ཡིན། །ཞེས་པའི་ལོངས་སྤྱོད་གསུམ་ནི། ཤ་ཆང་ཕྱག་རྒྱའི་ལོངས་སྤྱོད་གསུམ་མོ། །དམ་ཚིག་ལྔ་པའི་ལུང་དེའི་དོན་ནི། ཕྱག་རྒྱ་བསྟེན་པའི་ནུས་པ་མེད་པ་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ཞེས་ཚོགས་ཀྱི་འཁོར་ལོའི་དམིགས་པ་བསལ་ལོ། །རྣལ་འབྱོར་གྱི་སྒོ་ནས་དབྱེ་ན། ལྷ་གྲངས་དང་མཉམ་པའི་གང་ཟག་དཀྱིལ་འཁོར་ལྟར་བཀོད་ཅིང་བསྒོམས་ནས་མཆོད་པ་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ། བདག་བསྐྱེད་བསྡུས་ཤིང་མདུན་བསྐྱེད་རྒྱས་པ་མཆོད་པ་ནི། མདུན་བསྐྱེད་གཙོ་བོར་མཆོད་པ་ཞེས་བྱ། བདག་བསྐྱེད་དཀྱིལ་འཁོར་མི་འདྲ་བ་དུ་མ་སོ་སོར་བསྒོམ་པ་ནི། མཛའ་བ་འདུས་པའི་སྟོན་མོ་ཞེས་བྱ། སོ་སོར་དཀྱིལ་འཁོར་རིགས་མཐུན་སྒོམ་པ་ནི། བདག་བསྐྱེད་གཙོ་བོར་གྱུར་པ་ཞེས་བྱ་ཁ་ཅིག་གཞོན་ནུ་མ་མཆོད་པ་དང༌། རིགས་ལྡན་མ་མཆོད་པ་ཡང་ཚོགས་འཁོར་གྱི་དབྱེ་བར་བྱེད་པ་ནི་བཞད་གད་ཀྱི་གནས་ཏེ། འདིར་བསྟན་གྱི་དཔའ་བོ་དཔའ་མོའི་སྟོན་མོ་ཚོགས་འཁོར་གསུམ་གང་ཡང་ཡིན་པ་གཉིས་ཀྱིས་ཚོགས་འཁོར་ལ་ཁྱབ་པར་ཁས་བླངས་ཏེ། དེ་ལ་དབྱེ་ན་དེ་གཉིས་ཡོད་ཅེས་བྱས་པའི་ཕྱིར་རོ། །དེ་གཉིས་ཚོགས་འཁོར་ཡིན་ན། ཅེ་སྤྱང་
བྱ་རོག་ལ་མཆོད་པ་ལ་སོགས་པ་ཡང་ཅིའི་ཕྱིར་ཚོགས་འཁོར་མ་ཡིན། གསུམ་པ་ནི། ཁ་ཅིག་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་ཆོ་ག་ཤེས་པའི་ཚོགས་དང༌། དེ་ཉིད་བཅུ་ཤེས་པའི་རྡོ་རྗེ་སློབ་དཔོན་ཏེ། ཞེས་འབྲི་ཞིང་ཌོམྦི་ཧེ་རུ་ཀའི་ལུང་འདྲེན་པར་བྱེད་དོ། །འདི་ནི་ཅུང་ཟད་རྩིངས་ཏེ་མཚན་ཉིད་དེ་ཙམ་ཚང་བ་རྣལ་འབྱོར་ཕྱིའི་རྒྱུད་འབའ་ཞིག་སྒོམ་པ་ལ་ཡང་ཡོད་པའི་ཕྱིར། སློབ་དཔོན་ནི་དེས་ན་བླ་མེད་འདིའི་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་ཞིག་དང༌། ཚོགས་པ་ཐམས་ཅད་ཀྱང་བླ་མེད་ཀྱི་དཀྱིལ་འཁོར་དུ་དམ་ཚིག་ཐོབ་ལ་མ་ཉམས་པ། འདིའི་ཆོ་ག་དང་བསླབ་བྱ་ཤེས་པ། བླ་མ་ལ་གུས་པ། རྟོག་པ་ཆུང་བ། ནད་དང་བཅས་པ་མ་ཡིན་པའོ། །བཞི་པ་ནི། ཌོམྦི་ཧེ་རུ་ཀའི་འདུ་བ་བསྒྲགས་པ་ལས། འཁོར་ལོ་དམ་པ་འདི་དག་ཀྱང་ཕལ་པའི་གནས་སུ་བསྐོར་བར་མི་བྱ་སྟེ་ཚོང་འདུས་སུ་སྤང་བར་བྱའོ། །གཡེང་པའི་གྲོང་དང༌། བྲམ་ཟེའི་ཁྱིམ་དང༌། རྒྱལ་པོའི་ཕོ་བྲང་དང༌། རྗེ་རིགས་ཀྱི་ཁྱིམ་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་དང༌། ཀླ་ཀློ་བག་མེད་པའི་གནས་དང༌། མུ་སྟེགས་ཀྱི་གྲོང་དང༌། འབྲོག་དགོན་གཅན་གཟན་རྒྱུ་བའི་གནས་དག་ཀྱང་སྤང་བར་བྱའོ། །མཁའ་འགྲོ་མ་རྒྱུ་བའི་གནས་དང༌། གྲོང་ཟད་པའི་མཐའ་དང༌། དགོན་པ་དང༌། ལྷ་ཁང་དང༌། དུར་ཁྲོད་དང༌། ཕུག་སྟོང་དང༌། ཤིང་དྲུང་དང༌།
ནགས་ཚལ་གྱི་མཐོངས་དེ་དག་ཏུ་ཚོགས་ཀྱི་ཁང་པ་རིམ་པ་གསུམ་དང་ལྡན་པ་བརྩིགས་ཏེ། ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི་ཡར་ངོ་དང་མར་ངོའི་ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅུ་ལ་སོགས་པའོ། །དྲུག་པ་ནི། སོ་སོའི་གདན་དང༌། ཟས་ཀྱི་སྣོད་སྤྱད་ཀྱི་ཁྱད་པར་དང༌། གྲལ་གྱི་ཚུལ་ལ་སོགས་པ་བདེ་མཆོག་ཉིད་ཀྱི་རིམ་པ་ཕྱག་རྡོར་སྟོད་འགྲཻལ་ལས་འབྱུང་བ་བཞིན་རྒྱས་པར་འགྲུབ་ན་བྱ། མ་གྲུབ་ན་མི་རོའི་གཟུགས་བརྙན་ནམ། སྟག་ལྤགས་སམ། སྣ་ཚོགས་པདྨ་བྲིས་པའི་གདན་སོ་སོར་བཤམས་ཏེ་ཚོགས་ཀྱི་དཀྱིལ་འཁོར་རྒྱས་པའམ། རྡོ་རྗེ་གུར་ནས་གསུངས་པ་ལྟ་བུའི་སངས་རྒྱས་གར་གྱི་དོན་དུ་ཚོགས་དཀྱིལ་བསྡུས་པ་ཡིན་ན། སྤྱོད་པའི་སྐབས་སུ་འཆད་པར་འགྱུར་བ་ལྟར་ཚོགས་ཁང་རིམ་པ་གསུམ་པ་ཆུ་ཚོན་གྱིས་དཀྱིལ་འཁོར་ཡང་བྲིས། ལྷའི་ཆས་སུ་འཇུག་པའི་ཡོ་བྱད་རྣམས་ཀྱང་དགོས་སོ། །ཐམས་ཅད་ལ་ཡང་མཆོད་པའི་ཡོ་བྱད་ཐམས་ཅད་དང༌། ཤ་ཆང་གཙོ་བོར་གྱུར་པའི་བཟའ་བཏུང་སྣ་ཚོགས་པའོ། ཁ་ཅིག་དཀྱིལ་འཁོར་མཆོད་པའི་ཡོ་བྱད་དང༌། གང་ཟག་མཆོད་པའི་ཡོ་བྱད་ཅེས་ཐ་དད་དུ་འབྱེད་ཅིང༌། ཇི་སྐད་དུ། གང་ཞིག་ཉི་མ་སོ་སོར་དམ་ཚིག་གི་བྱ་བ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་ལྔ་དང༌། རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཡུངས་ཀར་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་གི་དོན་དུ་བསྟེན་པར་བྱའོ། །ཞེས་གསུངས་པས་སོ་སྙམ་པ་དང༌།
ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ་ཞེས་སོགས་ཀྱི་ཚིག་ལ་འཁྲུལ་ནས། རང་བྱུང་གི་ཚོགས་འཁོར་ལ་ཤ་མི་བཟའ་འོ། །ཞེས་སྨྲ་བ་ནི། དེ་ལྟ་ན་ལུང་དེའི་འཕྲོས་ལ་རྟག་པར་ཁ་ན་མ་ཐོ་བ་མེད་པའི་ཆང་དང༌། བུད་མེད་ནི་སྒོམ་པའི་སླད་དུ་རྨོངས་པ་མེད་པའི་ཆོས་ཀྱིས་གསུངས་སོ། །ཞེས་པས་རབ་བྱུང་གིས་ཚོགས་འཁོར་ལ་ཆང་དང་བུད་མེད་བསྟེན་རུང་བར་འགྱུར་ན་ཁོ་བོ་ཅག་ནི་དེ་ཡང་འདོད་མོད། ཁྱེད་ལ་ནི་དྲོད་ཐོབ་པ་མ་གཏོགས་ནམ་ཡང་ཁས་ལེན་པའི་གནས་མེད་དོ། །དུག་བདུད་རྩིར་སྒྱུར་བ་ལ་སོགས་པ་ནུས་པ་མ་ཐོབ་པར་དམ་རྫས་ཐིགས་རེ་ཙམ་ལྕེ་ལ་འཇོག་པ་མ་གཏོགས་བསྟེན་དུ་མི་རུང་ཞེས་པ་དང༌། ཁྱིམ་པ་དང་རྣལ་འབྱོར་པ་སྔགས་པས་ཤ་ཆང་ལ་ལོངས་སྤྱོད་ཅེས་པ་ནི། བདག་བསྐྱེད་དང་ལུས་དཀྱིལ་གཉིས་ཀྱིས་དཀྱིལ་འཁོར་གྱི་གོ་མི་ཆོད་པར་བྱས་ཤིང་ཁྱིམ་པའི་སྔགས་པ་ཀུན་ནུས་ལྡན་དུ་ཁས་བླངས་པས་ཤིན་ཏུ་ནོངས་ཤིང༌། ཆང་ལ་སྲེག་པ་ངུ་འབོད་དུ་སྐྱེ་བར་གསུངས་པའི་ལུང་ཡང་རབ་བྱུང་རྐྱང་པ་ལ་བཅས་པར་མི་འདུག་ཅིང༌། འཐུང་ན་སྲིད་པས་ཀྱང་མ་ཁྱབ་ལ། སྐབས་འདིར་ཟས་ལ་ཐ་མལ་པའི་སྲེད་པ་བྱུང་ན། ཟས་གང་ལ་སྲེད་ཀྱང་ཉེས་དམིགས་ཆེ་བར་བཤད་ཅིང༌། བསླབ་བྱར་ཡང་ཟས་ལ་སྲེད་པ་མི་བྱེད་པར་བཤད་པས། ཁྱེད་ཉིད་ཀྱི་ལུགས་ལ་ནི་ཚོགས་འཁོར་གྱི་བསླབ་བྱ་ཕྲ་མོ་རེ་དང་འགལ་ཡང་དམྱལ་བ་མནར་མེད་དུ་སྐྱེ་ཟེར་འཇིགས་འཇིགས་
མོ་བྱེད་པར་སྣང་བས། བུ་རམ་དང་ཞུན་མར་ལ་སོགས་པ་ཡང་ཟ་དོན་མེད། ཐོགས་མེད་སྐུ་མཆེད་ཀྱིས་གསུངས་ཟེར་ཀྱང་ཐོགས་མེད་སྐུ་མཆེད་དངོས་སློབ་དང་བཅས་པས་མཛད་པའི་གསང་སྔགས་ནང་གི་བསྟན་བཅོས་སྣ་གཅིག་ཀྱང་རྒྱ་བོད་གཉིས་ཆར་ན་སྟོན་རྒྱུ་མེད་པས་བརྫུན་དེ་ལ་སུ་ཞིག་ཡིད་ཆེས། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནི། སྤྱོད་བསྡུས་སྒྲོན་མེའི་སྤྲོས་བཅས་ཀྱི་སྤྱོད་པའི་སྐབས་ཀྱི་ཚོགས་འཁོར་དང༌། སེམས་ཀྱི་སྒྲིབ་སྦྱོང་སོགས་ནི། ཁྱེད་ཀྱི་ལུགས་དེ་ལ་གནོད་བྱེད་ཁོ་ནར་འབབ་པས་ལུང་རྣམས་བྲིས་ན་མངས་པར་འགྱུར་ཏེ། ནུས་པ་ཡོད་པ་དང༌། སྒོམ་བྱུང་གི་ལྟ་བ་མཐར་ཐུག་གིས་ཟིན་པ་སོགས་གཏན་ནས་མེད་ཀྱང་བསམ་པའི་ཁྱད་པར་གྱིས་རང་གི་རྩོམ་པས། ཕ་དང་དགྲ་བཅོམ་པ་ཤི་བ་ལ་ཡང་ཉེས་པ་མ་བྱུང་བ་སོགས་དུ་མ་བསྒྲུབས་ན་མཆོད་པའི་དོན་དུ་ལྟ། དམ་རྫས་འགོག་པ་ག་ལ་ཞིག །དེས་ན་ཆགས་སྡང་གིས་ཀུན་ནས་བསླངས་ཏེ་དམ་པ་རྣམས་ལ་སྡིག་གསོག་ཅིང༌། ཆོས་མིན་གྱི་སྤྱོད་པ་ལ་ཚེ་གང་བསྐྱལ་ནས། མཆོད་པའི་སྐབས་སུ་དམ་རྫས་མི་བཟའ་བ་ཙམ་གྱིས་གྲོལ་བར་ལྟ་བ་ཀྱེ་མ་མཚར་གྱི་མོད། སྨྲས་པ། ཤ་ཆང་བུད་མེད་ལ་དགའ་བའི། །ངན་སྤྱོད་ཐམས་ཅད་ཇེ་འཕེལ་ལ། །མཆོད་པའི་དམ་ཚིག་བཀག་ཙམ་གྱིས། ཁྱོད་ལ་ལེགས་སྤྱོད་ཅི་ཞིག་འབྱུང༌། བདུན་པ་ལ། སྦྱོར་དངོས་རྗེས་གསུམ། དང་པོ་ལ་གནས་
ཁང་བརྒྱན་པ། ཡོ་བྱད་བཤམས་པ། སློབ་དཔོན་སྤྱན་དྲངས་ཤིང་གསོལ་བ་འདེབས་པ། ཚོགས་པ་གཞུག་པ། སྔོན་འགྲོ་གཏོར་མ། ཞུ་འབུལ་རྣམས་སོ། །དེའི་ཚོགས་པ་གཞུག་པ་ནི། ལས་ཀྱི་རྡོ་རྗེ་ཁྲོ་བོ་དབྱུག་སྔོན་གྱི་ཆས་སུ་ཞུགས་ཤིང༌། ང་རྒྱལ་དང་ལྡན་པ་ལ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ། ཞེས་སོགས་ཀྱིས་ནང་དུ་འཇུག་པར་གསོལ་བ་བཏབ། རེ་རེ་བཞིན་དུ་ངག་དང་ལུས་ཀྱི་བར་བྱ། མི་ཤེས་པ་རྣམས་ཕྱིར་བསྐྲད། གཞན་རྣམས་ནང་དུ་འཇུག་པའི་ཚིག་བཅད་བརྗོད་ཅིང༌། རང་རང་སོ་སོའི་གནས་སུ་འགོད་པའོ། །དངོས་གཞི་ལ་དྲུག་སྟེ། ཏིང་ངེ་འཛིན་ཀྱི་དཀྱིལ་འཁོར་མཆོད་པས་ཚིམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བདུད་རྩི་མྱང་བས་ཚིམ་པ། འབྱུང་པོའི་ཚོགས་གཏོར་མས་ཚིམ་པ། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ཁ་ཟས་ཀྱིས་ཚིམ་པ། སྐྱེ་མཆེད་ཀྱི་ལྷ་རྣམས་གླུ་གར་གྱིས་ཚིམ་པ། ལུས་ཀྱི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པ་སྟེ། ཚིམ་པ་དྲུག་ལྡན་ཞེས་བླ་མ་གོང་མ་རྣམས་ཀྱིས་གསུངས་པ་ནི་ཤིན་ཏུ་ལེགས་སོ། །དང་པོ་ནི། རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ་བའོ། །གཉིས་པ་ནི། ཆོས་ཀྱི་བྱིན་གྱིས་བརླབས་ལ། མདུན་བསྐྱེད་མཆོད་གཏོར་དང་བཅས་པ་བྱ་བའོ། །གསུམ་པ་ནི། འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་ལྷ་རྣམས་ལ་གཏོར་མ་འབུལ་བའོ། །བཞི་པ་ནི། ཚོགས་རྫས་བྱིན་གྱིས་བརླབས་ནས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །ཞེས་སོགས་ཀྱིས་དྲངས་ཤིང༌། ཚིག་བཅད་ཀྱིས་བླངས་ལ། ནང་གི་སྦྱིན་སྲེག་གི་དམིགས་པ་གསལ་བཏབ་སྟེ་ཚིམ་པར་བཟའ་བ་ཡིན་ནོ། །ལྔ་པ་ནི། རྡོ་རྗེའི་གླུ་དང་གར་ལ་སོགས་པ་ལྷའི་རྣལ་འབྱོར་དང་ལྡན་པས་བྱ་སྟེ། སྐྱེས་པ་གླུ་ལེན་ན་འོད་དཔག་མེད། གར་བྱེད་ན་རྣམ་སྣང༌། བུ་མེད་གླུ་ལེན་ན་གོས་དཀར་མོ། གར་བྱེད་ན་སངས་རྒྱས་སྤྱན་མའི་ང་རྒྱལ་བྱེད། དྲུག་པ་ནི། དཔའ་བོ་དང་རྣལ་འབྱོར་མ་རྣམས་མཁའ་གསང་བྱིན་གྱིས་བརླབས་ནས། རིག་མའི་ཁ་སྦྱོར་གྱི་འདོད་ཡོན་ལྔས་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བསྐྱེད་ནས་ལྷན་ཅིག་སྐྱེས་པའི་བདེ་སྟོང་ཡུན་རིང་དུ་བསྒོམ་པར་བྱའོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། མ་མ་སྲིང་མོ་བུ་མོའམ། གལ་ཏེ་མཆོད་པ་འདོད་པ་ན། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྟོག་པ་མེད་པས་བསྟབ་པར་བྱ། །རབ་མཆོག་དེ་ཡི་དངོས་གྲུབ་ནི། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་ཚོགས་འཁོར་གྱི་ལེའུར་གསུངས་ཏེ། ཀྱཻ་རྡོར་ལས་ཀྱང་དེ་དང་འདྲའོ། །གལ་ཏེ་དེ་ལྟར་མི་ནུས་ན། སྙིང་གར་ཆང་གིས་ཐིག་ལེ་བྱས་ཏེ། ཡི་དམ་ཡབ་ཡུམ་དང་སྤྱི་བོར་བླ་མ་བསྒོམ། སྣང་བ་ཐམས་ཅད་དཀྱིལ་འཁོར་དུ་ཤེས་པར་བྱས་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་ཆགས་
རྣམས་བསྒོམ་པར་བྱའོ། །དེར་ཚོགགས་བྱིན་གྱིས་བརློབས་པའི་མཁའ་འགྲོ་མ་རྣམས་འདུས་པའི་རྟགས་སུ། སྒོམ་པའི་དྲི་དང༌། བྱ་རྒོད་ཀྱི་དྲི་དང༌། ག་བུར་དང་ཙན་དན་གྱི་དྲི་འབྱུང་ཞིང༌། ངང་པ་དང༌། ངུར་བ་དང༌། ཅེ་སྤྱང་གི་སྒྲ་འབྱུང་སྟཻ། རིམ་པ་བཞིན་སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་བྱིན་གྱིས་བརླབས་པའི་རྟགས་སུ་བཞེད་དོ། །རྗེས་ལ་ལྷག་གཏོར་བཏང་བ། མཆོད་བསྟོད་བྱ་བ། བཀྲ་ཤིས་བརྗོད་པ། ལྷག་ཆད་བསྐང་བ། སྨོན་ལམ་བཏབ་པ། མགྲོན་གཤེགས་སུ་གསོལ་བ། བླ་མས་སླར་ཡང་བསྔོ་བ་དང་བཀྲ་ཤིས་བརྗོད་དེ་རྗེས་བསྡུ་བ་སྟེ་བདུན་ནོ། །ཆོ་ག་དང་ལག་ལེན་ནི་གཞན་དུ་ཤེས་པར་བྱའོ། །བརྒྱད་པ་ནི། ལས་ཀྱི་རྡོ་རྗེས་དྲངས་པ་མ་གཏོགས་རང་གིས་བླང་ནས་ལོངས་མི་སྤྱོད། ཆང་དཔའ་མོ་དང༌། ཤ་དཔའ་བོས་ཐོག་མར་བཟའ། ལྷའི་ང་རྒྱལ་དང་ལྡན་པས་གཏོང་ལེན་གཉིས་ཀ་ལག་པ་གཉིས་ཀས་བྱ། ཁྱད་པར་ཚོགས་ཀྱི་གཙོ་བོ་དང༌། དེའི་ཕྱག་རྒྱ་ལ་པདྨའི་བསྐོར་བས་འབུལ་ཞིང༌། དེས་ཀྱང་དེ་བཞིན་དུ་ལེན། དམ་ཚིག་ལྔ་པ་ལས། ཧུབ་སྒྲ་མེད་ཅིང་མ་ཡེངས་པས། །ཅུང་ཟད་འཐུང་ཞིང་ལེགས་བསྐང་ཏེ། །ཞེས་པ་དང༌། སྣོད་ནི་ས་ལ་བཞག་པའམ། གཞན་ལ་བྱིན་པར་གྱུར་པའམ། །ལག་ནས་བོ་ན་ཆད་པས་བཅད། །རང་གིས་ཐམས་ཅད་མི་བཏུང་ངོ༌། །ཞེས་ཀྱང་གསུངས་ཤིང༌། ངག་བྱིན་
གྱིས་བརློབ་ལ། མཁའ་འགྲོ་རྣམས་མཉེས་ཤིང༌། སྐལ་མེད་རྣམས་མགོ་རྨོངས་པར་བྱ་བ་ཕྱོགས་ཀྱི་དགོས་པའང་ཡོད་པས་བརྡའི་སྐད་ཀྱིས་སྨྲ་བར་བྱ། མཆོད་པ་དང་ལོངས་སྤྱོད་ཐམས་ཅད་ཚིམ་པར་ལོངས་སྤྱོད་པའི་མོས་པ་བྱ། བཟའ་བཏུང་ལ་ལྕེས་མི་བལྡགས། ཟས་ས་རྗེན་ལ་མི་བཞག ཐམས་ཅད་སྣོད་གཅིག་ཏུ་ལོངས་སྤྱད་པའི་མོས་པ་བྱ། མུ་དང་ཁད་བཅད་དུ་མི་དགང༌། ཚོགས་ཀྱི་གཙོ་བོ་ལ་འདྲེན་པའི་ཐོག་མཐར་ཕྱག་བྱ། ཚོགས་ནས་འགྲོ་འོང་བྱེད་ན་ཕྱག་བྱ། བྱ་བ་ཐམས་ཅད་སློབ་དཔོན་ལ་ཞུ། རུང་བ་ལ་དེས་ཀྱང་གནང་བ་མཛད། གནང་བའི་བྱ་བ་དེའི་འཕྲོ་ལ་གཞན་བྱེད་དགོས་བྱུང་ནའང་ཚོགས་སུ་བསྒྲགས། བཟོད་པར་གསོལ། གནང་བ་ཞུས་ཏེ་འགྲོ། རྩོད་པ་བྱེད་པ་བྱུང་ན་ཚོགས་ནས་འདོན། འདོན་མི་ནུས་ན་རང་གཞན་དུ་འགྲོ། སློབ་དཔོན་གྱི་བཀའ་མ་བྱུང་བར་གླུ་གར་དང༌། རོལ་མོ་དང༌། དྲི་ལན་དང༌། སྟན་ལ་འདུག་པ་མི་བྱ། རྐང་པ་བརྐྱང་ནས་མི་འདུག སྣབས་དང་མཆིལ་མ་མི་འདོར། མ་བསྡམས་པའི་ལུས་ཀྱི་ཀུན་སྤྱོད་མི་བྱ། བཟའ་བཏུང་དང་རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱ། འཇིགས་པ་དང༌། དོགས་པ་དང༌། ངོ་ཚ་བ་དང༌། གཙང་མི་གཙང་དང༌། བཟང་ངན་གྱི་རྣམ་རྟོག་དང་འཛེམ་བག་མི་བྱ། དེར་ཚོགས་པ་ལ་མ་གུས་པ་དང་སྐུར་པ་མི་གདབ། སྤྱོད་པའི་བརྟུལ་ཞུགས་ལ་སྐྲག་པར་མི་བྱ། ཟས་ལ་རྐམ་པ་དང༌།
ཆགས་པ་དང༌། འཚག་ཕྱིར་མི་ཟ། འདུ་འཛི་དང༌། ཉན་ཐོས་ཀྱི་བསླབ་བྱ་དང༌། རིགས་ངན་དང༌། སྨད་འཚོང་དང༌། ཚོང་དང༌། དམག་དང༌། རྒྱལ་པོ་ལ་སོགས་པའི་གཏམ་མི་བྱ། ཉོན་མོངས་པའི་སེམས་མི་བསྐྱེད། ལས་དང་པོ་པས་ཀྱང་དྲན་ཤེས་ཀྱིས་སྤྱོད་པ་དག་པར་བྱ། ཟས་ཀྱི་ལུས་མ་འབྱོངས་པ་དང༌། ལྷག་གཏོར་མ་བཏང་བར་ཕྱིར་མི་འགྲོ། མ་ཞུས་པ་དང་བསྔོ་བ་སྨོན་ལམ་མ་བྱས་པར་མི་ཉལ། ཡོན་བདག་གིས་ཀྱང་ཚིམ་པར་མི་ནུས་པའི་མགྲོན་སྤྱན་མི་འདྲེན། སྤྱན་དྲངས་པ་རྣམས་ཟད་ཀྱིས་ཚིམ་པར་བྱ། ཕན་ཚུལ་རྩོད་པ་དང་བཤགས་མི་བྱ། ནང་དུ་ཞུགས་པ་རྣམས་ཀྱིས་གསང་བ་ཐུབ་པར་བྱའོ། ཁྱད་པར་འཁོར་ལོ་བདེ་མཆོག་འདིར་གཙང་སྦྲ་གསུམ་དང་ལྡན་པར་སྤྱོད་དགོས་ཏེ། དེ་གང་ཞེ་ན། རྩ་རྒྱུད་ལས། རིགས་དང་རིགས་མིན་ངོར་མི་ལྟ། སྤྱི་གཙུག་ལ་སོགས་བཅིང་བ་སྤང༌། ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཟླ་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་ཟ་བ་ཉིད། །གཙང་སྦྲ་གསུམ་པ་ཡིན་པར་འདོད། ཅེས་གསུངས་ཏེ། རིགས་ཀྱི་རྣམ་པར་རྟོག་པ་སྤངས་ཤིང་སྐྲ་གྲོལ་བར་བྱས་ཏེ། ཕོ་ཉ་མོ་བསྟེན་པ་གཙང་སྦྲ་དང་པོ་དང༌། བདུད་རྩི་ལྔ་སོགས་བཟའ་བ་ནི་ཟླ་བ་སྟེ་གཙང་སྦྲ་གཉིས་པ་དང༌། ཐམས་ཅད་སྣོད་གཅིག་ཏུ་བསྲེ་བ་ནི་གཙང་སྦྲ་གསུམ་པའོ། །ནང་དུ་སྦྱར་ན། ཀུནྡ་ཤེས་རབ་ཀྱི་སྣ་རྩེར་དབབ་པ་ཟླ་བ་དང༌། ཐབས་ཤེས་ཀྱི་བྱང་ཆུབ་ཀྱི་སེམས་ཉིས་འགྱུར་དུ་འཕེལ་
བ་ཕྱེད་ཕྱེད་དུ་བྱས་ཏེ་ཕན་ཚུན་དུ་དྲངས་ཏེ་ལུས་ལ་ཁྱབ་པར་བྱེད་པ་ནི་སྣོད་གཅིག་ཏུ་ཟ་བའོ། །ཚོགས་འཁོར་གྱི་སྐབས་བསླབ་བྱ་ལས་འདས་ན་ངུ་འབོད་སོགས་ངན་སོང་གསུམ་གྱི་གནས་ཅི་རིགས་པར་འཕེན་པ་ནས་ཚེ་འདིར་དབུལ་བ་དང་ནད་བསྐྱེད་པ་སོགས་ཀྱི་བར་འབྱུང་སྟེ། སྡང་བས་རྩོད་པ་བྱས་ན་ངུ་འབོད་དུ་སྐྱེ་བ་དང༌། སྣོད་སྟོང་པར་བཞག་ན་ཚེ་འདིར་འབྱོར་པ་ལ་གནོད་པ་ལྟ་བུའོ། །འོན་ཀྱང་འདི་དག་སྒྲུབ་པར་ནུས་པའི་དབང་དུ་བྱས་ཀྱི། སྒྲུབ་པར་མི་ནུས་པ་ལ་སེམས་དག་པ་ཁོ་ནས་སྣང་བ་ཉེས་མེད་དུ་འགྱུར་བའང་མང་དུ་ཡོད་དོ། །དགུ་པ་ལ་གཉིས་ལས། ཕན་ཡོན་གྱི་གཙོ་བོའམ་དགོས་པ་ནི། བདེ་སྟོང་གི་ཡེ་ཤེས་སྤེལ་བ་དང༌། ལྷ་མཉེས་པས་དངོས་གྲུབ་གནང་ཞིང་ཚོགས་རྒྱ་ཆེན་པོ་རྫོགས་པ་ཡིན་ཏེ། རྡོ་རྗེ་གུར་ལས་ཀྱང༌། འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ཡིས་རབ་དགྱེས་བྱ། །རྒྱལ་བ་རྟག་པ་མཉེས་པ་དང༌། །གསེར་གྱི་མངའ་བདག་མཉེས་པ་དང༌། །པདྨ་གར་དབང་མཉེས་པ་དང༌། །ལྕགས་མཆོག་བདག་པོ་མཉེས་པ་དང༌། །ཞེས་པ་ལ་སོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་པ་དང༌། ཁམས་གསུམ་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པ་དང༌། ས་བཅུ་མངོན་དུ་བྱེད་པ་དང༌། འཕགས་པ་གསུམ་དང་རིགས་དྲུག་ཐམས་ཅད་ཚིམ་པར་བྱས་པར་གསུངས་ཏེ། བར་པ་གཉིས་སྤྱོད་པའི་སྐབས་ཀྱི་ཚོགས་
འཁོར་ལ་དགོངས་སོ། །སྤྱིར་བཟའ་བའི་སྟོན་མོ་དང་ཤ་ཆང་དང་ཕྱག་རྒྱའི་མཆོད་པ་ལ། བཟའ་བྱའི་ཡོན་ཏན་བརྒྱ་འགྱུར་མར་མེས་འབྲས་བུ་སྟེར། མར་མེ་བརྒྱ་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང༌། །ཆང་གི་བརྒྱ་འགྱུར་ན་ཆུང་ཆ་ལ་རབ་སྦྱོར་ཏེ། །དེ་ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། ཞེས་ཚོགས་ཀྱི་གཙོ་བོའི་མཆོད་པའི་སྐབས་སུ་དོན་དམ་བསྙེན་པར་སྤྱན་རས་གཟིགས་ཀྱིས་བཤད་ལ། གཞན་ཡང་གནས་སྐབས་ཀྱི་ཕན་ཡོན་ནི། ཉམས་ཆགས་ཞི་བ་དང༌། རིམས་དང༌། མུ་གེ་ལ་སོགས་པ་བཟློག་པ་དང༌། མི་དང་མི་མ་ཡིན་གྱིས་འཚེ་བ་ཞི་བ་དང༌། འཆི་བ་བསླུ་ཞིང་ལོངས་སྤྱོད་དབང་ཐང་རྒྱས་པ་ལ་སོགས་པ་འབྱུང་སྟེ། ཇི་སྐད་དུ། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་པོས་ནི་དངོས་གྲུབ་འགྱུར། །ཞེས་གསུངས་སོ། །བཅུ་པ་ནི། འདོད་ཡོན་ལ་ལོངས་སྤྱད་པས་ཅིའི་ཕྱིར་སྒྲིབ་པར་མི་འགྱུར་ཞེས་སོགས་ཀྱི་རྩོད་པ་སྤོང་བ་སྟེ། ཞིབ་མོ་རྣམ་པར་འབྱེད་པར་བཤད་ཟིན་ཏོ། །དེས་ན་རྡོ་ཤིང་ལས་བྱས་པའི་སྐུ་གཟུགས་ལ་མཆོད་པའང་བསོད་ནམས་ཆེ་ན། ལུས་ཀྱི་དཀྱིལ་འཁོར་ལ་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤེས་པར་བྱའོ། །དྲུག་པ་སློབ་དཔོན་གྱི་བྱ་བ་ནི། དེ་ཉིད་བཅུ་ཡིན་ཏེ། དཀྱིལ་འཁོར་སོགས་སོ། །དེ་ལ་ཕྱིའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་སོགས་བཅུ་སྟེ། བྲི་བ་དང༌། བསླང་བ་དང༌། སྒོམ་པའི་དཀྱིལ་འཁོར་
གྱི་རྣམ་གཞག་ནི་དཀྱིལ་འཁོར་གྱི་དེ་ཉིད་དང༌། དང་པོ་སྦྱོར་བ་སོགས་ལྷའི་རྣལ་འབྱོར་ནི་ཏིང་ངེ་འཛིན་དང༌། ལྷ་ལ་ཕྱག་རྒྱ་བཞིའི་རྒྱས་འདེབས་སོགས་ཕྱག་རྒྱ་དང༌། གཡས་བརྐྱང་ལ་སོགས་པ་སྟངས་སྟབས་དང༌། སྐྱིལ་ཀྲུང་ལ་སོགས་པ་འདུག་སྟངས་དང་བཟླས་པའི་དེ་ཉིད་དང་སྦྱིན་སྲེག་གི་ལས་ཐམས་ཅད་དང༌། ལྷ་སོ་སོའི་མཆོད་བསྟོད་དང༌། དངོས་གྲུབ་དང་ལས་ཚོགས་ཆེ་ཆུང་གི་ལས་སྦྱོར་དང༌། བསྲུང་ཞིང་སྤྱན་འདྲེན་མཆོད་པ་སོགས་སྔོན་དུ་འགྲོ་བས་གཤེགས་སུ་གསོལ་བ་ནི་སླར་བསྡུ་བའི་དེ་ཉིད་དོ། །གསང་བའི་དེ་ཉིད་བཅུ་ནི། ཕྱིར་བཟློག་སོགས་ཏེ། ཕྱིར་བཟློག་གཉིས་ནི། ཁྲོ་བོ་བཅུ་ལྟ་བུ་བསྒོམས་ནས་ཕྱིར་བཟློག་བྱེད་པ་དང༌། འཁོར་ལོ་བྲིས་པའི་ཕྱིར་བཟློག་གཉིས་སོ། །གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཉིས་དང༌། སྲུང་མ་དང་ཕྲལ་ནས་མངོན་སྤྱོད་བྱེད་པ་ནི་ཁ་སྦྱོར་དབྱེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་ཆོག་དང༌། ཡིད་དང་ངག་གི་རྡོར་བཟླས་དང༌། མཚན་མའི་བསྙེན་པ་ཇི་ལྟ་བ་བཞིན་སྔོན་དུ་སོང་ནས་རིམ་གཉིས་ཀྱི་ལམ་བསྒོམས་པའི་མཐར་གྲུབ་པ་ལན་གསུམ་བརྩམས་པ་སོགས་བྱས་ཀྱང་མ་འགྲུབ་ན་རྡོ་རྗེ་སེམས་དཔའ་བསད་པའི་ཆོ་ག་བྱེད་པ་ནི་དྲག་ཤུལ་སྒྲུབ་པ་དང༌། རབ་ཏུ་གནས་པ་དང༌། མཆོད་པ་དང་དབང་བསྐུར་བ་དང༌། དངོས་གྲུབ་སྒྲུབ་པས་ཡན་ལག་དང་བཅས་པ་ནི་དཀྱིལ་འཁོར་
སྒྲུབ་པའི་དེ་ཉིད་དེ། འདི་དག་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ནས་བཤད་པ་བཞིན་ཏེ། སྤྱིར་འདྲ་མིན་དུ་བཤད་པ་མང་དུ་ཡོད་མོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །བདུན་པ་གསང་སྟེ་སྒྲུབ་པ་ནི། དཔའ་བོའི་སོགས་ཏེ་མི་བྲི་ཞེས་པ་ནི་བྲིས་སྐུ་སྦེད་པའོ། །མི་གདོན་ཞེས་པ་ནི་རྒྱུད་ལ་སོགས་པ་གསང་བའི་ཚིག་རྣམས་སོ། །གཡོན་པའི་ཀུན་སྤྱོད་སྦ་ཞེས་པ་ནི། མཚོན་པ་ཙམ་སྟེ་གསང་བའི་མཆོད་པ་ཐམས་ཅད་སྦ་བའོ། །བརྒྱད་པ་བླ་མ་མཆོད་པ་ནི། ཧེ་རུ་ཀ་དཔལ་སོགས་ཏེ། འདི་ལ་གཉིས་རྐྱེན་གྱི་སློབ་དཔོན་དང་རྡོ་རྗེའི་སློབ་དཔོན་མཆོད་པའོ། །དང་པོ་ནི་ཧེ་རུ་ཀ་དཔལ་གྱི་རྣལ་འབྱོར་ལ་གནས་པའི་སྒྲུབ་པ་པོ་རྣམས་ཀྱི་སློབ་དཔོན་ནི། ལས་ཀྱི་ཕྱག་རྒྱའི་མཐར་ཐུག་པ་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་ཏེ། འདིས་ཉེ་བར་མཚོན་པ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དོ། །དེ་རྣམས་རྩ་རྒྱུད་ཀྱི་བཟའ་བའི་ལེའུ་ནས་ཇི་ལྟར་འབྱུང་བ་ལྟར་གྱི་ཙཱ་རུས་མཆོད་པ་བྱའོ། །གཉིས་པ་ནི། སློབ་དཔོན་ནམ་དེ་དང་འབྲེལ་བ་གང་མཐོང་ཡང་རབ་ཏུ་དང་བས་དགའ་སྟེ། རྩ་སྔགས་ལན་བདུན་བཟླས་ཞིང༌། ཧཱུཾ་གླུར་ལེན་པས་ཕྱག་བྱའོ། །དེས་ན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་མཆོད་པ་ཐམས་ཅད་བྱ། འདི་ད་ལྟ་ཡང་བསྒྲུབ་པ་བྱ་ཞིང་སྤྱོད་པའི་དུས་ཀྱི་དམ་ཚིག་ཀྱང་ཡིན་ནོ། །དགུ་པ་ནི། རྡོ་རྗེ་ཐེག་པར་སོགས་ཤོ་ལོ་ཀ་གཅིག་སྟེ། རྒྱུད་སྡེ་བཞི་པོ་གང་ནས་གསུངས་ཀྱང་རུང་སྟེ་མི་བྱ་
བར་གསུངས་པ་རྣམས་བྱས་པ་དང༌། སྒྲུབ་པར་གསུངས་པ་རྣམས་མི་བྱེད་པ་ནི། འདི་ལས་གཞན་དུ་བྱེད་པ་སྟེ། དེ་ལྟར་མི་བགྱིད་པར་དམ་འཆའ་ཞིང༌། རྒྱུད་སྡེ་བཞིའི་དམ་ཚིག་ཐམས་ཅད་བསྟེན་པ་དང༌། མདོ་སྔགས་ཀྱི་ལམ་ཐམས་ཅད་བསྟེན་ཞིང་བསྒོམ་པར་བགྱིའོ་ཞེས་དམ་འཆའ་བ་སྟེ་ལམ་བསྟེན་པའི་དོན་བསྡུའོ། །བཅུ་པ་ཡོངས་སུ་བསྔོ་བ་ལ། བསྔོ་བྱའི་དགེ་བ། ཇི་ལྟར་བསྔོ་བའི་ཚུལ། བསྔོ་བའི་ཡུལ། གང་དུ་བསྔོ་བ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་ཏིང་ངེ་འཛིན་སོགས་ཚིག་རྐང་པ་ལྔ་སྟེ་གོ་སླའོ། །གཉིས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཏེ། དུས་གསུམ་གྱི་དགེ་བ་ནི། རང་གིས་བྱས་པ་གཅིག་པུར་མ་ཟད་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་དང་ཡང་ལྷན་ཅིག་པའོ། །གསུམ་པ་ནི། ཡུལ་སུ་ཞིག་ལ་བསྔོ་བ་ཡིན་ན། སེམས་ཅན་ཐམས་ཅད་ལ་སྟེ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་དུའོ། །བཞི་པ་ལ། དོན་གྱི་གཙོ་བོ་མདོར་བསྟན་པ་དང་དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སེམས་ཅན་ཐམས་ཅད་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་ཏེ། དེའི་ལམ་དུ་ཞུགས་ནས་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པའོ། །གཉིས་པ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་ཐུན་མོང་གི་ལམ་དང༌། འབྲས་བུའི་རྣམ་གཞག ཐུན་མོང་མ་ཡིན་པའི་ལམ་དང་
འབྲས་བུའི་རྣམ་གཞག་གོ །དང་པོ་ལ་ཕུང་ཁམས་སྐྱེ་མཆེད། བདེན་པ་བཞི། མཚན་ཉིད་གསུམ་ལ་སོགས་པའི་རྣམ་པར་གཞག་པ་ནི། ཤིན་ཏུ་མངས་པར་འགྱུར་བའི་ཕྱིར། གཞིའི་དུས་ཀྱི་རྣམ་གཞག་དེ་རྣམས་བཞག་སྟེ། སྔགས་ཁོ་ན་ལ་ཞུགས་པ་རྣམས་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་གོ་བར་རགས་པ་ཙམ་བསྐྱེད་པའི་ཕྱིར་ཏུ་ཡང་སྙིང་མདོར་བསྡུས་སུ་བརྗོད་ན། ལམ་དང་འབྲས་བུ་གཉིས་ལས། དང་པོ་ནི། སྤྱིར་ས་དང་ལམ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཏེ། གནས་སྐབས་ཡོན་ཏན་སོ་སོའི་རྟེན་བྱེད་ཅིང་གོང་མའི་ཡོན་ཏན་འཕེལ་བའི་གཞི་ཡིན་པ་དང༌། ལམ་ཞུགས་ཀྱི་སེམས་ཅན་རྣམས་གོང་ནས་གོང་དུ་འགྲོ་བའི་གཞིའམ་རྟེན་ཡིན་པའི་ཕྱིར་ས་ཞེས་བྱ། རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱོན་པའི་ཤུལ། མ་བྱོན་པའི་རྒྱལ་བ་སྲས་བཅས་རྣམས་ཀྱི་འབྱོན་པའི་སྲོལ་དོད་པས་ལམ་ཞེས་བྱ། འདིར་ཐེག་དམན་ཉན་རང་གི་ལམ་རིམ་མི་སྟོན་གྱི་ཐེག་ཆེན་ཉིད་ཀྱི་དབང་དུ་བྱས་ན། དེ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལྔའི་དང་པོ་ནི། འོག་ནས་འབྱུང་བའི་སྐྱེས་བུ་གསུམ་གྱི་ལམ་ཡང་ཚོགས་ལམ་འདིར་རིམ་ཅན་དུ་འབྱུང༌། གོང་མ་རྣམས་སུ་ནི་སྐྱེས་བུ་ཆེན་པོའི་ལམ་འབའ་ཞིག་གོ །སེམས་རང་བཞིན་གྱིས་འོད་གསལ་བ། འོག་ཏུ་རྒྱུའི་རྒྱུད་ཀྱི་སྐབས་སུ་འཆད་པ་ལྟར་གྱི་
རང་བཞིན་འོད་གསལ་བའི་དེ་བཞིན་ཉིད། རང་བཞིན་གྱི་རྣམ་པར་དག་པ། གསེར་བཟང་པོ་ལྟ་བུ་ཁམས་དེའི་ནུས་པ་ཐེག་པ་གསུམ་གྱི་རིགས་གསུམ་དུ་འབྱེད་པ་ལས། རྫོགས་པའི་སངས་རྒྱས་ཀྱི་རིགས་ཀྱི་ནུས་པ་དེ་ཐེག་པ་ཆེན་པོའི་དགེ་བཤེས་དང་འཕྲད་པ་དང༌། ཆོས་ཐོས་པ་དང༌། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོས་པ་དང༌། སེམས་ཅན་གྱི་སྡུག་བསྔལ་མཐོང་བ་ལ་སོགས་པའི་རྐྱེན་བཟང་པོས་བག་ཆགས་སད་དེ། གཞན་དོན་དུ་སངས་རྒྱས་ཐོབ་འདོད་འབྱུང་བ་ཡིན་ནོ། །དེ་ཉིད་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱིས་བཟུང་ནས། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱེད། དེ་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བླངས་ལ་བསྲུང་ཞིང༌། འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་བྱ་དགོས་པར་མཐོང་ནས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་མཐའ་དག་ལ་སློབ་འདོད་དྲག་པོ་སྐྱེས་པའི་ཚེ། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད། ལས་དང་པོ་པའི་ས་སྦྱང་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཐོས་བསམ་བྱ། ཟས་གོས་གནས་མལ་ཉེ་འཁོར་ལ་སོགས་པའི་ཞེན་པ་སྤང་པའི་ཕྱིར་ཏུ་སྦྱང་པའི་ཡོན་ཏན་བཅུ་གཉིས་ལ་བསླབ་ཅིང༌། ཟས་ཀྱི་ཚོད་རིག་པ་དང༌། ནམ་སྲོད་དང་ཐོ་རངས་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བསམ་སྦྱོར་དང༌། ཕྱག་མཆོད། བསྐོར་བ་དང༌། རང་གཞན་
གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་བཤགས་པ་དང༌། རྒྱལ་བ་སྲས་བཅས་ལ་ཆོས་གསུངས་པར་བསྐུལ་མ་འདེབས་ཤིང་མྱུར་དུ་འཚང་རྒྱ་བར་ཡང་བསྐུལ། སྤྲུལ་པའི་སྐུ་རྣམས་མྱང་ངན་ལས་མི་འདའ་བར་ཡང་གསོལ་བ་འདེབས། དགེ་བ་ཐམས་ཅད་གཞན་དོན་དུ་རྫོགས་བྱང་དུ་བསྔོ་བ་རྣམས་དུས་དྲུག་ཏུ་བྱེད་ནམ་གྱི་གུང་ཐུན་ལ་དགེ་བའི་སེམས་ཀྱིས་ཟིན་པར་བྱས་ཏེ་ཉལ་བ་འདིས་ལུས་བརྟས་པར་བྱ་ལ། སླད་ཀྱི་དགེ་བའི་ཕྱོགས་ལ་འབད་པར་བྱའོ་སྙམ་སྟེ་དྲན་ཤེས་དང་ལྡན་པས་ཉལ། ཉིན་མཚན་དགེ་བས་དུས་འདའ་བར་བྱེད་པ་ཡང༌། ཁྱད་ཆོས་འདི་རྣམས་ཚང་དགོས་ཏེ། འཁོར་བའི་ཉེས་དམིགས་ཤེས་ཤིང༌། འཆི་བ་མི་རྟག་པ་དྲན་པའི་སྐྱོ་ཤས་ཀྱིས་བསྐུལ་ཏེ་དཀོན་མཆོག་ལ་སེམས་རྙོག་པ་མེད་པའི་དད་པ་དང༌། ལས་རྒྱུ་འབྲས་ལ་མི་བསླུ་བར་ཡིད་ཆེས་པ་དང༌། གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་དེ་དད་པ་གསུམ་ཚང་བ་དེ་ལྟར་དགོས་ཤིང༌། སེམས་ཀྱིས་གོ་ཆ་གྱོན་ཏེ། སྦྱོར་བས་དགེ་བ་ལ་འབད་རྩོལ་དྲག་པོའི་རྩོན་འགྲུས་དང༌། དགེ་བའི་སེམས་ཀྱི་དམིགས་ཡུལ་དང༌། སྒོ་གསུམ་གྱི་བླང་དོར་གྱི་བྱ་བ་མ་བརྗེད་པའི་དྲན་པ་དང༌། དམིགས་པའི་ཡུལ་ལས་གཞན་དུ་མ་གཡེངས་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་ཤེས་པའི་ཤེས་རབ་རྣམས་ཚང་བར་ཉམས་སུ་
ལེན་ཞིང༌། དེ་ལྟར་ལོངས་པ་ན་ཚོགས་ལམ་གྱི་སྣེ་ཟིན་པ་ཡིན་ནོ། །སངས་རྒྱས་ཀྱི་ལམ་དུ་འགྱུར་བའི་དགེ་བ་རྣམས་འགལ་རྐྱེན་གྱིས་མི་ཉམས་པར་བྱེད་ཅིང༌། སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་འདོད་པས་སངས་རྒྱས་མྱུར་དུ་ཐོབ་པར་སྨོན་ལམ་འདེབས་ཤིང༌། བསམ་པ་ཁྱད་པར་ཅན་དེ་སྟོབས་དང་ལྡན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཤིན་ཏུ་བརྟན་པར་སོང་ཞིང༌། བདུད་དང་སྡིག་པའི་གྲོགས་པོས་བསླུ་བར་མི་ནུས་པའི་སེམས་བརྟན་པོ་དང༌། དགེ་བ་ཐམས་ཅད་ཕྱི་ནུར་དུ་མི་འགྲོ་བར་གོང་ནས་གོང་དུ་ཁྱད་ཞུགས་པར་འགྲོ་བ་སྟེ། བཞི་པོ་འདི་ཚང་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་པའི་མགོ་ཚུགས་པ་ཡིན་ནོ། །དེ་ལྟར་ན་གང་ཟག་ཐར་འདོད་རྣམས་ཀྱིས་ཤིན་ཏུ་རྙེད་དཀའ་ཞིང་དཀོན་པའི་མི་ལུས་ཐོབ་པ་འདི་ལ་དེ་ཙམ་གྱི་ལམ་སྣ་ཟིན་པའི་ཞིག་ཨེ་ཡོང་ཞེས་ཀྱང་བལྟ་བར་བྱའོ། །མགོའམ་གོས་ལ་གློ་བུར་མེ་ཤོར་ཀྱང༌། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར་འབད་པ་འདོན་དགོས་སོ། །འདིར་སྨྲས་པ། རྣམ་དཔྱོད་འཁྱོགས་པོས་བྲིས་པའི་གླེགས་བམ་དག །དོན་གྱི་མཐུ་ཆུང་ཚིག་ཀྱང་གོ་དཀའ་བས། །དྲང་པོའི་བློ་ཡིས་མ་ནོར་དོན་ཆེ་བ། །མཆོག་ཏུ་གོ་བདེའི་ངག་གིས་བཤད་པ་ཡིན། །དེ་ནས་ཐོག་མར་ཚོགས་ལམ་ཆུང་ངུའི་སྐབས་སུ་
ལུས་ལོངས་སྤྱོད་འཁོར་བའི་བདེ་འབྲས་རྣམས་ལ་ཞེན་པ་ཆེ་ཞིང་སྤང་དཀའ་བ་ཡིན་པས། དེའི་གཉེན་པོར་དྲན་པ་ཉེར་བཞག་བཞི་སྒོམ་པ་ཡིན་ནོ། །དེ་ནས་ཚོགས་ལམ་འབྲིང་པོར་སླེབ་པ་ན། ལས་རྒྱུ་འབྲས་ལ་བླང་དོར་ལེགས་པར་བྱས་པས་སེམས་རྒྱུད་ལ་ཡོན་ཏན་སྐྱེ་བའི་འགལ་རྐྱེན་སྤངས་ཤིང༌། མཐུན་རྐྱེན་ཚང་དགོས་པས་ཡང་དག་སྤོང་བ་བཞི་བསྒོམ། ཚོགས་ལམ་ཆེན་པོར་དེ་གཉིས་ལེགས་པར་འབྱོངས་ཟིན་པས་འཕགས་པ་མཆོད་པ་དང༌། སེམས་ཅན་སྨིན་པར་བྱེད་པ་ལ་རྫུ་འཕྲུལ་དང་མངོན་པར་ཤེས་པ་དགོས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་ཡིན་ནོ། །དེས་རྫུ་འཕྲུལ་དང་མངོན་ཤེས་ཐོབ་པས་འགྲོ་བའི་དོན་སྔ་མ་ལས་ཁྱད་ཞུགས་པར་སྤྱོད་དེ། འདས་མ་འོངས་ཤེས་པ་དང་རྫུ་འཕྲུལ་གྱིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་མང་པོར་འགྲོ་ཞིང༌། སེམས་ཅན་མ་དད་པ་རྣམས་དད་པར་བྱེད། དད་པ་ཕྱིར་སྤེལ་བ་ལ་སོགས་པ་ངོ་མཚར་བའི་བཀོད་པ་དུ་མ་སྟོན། སངས་རྒྱས་སྤྲུལ་པའི་སྐུ་མང་པོ་ལ་ཆོས་ཉན། མཆོད་པ་འབུལ་བ་སོགས་བྱེད་དོ། །དེ་ལྟར་ཚོགས་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་སྦྱོར་ལམ་དུ་འཕོ་བ་ཡིན་པས། གཉིས་པ་སྦྱོར་ལམ་ནི་བདེན་བཞིའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་ལ་གསལ་བར་སྣང་བའི་སྒོམ་བྱུང་གི་ཡེ་ཤེས་སོ་སོ་རང་གིས་རིག་པའི་བདག་ཉིད་རྒྱུད་ལ་སྐྱེས་ནས་སྦྱོར་ལམ་གྱི་མགོ་འཛུགས་པ་ཡིན་ནོ། །འདི་ལ་
དང་པོར་སྦྱོར་ལམ་དྲོད་ཅེས་བྱ་བ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ལ་རྩེ་གཅིག་ཏུ་གནས་ཤིང༌། རྣམ་རྟོག་མངོན་གྱུར་རྣམས་འགགས་པའི་ངོ་བོ་ཤིན་ཏུ་གསལ་བ་འབྱུང་བ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལམ་མེ་ལྟ་བུ་སྐྱེ་བའི་སྔ་ལྟས་ཡིན་པས་དྲོད་ཅེས་བྱ་བའམ། ཉི་མ་འཆར་བའི་སྔ་ལྟས་སྐྱ་རེངས་དང་པོ་འཆར་བ་ལྟ་བུ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པ་ཡིན་པས་སྣང་བ་ཐོབ་པ་ཞེས་བྱའོ། །འདིར་ཕྱི་ནང་གི་ཆོས་མིང་དུ་བཏགས་པའི་མིང་ཐམས་ཅད་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་སྐྱེ་ཞིང༌། གཟུང་བའི་ཆོས་ཀུན་ནས་ཉོན་མོངས་པས་བསྡུས་པ་ཐམས་ཅད་བདེན་མེད་དུ་རྟོགས་ཤིང༌། བདེན་མེད་དེར་འཛིན་པ་ཕྲ་མོ་དང་བཅས་པའི་སྒོམ་བྱུང་གི་ཡེ་ཤེས་ཡོད་དེ། དེ་ལྟར་བསྒོམ་པས་གོང་གི་སྣང་བ་དེ་ཉིད་འཕེལ་ཞིང་རྒྱས་པའི་ཡེ་ཤེས་ལ་སྦྱོར་ལམ་རྩེ་མོ་ཞེས་བྱ་སྟེ། ལྗོན་ཤིང་རྒྱས་པའི་རྩེ་ལྟར་རྣམ་གཡེངས་ཀྱི་རླུང་ཆེན་པོས་བསྐྱོད་ན་གཡོ་བས་བརྟན་པ་མ་ཐོབ་པ་ཡིན་ནོ། །སྐྱ་རེངས་དང་པོ་ལས་སྣང་བ་རྒྱ་ཆེར་མཆེད་ན། ཁ་དོག་སེར་པོར་སྣང་བའི་སྐྱ་རེངས་གཉིས་པ་འཆར་བ་ལྟ་བུ་སྟེ། ཡེ་ཤེས་ཀྱི་སྣང་བ་མཆེད་པས་སྣང་བ་མཆེད་པ་ཞེས་བྱ། འདིར་མིང་གི་བརྗོད་པའི་དོན་གྱི་དངོས་པོ་ལ་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་སྐྱེ། གཟུང་ཡུལ་རྣམ་བྱང་གི་ཆོས་རྣམས་བདེན་མེད་དུ་རྟོགས་ཀྱང་བདེན་མེད་དུ་འཛིན་པ་དེའི་དྲི་མ་དང་བཅས་པའོ། །དེ་ལྟར་དྲོད་དང་རྩེ་མོ་གཉིས་སུ་དད་སོགས་དབང་པོ་ལྔ་ཉམས་སུ་ལེན་ཞྀང༌། ལམ་སྒོམ་པ་ལ་
དབང་ཐོབ་པ་ཡིན་ནོ། །ལམ་དེ་ཉིད་རྒྱུན་བསྲིངས་ཏེ་བསྒོམས་པས་ཆོས་ཟབ་མོ་སྐྱེ་བ་མེད་པའི་དོན་ལ་བཟོད་པ་རྗེས་མཐུན་པ་འཐོབ་པས་སྦྱོར་ལམ་བཟོད་པ་ཞེས་བྱ་སྟེ། སྐྱ་རེངས་གསུམ་པ་དམར་འོད་ཤར་བ་ལྟ་བུའོ། །ཆོས་རྣམས་ཀྱི་མིང་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་སྐྱེ་བས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ཞེས་བྱ། འདིར་སོ་སོ་སྐྱེ་བོའི་སེམས་ཀྱི་འཛིན་སྟངས་སྣང་བ་ལ་བདེན་འཛིན་གྱི་ཤེས་པ་ཐམས་ཅད་བདེན་མེད་དུ་རྟོགས་ཀྱང་དེར་འཛིན་ཕྲ་མོ་དང་བཅས་པའོ། །དེ་ཉིད་བསྒོམས་པས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་མང་པོ་འཆར་ཞིང༌། འཇིག་རྟེན་པའི་ལམ་རྣམས་ཀྱི་མཆོག་ཏུ་གྱུར་པས་སྦྱོར་ལམ་ཆོས་མཆོག་ཅེས་བྱའོ། །དོན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་ཤེས་རབ་སྐྱེས་པ་སྟེ། སྟན་དེ་ལས་མ་ལངས་པར་འཇིག་རྟེན་ལས་འདས་པའི་ལམ་མཐོང་ལམ་བསྐྱེད་ནུས་པས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ། ཉི་མ་འཆར་ལ་ཐུག་པ་དང་འདྲའོ། །འདིར་འཕགས་པའི་ཐུགས་ཀྱི་འཛིན་སྟངས་ཆོས་ཐམས་ཅད་བདེན་མེད་སྒྲོ་བཏགས་སུ་རྟོགས་པའི་བློ་དེ་ཡང་རང་བཞིན་མེད་པར་རྟོགས་ཤིང༌། དེར་འཛིན་ཕྲ་མོ་དང་བཅས་པའི་སྒོམ་བྱུང་གི་ཡེ་ཤེས་ཡོད་དོ། །དེ་ལྟར་བཟོད་པ་དང་ཆོས་མཆོག་གཉིས་སུ་དད་པ་ལ་སོགས་པ་སྟོབས་ལྔ་ཉམས་སུ་ལེན་ཞིང༌། མི་མཐུན་ཕྱོགས་ཀྱིས་ཚུར་མི་ཚུགས་ལ་
ཕར་འཇོམས་པའི་སྟོབས་དང་ལྡན་པ་ཡིན་ནོ། །འདི་མན་ཆད་ཚོགས་སྦྱོར་གཉིས་སུ་ཆོས་ཉིད་མངོན་སུམ་དུ་མ་མཐོང་ཞིང༌། མོས་པའི་ཚུལ་གྱིས་ཉམས་སུ་ལེན་པས་ན་མོས་པས་སྤྱོད་པའི་ས་ཞེས་བྱ། ཚོགས་ལམ་ཡང་མོས་སྤྱོད་ཀྱི་སར་རྣམ་སྣང་མངོན་བྱང་ནས་བཤད་དེ། བླ་མེད་ཀྱི་སྐབས་སུ་ཡང་དེ་ལྟར་གོ་བར་བྱའོ། །དེས་བསྐལ་པ་གྲངས་མེད་དང་པོའི་ཚོགས་རྫོགས་པར་བྱས་སོ། །དེ་ལྟར་སོ་སོ་སྐྱེ་བོའི་ལམ་རྫོགས་ནས། གསུམ་པ་མཐོང་ལམ་ནི། ཆོས་མཆོག་གི་རྗེས་སུ་སེམས་གཞན་གྱིས་བར་མ་ཆོད་པར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་སྒྲིབ་མེད་དུ་མཐོང་བའི་མཐོང་ལམ་སྐྱེ། ཀུན་བརྟགས་གློ་བུར་གྱིས་སྒྲིབ་པའི་མུན་པ་ཐམས་ཅད་འཇོམས་པ་ནི་ལོ་དུ་མར་བསགས་པའི་མུན་ཁུང་དུ་སྒྲོན་མེའི་སྣང་བ་བྱུང་བ་ན་མུན་པ་སངས་པ་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཐོག་མ་འདི་ཡིན་ཞིང༌། ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཆོས་ཉིད་གསར་དུ་མཐོང་བ་དང༌། བྱང་ཆུབ་ལ་ཉེ་བ་དང༌། རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་ནུས་པར་ཤེས་ཏེ་དགའ་བ་ཁྱད་པར་ཅན་སྐྱེ་བས་སོ། །ས་འདིའི་ཡོན་ཏན་ནི། རྟོགས་པའི་ཁྱད་པར་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་ཐོབ་སྟེ། ཆོས་དབྱིངས་ལ་ཐ་དད་མེད་པས་བདག་གཞན་མཉམ་ཉིད་དུ་མཐོང་བའོ། །སྤངས་པའི་ཁྱད་པར་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་སྒྲིབ་པ་ཆེ་ཆུང་བཅུར་བཞག་པའི་ཆེན་པོའི་ཆེན་པོའམ། སྒྲིབ་གཉིས་
ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་པོ་སྤོང་བ་ཡིན་ནོ། །ངན་སོང་པའི་ཉོན་མོངས་ཀྱི་ཕྱོགས་དང་མཐུན་པའི་ཕྱོགས་ཐམས་ཅད་སྤོང༌། མངོན་གྱུར་ཀུན་སྤྱོད་ནི། ཉོན་མོངས་ཕྱོགས་མཐུན་ཆེ་འབྲིང་ཐམས་ཅད་སྤོང༌། འཇིག་ལྟ་དང༌། ཚུལ་ཞུགས་མཆོག་འཛིན་དང༌། ཐེ་ཚོམ་སྟེ་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་ཞེས་པ་མཚོན་པ་ཙམ་སྟེ། མཐོང་སྤངས་ཉོན་མོངས་བཅུའམ་བརྒྱ་རྩ་བརྒྱད་ཀྱི་ས་བོན་སྤངས། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་ཞེས་བྱ། བྱང་ཆུབ་སེམས་དཔའ་ས་འདི་ལ་གནས་པ་ནས་ལྟ་བ་རྣམ་པར་དག་པ་ཞེས་བྱ། ཤེས་སྒྲིབ་ཤུན་པ་ལ་གནས་པ་ལྟ་བུ་རྣམས་སྦྱོང༌། ས་འདི་ཐོབ་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ་བ་ཡིན་ཏེ། འཚོ་བ་མེད་པའི་འཇིགས་པ་དང༌། ཚིགས་སུ་བཅད་པ་མེད་པ་སྟེ་གཞན་གྱི་ཁ་ངན་ཟེར་བ་དང༌། འཆི་བ་དང༌། ངན་འགྲོ་དང༌། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པ་ཡིན་ནོ། །དེའི་རྣམ་སྨིན་གྱི་འབྲས་བུ་ནི། འཛམ་གླིང་ལ་དབང་བའི་འཁོར་ལོས་བསྒྱུར་རྒྱལ་དུ་འགྱུར་བ་ཡིན་ནོ། །དེ་བརྩོན་འགྲུས་རྩོམ་པར་འདོད་དེ་རབ་ཏུ་བྱུང་ནས་མངོན་ཤེས་དང་རྫུ་འཕྲུལ་མངོན་པར་བསྒྲུབས་ན། ཡོན་ཏན་བརྒྱ་ཕྲག་བཅུའམ་བཅུ་གཉིས་མངོན་པར་ཐོབ་སྟེ། ས་བཅུ་པའི་མདོ་ལས། དེ་འདོད་ན་བརྩོན་འགྲུས་ཇི་ལྟ་བུས་ཁྱིམ་དང༌། ཆུང་མ་དང༌།
ལོངས་སྤྱོད་ཐམས་ཅད་སྤང་ཏེ་རབ་ཏུ་བྱུང་བ་དང༌། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང༌། ཞེས་སོགས་གསུངས་པས་སོ། །དེ་ལ་བརྒྱ་ཕྲག་བཅུ་གཉིས་ནི། ཞིང་བརྒྱར་འགྲོ། སངས་རྒྱས་བརྒྱ་མཐོང༌། འཇིག་རྟེན་ཁམས་བརྒྱ་གཡོ། སྤྲུལ་པ་བརྒྱ་འགྱེད། ཏིང་ངེ་འཛིན་བརྒྱ་ལ་འཇུགབརྒྱ་ལས་ལྡང༌། འཁོར་བརྒྱ་ལ་ཆོས་སྟོན། སེམས་ཅན་བརྒྱ་སྨིན་གྲོལ་ལ་འགོད། འོད་ཟེར་བརྒྱ་འགྱེད། སངས་རྒྱས་བརྒྱས་བྱིན་གྱིས་བརླབས། བསྐལ་པ་བརྒྱར་གནས་པ་བྱེད། བསྐལ་པ་བརྒྱའི་སྔོན་དང་ཕྱི་མཐར་མངོན་ཤེས་འཇུགཆོས་ཀྱི་སྒོ་བརྒྱ་འབྱེད་དོ། །འདིར་མཚན་དཔེ་རྗེས་མཐུན་ཐོབ་ནས་ས་གོང་མ་རྣམས་སུ་གོང་ནས་གོང་དུ་འགྲོའོ། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་གཙོ་བོར་བྱང་ཆུབ་ཡན་ལག་བདུན་ཉམས་སུ་ལེན་ཞིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་པ་ཡིན་ནོ། །ཇི་སྲིད་དུ་ལྟུང་བའི་འཁྲུལ་པ་ཕྲ་མོ་རྣམས་ལའང་ཤེས་བཞིན་དུ་གནས་མི་ནུས་པ་དེ་སྲིད་དུ་ས་དང་པོ་ཡིན་ནོ། །ས་འདི་ཡན་ཆད་འཕགས་ལམ་ཡན་ལག་བརྒྱད་སྒོམ་ཞེས་བྱ་བ། བྱང་ཕྱོགས་ཐམས་ཅད་ཆ་མཉམ་པ་ཡིན་ཏེ། ཡོན་ཏན་ཡར་ལྡན་དུ་ཡོད་པས་སོ། །དེ་ལ་སྤྱིར་ས་བཅུ་བར་དུ་ཕར་ཕྱིན་བཅུ་ལ་སྤྱོད་མོད་ཀྱི། ས་རེ་རེ་ལ་ཕར་ཕྱིན་རེ་རེ་སྦྱོར་བའི་རྒྱུ་མཚན་ནི། ས་དང་པོར་
མགོ་དང་རྐང་ལག་སྦྱིན་པར་གཏོང་བ་ལ་ཡང་ཤིན་ཏུ་དགའ་མགུ་གུས་པ་དང་བཅས་པ་ཡོད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཐ་སྙད་ཀྱང་ཐོབ་ཅིང༌། དེ་ཡང་ཤིན་ཏུ་བརྟན་པ་ཐོབ་པ་ལ་བཏགས་ཀྱི། དེ་ལས་ཕུལ་དུ་ཕྱིན་པར་འགྲོ་རྒྱུ་མེད་པ་ནི་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱང་ས་གོང་ནས་གོང་དུ་ཇེ་ལྷག་ཏུ་འགྱུར་རོ། །འདིར་ཚུལ་ཁྲིམས་ལ་སོགས་གཞན་རྣམས་ཀྱི་མི་མཐུན་ཕྱོགས་འཆལ་ཚུལ་ལ་སོགས་པའི་ཆ་ཤས། དཔེར་ན་རྨི་ལམ་དུ་རང་དོན་ཡིད་བྱེད་ཀྱི་ཚུལ་ཁྲིམས་ལ་འདུན་པ་ལྟ་བུ་ཅི་རིགས་པ་འབྱུང་བ་ཡོད་པས། སྦྱིན་པ་ལ་སྤྱོད་ནུས་པ་བཞིན་ཚུལ་ཁྲིམས་ལ་སོགས་པ་ལ་སྤྱོད་མི་ནུས་པས་སྦྱིན་པ་ལ་གཙོ་བོར་སྤྱོད་ཅེས་གསུངས་སོ། །ས་གཉིས་པ་ལ་ནི། སྦྱིན་པ་ལ་དང་པོ་དང་མཚུངས་ཤིང་ལྷག་དང་བཅས་པར་སྤྱོད་ནུས་ཀྱང་དང་པོ་དང་ཐུན་མོང་གི་ཡོན་ཏན་ཡིན་པས། སྦྱིན་པའི་ཕྱོགས་ནས་མ་བརྗོད་ལ། འཆལ་ཚུལ་གྱི་དྲི་མ་ཐམས་ཅད་སྤངས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཐ་སྙད་ཐོབ་ཅིང༌། བཟོད་པ་སོགས་ལ་དེ་བཞིན་དུ་སྤྱོད་མི་ནུས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་སྤྱོད་ཅེས་གསུངས་ཏེ། མདོར་ན་འོག་མ་འོག་མའི་ཡོན་ཏན་གོང་མ་གོང་མ་ལ་ཡོད་པ་སོགས་རིམ་པ་འདི་ཉིད་ཀྱིས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །ས་འདི་གཙོ་བོར་མཐོང་ལམ་ཞེས་བཞག་མོད། ཐོག་མའི་
མཉམ་བཞག་དེ་ལས་ལངས་མ་ཐག་ནས་སྒོམ་ལམ་ཡིན་ནོ། །འོན་ཀྱང་ས་འདི་རང་གི་ཡོན་ཏན་གྱི་ནུས་པ་ཐམས་ཅད་མཐོང་ལམ་དུ་ཐོབ། ངོ་སྐལ་གྱི་སྤང་བྱ་ཐམས་ཅད་དེར་སྤངས་པས་མཐོང་ལམ་དུ་བསྡུས་པའོ། །བཞི་པ་སྒོམ་ལམ་ཆེ་འབྲིང་ཆུང་གསུམ་ལ་ཆེ་འབྲིང་ཆུང་གསུམ་གསུམ་དུ་དབྱེ་བས་དགུ། ས་ལྷག་མ་དགུ་ལ་རེ་རེ་སྦྱོར་ཏེ། སྒཽམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པ་ནས། ཆེན་པོའི་ཆེན་པོ་ས་བཅུ་པའི་བར་དུའོ། །དེ་ལ་ས་གཉིས་པ་ནི། ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བས་ས་དྲི་མ་མེད་པ་ཞེས་བྱ། རྟོག་པའི་ཁྱད་པར་མཆོག་གི་དོན་རྟོགས་ཏེ་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བར་མཐོང་ནས། ཆོས་དབྱིངས་ཀྱི་མཆོག་སྒྲིབ་པ་ཐམས་ཅད་དང་བྲལ་བ་སྒྲུབ་པའི་ཕྱིར་འབད་པར་སེམས་པའོ། །སྤངས་པའི་ཁྱད་པར་ཉོན་མོངས་ཅན་མིན་གྱི་སྒྲིབ་པ་ཆེན་པོའི་འབྲིང་དང་རྣམ་སྨིན་གླིང་བཞི་ལ་དབང་བའི་རྒྱལ་པོ་དང༌། ས་དང་པོའི་ཡོན་ཏན་དང་གཞན་འདྲ་བ་ལ་སྟོང་ཕྲག་བཅུ་གཉིས་སོ། །ས་འདིར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གཙོ་བོར་སྤྱོད། སྤངས་པའི་སྐབས། དང་པོ་དང་འདིས་རིགས་བསྒྲེས་ཏེ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་དང་ཐོས་དོན་ཐམས་ཅད་འཛིན་མི་ནུས་པ་དེ་སྲིད་དུ་ས་གཉིས་པའོ། །ས་གསུམ་པ་ནི་རང་གཞན་ལ་དམ་ཆོས་ཀྱི་སྣང་བ་རྒྱ་ཆེན་པོའི་འོད་བྱེད་པས་འོད་
བྱེད་པའི་ས་ཞེས་བྱ། རྟོགས་པ་ནི་རྒྱུ་མཐུན་དོན་གྱི་མཆོག་སྟེ། ཆོས་དབྱིངས་རྟོགས་པ་དང་གསུང་རབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འབྱུང་བར་ཤེས་ཏེ་གསུང་རབ་ཆོས་དབྱིངས་ཀྱི་རྒྱུ་མཐུན་ཡིན་པས་ཐོས་པ་མཆོག་ཏུ་རིག་ནས་ཚིགས་བཅད་གཅིག་གི་ཕྱིར་དུ་ཡང་མེ་ནང་དུ་མཆོད་པ་ལ་སོགས་པར་སྤྲོ་བའོ། །བསམ་གཏན་དང་མངོན་ཤེས་གཙོ་བོར་སྤྱོད་པ་དང༌། རྣམ་སྨིན་བརྒྱ་བྱིན་དང༌། ཡོན་ཏན་འབུམ་འགྱུར་ཐོབ། བཟོད་པ་ལ་གཙོ་བོར་སྤྱོད་པའོ། །ཇི་སྲིད་དུ་སྙོམས་འཇུག་དང་ཆོས་ལ་སྲེད་པས་སེམས་བཏང་སྙོམས་འབའ་ཞིག་མི་ནུས་པ་དེ་སྲིད་དུ་ས་གསུམ་པ་ཡིན་ནོ། །ས་བཞི་པ་ནི་འདིར་བྱང་ཆུབ་ཀྱི་ཕྱོགས་ཆོས་གཙོ་བོར་བསྒོམ་པས་བྱང་ཕྱོགས་ཀྱི་འོད་ཀྱིས་སྒྲིབ་གཉིས་ཀྱི་ཚང་ཚིང་སྲེག་པས་འོད་འཕྲོ་བའོ། །གསུམ་པ་དང་འདི་གཉིས་ལ་རྟགས་སྣང་འོད་དམར་ལམ་པ་དང༌། དེ་རྒྱ་ཆེར་མཆེད་པ་འབྱུང་བར་བཤད་དོ། །རྟོགས་པ་ནི་ཡོངས་སུ་འཛིན་པ་མེད་སྟེ། སྤྲོས་མེད་ཀྱི་ཡེ་ཤེས་གཟུང་འཛིན་དང་བྲལ་བ་ཁོང་དུ་ཆུད་པས་བྱང་ཆུབ་ཀྱི་ཕྱོགས་ཐོབ་པས་མདོ་སོགས་ཆོས་ལ་སྲེགས་པ་ལྡོག་གོ །རྣམ་སྨིན་འཐབ་བྲལ་གྱི་རྒྱལ་པོ་དང༌། ཡོན་ཏན་བྱེ་བ་ཕྲག་བརྒྱ་འགྱུར་ཐོབ། བརྩོན་འགྲུས་གཙོ་བོར་སྤྱོད་པའོ། །ཇི་སྲིད་དུ་བདེན་བཞི་བསྒོམས་པས་འཁོར་བ་དང་མྱང་འདས་དག་ལ་གཅིག་ཏུ་ཕྱོགས་པ་དང་
མངོན་པར་ཕྱོགས་པའི་སེམས་ལྡོག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཕྱོགས་རྟག་ཏུ་སྒོམ་མི་ནུས་པ་དེ་སྲིད་དུ་ས་བཞི་པའོ། །ས་ལྔ་པ་ནི་སེམས་ཅན་གྱི་དོན་བྱེད་ཅིང་རང་གི་སེམས་མི་གཡོ་བ་མི་མཐུན་ཕྱོགས་ཀྱིས་མ་གཡེངས་པར་བསྲུང་བ་བྱ་དཀའ་བ་བྱེད་པས་སྦྱངས་དཀའ་བ་ཞེས་བྱ། ས་འདིར་བདེན་པ་བཞི་ལ་ཞིབ་མོར་སྤྱོད་པ་འོངས་ཞིང༌། རྟོགས་པ་ནི་རྒྱུད་ཐ་དད་མེད་པའི་དོན་རྟོགས་ཏེ། སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུས་མཉམ་པར་རྟོགས་པའོ། །རྣམ་སྨིན་དགའ་ལྡན་གྱི་ལྷའི་རྒྱལ་པོ་དང༌། ཡོན་ཏན་བྱེ་བ་ཕྲག་སྟོང་འགྱུར་དུ་ཐོབ་ཅིང༌། བསམ་གཏན་གྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་དོ། །ཇི་སྲིད་དུ་འཁོར་བས་སྐྱོ་བ་ཡོད་ཅིང་མཉམ་བཞག་ལ་མཚན་མ་མེད་པར་ཅི་འདོད་དུ་འཇོག་མི་ནུས་པ་དེ་སྲིད་དུ་ས་ལྔ་པའོ། །ས་དྲུག་པ་ནི། སྲིད་ཞི་མཉམ་པ་ཉིད་ཀྱི་ཆོས་ཉིད་མངོན་དུ་གྱུར་པས་མངོན་དུ་གྱུར་པའམ། སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པས་མངོན་དུ་ཕྱོགས་པ་ཞེས་བྱ། ས་འདིར་རྟེན་ཅིང་འབྲེལ་འབྱུང་གཙོ་བོར་བསྒོམས། རྟོགས་པ་ནི་ཀུན་ནས་ཉོན་མོངས་དང༌། རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་གང་ཡང་གདོད་ནས་མ་གྲུབ་པ་རྟོགས་པའོ། རྣམ་སྨིན་འཕྲུལ་དགའི་བདག་པོའི་ལྷ་རྒྱལ་པོ་རབ་འཕྲུལ་དུ་
འགྱུར་ཞིང༌། ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་ཐོབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་སྤྱོད། ཇི་སྲིད་དུ་གནས་སྐབས་ཐམས་ཅད་དུ་མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ས་དྲུག་པའོ། །ས་བདུན་པ་ནི། བགྲོད་པ་གཅིག་པའི་ལམ་མི་སྐྱེ་བའི་བཟོད་པ་ཆེན་པོ་ཐོབ་པ་ལ་བར་མ་ཆད་དུ་འབྲེལ་ཞིང༌། མཚན་མ་དང་འབད་རྩོལ་ལས་རིང་དུ་སོང་བ་ན་རིང་དུ་སོང་བའི་ས་ཞེས་བྱ། འདིར་སྐད་ཅིག་གཅིག་ལ་འགོག་པ་ལ་འཇུག་ལྡང་བྱེད། རྟོགས་པ་ནི་ཐ་དད་མེད་པའི་དོན་རྟོགས་ཏེ། མདོ་ལ་སོགས་པ་ཆོས་ཀྱི་མཚན་མ་ཐ་དད་པ་མི་འབྱུང་བ་ཡིན་ནོ། །རྣམ་སྨིན་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལྷའི་རྒྱལ་པོ་དབང་བསྒྱུར་དུ་འགྱུར་ཞིང༌། ཡོན་ཏན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་བཅུ་གཉིས་ཐོབ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་སྤྱོད། ཇི་སྲིད་དུ་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པས་གནས་མི་ནུས་པ་དེ་སྲིད་དུ་ས་བདུན་པའོ། །དེ་ཡང་དྲུག་པ་ཡན་ཆད་དུ་མི་འདོད་བཞིན་དུ་མཚན་མ་དང་འདྲེ། བདུན་པར་དེ་མེད་ཀྱང་མཚན་མེད་ལ་མཉམ་པར་འཇོག་པ་སྟེ་འབད་རྩོལ་དང་བཅས་པ་ཡིན་པས། སྤྱིར་མཚན་མ་དང་མ་འདྲེས་ཀྱང་རྩོལ་བ་དོར་བའི་ཚེ་མཚན་རྟོག་དང་འདྲེ་རུང་དུ་སོང་ལ། བརྒྱད་པ་ཐོབ་ནས་མཚན་མའི་རྣམ་རྟོག་གཏན་ནས་མི་འབྱུང་བ་རྩོལ་མེད་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ལྟར་ས་བདུན་
པ་དེ་ལ་ལྷག་བསམ་དག་པ་དང༌། སྐྱོན་མེད་ས་བདུན་ཞེས་བྱ། བསྐལ་པ་གྲངས་མེད་པ་གཉིས་པའི་ཚོགས་རྫོགས་པ་ཡིན་ནོ། །ས་བརྒྱད་པ་ནི། མཚན་བཅས་མཚན་མེད་ཀྱི་ཆོས་གང་ལ་ཡང་བླང་དོར་གྱི་འདུ་ཤེས་མི་འབྱུང་ཞིང༌། མཉམ་བཞག་ལས་མི་གཡོ་བས་ན་མི་གཡོ་བ་ཞེས་བྱ། འདིར་ཞིང་སྦྱོང་བ་གཙོ་བོར་སྤྱོད་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་ཡིན་ཏེ། དེ་ཡང་ས་དང་པོར་སྐྱེ་མེད་མངོན་སུམ་དུ་རྟོགས་ཀྱང༌། དེ་ལ་མཉམ་པར་བཞག་པ་ལས་ལྡང་དགོས་པས་ན། སྐྱེ་མེད་དེ་ཅུང་ཟད་མ་བཟོད་པ་ཡིན་པས་བཟོད་པ་ཆེན་པོ་ཐོབ་པ་ཞེས་མི་བྱ། འདི་ཐོབ་ཕྱིན་ཆད་སྐྱཻ་མེད་ལ་མཉམ་པར་བཞག་པ་ལས་ནམ་ཡང་ལྡང་མི་དགོས་པ་བཟོད་པ་ཆེན་པོ་ཐོབ་པའོ། །ཡིད་ཀྱི་ལུས་ཁྱད་པར་ཅན་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་ཀྱི་བསྒྲུབས་པ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སྟོན་པ་དེ་ཡང་འདིར་འགྲུབ་ཅིང༌། རྣམ་སྨིན་ནི་སྟོང་གི་བདག་པོའི་ཚངས་པར་འགྱུར། ཡོན་ཏན་སྟོང་གསུམ་གྱི་འཇིག་རྟེན་འབུམ་ཕྲག་གི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། ཇི་ལྟར་སྨོན་པ་ཐམས་ཅད་འགྲུབ་པའི་སྨོན་ལམ་གྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་དེ། སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད། རྟོགས་པ་ནི་འཕེལ་འགྲིབ་མེད་པའི་དོན་རྟོགས་ཏེ། ཀུན་ནས་ཉོན་མོངས་པ་
དང་རྣམ་པར་བྱང་བ་ན་ཡང་ཆོས་དབྱིངས་ལ་འཕེལ་བ་དང༌། བྲི་བ་མེད་པར་ཤེས་པའོ། །དེས་ན་མཚན་མེད་ལྷུན་གྱིས་གྲུབ་པ་དང༌། ཞིང་དང་འཁོར་གྱི་དཀྱིལ་འཁོར་སྟོན་པའི་མཐུ་མ་བརྙེས་པས། དབང་བཞི་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བ་དང༌། ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས། སྤངས་པ་ཉོན་མོངས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་སྤོང་ལ། མངོན་གྱུར་ཀུན་ཏུ་སྤྱོད་པ་ནི་ཐམས་ཅད་སྤོང་བ་ཡིན་ནོ། །ཤེས་སྒྲིབ་དང་ཕྱོགས་མཐུན་པའི་གནས་ངན་ལེན་སྤྲི་སྟེ་བར་ཤུན་ལ་གནས་པ་ལྟ་བུ་སྤོང་ཞེས་བཤད་དོ། །ཇི་སྲིད་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་མ་འབྱོར་བར་དེ་སྲིད་དུ་ས་བརྒྱད་པའོ། །ས་དགུ་པ་ནི། སོ་སོ་ཡང་དག་རིག་པ་བཞིའི་བློ་གྲོས་དང་ལྡན་པས་ལེགས་པའི་བློ་གྲོས་ཞེས་བྱ། སེམས་ཅན་སྨིན་པར་བྱེད་པ་གཙོ་བོར་སྤྱོད་དོ། །རྟོགས་པ་ནི་དབང་བཞི་ལས་སོ་སོ་ཡང་དག་རིགས་པ་བཞི་ལ་དབང་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་པའོ། །རྣམ་སྨིན་སྟོང་གཉིས་ཀྱི་བདག་པོའི་ཚངས་པར་འགྱུར། ཡོན་ཏན་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཆེན་པོས་བདུད་ཐམས་ཅད་འཇོམས་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་བོར་
སྤྱོད་དེ་བསམ་པའི་སྟོབས་དང༌། ལྷག་པའི་བསམ་པའི་སྟོབས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ཐོབ་པ་ཡིན་ནོ། །ཇི་སྲིད་དུ་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པ་ཡང་དག་པར་རིག་མི་ནུས་པ་དེ་སྲིད་དུ་ས་དགུ་པའོ། །ས་བཅུ་པ་ནི། གཟུངས་དང་ཏིང་ངེ་འཛིན་གྱི་ཆོས་ཀྱི་སྤྲིན་གྱི་ཁྱབ་པར་གཡོགས་ནས། གདུལ་བྱའི་ཞིང་དུ་ཕན་བདེའི་ལོ་ཏོག་སྐྱེད་པར་བྱེད་པས་ཆོས་ཀྱི་སྤྲིན་ཞེས་བྱ། རྟོགས་པ་ནི་དབང་བཞི་ལས་སངས་རྒྱས་ལྟར་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས། ཆོས་ཀྱི་དབྱིངས་ལ་དབང་བའི་གནས་སུ་རྟོགས་པ་ཡིན་ནོ། །རྣམ་སྨིན་ནི་ལྷའི་བུ་དབང་ཕྱུག་ཆེན་པོ་ཞེས་བྱ་བ་གནས་གཙང་མའི་བདག་པོར་འགྱུར། ཡོན་ཏན་ནི་ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པའི་བར་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཐོབ། ཤེས་བྱ་ཐམས་ཅད་མཁྱེན་པའི་རྗེས་མཐུན་ཐོབ་པ་ཡེ་ཤེས་ཀྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་དོ། །ཉོན་མོངས་པའི་བག་ཆགས་དང་བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་སྤངས། ཇི་སྲིད་དུ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་བསྐྱེད་མི་ནུས་པ་དེ་སྲིད་དུ་ས་བཅུ་པའོ། །ས་གསུམ་པོ་འདི་ལ་རྣམ་པར་སྨིན་པའི་ས་དང༌། དག་པའི་ས་གསུམ་ཞེས་བྱ། བསྐལ་པ་གྲངས་མེད་པ་གསུམ་པའི་ཚོགས་རྫོགས་སོ། །ས་འདི་ཐོབ་མ་ཐག་ཏུ་ཕྱོགས་བཅུའི་
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་དབུལ་ཞིང༌། སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་སོགས་དག་པའི་སྣང་བ་འབྱམས་ཀླས་པར་འབྱུང༌། སངས་རྒྱས་ལ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་མཛད་པ་སངས་རྒྱས་དང་མཉམ་པར་དང་མཛད་པ་དེས་ཚོགས་གཉིས་ཡོངས་སུ་རྫོགས་ནས་སྲིད་པ་ཐ་མལ་པའི་བྱང་ཆུབ་སེམས་དཔའི་ཚུལ་འཇིག་རྟེན་ཁམས་མཐའ་ཡས་པར་དུས་གཅིག་ཏུ་སྟོན་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། ཤེས་བྱ་ཇི་སྙེད་པ་ཐམས་ཅད་མཁྱེན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། ཆོས་ཉིད་ཇི་ལྟ་བ་གཟིགས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཤེས་སྒྲིབ་སྙྀང་པོ་ལ་གནས་པ་ལྟ་བུ་སྤངས་ཏེ་བདུད་བཏུལ་ནས་མངོན་པར་རྫོགས་པར་སངས་རྒྱ་བ་ནུས་པ་ཡིན་ནོ། །སའི་རྣམ་གཞག་རྒྱས་པར་ས་བཅུ་པའི་མདོ་དང༌། དེའི་དགོངས་པ་བྱང་ཆུབ་སེམས་དཔའི་ས་དང༌། ཡོངས་སྦྱོང་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང༌། དེ་དག་གི་དགོངས་འགྲེལ་རྣམས་ལས་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་དང་ལམ་ནི། སངས་རྒྱས་ཐོབ་པའི་ཕྱིར་དུ་སློབ་པ་སྟེ། སྤང་བྱ་སྤོང་ཞིང་ཡོན་ཏན་སྒྲུབ་པའི་ཕྱིར་སློབ་པའི་ལམ་ཡིན་པས་སློབ་ལམ་ཞེས་བྱ། ས་དེ་འདས་ནས་མི་སློབ་པའི་ལམ་ནི་སངས་རྒྱས་ཀྱི་ས་སྟེ་
ས་བཅུ་གཅིག་པའོ། །དེ་འཆད་པ་ལ་གཉིས་པ་འབྲས་བུ་ནི། སངས་རྒྱ་བའི་རྒྱུ། སངས་རྒྱས་ཚུལ། འབྲས་བུ་སངས་རྒྱས་ཉིད་ཀྱི་རྣམ་གཞག་གོ །དང་པོ་ལ་གཉིས་ཀྱི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དང་པོ་གསུམ་བསོད་ནམས་ཀྱི་ཚོགས། ཕྱི་མ་གཉིས་ཡེ་ཤེས་ཀྱི་ཚོགས། བརྩོན་འགྲུས་ནི་གཉིས་ཀ་མཐར་ཕྱིན་པའི་རྒྱུའོ། །མདོ་སྡེ་རྒྱན་ལས་ནི་ཅུང་ཟད་འདི་དག་མི་འདྲ་བར་གསུངས་སོ། །གཉིས་པ་དུས་ནི་གོང་དུ་བཤད་པ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསོག་དགོས་པ་སྟེ། དེ་ཡང་ཐབས་མཁས་ཀྱི་ཁྱད་པར་མང་པོ་ལ་བརྟེན་ཏེ་དངོས་གནས་སུ་དེ་ཙམ་མ་ཐོགས་ཀྱང་འཚང་རྒྱ་བ་ནི་ཡོད་དེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་བསད་པས་བསྐལ་པ་འབུམ་གྱི་འཁོར་བ་ཕྱིར་བརྙིལ་བར་བཤད་པ་བཞིན་ནོ། །གཉིས་པ་ནི། ལོངས་སྤྱོད་རྫོགས་པའི་རྟེན་གྱིས་ཆོས་སྐུ་མངོན་དུ་མཛད་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་ཀྱི་སྐུ་སྟོན་ཞྀང༌། གླིང་བཞི་པའི་འཇིག་རྟེན་ཐེར་འབུམ་གཅིག་ཏུ་མཆོག་གི་སྤྲུལ་པའི་སྐུ་ཅིག་ཅར་སྟོན་པར་མཛད་དེ། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་དེ་གང་དུ་འཚང་རྒྱ་བའི་གནས་འོག་མིན་སྟུག་པོ་བཀོད་པ་ཞེས་པའོ། །དེ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཕྱག་གི་མཐིལ་ན་གནས་པའི་སངས་རྒྱས་རྣམ་སྣང་གངས་ཆེན་མཚོ་བཞུགས་པའི་གནས་
ཡིན་ཞེས་ཕལ་ཆེར་གསུངས་ལ། ལང་ཀར་གཤེགས་པའི་མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་འཚང་རྒྱ། །གཙང་མའི་གནས་པ་སྤང་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདི་སངས་རྒྱས། །ཞེས་གཟུགས་ཁམས་ཀྱི་འོག་མིན་ཡིན་ལ། གནས་གཙང་ལྔ་པོ་གང་ཡང་མ་ཡིན་པ་ཞིག་ཏུ་བཤད་པས་གནས་གཙང་མའི་སྟེང་ན་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་ཡོད་པར་བཤད་པ་དེ་ཡིན་ལ། དེ་ཡང་གདུལ་བྱའི་ངོ་བོར་སྣང་བ་ཙམ་མ་ཡིན་པས་ཕྱོགས་དང་ཚད་ལ་སོགས་པ་འདིའོ་ཞེས་བརྟག་མི་ནུས་ཞེས་དམ་པ་འགའ་ཞིག་གསུང༌། བླ་མ་རྗེ་བཙུན་གྱི་ཞལ་སྔ་ནས་ལ་བདག་གིས་འདིའི་སྙིང་པོ་གང་ལགས་ཞུས་པས། སེམས་རང་སྣང་དག་པའི་རྩལ་མ་འགགས་པ་དག་པའི་ཞིང་དུ་སྣང་བ་དེ་རང་འོག་མིན་ཡིན་ནོ་གསུང༌། གོང་དུ་གསུངས་པ་དེ་རྣམས་ནི། གདུལ་བྱ་སོ་སོའི་དབང་གིས་གསུངས་པ་སྟེ། ངེས་པའི་དོན་ནི་ཕྱི་མ་འདི་ཁོ་ནར་མཐོང་ངོ༌། །ལུང་དང་ཡང་འདི་མཐུན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར་གསུངས་པ། དབང་ཕྱུག་ཆེན་པོའི་གནས་མཆོག་དང༌། །འོག་མིན་དེ་
ཉིད་རྣམ་མཛེས་པ། །ཞེས་པ་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་ཡེ་ཤེས་གསུམ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རོ་མཉམ་ཞིང་འདྲེས་པར་གྱུར་པ། འོག་མིན་དང་དབང་ཕྱུག་ཆེན་པོའི་གནས་ཞེས་གསུང་པའི་དོན་དངོས་གནས་ཡིན་པར་བཤད་པ་དང༌། ཐེག་བསྡུས་ལས་ཀྱང༌། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །ཞེས་ཀྱང་གསུངས་པས་སོ། །གསུམ་པ་ལ། སྐུ་དང༌། ཡེ་ཤེས་དང༌། མཛད་པ་གསུམ་ལས། དང་པོ་ལ། ངོ་བོ་དང་དབྱེ་བ་གཉིས་ཀྱི་དང་པོ་ནི། གཙང་བདག་བདེ་བ་རྟག་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་སེམས་རང་བཞིན་རྣམ་དག་དེ། སྔར་བག་ཆགས་ཀྱི་རྟེན་ཡིན་པ་ལས་སངས་རྒྱས་པའི་ཚེ་བག་ཆགས་ཀྱི་རྟེན་མི་བྱེད་པས་དག་པ་གཉིས་ལྡན་ནི། གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་རྟོག་ཡིན་ཕྱིན་ཆད་བག་ཆགས་ཀྱིས་གོས་པའི་རང་བཞིན་ཡིན་པ་ལ། རྣམ་རྟོག་གི་གཞན་དབང་དུ་མ་སོང་བས་བདག་དམ་པ་སྟེ། བདག་དང་བདག་མེད་ཀྱི་སྤྲོས་པའི་རྣམ་རྟོག་ཐམས་ཅད་ཞི་བས་བདག་པོར་གྱུར་པའོ། །སྒྲ་དོན་སྣང་བའི་རྣམ་རྟོག་ས་བརྒྱད་པ་ནས་འགགས་ཀྱང༌། རྟོག་མེད་ཀྱི་སྣང་བ་ལ་སྣོད་བཅུད་ཀྱི་སྣང་བ་འཆར་བ་དེ་སྡུག་བསྔལ་ཕྲ་ཤོས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཡིན་ལ། དེ་དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་དང་བཅས་
པ་འགགས་པས་སྡུག་བསྔལ་རྒྱུ་བཅས་ཐམས་ཅད་འགགས་པའི་ཕྱིར་བདེ་བ་དམ་པ་དང༌། འཁོར་འདས་ཀྱི་འཕེལ་འགྲིབ་མེད་པ་སྲིད་ཞི་མཉམ་ཉིད་ཀྱི་སྒོམ་པ་མཐར་ཐུག་པས་འཁོར་འདས་མཉམ་ཉིད་བརྙེས་པ་ནི། ནམ་མཁའ་སྲིད་ཀྱི་བར་འགྱུར་བ་ཡེ་མི་སྲིད་པས་རྟག་པ་དང་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕར་ཕྱིན་དེ་བཞི་གང་ལ་ཚང་བ་ནི་སངས་རྒྱས་ཀྱི་སྐུ་སྟེ་གནས་ཚུལ་གྱི་སྐུ་གང་ལ་ཡང་འདི་དག་ཚང་ངོ༌། །གཉིས་པ་དབྱེ་བ་ནི། རང་དོན་དོན་དམ་པའི་སྐུ་ཆོས་སྐུ་དང༌། གཞན་དོན་ཀུན་རྫོབ་ཀྱི་སྐུ་གཟུགགས་སྐུ་གཉིས་སམ། འོག་ནས་འབྱུང་བའི་སྐུ་གསུམ་མམ། ངོ་བོ་ཉིད་སྐུ་དང༌། ཡེ་ཤེས་ཆོས་སྐུ་གཉིས་སོ་སོར་བགྲངས་པས་སྐུ་བཞི་ལ་སོགས་པ་རྣམ་གཞག་ཏུ་བྱུང་ན་ཡང་འདིར་སྐུ་གསུམ་བཤད་པར་བྱ་སྟེ། གཞན་རྣམས་ཀྱང་ཞོར་ལ་རྟོགས་པར་འགྱུར་རོ། །གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང༌། གསེར་འོད་དམ་པ་སོགས་ནས་མ་ཡིན་པར་བཤད་པ་དང༌། འགའ་ཞིག་ནས་སངས་རྒྱས་མེད་དོ་ཞེས་བཤད་པ་རྣམས་དྲང་དོན་དང་ངེས་དོན་དང་མཐར་ཐུག་གི་ངེས་དོན་ཞེས་མཁས་པ་གནད་མཁྱེན་པ་རྣམས་གསུང་ངོ༌། །དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཅན་ནི་ངོ་བོ་ཉིད་སྐུ་དང༌། དེ་ལྟར་
གཟིགས་པའི་ཡེ་ཤེས་གློ་བུར་རྣམ་དག་གི་མཚན་ཉིད་ཅན་ནི་ཆོས་སྐུ་སྟེ། དེ་གཉིས་རིམ་པས་སྤངས་པ་དང་རྟོགས་པ་ཡང་ཡིན་ཞིང༌། ཡུལ་དང་ཡུལ་ཅན་ཡང་ཡིན་པས་ཆོས་ཀྱི་སྐུ་ཞེས་གཅིག་ཏུ་བྱས་ཏེ། འདི་ལ་རྒྱུད་བླ་མ་ལས། འདུས་མ་བྱས་པ་དང༌། གཉིས་སུ་དཔྱད་དུ་མེད་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། སྒྲིབ་པ་དག་པ་དང༌། རང་བཞིན་གྱིས་འོད་གསལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །སྐུ་ཕྱི་མ་འདི་གཉིས་ལ། སྣང་ཚུལ་དང༌། གནས་ཚུལ་གྱི་སྐུ་གཉིས་གཉིས་སུ་ཕྱེ་བ། རང་ལུགས་ནི་གཞན་དུ་བཤད་ཟིན་པས་དེར་ཤེས་པར་བྱ་ལ། དངོས་གནས་ཚུལ་དང༌། བརྟགས་པ་བ་སྣང་ཚུལ་གཉིས་སོ་སོར་མ་ཕྱེ་བར་བརྗོད་ན་གོ་བདེ་བས། ལོངས་སྤྱོད་རྫོགས་སྐུ་ནི། མཚན་དཔེ་ཐམས་ཅད་ཀྱིས་བརྒྱན་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་ཞིང་ཆོས་ཀྱི་སྐུའི་རྟེན་དུ་གྱུར་པའོ། །འདི་ཤེས་པའི་རང་སྣང་ཡིན་པས་སྤྱན་ནས་སྐུ་ལུས་ཀྱི་བར་དུ་སྣང་བ་རྣམས་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་མ་ཡིན་ལ། ཐོགས་བཅས་ལ་རྒྱུན་གྱི་རྟག་པ་ཡང་མི་སྲིད་པས་ཐོགས་བཅས་ལས་འདས་པའོ། །ཨིནྡྲ་བྷུ་ཏིའི་ཞབས་ཀྱི་དཔལ་ཡེ་ཤེས་གྲུབ་པ་ལས། ཡེ་ཤེས་མིན་པའི་སྐུ་འདོད་ན་ལུས་འཇིག་པའི་ཆོས་ཅན་ཡིན་པས་ཡེ་ཤེས་
ཀྱང་དེར་ཐལ་བར་གསུངས་ཏེ། དེ་སྐད་དུ་ཡང༌། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སྐུ་དང་ཡན་ལག་ལྡན་ཞེ་ན། །མྱ་ངན་འདས་ན་དེ་ཡང་འཇིག །ལུས་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་རྒྱས་ཡེ་ཤེས་སྐུ། །འཇིག་པར་རིག་པ་མ་ཡིན་ནོ། །ཞེས་གསུངས་ཏེ། རྟེན་འགྱུར་ན་བརྟེན་པ་ཡང་འགྱུར་དགོས་པ་ལས་ཡེ་ཤེས་འགྱུར་བ་ཅན་མ་ཡིན་པས་སྐུ་ཡང་མི་འགྱུར། བེམ་ཆོས་ལ་མི་འགྱུར་མི་སྲིད་པས་སྐུ་དེ་ཉིད་ཡེ་ཤེས་ཡིན་ཞེས་གསུངས་ཏེ། སངས་རྒྱས་རང་སྣང་དང་བྱང་ཆུབ་སེམས་དཔའི་སྣང་བས་བསྡུས་པ་གཉིས་འཇོག་གོ །དེ་ཡང་གནས་ངེས་པ་འོག་མིན། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། དུས་ངེས་པར་འཁོར་བ་མ་སྟོང་བར་ཏེ་རྟག་ཏུ་གནས་པ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པ་སྟེ་ངེས་པ་ལྔ་ལྡན་ནོ། །མཁས་པ་ཁ་ཅིག་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ལོངས་སྐུ་གཅིག་འབའ་ཞིག་ལས་གཉིས་གཏན་མེད་པར་བཞེད། ཁ་ཅིག་ནི་ལོངས་སྐུ་ཆེན་པོ་གཅིག་དང༌། ལོངས་སྐུ་ཆུང་བ་ཐ་དད་ཡོད་པར་འདོད། གཞན་དག་ནི་ལོངས་སྐུ་གཅིག་ཏུ་འགྱུར་བ་བློ་ལ་གཏན་མ་ཤོང་བར་དེ་མུ་སྟེགས་ཀྱི་འདོད་པ་དང་མཚུངས་པར་བྱས་ནས་ལོངས་སྐུ་ཐ་དད་ཁོ་ན་འདོད་པར་བྱེད། སྤྱིར་ནི་ལོངས་
སྐུ་གཅིག་ཏུ་འགྲོ་བ་མི་སྲིད་ན། ངོ་བོ་ཉིད་སྐུ་ཡང་ཅི་ལྟར་ཞེས་བརྟག་གོ །མདོ་སྡེ་རྒྱན་ལས་ཀྱང༌། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །སྔོན་གྱི་ལུས་རྗེས་འབྲང་ཕྱིར་དང༌། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དུ་མ་མིན། །ཞེས་ལུས་རང་མཚན་པ་ཞིག་མེད་པར་བཤད་པས། གདོས་བཅས་ཀྱིས་ལུས་གཅིག་ལ་གཅིག་ཐིམ་མི་ཉན་པའི་རིགས་འགྲེ་ནི་སྦྱོར་མི་དགོས་པས། ཁོ་བོ་ནི་སྔ་མ་གཉིས་པོ་བཟང་བར་སེམས་སོ། །ལོངས་སྐུ་འདི་ཡང་གསུང་བརྗོད་པ་དང༌། སྐུ་སྣང་བ་དང༌། མཛད་པ་རྒྱུན་མི་འཆད་པ་དང༌། ལྷུན་གྱིས་གྲུབ་པར་འཇུག་པ་དང༌། སྐུ་གསུམ་གྱི་མཛད་པ་དུ་མར་སྟོན་ཀྱང་དེའི་རང་བཞིན་དང་བྲལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །སྤྲུལ་པའི་སྐུ་ནི། ཆོས་སྐུའི་རྟེན་དུ་དངོས་གནས་ལ་ཡོད་པ་མ་ཡིན་ཀྱང༌། སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ལས་བྱུང་བ། དྲི་ཟ་རབ་དགའ་འདུལ་བའི་ཕྱིར་དྲི་ཟའི་རྒྱལ་པོར་བསྟན་པ་ལྟ་བུ་བཟོ་དང༌། དགའ་ལྡན་དུ་སྐྱེ་བ་ལེན་པ་ལྟར་སྟོན་པ་སོགས་སྐྱེ་བ་དང༌། མཚན་དཔེ་ཅན་མ་དག་པའི་འཇིག་རྟེན་དུ་སངས་རྒྱས་འབྱུང་བ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་སྟེ་གསུམ་མོ། །རིམ་པ་ལྟར་བཟོའི་ལས་དང་སྐྱེ་བར་སྤྲུལ་པ་སྟོན་པ་དང་མཛད་པ་བཅུ་གཉིས་ལ་སོགས་པ་སྟོན་པའོ། །དེ་དག་ཀྱང་ཞི་བའི་ལམ་སྟོན་
པ་དང༌། གདུལ་བྱ་སྨིན་པར་བྱེད་པ་དང༌། ལུང་སྟོན་པར་བྱེད་པ་དང༌། འཕྲིན་ལས་སྣ་ཚོགས་པའི་རྒྱུ་གང་འདུལ་གྱི་གཟུགས་སྟོན་པ་དང༌། གཞན་གྱི་རྣམ་རིག་ལ་སྣང་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །གཉིས་པ་ཡེ་ཤེས་ནི། ཆོས་ཐམས་ཅད་མ་ལུས་པར་ཡེ་ཤེས་གཅིག་གིས་མཁྱེན་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཤེས་བྱ་ཐམས་ཅད་རང་བཞིན་མེད་པར་མཉམ་ཉིད་དུ་མཁྱེན་པ་མཉམ་ཉིད་ཡེ་ཤེས་དང༌། ཇི་སྙེད་པའི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་པ་སོར་རྟོག་ཡེ་ཤེས་དང༌། གདུལ་བྱ་གདུལ་བའི་བྱ་བ་མཁྱེན་པ་བྱ་སྒྲུབ་ཡེ་ཤེས་ཏེ་བཞིའོ། །ཡེ་ཤེས་དེས་ཤེས་བྱ་མཁྱེན་ཚུལ་ནི། ཆོས་ཉིད་དོན་དམ་པ་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་ལ། བརྟག་པའི་དོན་གྱིས་དབེན་གྱུར་པ། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། ཞེས་དབུ་མ་བདེན་གཉིས་ལས་གསུངས་པ་ལྟར་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྟོག་པས་བཏགས་པ་མ་ཡིན་པའི་ཀུན་རྫོབ། རྒྱུ་འབྲས། རྟེན་འབྲེལ་སྣང་ཙམ་ནི། སྣང་བའི་ཚུལ་གྱིས་མཁྱེན། རང་རང་གི་སྒྲོ་བཏགས་པའི་ཆ་ཡང༌། རང་རང་གི་བློ་ལ་སྣང་བར་མཁྱེན་ཏེ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རྨི་ལམ་བྱུང་བའི་མིའི་སྣང་དོན་རྨི་ལམ་བྱུང་བ་ཤེས་པ་བཞིན་ནོ། །གསུམ་པ་མཛད་པ་ནི། རྣམ་
རྟོག་དང་འབད་རྩོལ་མེད་པ་ལྷུན་གྱིས་གྲུབ་པ་དང༌། རྒྱུན་ཆད་པ་མེད་པ་གཉིས་ཏེ། སེམས་ཅན་རྣམས་ལམ་གྱི་རྟེན་མཐོ་རིས་ལ་འགོད། ལམ་དངོས་ལ་འཇུགམཐར་མ་ཕྱིན་པ་རྣམས་ངེས་ལེགས་ལ་འགོད་པ་གསུམ་དུ་འདུས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལམ་དང་འབྲས་བུའི་རྣམ་གཞག་ལ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དེ་གསུམ་གྱི་དང་པོ་ནི་གཞི་དངོས་པོའི་གནས་ལུགས་ཏེ། དེ་ལ་སེམས་ཀྱི་རང་བཞིན་གཏན་ལ་དབབ་པ་དང༌། དེ་རྒྱུའི་རྒྱུད་དུ་འཇོག་ཚུལ་ལོ། །དང་པོ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་དོན་བཤད། དེ་ཕྲ་བའི་བདག་ཏུ་བཞགདེ་ལ་འཇུག་པའི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ནི། བཅོམ་ལྡན་འདས་བྱམས་པས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། དེ་ལྟར་སྙྀང་པོའི་དོན་གསུམ་གྱི་དང་པོ་འོད་འཕྲོ་བའི་དོན་ནི། དེ་ལས་འབྱུང་བའི་དོན་དུའང་འགྱུར་མོད། གཙོ་བོར་ཁྱབ་པའི་དོན་ཏེ། འཕགས་པ་ཐོགས་མེད་ཀྱིས་དེའི་དོན། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་པས་དག་པ་གཉིས་ལྡན་གྱི་ཆོས་སྐུ་སངས་རྒྱས་དེ་དངོས་པོ་ཐམས་ཅད་ལ་ཉེ་རིང་མེད་པར་གནས་
པས་ཁྱབ་པ་སྟེ། དེ་ལ་དགོངས་ནས་ཀྱང་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་གསུངས་ཏེ། འདི་དེ་བཞིན་གཤེགས་པ་དང་སྙིང་པོ་གཉིས་ཀ་ཡིན་ནོ། །གཉིས་པ་ནི། སེམས་རང་བཞིན་གྱིས་འོད་གསལ་བར་དམྱལ་བ་ནས། སངས་རྒྱས་ཀྱི་བར་དུ་ནམ་མཁའ་ལྟར་འགྱུར་བ་མི་བསྟེན་པ་སྟེ། ཇི་སྐད་དུ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་ངོ་བོ་གསལ་སྟོང་དེ་ལ་མི་འདྲ་བའི་དབྱེ་བ་མེད་པས་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་དུ་གསུངས་སོ། །སྙིང་པོ་ནི་དངོས་ཡིན། བདེ་གཤེགས་ནི་ཡིན་མིན་གཉིས་ཡོད་དེ། དེ་ཡང་གློ་བུར་གྱི་དྲི་མ་གཏན་མ་དག་པའི་སྐབས་སེམས་ཅན་སོ་སོའི་སྐྱེ་བོ་དང༌། ཉོན་སྒྲིབ་དག་ཤེས་སྒྲིབ་མ་དག་པའི་སྐབས། བྱང་ཆུབ་སེམས་དཔའ་འཕགས་པ་ཞེས་དང༌། སྒྲིབ་པ་གསུམ་ཆར་དག་པ་ན་རྫོགས་པའི་སངས་རྒྱས་ཞེས་སེམས་ཀྱི་རང་བཞིན་དེ་ལ་བཏགས་པས་ལྡོག་ཆས་ཕྱེ་ན་གསུམ་དུ་འགྱུར་བའི་དང་པོ་གཉིས་བདེ་གཤེགས་དངོས་མ་ཡིན་པས་སོ། །གསུམ་པ་ནི། ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ། ཆོས་ཉིད་ཀྱིས་ཐོབ་པ། སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་སྟེ། ཁྱད་པར་གསུམ་ལྡན་གྱི་རིགས་ཡོད་པས་ཀྱང་སེམས་ཅན་སྙིང་པོ་ཅན་དུ་གསུངས་སོ། །དེ་ལ་སྐྱེ་
མཆེད་དྲུག་གི་ཁྱབ་པ་དེ་འདྲ་བ་ནི། སེམས་ཀྱི་སྟེང་ན་སྐྱེ་མཆེད་དྲུག་ཏུ་སྣང་བའི་ཆ་ཤས་ཡོད་པ་འདི། དེ་བཞིན་གཤེགས་པའི་ཟག་མེད་སྐྱེ་མཆེད་དྲུག་དང་ཤིན་ཏུ་མཐུན་པའོ། །དཔེར་ན་གསེར་གྱི་རི་ནི་འདི་འདྲ་ལ་ཞེས་གསེར་གྱི་རི་བཅོས་མ་སྟོན་པ་ལྟ་བུའོ། །འོ་ན་དེ་ནམ་བྱུང་ཞེ་ན། གསར་དུ་བྱུང་བའི་སྐབས་མེད་དེ། ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་སྟེ། དགེ་རྩ་སོགས་ཀྱིས་གསར་དུ་མ་རྙེད་པ་རང་བཞིན་དུ་གནས་པའི་རིགས་ཞེས་བྱ། དེ་ཡང་འགའ་ཞིག་ལ་ཡོད། འགའ་ཞིག་ལ་མེད་པ་ལྟ་བུ་མ་ཡིན། སེམས་ཅན་ཡིན་ཕྱིན་ཆད་དེ་དེ་ལྟར་ཡོད་པ་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱིས་ཐོབ་པའོ། །རིགས་འདི་ནི་རང་བཞིན་གནས་རིགས་ཏེ། དད་པ་ལ་སོགས་པ་རིགས་སུ་གསུངས་པ་ནི། རིགས་འདི་སད་བྱེད་རྒྱས་འགྱུར་གྱི་རིགས་ཞེས་བྱ་བ་དེའི་རྐྱེན་ལ་དགོངས་པ་ཡིན་ཏེ་ཐར་པའི་དབང་དུ་བྱས་པའི་དགེ་ཆོས་གསར་དུ་བླངས་པས་སེམས་ཅན་གྱི་རྒྱུད་སྔར་བས་སངས་རྒྱས་དང་འདྲ་བར་སོང་བ་ལ་རྒྱས་འགྱུར་རམ། ཡང་དག་བླངས་པའི་རིགས་ཞེས་བྱ་ལ། དད་སོགས་ཁམས་རྒྱས་བྱེད་དུ་གསུངས་ཀྱི། ཁམས་ཀྱི་ངོ་བོར་གསུངས་པ་ནི་མ་མཐོང་ངོ༌། །སངས་རྒྱས་ནས་རིགས་ཀྱི་མིང་དོན་གཉིས་ཆར་མི་འཇུག་པས་སྙིང་པོ་དངོས་དང་དེ་བཞིན་གཤེགས་པ་བཏགས་པ་ཙམ་མོ། །དེ་གསུམ་ལ་དང་པོ་འབྲས་བུའི་
དང༌། གཉིས་པ་རང་བཞིན་གྱི་དང༌། གསུམ་པ་ཁམས་བདེ་གཤེགས་སྙིང་པོར་བོད་སྔ་མ་རྣམས་བཞེད་པའི་ཐ་སྙད་ཤིན་ཏུ་ལེགས་ལ། འོན་ཀྱང་རང་བཞིན་མེད་དགག་ཁོ་ན་ནི་དོན་གྱི་གཙོ་བོ་ལས་ཕྱིར་ཕྱོགས་པས་ཡོངས་སྦྱོང་ཀྱི་ཆོས་གོང་དུ་བཤད་པ་ལྟར་འཇོག་དགོས་སོ། །གཉིས་པ་ནི། དེ་བཞིན་ཉིད་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཡིན་ནམ། དྲི་བཅས་དེ་བཞིན་ཉིད་སེམས་ཅན་ཞེ་ན། ཕྱི་མ་ལྟར་ཏེ། ཇི་ལྟར་ཡན་ལག་ཚོགས་ཙམ་ལ། །བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བརྗོད་དོ། །ཞེས་འཇིག་རྟེན་རྣམས་རགས་པའི་ཕུང་པོ་ལ་བརྟེན་ནས་འདི་ནི་ཆེ་གེ་མོ་ཞིག་གོ་ཞེས་བཏགས་པ་རགས་པའི་བདག་ཅེས་བྱ་བ་ཕྱིན་ཅི་ལོག་ཁོ་ནའོ། །དེ་དང་མུ་སྟེགས་ཀྱིས་བཏགས་པ་ལྟ་བུའི་བདག་མེད་ཀྱང་ལས་བསོག་ཅིང་རྣམ་སྨིན་མྱོང་བ་དང༌། ཕུང་པོ་ལྔ་མ་འདོར་ཞིང་ཡང་སྲིད་ལེན་པ་པོ་ནི་སེམས་ཙམ་སྟེ། ཀུན་གཞིའི་འདི་ནི་བརྟན་པ་འཇུག་གི་གཞན་ལུས་སེམས་ཀྱི་ཆོས་གང་ཡང་བརྟན་པར་མི་འཇུག་པས་སོ། །དེས་ན་ཕྲ་མོའི་བདག་ནི་འདི་ལྟ་སྟེ། ལང་གཤེགས་ལས། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་པོ་ལ་རྣམ་པར་བཏགས། །ཞེས་དང༌། བུ་མོ་དཔལ་ཕྲེང་གིས་ཞུས་པ་ལས། བཅོམ་ལྡན་འདས་
རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་ལགས་པ་འདི་དང༌། རྣམ་པར་ཤེས་པ་འདི་སྟེ། ཆོས་བདུན་པོ་འདི་ནི་མི་གནས་པ། མ་འབྲེལ་བ། སྐད་ཅིག་པ་ལགས་པས་སྡུག་བསྔལ་མྱོང་བ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། འབྲེལ་བ། རྣམ་པར་དབྱེར་མེད་པ་སྐད་ཅིག་པ་མ་ལགས་པས་སྡུག་བསྔལ་མྱོང་བ་ལགས་སོ། །ཞེས་སོགས་གསུངས་སོ། །ཀུན་གཞིའམ་འོད་གསལ་གྱི་སེམས་གཏན་དུ་འཇུག་པ་འདི་མེད་ན་དྲུག་པའི་ཡིད་སོགས་ཤིན་ཏུ་མི་བརྟན་པས་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་མི་རུང་བ་དང༌། དེ་མེད་པས་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་དང༌། མྱང་འདས་ལ་སྨོན་པ་མི་འབྱུང་བ་ལས། དེ་དག་འབྱུང་ཞིང་འདུག་པས་དེ་ཡང་ཡོད་དགོས་ཏེ་དུ་བ་ལས་མེ་དཔོག་པ་བཞིན་ནོ། །མང་དུ་མཁྱེན་པ་རྣམས་ནི་འདི་བཞེད་དེ། ལེགས་ལྡན་གྱིས་རྟོག་གེ་འབར་བར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་ཡོངས་སུ་འདོགས་ཞེས་པ་དང༌། ཟླ་བ་གྲགས་པས་ཀྱང༌། བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། ཞེས་པ་འདི་བདག་དང་སེམས་ཅན་ཞེས་གང་ལ་འདོགས་པའི་གཞི་དབུ་མ་པའི་རང་ལུགས་གཏན་ལ་འབེབས་པས། ཤེར་འབྱུང་བློ་གྲོས་ཀྱིས་སྤྱོད་འཇུག་འགྲེལ་པར་བཤད་དོ། །དེས་ན་ལས་འབྲས་ཀྱི་རྟེན་སེམས་ཁས་ལེན་པ་སེམས་ཙམ་ཁོ་ན་ཡིན་ཟེར་བ་ནི་ཤིན་ཏུ་མ་ངེས་སོ། །ཟླ་བས་འཇུག་འགྲཻལ་ལས་ནི།
འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པ་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་དེ་ཅི། རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། དེ་ལྟ་ནི་མ་ཡིན་ཏེ་ཞེས་གསུངས་པས། ཐལ་འགྱུར་བའི་ལུགས་ལ་ཀུན་གཞི་གཞི་མ་གྲུབ་པར་འདོད་པ་ཡང་བསལ་ལ། གལ་ཏེ་དབུ་མ་ཐལ་འགྱུར་བ་དང༌། རྒྱུད་བླ་མ་ལྟ་བ་གཅིག་པར་སྨྲ་བ་རྣམས་ཀྱིས་ནི། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་བདེ་གཤེགས་སྙིང་པོ་དེ་ཤེས་པ་ཟག་མེད་དུ་བཤད་པ་འདི་བསམ་དགོས་སོ། །འཇིག་རྟེན་ཕུང་པོ་ལ་དམིགས་ནས་བདག་ཅེས་འདོགས་ཀྱང༌། ཡབ་སྲས་མཇལ་བའི་མདོའི་དོན། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། །ཞེས་རིན་ཆེན་ཕྲེང་བར་གསུངས་པ་ལྟར། འཇུག་པར་ཡང༌། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ་སོགས་གསུངས་པས་དེ་ལས་འབྲས་ཀྱི་རྟེན་དུ་མི་འགྲུབ་པས་ཕྲ་བའི་བདག་འདིའོ། །འོ་ན་མུ་སྟཻགས་དང་མཚུངས་སོ་སྙམ་ན། དེ་ཉིད་ཀྱང་སྟོང་པར་འཆད་པས་ག་ལ་མཚུངས། དེས་ན་ཁམས་དྲུག་ཡིད། ཉེར་རྒྱུ་བཅོ་བརྒྱད་སོགས་ཏེ་
རྣམས་ཀྱི་ངོ་བོའི་སྟེང་གི་གསལ་ཆ་དང་སྟོང་པ་རོ་མཉམ། མཉམ་ཉིད་ཀྱི་ཆ་ནི་རྒྱུ་རྒྱུད་ཕྲ་བའི་བདག་གོ །འདི་ནི་སྤྲོས་པའི་མཚན་མས་དབེན་པ་སྟེ། འདི་མངོན་སུམ་དུ་རྟོགས་ན་སེམས་རྟོགས་པས་བདག་ལྟའི་གཉེན་པོའི་མཆོག་ཏུ་འགྱུར་རོ། །གསུམ་པ་ནི། སྤྱིར་རིགས་པའི་སྤྱད་པས་འཇུག་པ་ཡང་རྒྱལ་བས་ཀྱང་གསུངས་ལ་ཤིང་རྟ་ཆེན་པོ་མང་པོས་ཀྱང་བཤད་མོད། འོན་ཀྱང་རྡོ་རྗེ་ཐེག་པ་འདིར་ནི་ཤིང་རྟ་ཆེན་པོ་མཁས་གྲུབ་རྣམས་ཀྱང་རྣམ་པར་དཔྱད་པའི་སྟོང་ཉིད་དེ་གཙོ་བོར་མི་མཛད་པ་ཤ་སྟག་སྣང་བས་རྣམ་པར་མི་རྟོག་པའི་ཚུལ་གྱིས་འཇུག་པ་འཇོག་སྒོམ་གྱི་སྐབས་སུ་བཤད་ཟིན་པ་ལྟར་ཏེ། ཡེ་ཤེས་དེའི་ཡུལ་སྟོང་ཉིད་ཀྱང་མེད་པར་དགག་པའི་མཚན་ཉིད་ཅན་ཁོ་ན་མ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོགས་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་སོགས་རང་བཞིན་གྱིས་འོད་གསལ་བ་སྟེ་དེ་ཡང་འོད་གསལ་གྱི་དོན་དྲི་མས་སྟོང་ཙམ་མ་ཡིན་པར་རང་རིག་གོ །འོ་ན་བཅོམ་ལྡན་འདས་ཀྱིས་སེམས་ནམ་མཁའི་དཔེར་བསྟན་ཏེ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། ཞེས་མེད་དགག་གི་དཔེར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟར་ཡིན་དུ་རུང་ཡང༌། ནམ་མཁའ་དཔེར་བརྗོད་ཚད། མེད་དགག་གི་དཔེ་ཁོ་ན་ནི་མ་ཡིན་ཏེ། བུ་ག་ནམ་མཁའ་ཞེས་བྱ་བ། མིག་ཤེས་ཀྱི་ཡུལ་བར་སྣང་དྭངས་སང་ངེར་
སྣང་བ་འདི་དང༌། གཟུགས་ཅན་གྱི་གོ་འབྱེད་ཙམ་བསྐལ་པ་ཆགས་འཇིག་སོགས་ཀྱི་འཕེལ་འགྲིབ་མེད་པ་ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་སྟེ། འདི་གཉིས་ནི་ཡོངས་སྦྱོང་དུ་གྲུབ་པ་ཡིན་ཏེ། སེམས་གསལ་རིག་ཙམ་དང༌། སྣང་བ་ཐམས་ཅད་འཆར་བའི་དཔེ་ཡིན་ལ། བུམ་པ་ན་ཆུ་ཡོད་བཀག་ཙམ་ལྟ་བུའི་མེད་དགག་གི་ནམ་མཁའ་ནི། དངོས་པོ་རྣམས་ལས་ཕྱོགས་གཅིག་ལ་ཁྱབ་པ་དང་མ་ཁྱབ་པའི་དབྱེ་བ་ཡང་མི་རུང་སྟེ། ཇི་ལྟར་ཡོད་ན་རི་བོང་རྭ་ཡོད་མ་ཡིན་དགོས་པས། རི་བོང་རྭ་མེད་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །དེས་ན་སེམས་ཅན་རང་བཞིན་མེད་ཙམ་བདེ་གཤེགས་སྙིང་པོ་ཡིན་པ་དང༌། དེས་ཕྱི་དོན་ལ་མ་ཁྱབ་པར་འདོད་དེ། དཔེར་ན་བུམ་པ་དེ་སེམས་ཅན་རང་བཞིན་མེད་པ་མ་ཡིན་ན། དེ་སེམས་ཅན་རང་བཞིན་ཡོད་པ་ཡིན་པར་མི་འགྱུར་རམ། འདིར་སྨྲས་པ། མེད་དགག་ཚིག་ཏུ་རབ་བརྗོད་ཀྱང༌། །མ་ཡིན་དགག་གཅིག་སྙིང་ལ་བཞག །སེམས་ཅན་ཁོ་ན་ལ་འདོད་པ། །དྲི་མ་དང་མཚུངས་མེད་དགག་མཚར༌། །ཆོས་སྐུའང་ཆོས་ཀུན་ལ་ཁྱབ་པར། །མེད་དགག་བཞེད་པའི་མཁས་རྣམས་གསུངས། །འགལ་འདུས་དུས་འདའ་རིགས་སྨྲ་ཡི། ཁེངས་གཏམ་སྨྲ་བ་འདི་དག་བླུན། །འདུས་མ་བྱས་རྫས་འགོག་པ་ཞེས། །བྱེ་བྲག་སྨྲ་བའི་འཁྲུལ་པ་དེ། །འཁྲུལ་མེད་དབུ་
མའི་ལམ་ཡིན་ཞེས། །སྨྲ་བ་འདི་ཡང་ག་ཞའི་རྒྱུ། །རང་ཉིད་ནོར་བས་རྒྱུད་དཀྲུགས་ཏེ། །མ་ནོར་གཞན་ལ་བཞད་གད་བྱེད། །དེ་ལ་དཔྱོད་ལྡན་རྣམས་ཀྱིས་ནི། །སླར་ཡང་བཞད་གད་རྒྱ་ཆེར་གྱིས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཞན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པ་ལ། ཐ་མལ་ཤེས་པ་སྒོམ་ཞེས་ཐོས་པས་ཐ་མལ་ཤེས་པ་ངན་ངན་པོར་བཟུང་སྟེ་མ་རངས་པར་བྱེད་དོ། །ཐ་མལ་ནི་རང་བཞིན་དང་འགྱུར་ཁྱད་ཡིན་ཏེ། དཔེར་ན། རྡོ་རྗེ་མཁའ་འགྲོར། ཐ་མལ་སྔགས་ཀྱི་ལུས་ཅན་མ། །ཞེས་གསུངས་པའི་ཐ་མལ་གྱི་མཁའ་འགྲོ་མ་ནི། ལྷན་སྐྱེས་ཀྱི་མཁའ་འགྲོ་མར་སློབ་དཔོན་ཆེན་པོ་བྷ་ཝ་བྷ་དྲས་ཀྱང་བཤད་དོ། །དེས་ན་ལྷན་ཅིག་སྐྱེས་པའི་དོན་ནོ། །གྲུབ་ཆེན་ལྭ་བ་པས་ཀྱང་ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཅེས་སོགས་གསུངས་པ་རྣམས་ཀྱང་ལྟ་བར་བྱོས་ཤིག །གཉིས་པ་རྒྱུ་རྒྱུད་དུ་འཇོག་ཚུལ་བཤད་པ་ལ། འཁྲུལ་པ་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་བདེ་གཤེགས་སྙིང་པོ་མེད་དགག་ཏུ་བཞག་པ་དེ་ཉིད་རྒྱུ་རྒྱུད་ཡིན་པར། ཨ་བྷཱ་ཡ་དང༌། ཤཱནྟི་པ་ཡང་བཞེད་ཅིང༌། དོན་དམ་གྱི་དབང་དུ་བྱས་ནས་དེ་ཡིན་ལ། ཀུན་རྫོབ་ཀྱི་དབང་དུ་བྱས་ན། ལཱ་བ་པས། ཤིན་ཏུ་རྙེད་དཀའ་བའི་སྒྲུབ་པ་པོ་ལ་བཤད། ནཱ་རོ་པས། རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བཤད་པས།
སྐལ་པ་དང་ལྡན་པའི་གང་ཟག་ཙམ་དེ་ཡིན་ཞེས་འཆད་དོ། །ཨ་བྷཱ་ཡས་མན་ངག་སྙེ་མ་ལས་ནི། རྒྱུ་རྒྱུད་སངས་རྒྱས་ཀྱི་ཉེར་ལེན་གྱི་རྒྱུར་བཤད། ཤཱནྟི་པས་སྙིམ་པའི་མེ་ཏོག་ལས་ནི། རྒྱུའི་རྒྱུད་གང་ཡིན་པ་དེ་སངས་རྒྱས་ཀྱི་རུས་ཡིན་ནོ་ཞེས་གསུངས་པས། མེད་དགག་གི་ཉེར་ལེན་གྱི་རྒྱུ་དང་རུས་ཅི་ལྟར་བྱེད། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཙམ་ལ་འཇོག་ན་ནི། འཕགས་པ་གསུམ་ཆར་གྱི་ཡུམ་ཡིན་ན། སངས་རྒྱས་ཁོ་ན་ཉིད་ཀྱི་རིགས་སུ་ག་ལ་འགྲོ། དེ་ནི་གཞི་འཁོར་བའི་དུས་ན་མེད་པས་ཀྱང་རྒྱུའི་རྒྱུད་དུ་འོང་དོན་མེད་དོ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང༌། །མི་འཕྲོག་པ་ཡི་རབ་དབྱཻ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བའོ། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་རྒྱུད་གསུམ་ཀར་རྒྱུན་ཆགས་པའི་དོན་ཅན་དུ་བཤད་པས། གཏན་ནས་མ་སྐྱེས་པའི་མེད་དགག་དང༌། རྒྱུན་ཆགས་པ་གཉིས་དོན་གཅིག་ལ་འདུས་ན་ཁས་བླངས་པའི་འགལ་འདུ་སྔོན་མེད་པ་འདི་ལྟ་བུ་ཉེ་བར་བཟུང་ནས། གཞན་དག་འགལ་བའི་ཕུང་པོའོ་ཞེས་སྨྲ་བ་འདི་ནི་མི་འཛངས་པའི་རྣམ་ཐར་རོ། །མ་ནོར་ལུགས་ཉིད་བཞག་པ་ཡི། །འཁྲུལ་བ་དེ་དག་རྟོགས་ཀྱང་སླ། །རྩོད་པའི་
ལན་ནི་མཐའ་དག་པ། །སྐྱེ་བ་དུ་མར་བརྗོད་ནུས་སམ། །ལྭ་བ་པ་དང༌། ནཱ་རོ་པའི་བཞེད་པ་དེ་ཡང་སྐལ་པ་དང་ལྡན་པའི་གང་ཟག་གི་སེམས་ཀྱི་རང་བཞིན་ལ་ངོས་འཛིན་པ་ཡིན་གྱི། བརྗོད་དུ་མེད་པའི་གང་ཟག་གི་བདག་གཅིག་ཁས་བླངས་ནས། དེ་རྒྱུ་རྒྱུད་དུ་འཇོག་པ་འདི་ནི་ཤིན་ཏུ་མི་རིགས་སོ། །གཉིས་པ་ལ། ངོ་བོ་ངོས་བཟུང༌། དེ་རྒྱུའི་རྒྱུད་དུ་འགྲོ་ཚུལ། དེའི་དོན་ཉམས་སུ་བླང་བའི་ཐབས་སོ། །དང་པོ་ནི། གོང་དུ་བཤད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཐེག་པ་ཆེན་པོ་མཐའ་དག་གི་དགོངས་པ་ཡིན་ལ། འདིར་ནི་རང་རིག་དེ་ཡང་བདེ་བ་ཆེན་པོར་གསུངས་ཏེ། རང་རིག་བདག་ཉིད་དག་པ་ཉིད། དག་པ་གཞན་གྱིས་རྣམ་གྲོལ་མིན། ཞེས་པའི་འགྲེལ་པར། གྲུབ་ཆེན་མཚོ་སྐྱེས་ཀྱིས་རང་རིག་དེ་ཡང་བདེ་ཆེན་ཡིན་པར་བཤད་དོ། །དེ་ནི་ཞུ་བདེ་ཡིན་པས་སེམས་ཀྱི་རང་བཞིན་བདེ་བར་མ་བཤད་དོ་སྙམ་པར་ཡང་མི་བསམ་སྟེ། ཀྱཻ་རྡོ་རྗེ་ལས། དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང༌། །བདེ་བ་གང་ཡིན་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་འགྲོ་བ་རྣམས་ཀྱང་
སེམས་སངས་རྒྱས་ཀྱི་བདེ་བའི་ངོ་བོ་ཡོད་མོད། རང་རང་གིས་མ་ཤེས་པར་གསུངས་པས་སོ། །དེས་ན་སེམས་རང་རིག་འོད་གསལ་རང་བཞིན་གྱི་བདེ་བ་ཆེན་པོ། ཕུང་ཁམས་སྣོད་བཅུད་སོགས་འཆར་སྒོའི་རྩལ་མ་འགགས་པར་སྣང་བ་དང་བཅས་པ་ནི་རྒྱུ་རྒྱུད་ཀྱི་ངོ་བོ་སྟེ། དེའི་རང་རིག་བདེ་བའི་ཆ་ནི་གཞིའི་དུས་ཀྱི་རྡོ་རྗེ་འཆང་གི་དབུགས་དབྱུང་དང༌། སྣང་བའི་ཆ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་ངོ༌། །སྡོམ་འབྱུང་ལས། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །དེ་ཉིད་དཀྱིལ་འཁོར་ཡང་དག་རིག །རྣམ་པ་ཐམས་ཅད་མཆོག་མཚན་ཉིད། །མཁའ་འགྲོ་མ་ནི་རྩ་རྣམས་ཀུན། །སེམས་ཅན་སྐྱེ་མཆེད་དཀྱིལ་འཁོར་ཏེ། །ཐམས་ཅད་རོ་གཅིག་ཐོབ་པ་ན། །སྤྲོ་བ་ཧེ་རུ་ཀ་ཡི་གཟུགས། །ཞེས་སེམས་འཆར་སྒོ་རྣམ་པ་ཐམས་ཅད་པ་ངོ་བོ་སྟོང་པར་སྡོམ་པ་འདི་གཅིག་པུར་རང་བཞིན་ལྷན་སྐྱེས་དང༌། དེའི་སྣང་བ་ལས་རྩ་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དཀྱིལ་འཁོར་གྱི་རིགས་སུ་བསྟན་པ་དང༌། འདི་ནི་སངས་རྒྱས་བདེ་བ་འབྱུང༌། །གང་ལ་འགྲོ་བ་རྣམ་པར་གནས། །ཞེས་སེམས་སངས་རྒྱས་ཀྱི་བདེ་བའི་རིགས་ཤེས་དང༌། བརྗོད་མེད་མཚོན་མེད་སྟོང་རྣམ་པ། །དངོས་པོ་ཐམས་ཅད་གཉུག་མར་གནས། །ཞེས་སྟོང་པ་དང་ཞལ་ཕྱག་གི་རྣམ་པ་སོགས་འབྲས་བུའི་དུས་ཀྱི་དངོས་
པོ་རྣམས་གཉུག་མར་གནས་པར་གསུངས་པ་ཡང་དེ་ཉིད་དོ། །གཉིས་པ་ལ་གཉིས་ལས། དང་པོ་འཁོར་འདས་ཀུན་གྱི་གཞིར་འགྲོ་ཚུལ་ནི། འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ལས་ཉོན་ཐམས་ཅད་ཀྱང༌། རྒྱུ་སེམས་ལས་བྱུང་བ་དང༌། ངོ་བོ་སེམས་ཀྱི་སྣང་བ་ཡིན་ཞིང༌། དེ་ཐམས་ཅད་ཀྱི་རང་བཞིན་ངོ་བོས་མ་གྲུབ་པའི་སྟོང་ཉིད་རྣམ་པར་དེ་དང་དེར་སྣང་བ་མ་འགགས་པ་གསལ་སྟོང་དེ་ཉིད་མྱ་ངན་ལས་འདས་པའི་ངོ་བོ་ཡིན་པས་འཁོར་འདས་གཉིས་ཆར་སེམས་ཀྱི་སྣང་བའོ། །གཉིས་པ་ཐབས་རྒྱུད་དང་འབྲེལ་ཞིང་འབྲས་རྒྱུད་ཀྱི་རྒྱུད་འགྱུར་བའི་ཚུལ་ནི། སེམས་འདིའི་རང་བཞིན་གྱིས་བདེ་སྟོང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། ལམ་ཡང་བདེ་སྟོང་བསྒོམས་པས་འབྲས་བུ་ཆོས་སྐུ་བདེ་སྟོང་དེ་འགྲུབ་པའི་ཕྱིར། ཆོས་སྐུའི་རིགས་དང་རྒྱུ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། རྣམ་དག་རྣམ་པའི་སེམས་ཀྱི་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ཅེས་གསུངས་སོ། །སེམས་དེའི་སྣང་ཆ་ལུས་ཀྱི་ཆོས་སུ་སྣང་བ་ནི་རྒྱུ་ཡིན་ཏེ། ལྷའི་ཞལ་ཕྱག་དང་རྣམ་པ་མཐུན་པ་ཡིན་ལ། ལས་སུ་ཡང་ལྷའི་རྣལ་འབྱོར་བསྒོམས་པས་དེ་ཉིད་ཇེ་བཟང་དུ་གྱུར་ནས་འབྲས་བུའི་དུས་སུ་ཡང་གཟུགས་ཀྱི་སྐུ་འགྲུབ་པ་ཡིན་ཏེ། དེ་ན་དེའི་རྒྱུ་ཞེས་བྱ། ཀྱཻ་རྡོ་རྗེ་ལས་ཀྱང༌། ལྷའི་རྣམ་པའི་གཟུགས་ཀྱི་ནི། །བཞིན་ལག་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱི་རྣམ་པར་གནས་
ཞེས་གསུངས་ལ། རྒྱས་པར་ན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ལྷ་སོ་སོའི་དག་པ་སྦྱོར་བ་ཡང་རིམ་པ་འདི་ཉིད་ཀྱིས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །གཟུགས་ཅན་ལུས་ལ་སོགས་པར་སྣང་བའི་སེམས་ཀྱི་སྣང་ཆ་དང༌། རང་བཞིན་མཆོག་ཏུ་བདེ་བ་དེ་གཉིས་ཆོས་ཉིད་ཀྱི་ཐོབ་པ་ཡིན་པས་ལྷན་ཅིག་སྐྱེས་པ་དང༌། དེ་གཉིས་ངོ་བོ་དབྱེར་མེད་པ་ནི། གཞི་དུས་ཀྱི་ཟུང་འཇུག་ཡིན་ནོ། །སེམས་གང་ཅི་ཡང་རུང་བ་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་རང་བཞིན་གྱི་བདེ་བ་ཡིན་ན་ཚོར་བ་སྡུག་བསྔལ་གཏན་མེད་པར་འགྱུར་ཞེས་སྨྲ་བ་ནི་ཡང་དག་པ་མ་ཡིན་ཏེ། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་མངོན་སུམ་མོ་ཞེས་སྨྲ་བ་རྣམས་ལ་འཁྲུལ་ཤེས་གཏན་ནས་མེད་པར་མི་འགྱུར་རམ། ཆོས་ཐམས་ཅད་རང་བཞིན་མེད་ཅེས་པ་ཡང་ཤེས་བྱ་ལ་སྲིད་པ་ཅི་ཡང་མེད་པར་མི་འགྱུར་རམ། ཁོ་བོ་ཅག་ཀྱང་ཚོར་བ་སྡུག་བསྔལ་བདེ་བ་གང་ཡིན་ག་ལ་ཟེར། དེ་དེའི་རང་བཞིན་བདེ་བ་ཡིན་ཞེས་ནི་བརྗོད་དོ། །སྤྲོས་པ་སྟོང་དང་འོད་གསལ་རིག །བདེ་ཆེན་ཞེས་བྱ་རྣམ་གསུམ་པོ། །ཝཾ་ཡིག་བདེ་བའི་ཆོས་སུ་བཤད། །དེ་ལས་ལོགས་སུ་མེད་ན་ཡང༌། །ཕུང་སོགས་སྒྲིབ་བྲལ་ཆ་གང་ཡིན། །རྣམ་པ་ཐམས་ཅད་ཨེ་ཡི་གོ །དུས་ཀྱི་འཁོར་ལོ་ལས་ཀྱང་ནི། །དེ་འདྲར་ངེས་པར་བཤད་པ་ཡིན། །གསུམ་པ་ནི་ལྟ་བ་སྐྱོང་པ་ཡིན་ཏེ། སེམས་བདེ་བ་ཆེན་པོ་ཡིན་པའི་
གནད་དེས། དེ་སད་པར་བྱེད་པའི་རྐྱེན་ཡང་ལམ་དུས་ཀྱི་བདེ་བ་ཆེན་པོ་དགོས་པས་དབང་གི་ཡེ་ཤེས་ཀྱིས་ཁྱད་པར་དུ་བྱས་པའི་ཐ་མལ་གྱི་ཤེས་པ་སྐྱོང་བ་དགོས་པ་ཡིན་ཏེ། ཆོས་རྣམས་རང་བཞིན་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་སྟོང་ཉིད་སྒོམ་དགོས་པ་བཞིན་ནོ། །གཉིས་པ་ཐབས་ཀྱི་རྒྱུད་ལ། བསྒོམ་བྱ་དངོས་དང༌། དེའི་ས་ལམ་རྣམ་པར་གཞག་པའོ། །དང་པོ་ལ། ལམ་གྱི་གཞི་དམ་ཚིག །ལམ་གྱི་ངོ་བོ་རང་གཞན་གྱི་དོན། མཐར་ཐུག་གི་བོགས་འབྱིན་སྤྱོད་པའོ། །དང་པོ་ལ། དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་དབང་བསྐུར་བ། ཐོབ་པ་མི་ཉམས་པར་བསྲུང་བ་སྤང་བླང་གི་དམ་ཚིག །ཉམས་པ་ཕྱིར་བཅོས་པ་བཤགས་བསྡམ་གྱི་བྱ་བའོ། །དང་པོ་ལ། སློབ་དཔོན་དང་སློབ་མའི་མཚན་ཉིད། སློབ་དཔོན་གྱྀ་ལས་དཀྱིལ་འཁོར་གྱི་བྱ་བ། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་གོ་སླའོ། །གཉིས་པ་སློབ་དཔོན་གྱི་བྱ་བ་ལ། ས་བརྟག །བསླང༌། བཟུང༌། སྦྱང༌། བསྲུང་བ་སྟེ་ལྔ་ནི་ས་ཆོག་གི་བྱ་བ་ཡིན་ལ། སའི་ལྷ་མོ་དང༌། ལྷ་དང༌། སློབ་མ་དང༌། བུམ་པ་སྟ་གོན་ཏེ་བཞི་ནི། སྟ་གོན་དུ་གནས་པ་དང༌། ཐིག་ཚོན་གྱི་བྱ་བ། དཀྱིལ་འཁོར་གྱི་གནས་བརྒྱན་པ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། བདག་འཇུག་སྟེ་བཞི་པོ་ནི་དངོས་གཞིའོ། །གསུམ་པ་སློབ་མ་ལ་དབང་བསྐུར་བ་ནི། ཕྱི་ནང་གི་འཇུག་པ་སྔོན་དུ་སོང་ནས་མེ་ཏོག་
དང༌། ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང༌། སྔགས་དང༌། བརྟུལ་ཞུགས་དང༌། རྗེས་གནང་དང༌། དམ་ཚིག་སྦྱིན་པ་དང༌། ལུང་བསྟན་དང༌། དབུགས་དབྱུང་བ་སྟེ། ཐུན་མོང་གི་བུམ་དབང་བཅུ་གཉིས། རྡོ་རྗེ་སློབ་དཔོན་ཐུན་མོང་མ་ཡིན་པ་མཆོག་གི་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས། དབང་བཞི་པ་སྟེ། སློབ་མ་ལ་བྱ་བ་དབང་བཞིའོ། །འདི་རྣམས་ཀྱི་ཆོ་ག་ནི་དཀྱིལ་འཁོར་གྱི་ཆོ་ག་དང༌། གོ་དོན་ནི་རྒྱུད་སྡེ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་དང་གསུམ་པ་ནི་གོང་དུ་བཤད་ཟིན་ཏོ། །གཉིས་པ་ལམ་གྱི་ངོ་བོ་རང་བཞིན་དོན་ལ། རང་དོན་རིམ་པ་གཉིས། གཞན་དོན་རྒྱུད་ཀྱི་སྦྱོར་བའོ། །འདི་རྣམས་འཁོར་ལོ་བདེ་མཆོག་གི་རྒྱུད་དང་སྦྱར་བ་ནི། འོག་ནས་རྒྱས་པར་འབྱུང་ལ། རྒྱུད་གསུམ་གྱི་སྤྱི་དོན་ཞིབ་མོ་ནི། ཁོ་བོས་སྔགས་ཀྱི་མངོན་པ་ཞེས་བྱ་བར་བཤད་ཟིན་པས་འདིར་མདོར་བསྡུས་ཙམ་བརྗོད་ན། དང་པོ་ནི། རྡོ་རྗེ་ཅན་གྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་སངས་རྒྱས་ཀྱི་ཆོས་བསྟན་པ་རྣམས་གཙོ་བོའི་དོན་གྱི་དབང་དུ་བྱས་ནས་རིམ་པ་གཉིས་སུ་འདུ་སྟེ། རིམ་གཉིས་ཀྱི་ངོ་བཽ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་རྒྱུ་མཚན་རྣམས་སོ། །དང་པོ་ནི། སྤྱིར་ཡིད་མཚན་རྟོག་ལས་འཕྲལ་དུ་སྐྱོབ་པའི་
ཐབས་ཏེ། དེ་ལ་ཡང་བསྐྱེད་རིམ་གྱི་ངོ་བོ་ནི། རང་གི་དངོས་རྒྱུ་རྣམ་རྟོག་གི་རྩོལ་བ་ལས་བྱུང་བ། ངོ་བོ་སྣང་སྟོང་བདེ་བའི་ལྷ་སྐུ། ཁྱད་པར་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་སྒོམ་པའོ། །རྫོགས་རིམ་གྱི་ངོ་བོ་ནི། དབུ་མར་རླུང་སེམས་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཐུན་མོང་མ་ཡིན་པའི་རྒྱུ་འབྲས་དང་བཅས་པའོ། །གཉིས་པ་ནི། བླ་མ་གོང་མ་འགའ་ཞིགཀླུ་སྒྲུབ་ཡབ་སྲས་སྦྱང་གཞི་ལ་མིང་འདོགས་ཏེ། བསྐྱེད་པ་སྐྱེ་བ་དང༌། རྫོགས་པ་འཆི་བ། རིམ་པ་དེ་གཉིས་སྦྱོང་བའི་ལམ་དུ་བཞེད། སེམས་འགྲེལ་བ་འབྲས་བུ་ལ་འདོགས་ཏེ། བསྐྱེད་པ་ཐུན་མོང་དང་རྫོགས་པ་མཆོག་གི་དངོས་གྲུབ། རིམ་པ་དེ་གཉིས་སྒྲུབ་བྱེད་ཀྱི་ཐབས་སུ་བཞེད་ཅེས་གསུངས་ཡང༌། ཕྱོགས་མཐུན་ཙམ་ལ་དགོངས་པ་ལས། སྒྲ་དོན་དང་མི་འབྲེལ་ཞིང༌། དེ་གཉིས་ཀྱི་དགོངས་པར་བཞག་དཀའོ། །རང་ལུགས་ནི། བསྐྱེད་པའི་སྐད་དོད། ཨུཏྤཏྟི་ཞེས་པ་བཅོས་མ་ལ་འཇུག་པས་རྣམ་རྟོག་གིས་བསྐྱེད་པ་དང༌། རྣམ་རྟོག་གིས་བཅོས་པའི་དོན་ཏེ། བརྟགས་པའི་རིམ་པ་དང༌། བཅོས་མའི་རྣལ་འབྱོར་ཞེས་ཀྱང་བཤད་དོ། །རྫོགས་པའི་སྐད་དོད། ནིཥྤ་ནྣ་ནི་ཡོངས་སུ་གྲུབ་པའམ། རྣལ་མ་ལ་ཡང་འཇུག་པས་དངོས་གནས་ལ་ཡོངས་སུ་གྲུབ་པའམ། རྣལ་མའམ། རང་བཞིན་ལ་ཡོད་པའི་དོན་ཏེ། གསར་དུ་མ་བསྐྱེད་ཀྱང་སྔོན་ཉིད་ནས་རྫོགས་པར་གྲུབ་པའི་ཆོས་ཞིག་སྒོམ་པའི་དོན་ནོ། །རིམ་པ་ནི་ལམ་གྱི་
རིམ་པའོ། །རྫོགས་རིམ་ལ་མ་བརྟགས་པའི་རིམ་པ་དང་རྣལ་མའི་རྣལ་འབྱོར་ཞེས་ཀྱང་ཟེར་རོ། །གསུམ་པ་ནི། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དངོས་གྲུབ་གཉིས་ལ་ལྟོས་ནས་རིམ་པ་གཉིས་གསུངས་ཏེ། རེ་ཞིག་མཆོག་དོན་དུ་མི་གཉེར་བ་ལ་རྫོགས་རིམ་མི་དགོས་པས་ཐུན་མོང་བདེ་བླག་ཏུ་རྟོགས་པའི་བསྐྱེད་རིམ་བསྟན། འཕྲལ་དུ་མཆོག་ཐོབ་འདོད་ལ་རྫོགས་རིམ་ཡང་ངེས་པར་དགོས་པས་རིམ་པ་གཉིས་སུ་བསྟན་སྤང་བྱ་ལ་ལྟོས་ནས་ཀྱང་གཙོ་བོའི་དོན་གྱི་དབང་དུ་བྱས་ནས་ཐ་མལ་གྱི་རྣམ་རྟོག་འབྲས་བུ་སྡུག་བསྔལ་དང་བཅས་པ་འཕྲལ་དུ་མངོན་གྱུར་འགོག་པ་བསྐྱེད་རིམ་དང༌། འཕྲལ་དུ་ས་བོན་སྤོང་བ་རྫོགས་རིམ་མོ། །ངོ་བོ་ལ་ལྟོས་ནས་རྟེན་བརྟེན་པ་ཡིན་པས་ཏེ། འབྲས་བུ་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་བརྟེན་པ་བདེ་ཆེན་ཆོས་སྐུ་གཉིས་འབྲེལ་བ་ཅན་དུ་གནས་ལ། དེ་གཉིས་ཀའི་ཉེར་ལེན་ཙམ་སེམས་ཅན་ལ་ཡོད་ཀྱང་ཐབས་ཀྱི་མ་བསྒྲུབས་ན་མི་འགྲུབ་སྟེ། ས་བོན་ཡོད་ཀྱང་ཞིང་ལ་མ་བཏབ་ན་ལོ་ཏོག་མི་འབྱུང་བ་བཞིན་ནོ། །ཆོས་སྐུའི་ལམ་རྫོགས་རིམ་ཡིན་ཀྱང་གཟུགས་སྐུ་གཉིས་འགྲུབ་པ་ལ་བསྐྱེད་པའི་རིམ་པ་ངེས་པར་དགོས་ཏེ། མེད་ན་རྫོགས་རིམ་གྱི་སྐུ་མི་འབྱུང་ཞིང༌། དེ་མ་བྱུང་ན་གཟུགས་སྐུ་མི་འགྲུབ་བོ། །ལམ་དུས་སུ་ཡང་བསྐྱེད་རིམ་ལུས་ཀྱི་རྣལ་འབྱོར་
དང༌། རྫོགས་རིམ་སེམས་ཀྱི་རྣལ་འབྱོར་ཡིན་ལ། འབྲས་བུའི་རྫོགས་རིམ་གྲུབ་ནས་ཀྱང༌། རླུང་སེམས་ཀྱི་སྐུ་ལུས་དང༌། འོད་གསལ་སེམས་ཀྱི་རྣལ་འབྱོར་ཡིན་ལ། གཞི་དུས་སུ་ཡང་སྐྱེ་མཆེད་དྲུག་ལུས་དང༌། བདེ་བ་སེམས་སུ་སྣང་བ་ཡིན་པས། ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཞེས་གསུངས་པའི་དོན་ཡང་གནས་སྐབས་དེ་དང་དེའི་ལུས་མེད་ན་སེམས་ལ་བདེ་བ་མི་འབྱུང་སྟེ། ལུས་དང་འབྲེལ་བ་ལ་བདེ་བ་དང་ཡིད་བདེ་བ་མཐོང་ཞིང༌། ལུས་མེད་པ་གཟུགས་མེད་བཞི་དང༌། དགྲ་བཅོམ་པ་ལྷག་མེད་དུ་མྱ་ངན་ལས་འདས་པ་ལ་དེ་མེད་པ་བཞིན་ནོ། །བླ་མ་གོང་མ་རྣམས་ཆོས་སྐུ་སྒྲུབ་བྱེད་རྫོགས་རིམ་དང༌། གཟུགས་སྐུ་སྒྲུབ་བྱེད་བསྐྱེད་རིམ་ཞེས་གསུང་པ་ལ། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་འགོག་པར་བྱེད་ཀྱང་གནད་གོང་དུ་བཤད་པ་ལྟར་ཡིན་པས་དོན་ཤིན་ཏུ་བཟང་ངོ༌། །བཞི་པ་ནི། གོང་མ་རྣམས། ཀླུ་སྒྲུབ་ཡབ་སྲས་བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་འདོད། སེམས་འགྲེལ་བ་བརྟན་རུང་མ་བརྟན་རུང༌། ལོ་བཅུ་གཉིས་བསྒོམ་ནས་རྫོགས་རིམ་སྒོམ་པར་འདོད། རང་ལུགས་བསྐྱེད་རིམ་ཐུན་སྟོད་དང༌། རྫོགས་རིམ་ཐུན་སྨད་ལ་སྒོམ་པར་བཞེད། ཁ་ཅིག་རིམ་གཉིས་གཅིག་གིས་གཅིག་ལ་རྒྱས་བཏབ་སྟེ། སྒོམ་པར་འདོད་དེ་མི་ལེགས་ཞེས་གསུང་ངོ༌། །སེམས་འགྲེལ་བའི་ལུགས་ནི་དེ་ལྟར་མ་ཡིན་ལ། གཞན་གསུམ་པོ་དེ་ནི་གང་
ལྟར་རུང་མོད་ཀྱི། བོད་ཕྱི་རབས་པ་རྣམས་ནི། བླ་མ་གོང་མའི་ལུགས་ཐམས་ཅད་ལ་ཟུར་ཟ་བ་བྱས་ཏེ། རྒྱ་གར་བ་ཐམས་ཅད་དང༌། འགོས་ལོ་སོགས་བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་བཞེད་པ་འདི་ཉིད་ཁོ་ན་རྒྱུད་ཀྱི་དོན་ཡིན་ལ། མར་འབྲོག་རྗེས་འབྲང་དང་བཅས་པ་ནི་ཐུན་སྟོད་ལ་བསྐྱེད་རིམ་དང༌། ཐུན་སྨད་ལ་རྫོགས་རིམ་སྒོམ་པར་འདོད་དེ། རྒྱུད་དོན་མ་ཡིན་ཀྱང་བསྐྱེད་རིམ་དང་བསྲེས་པའི་ཕྱིར་རིམ་པ་བརྒལ་བའི་དགག་བྱ་ཆུང་བར་མངོན་ཞེས་དང༌། བསྐྱེད་རིམ་མ་བརྟན་པར་རྫོགས་རིམ་སྒོམ་ན། རྫོགས་རིམ་གྱི་རྟོགས་པ་འདྲ་མིན་གཅིག་གིས་དུས་འདའ་ལ། རིམ་པ་བཞིན་བསྒོམས་ན་རྟོགས་པ་མཚན་ཉིད་ཚང་བ་འཕྲལ་དུ་སྐྱེ་ཞེས་ཟེར་རོ། །སྤྱིར་གང་ཟག་དབང་པོ་རྣོ་བ་བསྐྱེད་རིམ་ཡུད་ཙམ་གྱིས་བརྟན་པར་འགྱུར་བ་རྣམས་གདུལ་བྱའི་གཙོ་བོ་ཡིན་པས་དེ་རྣམས་ལ་དགོངས་ནས། རྒྱུད་གཞུང་ཕལ་ཆེར་ལས་རིམ་ཅན་དུ་གསུངས་པས། སྤྱིར་གོ་རིམ་ནི་བསྐྱེད་རིམ་སྔོན་དུ་འགྲོ་བ་ཡིན་མོད་ཀྱི། གང་རུང་རེ་མ་གཏོགས་སྒོམ་མི་ནུས་པ་རྣམས་ལ་ཆ་ཤས་རེ་ཙམ་བསྟན་ཀྱང་འགལ་བ་མེད་པས། རང་ཕྱོགས་སྡེ་དང་བཅས་པ་གཉིས་ཆར་མི་སྒོམ་པར་ཚེ་སྟོང་ཟད་ལ་སྐྱེལ་བ་ལ་བཟང་འཛིན་བྱེད་ཅིང་རྫོགས་རིམ་འབའ་ཞིག་སྒོམ་པ་ལ་སྐྱོན་དུ་ལྟ་བ་འདི་ནི་བཞད་གད་ཀྱི་གནས་ཏེ། རྟོགས་པ་འདྲ་མིན་ཙམ་ཞིག་ལས་མ་སྐྱེས་ཀྱང་བསྐྱེད་རྫོགས་གཉིས་ཀའི་རྟོགས་པ་སྣ་གཅིག་ཀྱང་མ་སྐྱེས་
པ་ལས་ཆེས་མཆོག་ཡིན་པའི་ཕྱིར་རོ། །སྤྱིར་ནི་རང་ལ་བསྐྱེད་རྫོགས་གཉིས་པོ་གང་གི་ཡང་རྟོགས་པ་མ་སྐྱེས་བཞིན་དུ་རིམ་ཅན་དུ་བསྒོམས་ན་རྟོགས་པ་ཚད་ལྡན་སྐྱེ། དེ་མིན་མི་སྐྱེ་ཞཻས་པ་ནི་ཆ་མེད་ཀྱི་རྒྱུས་གཏམ་ཡིན་ལ། ལུང་ལ་བརྟེན་པའོ་ཞེས་སྨྲ་མོད། སྔོན་ལ་བསྐྱེད་རིམ་དང་ཕྱིས་རྫོགས་རིམ་སྒོམ་ཞེས་བཤད་པ་མང་མོད། བསྐྱེད་རིམ་སྔོན་སོང་དེ་ལ་བརྟན་པ་མ་ཐོབ་པར་རྫོགས་རིམ་ཇི་ཙམ་བསྒོམས་ཀྱང་རྫོགས་རིམ་ཀྱི་རྟོགས་པ་འདྲ་མིན་ལས་ཚད་ལྡན་མི་སྐྱེ་བའི་ལུང་ལྟར་སྣང་ཡང་འདྲེན་རྒྱུ་མེད་ན་ཚད་ལྡན་ལྟ་ཅི་སྨོས། དམ་བཅའ་བརྫུན་དུ་སྨྲ་བ་ལ་སུ་ཞིག་མགུ་བ་ཐོབ་པར་འགྱུར༌། དེས་ན་གང་ཟག་གི་རིམ་པ་ལ་ལྟོས་ནས་ནི་མ་ངེས་པར་འབྱུང་ལ། ཤས་ཆེ་བའི་དབང་དུ་བྱས་ནས། སློབ་དཔོན་ཀླུ་སྒྲུབ་ཀྱྀ་ཞལ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་ཐོག་མར་བསྐྱེད་རིམ་དང༌། ཕྱིས་རྫོགས་རིམ་སྒོམ་པར་གསུངས་ལ། ཐུན་སྟོད་ཐུན་སྨད་ཀྱི་རིམ་པས་ཀྱང་གཙོ་བོའི་དོན་ལ་འདྲ་བ་ཡིན་ནོ། །ལྔ་པ་ལ་རིགས་ཀྱི་དོན་དང་ཐབས་མཁས་ཀྱི་ཁྱད་པར་དང༌། དག་པ་གསུམ་གྱི་རང་བཞིན་ཡིན་པས་གྲོལ་བ་འཐད་ཅེས་བླ་མ་སྔ་རབས་པ་རྣམས་བཞེད་པ་ནི་དོན་བཟང་ཞིང༌། ཚིག་འདོམས་ཆེ་ལ་ལེགས་པ་ཡིན་པས་དེ་ལྟར་བཤད་ན་
དང་པོ་ནི། རྒྱུད་གསུམ་གཅིག་ལ་གཅིག་གིས་རྒྱས་བཏབ་པ་ཡིན་ཏེ། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང༌། །འབྲས་བུ་ལ་ཡང་རྒྱུ་རྒྱས་བཏབ། ཅེས་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་ཏེ། གཞིའི་དུས་ན་རང་བཞིན་གྱི་རིགས་ཡོད་ལ་ལམ་གྱི་སེམས་རྒྱས་འགྱུར་གྱི་རིགས་ཏེ། འབྲས་བུ་གྲུབ་པ་ནི་རིགས་ཀྱི་བདག་པོར་གྱུར་པ་སྟེ། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀ་ཚང་བས་འབྲས་བུ་མངོན་དུ་འགྱུར་བའོ། །གཉིས་པ་རྩོད་པ་སྤང་པ་སྟེ་བསྐྱེད་རིམ་ལྷ་བསྒོམ་པ་དང་རྫོགས་རིམ་བདེ་བ་ཡིན་ན། རྣམ་རྟོག་དང་འདོད་ཆགས་བསྒོམས་པས་ཅི་ལྟར་གྲོལ་ཞེས་པ་ལ། ཐབས་མཁས་གཉེན་པོར་ཆེ་བ་བཞི་གསུང་ཡང་དཔེ་བྱ་དཀའ་བས་འདི་ལྟར་ཐབས་ལ་མཁས་པས་ལོག་གནོན་གཉེན་པོ་ཆེ་བ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་དང༌། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། ཞེས་ཐ་མལ་གྱི་རྣམ་རྟོག་འགོག་པ་ལ་ལྷའི་རྣམ་རྟོག་གིས་ཤིན་ཏུ་མྱུར་བར་འགྲུབ་སྟེ། མི་གང་ལ་དགྲར་འཛིན་པའི་རྣམ་རྟོག་ལ་གཉེན་དུ་རྣམ་རྟོག་བྱས་ན་དེ་འཕྲལ་དུ་འགོག་པ་ཙམ། གཞན་སྟོང་པར་བསྒོམ་པ་སོགས་ལ་དཀའ་བ་ལྟ་བུའོ། །ཐ་མལ་
གྱི་འདོད་ཆགས་ལ་བདེ་སྟོང་བསྒོམ་པས་མྱུར་དུ་ཟློག་པ་ཙམ་སྟོང་ཉིད་རྐྱང་པ་སོགས་ལ་མི་འབྱུང་སྟེ། འདོད་ཆགས་ཆེད་དུ་བསྐྱེད་པ་སྟོང་པར་ཞེན་མེད་དུ་འབྱོངས་པས། ངང་གིས་འབྱུང་བའི་འདོད་ཆགས་ལ་ཞེན་མེད་འབྱོངས་པ་ཞོར་ལ་འབྱུང་བའི་ཕྱིར་རོ། །གསུམ་པ་ནི་དང་པོའི་རྒྱས་བཤད་དེ། འདི་ལ་དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། རང་རིག་པའི་དག་པ་གསུམ་ལས། དང་པོ་གཞིའི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་སྟོང་པས་དག་པ་ཡིན་པས་བསྐྱེད་རྫོགས་སུ་སྟོང་པ་བསྒོམས་པས་གྲོལ་བར་རིགས་ཏེ། དངོས་པོའི་གནས་ཚུལ་བསྒོམས་པས་སོ། །གཉིས་པ་གོང་དུ་བཤད་པའི་ཕུང་ཁམས་སོགས་ལྷའི་རིགས་ཡིན་པའི་ཕྱིར་བསྒོམ་པས་མངོན་དུ་འགྱུར་བར་རིགས་པའོ། །གསུམ་པ་ལ་བླ་མ་གོང་མ་རྣམས་ལུས་ཞལ་ཕྱག་ཏུ་སྣང་བ་དེ་ཡང་སེམས་ཡིན་པས་རྫོགས་རིམ་གྱིས་མངོན་དུ་འགྱུར་རིགས་པར་བཞེད། དེའི་དགོངས་པ་ཁོ་ནར་རློམ་པའི་ཕྱི་རབས་པ་ཁ་ཅི་སྣང་བ་དེ་སེམས་སུ་ཤེས་པ་རང་རིག་གི་དག་པ། དེ་རྫོགས་རིམ་བསྒོམས་པ་མངོན་དུ་འགྱུར་བ་དང༌། དག་པ་གསུམ་གཞི་དུས་ནས་འཇོག་པའི་ལུགས་སྨྲ་སྟེ། གཞི་དུས་ནས་སྣང་བ་སེམས་སུ་ཤེས་པ་ངོ་མཚར། དེར་ཤེས་ཟིན་ནས་རྫོགས་རིམ་མ་བསྒོམ་བར་དུ་མངོན་དུ་མི་འགྱུར་བར་སྨྲ་བ་ལས་ཅི་ཞིག་ཐ་ཆད་པ་ཡོད། རང་ལུགས་ནི་སེམས་བདེ་བའི་ངོ་བོར་རང་རིག་གི་དག་པ་ཡིན་པས་རྫོགས་རིམ་བདེ་ཆེན་རང་རིག་བསྒོམས་ན་གྲོལ་བར་
འཐད་དེ། དངོས་པོའི་གནས་ཚུལ་ལ་ཞུགས་པར་བསྒོམ་པས་སོ། །དེས་རིམ་གཉིས་ཀྱི་སྤྱིའི་དོན་བཤད་ནས་རིམ་གཉིས་ཀྱི་དོན་བསྐྱེད་རྫོགས་སོ་སོར་བཤད་པ་ནི་མདོ་ཙམ་འོག་ནས་འབྱུང་ངོ༌། །གཉིས་པ་གཞན་དོན་རྒྱུད་ཀྱི་སྦྱོར་བ་ལ། བྱིན་རླབས་འཇུག་པའི་དོན་དུ་སྔགས་ཀྱི་བཟླས་པ། ལྷ་མཉེསཔའི་དོན་དུ་སྦྱིན་བསྲེག །བསོད་ནམས་སྒྲུབ་པའི་དོན་དུ་རབ་གནས། བློ་དམན་གྱི་ངོར་གཞན་དོན་ཕྲ་མོ་སྤྱོད་པ་ལས་ཚོགས་རབ་འབྱམས། རང་གཞན་གྱི་དོན་ཆེན་པོ་སྤྱོད་པ་དངོས་གྲུབ་སྒྲུབ་ཐབས། དེ་ཐམས་ཅད་ཀྱི་ཡན་ལག་ཏུ་མཆོད་པ་དང་གཏོར་མའོ། །དེ་དག་གི་རྣམ་པར་གཞག་པ་ནི། ཅི་རིགས་པ་བཤད་ཅིང་འཆད་པར་འགྱུར་ལ། ཆོ་ག་རྣམས་ཀྱི་རྣམ་པར་གཞག་པ་ནི་མང་པར་འགྱུར་བས་མི་འདྲིའོ། །གསུམ་པ་མཐར་ཐུག་གི་བོགས་འབྱིན་སྤྱོད་པ་ཡང་འོག་ཏུ་བཤད་པར་བྱའོ། །དེ་ལ་མདོ་ལས་བཤད་པའི་ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་ནི་འདིར་ཡང་ཉམས་སུ་བླངས་བྱ་ཁོ་ན་ཡིན་ཏེ། མདོ་རང་རྐང་ནས་བཤད་པའི་ཕར་ཕྱིན་དྲུག་ནི། མདོ་སྔགས་གཉིས་ཆར་གྱི་ཐུན་མོང་ཡིན་ལ། འདིར་དངོས་བསྟན་དུ་བཤད་པའི་བསྒོམ་བྱའི་ལམ་རིམ་གཉིས་ལ་སོགས་པ་དེ་རྣམས་ནི། སྤྱིར་ཕྱིན་དྲུག་ཏུ་འདུ་ཡང་ཕ་རོལ་ཏུ་ཕྱིན་པ་ནས་གཏན་མ་བཤད་པས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །དེ་ལྟར་ཉམས་སུ་
བླང་བྱ་བསྟན་ཟིན་ནས། ད་ནི་དེ་ལྟར་བསྒོམས་པས་ས་ལམ་གྱི་རྟོགས་པ་སྐྱེ་ཚུལ་ཏེ། གཉིས་པ་ལ་ལྔ་ལས། དང་པོ་ཚོགས་ལམ་ལ། ཐུན་མོང་གི་ཉམས་ལེན་ནི་མདོ་ལུགས་ཀྱི་ལམ་རིམ་དུ་བཤད་པ་བཞིན་ཏེ། འོན་ཀྱང་འདིར་བསྒོམ་བྱ་དྲན་པ་ཉེར་བཞག་བཞི་ནི་གོང་དུ་བསྟན་པའི་བསྐྱེད་རྫོགས་གཉིས་འབད་པས་བསྒོམ་པར་བྱ་ཞིང༌། ཡེ་ཤེས་ཕེབས་པའི་རྟོགས་པ་སྐྱེས་པ་དེའི་ཚེ། ཚོགས་ལམ་ཆུང་ངུའི་རྟོག་པ་ཐོབ་སྟེ་ལམ་དུ་ཞུགས་པ་ཡིན་ནོ། །དེ་ནས་མཉམ་བཞག་རིམ་གཉིས་དང༌། རྗེས་ཐོབ་རྒྱུད་ཀྱི་སྦྱོར་བས་སེམས་ཅན་གྱི་དོན་བྱེད་ཅིང༌། ཡང་དག་སྤོང་བ་བཞི་བསྒོམས་པས་རྗེས་ཀྱི་སྤྱོད་ལམ་དང༌། གཉིད་དང་རྨི་ལམ་ན་ཡང་རིམ་གཉིས་ཀྱི་སྒོམ་སྐྱོང་བ་རྒྱུན་གཏན་དུ་བྱུང་བའི་ཚེ། ཚོགས་ལམ་འབྲིང་པོའི་རྟོགས་པ་སྐྱེས་པ་ཡིན་ནོ། །དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ཏེ། ལྷ་སྐུ་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འབད་པས་ཡེ་ཤེས་ལ་དབང་བའི་རྟོགས་པ་སྐྱེས་པའི་ཚེ། ཚོགས་ལམ་ཆེན་པོར་སླེབ་པ་ཡིན་ནོ། །དེ་ནས་རིམ་གཉིས་ཁོ་ན་ལ་འབད་པས་བདེ་སྟོང་གིས་དྲངས་པའི་མངོན་ཤེས་ལྔ་རིམ་གྱིས་འབྱུང་ཞིང༌། ཐུན་མོང་གི་དངོས་གྲུབ་འཕྲལ་དུ་དོན་དུ་གཉེར་ན། འདིའི་དྲོད་ཐོབ་ན་སྤྱོད་པ་སྤྱད་པས་མངོན་ཤེས་ལྔ་དང༌། དངོས་གྲུབ་བརྒྱད་ལ་སོགས་པ་རྫས་ཀྱི་རིག་འཛིན་དང༌། འདོད་ཁམས་དང་གཟུགས་ཁམས་ཀྱི་རིག་འཛིན་ལྟ་བུ་ལུས་ཀྱི་རིག་པ་འཛིན་པ་རྣམས་
སྒྲུབ་པར་བྱེད། ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་ལ་གེགས་སུ་འགྲོ་བས་ད་ལྟར་གྱི་མིའི་ཚེ་ཚད་ཙམ་ལ་ནི་མཆོག་གི་དངོས་གྲུབ་མི་ཐོབ་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རིམ་གྱིས་ལུས་རྟེན་དེ་ཉིད་ལ་སངས་རྒྱ་བ་ནི་ཡིན་ནོ། །བསྐྱེད་རིམ་གཙོ་བོར་མཛད་པའི་སྔོན་གྱི་སློབ་དཔོན་དག་གིས་ཀྱང༌། རིག་པ་འཛིན་པའི་ལམ་ཉིད་ཀྱིས། །ཚེ་ལ་དབང་པའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་སྒྲུབ་པར་བཞེད་པ་ཡིན། །ཞེས་ཀྱང་གསུངས་པ་ཡིན་ནོ། །དེ་ལ་གྲུབ་ཆེན་བརྒྱད་གྲུབ་པས་ནི། ཚེའི་རིགས་པ་འཛིན་པ་གྲུབ་པའི་ངེས་པ་མེད་ཅིང༌། རྫས་ཀྱི་རིག་པ་འཛིན་པ་རྣམས་རྫས་དང་བྲལ་བ་ན་ནུས་པ་ཉམས་པ་ཤིན་ཏུ་མང་སྟེ། ཡིད་འཕྲོག་མ་གཙུག་གི་ནོར་བུ་དང་བྲལ་བས་མཁའ་ལ་འགྲོ་མ་ནུས་པ་དང༌། རི་ལུའི་གཏམ་རྒྱུད་བཞིན་ནོ། །འདོད་ཁམས་ཀྱི་རིག་པ་འཛིན་པ་ནི། ཚོགས་ལམ་ཆེན་པོ་པ་དེས་ལས་ཀྱི་ཕྱག་རྒྱའི་བདེ་སྟོང་རྩེ་གཅིག་ཏུ་བསྒོམས་ཤིང་ཐུན་མོང་གི་དྲོད་ཐོབ་པ་ན་སྤྱོད་པ་སྤྱོད་ཅིང༌། སྒྲུབ་པ་བརྩམས་པས་ལུས་འདོད་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པ། རིག་སྔགས་དང་དངོས་གྲུབ་སྣ་ཚོགས་བྱེད་པ་ཚེ་ལ་དབང་བར་འགྱུར། འདིའི་ལུས་ནི་ཡོན་ཏན་བརྒྱད་ལྡན་ཡིན་པས་མིའི་ནང་དུ་འོང་མོད་ཀྱི། མི་ཕལ་པ་རྣམས་ཀྱིས་མི་མཐོང་ཞིང་སྤྲུལ་པས་འགྲོ་བའི་དོན་བྱེད་དོ། །གཟུགས་ཀྱི་རིག་འཛིན་
ནི། གཞན་གོང་མ་དང་འདྲ་བ་ལ་སྤྱོད་པའི་ཚེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འབའ་ཞིག་སྤྱོད་པས་ལུས་གཟུགས་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པར་འགྱུར། དེའི་ལུས་དངོས་ཀྱིས་ནི་མིའི་ནང་དུ་འོང་བ་མེད་ལ། སྤྲུལ་པ་ནི་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་དོ། །སྔ་མ་ལ་ལས་རྒྱའི་རིག་པ་འཛིན་པ་དང༌། འདི་ལ་ཡེ་རྒྱའི་རིག་པ་འཛིན་པ་ཞེས་བཤད་པ་ནི་སྤྱོད་པའི་སྐབས་ལ་དགོངས་པ་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་སླར་བསྒོམ་བྱ་ནི་རྫོགས་པའི་རིམ་པ་ཁོ་ན་ཡིན་ནོ། །དེ་མན་ཆད་ནི་བསྐྱེད་རིམ་འབའ་ཞིག་གིས་ཐོབ་པ་ཡང་ཡོད། རྫོགས་རིམ་ཉིད་སྒོམ་པ་ཡང་ཡོད། གཉིས་ཆར་བསྒོམས་ཀྱང་རུང་སྟེ། རྫོགས་རིམ་ཀྱི་ཐུན་མོང་མ་ཡིན་པའི་རྟོགས་པ་མ་སྐྱེས་པས། བསྐྱེད་རིམ་ལས་རྟོགས་པ་མི་མཐོ་བས་དེའི་རྟོགས་པར་འདུ་སྟེ། རྟོགས་པའི་སྒོ་ནས་བསྐྱེད་རིམ་གྱིས་བགྲོད་བྱའི་ལམ་དུ་བཞག་གོ །གཉིས་པ་སྦྱོར་ལམ་ནི། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པ་རྣམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ནས་རེ་ཞིག་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་མི་སྤྱོད་པས། བསྐྱེད་རིམ་ཅི་རིགས་པ་བསྒོམས་ཡང་རུང༌། མ་བསྒོམས་ཀྱང་རུང་རྫོགས་རིམ་ཉིད་ལ་འབད་པས་སྣང་བ་གསུམ་མམ་ལམ་དུས་ཀྱི་དགའ་བ་དང་པོ་གསུམ་གྱི་རྟོགས་པ་སྐྱེས་པའི་ཚེ། སྦྱོར་ལམ་དྲོད་ཆེ་འབྲིང་ཆུང་གསུམ་གྱི་རྟོགས་པ་སྐྱེས་པར་འཇོག དེ་ཙམ་ལ་ལས་རྒྱ་བསྟེན་དགོས་པའི་ངེས་པ་མེད་མོད་
ལམ་དུས་ཀྱི་ཉེར་ཐོབ་ཆེན་པོའམ་ཁྱད་དགའི་ནང་ཚན་སེམས་དབེན་མཐར་ཐུག་གི་འོད་གསལ་ལམ། དཔེའི་འོད་གསལ་མཐར་ཐུག་སྐད་ཅིག་མ་དང་པོ་སྦྱོར་ལམ་དྲོད་ཆེན་པོའི་ཕྱི་མཐའ་ཁམས་ཐིམ་རིམ་གྱི་ཉམས་རྣམས་འཆི་བ་འོད་གསལ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ཐོབ་པ་ལ་ནི་སྤྱོད་པ་སྤྱོད་པའམ་མིན་ནའང་ཕྱག་རྒྱ་བསྟེན་པ་དགོས་ཤིང༌། དྲོད་ཆུང་ངུའི་རྟོགས་པ་ནི་རྫོགས་རིམ་གྱི་དྲོད་དེའི་འདི་མ་སྐྱེས་གོང་དུ་རྫོགས་རིམ་གྱི་སྤྱོད་པ་སྤྱོད་དུ་མི་རུང་སྟེ། ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཅུང་ཟད་འགྱངས་འགྲོ་བའི་ཕྱིར་རོ། །དཔེའི་འོད་གསལ་མཐར་ཐུག་དེའི་རྒྱུན་ཐོགས་དེ་ལས་ལངས་མ་ཐག་ཏུ་རླུང་སེམས་ཙམ་གྱི་སྐུ་འགྲུབ་སྟེ། འདི་ཐོབ་ནས་སྦྱོར་ལམ་རྩེ་མོར་འཇོག་པ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པས་མ་དག་པའི་ལུས་འདི་དྭངས་མར་གནས་གྱུར་ཏེ། སེམས་ཙམ་གྱི་སྐུ་དེ་ལ་ཐིམ་པ་ན། འཇའ་ལུས་རྡོ་རྗེའི་སྐུའི་རིག་པ་འཛིན་པ་ཞེས་བྱ་སྟེ། འདི་ནི་ཁམས་གསུམ་གང་གི་ལུས་སུ་ཡང་མི་གཏོགས་ལ། འོན་ཀྱང་བདེན་པ་མ་མཐོང་བས། འཇིག་རྟེན་ལས་འདས་པའི་རིག་པ་འཛིན་པར་ནི་མི་འཇོག་གོ །རླུང་སེམས་ཙམ་གྱི་སྐུ་གྲུབ་ཀྱང་རགས་པའི་ལུས་གནས་མ་གྱུར་ན། རིག་པ་འཛིན་པའི་སྐུར་མི་འཇོག་ཅིང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ཟུང་འཇུག་གྲུབ་ནས་ནི། རགས་པའི་ལུས་གནས་
མི་འགྱུར་མི་སྲིད་པས་ཟུང་འཇུག་གི་སྐུ་ཐམས་ཅད་འཇིག་རྟེན་ལས་འདས་པའི་རིག་འཛིན་ནོ། །རླུང་སེམས་ཙམ་གྱི་སྐུ་འདི་གྲུབ་ནས། ཡུལ་ཉི་ཤུ་རྩ་བཞིའི་གནས་བཞིར་སྤྱོད་པ་སྤྱད། དེའི་རྡོ་རྗེ་ཕོ་ཉ་མོ་རྣམས་དང་འདུ་བ་ཐོབ་པས་སྤྱི་བོ་ལ་སོགས་པ་བཞིའི་རྩ་ཁམས་རླུང་རྣམས་དབུ་མར་འགགས་པ་ན། སྦྱོར་ལམ་གྱི་ས་དང་པོའོ། །དེ་ནས་ཉེ་བའི་གནས་བཞི་དང་རྣ་བ་གཡོན་པ་ལ་སོགས་པ་བཞིས་ས་གཉིས་པ་དང༌། དེ་ནས་ཉེ་བའི་དུར་ཁྲོད་ཀྱི་བར་བརྒྱད་ལ། ལུས་ཀྱི་གནས་གཉིས་གཉིས་སྦྱར་ཏེ། གནས་དེ་དང་དེར་ཕྱིན་པ་ན། དེའི་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཐོབ་པས་ལུས་ཀྱི་གནས་དེ་དང་དེའི་རྩ་རླུང་ཐིག་ལེའི་ནུས་པ་ཕྲ་མོ་རྣམས་དབུ་མར་ཐིམ་ཞིང་འགགས་པ་ལས་སྦྱོར་ལམ་གྱིས་རེ་རེའི་རྟོགས་པ་སྐྱེ་སྟེ་སྦྱོར་ལམ་ས་བཅུའོ། །འདི་ལ་མཐོང་ལམ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གཉིས་འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་དུ་འཇོག་གོ །གང་ལྟར་རླུང་སེམས་ཙམ་གྱི་སྐུ་གྲུབ་ནས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་གྱུར་མ་སྤངས་ཀྱི་བར་དུ་སྦྱོར་ལམ་རྩེ་མོ་ཡིན་ཏེ། མཉམ་བཞག་ཏུ་ཕྱག་རྒྱའི་ལམ་གྱི་བདེ་སྟོང་གཙོ་བོར་སྒོམ། རྗེས་ཐོབ་ཏུ་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་སྤྱོད་པ་སྟེ། དབང་པོ་ལྔ་གཙོ་བོར་སྒོམ་པ་ཡིན་ནོ། །རང་བཞིན་བརྒྱད་ཅུ་མངོན་གྱུར་ནུབ་ནས། དོན་གྱི་འོད་གསལ་གྱི་དངོས་རྒྱུའི་སྣང་བའི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་སྦྱོར་ལམ་བཟོད་པ་ཡིན། དེ་ཐོབ་ནས་ཆོས་
མཆོག་ཏུ་འཇོག ཆོས་མཆོག་གི་སྣང་མཆེད་ཐོབ་གསུམ་གྱི་སྐད་ཅིག་མ་གསུམ་ལམ་དུས་ཀྱི་ལྷན་སྐྱེས་ཞེས་བྱ་བ་འཇིག་རྟེན་པའི་ལྷན་སྐྱེས་མཐར་ཐུག་པ་སྟེ། སྤྱིར་རང་བཞིན་བརྒྱད་ཅུ་མངོན་གྱུར་ཐིམ་ནས་ལམ་གྱི་ལྷན་སྐྱེས་ཐོབ་པ་ཡིན་ནོ། །བཟོད་པ་དང་ཆོས་མཆོག་གཉིས་སུ་སྟོབས་ལྔ་གཙོ་བོར་སྒོམ་མོ། །གསུམ་པ་ནི། ཆོས་མཆོག་སྐད་ཅིག་མ་གསུམ་པ་དེ་ནས་བར་མ་ཆད་དུ་དོན་གྱི་འོད་གསལ་མཐོང་ལམ་སྐྱེ་སྟེ། རང་བཞིན་བརྒྱ་བརྒྱད་དམ་བརྒྱད་ཅུའི་ས་བོན་སྤོང༌། དེར་བྱང་ཆུབ་ཡན་ལག་བདུན་སྒོམ། འདི་ཡན་ཆད་ཀྱི་དགའ་བ་བཞི་ནི་འབྲས་བུའི་དགའ་བཞིའོ། །བཞི་པ་སྒོམ་ལམ་ལ་དངོས་དང༌། དོགས་པ་བཅད་པའོ། །དང་པོ་ནི། དེ་ལས་ལངས་མ་ཐག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་ཏེ། འདི་ཕན་ཆད་སྒོམ་ལམ་མོ། །དེ་ཡང་ས་བཅུའི་བདག་ཉིད་དེ། སའི་ངོ་བོ་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཡེ་ཤེས་གོང་མའི་ཡོན་ཏན་གྱི་གཞི་རྟེན་ཏེ། ཟུང་འཇུག་གི་སྐུ་དེ་འགྲུབ་མ་ཐག་ཏུ་ཐུགས་འོད་གསལ་ལ་སླར་ཞུགས་ཏེ་ལྡང་མི་སྲིད་ཅེས་བོད་མང་པོ་དག་ཟེར་ན་ཡང༌། ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ་མཉམ་རྗེས་ཐ་དད་པར་ཡོང་པས་དེ་ནི་མི་འཐད་མོད། འོན་ཀྱང་བདེ་སྟོང་གི་ཡེ་ཤེས་དང་འབྲལ་བ་མི་སྲིད་ཅིང༌། ཡེ་ཤེས་ཀྱི་སྐུ་དེ་ཡང་རྒྱུན་ཆད་པ་མེད་པས་སྐུ་དང་ཡེ་ཤེས་
ཟུང་འཇུག་ཏུ་ནི་འཇོག་གོ །ས་བཅུ་པོ་འདིར་འཕགས་ལམ་ཡན་ལག་བརྒྱད་བསྒོམ་ཞིང༌། དངོས་སུ་སྤྱོད་པ་སྤྱོད་པ་དང༌། སྤྲུལ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱས་པས། ས་རེ་རེའི་རྟོགས་པ་མྱུར་བ་མྱུར་བར་རྫོགས་ཏེ། རིམ་གྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་དུ་བྱེད་དོ། །སྒོམ་སྤངས་སྣང་བ་གསུམ་པོ་ལ་ཆེ་ཆུང་དགུར་ཕྱེ་བ་ས་ལྷག་མ་དགུས་སྤངས་ཏེ། སེམས་སེམས་བྱུང་ཐམས་ཅད་གནས་གྱུར་པ་ལ་སེམས་བྱུང་གི་རང་བཞིན་སྣང་བ་གསུམ་གྱི་ངོས་འཛིན་དང་དེ་སྤོང་ཚུལ་མ་གཏོགས་གཞན་གནས་གྱུར་ཚུལ་མདོ་དང་འདྲའོ། །འོན་ཀྱང་ཕུང་ཁམས་སྐྱེ་མཆེད་རགས་པ་གོང་དུ་གྱུར་ཟིན་ཀྱང་དྭངས་མ་ཕྲ་བ་གནས་འགྱུར་ཚུལ་རྒྱས་པར་ཤེས་པར་བྱའོ། །གཉིས་པ་ནི། ས་འདི་དག་གི་ཡོན་ཏན་ནི། ལམ་ཐུན་མོང་གི་སྐབས་སུ་བཤད་པ་བཞིན་ཤེས་དགོས་ཏེ། དེས་ན་དུས་ཀྱི་འཁོར་ལོར་ཏིང་ངེ་འཛིན་གྱི་སྐབས་ཀྱི་ས་བཅུ་གཉིས་དང༌། ལམ་འབྲས་སུ་བཤད་པའི་ས་བཅུ་གཉིས་པོ་དེ་དག་ནི། གོང་དུ་བཤད་པའི་སྦྱོར་ལམ་གྱི་ས་བཅུ་གཉིས་དེ་ཡིན་པར་མངོན་ཏེ། དེ་ལྟར་མ་ཡིན་ན། མདོ་ལུགས་ཀྱི་འཕགས་པ་ལས། སྔགས་ལུགས་ཀྱི་འཕགས་པ་ཡོན་ཏན་ཆུང་བར་འགྱུར་བའི་སྐྱོན་ཡོད་དེ། སྦྱོར་དྲུག་གི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པས་ནི། ཞིང་ཁམས་སྟོང་དང་ཉི་ཤུ་རྩ་བཞི་ཙམ་གྱི་ལྐོག་གྱུར་གྱི་དོན་མཐོང་བ་ལས་མ་བཤད་ཅིང༌། ལམ་འབྲས་ནས་ཀྱང་ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་
པ་བསྒུལ་བ་སོགས་ལས་མ་བཤད། འདིའི་ལོངས་སྐུའི་ཞིང་ཁམས་ནི། སྟོང་གསུམ་ཕྲག་ཁྲིག་ཅིག་ཡིན་པར་འཆད། མདོ་ལུགས་ལ་ནི་ས་བཅུ་པའི་མདོ་བཞིན་ཏེ། འཇུག་པ་ལས་ཀྱང༌། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་འགྱུར་ཞིང༌། །ངག་གི་སྤྱོད་ཡུལ་མ་ཡིན་སྡོམས་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །ཞེས་གསུངས་སོ། །དེས་ན་དུས་ཀྱི་འཁོར་ལོར་རྒ་ཤི་སོགས་རྟེན་འབྲེལ་གསུམ་འགགས། མ་དག་པའི་ལུས་གནས་གྱུར། ལེན་པ་པོ་གསུམ་འགགས། ངག་རླུང་གནས་གྱུར། རེག་པ་སོགས་གསུམ་འགགས། སེམས་ཁུ་བ་གནས་གྱུར། རྣམ་ཤེས་སོགས་གསུམ་འགགས། ཐ་མལ་པའི་ཡེ་ཤེས་འཛག་བདེའི་བག་ཆགས་གནས་གྱུར། རྟེན་འབྲེལ་རེ་རེ་འགགས་པ་ལ་ས་རེ་རེ། དེ་ནས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བཤད་དེ། སྦྱོར་ལམ་གྱི་ས་བཅུ་གཉིས་སོ། །དེ་ཡང་ལས་རླུང་སྟོང་བརྒྱད་བརྒྱ་པ་རེ་རེ་འགགས་པས་དེའི་ས་རེ་རེ་ཐོབ་པར་བཤད་པས། བླ་མ་གོང་མ་རྣམས་བདེ་ཀྱཻ་ལ་སོགས་པའི་སྐབས་སུ་ཡང་རླུང་ཐིམ་པ་ལ་ས་ལམ་གྱི་རྣམ་གཞག་མཛད་པ་ལ། དེ་འདྲ་གང་ནས་ཀྱང་མ་བཤད་ཅེས་ཟེར་བ་ནི། བརྫུན་གྱིས་རང་གི་སློབ་མ་རྣམས་མགོ་བསྐོར་བ་ཡིན་ནོ། །གནས་ལ་སོགས་པ་བཅུ་པོ་དེ་དག་རབ་ཏུ་དགའ་བ་སོགས་བཅུར་ཤིན་ཏུ་གསལ་ལ། འཐུང་
སྤྱོད་མོས་སྤྱོད་ཀྱི་ས་དང༌། ཉེ་བའི་འཐུང་སྤྱོད་སངས་རྒྱས་ཀྱི་སར་བཞག་པའང་ཡོད། ས་བཅུ་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་ལམ་དེ། ས་བཅུ་གཅིག་པ་དཔེ་མེད་ཡེ་ཤེས་དང༌། འཐུང་སྤྱོད་ཡིན་ལ། རྣམ་གྲོལ་ལམ་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་དང་པོ་དེ། ས་བཅུ་གཉིས་པ་ཡེ་ཤེས་ལྡན་དང༌། ཉེ་བའི་འཐུང་སྤྱོད་དེ་སྐད་ཅིག་གཉིས་པ་ཕན་ཆད་ཁྱད་པར་ལམ་ནི། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་སར་བཤད་པ་ཡང་ཡོད། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ནི། ས་བཅོ་ལྔར་བཤད་དེ། མོས་སྤྱོད། ས་དང་པོ་རབ་དགའ་ནས་ཀུན་ཏུ་འོད་ཀྱི་བར་རིམ་པ་བཞིན་སྦྱར་བས་ཀུན་ཏུ་འོད་ས་བཅུ་གཉིས་པ། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི། སྤྲུལ་སྐུའི་ས་དེ་བཅུ་གསུམ་པ། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནྀ། ལོངས་སྐུའི་ས་སྟེ་བཅུ་བཞི་པ་བརྗོད་དུ་མེད་ཅིང་ཚད་མེད་པ་ནི། བདེ་བ་ཆེན་པོའི་སྐུའི་ས་དེ་བཅོ་ལྔ་པ་ཡིན་པར་གསུངས་པས་གཞན་རྣམས་གོ་སླ་ལ། ཀུན་ཏུ་འོད་རྒྱུན་མཐའི་ཡེ་ཤེས་དང༌། ལྷག་མ་གསུམ་པོ་སངས་རྒྱས་ཀྱི་སའི་སྐུ་གསུམ་ལ་འཇོག་པར་མངོན་ནོ། །གཞན་ཡང་ཚོགས་ལམ་ཆེན་པོའི་སྐབས་དང༌། སྦྱོར་ལམ་དྲོད་ཀྱི་སྐབས་སུ་སྤྱོད་པ་སྤྱད་པས་རྩ་རླུང་ཐིག་ལེའི་ནུས་པ་རགས་པ་རྣམས་དབུ་མར་ཐིམ་པ་ལ་ལྟོས་ནས་ཀྱང༌། ས་བཅུ་དང་བཅུ་གཉིས་སོགས་སུ་བཞག་པ་ཅི་རིགས་པ་ཡོད་པས། ས་བཅུའི་མིང་ཙམ་གྱིས་གཅིག་ཏུ་འཁྲུལ་པར་མི་བྱའོ། །རྩ་རླུང་ཐིག་ལེའི་
ནུས་པ་ཕྲ་མོ་འགགས་ཞེས་བྱ་བའི་དོན་ནི། རྩ་རླུང་དེ་དག་གི་འཁོར་བའི་རྣམ་རྟོག་བསྐྱེད་པའི་ནུས་པ་དེ་འགགས་པས་རྟོག་པ་མངོན་གྱུར་སྤངས་ཤིང༌། ཕྱིན་ཆད་སྐྱེ་བར་ཡང་མི་འགྱུར་རོ། །རགས་པ་ཐིམ་པ་ནི། རེས་འགའ་བ་སྟེ། དུས་གཞན་དུ་ན་མངོན་གྱུར་དུ་ཡང་སྐྱེ་བའོ། །ཡང་རྡོ་རྗེ་སྙིང་པོ་རྒྱན་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟག །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །
རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་ས་བཅུ་གཉིས་གསུངས་པ་ནི། བོད་ཀྱི་མཁས་པ་ཁ་ཅིག་སངས་རྒྱས་ཀྱི་ས་འབའ་ཞིག་ལ་སྦྱོར། ཁ་ཅིག་འཕགས་ལམ་ས་བཅུ་གཉིས་ལ་སྦྱོར། འགའ་ཞིག་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ལ་སྦྱོར་མོད། དེ་ཐམས་ཅད་ལ་གནོད་བྱེད་རེ་འཇུག་པར་སྣང་ཞིང༌། རང་ལུགས་ནི་འཕགས་ལམ་གྱི་ཡེ་ཤེས་ཟུང་འཇུག་ལ་ལྡོག་ཆས་ཕྱེ་བས་བཅུ་གཉིས་བྱུང་བ། གོང་མའི་ཡོན་ཏན་སྐྱེ་བའི་གཞི་ཡིན་པས་ས་ཞེས་བཏགས་ཏེ། རིམ་པ་བཞིན་དུ་མ་རིག་པ་ཤེས་སྒྲིབ་ཀྱི་མུན་པ་སེལ་བ་དང༌། འཛག་མེད་ཀྱི་བདེ་བའི་འོད་དང་བཅས་པ་དང༌། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐོང་བ་དང༌། ལྷག་བསམ་བརྟན་པོ་རང་དོན་གྱི་རྣམ་པར་རྟོག་པས་མི་ཕྱེད་པས། གཞན་དོན་ལ་དགའ་བ་དང་ལྡན་པ་དང༌། འདོད་པའི་ལྷས་དབང་བསྐུར་བའི་ཡེ་ཤེས་དང༌། སེམས་རང་བཞིན་གྱིས་དག་པར་མཐོང་བ་དང༌། སྨོན་ལམ་གྱི་དབང་གིས་སངས་རྒྱས་ལ་སོགས་པར་སྤྲུལ་ནས་འཕྲིན་ལས་བྱེད་པ་དང༌། དཔེ་ལས་འདས་པའི་ཡེ་ཤེས་ཏེ་བརྗོད་བྲལ་དུ་མཐོང་བ་དང༌། ཆོས་ཐམས་ཅད་ཀྱི་དཔེ་དང་རྒྱུ་མཚན་རྟོགས་པ་དང༌། ཤེས་བྱ་ལ་བློ་གྲོས་བླ་ན་མེད་པ་རྒྱས་པ་དང༌། ཤེས་སྒྲིབ་ཀྱི་མུན་པའི་བག་ཆགས་སེལ་བ་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །ལྔ་པ་མི་སློབ་ལམ་ལ་སྦྱོར་ཚུལ་ནི།
སྤྱིར་སོ་སོ་སྐྱེ་བོའི་དུས་སུ་དཔེའི་འོད་གསལ་མཐར་ཐུག་མངོན་དུ་བྱེད་པ་ཡང་དབང་བསྐུར་བའི་རྐྱེན་གྱིས་ཐོབ་པ་མང་ཞིང༌། ཁྱད་པར་མཐོང་ལམ་མངོན་པར་བྱང་ཆུབ་པ་དང༌། འཚང་རྒྱ་བའི་ཚེ་ངེས་པར་དབང་བསྐུར་བ་ལ་ལྟོས་པ་ཡིན་ནོ། །དེ་ལ་སྔ་མ་ནི་སྤྲུལ་པའི་སྐུས་དབང་བསྐུར་ལ། ཕྱི་མ་ནི་ལོངས་སྐུ་རྡོ་རྗེ་འཆང་ལ་སོགས་པ་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའོ། །དེ་ཡང་དེ་ལྟར་དབང་བསྐུར་བས་ཤེས་རབ་ཡེ་ཤེས་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འགྱུར་བའི་བག་ཆགས་ཕྲ་མོ་ཡང་སྤངས་ཏེ། ཀུན་གཞི་གནས་གྱུར་པས་སྐད་ཅིག་གཉིས་པར་མངོན་པར་རྫོགས་པར་སངས་རྒྱ་བའོ། །འདིར་མངོན་པར་བྱང་ཆུབ་པའི་རིམ་པ་དང༌། དེའི་མཆོད་པའི་བཀོད་པ་ཕུན་སུམ་ཚོགས་པ་ལྟས་དང་བཅས་པ་ཡང་འབྱུང་ངོ༌། །འོ་ན་རྒྱུད་ནས་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་པ་ནི་མཐོང་བའི་ལམ་གྱི་སྐབས་མ་ཡིན་ནམ་ཞེ་ན། དེ་དང་རིག་མའི་སྐྱེས་བུ་གྲུབ་པའི་ལྟས་བཤད་པ་རྣམས་དངོས་བསྟན་དེ་ལྟར་ཡིན་མོད་ཀྱི། དེ་བས་ཀྱང་ཆེས་ཆེར་རྒྱ་ཆེ་ཞིང་འབྱམས་ཀླས་པ་འདིར་འབྱུང་བ་ཡིན་ནོ། །གསུམ་པ་འབྲས་བུའི་རྒྱུད་ལ། རྟེན་གང་ལ་མངོན་དུ་བྱེད་པ། མི་སློབ་པའི་ཡེ་ཤེས་ཀྱི་ངོ་བོ། །དེའི་ཁྱད་པར་གྱི་ཆོས་སྐུ་དང་ཡེ་ཤེས་ཀྱི་རྣམ་གཞག་གོ །དང་པོ་ནི། མིའི་སྐྱེ་བ་འདི་ཉིད་
ལ་སངས་རྒྱ་བར་གསུངས་པ་ལ་བརྟེན་ནས། རྟེན་མི་ལུས་ཡིན་པར་འདོད་པ་ནི་ཕྱོགས་འདི་ན་ཤིན་ཏུ་མང་ན་ཡང་འཁོར་བ་པའི་ལུས་ལ་སངས་རྒྱས་ཀྱི་སེམས་མི་སྲིད་པས་མི་འཐད་དོ། །ས་དང་པོའི་རྗེས་ཐོབ་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ། ཐ་མལ་པའི་ལུས་རྩ་ཁམས། ངག་རླུང༌། སེམས་རྣམ་རྟོག་རྣམས་ནི་སྔ་ནས་འགགས་ཏེ། དེས་ན་ཡེ་ཤེས་ཀྱི་སྐུ་དེ་ཡང་ཇེ་བཟང་དུ་སོང་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་རྣམ་པ་ཐམས་ཅད་པ་ལོངས་སྤྱོད་རྫོགས་སྐུ་དང་ཕྱོགས་མཚུངས་པ་ཞིག་གི་རྟེན་ལ་སངས་རྒྱ་བ་ཡིན་ནོ། །འོན་ཀྱང་མ་དག་པའི་ཕུང་པོ་དེ་དབྱིངས་སུ་ཟད་པ་མ་གཏོགས་བོར་བ་མ་ཡིན་པས། ཚེ་གཅིག་དང་སྐྱེ་བ་གཅིག་ལ་སངས་རྒྱས་མ་ཐོབ་པ་ནི་མ་ཡིན་ནོ། །གཉིས་པ་ལ། གསུམ་གྱི་དང་པོ་ངོ་བོ་ནི་ཁྱབ་པ་དང་རྟག་པའི་མཚན་ཉིད་ཅན་ཏེ། འདི་ན་ཁ་ཅིག་སྟོང་པ་ཉིད་ཙམ་ཁྱབ་པ་དང་རྟག་པར་འདོད་ཀྱི། སྐུ་ཁྱབ་རྟག་ཏུ་མི་འདོད། གཞན་དག་ནི་ཁྱབ་པའི་དོན་སྤྲུལ་པ་གང་དགོས་སུ་འབྱུང་བ་ལ་འཆད་དེ། གཉིས་ཀས་ཀྱང་ལོངས་སྤྱོད་རྫོགས་སྐུ་འབྱུང་འགྱུར་གྱི་ལུས་ཕྲ་བ་ཞིག་ཏུ་འདོད་པར་སྣང་ངོ༌། །འབྱུང་བ་དང་འབྱུང་འགྱུར་ལ་རྒྱུན་གྱི་རྟག་པ་གཏན་མི་སྲིད། མེད་པར་དགག་པའི་མཚན་ཉིད་ཅན་ཙམ་ཆོས་སྐུའི་ཆ་ཤས་སུ་འཇོག་པའི་སྐབས་ཀྱང་ཡོད་མོད་ཀྱི་ཡན་ལག་བདུན་ལྡན་གྱི་སྐུ་ཁྱབ་རྟག་ཏུ་བཞག་པས། དེ་ཡང་
མ་ཡིན་ཏེ། མེད་དགག་ལ་ཡན་ལག་བདུན་རྩི་རྒྱུ་མེད་པའི་ཕྱིར། །དེས་ན་ལུགས་དེ་གཉིས་ནི། ཁྱབ་རྟག་གི་མིང་ཙམ་ཐོས་ཀྱང་དོན་མ་ཤེས་པའོ། །དེས་ན་རང་ལུགས་ནི་སྐུ་དང་ཡེ་ཤེས་གཉིས་པོ་ངོ་བོ་གཅིག་ཡིན་པས་ཡན་ལག་བདུན་ལྡན་གྱི་ཡེ་ཤེས་ཀྱི་སྐུ་ཡང་ཤེས་པ་ཁོ་ན་ཡིན་ནོ། ཁ་ཅིག་ཆོས་སྐུ་དང་ལོངས་སྐུ་ངོ་བོ་གཅིག་པར་བཤད་པ་དང༌། ལོངས་སྐུ་དེ་ལ་གཉིས་མེད་ཀྱི་སྐུར་གསུངས་པས་གཟུགས་སྐུ་སངས་རྒྱས་ཀྱིས་མ་བསྡུས་པར་འདོད་པ་དང༌། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམ་པོར་འདོད་པ་དང༌། ཡེ་ཤེས་མེད་པར་འདོད་པ་སོགས་ཀླུ་སྒྲུབ་ཀྱི་དགོངས་པར་འཆད་པ་ནོར་ཞེས་གསུང་པ་ནི་གཟུགས་སྐུ་གདུལ་བྱའི་རྒྱུད་ཀྱི་བསྡུས་པར་བཞེད་པའི་སྐྱེས་ཆེན་ཀུན་ལོངས་སྐུ་མཚན་ཉིད་པ་གཟུགས་སྐུར་མི་བཞེད་པས་ཕྱོགས་སྔ་མ་ལོངས་ཤིང༌། ལྷག་མ་རྣམས་རང་གི་གྲུབ་མཐའ་ལ་ཅོ་འདྲི་བར་སོང་བ་ཡིན་ཏེ། དེ་ཡང་ཁྱེད་ཉིད་ཀྱིས་ལོངས་སྐུ་རླུང་སེམས་ལས་གྲུབ་པར་འབད་དེས་བསྒྲུབས་པས་བེམ་པོ་དང་ངོ་བོ་གཅིག་པའི་ཤེས་པ་གཅིག་འཇོག་པ་ལས་ཐ་ཆད་པའི་ཁས་ལེན་ཅི་ཡོད། གཟུང་འཛིན་གཉིས་ཡོད་བཞིན་དུ་མི་སྣང་བའི་ཡེ་ཤེས་འཁྲུལ་པ་དེ་འདྲ་འདོད་པ་བས་ཡེ་ཤེས་མེད་ཅེས་སྨྲ་བའང་བཟང་ངོ༌། །དེས་ན་གང་དགོས་སུ་སྤྲུལ་པ་འབྱུར་བར་མ་ཟད། སྐུ་དེ་ཉིད་ཀྱང་ཆོས་ཐམས་ཅད་ལ་
ཉེ་རིང་མེད་ཅིང་གནས་འདི་ན་ཡོད་ཀྱི་གཞན་ན་མེད་དོ་ཞེས་སོགས་དབྱེ་བ་མེད་པས་དངོས་པོ་ཐམས་ཅད་ཁྱབ་པ་དང༌། ངོ་བོ་རིགས་མི་འདྲར་འགྱུར་བ་དང་རྒྱུན་ཆད་པ་གཏན་མི་སྲིད་པས་རྟག་པའོ། །དེས་ན་སྐུ་དང་ཡེ་ཤེས་གཉིས་ཀ་ཁྱབ་རྟག་གོ །གཉིས་པ་མཚན་ཉིད་ནི་ཟུང་འཇུག་ཆེན་པོ་སྟེ། སྤངས་རྟོགས་ཆེན་པོ་དང་ལྡན་པའོ། །འདི་ལ་ཁ་ཅིག་རྒྱུན་མཐའི་རྗེས་ཐོགས་སུ་ཆོས་སྐུ་འོད་གསལ་བདེ་ཆེན་ཐོབ་ནས། དེའི་སྐད་ཅིག་གཉིས་པར་ལོངས་སྐུར་ལྡང༌། ཁ་ཅིག་སྐུ་གཉིས་དུས་མཉམ་དུ་འགྲུབ་ཟེར་གཉིས་ཀ་ཡང་མི་སློབ་པའི་ཟུང་འཇུག་གི་ངོས་འཛིན། སེམས་ཆོས་སྐུ་དང་ལུས་ལོངས་སྐུ་མཉམ་དུ་བྱུང་བ་ལ་ཟུང་འཇུག་ཟེར་ཏེ། སྐུ་དང་ཐུགས་ཐ་དད་དུ་འདོད། འོན་ཀྱང་བདེ་ཆེན་དང་སྐུ་ལ་གཉིས་སྣང་མེད། སློབ་པའི་ཟུང་འཇུག་གི་སྐུ། ངེས་ངོར་གཉིས་སྣང་མེད། སྣང་ངོར་ཡོད་ཅེས་ཟེར་ཏེ། འོ་ན་སངས་རྒྱས་ལ་གཟིགས་པ་འཁྲུལ་པ་ཡོད་པར་འགྱུར་ཏེ། ལུས་སེམས་ཀྱི་ཆོས་སྐུ་གཉིས་ཐ་དད་དངོས་གནས་ཡོད་པ་དེ་གཉིས་སུ་མི་སྣང་བར་གཟིགས་པའི་ཕྱིར། སློབ་པའི་ཟུང་འཇུག་གི་གཉིས་སྣང་ཤེས་ངོར་འགགས་པ་དེ་ཡང་ངེས་ངོ་མ་ཡིན་པར་ལོག་རྟོག་གི་ངོ་བོ་འགྱུར་ཏེ། གཉིས་སུ་ཡོད་པ་དངོས་གནས་ཡིན་པ་ལ་གཉིས་སུ་མེད་པར་འཛིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཟློག་ཏུ་མེད་པ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་མི་རྟོག་པ་རང་
གིས་རིག་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མེད་པར་ཡང་གཟིགས་ལ། མེད་བཞིན་དུ་སྣང་བ་དང་སྣང་བཞིན་པ་དང་སྣང་བར་འགྱུར་བ་ཐ་ན་རྡུལ་ཕྲན་གཅིག་གཡོ་བ་ཚུན་རྒྱུ་འབྲས་དང་བཅས་པ་གཅིག་ཀྱང་མ་ལུས་པར་ཡེ་ཤེས་གཅིག་གིས་ཅིག་ཅར་མཁྱེན་པ་ནི་ཆོས་སྐུ་དང༌། དེའི་སྣང་བ་འགགས་པ་མེད་པ་སྐུ་དང་ཞིང་ལ་སོགས་པ་སྣ་ཚོགས་པར་འཆར་བ་ལོངས་སྐུ་དང༌། མེད་པ་ལ་འཁྲུལ་པའི་སེམས་ཅན་སྒྲོལ་བའི་ཐབས་ཀྱང་སྟོན་པའི་ཡེ་ཤེས་ནི་སྤྲུལ་སྐུ་སྟེ། དེ་གསུམ་ཀར་ཡེ་ཤེས་གཅིག་ཉིད་ཀྱི་ལྡོག་ཆ་ཡིན་པ་ནི་སྐུ་གསུམ་ཟུང་འཇུག་གི་དོན་ནོ། །དེ་ཡང་སེམས་ཅན་མཐའ་དག་གི་དོན་མངོན་པར་འདོད་པ་མ་ཚང་བ་མེད་པ། དུས་ཡོལ་བ་མེད་པ། ཡོངས་སུ་རྫོགས་པ་བཏང་སྙོམས་སུ་ལུས་པ་དང་དོན་མེད་པར་འབྱུང་བ་གཏན་མི་སྲིད་ལ་རྣམ་པར་རྟོག་པ་ཅུང་ཟད་མི་མངའ་ཞིང་ཤེས་བྱ་ཐམས་ཅད་མཁྱེན་པ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་འདི་ལ་ནི་ཕྱག་འཚལ་ལོ་ཞེས་རིགས་ཀྱི་རང་བློས་ཕར་རྒྱས་མ་འགེབས་ཤིག །སྤང་པ་ཆེན་པོ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་གདོད་ནས་འགགས་པར་གཟིགས་པའོ། །གཟུངས་ཀྱི་དབང་ཕྱུག་གིས་ཞུས་པའི་མདོར། བྲལ་བ་བློ་ཡིས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པས་དེ་ཕྱིར་ཟད་ཅེས་བྱ། །ཞེས་སོ། །རྟོགས་པ་ཆེན་པོ་ནི་པྲ་ཕབ་སོགས་ལྟར་འཁོར་འདས་གཞི་
ལམ་སོགས་ཆོས་ཐམས་ཅད་མ་བརྟགས་པར་མཁྱེན་པའོ། །གསུམ་པ་ནི། ཡན་ལག་སྟེ། སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་གསུངས་པ་ལྟར། བདུན་གྱི་དང་པོ་ནི། ལོངས་སྤྱོད་རྫོགས་པ་སྟེ་མཚན་དཔེ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། ཁ་སྦྱོར་ཏེ་རང་སྣང་གི་རིག་མ་དང་མཉམ་པར་སྦྱོར་བའོ། །འདི་ལ་འགའ་ཞིག་སངས་རྒྱས་ཀྱི་སས་བསྡུས་པ་ན་ལྷ་ཕོ་མོའི་དབྱེ་བ་མེད་དེ་སྤྲུལ་པ་ཁོ་ན་ཡིན་པས་ཡབ་ཡུམ་ཞལ་སྦྱོར་དྲང་དོན་ཏེ། སྟོང་ཉིད་སྙིང་རྗེས་དབྱེར་མེད་པ་ཙམ་ལ་འཇོག་པ་ཡིན་ཟེར། ཞལ་ཕྱག་གི སྣང་བ་ཡོད་ཕྱིན་ཡབ་ཡུམ་གྱི་རྣམ་པ་འགོག་མི་ཐུབ་ཅིང༌། ཡན་ལག་བདུན་གྱི་སྐབས་སུ་སྟོང་ཉིད་སྙིང་རྗེ་གཉིས་ཡན་ལག་ཟུར་དུ་བགྲངས་པས་དེ་མི་འཐད་ལ། དེས་ན་རང་ལུགས་ནི། གསང་འདུས་ནས་དེ་བཞིན་གཤེགས་པ་རྣམས་འདོད་ཡོན་གྱི་དགའ་བས་རོལ་བ་ལ། ཐུགས་རྒྱུད་བསྐུལ་བ་བཤད་པས་དག་སྣང་རབ་འབྱམས་ཀྱི་སྣང་བ་ལ་རིག་མ་སོགས་འདོད་ཡོན་ཏུ་སྣང་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དགྱེས་པས་རོལ་པ་ཡང་རྡོ་རྗེ་ཐེག་པའི་ལུགས་ལ་ཡོད་དོ། །གསུམ་པ་ནི་བདེ་ཆེན་ཏེ་རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གནས་པའོ། །བཞི་པ་ནི་རང་བཞིན་མེད་པ་སྟེ། སྤྲོས་པ་དང་ཐམས་ཅད་བྲལ་བའི་སྟོང་
པའོ། །ལྔ་པ་ནི་སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ་དང་རྟག་ཏུ་བཅས་པའོ། །དྲུག་པ་ནི་རྒྱུན་མི་འཆད་པ་སྟེ་སྐུ་དང་ཡེ་ཤེས་གཉིས་ཆར་རྒྱུན་གྱི་རྟག་པའོ། །བདུན་པ་ནི་འགོག་པ་མེད་པ་སྟེ་ཐུགས་སྣང་མེད་ཀྱི་འགོག་པ་ལ་འཇུག་པ་དང༌། གཟུགས་སྐུ་རེ་ཞིག་རྒྱུན་ཆད་པའི་འགོག་པ་མེད་པའོ། ཁ་ཅིག་ཡེ་ཤེས་ཀྱི་རྒྱུན་མི་འཆད་པ་དང་སྐུ་འགོག་པ་མེད་པ་ཞེས་སྦྱོར་བའང་ཡོད་དེ་མི་འགལ་བར་མངོན། དབང་དུས་སུ་དབང་གི་ཡེ་ཤེས་ཀྱང་ཡན་ལག་བདུན་ལྡན་དང༌། བསྐྱེད་རྫོགས་གཉིས་སུ་ཡང་དེ་ལྟར་བསྒོམས་པས་སངས་རྒྱས་ཀྱི་སྐུ་ཡང་ཡན་ལག་བདུན་ལྡན་དུ་ཐོབ་ཅེས་པ་ནི། སྤྱིར་རྒྱུད་གཞུང་ཐམས་ཅད་ཀྱི་དགོངས་པ་དང༌། ཁྱད་པར་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པས་རྩལ་དུ་བཏོན་པའོ། །གསུམ་པ་ལ། སྐུ་དང་ཡེ་ཤེས་གཉིས་ལས་དང་པོ་ལ་སྤྱིར་ཐེག་པ་འདིར་སྐུ་བཅུ་དྲུག་དང༌། སྐུ་བཅུ་གཉིས་དང༌། དམ་པ་རིགས་བརྒྱའི་དབྱེ་བས་སྐུ་བརྒྱ་ལ་སོགས་པ་ཟད་པ་མེད་པ་ཞིག་བཀའ་སྩལ་མོད་ཀྱི། སྙིང་པོར་མདོར་བསྡུས་སུ་བརྗོད་ན། སྐུའི་ཞིང༌། ངོ་བོ། དབྱེ་བ། འཕྲིན་ལས་འཇུག་ཚུལ་ལོ། །དང་པོ་ལ། སྤྱིར་གང་དུ་འཚང་རྒྱ་བའི་གནས་ལམ་ཐུན་མོང་གི་སྐབས་སུ་བཤད་པ་ལྟར་སྣ་ཚོགས་པར་འབྱུང་མོད་ཀྱི། དོན་དམ་པར་ནི་བཙུན་མོའི་བྷ་ག་དང་གསང་བ་ཞེས་བྱ་བའི་མིང་ཅན་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་རྣམ་པ་ཐམས་ཅད་པ་སངས་རྒྱས་ཀྱི་ས་
ཞེས་གྲགས་པ་དེ་ཁོ་ན་ཡིན་ཏེ། དཔལ་སཾ་པུ་ཊི་ལས་ཀྱང༌། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་གནས། གང་དུ་ཡང་མི་འགྲོ། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ་གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ་ཞེས་གསུངས་པས། དེས་ན་དེའི་ཞིང་ལ་ཕྱོགས་ཆ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་ཉེ་རིང་གི་དབྱེ་བ་ནི་མེད་དེ། གོང་དུ་བཤད་པ་ལྟར་ཀུན་ཏུ་ཁྱབ་པ། སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ཉིད་ཞིང་གི་སྣང་བར་ཤར་བའི་དག་སྣང་འབའ་ཞིག་ཡིན་པས་སོ། །ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་འགྲོ་བའི་དོན་སྤྱོད་པའི་ཞིང་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིན་ནོ། །དེ་ཡང་མ་དག་པའི་ཞིང་དུ་སངས་རྒྱས་ཀྱི་སྣང་བ་འབྱུང་བ་ན། དེ་ཡང་ཞིང་དངོས་སུ་འཇོག་མོད། གཙོ་བོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཏེ། རྡུལ་གཅིག་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པར་གསུངས་པའང་འདིའི་སྣང་བ་ཡིན་ལ། མདོ་དགོངས་འགྲེལ་ལས། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། ཅེས་གཞལ་ཡས་ཁང་ལ་བཤད་པའང་འདིའོ། །དེས་ན་སངས་རྒྱས་རྣམས་ཞིང་ཁམས་ཐ་དད་པར་བལྟ་བར་མི་བྱའོ། །ཐུན་མོང་མ་ཡིན་པ་འཁོར་ལོ་བདེ་མཆོག་གི་ལམ་འདིའི་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་སྩོལ་བའི་སྤྲུལ་པའི་སྐུ་དཔའ་བོ་དང་རྣལ་འབྱོར་མ་
རྣམས་ཉེ་བར་སྤྱོད་པའི་ཞིང་གི་གཙོ་བོ་ནི། ཡུལ་ཉེར་བཞི། དུར་ཁྱོད་བརྒྱད་རྣམས་ཡིན་ནོ། །གཉིས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ཏེ། གང་ཟག་གཅིག་ཉིད་མངོན་པར་བྱང་ཆུབ་པ་ན། ཕུང་ཁམས་སྐྱེ་མཆེད་གནས་གྱུར་པའི་ལྷ་སུམ་ཅུ་རྩ་བདུན་ནམ། རྩ་ཁམས་ཀྱི་རང་བཞིན་གནས་གྱུར་པའི་ལྷ་དྲུག་ཅུ་རྩ་གཉིས་ལྟ་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུས་པ་ཅིག་ཅར་དུ་འགྲུབ་པ་ཡིན་ནོ། །གསུམ་པ་ལ། རེ་ཞིག་སྐུ་གཅིག་ནས་དྲུག་གི་བར་དུ་བཞག་པ་ལ། དང་པོ་ནི། ཟུང་འཇུག་གི་སྐུ་གཅིག་པུའོ། །གཉིས་པ་ནི་སངས་རྒྱས་རང་སྣང་གི་བསྡུས་པ་ཆོས་སྐུ་དང༌། གདུལ་བྱ་གཞན་སྣང་གིས་བསྡུས་པ་གཟུགས་སྐུ་གཉིས་སོ། །གསུམ་པ་ལ། མདོ་ལུགས་སུ་བཤད་པའི་སྐུ་གསུམ་མམ། འདི་ཉིད་ཀྱི་ལུགས་ནི། རང་སྣང་ངམ་གཞན་སྣང་གི་མཚན་དཔེ་ཅན་གྱི་སྐུ་ནས། རྩི་ཤིང་ནགས་ཚལ་ལ་སོགས་པར་སྣང་བའི་བར་གྱི་གཟུགས་བརྙན་ནི་སྐུ་རྡོ་རྗེ་དང༌། གསུང་དབྱངས་ཡན་ལག་རྒྱ་མཚོའི་སྒྲ་སྙན་ནི་གསུང་དང༌། ཟུང་འཇུག་གི་ཡེ་ཤེས་ནི་ཐུགས་ཏེ་རྡོ་རྗེ་གསུམ་མམ། སྟོང་པ་ཆོས་སྐུ་དང༌། བདེ་བ་ལོངས་སྐུ་དང༌། གསལ་སྣང་སྤྲུལ་པའི་སྐུར་བཤད་པའང་ཡོད་ལ། གཞན་མདོ་དང་འདྲ་བ་ལས་ཟུང་འཇུག་གི་ཡེ་ཤེས་ཆོས་སྐུར་བཤད་པ་དང༌། ཐུགས་གསུང་སྐུ་གསུམ་ཡང་རིམ་པས་ཆོས་ལོངས་སྤྲུལ་སྐུ་གསུམ་དུ་བཤད་པ་ཡིན་ནོ། །བཞི་པ་ནི། སྟོང་པ་ངོ་བོ་ཉིད་སྐུ།
བདེ་བ་ཆོས་སྐུའམ་བདེ་ཆེན་གྱི་སྐུ། སངས་རྒྱས་རང་སྣང་གི་གསུང་ལོངས་སྐུ་དང་སྤྲུལ་པའི་སྐུར་འཇོག་པ་རྡོ་རྗེ་བཞིའི་སྐུའམ། རང་སྣང་གི་སྐུ་ལོངས་སྐུ་དང༌། ཐུགས་རྗེ་ཆེན་པོ་སྤྲུལ་སྐུར་འཇོག་པ་ཡང་ཡོད་དོ། །ལྔ་པ་ནི། རིགས་ལྔ་དང་ཡེ་ཤེས་ལྔའི་དབྱེ་བས་སྐུ་ལྔ་དང༌། དྲུག་པ་ནི། ཁྱབ་བྱེད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་བསྣན་པས་དྲུག་གོ །མཚན་དཔེའི་སྐུ་རླུང་སྟེ་འོད་ཀྱི་ལུས་ལས་གྲུབ་པར་འདོད་པ་ནི། རྡོ་རྗེ་གུར་ལས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་འདི་ནི་ང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་རྣམས་ཀྱི་རྒྱུས་ང་བསྒྲུབ་པར་བྱ་བ་ཡིན་པས་ནའོ། །ཕྱག་ན་རྡོ་རྗེས་ཡང་གསོལ་བ། ཅི་བཅོམ་ལྡན་འདས་བེམ་པོའམ། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་གསུངས་པས་ངེས་པར་བཀག་པ་ཡིན་ནོ། །སྐུ་མཚན་དཔེས་བརྒྱན་པ་ཞིག་བྱུང་ན་བེམ་པོར་འགྱུར་རམ་སྙམ་པ་ལ་ཡེ་ཤེས་ཡིན་ཞེས་གསུངས་པས། རླུང་ལས་གྲུབ་པ་ཡིན་པ་བཀག་ཅིང༌། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལོངས་སྐུའི་ངོ་བོར་བཤད་པས། བྱམས་པའི་གཞུང་དང་ཤིན་ཏུ་མཐུན་པར་གསུངས་སོ། །བཞི་པ་ནི་སྤྱིར་གོང་དུ་ཐུན་མོང་བར་བཤད་པ་ལྟར་ཏེ། སེམས་རང་བཞིན་འོད་གསལ་མངོན་དུ་མཛད་པ་ལས། སྤངས་རྟོགས་ཁྱད་པར་ཅན་གྱི་མཐུས་ཕྱོགས་བཅུ་ནམ་མཁས་གར་ཁྱབ་ཏུ་དུས་ནམ་མཁའ་ཇི་སྲིད་པར་སེམས་
ཅན་གྱི་དོན་མཛད་དགོས་པས་ཁྱབ་པ་དང་རྟག་པ་དེ་ཡང་ཚང་དགོས། འཕྲིན་ལས་ཀྱི་རྒྱུའི་གཙོ་བོ་ཡང་དེ་གཉིས་སོ། །དགོས་སུ་རྣལ་འབྱོར་མའི་རྒྱུད་ཀྱི་ལམ་ལ་ཞུགས་པ་རྣམས་དང༌། ཡང་སྒོས་སུ་འཁོར་ལོ་སྡོམ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་ཅན་རྣམས་ལ་འཕྲིན་ལས་འཇུག་པའི་ཚུལ་ཐུན་མོང་མ་ཡིན་པ་ནི། རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ལ་བརྟེན་ནས་དཔལ་ཧེ་རུ་ཀ་ཉིད་ཀྱི་གོ་འཕང་ལ་སྦྱོར་བ་སྟེ་འོག་ཏུ་ཕོ་ཉ་གསུམ་འཆད་པའི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ཡེ་ཤེས་ཀྱི་རྣམ་པར་གཞག་པ་ནི་ཐུན་མོང་པ་མདོའི་ལམ་རིམ་དང༌། ཐུན་མོང་མ་ཡིན་པ་ལམ་བསྟེན་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱོང་བ། ཐུན་མོང་མ་ཡིན་པའི་ལམ་རྒྱས་པར་བཤད་པ། འབྲས་བུ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་འགྱུར་བའི་ཚུལ། སྨོན་ལམ་གྱི་མཐའ་དགེ་ཞིང་ཤིས་པར་བྱེད་པའི་ཚིགས་བཅད་དོ། །དང་པོ་ལ་མདོར་བསྟན་པ་ནི། ཐུན་མོང་ལམ་གྱིས་ཞེས་སོགས་སོ། །རྒྱས་པར་བཤད་པ་ལ། ཐེག་དམན་དང་ཐུན་མོང་གི་ལམ། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ལམ། གཉིས་ཀར་ལ་ཉེ་བར་མཁོ་བའི་ལམ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་བཞི་ལས། དང་པོ་ལ་སྐྱེས་བུ་ཆུང་ངུའི་ལམ་ནི། ཚེ་འདིའི་སོགས་ཏེ། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་བསམ་
པས། ཚེ་འདིའི་བདེ་སྡུག་ཐམས་ཅད་གློག་ལྟར་མི་བརྟན་པར་ཤེས། དགེ་སྡིག་གི་འབྲས་བུ་མཐོང་བས་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ནས། ལས་དཀར་ནག་གི་བླང་དོར་ཚུལ་བཞིན་དུ་སྤྱོད་པའོ། །གཉིས་པ་སྐྱེས་བུ་འབྲིང་གི་ལམ་ནི། འཁོར་བ་སོགས་ཏེ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དང༌། ངེས་པར་ལེགས་པ་ནི། དེ་ལས་གཏན་དུ་ཐར་པ་དང༌། དེའི་ལམ་ཡང་བསླབ་པ་གསུམ་ཡིན་པར་ཤེས་ཏེ་དེ་ལ་འདུན་པའོ། །གཉིས་པ་ནི། སྐྱེས་བུ་ཆེན་པོའི་ལམ་སྐྱེ་བོ་སོགས་ཚིག་རྐང་གསུམ་མོ། །དེ་ཡང་བྱམས་པ་དང་སྙིང་རྗེ་མཐར་ཕྱིན་པས་འགྲོ་བ་ཀུན་གྱི་ཁུར་འཁྱེར་བའི་བློ་སྐྱེས་ཏེ། དེས་སྨོན་འཇུག་གི་སེམས་བསྐྱེད་ནས། བདག་གཞན་མཉམ་པར་དང་བརྗཻ་བ་སྒོམ་པ་ཐབས་སྙིང་རྗེ་ཆེན་པོའམ་བྱང་ཆུབ་ཀྱི་སེམས། བདག་མེད་གཉིས་སྒོམ་པ་ཤེས་རབ་མཐའ་བྲལ་གྱི་ལྟ་བ་སྟེ། ཤེས་རབ་འདི་ཐེག་པ་གསུམ་ཆར་གྱི་ལམ་དུ་དགོས་པའི་ལུགས་ཀྱང་ཡོད་མོད་ཀྱི། རེ་ཞིག་ཐེག་དམན་འཕགས་པ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཇི་ལྟ་བ་མངོན་སུམ་དུ་མ་བྱས་པའི་ལུགས་ལས་སོ། །འདིར་སྨྲས་པ། གཅིག་ནི་འཁོར་བའི་བདེ་བ་དོན་དུ་གཉེར། །གཞན་ནི་ལྷ་ཡི་དཔལ་འབྱོར་དག་ལའང་སྐྲག །བློ་ཆེན་དམྱལ་བར་འཇུག་པའང་མཆོག་ཏུ་དགྱེས། །རང་བདེ་འདོད་གཉིས་གཅིག་ནི་གཞན་དོན་གཉེར། །ཚེ་འདིའི་དོན་གཉེར་ཤེས་ཙམ་གྱིས། །སྐྱེས་བུའི་
དོན་འགའང་མི་འགྲུབ་པས། །དེ་དག་འདིར་ནི་མ་བསྡུས་ཏེ། །སྐལ་མེད་ཕྱིར་ན་དཀྲིར་མ་རུང༌། །གསུམ་པ་ནི། ཞི་གནས་སོགས་ཏེ་གོང་དུ་བཤད་ཟིན་ཏོ། །བཞི་པ་ལ། མོས་སྤྱོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་དབང་དུ་བྱས་ནས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། ཅེས་པ་ལྟར་གྱི་ཆོས་སྤྱོད་བཅུ་ལ་བསླབ་པ་འདི་དག་ཐེག་པ་ཐམས་ཅད་དུའང་སྤྱོད་པ་ཡོད་མོད་ཀྱི། ཉན་ཐོས་རྣམས་ནི་བདག་ཉིད་གྲོལ་བ་ཙམ་གཉེར་བ་ཡིན་ལ། དེ་ནི་ཚིགས་སུ་བཅད་པ་གཅིག་ཁོ་ན་ཐོས་པས་ཀྱང་འགྲུབ་པ་ཡོད་པས་མེད་མི་རུང་མ་ཡིན་ལ། ཉན་པ་དང་ལེན་པ་དང་ཁ་ཏོན་བྱེད་པ་ལ་སོགས་པ་མི་འབད་དུ་མི་རུང་བ་ནི་ཐེག་པ་ཆེན་པོ་ཁོ་ནའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་བྱའི་གཙོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་དྲུག་ནི། གོང་དུ་བཤད་ཟིན། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགེ་བ་ཅི་བསགས་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་པའི་བསྔོ་བ་དང༌། རྗེས་སུ་ཡི་རང་དང༌། མོས་པ་ཁྱད་པར་ཅན་དང༌། བདག་གཞན་བརྗེ་བའི་བསམ་སྦྱོར་ཕུན་སུམ་ཚོགས་པ་ཤེར་
ཕྱིན་གྱིས་ཟིན་པའི་ཐབས་ལ་མཁས་པ་ཁྱད་པར་ཅན་ཏེ། དགེ་བ་ཆུང་ངུ་གཅིག་གི་ཡང་འབྲས་བུ་ཟད་མི་ཤེས་པའོ། །དེ་ཡང་རྒྱས་པ་གསང་ཆེན་ཐབས་ལ་མཁས་པའི་མདོ་སྡེ་སོགས་ལས་ཤེས་པར་བྱའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི། གར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་སོགས་རང་ལ་དམིགས་པ་དང༌། ཡོངས་སུ་འབྲེལ་བའི་སེམས་ཅན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐོབ་པར་སྨོན་ལམ་འདེབས་པ་གཞན་ལ་དམིགས་པ་སྟེ། འགྲུབ་པའི་གནས་ཡོད་པའི་སྨོན་ལམ་དང༌། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པ་དང༌། འཁོར་བ་སྟོང་པར་སྨོན་ལམ་འདེབས་པ་སོགས་འགྲུབ་མི་སྲིད་པས་གནས་མ་ཡིན་པའི་སྨོན་ལམ་ཞེས་བྱ་བ། དེ་བས་ན་སྨོན་ལམ་ཆེན་པོ་གྲངས་མེད་པ་འབུམ་ཕྲག་བཅུ་ལ་སོགས་པ་སྨོན་ལམ་རྒྱ་མཚོ་ལ་སྤྱོད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་ཏེ། ཀུན་བརྟགས་དང༌། བསྒོམས་པའི་སྟོབས་སོ། །ཏིང་ངེ་འཛིན་དང་འགྲོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་མཐོང་བས་སྤང་བྱ་ཟིལ་གྱིས་གནོན་པ་ནི་ཀུན་བརྟགས་དང༌། གོམས་ཤུགས་ཆེ་བས་དགེ་བའི་ཕྱོགས་ལ་འབད་མི་དགོས་པར་སྒྲུབ་པ་ནི་བསྒོམ་པའི་སྟོབས་ཏེ། མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་སླར་ཡང་འཇོམས་པས་སྟོབས་ཞེས་བྱའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཇི་ལྟ་བ་དང་
ཇི་སྙེད་པ་ཤེས་པའི་ཡེ་ཤེས་ཏེ། མངོན་ཤེས་དང་གཟུངས་ལ་སོགས་པ་ཡང་འདིར་བསྡུའོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དཀྱུས་དང་མཐུན་པར་སྦྱོར་ཏེ། འོན་ཀྱང་བླ་ན་མེད་པའི་ཐེག་པ་འདིར་དུས་ཤིན་ཏུ་མྱུར་བས་བྱང་ཆུབ་སྒྲུབ་པར་འདོད་པའི་ཕྱིར། ཕྱིའི་སྤྲོས་པ་ཆུང་ངུས་ཀྱང་ཕར་ཕྱིན་དེ་རྣམས་རྫོགས་དགོས་པས་ཐུན་མོང་མ་ཡིན་པའི་ཁྱད་པར་འདི་ལྟར་ཕྱི་ནང་གི་དངོས་པོ་མཐའ་དག་ཡོངས་སུ་གཏོང་ཤིང༌། རྣམ་རྟོག་དང་ཡིད་ཀྱི་རྣམ་འཕྲུལ་མཐའ་དག་གཏོང་བ་ནི་སྦྱིན་པ། བུད་མེད་དང་འགྲོགས་པ་ལས་ཐིག་ལེ་འཛག་མེད་དུ་བྱེད་པ་ནི་ཚུལ་ཁྲིམས། ཡུལ་བཟང་ངན་གྱི་བདེ་སྡུག་ཐམས་ཅད་ལ་མངོན་ཞེན་མེད་པ་ནི་བཟོད་པ། རླུང་དབུ་མར་འཆིང་བ་ལ་རྩེ་གཅིག་ཏུ་རྩོལ་བ་ལ་སོགས་པ་ནི་བརྩོན་འགྲུས། ཡང་འདོད་ཡོན་གྱི་ཡུལ་སྣང་དང་ཉོན་མོངས་ཀྱང་ལམ་དུ་ལོངས་པས་ལམ་ལ་མི་རྩོལ་བའི་དུས་སྐད་ཅིག་ཀྱང་མེད་པས་བརྩོན་འགྲུས་ཞེས་ཀྱང་བྱ། ཞུ་བདེའི་བདེ་སྟོང་དང་ལྷ་སྐུ་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན། སྐད་རྣམ་པ་ཐམས་ཅད་པས་ཆོས་སྟོན་པ་དང༌། ལས་ཚོགས་དང་དངོས་གྲུབ་སྣ་ཚོགས་པའི་སེམས་ཅན་གྱི་དོན་ཤེས་པ་ནི་ཤེས་རབ་ཕྱག་རྒྱའི་བྷ་གར་བཙན་ཐབས་སུ་ཐིག་ལེ་བཀག་པའི་སྦྱོར་བས་བརྒྱ་སྟོང་འགྱུར་གྱི་ཡེ་ཤེས་འཕྲལ་དུ་རྒྱས་ཤིང༌། དེ་ཙམ་གྱི་ཚོགས་རྫོགས་ཕུལ་ཡང་ཆེ་བས་ཐབས་མཁས་ཀྱི་ཕར་ཕྱིན་དང་
བདེ་བའི་མཐུས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཆེས་མཐུ་ཆེ་བར་གྱུར་པས་ཁམས་གསུམ་དུ་གཏོགས་པའི་སྤང་བྱ་མཐར་བྱེད་པ་ལ་སྟོབས་དང་ལྡན་པ་ནི་སྟོབས་ཀྱི་ཕར་ཕྱིན་ནོ། །མྱུར་དུ་བྱང་ཆུབ་རྣམ་པ་བཞི་ཐོབ་པར་འདུན་པ་ནི། གཞན་དོན་རྫོགས་པར་བྱེད་པའི་ཕྱིར་སྨོན་ལམ་གྱི་ཕར་ཕྱིན་ནོ། །ནོར་བུ་ནས་སྤྱི་བོའི་བར་དུ་ཐིག་ལེ་ལུགས་ཟློག་ཏུ་བརྟན་པས་འགྱུར་བཅས་ཀྱི་སྒྲིབ་པ་ཐམས་ཅད་འཇོམས་པའི་ཡེ་ཤེས་ཀྱི་ཕར་ཕྱིན་ནོ། །འོ་ན་འདི་དག་ཁོ་ན་ལས་ལྷག་མ་མི་སྤྱོད་དམ་ཞེ་ན། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་མི་གནོད་ཅིང་གྲོགས་སུ་འགྱུར་བ་དེ་དག་ནི་ཐམས་ཅད་སྤྱོད་ལ། ཟུང་འཇུག་མ་ཐོབ་བར་དུ་ལུས་སྦྱིན་པར་གཏོང་བ་སོགས་ནི་མི་སྤྱོད་དེ། ཤིན་ཏུ་ལས་དང་པོ་པའི་སྐབས་ནི། སྙིང་རྗེའི་བསམ་པ་མ་དག་པར། ལུས་འདི་བཏང་བར་མི་བྱ་སྟེ། ཞེསམདོ་ལུགས་ནས་ཀྱང་སྦྱིན་པར་མ་གསུངས། རྣལ་འབྱོར་གྱི་ནུས་པ་རྙེད་ནས་ནི་སྐྱེ་བ་འདི་ཉིད་ལ་ཡེ་ཤེས་ཀྱི་སྐུ་བསྒྲུབས་ཏེ། ཕྱོགས་བཅུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་བཞིན་དུ་འགྲོ་བའི་དོན་ཚད་མེད་པ་སྤྱོད་པ་ཉིད་འཕྲལ་དུ་བྱར་ཡོད་པ་ཉིད་བོར་ནས། དངོས་གྲུབ་ཀྱི་གེགས་སུ་གྱུར་པའི་གཞན་དོན་ནི་ཚེ་དེས་ཅི་ཞིག་བྱ། ཟུང་འཇུག་ཐོབ་ནས་ནི། དེས་འདི་དག་སྤྱོད་ལ། དེས་བས་ལྷག་པ་གཞན་མི་སྤྱོད་ཅེས་ཚད་བདག་ཅག་སུས་ཀྱང་བཟུང་མི་ནུས་སོ། །སྔགས་ཀྱི་ཐེག་པ་འདིར་འཇུག་པ་ལ། ལམ་ཐུན་མོང་བ་འདི་དག་ངེས་པར་སྔོན་དུ་འགྲོ་དགོས་སམ་ཞེ་ན། དེ་དག་
གི་དམིགས་རྣམ་རིམ་པ་བཞིན་དུ་སྐྱོང་བ་ནི་གཅིག་ཏུ་དགོས་པའི་ངེས་པ་མེད། གང་ཟག་འགའ་ཞིག་བྱང་ཆུབ་ཆེན་པོ་དོན་གཉེར་ཡན་ཆད་སྐྱེས་སྟོབས་ཀྱི་སྐྱེས་པ་ཡང་ཡོད་པ་དེ་ནི་ཐོག་མ་ཉིད་ནས་སྔགས་ཀྱི་སྒོར་འཇུག་པར་བྱ་ཞིང༌། འགའ་ཞིག་ཀྱང་མི་རྟག་སྡུག་བསྔལ་ལ་སོགས་པ་ཆ་ཤས་རེ་བསམ་པས་ཀྱང་བྱང་ཆུབ་དོན་གཉེར་ཁྱད་པར་ཅན་ཡན་ཆད་ཞོར་ལ་སྐྱེ་བ་ཡང་ཡོད། དེར་མ་ཟད་སྔགས་ཀྱི་ལམ་ཉིད་ལ་ཡང་དཀྲི་ཚུལ་མི་འདྲ་བ་མཐའ་ཡས་པ་ཅིག་ཡོད་པས། སངས་རྒྱས་སྒྲུབ་པའི་ལམ། འཕྲང་དོག་པོའི་ལམ་བཞིན་དཀྲི་ཚུལ་གཅིག་ཁོ་ནར་མ་སེམས་ཤིག །གཉིས་པ་ལ་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ལམ་གཉིས་ཀྱི་དང་པོ་ལ་གང་དང་དབང་བསྐུར་བའི་དཀྱིལ་འཁོར་ནི་དཀྱིལ་འཁོར་སོགས་ཏེ། དེ་ལ་དཀྱིལ་འཁོར་གསུམ་ནི་ཕྱི་རྡུལ་ཚོན་དང་ལུས་ཀྱི་དཀྱིལ་འཁོར། བྷ་གའི་དཀྱིལ་འཁོར། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་གསུམ་མོ། །བྱང་ཆུབ་སེམས་དཀྱིལ་ལ་ཀུན་རྫོབ་ཀུནྡ་ལྟ་བུའི་བྱང་ཆུབ་སེམས་དང༌། དོན་དམ་བདེ་ཆེན་གྱི་དཀྱིལ་འཁོར་གཉིས་སུ་ཕྱེ་བས་བཞི་ནི་དབང་བཞི་ལ་རིམ་པས་སྦྱོར་ཏེ། བོད་གོང་མ་མང་པོ་ཞིག་ཀུནྡ་བྱང་སེམས་གསང་དབང་དང༌། བྷ་ག་ཤེས་རབ་ཡེ་ཤེས་ལ་སྦྱོར་ཏེ། གཉིས་ཀ་མི་འགལ་ལོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དབྱེ་ན། མངོན་བརྗོད་བླ་མ་ལས་
ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་དཀྲམ་པ་ལྔ་པ་ཡིན། །དྲུག་པ་ཚོགས་ཀྱྀ་དཀྱིལ་འཁོར་རོ། །ཞེས་པའི་དང་པོ་ལྔ་སྟེ། ཡི་གེ་ས་བོན་བཀོད་པ་དང༌། ཕྱག་མཚན་དང༌། ལྷ་སོ་སོའི་ལག་པའི་ཕྱག་རྒྱའི་གཟུགས་བརྙན་དང༌། རྡུལ་ཚོན་གྱི་ཚོམ་བུ་དང༌། བྲིས་པའམ་ལུགས་མ་ལ་སོགས་པའི་སྐུ་གཟུགས་བཀོད་པའི་དབྱེ་བས་ལྔའོ། །ཚོགས་ཀྱི་དཀྱིལ་འཁོར་ནི། གོང་དུ་ཕྱོགས་ཙམ་སྨོས་ཏེ། གཙོ་བོར་དབང་གོང་མ་བསྐུར་བ་ཡིན་ལ། བུམ་དབང་ཡང་བསྐུར་དུ་རུང་ངོ༌། །རས་བྲིས་སོགས་ནི་རྡུལ་ཚོན་གྱི་ཕྱོགས་མཐུན་ཏེ། ས་ཆོག་ནས་དཀྱིལ་འཁོར་ཉེར་བསྡུའི་བར་ཏིང་ངེ་འཛིན་འབའ་ཞིག་གིས་བྱེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ། ཚོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། དེའི་རྣལ་འབྱོར་ཕོ་མོ་ཐམས་ཅད་ཏིང་ངེ་འཛིན་ལ་གསལ་སྣང་བརྟན་པ་དགོས་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ནི་སློབ་དཔོན་དང་སློབ་མ་དེ་ཇི་ཙམ་གསལ་བཏབ་པ་ཐེབས་པའི་གསལ་སྣང་ཐོབ་པ་ཅིག་དགོས་སོ། །ལུས་ཀྱི་དཀྱིལ་འཁོར་ནི་བོད་ཀྱི་མཁས་པ་རྣམས་རྡུལ་ཚོན་སྔོན་འགྲོ་ཅན་དུ་བཞེད། རྒྱ་བོད་ཀྱི་བདེ་མཆོག་གི་རྣལ་འབྱོར་པ་མང་པོ་ཞིག གྲུབ་ཆེན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་
ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་གསུངས་པས། བཅོས་མ་རྡུལ་ཚོན་རས་བྲིས་སོགས་བློ་དམན་ལུས་དཀྱིལ་ཁོ་ནས་ཡིད་མི་ཆེས་པའི་དབང་གིས་ཡིན་གྱི། མཁས་པ་དབང་རྣོན་གྱིས་དེ་མི་སྒྲུབ་ཅེས་འབྱུང༌། སྔགས་ལ་དང་པོར་འཇུག་ཚད་དབང་བརྟུལ་ཡིན་པས་མ་ཁྱབ་པས་ཐོག་མ་ནས་རུང་བར་བཞེད་པ་ལྟར་ཁོ་བོ་ཡང་སེམས་སོ། །དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྔ། ལུས་དཀྱིལ། ཏིང་ངེ་འཛིན། ཚོགས་དཀྱིལ། རས་བྲིས། བློས་བསླང་རྣམས་རྡུལ་ཚོན་གྱི་ཡན་ལག་ཕྱོགས་མཐུན་དང་བཅས་པའོ། །དེས་ན་དེ་རྣམས་ཀྱི་གཙོ་བོ་ནི་རྡུལ་མཚོན་དང༌། དེ་བས་ཀྱང་ལྷག་པ་ནི་ལུས་དཀྱིལ་ཏེ། །དཀྱིལ་འཁོར་གསུམ་དུ་བསྡུས་པའི་ཚེ། །གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་ག་ཞེས་སུ་བརྗོད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ཞེས་ལུས་དཀྱིལ་མ་གཏོགས་རྡུལ་ཚོས་མ་སྨོས་པ་ནི། གཙོ་བོ་བརྗོད་པས་གཞན་གོ་བའི་དབང་དུ་བྱས་པའོ། །དུས་ཀྱི་འཁོར་ལོ་ལས་གསུངས་པ་ནི། རྣམ་གཞག་ཅུང་ཟད་མི་འདྲ་བར་སྣང་བས་འདིར་མ་བཀོད་དོ། །གསང་དབང་ནི་བླ་མའི་ཕྱག་རྒྱའི་བྷ་ག་ལས་གསང་རྫས་ལེན་དགོས་པས། བྷ་གའི་དཀྱིལ་
འཁོར་དུ་བཤད་པ་འདི་གཙོ་ཆེ་ཞིང༌། སློབ་དཔོན་གྱི་བྱང་ཆུབ་ཀྱི་སེམས་འཐུང་བ་ཡིན་པས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡང་བཞེད་དོ། །ཤེས་རབ་ཡེ་ཤེས་ཐིག་ལེ་ཞུ་བའི་བདེ་བ་ལ་ངོ་སྤྲོད་པས། ཀུནྡ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་གསུངས་པའི་འདི་གཙོ་ཆེ་ལ། བྷ་གར་མཉམ་པར་སྦྱར་བ་ལས་བྱུང་བས་བྷ་གའི་དཀྱིལ་འཁོར་ཞེས་ཀྱང་བཞེད་དོ། །ཞུ་བདེ་ལ་བརྟེན་ནས་དབང་བཞི་པའི་ཡེ་ཤེས་ངོ་སྤྲོད་པས་དོན་དམ་བྱང་སེམས་བདེ་ཆེན་གྱི་དཀྱིལ་འཁོར་ཞེས་ཐ་སྙད་མཛད། ཀུན་རྫོབ་བྱང་སེམས་ནི་སྨོན་འཇུག་དང༌། སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་དང༌། ཀུནྡ་བྱང་སེམས་གསུམ་དང༌། དོན་དམ་བྱང་སེམས་ནི། སྟོང་ཕྱོགས་དང༌། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དང༌། བདེ་བ་གསུམ་ལ་ཅི་རིགས་པར་འཇུག་པ་ཡོད་པས་དེ་དང་དེའི་སྐབས་ཐོབ་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་དེར་དབང་བསྐུར་བའི་ཚུལ་ནི། དབང་བཞི་སོགས་ཏེ། ཆོ་ག་རྣམས་ནི་འདིར་མི་བརྗོད་པས་སྙིང་པོ་ཙམ་ནི་སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ནི་དམ་ཚིག་བསྲུང་བའོ། །གཉིས་པ་ལ་དབང་བཞིའི་བུམ་དབང་གི་ནང་ཚན་ཆུ་དབང་ལ་མཚོན་ན། རྒྱུ་དང༌། ངོ་བོ་དང༌། འབྲས་བུ་གསུམ་གྱི་དང་པོ་ནི། སློབ་དཔོན་གྱི་རྫས་སྔགས་ཀྱི་ཏིང་ངེ་འཛིན་ཏེ། བྱིན་གྱིས་བརླབས་པའི་བུམ་ཆུ་རྫས་དང༌། སློབ་མ་མི་བསྐྱོད་པ་ཡབ་ཡུམ་དུ་
བསྐྱེད་བསྟིམས་སྐྱེ་མཆེད་བྱིན་རླབས་ལ་སོགས་པ་ཏིང་ངེ་འཛིན་དང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་པ་ནས། ཨ་བྷི་ཥིཉྩ་ཧཱུཾ་གི་བར་ལྟ་བུ་སྔགས་སོ། །གཉིས་པ་ལ་དབང་གི་ངོ་བོ་ནི། ཆོ་ག་དེས་རྣམ་ཤེས་ཀྱི་ཕུང་པོའི་རང་བཞིན་མི་བསྐྱོད་པ། ཆུ་ཁམས་ཀྱི་རང་བཞིན་མཱ་མ་ཀཱི། ཆུ་རྡུལ་དང་དེ་ལས་གྱུར་པའི་སྐྱེས་མཆེད་དྲུག་ཡུལ་དང་བཅས་པ་དཔའ་བོའམ་སེམས་དཔའ་དྲུག་ལ་སོགས་པ་དང༌། ཕུང་ཁམས་དེས་བསྡུས་པའི་ལུས་ངག་ཡིད་ཀྱི་ཆོས་ཉིད་སྐུ་གསུང་ཐུགས་རྡོ་རྗེ་དང༌། ཞེ་སྡང་གི་རང་བཞིན་མེ་ལོང་ཡེ་ཤེས་ལ་སོགས་པར་གནས་གྱུར་ཏེ། རིམ་གྱིས་འཚང་རྒྱ་བར་འགྱུར་བའི་སྐལ་བ་ཅན་དང༌། གནས་སྐབས་སུ་རྣམ་ཤེས་ཀྱི་ཕུང་པོ་ལ་སོགས་པ་མི་བསྐྱོད་པའི་རིགས་ཀྱི་ལྷ་ལ་སོགས་པར་སྒོམ་པ་ལ་དབང་བའི་སེམས་རྒྱུད་ཀྱི་ཁྱད་པར་ཡིན་ལ། དབང་བསྐུར་བའི་ངོ་བོ་ནི། བླ་མས་རྫས་ལ་སོགས་པའི་སྒོ་ནས། སློབ་མ་འཁྲུད་པར་བྱེད་པ་ལྷའི་བྱ་བས་སློབ་མའི་རྒྱུད་ལ་དབང་དེ་ཐོབ་པར་བྱེད་པའི་འདུ་བྱེད་དོ། །གསུམ་པ་ནི་དབང་དེ་ལས་བདག་ཉིད་ཀྱི་རྣམ་ཤེས་མི་བསྐྱོད་པ་ལ་སོགས་པའི་རིགས་སུ་ཤེས་པ་ནི་གནས་སྐབས་དང༌། ས་དང་པོ་ཐོབ་པ་ནི་མཐར་ཐུག་གི་འབྲས་བུ་ཐོག་མ་ཡིན་ནོ། །དེ་ཉིད་རིམ་པ་བཞིན་དུ་སྦྱར་ཏེ། སྦྱང་གཞི་སྦྱོང་བྱེད་རྒྱས་པ་རྣམས་ཀྱང་སྔ་མས་རིགས་འགྲེས་ཏེ་ཤེས་པར་བྱའོ། །ཅོད་པན་ལ། ཚོར་བ་
དང༌། རིན་འབྱུང༌། ས་གཉིས་པ། རྡོ་རྗཻ་ལ་འདུ་ཤེས་དང་འོད་དཔག་མེད། ས་གསུམ་པ། དྲིལ་བུ་ལ་འདུ་བྱེད་དང་དོན་གྲུབ། ས་བཞི་པ། མིང་ལ་གཟུངས་ཕུང་དང་རྣམ་སྣང་ས་ལྔ་པ། སྔགས་ལ་ངག་རླུང༌། གསུང་དང༌། ས་དྲུག་པ། བརྟུལ་ཞུགས་གཉིས་ལ་ཉོན་ཡིད་རྡོ་རྗེ་སེམས་དཔའ་ཞི་ཁྲོ། ས་བདུན་པ། སློབ་དཔོན་ལ་ཀུན་གཞི། རྒྱུའི་རྡོ་རྗེ་སེམས་དཔའ། ས་བརྒྱད་པ་ཞེས་སྦྱར་བར་བྱ་སྟེ། ལུགས་འདི་ལ་མཐའ་བསྟེན་རྣམས་ལ་ནི་དེ་ལྟར་སྦྱོར་བ་མི་མཛད་དོ། །གཉིས་པ་སོགས་ལ་སྔ་མ་ལྟར་སྦྱར་བ་ལས། ཁྱད་པར་གསང་དབང་དུ་སློབ་དཔོན་གྱི་དགའ་བ་བཞི་བརྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་མགྲིན་པར་མྱངས་པས་མགྲིན་པའི་རྩ་ཁམས་རྣམས་དང༌། ངག་བྱིན་གྱིས་བརླབས་པས་ངག་གསུང་རྡོ་རྗེ་དང་ས་དགུ་པ་སོགས། གསུམ་པ་ནི། ཕྱག་རྒྱ་གཏད་ཅིང་སྙཽམས་པར་ཞུགས་པས། སྙིང་ག་ནས་གསང་བའི་བར་གྱི་རྩ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་གྱིས་བརླབས་ཤིང༌། སེམས་བདེ་བས་བྱིན་གྱིས་བརླབས་པས་ཡིད་ཐུགས་རྡོ་རྗེ་དང༌། ས་བཅུ་པ་སོགས་སྦྱར། བཞི་པ་ནི། སྒོ་གསུམ་བདེ་སྟོང་ལྷ་སྐུ་དབྱེར་མེད་དུ་ངོ་སྤྲད་པས་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པ། མི་ཕྱེད་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་ཡེ་ཤེས་རྡོ་རྗེ་དང༌། ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཞེས་གོང་བཞིན་དུ་སྦྱར་རོ། །འདི་ནི་འཁོར་ལོ་བདེ་མཆོག་གི་
རྣལ་འབྱོར་པ་ཆེན་པོ་སྔ་རབས་པ་རྣམས་ཀྱི་གསུང་རྒྱུན་བཞིན་ཏེ། གཞན་ཡང་རྒྱུད་སྡེ་གཞན་ནས་ཁ་བསྐང་སྟེ་མཐའ་བསྟེན་སོགས་ལའང་སྦྱར་ཏེ་དབང་བཅུ་བཞིའམ་བཅོ་ལྔ། ས་ཡང་དེ་དང་དེ་ལ་སྦྱར་བའང་རྒྱུ་མཚན་ནམ་བདེ་མཆོག་ཕྱོགས་ལ་ཁུངས་ཞིག་ཡོད་ན་རུང་བར་མངོན་ནོ། །གསུམ་པ་དྲི་མ་ཇི་ལྟར་འཁྲུད་པ་ནི། ཐ་མལ་སོགས་ཏེ། སྤྱིར་དབང་བཞི་པོས་སྒོ་བཞིའི་དྲི་མ་ཡང་འཁྲུད་མོད་ཀྱི། གཙོ་བོར་བུམ་དབང་གི་ཕྱི་ནང་གི་དངོས་པོ་རྣམས་ལ་ཐ་མལ་གྱི་སྣང་ཞེན་དང༌། གསང་དབང་གིས་ཟིན་པ་དང་མ་ཟིན་པའི་སྒྲ་ཐམས་ཅད་དང༌། དེའི་རྒྱུ་རླུང་དང༌། རྩ་ནང་ན་ཡི་གེའི་གདངས་སུ་གནས་པ་རྣམས་སྤྲོས་པའི་རྣམ་རྟོག་བསྐྱེད་པའི་མཐུ་ཅན་དུ་ཡོད་པ་ནི་སྤྲོས་པའི་གདངས་ཏེ་དེ་དང༌། ཤེས་རབ་ཡེ་ཤེས་ཀྱིས་ནི་སྒྲ་དོན་སྣང་བའི་ཀུན་ཏུ་རྟོག་པ་དང༌། དབང་བཞི་པས་ནི་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཐམས་ཅད་འཁྲུད་པ་སྟེ། འཁྲུད་པའི་གོ་དོན་ཡང་དེ་དང་དེའི་གཉེན་པོ་བསྐྱེད་ཐུབ་པའི་མཐུ་ཅན་དུ་བྱས་པའོ། །གཉིས་པ་གྲོལ་བྱེད་ཀྱི་ལམ་ལ། ལམ་གྱི་རྩ་བ་དང༌། ལམ་གྱི་དངོས་གཞི་གཉིས་ལས། དང་པོ་ནི། དམ་ཚིག་སོགས་ཏེ། དམ་ཚིག་ནི་བསྲུང་བྱའོ། །སྡོམ་པ་ནི་བསྒྲུབ་བྱའོ། །བརྟུལ་ཞུགས་ནི་དེ་གཉིས་ཀྱི་ཡན་ལག་ཕྲ་
མོ་རྣམས་དང༌། སྒོམ་བསམ་གྱི་ཆ་ཤས་རྣམས་སོ། །གཉིས་པ་ལ་བསྐྱེད་རིམ་འཁོར་བཅས་དང༌། རྫོགས་རིམ་འཁོར་བཅས་ལས། དང་པོ་ལ། བསྐྱེད་རིམ་སྤྱི་དང༌། བྱེ་བྲག་ཏུ་ལམ་འདིའི་བསྐྱེད་རིམ་ཡན་ལག་འབྲས་བུ་དང་བཅས་པའོ། །དང་པོ་ནི། བསྙེན་པ་སོགས་ཏེ། ཡན་ལག་བཞི་ནི། བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །ཏིང་ངེ་འཛིན་གསུམ་ནི། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་གོ །རྣལ་འབྱོར་སོགས་ནི་རྣལ་འབྱོར་བཞི་སྟེ། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་རྣམས་སོ། །འདིར་བསྐྱེད་རིམ་གྱི་དོན་སྤྱིའི་ཁོག་དབུག་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། གང་དུ་སྒོམ་པའི་གནས། སྒོམ་པ་པོའི་གང་ཟག །སྒོམ་པའི་དུས། སྒོམ་པའི་མཐུན་རྐྱེན། བསྒོམ་བྱའི་རང་བཞིན་བཤད་པའོ། །དང་པོ་ནི། བསམ་གཏན་དང་མཐུན་པའི་གནས་མི་དང་མི་མ་ཡིན་གྱིས་འཚེ་བ་མེད་པ་བྱིན་གྱིས་བརླབས་པའི་གནས་རྣམས་སུའམ། རང་གི་ཁྱིམ་དུ་བསྒོམ་པར་བྱ་ཞིང༌། གལ་ཏེ་ཉེ་བར་འཚེ་བ་ཕྲ་མོ་རྣམས་ཀྱིས་མི་གནོད་པ་ཞིག་ཡིན་ན་ནི་དུར་ཁྲོད་ལ་སོགས་པའི་གནས་སུ་བསྒོམ་པར་བྱའོ། །གཉིས་པ་ནི། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའོ། །གསུམ་པ་ནི། ལས་དང་པོ་པས་མཚན་མོའི་དུས་སུ་སེམས་འཛིན་པ་གཙོ་ཆེ་ཞིང༌། སྤྱིར་སྒོམ་བཟླས་
ནི་ཐུན་གསུམ་མམ་དྲུག་གམ། གཙོ་བོར་ཐུན་བཞིའི་རྣལ་འབྱོར་དུ་བྱ་ལ། ཅུང་ཟད་བརྟན་པ་ཐོབ་ནས་ནི། །གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམ་པར་བྱ་བ་ཡིན་ནོ། །བཞི་པ་ནི། བསམ་པ་ཐེ་ཚོམ་མེད་པའི་སྙིང་སྟོབས། གྲོགས་རིག་མ་མཚན་ལྡན། ཡོ་བྱད་བཟའ་བའི་དམ་ཚིག་མཆོད་པ་དང་བཅས་པ་ཉེ་བར་ཚོགས་པར་བྱའོ། །དེ་ཡང་སློབ་དཔོན་མཚོ་སྐྱེས་རྡོ་རྗེས། ཡིད་དུ་འོང་བའི་གནས་སུ་གནས་པ་རིག་མ་དང་བཅས་པས་བདུད་རྩི་ལྔའི་དམ་ཚིག་བསྟེན་ནས་མཆོད་པ་དང་གཏོར་མ་བྱས་ནས། ཞེས་གསུངས་པ་དང༌། ཇི་སྐད་དུ། དོགས་པ་མེད་པའི་སེམས་ཀྱིས་ནི། །འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་གསུངས་སོ། །གཞན་ཡང་ཐེག་པ་ཐུན་མོང་གི་བསམ་པ་རྣམས་དང༌། ལུས་གནད་མཚན་ཉིད་ཚང་བ་སོགས་ཀྱང་ཏིང་ངེ་འཛིན་གྱི་མཐུན་རྐྱེན་ཡིན་ནོ། །ལྔ་པ་ལ། བསྐྱེད་རིམ་གྱི་ཡེ་ཤེས་ཇི་ལྟར་བསྒྲུབ་པའི་ཚུལ། ཡེ་ཤེས་དེ་གང་ཟག་བཞིར་ཇི་ལྟར་ན་འཕར་བའི་ཚུལ། ཡེ་ཤེས་དེ་ལ་འཇུག་ཚུལ་གྱི་རིམ་པ་བཤད་པའོ། །དང་པོ་ལ་སྤང་བྱ་ངོས་བཟུང་བ་ནི། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་བསྒྲགས་སོ། །ཞེས་གསུངས་པས། ཐ་མལ་དུ་སྣང་བ་དང་ཞེན་པ་གཉིས་ཡིན་ལ། དེ་ལ་ལྷ་སྐུའི་སྣང་བ་དང་ལྷར་ཞེན་པའི་རྣལ་འབྱོར་བསྒོམས་པས་སྣང་ཞེན་མངོན་
གྱུར་འཕྲལ་དུ་འགོག་པ་ཡིན་ཏེ། དེ་ཡང་རང་བཞིན་མེད་པར་ཤེས་པས། ཐ་མལ་དང་ལྷའི་སྣང་བ་གང་ལའང་བདེན་ཞེན་འགག་སྟེ། སྣང་ཞེན་བདེན་འཛིན་གསུམ་ལ། རང་རང་དང་རྣམ་པ་འགལ་བའི་གཉེན་པོ་ལ་འབད་པ་ཡིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ནི། རྒྱུ་ཉོན་མོངས་བཅོམ་པས་འབྲས་བུ་སྡུག་བསྔལ་འབྱུང་འགྱུར་འགོག་པ་ཙམ་ཡིན་པ་ལས། འདིར་ནི་ཐོག་མར་སྡུག་བསྔལ་བདེན་པ་མ་དག་པའི་སྣང་བ་འདི་ཉིད་དག་པའི་དཀྱིལ་འཁོར་དུ་བསྒྱུར་ནས་སྡུག་བསྔལ་གྱི་སྣང་བ་འཕྲལ་དུ་འགོག་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང༌། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡིས། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེས་ནི་ཀུན་རྟོག་འཆར་མི་བྱེད། །ཅེས་དང༌། གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་ཅིག་འགྱུར་བའང་དེ་བགྲོད་རྒྱས་འགྱུར་བར། །མཐོང་དང་བསླབ་པ་རྣམ་པར་འཕེལ་བ་དག །རང་གི་མི་མཐུན་ཤིན་ཏུ་འགགས་པར་བྱེད། འདི་ལ་ཐ་མལ་གྱི་རྣམ་པ་དང་འགལ་བའི་ལྷའི་རྣམ་པ་དང༌། ཐ་མལ་མིའི་ང་རྒྱལ་ལྟ་བུ་དང་འགལ་བའི་ཧེ་རུ་ཀ་ལ་སོགས་པའི་ང་རྒྱལ་བྱེད་པ་དང༌། དེ་རྣམས་བདེན་འཛིན་དང་འགལ་བའི་སྒྱུ་མ་ལྟ་བུའི་འདུན་པ་སྟེ། དེ་དག་ལ་གསལ་སྣང་སྐྱེས་ན་འཕྲལ་དུ་དེ་རྣམས་
འགག་ཅིང༌། གསལ་སྣང་ཡང་སྐྱེ་སླ་བ་ཡིན་ཏེ། ཆགས་ལྡན་གྱི་ཡིད་ཡུལ་དུ་བུད་མེད་ཀྱི་གསལ་སྣང་མཐོང་བ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང༌། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གོམས་ན་ཡང་དག་ཡིན་མིན་གཉིས་ཀའི་གསལ་སྣང་འབྱུང་བ་ཡིན་ནོ། །དེ་ལྟར་སྤང་གཉེན་གྱི་ཚུལ་བཤད་ཟིན་ནས། དེ་ལྟ་བུའི་གསལ་སྟོང་བདེ་བ་སྒོམ་ཚུལ་ནི། གསལ་སྣང་སྒྲུབ་པ་ལ་བླ་མ་གོང་མ་རྣམས་གཙུག་གི་ནོར་བུ་སོགས་སྐུའི་ཆ་ཤས་རེ་རེ་ལ་སེམས་བཟུང་ནས། དེ་དང་དེ་ལ་གསལ་སྣང་ཐོབ་པ་ན་རྒྱ་ཆེར་སྤྲོ་བར་བཞེད། འགའ་ཞིག་དེ་བཀག་སྟེ་དཀྱིལ་འཁོར་ཡོངས་རྫོགས་སམ་སྐུ་ཙམ་ལ་ཕྱོགས་གཅིག་ཏུ་གསལ་སྣང་སྒྲུབ་པར་འདོད་དེ། ལས་དང་པོ་ལ་དམིགས་པ་རྒྱ་ཆེན་པོ་སྒོམ་མི་ནུས་པ་རྣམས་ལ་ནི་སྔ་མ་དེ་ངེས་པར་གལ་ཆེ་ལ། དམིགས་པ་རྒྱ་ཆེན་པོ་གསལ་ཐེབས་པའི་གང་ཟག་ལ་ནི་ཕྱི་མ་དེས་ཀྱང་རུང་ཙམ་མོ། །གསལ་སྣང་དེ་ཐོབ་ནས་ཀྱང་སླར་འགྲིབ་མི་འགྲོ་ཞིང་བརྟན་པ་ཐོབ་པའི་དོན་དུ་ཡུན་བསྲིངས་ཏེ་སྒོམ་དགོས་སོ། །ང་རྒྱལ་སྒྲུབ་ཚུལ་ནི་ཁོ་བོ་ཅག་གི་བླ་མ་མན་ངག་མཁྱེན་པ་རྣམས་ཀྱི་ཞལ་གྱི་རིམ་པ་ནི། དེ་འདི་ཡིན་ནོ་ཞེས་སེམས་པ་དེ་གཅིག་པུ་མཐུ་ཆུང་བས། དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། མཁྱེན་
བརྩེ་ནུས་གསུམ་འཕྲིན་ལས་སྣ་ཚོགས་ཀྱི་སྤྱོད་ཚུལ་ལ་སོགས་པ་ཐམས་ཅད་རང་གི་ཡིན་པའི་འདུ་ཤེས་ལ་བརྟན་ཏེ་ལྷའི་འདུ་ཤེས་སྒོམ་པ་ཡིན་ནོ། །དེ་གཉིས་ནི་གསལ་བའི་ཏིང་ངེ་འཛིན་ནོ། །སྟོང་པ་སྒྲུབ་ཚུལ་ནི། ལྷའི་རྣམ་པར་གསལ་ཙམ་དང༌། ང་རྒྱལ་གྱི་རྣམ་པར་ལྷང་ངེ་བ། དེ་ལ་ངོ་བོ་དྲན་པས་གསལ་བར་རིག་ཙམ་མ་བཅོས་པའི་ཚུལ་གྱིས་སྐྱོང་ཐུབ་ན། རྣམ་པར་ལྷའི་སྣང་ཞེན་དུ་སྣང་བ་དེ་ངོ་བོ་སྤྲོས་པ་གང་གི་ཡང་རང་བཞིན་དུ་མ་མཐོང་བ། བསྐྱེད་རིམ་གྱི་ལྷ་སྤྲོས་བྲལ་གྱི་རང་བཞིན་དེ་ལྟར་བསྒོམ་དགོས་ལ། དེ་ལྟ་བུ་སྐྱོད་མི་ཐུབ་པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངེས་ཤེས་སམ། སྟོང་པར་མོས་པ་ཙམ་སྦྱངས་པས་ཀྱང་འགྲུབ་བོ། །བདེ་བ་ནི་ཕྲ་ཐིག་གི་རྣལ་འབྱོར་བསྒོམས་པས་སྒྲུབ་པ་ཡང་ཡོད་དེ། རྣམ་རྟོག་ཤས་ཆེ་བས་སྟེང་གི་སྣ་རྩེའམ་སྙིང་གའི་ཐིག་ལེ་ལ་སེམས་འཛིན་པ་དང༌། ཉོན་མོངས་ཤས་ཆེ་བ་འོག་གསང་བའི་སྣ་རྩེར་ཐིག་ལེ་ལ་སེམས་འཛིན་པ་དང༌། དེ་དག་ལ་བརྟེན་ནས་སྲོག་རྩོལ་ཅི་རིགས་པ་བསྒོམ་པ་དང༌། གཏུམ་མོའི་རྣལ་འབྱོར་སོགས་ཀྱིས་བདེ་བ་བསྐྱེད་པར་བྱེད་པ་ཡིན། འདི་དག་སྒོམ་པས་རླུང་སེམས་དབུ་མར་ཐིམ་སྟེ་ཞུ་བདེ་སྐྱེ་བའང་ཡོད་དེ། བདེ་བ་དེ་ནི་རྫོགས་རིམ་གྱི་རྟོགས་པ་ཡིན་ཀྱང་བསྐྱེད་རིམ་གྱི་ལྷ་ལ་རྒྱས་འདེབས་ཀྱི་སྐབས་སུ་བྱུང་བས་དེའི་ཡན་ལག་ཏུ་བྱས་སོ། །དཔེར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་ཕྱག་རྒྱའི་སྲོག་རྩོལ་ལ་བརྟེན་ནས་རླུང་དབུ་མར་ཐིམ་
པའི་བདེ་སྟོང་སྐྱེས་ན། དེ་རྫོགས་རིམ་གྱི་ཡེ་ཤེས་ཡིན་པར་ཡང་བཤད་མོད་ཀྱི། འོན་ཀྱང་སྨིན་གྲོལ་གཉིས་ལས། སྨིན་བྱེད་དུ་བསྡུས་པ་དང་འདྲའོ། །རྫོགས་རིམ་གྱྀ་སྐབས་སུ་ཡང་གཏུམ་མོའམ་ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི་བདེ་སྟོང་རླུང་དབུ་མར་ཐིམ་པ་ལས་བྱུང་བ་མ་ཡིན་པ་རྣམས་ནི་བསྐྱེད་རིམ་གྱི་བདེ་བའི་རྟོགས་རིགས་ཡིན་ཀྱང༌། དེ་དང་འབྲེལ་ཞིང་རླུང་དབུ་མར་ཐིམ་པའི་ཆེད་ཡིན་པའི་ཕྱིར་རྫོགས་རིམ་དུ་བསྡུས་སོ། །འདི་ན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐྱེད་རིམ་གྱི་བདེ་སྟོང་སྒྲུབ་པ་ནི། ཧཱུཾ་ཡིག་ལ་སོགས་པའི་དམིགས་པ་འགའ་ཞིག་གིས་ཐིག་ལེ་འགོག་ཐུབ་པ་དགོས་ཞེས་པ་ནི། རྫོགས་རིམ་གྱི་བདེ་སྟོང་སྒྲུབ་པ་ལས་ཀྱང་ཆེས་དཀའ་བ་ཞིག་བསྐྱེད་རིམ་གྱི་སྐབས་སུ་དགོས་ཟེར་བ་འདུག་པས་ནང་གི་ས་རིམ་པ་གཉིས་རིམ་ཅན་ཁོ་ནར་བསྒྲུབས་པ་དང་འགལ་བ་ལྟག་སྤྲོད་དོ། །དེ་ཐམས་ཅད་ཀྱང་བརྟན་གྱི་བར་དུ་རྩོལ་བས་དྲག་ཏུ་བསྒོམས་དགོས། བརྟན་པའི་ཚད་ནི་དུ་བ་ལ་སོགས་པའི་མཐོང་རྟག་ལྔའམ། སེམས་རྟགས་ཚད་ཀྱི་རྟགས་ཐོབ་པ་དང༌། ཤིན་ཏུ་སྦྱངས་པའི་བདེ་བའང་འབྱུང་བར་བཤད་དོ། །བསྐྱེད་རིམ་ལ་ཞི་གནས་སྒྲུབ་པ་ཕྲ་ཐིག་གི་རྣལ་འབྱོར་ཁོ་ན་ལ་བརྟེན་དགོས་ཞེས་ཟེར་བའང༌། རྒྱུད་སྡེ་གང་ན་ཕྲ་ཐིག་གི་རྣལ་འབྱོར་མ་བཤད་པ་དེ་དག་ལ་ཡང་འདི་རང་བཟོས་སྦྱོར་བར་བྱེད་དམ་ཅི། དེས་ན་ཞི་གནས་སྒྲུབ་པ་ནི་རིགས་པའི་ལྷ་སྐུ་དང་དེའི་སྐུ་ཆ་ཤས་རེ་རེ་ལ་ཡང་རུང་བ་ཡིན་ནོ། །ཕྲ་ཐིག་
གི་རྣལ་འབྱོར་ནི་རྣལ་འབྱོར་གསུམ་པར་སློབ་པའི་གང་ཟག་གིས་ནི་ཐིག་ལེའི་དབུས་སུ་དཀྱིལ་འཁོར་དང༌། དེའི་ཐུགས་ཀར་ཡང་ཐིག་ལེ་བསྒོམ་པ་སོགས་ལ་སེམས་འཇོག་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་བསྐྱེད་རིམ་བསྒོམ་པས་གང་ཟག་བཞིའི་རྟོགས་པའི་རྣལ་འབྱོར་དུ་ན་འཕོ་སྟེ། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་ཅུང་ཟད་དབང་བ་དང༌། ཆེས་དབང་བའོ། །དང་པོ་ནི། དང་པོ་སྒོམ་པ་ནས་བརྩམས་ཏེ་རགས་པའི་ལྷ་རྣམས་ཅིག་ཅར་དུ་གསལ་མི་ཐེབས་ཤིང་རིམ་ཅན་དུ་གསལ་ཐེབས་པའི་བར་དུའོ། །གཉིས་པ་ནི། རགས་པའི་དཀྱིལ་འཁོར་ཅིག་ཅར་གསལ་ཐེབས་ནས་སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་རྣམས་ཅིག་ཅར་གསལ་མི་ཐེབས་པའི་བར་དུའོ། །གསུམ་པ་ནི་ཡེ་ཤེས་ལ་དབང་བ་ཞེས་ཀྱང་བྱ་སྟེ། སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་ཅིག་ཅར་གསལ་ཐེབས་པ་ནས་ཏེ། དེ་ཙམ་ཡན་ཆད་ནི་བསྐྱེད་རིམ་རྐྱང་པས་འགྲུབ་པ་ཡང་ཡོད་ལ། འདི་ཕན་ཆད་ནི་རྫོགས་རིམ་དང་མ་འབྲེལ་བ་ལ་མི་འབྱུང་སྟེ། ད་དུང་བསྐྱེད་རྫོགས་གཉིས་སྦྲགས་ཏེ་བསྒོམ་པས་ཕྲ་ཐིག་གི་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་པ་དང༌། ཐུན་དང་ཐུན་མཚམས་དབྱེ་བ་མེད་པར་འགྱུར་ཏེ། རྩོལ་བ་དང་བཅས་ན་ཉིན་མཚན་མེད་པར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་གནས་པ། བསམ་གཏན་གྱི་ལས་ཚོགས་ཐོགས་པ་མེད་པར་མ་གྲུབ་པ་ཚུན་ཆད་དུའོ། །བཞི་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་བ་ཞེས་ཀྱང་བྱ་སྟེ། སྐད་ཅིག་གཅིག་ལ་
ཏིང་ངེ་འཛིན་གྱི་གསལ་སྣང་རབ་འབྱམས་ཟད་མི་ཤེས་པ་འབྱུང་ཞིང༌། ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པ་ཡིན་ཏེ། བསྐྱེད་རིམ་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་མཐར་ཐུག་པ་དང༌། རྫོགས་རིམ་གྱི་ཡང་དྲོད་ཕན་ཆད་ཀྱི་རྟོགས་པ་རྫོགས་པར་སྐྱེས་པ་གཉིས་ཚང་བ་ཞིག་དགོས་སོ། །གསུམ་པ་ལ་འཇུག་ཚུལ་གྱི་རིམ་པ་མཐའ་ཡས་པ་ཞིག་ཡོད་ཀྱང༌། འདིར་བསྡུ་ན་མངོན་རྟོགས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་མངོན་རྟོགས་གཉིས་ལས། དང་པོ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བཤད་པ་དང་ཏིང་ངེ་འཛིན་གསུམ་གྱི་ཆིངས་བཤད་པ་དང༌། རྣལ་འབྱོར་བཞིའི་ཆིངས་བཤད་པ་དང༌། རྣལ་འབྱོར་དྲུག་གི་ཆིངས་བཤད་པ་དང༌། བྱང་ཆུབ་བཞིའི་ཆིངས་བཤད་པ་དང༌། རིགས་དྲུག་གི་ཡན་ལག་བཤད་པ་རྣམས་ལས། དང་པོ་ནི། གསང་བ་འདུས་པ་ལས་ཤིན་ཏུ་གསལ་བ་ཡིན་ཏེ། དེ་ཡང་འཕགས་སྐོར་ལ་ཆེས་འགྲིག་པ་མ་ཡིན་ཞིང༌། ཡེ་ཤེས་ཞབས་ལུགས་ལ་ནི་ཤིན་ཏུ་འགྲིག་པ་ཡིན་ཏེ། འཕགས་སྐོར་ལ་བྱང་ཆུབ་མཆོག་གི་ང་རྒྱལ་ཡང་མེད་པ་དང༌། ལྷ་སོ་གཉིས་ལུས་ལ་བཀོད་པ་སྐྱེ་མཆེད་བཅུ་གཉིས་ཀྱི་གྲངས་ལས་ལྷག་པ་དང༌། ཡེ་ཤེས་སེམས་དཔའ་ཡང་ཞལ་ཕྱག་རང་དང་མི་འདྲ་བ་བསྒོམ་པ་དང༌། མངོན་རྟོགས་ཐམས་ཅད་ཡན་ལག་བཞིས་བསྡུས་པ་གསལ་བ་ལ། རྒྱལ་མཆོག་གཉིས་ཡན་ལག་བཞིར་མ་འདུས་པར་མཛད་པའི་ཕྱིར་རོ། །
དེས་ན་སྐབས་འདིར་འདུས་པ་ཞབས་ལུགས་དང་མཐུན་པར་བཤད་ན་བདེ་བས། དེ་ཡང་གསང་འདུས་རྩ་རྒྱུད་ལས། །བསྙེན་པའི་ཏིང་འཛིན་རབ་སྦྱོར་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་གྱི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་པས་མདོར་བསྟན་ནས། བསྙེན་བསྒྲུབ་ཡན་ལག་སྐོར་གསུམ་སྟེ་ཡན་ལག་བཅུ་གཉིས་ལས། ཆུང་ངུ་སྐོར་བཞི་ནི། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །དེ་ཡང་རྒྱུ་རྡོ་རྗེ་འཛིན་པར་བསྐྱེད། མངལ་དུ་དཀྱིལ་འཁོར་བསྐྱེད་ནས་སེམས་ཅན་ལ་སྙིང་རྗེའི་དབང་བསྐུར་བྱ་སྟེ། སྔོན་འགྲོ་དང༌། བར་སྲིད་ཞུགས་པའི་རྐྱེན་གྱིས་ཞུ་བ། ལྷ་མོ་བཞིའི་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ནས་བྱང་ཆུབ་མཆོག་གི་ང་རྒྱལ་གྱིས་སྔགས་འདོན་པ་ཡན་ཆད་དངོས་གཞི་སྟེ་བསྙེན་པའོ། །ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་སྐྱེ་མཆེད་བྱིན་རླབས་ནི་ཉེར་སྒྲུབ་དང༌། སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། སྒྲུབ་པའི་ཚེ་ན་སྐུལ་བར་གསུངས། སྔགས་ནི་ལྷ་རྣམས་ཏེ། དེ་རྣམས་ཐམས་ཅད་ཀྱི་བདག་པོ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྟེ་སྒོ་གསུམ་བྱིན་གྱིས་བརླབས་ཏེ་ཡེ་ཤེས་པ་བསྟིམས་པ་ནི་སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་
རྗེ་འགྲུབ་པར་འགྱུར། །རང་སྔགས་རྡོ་རྗེ་ཅན་ནི་རང་འདྲའི་ཡེ་ཤེས་སེམས་དཔའ་སྟེ་སེམས་དཔའ་སུམ་རྩེག་དང༌། དབང་བསྐུར་ཏེ་རིགས་བདག་གི་རྒྱས་འདེབས་པའོ། །བར་པ་སྐོར་བཞི་ནི། ཡུམ་ལ་ཡན་ལག་བཞི་བསྐྱེད་དེ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཐམས་ཅད་དུ་ནི་བརྟག་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །སྔགས་ཀྱི་དོན་ཀུན་སྒྲུབ་བྱེད་པའོ། །དགོན་པ་ཆེན་པོ་ས་ཕྱོགས་ནི། །རབ་ཏུ་རྣམ་པར་དབེན་པ་དང༌། །རི་བོ་ནགས་འདབས་ཆུ་ངོགས་སུ། །རྟག་ཏུ་བསམ་གཏན་འགྲུབ་པར་འགྱུར། །ཆེན་པོ་སྐོར་བཞི་ནི། ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྟེན་པར་བྱ། །སྐུ་གསུམ་མཉམ་པ་ཉིད་གྱུར་པ། །བསྒོམ་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དཀྱིལ་འཁོར་རྒྱལ་མཆོག་ཡུམ་གྱི་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད། ཕྱིར་སྤྲོས་པ་ལ་ཡན་ལག་བཞི་རྫོགས་བྱ་བ་སྟེ་འཁོར་ལ་ལྟོས་པའོ། །དེས་ན་དམ་ཚིག་པ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་བྱིན་རླབས་ཉེར་སྒྲུབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྒྲུབ་པ། དབང་སྐུར་རྒྱས་བཏབ་སྒྲུབ་པ་ཆེན་པོའོ། །འོག་ཏུ་རྒྱས་པར་འཆད་པར་འགྱུར་བ་ནག་པོ་སྤྱོད་པའི་ལུགས་ཀྱི་བདེ་མཆོག་སྒྲུབ་ཐབས་ཀྱང་འདི་དང་མཐུན་ཏེ། གཞན་ཡང་མཁའ་འགྲོ་རྒྱ་མཚོ་སོགས་བདེ་མཆོག་ཇི་སྙེད་ཅིག་དང༌། ཀྱཻ་རྡོར་གཤེད་སྐོར་སོགས་ཕལ་ཆེར་འདི་དང་མཐུན་པས་ལུགས་འདི་ཤིན་ཏུ་
ཁྱབ་ཆེའོ། །དུས་འཁོར་ནས་ཡན་ལག་བཞི་བཤད་པ་ནི། རྒྱུ་རྡོར་འཛིན་གྱི་མཁའ་ནང་ནས་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་བསྙེན་པ་དང་དཀྱིལ་འཁོར་རྒྱལ་མཆོག །འབྲས་བུ་རྡོར་འཛིན་གྱི་དཀྱིལ་འཁོར་མཁའ་སྤྲོ་མཛད་དེ་ཡེ་ཤེས་པ་བསྟིམས་པ་དང༌། བྱིན་རླབས་དབང་བསྐུར་གྱི་བར་ནི་ཉེར་སྒྲུབ་དང་ལས་རྒྱལ་མཆོག །ཡས་བབས་ཀྱི་བདེ་བ་སྒོམ་པ། ཐིག་ལེའི་རྣལ་འབྱོར་སྒྲུབ་པ། མས་བརྟན་གྱི་བདེ་བ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་སྒྲུབ་ཆེན་དུ་བཤད་དོ། །གཉིས་པ་ནི་གོང་དུ་བཤད་པའི་གཙོ་བོའི་བསྙེན་སྒྲུབ་ཡན་ལག་བཞི་ལྟ་བུ་གཙོ་བོའི་བསྐྱེད་ཆོག །དང་པོ་སྦྱོར་བ་འཁོར་གྱི་དཀྱིལ་འཁོར་སྤྲོ་བ་ཡན་ལག་དང་བཅས་པ་དཀྱིལ་འཁོར་རྒྱལ་མཆོགཕྲ་ཐིག་གི་རྣལ་འབྱོར་ལ་སོགས་པས་ཡེ་ཤེས་བསྐྱེད་པ་ལས་རྒྱལ་མཆོག་སྟེ། བདེ་དགྱེས་གསང་འདུས་སོགས་ཕལ་ཆེར་གྱི་ལུགས་སོ། །གདན་བཞིའི་ལུགས་ནི་ནམ་མཁར་གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བ། གཞལ་ཡས་ཁང་བསྐྱེད་པ། ལྷ་ཚོགས་ཀྱི་དཀྱིལ་འཁོར་སྤྲུལ་པ། ཡེ་ཤེས་སྤྱན་དྲངས་ནས་ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་མཆོད་བསྟོད་སོགས་ཏེ་རགས་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་ནི་དཀྱིལ་འཁོར་རྒྱལ་མཆོག བཟླས་པ་ལུས་དཀྱིལ་མཆོད་བསྟོད་སོགས་ལས་རྒྱལ་མཆོག་གོ །སངས་རྒྱས་ཐོད་པར་ནི། རྒྱུ་རྡོར་འཛིན་ཞུ་བ། དང་པོ་སྦྱོར་བ། འབྲས་བུ་རྡོར་འཛིན་ཡན་ལག་བཞི་རྫོགས་དཀྱིལ་འཁོར་རྒྱལ་མཆོག སྤྲོ་བསྡུ་ལུས་དཀྱིལ་སོགས་ལས་རྒྱལ་མཆོག་ཏུ་བཤད་དོ། །གཞན་ཡང་མཧཱ་མ་ཡ་དང་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ན་ཁྱད་པར་ཡང་ཇི་སྙེད་པ་ཞིག་ཡོད་དོ། །
གསུམ་པ་ལ། གཤིན་རྗེ་གཤེད་སྐོར་གྱི་རྒྱུད་དམར་ནག་གཉིས་ལས་ནི། དང་པོ་སྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོའོ། །ཞེས་མདོར་བསྟན། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཡིན་པར་འདི་ལྟར་འདོད། །དེ་ཡི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་པ། །ཤིན་ཏུ་རྣལ་འབྱོར་ཡིན་པར་འདོད། །སྐུ་དང་གསུང་དང་ཐུགས་རྣམས་དང༌། །ལྷ་ཡི་མིག་སོགས་བྱིན་རླབས་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །མཆོད་དང་བསྟོད་པ་ཆེན་པོ་ནི། །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །མངོན་བྱང་ལྔ་ལས་རྒྱུ་རྡོར་འཛིན་བསྐྱེད་པ་རྣལ་འབྱོར་དང༌། ཞུ་བ་གླུས་བསྐུལ་ཏེ་འབྲས་བུ་རྡོར་འཛིན་བཞེངས་པ་རྗེས་སུ་རྣལ་འབྱོར་དང༌། མཁའ་ནང་ནས་དཀྱིལ་འཁོར་ལྷ་ཚོགས་སྤྲོ་བ་ཤིན་ཏུ་རྣལ་འབྱོར་དང༌། སྐྱེ་མཆེད་དང་སྒོ་གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་མཆོད་བསྟོད་སོགས་རྣལ་འབྱོར་ཆེན་པོ་ཞེས་བཤད་ལ། བདེ་མཆོག་གི་ལུགས་འདི་ལ་ནི། སྒོང་སྐྱེས་ཀྱི་ཚུལ་གཙོ་བོར་སྦྱོར་ཏེ། མངོན་བྱང་དང་པོ་གཉིས་ཡན་ཆད་རྣལ་འབྱོར། གསུམ་པ་རྗེས་ཀྱི་རྣལ་འབྱོར། མངོན་བྱང་ཕྱི་མ་གཉིས་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐྱེད་པ་དང་ལུས་དཀྱིལ་དང་ཡན་ལག་ལྷག་མ་རྣམས་ཤིན་ཏུ་
རྣལ་འབྱོར། དཀྱིལ་འཁོར་འོད་གསལ་དུ་བསྡུ་བ་རྣལ་འབྱོར་ཆེན་པོའོ། །གདན་བཞི་དང་མཉམ་སྦྱོར་སོགས་ལས་ཀྱང་མི་འདྲ་བ་རེ་བཤད་ཅིང༌། ཏིང་ངེ་འཛིན་གསུམ་དང༌། རྣལ་འབྱོར་བཞིའི་ཆིངས་ཀྱི་ལྷའི་རྣལ་འབྱོར་ནི། རྣལ་འབྱོར་ཕྱིའི་རྒྱུད་ནས་ཀྱང་བཤད་དེ་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་དང་བདེ་སྟོང་གིས་རྒྱས་འདེབས་མེད་པས་བླ་མེད་ཀྱི་སྐྱེད་རིམ་དུ་མི་འགྲོ་མོད། མཚན་ཉིད་ཕྱོགས་མཐུན་ཙམ་ཡོད་དོ། །བཞི་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྣལ་འབྱོར་རྗེས་སུ་རྣམས་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་མདོར་བསྡུས་པ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་པའི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཀྱིས། འདུས་པའི་སྒྲུབ་ཐབས་མདོར་བྱས་མཛད་དེ། དེ་ཡང་ཚོགས་བསོག་བསྲུང་འཁོར་སྟོང་པར་སྦྱངས་པ་སྔོན་དུ་སོང་ནས། རྟེན་གྱི་དཀྱིལ་འཁོར་གྱི་དབུས་སུ་ལྷག་མོས་དཀྱིལ་འཁོར་ཏེ། ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད། དེ་རང་ལུས་ལ་བསྡུས། དེ་ཡང་འོད་གསལ་དུ་བསྡུས། དེར་སྟོང་ཉིད་སྒོམ་པ་དང༌། ཟླ་བ་དང༌། ས་བོན་དང༌། ཕྱག་མཚན་དང༌། དང་པོའི་རྡོ་རྗེའི་སྐུ་ཡོངས་རྫོགས་བསྐྱེད་པ་སྟེ་ལྔ་པོ་ལ་མངོན་བྱང་ལྔར་མཛད། དེ་ནས་སྤྲོ་བསྡུ་ལ་བརྟེན་ནས་སྤྲུལ་སྐུ་རྡོར་སེམས་ཞལ་གསུམ་པར་བསྒྱུར། ལུས་དཀྱིལ་བཀོད། སྐུ་གསུང་ཐུགས་བྱིན་གྱིས་བརླབས། སེམས་
དཔའ་སུམ་བརྩེགས་བསྒོམ། དབང་བསྐུར་མ་བྱས་པར་རིགས་བདག་ཙམ་བཀོད། རིག་མ་བསྐྱེད་ལ་ལུས་ལ་ལྷ་མོའི་ཚོགས་བཀོད། མཁའ་གསང་བྱིན་རླབས་རྗེས་ཆགས་དང་བཅས་པ་ཡན་ཆད་དང་པོ་སྦྱོར་བ། ཐིག་ལེ་ལས་མཁའ་དཀྱིལ་སྤྲུལ། ལྷ་རེ་རེ་ཞིང་སྒོ་བརྒྱད་ཀྱིས་བསྐྱེད་པས། ཡེ་ཤེས་གཞུག་པ་དང་དབང་བསྐུར་སྒོས་སུ་མི་བྱེད་དོ། །དེ་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་ཕྲ་ཐིག་གི་རྣལ་འབྱོར། བཟླས་པ། གཙོ་བོ་འོད་གསལ་དུ་ཐིམ་པ། དེ་ལས་ལྷ་མོ་བཞིས་ཞུ་བ་གླུས་བསྐུལ་བས་བཞེངས། དེ་ལ་བསྟོད་པ་མཆོད་པ་བྱ་བ་ལས་རྒྱལ་མཆོག་ཏུ་མཛད་པའི་དང་པོ་སྦྱོར་བས། མངོན་བྱང་དང་པོ་བསྙེན་པ་དང༌། དེ་ནས་གཟུང་ལུས་དཀྱིལ་ཡན་ཆད་ཉེར་སྒྲུབ་དང༌། རྡོ་རྗེ་གསུམ་སྒྲུབ་པ་དང༌། སེམས་དཔའ་སུམ་རྩེག་སྒྲུབ་ཆེན་དུ་བཤད་ཀྱང༌། དུམ་བུ་ཉི་ཚེ་ཙམ་ལ་བརྗོད་པས་མངོན་རྟོགས་ཡོངས་རྫོགས་བསྡུད་བྱེད་དུ་མི་སྣང་སྟེ། དེས་མན་འདི་ནི་གཙོ་བོར་རྣམ་འབྱོར་དྲུག་གི་ཆིངས་ཏེ། དང་པོ་སྦྱོར་བ་ལ་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་བཞི། དཀྱིལ་འཁོར་རྒྱལ་མཆོག ། ལས་རྒྱལ་མཆོག་སྟེ་དྲུག་གོ །ཟླ་བ་ལས་བྱང་ཆུབ་པ་ཡན་ཆད་རྣལ་འབྱོར། བྱང་ཆུབ་ཕྱི་མ་གསུམ་རྗེས་སུ་རྣལ་འབྱོར། དེ་ནས་ལུས་དཀྱིལ་རྫོགས་ཀྱི་བར་ཤིན་ཏུ་རྣལ་འབྱོར། རྡོ་རྗེ་
གསུམ་བྱིན་རླབས་ནས་རྗེས་ཆགས་ཀྱི་བར་རྣལ་འབྱོར་ཆེན་པོའོ། །ལྔ་པ་ནི། གསང་འདུས་རྒྱུད་ཕྱི་མ་དང་ཀྱཻ་རྡོར་དང་ཡང་དག་སྦྱོར་བའི་རྒྱུད་རྣམས་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡི་གེ་དགོད། འདི་མངལ་འབྱིན་གྱི་ལྷ་ཚོགས་དང་གོང་དུ་བཤད་པའི་ཡན་ལག་བཞི་བསྐྱེད་སོ་སོ་ལ་སྦྱོར་ལུགས་མང་མོད་ཀྱི་བྱང་ཆུབ་བཞི་བསྐྱེད་དངོས་བསྟན་ལ་ཆེས་འགྲིག་སྟེ། དང་པོར་སྟོང་ཉིད་སྒོམ་པ་སྟོང་ཉིད་བྱང་ཆུབ། གདན་ནམ་གཞལ་ཡས་ཁང་སོགས་རྟེན་གྱི་དཀྱིལ་འཁོར་དུ་ས་བོན་ཕྱག་མཚན་སོགས་སྒོམ་པ་ས་བོན་བསྡུ་བ། ལྷ་བསྐྱེད་པ་གཟུགས་བརྙན་རྫོགས་པ། སྐྱེ་མཆེད་དམ་སྒོ་གསུམ་བྱིན་རླབས་སོགས་ཡི་གེ་དགོད་པའོ། །དེ་རྣམས་ལས་ཏིང་ངེ་འཛིན་གསུམ་དང༌། བསྙེན་བསྒྲུབ་ཡན་ལག་བཞི། རྣལ་འབྱོར་བཞི་རྣམས་གཙོ་བོ་སྟེ། གོང་འོག་གི་ཡན་ལག་ཐམས་ཅད་ཀྱང་གསུམ་པོ་དེ་དག་གང་རུང་རེ་རེའི་ནང་དུ་འདུས་པ་དང༌། བླ་མེད་ཀྱི་བསྐྱེད་རིམ་མཐའ་དག་ལ་འཇུག་པས་ཡན་ལག་འདི་རྣམས་ཀྱི་རྣམ་པའི་རབ་དབྱེ་ཞིབ་ཏུ་ཤེས་དགོས་པས་འབད་པར་བྱའོ། །དྲུག་པ་ནི། རྡོ་རྗེ་གུར་གྱི་དགོངས་པ་ཡན་ལག་དྲུག་སྟེ། རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་སྒོམ་པ་འཁོར་བཅས་ཕོ་བྲང་བསྐྱེད་པ་རྣམ་སྣང་གི་ཡན་ལག་དང༌། ཀྱཻ་རྡོར་ཁོ་ནའི་དབང་དུ་བྱས་ན། མངོན་བྱང་ལྔ་ལས་རྒྱུ་རྡོར་འཛིན་ཡབ་ཡུམ་
བསྐྱེད་ལ། མཁའ་ནང་ནས་འཁོར་རྣམས་སྤྲོས། རྗེས་ཆགས་ཀྱི་ཡབ་ཡུམ་ཞུ་བ་གླུས་བསྐུལ་ཏེ་འབྲས་བུ་རྡོར་འཛིན་དུ་བཞེངས། སེམས་དཔའ་སུམ་རྩེག་དང་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་དང་ཡེ་ཤེས་པ་བསྟིམས་པ་རྣམས་དང༌། སྒྲུབ་ཐབས་སྤྱི་ཁྱབ་ཀྱི་དབང་དུ་བྱས་ན། རྗེས་ཆགས་ཀྱི་རྣམ་པ་ཅན་གྱི་ལྷ་བསྐྱེད་ཅིང་བྱིན་གྱིས་བརླབས་པ་ནི། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་དང༌། དབང་བསྐུར་རྒྱས་བཏབ། དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང༌། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་དང༌། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་དང༌། བསྟོད་པ་རིན་འབྱུང་གི་ཡན་ལག་སྟེ། དེ་ལྟར་དྲུག་གོ །དེ་ལྟར་བསྐྱེད་རིམ་གྱི་ཡན་ལག་དེ་རྣམས་ཀྱི་མཚན་ཉིད་རྒྱས་པར་བཤད་དགོས་མོད་ཀྱི། ཡི་གེ་རྒྱ་ཆེན་པོར་འགྱུར་བའི་ཕྱིར་འདིར་རྐང་གྲངས་ཙམ་ལས་མ་བཀོད་དོ། །གཉིས་པ་ཡན་ལག་ཅན་གྱི་མངོན་རྟོགས་བསྐྱེད་རིམ་རྣམ་པར་གཞག་པ་ལ་བཞི་སྟེ། སྒྲུབ་ཐབས་ཀྱི་ཆིངས་ཀྱི་གཙོ་བོ་རྣམས་ཀྱི་ཁྱད་པར་དང༌། ཁྱད་པར་དེ་དང་ལྡན་པའི་སྐྱེད་ཆོག་གི་རང་བཞིན་དང༌། མངོན་རྟོགས་སྒོམ་ཚུལ་གྱི་རིམ་པ། སྦྱང་གཞི་སྦྱོང་བྱེད་ཀྱི་རིམ་པ་བཤད་པའོ། །དང་པོ་ལ་སྒྲུབ་ཐབས་དངོས་དང༌། རྒྱས་གདབ་ཀྱི་དབྱེ་བའོ། །དང་པོ་ནི། གཙོ་བོའི་ཆིངས་མི་འདྲ་བ་རྣམ་པ་ལྔའམ་དྲུག་ཏུ་མཐོང་སྟེ།
འདུས་པ་ལུགས་གཉིས་དང༌། བདེ་མཆོག་ལཱུ་ཡི་པ་དང༌། དྲིལ་བུ་ལུས་དཀྱིལ་དང༌། དུས་འཁོར་དང༌། གདན་བཞི་རྣམས་ཏེ། དེ་ལ་དྲིལ་བུ་པ་དང་གདན་བཞི་གཉིས་བོར་བའི་ལྷག་མ་བཞི་ནི་ཤིན་ཏུ་མི་འདྲ་བ་ཆེ་བར་མཐོང་ངོ༌། །དང་པོ་འཆི་བ་ཆོས་སྐུ་ལམ་འཁྱེར་གྱི་སྐབས་མི་འདྲ་སྟེ། ཕྱིའི་སྣང་བ་མི་བསྡུད་པའི་ལུགས་ལ་ཕུང་ཁམས་རགས་པའི་བསྡུད་རིམ་ཙམ་ཡོད་པ་འཕགས་སྐོར་དང༌། ནང་གི་ཁམས་ཕྲ་བའི་བསྡུད་ལུགས་ཡོད་པ་དུས་འཁོར་ཏེ་གཉིས་དང༌། ཕྱི་སྣང་བ་ཡང་བསྡུད་པ་ལ་ཁམས་གསུམ་གྱི་སྣང་བ་ཡིག་འབྲུ་གསུམ་སྣང་བ་གསུམ་སོགས་དང་སྦྱར་བའི་བསྡུད་ཚུལ་ཁྱད་པར་ཅན་གྱི་བསྡུ་བ་ལཱུ་ཡི་པ་དང༌། སྣང་བ་ཐམས་ཅད་སྐད་ཅིག་གིས་འོད་གསལ་དུ་བསྡུ་བ་ཞབས་ལུགས་སོགས་གསུམ་མོ། །བར་དོ་ལོངས་སྐུ་ལམ་དུ་བྱེད་ལུགས་ཀྱང་མི་འདྲ་སྟེ། མངོན་བྱང་ལྔ་ཆར་བར་དོའི་སྐབས་ལ་སྦྱོར་བ་ཡེ་ཤེས་ཞབས་ལུགས། མངོན་བྱང་དང་པོ་བཞི་བར་དོའི་སེམས་དང༌། ལྔ་པ་བར་དོའི་ལུས་ལ་སྦྱོར་བ་གདན་བཞི། མངོན་བྱང་དང་པོ་མ་གཏོགས་བཞི་བར་དོ་ལ་སྦྱོར་བ་འཕགས་ལུགས། མངོན་བྱང་གསུམ་བར་དོ་དང་སྦྱར་བ་དུས་འཁོར། མངོན་བྱང་གཉིས་ཡན་ཆད་བར་དོ་དང་སྦྱར་བ་ལཱུ་ཡི་པ། མངོན་བྱང་ལས་མི་བསྐྱེད་པར་གཞི་ལུས་བར་དོ་དང་སྦྱོར་བ་དྲིལ་བུ་ལུས་དཀྱིལ་ལོ། །སྐྱེ་བ་སྤྲུལ་སྐུའི་སྐབས་ལུས་དཀྱིལ་ཡོད་མེད་གཉིས་ལས།
ཡོད་པ་ལ་ཕྱི་དཀྱིལ་དང་ཅིག་ཅར་བསྐྱེད་པ་ལཱུ་ཡི་པ་དང༌། ལུས་ལ་རིམ་གྱིས་བསྐྱེད་པ་འཕགས་ལུགས། དཀྱིལ་འཁོར་ཉེར་བསྡུའི་སྐབས་སུ་བསྐྱེད་པ་གདན་བཞི་སྟེ། གསུམ་པོ་ཡང་རིམ་པས་རྩ་ཁམས་ཕྲ་བའི་ལུས་དཀྱིལ་དང༌། ཕུང་ཁམས་རགས་པའི་ལུས་དཀྱིལ། ལུས་བྱིན་གྱིས་བརླབས་པའི་ཕྱིར་དུ་བཀོད་པའི་ལུས་དཀྱིལ་ལོ། །ལུས་དཀྱིལ་མེད་པ་ལ་བཙས་པ་ནས་སྒོ་གསུམ་ཡོངས་སུ་རྫོགས་པའི་བར་དུ་རགས་པར་སྦྱར་བ་ཞབས་ལུགས་དང༌། རྒྱས་འདེབས་བྱེད་ཀྱི་བདེ་སྟོང་ཡང་ཡན་ལག་ཟུར་དུ་བགྲངས་ཏེ། སྦྱང་གཞི་ལོ་བཅོ་ལྔ་དང་བཅུ་དྲུག་ལོན་པ་སོགས་ཀྱི་དུས་རྩིས་དང་སྦྱར་བ་དུས་འཁོར་དང༌། ཕྱི་དཀྱིལ་མེད་པར་ལུས་དཀྱིལ་སྒོམ་པ་དྲིལ་བུ་ལུས་དཀྱིལ་ལོ། །ཞུ་བ་གླུས་བསྐུལ་གྱི་སྒོ་ནས་ཀྱང་མི་འདྲ་སྟེ། དེ་མེད་པ་ལཱུ་དྲིལ་ལྟ་བུ་དང༌། ཡོད་པའང་བར་དོ་འགྲུབ་བྱེད་ཀྱི་རླུང་དང་སྦྱར་བ་གདན་བཞི་དང༌། དཀྱིལ་འཁོར་ཉེར་བསྡུ་དང་སྦྱར་བ་འཕགས་ལུགས། ཁྱེའུ་བཙས་པའི་སྐབས་མངའ་སྒོར་འཐོན་ནས་རླུང་མི་འཁྲུགས་པར་ཆ་མཉམ་པར་བྱེད་པའི་ཕྱིར་བསྐུལ་བ་དུས་འཁོར་དང༌། མངལ་ན་གནས་པའི་སྐབས་འབྱུང་བཞི་མི་འཁྲུགས་པར་བྱ་བའི་ཕྱིར་བསྐུལ་བ་ཡེ་ཤེས་ཞབས་ལུགས་སོ། །བསྐུལ་ཚུལ་ཡང་ལྷ་མོ་བཞིས་བསྐུལ་བ་དང་ཐིག་ལེ་ལས་སྤྲུལ་པའི་ལྷ་མོས་བསྐུལ་བ་སོགས་མི་འདྲ་བ་སྣ་ཚོགས་ཡོད་དོ། །གཞན་ཡང་ཀྱཻ་རྡོར་དང༌། མ་ཧཱ་མ་ཡ་
ལ་སོགས་པ་ཤིན་ཏུ་མང་པོ་ཞིག་ལ་ཅུང་ཟད་ཅུང་ཟད་མི་འདྲ་བ་མཐའ་ཡས་པ་ཡོད་ཀྱང་གཙོ་བོའི་རིགས་མཐུན་བསྡུ་ན་དེ་རྣམས་སོ། །གཉིས་པ་རྒྱས་བཏབ་ཀྱྀ་དབྱེ་བ་ནི། རྣམ་སྣང་སོགས་རིགས་བཞི་ལ་མི་བསྐྱོད་པས་རྒྱས་འདེབས་པ་ནི་མི་བསྐྱོད་པ་སེམས་ཀྱི་ཕུང་པོ། །བཞི་པོ་སེམས་ཀྱི་སྣང་བ་ཙམ་ཡིན་པ་རྒྱས་འདེབས་པ་སྟེ་ངོ་བོ་ཉིད་ཀྱི་རྒྱའོ། །དེ་བཞིན་དུ་ཕྱོགས་དང་མདོག་དང༌། སྦྱང་གཞི་ཕུང་པོ་འབྱུང་བ་སོགས་དང་ཉོན་མོངས་དང༌། ཡེ་ཤེས་སོགས་ཀྱི་རིགས་མཐུན་སྦྱར་བ་ནི་ངོ་བོ་ཉིད་ཀྱི་རྒྱ། རྣམ་སྣང་གི་རིགས་ལ་མི་བསྐྱོད་པས་རྒྱས་བཏབ་པ་ལུས་ལ་སེམས་ཀྱི་རྒྱ། དེ་ཟློག་པ་སེམས་ལ་ལུས་ཀྱི་རྒྱ། རིགས་བདག་ལ་རྒྱུའི་སྒོ་ནས་འདྲ་ཆོས་ཡོད་པ་འབྲས་བུ་ལ་རྒྱུའི་རྒྱ། རིགས་བདག་ལ་སྦྱང་གཞིའི་སྐབས་སུ་འབྲས་བུའི་འདྲ་ཆོས་ཡོད་པ་རྒྱུ་ལ་འབྲས་བུའི་རྒྱ་སྟེ་རྒྱས་པར་ཡི་གེས་འཇིགས་པས་མ་བྲིས་སོ། །གཉིས་པ་ནི། སྤྱིར་ལྷའི་མངོན་པར་རྟོགས་པ་གང་ལ་ཡང་ཚོགས་བསག་གཉིས་དང༌། བསྲུང་འཁོར་རྣམས་ནི་གང་དུ་བྱུང་ཡང་སྔོན་འགྲོ་ཡིན་ཞིང༌། མཆོད་བསྟོད་ལ་སོགས་པ་ནི་ཡན་ལག་ཏུ་ཤེས་པར་བྱ་ལ། སྐྱེ་ཤི་བར་དོ་གསུམ་སྦྱོང་བ་དང༌། སྐུ་གསུམ་ལམ་དུ་བྱེད་པ་ནི་ཕལ་ཆེར་དངོས་གཞི་ཡིན་ཞིང་བསྐྱེད་རིམ་ཀྱང་དངོས་ཡིན་ནོ། །ལྷ་བསྐྱེད་པ་ནི་མངོན་བྱང་ལྔ་བསྐྱེད་དང༌། ཞུ་བ་གླུས་བསྐུལ་དང༌། ཆོ་ག་གསུམ་བསྐྱེད་དང༌།
ས་བོན་ཕྱག་མཚན་གཉིས་གའམ་རེ་རེས་བསྐྱེད་པ་དང༌། རླུང་ལས་བསྐྱེད་པ་སྐད་ཅིག་གིས་བསྐྱེད་པ། བསྐྱེད་ཚུལ་ཆོ་ག་མི་འདྲ་བ་སྣ་ཚོགས་པ་ཡོད་ཅིང༌། རིགས་བདག་རང་བཅས་དང༌། དབང་བསྐུར་བ་དང༌། བར་དོ་མཚོན་བྱེད་ཀྱང་རྒྱས་པ་ཞལ་ཕྱག་ཅན་དང༌། འབྲིང་པོ་ཡི་གེ་དང༌། བསྡུས་པ་ནཱ་ད་དང༌། ཤིན་ཏུ་བསྡུས་པ་གཟུགས་ཀྱི་རྣམ་པ་མི་འཇོག་པར་སེམས་སྣང་བསྲེ་བ་ཙམ་སྟེ། དེ་ལྟར་མི་འདྲ་བ་མཐའ་ཡས་པ་ཞིག་ཡོད་པས། བར་དོ་སྦྱོང་བྱེད་གཟུགས་འགོད་པ་མ་བྱུང་ན་བར་དོ་སྦྱོང་བྱེད་ཆད་པར་འདོད་པ་དང༌། བསྐྱེད་རིམ་གྱི་ལྷ་སྐད་ཅིག་གིས་བསྐྱེད་དུ་མི་རུང་བ་སོགས་ནི་བཞད་གད་ཀྱི་གནས་སོ། །གསུམ་པ་མངོན་རྟོགས་ཀྱི་རིམ་པ་ནི། འབྲས་བུའི་བརྡ་དང་སྦྱར་ནས་ཚོགས་བསོག་པའི་ཡན་ལགབར་ཆད་བསྲུང་བའི་ཡན་ལགགང་དུ་འཚང་རྒྱ་བའི་ཞིང༌། ཇི་ལྟར་འཚང་རྒྱ་བའི་ཚུལ། སངས་རྒྱས་པའི་མཛད་པ་ཞེས་བསྡུ་བ་ཡིན་ལ། དེ་ཉིད་བླ་མ་གོང་མ་རྣམས་ཀྱི་བཞེད་པས་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ལས། དང་པོ་ནི་རིམ་གཉིས་ཀྱི་རྣལ་འབྱོར་དངོས་ཉིད་ཡིན་ལ། ཕྱི་མ་ལ་བཟླས་པའི་རྣལ་འབྱོར་གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། རྗེས་ཆགས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་
འབྱོར་ཏེ། དེ་རྣམས་ནི་བླ་མེད་ཐམས་ཅད་ལ་འཇུག་པ་ཡིན་ལ། གོང་དུ་བཤད་པའི་འཇུག་པའི་རྣལ་འབྱོར་ལ་སོགས་པ་རྣལ་འབྱོར་དགུ་པོ་དེ་དག་ནི་བདེ་མཆོག་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་དོ། །བཞི་པ་སྦྱང་གཞི་སྦྱོང་བྱེད་ཀྱི་རིམ་པ་བཤད་པ་ལ་ཁ་ཅིག་སྦྱང་གཞི་སྐྱེ་བ་སྔ་མར་བསོད་ནམས་བསགས་པ་ལ་སོགས་པ་ཚེ་འདིར་ལམ་བསྒོམ་པར་སྦྱོང་བར་འདོད་པ་དེ་དག་ནི། འདས་པ་རྫས་གྲུབ་ཏུ་ཁས་བླངས་པར་སོང་ཞིང༌། འདས་ཟིན་ནས་མེད་པའི་ཕྱིར་དེ་ནི་མི་རིགས་སོ། །འོན་ཀྱང་འདས་པ་ལ་དམིགས་ནས་རྣམ་རྟོག་སྐྱེ་བས་བསྒོམ་དགོས་སོ་ཞེ་ན་ཡང༌། འདས་པ་དང་དངོས་ནི་དམིགས་རྒྱུ་མེད་ལ། མིང་དང་སྒྲ་སྤྱི་ཙམ་ལ་བརྟེན་ནས་རྣམ་རྟོག་སྐྱེ་བས་ཡིན་ན་ནི། རི་བོང་རྭའི་དེ་ལ་བརྟེན་ནས་ཀྱང་དེ་སྐྱེ་བས་དེ་ཡང་སྦྱང་གཞིར་བྱེད་དགོས་པར་འགྱུར་རོ། ཁ་ཅིག་འདྲ་ཆོས་སྒྲིགས་པ་ཙམ་གྱིས་སྦྱང་གཞི་ལ་སོགས་པའི་གོ་མི་ཆོད་པས། སྐྱེ་ཤི་བར་དོ་གསུམ་ཡོད་པ་བཞིན་དུ་སྐུ་གསུམ་ལམ་བྱེད་དགོས་ཞེས་གསུང་ངོ༌། །བླ་མེད་འདིར་བསྐྱེད་རིམ་ཟབ་པའི་དོན་ཡང་ཆོ་ག་མང་པོ་དངོས་གྲུབ་ལེན་པ་ཙམ་དང༌། རང་ལྷ་ཙམ་དང༌། དམ་ཡེ་དབྱེར་མེད་ཀྱི་ང་རྒྱལ་འཛིན་པ་དང༌། ལྷ་སྐུ་ཞལ་སྦྱོར་གྱི་རྣམ་པ་ཅན་ལའང་མི་འདོད་དེ། གོང་མ་གསུམ་རྒྱུད་སྡེ་འོག་མ་ལ་ཡང་ཡོད་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྟོགས་པའི་ཐབས་
མ་ཡིན་པ་དང༌། ཕྱི་མ་ཡང་བསྒོམ་བྱའི་ཁྱད་མ་གཏོགས་སྒོམ་ཚུལ་གྱི་ཁྱད་མ་ཡིན་པའི་ཕྱིར། དེས་ན་སྦྱང་གཞི་དང་མཐུན་པའི་བསྐྱེད་རིམ་ཁྱད་པར་ཅན་ཡོད་པའི་ཕྱིར། ཞེས་འཆད་པ་སྦྱང་གཞིའི་ཁྱད་པར་གྱིས་ནི་འཇོག་མོད་ཀྱི། སྔ་མ་རྣམས་འགོག་ནི་མི་དགོས་ཏེ། དངོས་གྲུབ་ལེན་པ་སོགས་གསུམ་པོ་དེ་ཡང་ཆེས་བླ་མེད་མྱུར་ཞིང་བཟང་བ་ཡིན་པས་སོ། །ལར་དངོས་གྲུབ་ལེན་པ་ཟབ་ཁྱད་དུ་མི་བྱེད་པའི་ལེགས་བཤད་འདི་ཡ་མཚན་ནོ། །རང་གི་དེ་ཉིད་གསལ་བར་མ་མཛད་ཅིགཆོས་མཐུན་སྒྲིགས་པ་ཙམ་གྱི་གོ་མི་ཆོད་ཅེས་ཟེར་བ་དང༌། བསོད་ནམས་ཚོགས་བསོགས་ནས་དཀྱིལ་འཁོར་ཉེར་བསྡུའི་བར་སྦྱང་གཞིར་སྦྱོང་བ་ཡང་ཤིན་ཏུ་འགལ་བ་ཡིན་ནོ། །དེས་ན་རང་ལུགས་ནི། སྐྱེ་ཤི་བར་དོ་ལ་སོགས་པའི་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་ཁྱད་པར་ཅན་ཡོད་པ་རྣམས་ནི་སྦྱོང་ཚུལ་གཙོ་བོ་ཡིན་པས་སྦྱང་གཞི་དག་པ་དང་འབྲས་བུ་གྲུབ་པའི་ང་རྒྱལ་ཡང་དགོས་པ་ཡིན་ནོ། །ལྷག་མ་ཆ་ཤས་ཕྲ་མོ་རྣམས་ནི། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་ཕལ་པ་སྟེ། ཆོས་མཐུན་སྒྲིགས་པ་ཙམ་ཡིན་ཀྱང༌། ཚུལ་དེ་ཚད་ལྡན་འགའ་ལས་ཀྱང་བཤད་པས་སྦྱང་གཞི་དང་སྦྱོར་ཚུལ་ནི་ཡིན་ནོ། །འགའ་ཞིག་དམ་ཚིག་པ་ཡོངས་རྫོགས་བསྐྱེད་ཟིན་ནས། སྦྱང་འབྲས་ཏེ་སངས་རྒྱས་ཟིན་པའི་སྐབས་དང་སྦྱོར་རྒྱུ་ཡིན་པས། དེ་ཕན་ཆད་ལ་སྦྱང་
གཞི་མི་སྦྱོར་ཞེས་དང༌། འཆི་བ་ལམ་བྱེད་ཆོས་སྐུ་དང༌། བར་དོ་ལམ་བྱེད་ལོངས་སྐུ་དང༌། སྐྱེ་བ་ལམ་བྱེད་སྤྲུལ་སྐུ་དམ་ཚིག་སེམས་དཔར་བཞེངས་པ་ཡིན་པར་འདོད་པའི་ནང་འགལ་སྨྲ་བ་དག་ནི་རྣམ་པར་འཁྱམས་ཏེ། འབྲས་དུས་སུ་སངས་རྒྱས་ཐོབ་པའི་སྐབས་སུ་སྦྱོར་བ་ལ། སྦྱང་འབྲས་ཀྱི་སྐབས་ཡིན་པར་འདོད་ན་ནི། ཆོས་སྐུ་ཐོབ་ལ་སྐུ་གཉིས་མ་འགྲུབ་ཅིང་སངས་མ་རྒྱས་པའི་གང་ཟག་ནི་མི་སྲིད་པས་སྤྲུལ་སྐུ་ཁོ་ན་སྦྱངས་འབྲས་ལ་སྦྱོར་བའི་རྒྱུ་མཚན་ཅི། དེ་ཚུན་ཆད་སྦྱང་གཞི་གཙོ་ཆེ་བ་ཡིན་སྙམ་ན། སྦྱང་གཞི་གཙོ་བོའི་སྐབས་སྦྱང་འབྲས་དང་སྦྱོར་དུ་རུང་ན། སྦྱང་འབྲས་གཙོ་ཆེ་བའི་སྐབས་སྦྱང་གཞི་དང་ཅི་ཕྱིར་སྦྱོར་དུ་མི་རུང༌། དེས་ན་འཁྲུལ་པ་འདི་ནི་རྣམ་གཞག་རིམ་པའི་གཞུང་ལ་འཁྲུལ་གཞི་བྱས་ཤིང༌། དུས་འཁོར་གྱི་རྒྱུད་འགྲེལ་དང༌། སྔོན་གྱི་ལོ་པཎ་ཆེན་པོ་རྣམས་ལ་དབང་ཟ་བའོ། །འདིར་སྦྱང་གཞིའི་རྣམ་གཞག་ཕལ་ཆེར་གྲགས་ཆེ་བ་ལྟར་བཀོད་པ་ཡིན་ལ། སྤྱིར་སྦྱང་གཞི་རིགས་གཉིས་ཡོད་པས་དམ་པ་ཆེན་པོ་འགའ་ཞིག་གིས་སྦྱང་གཞི་སྦྱང་བྱའི་དབྱེ་བ་རྩལ་དུ་འདོན་པར་མཛད་པ་ནི་ཆེས་ལེགས་མོད། འཁོར་བའི་ཆོས་སྦྱང་གཞིར་འདོད་པ་ལ་དཀག་པ་ཤུགས་ཕྱུང་ནས་མཛད་པ་ནི་བདག་ཉིད་རྩོད་པ་ལྷུར་ལེན་པ་ལ་དགེས་པར་གསལ་བ་ཙམ་མོ། །དེ་རྣམས་ཀྱི་རྒལ་བརྟགས་ཞིབ་མོ་ནི་མངས་པར་འགྱུར་བས་རྒྱ་མི་བསྐྱེད་དོ། །དེ་ལྟར་
ལོག་རྟོག་བཀག་ནས་རང་ལུགས་ལ་ཡང༌། ཡང་སྙིང་དུ་གྲིལ་བ་ལ་སྦྱང་གཞི་དང་སྦྱར་བ་དང༌། སྦྱང་འབྲས་དང་སྦྱར་བའོ། །དང་པོ་ལ་གསུམ། འཆི་བ་སྦྱོང་བྱེད་དང༌། བར་དོ་སྦྱོང་བྱེད་དང༌། སྐྱེ་བ་སྦྱོང་བྱེད་ཡན་ལག་དང་བཅས་པའོ། །དང་པོ་ནི། འདུས་པ་ཡེ་ཤེས་ཞབས་ལུགས་དང༌། བདེ་མཆོག་ནག་པོ་ལུགས་ཀྱི་མངོན་རྟོགས་ལ་ནི་ཡེ་ཤེས་ཚོགས་བསོག་ཉིད་འཆི་བ་སྦྱོང་བྱེད་ཡིན་ཏེ། འདི་ནི་སྔོན་འགྲོ་དང༌། དངོས་གཞི་གཉིས་ཆར་ཡིན་ནོ། །ལུགས་གཞན་རྣམས་ནི་བརྗོད་མི་ལང་ངོ༌། །གཉིས་པ་བར་དོ་སྦྱོང་བྱེད་ནི། མི་གཡོ་བ་རྣལ་འབྱོར་བླ་མེད་དང༌། གཤེད་དམར་དང༌། གདན་བཞི་རྣམས་ལ་ནི་ཞལ་ཕྱག་ཡོངས་རྫོགས་སུ་སྒོམ་སྟེ། བར་དོའི་ལུས་དང་རྣམ་པ་མཐུན་པ་ཡིན། ཁ་ཅིག་ལས་ཡི་གེ་ལྔ་དགོད་པ་ནི། འབྲུ་གསུམ་པོ་བར་དོའི་ལུས་ངག་ཡིད་གསུམ། ཧོ་གཉིས་ནི་སྲེད་ལེན་གཉིས་སོ། །དེ་བཞིན་དུ་ཡི་གེ་གཅིག་པ་དང་ནཱ་ད་འཇོག་པ་ཙམ་ཀྱང་མཚོན་བྱེད་ཙམ་མོ། །སེམས་ཀྱི་སྣང་བ་ཙམ་ལས་བར་དོའི་གཟུགས་མཚོན་བྱེད་དངོས་སུ་མི་འཇོག་པ་ནི། རགས་པའི་ལུས་མེད་ཅིང་ཕྲ་བའི་ཡིད་ལུས་ཙམ་ལ་བརྟེན་པ་དང༌། ས་བོན་བསྐྱེད་པ་ཉིད་ཀྱི་དུས་སུ་མ་གཏོགས། བར་དོའི་སེམས་སྣང་དུ་ལྡང་བ་ཡང་མེད་པ་ནི། སྲིན་བུ་པད་པ་འཕོ་བ་བཞིན་དུ་བར་དོ་ཤིན་ཏུ་ཡུན་ཐུང་བ་དུས་མཐའི་སྐད་ཅིག་མ་
ཙམ་ལས་མི་གནས་པ་རྣམས་དང་མཐུན་པར་བསྒོམ་པ་ཡིན་ནོ། །གསུམ་པ་ལ་སྐྱེ་གནས་བཞིའི་རིམ་པ་ལ་དཔྱད་པ་ནི། བསྐྱེད་རིམ་ཚད་ལྡན་གང་ཡང་རུང་བ་གཅིག་གིས་ཀྱང་སྐྱེ་གནས་བཞི་ཆར་སྤྱོད་ནུས་པས་མངལ་སྐྱེས་སྦྱོང་བྱེད་ཞེས་བྱ་བ་ལ་སོགས་པ་ཐ་སྙད་སྦྱོར་བ་ནི་མི་མཛེས་སོ། །འོ་ན་ཅི་ཞེ་ན། སྦྱོང་བྱེད་ཡིན་པ་ལ་སྐྱེ་གནས་བཞི་ལ་ཉེ་རིང་མེད་ཀྱང༌། བསྐྱེད་ཚུལ་འདྲ་བའི་དབང་དུ་བྱས་ནས་གཙོ་བོར་བརྫུས་སྐྱེས་དང་རྣམ་པ་མཐུན་པའི་དཀྲོངས་བསྐྱེད་དང༌། དྲོད་གཤེར་སྐྱེས་དང་རྣམ་པ་མཐུན་པའི་ཟླ་བ་ས་བོན་ཙམ་ལས་བསྐྱཻད་པ་དང་རྡོ་རྗེ་ཆོ་ག་གསུམ་བསྐྱེད། སྒོང་སྐྱེས་དང་རྣམ་པ་མཐུན་པའི་མངོན་བྱང་ལྔ་བསྐྱེད། མངལ་སྐྱེས་དང་རྣམ་པ་མཐུན་པའི་ཞུ་བ་གླུས་བསྐུལ་ལས་བཞེངས་པ་རྣམས་སོ། །གོང་མ་རྣམས་མངོན་རྟོགས་གཅིག་ཉིད་ལ་ཡང་མི་སོགས་བྱིན་རླབས་ཀྱི་ལྷ་བརྫུས་སྐྱེས་དང༌། མངོན་བྱང་ལྔ་བསྐྱེད་དྲོད་གཤེར་སྐྱེས་དང༌། མཁའ་སྤྲོ་བྱེད་པ་མངལ་སྐྱེས་དང༌། ཐིག་ལེའི་གོང་བུ་ལས་བཞེངས་པ་སྒོང་སྐྱེས་དང་མཐུན་པར་བཞེད་པ་ནི། དེ་ལྟར་སྟོན་པའི་ཁུངས་ཞིག་ཡོད་ན་ནི་རུང་བར་མངོན་ནོ། །དེའི་ཕྱིར་སྐྱེ་བ་ལེན་ཚུལ་དངོས་ནི་བར་དོ་འཇུག་པའི་དུས་ཀྱང་སྣ་ཚོགས་པ་འབྱུང་སྟེ། སྐད་ཅིག་གིས་བསྐྱེད་པ་ལ་ནི། སེམས་ཀྱི་འཇུག་པ་བསྲེ་བ་ཙམ་ཡིན་ལ། བར་པ་གསུམ་པ་ལ་ནི་ས་བོན་སྐྱེད་པའི་སྐབས་དེ་ཉིད་ཡིན་ཞིང༌། ཞུ་བ་
གླུས་བསྐུལ་བ་ལ་ནི། འཇུག་སྒོ་མི་འདྲ་བ་དུ་མའང་ཡོད་དེ། བར་དོ་འགའ་ཞིག་མའི་སྐྲ་ནས་འཛིན་པར་འདོད་པས་མངལ་དུ་འཇུག་པའང་ཡོད་པས་སྤྱི་བོ་ནས་འཇུག་པ་དང༌། འོ་བྱེད་པར་འདོད་པས་འཇུག་པ་ཡོད་པ་ལྟར་ཞལ་ནས་འཇུག་པ་དང༌། འགའ་ཞིག་ཕའི་ཁ་ནས་འཇུག་པ་ཡོད་པ་ལྟར་ཡབ་ཀྱི་ཞལ་ནས་འཇུག་པ་དང༌། ཁ་ཅིག་སྐྱེ་གནས་ལ་རེག་པར་འདོད་པས་འཇུག་པ་ལྟར་ཐོག་མ་ཉིད་ནས་བྷ་གར་འཇུག་པའོ། །འདིའི་འབྲས་བུ་རྡོར་འཛིན་བཞེངས་པ་དང༌། མངོན་བྱང་ལྔ་བསྐྱེད་ཀྱི་སྐབས་ལ་ཧཱུཾ་ཡིག་སོགས་ས་བོན་སྒོམ་པ་ནི། མངལ་གྱི་གནས་སྐབས་ལྔ་སྦྱོང་ཞིང༌། རྡོ་རྗེ་རྩེ་ལྔ་པ་བསྐྱེད་པའི་ལུགས་ལ་འོག་གི་རྩེ་ལྔ་ནི་ཡན་ལག་ལྔ་གྲུབ་པ་དང༌། སྟེང་གི་རྩེ་ལྔ་ནི་རྐང་ལག་རེ་རེ་བཞིན་སོར་མོ་ལྔ་ལྔ་དང༌། མགོ་བོ་ལ་མིག་རྣ་སྣ་ལྕེ་ལུས་ཀྱི་ཆ་ཤས་དང་བཅས་པ་སྦྱོར་བ་ཡིན། ཡང་འབྲས་བུའི་སྐབས་འོད་ཀྱྀ་གོང་བུ་ཙམ་ལས་བསྐྱེད་པ་ནི་བསྡུས་པའི་དབང་དུ་བྱས་ཤིང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སོགས་ནི། དབང་པོ་རྣམས་དང་ལུས་ངག་ཡིད་གསུམ་རིམ་གྱི་རྒྱས་ཏེ་ལྷག་པར་བརྟགས་པས། ཡུལ་ལ་ལོངས་སྤྱོད་ནུས་སུ་གྱུར་པ་དང༌། ཡེ་ཤེས་པ་བསྟིམས་པ་ནི་བྱེ་བྲག་ཕྱེད་པ་དང༌། དབང་བསྐུར་བ་ནི་རང་གི་རིགས་ཀྱི་ཆོས་ལ་འཇུག་པ་དང༌། མཆོད་བསྟོད་ལ་སོགས་པ་ནི་འདོད་ཡོན་ལ་
ལོངས་སྤྱོད་པ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི་དུས་ལས་འདས་ཏེ་ཤི་བ་དང༌། ཐུན་མཚམས་ཀྱི་ལྷ་སྐུར་ལངས་པ་ནི་སྐྱེ་བ་གཞན་དུ་ཡང་སྲིད་ལེན་པ་མཚོན་པ་ཡིན་ནོ། །གཉིས་པ་ནི། འབྲས་བུ་ལ་སྦྱར་བ་ཡང་གང་དུ་འཚང་རྒྱ་བའི་གནས་དང་མཚུངས་པ་གཞལ་ཡས་ཁང༌། ཇི་ལྟར་སངས་རྒྱས་པའི་ཚུལ་དང་མཚུངས་པ་མངོན་བྱང་ལྔ་སོགས་བསྐྱེད་ཆོག་གིས་བསྐྱེད་པ། སངས་རྒྱས་པའི་མཛད་པ་དང་མཚུངས་པ་མཆོད་བསྟོད་བཟླས་པ་དཀྱིལ་འཁོར་ཉེར་བསྡུ་ལ་སོགས་པ། མཆོད་པ་ལེན་པ་ཆོས་སྟོན་པ་སོགས་འགྲོ་དོན་སྤྱོད་པ་དང་མཚུངས་སོ། །གཞན་ཡང་སྐུ་གསུམ་དང༌། དེའི་སྤྲུལ་སྐུའི་ཁྱད་པར་རྒྱས་པ་དང༌། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་དབང་བསྐུར་བ་བརྙེས་ནས་འགྲོ་བའི་དོན་སྤྱོད་པ་དང༌། མ་དག་པའི་གདུལ་བྱ་རྣམས་ལ་མྱ་ངན་ལས་འདས་པར་སྣང་བ་དང༌། དག་པའི་འཁོར་ལ་ཆོས་སྟོན་པ་དང་སྤྲུལ་པ་ལ་སོགས་པས་འགྲོ་བའི་དོན་རྒྱུན་མ་ཆད་པ་རྣམས་དང་རིམ་པས་སྦྱར་བར་བྱ་བ་ཡིན་ནོ། །དེས་ན་བླ་མ་གོང་མ་རྣམས་ཀྱི་གསུང་གི་ཡར་ལྟས་རྣམ་བྱང་གི་འདྲ་འབག་དང་མཐུན་པ། མར་ལྟས་འཁོར་བའི་འདྲ་འབག་དང་མཐུན་པ་ཞེས་གསུངས་ཡང་མངོན་རྟོགས་ཀྱི་རིམ་པའི་གཙོ་བོ་རྣམས་སྦྱང་གཞིའི་གནས་ཚུལ་དང་མཐུན་པས་དེ་སྦྱོང་བའི་ནུས་པ་ཡོད་པ་དང༌། འབྲས་བུའི་གནས་ཚུལ་དང་མཐུན་པས་དེ་འཐོབ་པའི་ནུས་པ་ཡོད་པའོ། །
གཉིས་པ་བྱེ་བྲག་ཏུ་ལམ་འདིའི་བསྐྱེད་རིམ་ཡན་ལག་འབྲས་བུ་དང་བཅས་པ་ལ། བསྐྱེད་རིམ་དངོས་རྒྱས་པར་བཤད། དེའི་ཡེ་ཤེས་སྐྱེ་ཚུལ་བཤད། དེ་ལས་འབྲས་བུ་འགྲུབ་ཚུལ་བཤད་པའོ། །དང་པོ་ནི། སྤྱིར་སྡོམ་པ་འདིའི་སྒྲུབ་ཐབས་མཐའ་ཡས་པ་མཐའ་དག་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་འདིར་ནག་པོ་སྤྱོད་པའི་གཞུང་ལྟར་བཤད་ན། དེ་ལ་ཕྱི་དཀྱིལ་སྒོམ་པའི་རིམ་པ་དང༌། ལུས་དཀྱིལ་སྒོམ་པའི་རིམ་པའོ། །དང་པོ་ལ་མངོན་རྟོགས་ཀྱི་རིམ་པ་རྒྱས་པར་བསྒོམ་པ་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་དག་པ་སྦྱར་བ། སྣང་སྟོང་བདེ་བ་སྒྲུབ་ཚུལ་ལོ། །དང་པོ་ལ་སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ལ་མཐུན་རྐྱེན་སྒྲུབ་པ་དང༌། འགལ་རྐྱེན་སྤོང་བ་གཉིས་སོ། །དེའི་ཡང་དང་པོ་ལ། རྐྱེན་བསོད་ནམས་ཚོགས་བསོག་དང༌། རྒྱུ་ལམ་འཁྱེར་གཉིས་སོ། །དང་པོ་ནི། སྔོན་འགྲོ་སོགས་ཏེ། དེ་ཡང་རོའི་སྟན་ལ་འཇུག་ནས། སྔོན་འགྲོའི་རིམ་པ་ནི། མཆོད་གཏོར་སྔོན་དུ་འགྲོ་བ་སྟེ། འདིར་མཁས་པ་འགའ་ཞིག་སྔོན་འགྲོ་གཏོར་མ་སྔོན་དུ་འགྲོ་བ་བཞེད་པ་ལ། གཞན་འགའ་བདག་ཉམས་ལེན་སྐབས་སྔོན་འགྲོ་གཏོར་མ་གཏན་མི་གཏོང་ཟེར་ཏེ། དགོས་མེད་ཀྱི་དགག་པ་ཡིན་ལ། གལ་ཏེ་ཁྱེད་བསྙེན་པ་སོང་ནས་སྒྲུབ་པའི་ཚེ་སྔོན་འགྲོ་གཏོར་
མ་མི་མཐོང་བའམ། སྒྲུབ་པ་དེ་ཉམས་ལེན་གྱི་སྐབས་མ་ཡིན་ཞེས་བསམ་དགོས་སོ། །དེས་ན་མཆོད་གཏོར་རྒྱས་པར་བྱེད་པ་གཙོ་བོ་ཡིན་མོད། སྔོན་འགྲོ་གཏོར་མ་ཡང་འགོག་མི་དགོས་སོ། །དེ་དག་མ་གྲུབ་ན། བསྙེན་པའི་སྐབས་ལ་ཐོག་མར་འཇུག་པའི་ཚེ་མ་གཏོགས་ཉིན་རེ་བཞིན་མ་བྱས་ཀྱང་དགག་བྱ་ཆུང་བར་ནི་མངོན་ནོ། །དེ་ནས་རྒྱ་གཞུང་རྣམས་ན་མེད་ཀྱང་སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་དང༌། ཡིག་བརྒྱས་རྒྱུད་སྦྱོང་བ་ཙམ་བྱེད་པ་ནི། བླ་མ་རྣམས་ཀྱི་ཕྱག་ལེན་ཏེ་ཤིན་ཏུ་ལེགས་སོ། །དངོས་ལ་རྟེན་དག་པར་བྱས་པས་ཚོགས་གསོག་པའི་ནུས་པ་ཙམ་མ་དག་པ་ལ་མི་འབྱུང་བས་ཚོགས་བསག་འདི་ལ་གསུམ་གྱི་དང་པོ་གསོག་པ་པོ་ནི། སྒྲུབ་པ་པོ་སྟེ་དེའི་རྒྱུད་དག་པར་བྱ་བའི་ཕྱིར། དག་པ་གསུམ་དྲན་པ་སྟེ། ངག་ཡིད་ལུས་གསུམ་སྔགས་དང་ཡེ་ཤེས་དང་ལྷ་སྐུར་བྱིན་གྱིས་བརླབ་པའོ། །ཕུང་ཁམས་བྱིན་གྱིས་བརློབ་པ་ཡང༌། དེ་ཉིད་རིག་པའི་མཁས་པ་འགའ་ཞིག་བཞེད་ཅིང༌། རྒྱུ་མཚན་ཡང་དེ་ཉིད་བཅུའི་གསུང་འཁོར་གྱི་དེ་ཉིད་ཀྱི་ནང་དུ་དེ་འདུས་པ་དང༌། ཀུན་སྤྱོད་དང་མངོན་བརྗོད་ལས་སྒོམ་པར་གསུངས་པས་སོ། །ཞེས་གསུངས་མོད་ཀྱི། དེ་ལྟ་ན་ཁྲོ་བཅུའི་བསྲུང་འཁོར་ཡང་ནག་པོ་པའི་ལུགས་ལ་སྒོམ་དགོས་པར་འགྱུར་ཏེ་རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་རོ། །སྤྱིར་དེ་ལྟར་བསྒོམས་ཀྱང་འདིར་མི་འགལ་
མོད། སློབ་དཔོན་འདིའི་དགོངས་པ་མ་ཡིན་པས་འདིར་མི་དགོས་སོ། །གཉིས་པ་ཡུལ་ནི་ཚོགས་ཞིང་སྤྱན་འདྲེན་པའོ། །གསུམ་པ་ཇི་ལྟར་གསོག་ཚུལ་ནི། ཕྱག་དང་མཆོད་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས་ཡན་ལག་བདུན་པ་བྱེད་པའོ། །དགོས་པ་ནི་སྤྱི་ཚོགས་རྫོགས་པར་མ་ཟད། ཁྱད་པར་དངོས་གཞིའི་ཏིང་ངེ་འཛིན་བསྐྱེད་པའི་རྒྱུ་ཚོགས་སྒྲུབ་པའོ། །དེ་དག་གི་ཆོ་ག་རྒྱས་བསྡུས་ནི་ཅི་རིགས་པར་ཡོད་མོད་ཀྱི་མི་འགལ་བར་མཐོང་ངོ༌། །གཉིས་པ་ལ། འཆི་བ་ཆོས་སྐུ་དང༌། བར་དོ་ལོངས་སྐུར་ལམ་དུ་འཁྱེར་བའོ། །དང་པོ་ནི་ཡེ་ཤེས་ཚོགས་གསོག་དངོས་ཡིན་ཏེ་སྟོང་པས་སོགས་སོ། །འདི་ལ་གསུམ་ལས། དང་པོ་སྦྱང་གཞི་ནི། ལུས་ཅན་རྣམས་འཆི་བའི་སེམས་དེ་གསལ་སྟོང་མི་རྟོག་པའི་རང་བཞིན་ཅན་ཡིན་ཏེ་འཆི་བ་འོད་གསལ་ཞེས་ཀྱང་ཟེར་བ་དེའོ། །གཉིས་པ། སྦྱངས་འབྲས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རྫོགས་རིམ་འོད་གསལ་དང་བདེ་སྟོང་དབྱེར་མེད་ཁྱད་པར་ཅན་གྱི་སྨིན་བྱེད་དུ་འགྲོའོ། །གསུམ་པ་སྦྱོང་བྱེད་ཀྱི་ལམ་འདིས། །ལམ་དུ་འཁྱེར་ཚུལ་ནི་གཞི་འབྲས་གཉིས་ཆར་དང་རྣམ་པ་མཐུན་པའི་ལམ་སྟོང་པ་ཉིད་བསྒོམས་ཏེ། སྦྱང་གཞི་དག་པ་དང་འབྲས་བུར་རྫོགས་པའི་ང་རྒྱལ་ལམ་མོས་པ་འཇོག་པ་ཡིན་ཏེ། འོག་མ་རྣམས་ལ་ཡང་འདིས་རིགས་འགྲེ་བར་བྱའོ། །འདི་ལའང་རྣམ་ཐར་
གསུམ་མམ་བཞི་དང༌། སྟོང་པ་ཉིད་གཅིག་པུའི་སྔགས་བརྗོད་ཅིང་སྒོམ་པའང་རུང་མོད་ཀྱིས་ལག་ལེན་ལ་སྔགས་ཚན་གཉིས་བརྗོད་པའི་དང་པོས་སེམས་ཙམ་དུ་ཤེས་པ་དང༌། གཉིས་པས་ཐམས་ཅད་སྟོང་པ་ཉིད་དུ་མོས་པར་བྱ་སྟེ། སློབ་དཔོན་འདིའི་ལུགས་ལ་ཤིན་ཏུ་ལེགས་པ་ཡིན་ནོ། །གཉིས་པ་ནི་ཡེ་ཤེས་ཚོགས་བསག་གི་འབྲས་བུ་སྟེ་ནཱ་དས་སོགས་སོ། །འདི་ལ་གསུམ་གྱི་སྦྱང་གཞི་ནི། འཆི་བ་ལས་ལངས་མ་ཐག་བར་དོའི་ལུས་འགྲུབ་ཅིང༌། སེམས་སྣང་བ་གསུམ་རླུང་གི་བཞོན་པ་དང་བཅས་པ་དེའོ། །སྦྱངས་འབྲས་ནི་རླུང་སེམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་མཚན་དཔེས་སྤྲས་པ་ལོངས་སྤྱོད་རྫོགས་སྐུའོ། །རྫོགས་རིམ་རླུང་སེམས་ཙམ་ལས་གྲུབ་པའི་སྐུ་དང་ཟུང་འཇུག་གི་སྨིན་བྱེད་དུ་འགྲོའོ། །སྦྱོང་ཚུལ་ལམ་ལམ་དུ་འཁྱེར་ལུགས་ནི་གཞི་འབྲས་གཉིས་ཀ་དང་རྣམ་པ་མཐུན་པར་སྟོང་པ་ལས་ལངས་མ་ཐག་ཏུ་ཤིན་ཏུ་ཕྲ་བའི་གཟུགས་ནཱ་ད་ཙམ་ཞིག་བཀོད་ནས། དག་རྫོགས་ཀྱི་ང་རྒྱལ་བྱེད་པའོ། །དེ་གཉིས་ཀྱི་དགོས་པ་ནི་གཙོ་བོར་སྦྱང་གཞི་སྦྱོང་བྱེད་གཉིས་ཡིན་མོད་ཀྱི། གནས་སྐབས་སུ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་སྣང་བ་རབ་འབྱམས་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་དུ་ཤེས་པའི་ཕྱིར་ཡིན་ནོ། །སྐབས་འདིར་སྤྱི་དོན་ཅུང་ཟད་བརྗོད་ན། སྤྱིའི་ཆོས་ལམ་བྱེད་བཞི་དང༌། སྒོས་ཀྱི་ཆོས་ལམ་བྱེད་དགུའོ། །དང་པོ་ནི། སྤྱིར་
བསྐྱེད་རྫོགས་སྒོམ་པའི་རིམ་པ་ཐམས་ཅད་ལ། བོད་སྔ་མ་རྣམས་ལམ་དུ་འགྱུར་ཚུལ་ལམ། ལམ་བྱེད་བཞིའི་ཐ་སྙད་མཛད་དེ་ཤིན་ཏུ་ཆོས་སྐད་བཟང་ངོ༌། །དེ་ལ་གཞིའི་རྣམ་པ་ལམ་བྱེད་ནི། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པས་གསལ་སྣང་སྐྱེས་ནས་མ་དག་པའི་སྣང་བ་འགོག་པ་སྟེ། ཀེང་རུས་བསྒོམས་པས་གསལ་སྣང་སྐྱེས་པའི་ཚེ། འཁྲིག་པའི་འདོད་ཆགས་འགོག་པ་བཞིན་ནོ། །མོས་པ་ལམ་བྱེད་ནི་གང་དུ་མོས་པ་དེ་མངོན་དུ་འགྱུར་ཏེ། མནར་མེད་ཀྱི་མེ་ཡང་ཤཱ་རིའི་བུས་ཆུར་མོས་པས་ཆུར་སོང་བ་བཞིན་ནོ། །འབྲས་བུ་ལམ་བྱེད་ནི་འབྲས་བུ་ཐོབ་བྱ་དེ་ཉིད་བསྒོམས་པས་དེ་འགྲུབ་པར་འགྱུར་བ་སྟེ། ཞི་རགས་ཀྱི་རྣམ་པ་བསྒོམས་པས་བསམ་གཏན་གྱི་སེམས་འགྲུབ་པ་བཞིན་ནོ། །བྱིན་རླབས་ལམ་བྱེད་ནི་སངས་རྒྱས་སོགས་ཀྱི་བྱིན་རླབས་ཀྱི་ཐ་མལ་པའི་ལུས་སེམས་ཡེ་ཤེས་སུ་སྒྱུར་བ་སྟེ། བའི་ལྕི་བ་གསེར་དུ་བྱིན་རླབས་མཛད་པས་དེར་འགྱུར་བ་བཞིན་ནོ། །དང་པོ་ནི། ལྷ་སྐུ་དང་བདེ་སྟོང་ཐམས་ཅད་ཡིན་ལ། བར་པ་གཉིས་ཀྱང་བསྐྱེད་རིམ་གྱི་ལྷ་སྐུ་ཐམས་ཅད་ལ་ཡོད། ཕྱི་མ་ནི་ཡེ་ཤེས་ཀྱི་ལྷ་ཚོགས་རང་ལ་བསྟིམས་པ་དང༌། རང་དང་རྩ་ཁམས་ལྷར་བསྐྱེད་པས་དེའི་བྱིན་རླབས་འབྱུང་བ་དང༌། སྔགས་བཟླ་བ་དང་མཆོད་གཏོར་དབུལ་བ་ལ་སོགས་པ་ཡང་ཡིན་མོད་ཀྱི་
གཙོ་བོར་ནི། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཞེས་པ་ལྟར། མོས་གུས་དང་བླ་མའི་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་སུམ་ལམ་དུ་བྱེད་པ་ཡིན་ནོ། །དེས་ལམ་དུ་བྱེད་ནུས་པར་བསྟན་ནོ། །གཉིས་པ་ལ་ཐུན་མོང་པའི་སྐུ་གསུམ་ལམ་བྱེད། ཐུན་མོང་མ་ཡིན་པའི་སྐུ་གསུམ་ལམ་བྱེད། དགོངས་ཆོས་མཁྱེན་གསུམ་ལམ་བྱེད་དོ། །དང་པོ་ནི། སྟོང་པས་འཆི་བ་དང་ཆོས་སྐུ་ལམ་དུ་བྱེད། ནཱ་ད་སོགས་ཀྱིས་བར་དོ་དང་ལོངས་སྐུ་ལམ་དུ་བྱེད། བར་སྲིད་ཞུགས་ཕྱིན་ཆད་སྐྱེ་བ་སྤྲུལ་སྐུ་ལམ་དུ་བྱེད་དོ། །གཉིས་པ་ནི་ཕྱི་དཀྱིལ་སྒོམ་པ་རགས་པའི་ལུས་དང་ཆོས་མཚུངས་པས་སྤྲུལ་སྐུ་ལམ་བྱེད། ལུས་དཀྱིལ་ཕྲ་བའི་ལྷའི་ངོ་བོ་དང་བདེ་བའི་རྒྱུ་ཡིན་པས་ལོངས་སྐུ་ལམ་བྱེད། བྱང་ཕྱོགས་ཀྱི་དག་པ་དྲན་པ་ཆོས་ཉིད་བསམ་པ་ཡིན་པས་ཆོས་སྐུ་ལམ་བྱེད་དེ། སྔ་མ་གསུམ་བླ་མེད་ཐམས་ཅད་ཀྱི་སྤྱི་སྐད་དང༌། འདི་བདེ་མཆོག་སྒོས་ཀྱི་ཆོས་སྐད་སྐུ་གསུམ་ལམ་བྱེད་དོ། །གསུམ་པ་ནི། བྱང་ཕྱོགས་ཀྱི་དག་པ་དྲན་པ་ལམ་ཐུན་མོང་བར་དྲན་པ་གཞི་ཤེས་ལམ་བྱེད། ལུས་དཀྱིལ་ས་བཅུ་སོགས་དང་སྦྱོར་བས་ལམ་གྱི་རྣམ་པ་ལ་དམིགས་པའི་ཕྱིར་ལམ་ཤེས་ལམ་བྱེད། གོང་དུ་སྲིད་གསུམ་ལམ་བྱེད་དང༌། གོ་ཆ་རྒྱས་གདབ་མཆོད་བསྟོད་སོགས་རྣམ་མཁྱེན་ལམ་བྱེད་ཅེས་པ་ཤིན་ཏུ་ཐུན་མོང་
མ་ཡིན་པའོ། །གཉིས་པ་འགལ་རྐྱེན་འགོག་པ་ནི་བསྲུང་བའི་སོགས་ལ་བསྲུང་བའི་འཁོར་ལོ་སྟེ། ཁྲོ་མོ་སྤྲོ་བ། བགེགས་དགུག་པ། ཕུར་བུས་བཏབ་སྟེ་ཚར་གཅོད་པ། ཕྱིན་ཆད་བགེགས་མི་འཇུག་པའི་ཕྱིར་ཕྱོགས་བཅིང་བ་དྲུག་གིས་བསྲུང་བར་བྱེད་པའོ། །དེ་ལྟར་ཡང༌། རྩ་རྒྱུད་ལས། རྭ་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་མཚོན་ཆ་དགོད་པར་བྱ། །འཁོར་ལོ་གནས་པའི་བདག་ཉིད་མཉམ། །སྟེང་དུ་མདའ་ཡི་དྲྭ་བ་བྱ། །མཁའ་སྤྱོད་དུ་ནི་གུར་བྱས་ཏེ། །དེ་དག་གིས་ནི་གོ་ཆར་འགྱུར། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩེ་གསུམ་པས་ཀྱང་འཇིག་མི་ནུས། །ཞེས་པས་བསྟན། འདིའི་ཆོས་མཐུན་ནི་རྒྱུ་རྡོར་འཛིན་ལ་ལྟོས་ནས་སྦྱོར་ཏེ། བསྲུང་འཁོར་ནི་དུས་བཞི་འདུལ་བ་མཚོན་ལ། རྒྱུ་རྡོར་འཛིན་དུ་བཞེངས་པ་ནི། སྔ་མའི་རྗེས་ཐོགས་སུ་མངོན་བྱང་ལྔ་ལ་བརྟེན་ནས་སངས་རྒྱས་པ་མཚོན་ཞིང༌། འདིར་བགེགས་འཇོམས་པར་བཀའ་བསྒོ་བ་པོ་ནི། རང་སེམས་ནཱ་ད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བྱེད་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དང་པོ་ནི་འབྱུང་བཞི་སོགས་ཏེ་འདི་ལ་གསུམ་གྱི། རང་བཞིན་གྱི་ཡན་ལག་ནི་ཆོས་འབྱུང་བསྐྱེད་པ་སྟེ། སྦྱང་གཞི་ནམ་མཁའ་ལ་བརྟེན་ནས་སྣོད་ཀྱི་འཇིག་རྟེན་འཆགས་པ་དང༌། སྐྱེ་གནས་ལ་བརྟེན་ནས་སེམས་
ཅན་སྐྱེ་བ་ལྟར་སྦྱོང་བྱེད་ལམ་དུ་ཡང་རྟེན་བརྟེན་པ་གཉིས་ཆར་གྱི་གཞིར་ཆོས་འབྱུང་སྒོམ་པ་ཡིན་ཏེ། ཆོས་འབྱུང་ནི་ནམ་མཁའ་དང་སྐྱེ་གནས་མཚོན་པའོ། །ཡང་ཆོས་འབྱུང་དཀར་པོའམ་ཕྱི་དཀར་ལ་ནང་དམར་བ་ནི་བདེ་བ་ཆེན་པོ་མཚོན་ཞིང༌། སྟེང་གི་ཟུར་གསུམ་དང་འོག་གི་ཟུར་གཅིག་སྟེ་བཞི་པོས་ནི། རྣམ་ཐར་བཞི་སྟེ་སྟོང་ཉིད་མཚོན་པས་རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བདེ་སྟོང་དུ་ཤེས་པའི་ཆེད་དོ། །གཉིས་པ་གནས་ཀྱི་ཡན་ལག་ལ་གསུམ་ལས། དང་པོ་སྒོམ་ཚུལ་གྱི་དབྱེ་བ་ནི་འབྱུང་བཞི་རི་རབ་དང་བཅས་པ་སྒོམ་པ་སྟེ། འདི་ལ་ཁ་ཅིག་བླ་མ་གོང་མ་རྣམས་འབྱུང་བཞི་ལུགས་འབྱུང་ལུགས་ཟློག་གཉིས་མཛད་པ་ལ་ཁུངས་མེད་ཅེས་དགག་པ་བྱེད་པ་དང༌། ཁ་ཅིག་མ་རྒྱུད་ལ་དེ་ལྟར་བྱེད་པ་མི་རིགས་ཏེ། འབྱུང་བཞི་རི་རབ་ལན་གཉིས་བྱེད་པ་གཉིས་མེད་རྒྱུད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་གཉིས་ཆར་སློབ་དཔོན་གྱི་གཞུང་ཤིན་ཏུ་བརླིང་པའི་དོན་མ་རྟོགས་ཤིང༌། བླ་མའི་ཞལ་ལུང་མ་ཐོབ་པར་ཐོས་བསམ་གྱི་ཤེས་རབ་ཀྱི་རྒྱ་གར་གྱི་གཞུང་འགྲེལ་འགའ་ལྟས་པའི་དོན་ལ་རྩིང་ཆོས་བྱེད་པར་སྣང་སྟེ། ཕྱི་མ་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །ལུགས་འདི་སྐྱོང་བ་རྣམས་ཀྱིས་ཀྱང་གནས་ཇི་བཞིན་མ་ཐོན་ཏེ། མངལ་དུ་འཇུག་པའི་གནས་སྐབས་དང་སྦྱོར་བ་ཙམ་ཞིག་མ་གཏོགས། གཞན་དགག་པ་བྱེད་པ་རྣམས་ལ་ལན་མ་ཐེབས་ཤིང༌། རང་ལུགས་ཀྱང་
གཙང་མར་འཇོག་ཤེས་པ་ཤིན་ཏུ་ཉུང་བར་བྱུང་ངོ༌། །དེས་ན་རང་ལུགས་ནི། སློབ་དཔོན་ཉིད་ཀྱི་གཞུང་ལས། རྩ་རྒྱུད་ཀྱི་ཚིག་དྲངས་ཏེ། དུང་ཆེན་པོ་ཡི་ངོ་བོ་དང༌། །ཡང་ན་རུས་སྦས་དག་གིས་སོ། །ཞེས་པ་ལ་དུང་ཆེན་པོ་དང་བདེ་བ་ཆེན་པོ་ཡི་གེའི་ཁྱད་པར་ཙམ་མོ། །མཁས་པ་མར་དོའི་འགྱུར་ལས། དུང་ཆེན་པོ་ཡི་རང་བཞིན་བྱ། །མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་འབྱུང་སྟེ། དོན་ནི་མལ། མར་དོ། པུ་རངས་ལོ་ཆུང་གསུམ་ཆར་གྱི་ལུགས་མཐུན་ཏེ། རི་རབ་ཀྱི་སྟེང་དུ་རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་བསྐྱེད་པ་དང༌། རི་རབ་ཀྱི་སྟེང་དུ་མངོན་བྱང་ལྔ་ལས་གཞན་ཡས་ཁང་རྒྱུ་རྡོར་འཛིན་ཡབ་ཡུམ་དང་བཅས་པ་དུས་གཅིག་ཏུ་བསྐྱེད་པའི་ལུགས་གཉིས་གདམ་ང་ཅན་དུ་བྱེད་པ་ཡིན་ཏེ། ཁ་ཅིག་བདེ་བ་ཆེན་པོ་ཞེས་པས་སྔ་མ་དང༌། ཁ་ཅིག་མི་ཕྱེད་པ་ཞེས་པས་སྔ་མ་བསྟན་པར་བཞེད་ཅིང༌། གསུམ་ཆར་ཡང་རུས་སྦལ་ཞེས་པས་ཕྱི་མ་བསྟན་པར་བཞེད་དོ། །དེ་ལ་ཕྱི་མའི་དབང་དུ་བྱས་ན། འབྱུང་བཞི་ལུགས་འབྱུང་ལུགས་ཟློག་གཉིས་ཅར་བྱེད་པའམ། གཅིག་ལས་མི་བྱེད་ཀྱང་ལུགས་ཟློག་བྱེད་དགོས་ཏེ། རྒྱུ་རྡོ་རྗེ་འཛིན་པ་ཁོ་ན་ལ་ལྟོས་པའི་སྦྱང་གཞི་མངལ་དུ་འཇུག་པའི་སྐབས་ཡིན་པའི་ཕྱིར། སྔ་མ་ལྟར་ན་གཉིས་ཆར་བྱུང་ན་ནི་ཤིན་ཏུ་ལེགས་ལ། མ་བྱུང་ཡང་གཅིག་གིས་རུང་བ་ཙམ་དུ་མངོན་ཏེ་སྣོད་ཀྱི་འཇིག་
རྟེན་གྱི་འབྱུང་བཞི་སྦྱོང་བ་ཙམ་ལས་གཞན་ནང་ལ་མི་སྦྱོར་བའི་ཕྱིར་རོ། །སྦྱངས་འབྲས་དང་སྦྱར་བ་ནི། གོང་དུ་སོགས་ཏེ་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ཚུན་ཆད་གང་དུ་འཚང་རྒྱ་བའི་ཞིང་མཚོན་པས་དེ་སྦྱོང་བ་ཡིན་ལ། དེས་ན་ལམ་དུ་བྱེད་ཚུལ་གོང་དུ་བཤད་པ་ལྟར་བྱའོ། །རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ལ་སྦྱར་ན། འབྱུང་བ་སོགས་ཏེ། འབྱུང་བཞིའི་དཀྱིལ་འཁོར་འཁོར་ལོ་བཞི་ལ་བཤད་རྒྱུད་རྣམས་སུ་མང་དུ་སྦྱར་བ་ལྟར་ཡིན་པས། ད་ལྟ་འདི་བསྒོམས་པས་རྩ་འཁོར་དེ་རྣམས་བྱིན་གྱིས་རློབས་ཏེ། རླུང་གིས་སྤྱི་བོ། མེས་མགྲིན་པ། ཆུས་སྙིང་ཁ། སས་ལྟེ་བ། རི་རབ་ཀྱིས་དབུ་མ་རྣམས་བྱིན་གྱིས་བརླབས་པས་གནས་དེར་རྫོགས་རིམ་བསྒོམ་པའི་ཚེ། རླུང་ཐིམ་པའི་བདེ་སྟོང་འདྲེན་པའི་རྟེན་འབྲེལ་སྒྲིག་པའོ། །ད་ལྟ་འདི་རྣམས་ལ་ལྷ་བརྟེན་པ་ལྟར་རྫོགས་རིམ་སྐབས་བདེ་ཆེན་ཡེ་ཤེས་ཀྱི་ལྷ་དེ་ཡང་རྩ་འཁོར་དང་དབུས་མ་ལ་བརྟེན་པ་ཡིན་ནོ། །གསུམ་པ་སྦྱང་གཞི་ལ་གཉིས། དང་པོ་ཕྱི་རོལ་དང་སྦྱར་བ་ནི་འབྱུང་བཞི་གཅིག་ཏུ་འདུས་པ། ནམ་མཁར་འབྱུང་བཞིའི་རྡུལ་ཕྲན་ཚོགས་པ་དང་འདྲེས་པ་དེ་རྣམས་འདུས་པ་དང༌། དེ་ལས་ལུགས་འབྱུང་བསྐྱེད་པ་འབྱུང་བཞི་རི་རབ་བཅས་པ་གྲུབ་པ་མཚོན་ཏེ། སློབ་དཔོན་ཉིད་ཀྱི་གཞུང་ལས། བློ་ལྡན་ལྡན་པས་མཁའ་དབྱིངས་སུ། །ཞེས་ཆོས་འབྱུང་དང༌། འབྱུང་བ་ཐམས་ཅད་འདུས་པ་ལས། །
ཞེས་ལུགས་འབྱུང་བསྐྱེད་ནས་འདྲེས་པ་དང༌། ཇི་ལྟར་སྣ་ཚོགས་གཞིར་གྱུར་པའི། །འབྱུང་བ་བཞི་པོ་རྣམ་པར་བསྒོམ། ཞེས་སླར་ཡང་བསྐྱེད་པར་ཤིན་ཏུ་གསལ་ལོ། །འབྱུང་བཞིའི་རིམ་པ་གཅིག་བྱེད་པའི་ཚེ། །སྟེང་འོག་ཇི་ལྟར་ཡང་གསལ་འདེབས་པའི་གོ་རིམ་ལུགས་ཟློག་གསལ་ཏེ། སློབ་དཔོན་འདིས་རྩ་རྒྱུད་ལ་གཙོ་བོར་བརྟེན་པ་ལས། དེས་ན་ལུགས་ཟློག་འབའ་ཞིག་གསལ་བའི་ཕྱིར་རོ། །གཉིས་པ་མངལ་དུ་འཇུག་པའི་མཚོན་དོན་ལ་སྦྱར་བ་ནི། ལུགས་འབྱུང་གི་ཚེ་རླུང་ནས་རི་རབ་ཀྱི་བར་བསྐྱེད་པ། དྲི་ཟ་ཕ་མའི་རེག་སྦྱོར་ལ་བརྟེན་ནས་འཇུག་པ་ན། རེག་པ་སྲ་བའི་བདེ་བ་དང་བར་དོའི་སེམས་དེ་འདྲེ་ཞིང༌། དེ་ནས་གཤེར་བ་ཆུའི་དང༌། དྲོ་བ་མེའི་དང༌། ཁུ་བ་གཡོ་བ་རླུང་གི་དང༌། དེ་རྣམས་ཀྱི་བདེ་བའི་ཁམས་ལ་ཞུགས་པ་མཚོན་ནོ། །ནམ་མཁའི་ཁམས་བདེ་བ་མཚོན་ཞིང༌། རི་རབ་ཀྱང་ཁམས་དེར་བཞག་པས་སོ། །འཁོར་ལོ་སོ་སོའི་བྱང་ཆུབ་ཀྱི་སེམས་རྣམས་དང་གཅིག་ཏུ་འདྲེས་ཏེ་མངལ་དུ་ཕྱིན་པ་ནི། འབྱུང་བཞི་རི་རབ་གཅིག་ཏུ་འདྲེས་པས་མཚོན། །ལུགས་འབྱུང་ནང་ལ་སྦྱར་བའི་ཚེ། རིམ་པ་ནི་བསྐྱེད་པའི་གོ་རིམ་ཙམ་སྟེ། དངོས་ནི་མངལ་དུ་ཁམས་དཀར་དམར་འདུས་པ་འབྱུང་བ་བཞིས་ཕན་བཏགས་ཤིང༌། ནམ་མཁས་གོ་སྐབས་འབྱེད་པ་རྣམས་མཚོན། མངོན་བྱང་ལྔ་ལས་རྟེན་བརྟེན་པ་དུས་གཅིག་ཏུ་བསྐྱེད་པས་ནི། སེམས་ཅན་
སྒོ་ང་ལས་སྐྱེས་པ་དང་མཐུན་པར་ལྷའི་བསྐྱེད་ཆོག་སྒྲུབ་པ་ཡིན་ཏེ། རུས་སྦལ་ཞེས་གསུངས་པ་ཡང༌། རུས་སྦལ་ཁོག་པ་དང་སྲོག་ཆགས་ལྷན་ཅིག་འབྱུང་བ་བཞིན་བསྐྱེད་པ་ལ་དགོངས་པ་ཡིན་ནོ་ཞེས་བླ་མ་སྔ་མ་རྣམས་གསུང་ངོ༌། །གསུམ་པ་ངོ་བོའི་ཡན་ཡག་ནི། འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་རྣམ་སྣང་གི་རང་བཞིན་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྒོམ་པ་སྟེ། ངོ་བོའི་དོན་ཡང་ལྷ་དྲུག་ཅུ་རྩ་གཉིས་ཉེ་བར་སྤྱོད་པའི་གནས་ཡུལ་ཉེར་བཞི་དང་དུར་ཁྲཽད་བརྒྱད་དང་བཅས་པའི་ངོ་བོ་ཡིན་པ་ལ་འཁོར་ལོ་སྡོམ་པ་རིང་དུ་སྦྱངས་པའི་མཁས་པ་སྔ་མ་རྣམས་གསུང་ངོ༌། །དེ་རྣམས་ཀྱི་སྦྱང་གཞི་ནི་མ་དག་པའི་སྣོད་ཀྱི་འཇིག་རྟེན། སྦྱངས་འབྲས་ནི་རང་སྣང་གི་དག་པའི་ཞིང་སྟེ་ཡན་ལག་དང་བཅས་པའི་དག་རྫོགས་ཀྱི་ལམ་སྔར་བཞིན་ནོ། །གཉིས་པ་བརྟེན་པ་བསྐྱེད་པ་ལ། དང་པོ་སྦྱོར་བ། །དཀྱིལ་འཁོར་རྒྱལ་པོ་མཆོགལས་རྒྱལ་པོ་མཆོག་གསུམ་ལས། དང་པོ་ལ། བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་བཞི་ལས། བསྙེན་པ་ལ། སྔོན་འགྲོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། དངོས་གཞི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །དང་པོ་ལ། རྒྱུ་མངོན་བྱང་ལྔ། འབྲས་བུ་ཞལ་ཕྱག་རྫོགས་པ། འཕྲིན་ལས་བདེ་བ་ཆེན་པོའི་རིམ་པ་ལ་འཇུག་པའོ། །དང་པོ་ནི། དེ་རྒྱུ་སོགས་ཏེ་འདི་ལ་ཐོབ་བྱ་ཡེ་ཤེས་ལྔ་བཤད་པ་དང༌། ལམ་
མངོན་བྱང་ལྔ་བཤད་པ་ལས། དང་པོ་ནི། ཕལ་ཆེར་གོང་མདོ་ལུགས་ཀྱི་ལམ་དུ་ཡེ་ཤེས་བཞི་བཤད་པ་བཞིན་ཡིན་མོད་ཀྱི། འོན་ཀྱང་ཅུང་ཟད་ཙམ་གྱི་ཁྱད་པར་ཡང་སྣང་བས། འདིར་བརྗོད་ན། ཡེ་ཤེས་གྲུབ་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུའི་ཡེ་ཤེས་ནི། །སྣང་བའི་མེ་ལོང་ཞེས་བྱའོ། །ཞེས་ཆོས་ཐམས་ཅད་ཀྱི་ཇི་ལྟ་བའི་གནས་ཚུལ་དང༌། ཇི་སྙེད་པའི་སྣང་ཚུལ་ཐམས་ཅད་མེ་ལོང་ལ་ཤར་བ་བཞིན་དུ་ཅིག་ཅར་གཟིགས་པའི་ཡེ་ཤེས་ཏེ། ཀུན་གཞི་རྣམ་ཤེས་གནས་གྱུར་པའི་འབྲས་བུའོ། །མདོ་ནས་ལོངས་སྐུའི་ངོ་བོར་བཤད་པ་ལ། འདིར་རེས་འགའ་ཆོས་སྐུའི་ངོ་བོར་ཡང་གསུངས་སོ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རང་ཉིད་དང་ནི་འགྲོ་བ་ཡི། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེས་རང་གཞན་མཉམ་པ་ཉིད་དུ་གཟིགས་པ་ནི་ཉོན་ཡིད་གནས་གྱུར་པའི་འབྲས་བུའོ། །གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བྱ། །ཞེས་ཆོས་ཐམས་ཅད་ཀྱི་སྤུ་རིས་མ་འདྲེས་པར་མཁྱེན་ཞིང༌། ཇི་ལྟ་བའི་ཡང་གདོད་ནས་དག་པ་དང་སྐྱེ་བ་མེད་པ་ལ་སོགས་པའི་རྒྱུ་མཚན་གསལ་བར་གཟིགས་པ་སྟེ། ངོ་བོ་རང་བཞིན་གྱི་འོད་
གསལ་བ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གསལ་བར་གཟིགས་པའི་དོན་རྣམས་འདིས་མ་འདྲེས་པར་བྱེད་པ་སྟེ། ཡིད་ཀྱི་རྣམ་ཤེས་གནས་གྱུར་པའི་འབྲས་བུའོ། །ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་སྒྲུབ་པ་ཞེས་བཤད་དོ། །ཞེས་སངས་རྒྱས་ཀུན་གྱི་མཛད་པ་སྟེ། སེམས་ཅན་གྱི་དོན་སྤྱོད་པར་མཛད་པའི་ཐུགས་རྗེ་ཆེན་པོ་འཕྲིན་ལས་དང་བཅས་པ་སྟེ། སྒོ་ལྔའི་རྣམ་ཤེས་སེམས་བྱུང་གི་རྣམ་པར་རྟོག་པ་དང་བཅས་པ་གནས་གྱུར་པའི་འབྲས་བུའོ། །གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཞེས་བཤད་དོ། །ཞེས་ཐེག་པ་འདིར་ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྩལ་དུ་བཏོན་ཏེ། རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་གློ་བུར་སྒྲིབ་གཉིས་ཀྱང་རྣམ་པར་དག་པའི་དག་པ་གཉིས་ལྡན་གྱི་ཡེ་ཤེས་ནི་དེའི་ངོ་བོ་སྟེ། དོན་དམ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་པར་ཡང་གསུངས་ཤིང༌། རང་བཞིན་གནས་རིགས་གནས་གྱུར་པ་ཡིན་ནོ། །དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་ཀུན་གཞིའི་གསལ་ཆ་ཡིན་ཏེ། དེའི་ངོ་བོ་ལ་རྣམ་ཤེས་ཚོགས་བརྒྱད་ལྟར་གནས་གྱུར་རྒྱུ་མེད་ཀྱང༌། སྔར་དེ་བག་ཆགས་གསོག་
པའི་རྟེན་དང་འདྲེ་ཞིང་གནས་པ་ལས། ཕྱིན་ཆད་བག་ཆགས་ཀྱི་རྟེན་ཀུན་གཞི་རྣམ་ཤེས་དེ་དེས་སྤངས་པ་ལ་གནས་གྱུར་པ་ཞེས་མིང་བཏགས་པའོ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཞེས་གསུངས་པའི་རྡོ་རྗེ་ཅན་ནི་འོད་གསལ་བ་ཡིན་ལ། རྣལ་འབྱོར་པ་མཆོག་ཅེས་སྐྱེས་བུར་བཤད་པས་སྒྲིབ་པ་ལས་གྲོལ་བ་ཙམ་གྱི་སྟོང་རྐྱང་གི་ཆ་ལ་འཇོག་པ་ནི་མི་ལེགས་སོ། །དེ་ལ་གནས་གྱུར་གྱི་ས་མཚམས་ནི། ས་བརྒྱད་པ་ཐོབ་པ་ནས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་དྲི་མ་མེད་པར་འགྱུར། ཉོན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྱོགས་མཐུན་ཐོབ་པ་ཡིན་ནོ། །སྤྱིར་མི་རྟོག་པའི་ཡེ་ཤེས་ཡིད་ཤེས་དང་མཚུངས་ལྡན་ཡིན་ཡང༌། ཉོན་ཡིད་གནས་མ་གྱུར་པ་དེ་སྲིད་དུ་ཡིད་ཤེས་ཀྱང་གཟུགས་སོགས་མེད་བཞིན་དུ་ཡོད་པར་སྣང་བས་ཕྱིན་ཅི་ལོག་ཏུ་འཇུག་ལ། ཉོན་ཡིད་གནས་གྱུར་ན་ཡིད་ཤེས་ཀྱང་གནས་གྱུར་ཏེ། སོར་རྟོག་ཡེ་ཤེས་རྗེས་མཐུན་པ་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་འགྱུར་རོ། །དབང་ཤེས་རྣམས་གནས་ཀྱང་འགྱུར་ཏེ་བྱ་སྒྲུབ་ཡེ་ཤེས་ཕྱོགས་མཐུན་ཙམ་ཐོབ་པ་ཡིན་ལ། དེ་ཡང་མདོ་སྡེ་རྒྱན་ལས། དོན་བཅས་འཛིན་པ་གཞན་གྱུར་ན། ཞེས་གསུངས་པས། འཛིན་པ་དབང་ཤེས་ལྔ་གནས་གྱུར་པས་གཟུགས་སོགས་གཟུང་བའི་དོན་ཡུལ་ལྔ་ཡང་གནས་
འགྱུར་བ་སྟེ། ཡུལ་གནས་གྱུར་པས་ཞིང་དག་པ་དང༌། དབང་ཤེས་གནས་གྱུར་པས་ཞིང་དེར་བདུད་རྩི་ལ་སོགས་པའི་འབྱོར་པ་ཐམས་ཅད་འབྱུང་བ་ཡིན་ནོ། །ཡིད་ཀྱི་འཁོར་དུ་གཙོ་བོར་འབྱུང་བའི་རྣམ་རྟོག་སེམས་བྱུང་ཐམས་ཅད་གནས་གྱུར་པས་སོ་སོ་རིག་པ་བཞིའི་ཡེ་ཤེས་སུ་འགྱུར་ཏེ། སེམས་ཅན་གྱི་དོན་ལ་ཐོགས་པ་མེད་པར་སྤྱོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། གནས་དོན་ལུགས་སུ་སྣང་བ་དག །ཅེས་གནས་འཇིག་རྟེན་གྱི་ཁམས། ལུས་སུ་སྣང་བ་དང་བཅས་པའི་ཀུན་གཞི་རྣམ་ཤེས་གནས་གྱུར་པས་སངས་རྒྱས་ཀྱི་ཡེ་ཤེས་དག་པ་གཉིས་ལྡན་མངོན་དུ་འགྱུར་བའོ། །ཀུན་གཞི་གཅིག་པུ་ལ་བག་ཆགས་གསོག་པའི་རྟེན་གྱི་ཆ་ནི་ཀུན་གཞི་རྣམ་ཤེས་དང༌། གསལ་རིག་གི་ཆ་ནི་རང་བཞིན་གནས་རིགས་ཏེ། གནས་གྱུར་ཡང་ལྡོག་ཆས་ཕྱེ་བ་མ་གཏོགས་སོ་སོར་མེད་དོ། །གནས་གྱུར་རྣམ་གཞག་རྒྱས་པར་གཞན་ལས་ཤེས་པར་བྱའོ། །གཉིས་པ་ནི། དེ་རྒྱུ་སོགས་ཏེ་བསྒོམ་བྱའི་ལམ། སྦྱང་གཞི་དང་སྦྱར་བ། སྦྱང་འབྲས་མངོན་དུ་བྱེད་ཚུལ། ཁུངས་མེད་ཀྱི་གཏན་ལ་དཔྱད་པའི་སྒོ་ཙམ་བསྟན་པའོ། །དང་པོ་ལ། སྤྱིར་མངོན་བྱང་དང་པོ་གཉིས་ལ་ཉི་ཟླ་ཁ་སྦྱོར་དང༌། ཟླ་བ་དཀར་དམར་ཁ་སྦྱོར་དང༌། ཟླ་བ་གཉིས་ལ་ཨཱ་ལི་ཀཱ་ལི་སོ་སོར་མཚན་པ་དང༌། ཟླ་བ་དམར་སྐྱ་ཨཱ་ལི་ཀཱ་ལིས་མཚན་པ་སོགས་སྣ་ཚོགས་ཡོད་ཀྱང་
རྒྱས་བསྡུས་མ་གཏོགས་དོན་གྱི་སྒོ་ནས་འདྲའོ། །དེས་ན་ཟླ་བ་ལས་བྱང་ཆུབ་པ་ཨཱ་ལིའི་དེ་ཉིད་དང༌། ཉི་མ་ལས་བྱང་ཆུབ་པ་ཀཱ་ལིའི་དེ་ཉིད་དང༌། ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པ་དང༌། གཅིག་ཏུ་འདྲེས་པའི་བདག་ཉིད་ལས་བྱང་ཆུབ་པ་དང༌། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་སྟེ། དེ་རྣམས་ཀྱི་སྒོམ་ཚུལ་ནི་མངོན་རྟོགས་སུ་གསལ་ལོ། །གཉིས་པ་ནི། ཟླ་བ་ནི་ཕའི་ཁུ་བ་མཚོན་ལ། དེའི་རྒྱུ་དབྱངས་ཡིག་སོ་གཉིས་སུ་མཛད་པ་ནི། སྤྱིར་དབྱངས་ཡིག་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་མཚོན་ཞིང༌། བཅུ་དྲུག་འབྱུང་བ་ནི་ཐིག་ལེ་དེ་ཡང་འཕོ་བ་བཅུ་དྲུག་གི་ཆ་ཤས་ཡིན་པ་མཚོན་ཞིང༌། བཅུ་དྲུག་པོ་དེ་ཡང་ཟླ་བ་ཡར་ངོ་མར་ངོ་གཉིས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་སམ། མན་ངག་གི་སྙེ་མ་ལྟར་ན་ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་པ་ལྟར། ཀུན་རྫོབ་རྟེན་ཐིག་ལེ་བཅུ་དྲུག་དང༌། བརྟེན་པ་སེམས་བདེ་བ་བཅུ་དྲུག་སྟེ་སོ་གཉིས་ཡིན་པར་བཞེད་དོ། །ཉི་མ་ནི་མའི་དམར་ཆ་མཚོན་ཏེ། དེའི་རྒྱུ་ཀཱ་ལི་བརྒྱད་ཅུ་བྱེད་པ་ནི། ཀཱ་ལི་ཉིད་རྡུལ་མཚོན་ཞིང༌། དེ་བརྒྱད་ཅུར་བྱེད་པ་ནི། རྡུལ་དེ་ལ་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་ཡོད་ཅིང༌། དེ་རེ་རེ་ལ་ཡང་འབྱུང་བ་བཞི་བཞིར་ཕྱེ་བས་ཉི་ཤུར་འགྱུར་ཏེ། སྡོམ་འབྱུང་ལས། གང་ན་གཅིག་ཉིད་གནས་པ་དེར། །བཞི་པོ་དེ་ཀུན་ཉེ་བར་གནས། །
ཞེས་གསུངས་སོ། །ཉི་ཤུ་པོ་དེ་ལ་རྟེན་ཐིག་ལེ་ལུས་ཀྱི་ཆོས་རེ་དང༌། བརྟེན་པ་བདེ་བ་སེམས་ཀྱི་ཆོས་རེ་རེས་ཕྱེ་བས་བཞི་བཅུ། དེ་རྣམས་ལ་ཀུན་རྫོབ་སྣང་བ་ཐབས་ཀྱི་ཆ་རེ་དང༌། རང་བཞིན་སྟོང་པ་དོན་དམ་གྱི་ཆ་རེ་རེས་དབྱེ་བས་བརྒྱད་ཅུའོ། །ས་བོན་དང་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་འདི་ནི། གལ་ཏེ་གོང་དུ་སྒོང་སྐྱེས་དང་མཚུངས་པ་རུས་སྦལ་ལྟ་བུར་སྒོམ་པ་ཡིན་ན་ཁམས་དཀར་དམར་གྱི་དབུས་སུ་སྲོག་གི་རླུང་ཆགས་པ་ནི་ས་བོན་དང༌། དེ་ལས་རྩ་དང་ཡན་ལག་འགྲུབ་པ་ནི་ཕྱག་མཚན་སོགས་དང་སྦྱོར་བ་ཡིན། འོན་ཀྱང་སྤྱིར་གདམ་ང་ཙམ་གྱི་རྣམ་གྲངས་སུ་བཤད་པ་མ་གཏོགས། འདི་གཙོ་བོའི་དོན་མ་ཡིན་ཏེ། གཞལ་ཡས་ཁང་བསྐྱེད་ཟིན་ནས་དེར་རྒྱུ་རྡོར་འཛིན་མངོན་བྱང་ལྔ་བསྐྱེད་བྱེད་པ་ཉིད་འདིར་དོན་གྱི་གཙོ་བོ་ཡིན་པས། འདིའི་ལྟར་ན་ཐོག་མར་ཡི་གེ་ཙམ་བར་དོའི་རླུང་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་དང༌། ཧཱུཾ་གི་ཆ་ལྔ་པོ་ནི་མངལ་གྱི་གནས་སྐབས་ལྔ་མཚོན་ཏེ། སྡོམ་འབྱུང་ལས། མི་བསྐྱོད་གཟུགས་ཀྱི་ནུར་ནུར་པོ། །མེར་མེར་པོ་ནི་རིན་ཆེན་འབྱུང༌། །དཔག་མེད་མགོན་ཡང་ལྟར་ལྟར་པོ། །དོན་ཡོད་གྲུབ་པ་གོར་གོར་པོ། །འཁྲང་འགྱུར་རྣམ་པར་སྣང་མཛད་དེ། རྣམ་པ་ལྔར་ནི་བསྟན་པ་ཡིན། །ཞེས་མངལ་གྱི་གནས་སྐབས་ལྔ་རིགས་ལྔ་དང་སྦྱར་ཞིང༌། དེ་ཡེ་ཤེས་ལྔ་དང༌། དེ་ཧཱུཾ་ལ་སྦྱར་བའི་རིག་པས་ཡིན་གསུང༌། རྡོ་རྗེ་ནི་ཡན་ལག་ཉིང་ལག་
དབང་པོ་རྣམས་དོད་པའོ། །ཡུམ་གྱི་ས་བོན་ཕྱག་མཚན་ཡང་འདི་གཉིས་ཀྱི་ཁོངས་སུ་བསྡུའོ། །ཐམས་ཅད་གཅིག་ཏུ་འདྲེས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རིམ་གྱིས་རྫོགས་ཏེ། བཙའ་བ་ལ་ཉེ་བའོ། །འདི་ལ་འོད་ཟེར་སྤྲོ་བསྡུ་ཡོད་པའི་དབང་དུ་བྱས་ན། འོད་ཟེར་སྣ་ལྔ་ནི་འབྱུང་བ་ལྔའི་རླུང་ཡིན་ལ། སངས་རྒྱས་བྱང་སེམས་ནི་ཕུང་ཁམས་སྐྱེ་མཆེད་རྣམས་ཏེ་འབྱུང་བ་ལྔའི་རླུང་གིས་ཕུང་ཁམས་སྐྱེ་མཆེད་རྣམས་ལྷག་པར་རྒྱས་པར་བྱེད་པའོ། །རུས་སྦལ་གྱི་ཚུལ་ལྟར་ན་འདི་སྒོང་རྒྱ་ལས་འབྱུང་འདོད་དང༌། དཀྱུས་ལྟར་ན་མངལ་ནས་འབྱུང་བར་འདོད་པ་ཚུན་ཆད་དོ། །ལྔ་པའི་ཕྱོགས་གཅིག་ནི་བཙས་པ་ན་ལུས་གཞན་གྱིས་མཐོང་བ་བཞིན་དུ་སྐུ་ཡོངས་སུ་རྫོགས་པའོ། །གསུམ་པ་ནི། གཟུགས་ཀྱི་སྐུ་ལ་མཚན་དང་དཔེ་བྱད་ངེས་པར་ཡོད་པས། རྒྱུའི་སྐབས་སུ་ཨཱ་ལི་སོ་གཉིས་མཚན་སོ་གཉིས་ཀྱི་ངོ་བོ་དང༌། ཀཱ་ལི་བརྒྱད་ཅུ་དཔེ་བྱད་བརྒྱད་ཅུའི་ངོ་བོར་སྒོམ་པའོ། །དེ་གཉིས་ཀྱིས་སྐུ་འགྲིབ་ཅིང༌། ཧཱུཾ་སོགས་ས་བོན་གསུང་རྡོ་རྗེའི་རྒྱུ་དང༌། རྡོ་རྗེ་སོགས་ཕྱག་མཚན་ཐུགས་རྡོ་རྗེ་འགྲུབ་པའི་རྒྱུ་གཅིག་ཏུ་འདྲེས་པ་ནི་སྐུ་གསུང་ཐུགས་གསུམ་མི་ཕྱེད་པ་དེ་ལས་སྐུ་རྫོགས་པ་ནི། སྒོ་གསུམ་མི་ཕྱེད་དབྱེར་མེད་པ་ཟུང་འཇུག་གི་སྐུ་རྡོ་རྗེ་འཆང་ཆེན་པོའོ། །རྒྱུའི་དུས་སུ་ཁུ་ཁྲག་གི་ནང་དུ་སེམས་འཇུག་པ་ནི་ལུས་འགྲུབ་ཚུལ་ཡིན་ལ་ཁུ་ཁྲག་ལས་ལུས་
འགྲུབ་པ་དང༌། ངག་རླུང་གི་ཡི་གེའི་ཆོས་སུ་འབྱུང་བ་དང༌། སེམས་མཚན་མའི་རྣམ་པར་འབྱུང་བ་དང༌། ལུས་སེམས་དབྱེར་མི་ནུས་པ་ལ་སྐྱེས་བུར་འདོགས་པ་དང་ཆོས་མཚུངས་སྦྱོང་བྱེད་ཡིན་ཏེ། འདིར་དག་ཡིད་ཀྱི་ཆོས་ཡོད་ཀྱང་གཙོ་བོར་སྐུ་འགྲུབ་ཚུལ་ཡིན་པས་སྐུ་འགྲུབ་ཚུལ་དང་སྦྱར་བ་དེ་ལྟར་བསྟན་པ་ནི་རྣམ་གྲངས་དང་པོའོ། །ད་ནི་ཐུགས་འགྲུབ་ཚུལ་དང་སྦྱར་བར་བྱ་སྟེ། ཟླ་བ་ནི་བདེ་བ། ཉི་མ་ནི་གསལ་སྟོང་གི་ཡེ་ཤེས། ཁ་སྦྱོར་ནི་མཉམ་ཉིད། ས་བོན་ནི་རང་རིག་པ། ཕྱག་མཚན་ནི་མ་འདྲེས་པར་མཁྱེན་པའི་ཡེ་ཤེས། གཅིག་གྱུར་ཤེས་པ་དང་ཤེས་བྱ་གཅིག་ཏུ་གྱུར་པ་སྟེ་གཟུང་འཛིན་དབྱིངས་སུ་དག་པ། སྐུ་ཡོངས་རྫོགས་ནི་དེ་ཉིད་ཡེ་ཤེས་ཀྱི་སྐུར་སྣང་བ་སྟེ། ཡང་ན་ཟླ་བ་དཀར་པོ་རང་བཞིན་སྐྱོན་གྱིས་གོས་པ་མེད་པ། སེམས་ཀྱི་ངོ་བོ་སྒྲིབ་གཉིས་ཀྱི་རང་བཞིན་དུ་གདོད་ནས་སྐྱེ་མ་མྱོང་བ་སྟེ། སེམས་ཀྱི་ངོ་བོ་ཡང་སྟོང་པ་ཙམ་གྱི་ཆ་ནས་མི་འཇོག་གི་རིག་སྟོང་གི་ངོ་བོ་ལ་འཇོག་གོ །ཉི་མ་དམར་པོ་བདེ་བ་དང་སྙིང་རྗེས་རྗེས་སུ་ཆགས་པ་མཚོན་ཞེས་ཀྱང་གསུངས་ཏེ་རྣམ་གྲངས་གཉིས་པའོ། །འདིར་གཙོ་བོའི་དོན་ནི་ཡེ་ཤེས་ལྔ་དང་སྦྱར་བ་སྟེ། ཟླ་བ་ནི་ཀུན་གཞི་གནས་གྱུར་མེ་ལོང་ཡེ་ཤེས་ཏེ། སམྤུ་ཊི་དང༌། རྡོ་རྗེ་རྩེ་མོ་གཉིས་དགོངས་པ་དང་དབྱངས་གཅིག་པར། ཡིད་གཉིས་ཀུན་ནས་རྣམ་གྲོལ་བ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །
ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཡིད་གཉིས་སོགས་མཐོང་བས་སྤང་བྱ་རྣམས་དང༌། ཡང་དག་མིན་རྟོག་ཐམས་ཅད་དེ་སེམས་སེམས་བྱུང་གཉིས་སྣང་ཅན་གྱི་རབ་རིབ་སྤངས་ཏེ་རང་བཞིན་ཉོན་མོངས་སོགས་དྲི་མ་ཀུན་ནས་འདས་པའི་མེ་ལོང་ཡེ་ཤེས་དེ་ཟླ་བ་དཀར་ཞིང་དྲི་མས་མ་གོས་པ་དང་འདྲའོ། །ཉི་མ་ནི་ཉོན་ཡིད་གནས་གྱུར་མཉམ་ཉིད་ཡེ་ཤེས་ཏེ། ཉོན་ཡིད་བདག་ཏུ་སྒྲོ་འདོགས་པའི་རྣམ་པ་ཅན་དེ་གནས་གྱུར་པ་བདག་གཞན་མཉམ་ཉིད་དུ་གཟིགས་པའི་ཡེ་ཤེས་དེས་སེམས་ཅན་ལ་ཆགས་པས་རྗེས་སུ་འཛིན་པ་ནི། སྙིང་རྗེས་སྡུག་བསྔལ་ཡང་དག་འབྱུང༌། །སེམས་ཅན་རྗེས་སུ་འཛིན་པའོ། །དགེ་བའི་ཆོས་ཀྱིས་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཉི་མས་མུན་པ་འཇོམས་པ་ལྟར། སེམས་ཅན་གྱི་ཉོན་མོངས་འཇོམས། སྣང་བས་ཕན་འདོགས་པ་ལྟར་རྗེས་སུ་འཛིན། དྲོད་ཀྱིས་གདུང་བ་དང་བཅས་པ་ལྟར་སྙིང་རྗེས་གདུང་བའོ། །ཕྱག་མཚན་ནི། ཡིད་གནས་གྱུར་སོར་རྟོག་ཡེ་ཤེས་ཏེ། བྱང་ཆུབ་སྤྱོད་པ་དེ་བཞིན་དུ། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་སྣང་གནས་པ། །དེ་ཡི་ནང་གི་ཕྱག་མཚན་བརྟགཅེས་ཏེ། ཟླ་ཉི་སོགས་ཐུན་མོང་གི་རྒྱུ་ཡིན། ཕྱག་མཚན་སོ་སོར་ངེས་པ་དང་རང་བཞིན་མ་
འདྲེས་པར་མཁྱེན་པའོ། །མངོན་བྱང་བཞི་པ་གཅིག་གྱུར་ནི་དབང་ཤེས་ལྔར་གནས་གྱུར་པ། བྱ་སྒྲུབ་ཡེ་ཤེས་ཏེ་ཐམས་ཅད་འདྲེས་པ་སྒོ་ལྔའི་རྣམ་ཤེས་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་འདྲེས་པ་དང༌། ཡེ་ཤེས་གཞན་ཐམས་ཅད་ཀྱི་ལས་བྱེད་པ་ཡིན་པ་ཆོས་མཚུངས་སོ། །མངོན་བྱང་ལྔ་པ་སྐུ་ཡོངས་རྫོགས་ནི། རིགས་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཏེ་སྐུ་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་རྫོགས་པ་ཆོས་མཚུངས་པའོ། །དཔལ་སམྤུ་ཊི་ལས་གསུངས་པ་ནི། གྲུ་གསུམ་རྒྱ་ཆེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ནི་ཨ་སོགས་གཟུགས་ཀྱི་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཞེས་པའི་ཡོན་ཏན་གྱི་གནས་ནི་མེ་ལོང་ལྟ་བུའི་ཡེ་ཤེས། གྲུ་གསུམ་སོགས་ཆོས་འབྱུང་གི་ནང་དུ་སྒོམ་པ་སྟེ། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་གྱི་དོན་ནོ། །ཟླ་བ་གཉིས་པ་སེམས་ཅན་རྗེས་སུ་འཛིན་པའོ། །དགེ་བའི་ཆོས་ཀྱིས་ཡང་དག་གང༌། །ཉོན་མོངས་ཐམས་ཅད་ངེས་པར་གནོད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །འདིར་ཡང་སྐར་མའི་རྣམ་པས་ནི། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །གཟུགས་ཀྱི་གཟུགས་བརྙན་ལྟ་བུ་ཡི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །འདི་ནི་ཟླ་བ་དམར་པོ་སྟེ། །མཚོན་དོན་ཉི་མ་དང་འདྲའོ། ཁ་ཅིག་སྐར་མའི་གཟུགས་ཞེས་པས། །
ཀཱ་ལི་རྣམས་དང༌། དེས་མཚོན་ནས་ཟླ་བ་འདི་ཡང་དཀར་པོ་ཡིན་པར་བཞེད་པ་དང༌། ཀྱཻ་རྡོར་གྱི་འགྲེལ་པ་ཀུ་མུ་ཊིར། ལྷ་མོའི་ཡན་ལག་དང་ཉིང་ལག་གི་གཟུགས་ཟུར་གསུམ་གྱི་ཟླ་བ་གཉིས་པ་ཞེས་བཤད། ཟླ་བ་ཟུར་གསུམ་གྲུ་གསུམ་རྒྱ་ཆེའི་དོན་ཡིན་ཞེས་བླ་མ་གོང་མ་འགའ་རེ་བཞེད། སྐར་མ་ནི་མིག་དམར་ལྟར་དམར་བ་དང༌། པདྨར་གནས་པའི་ཐིག་ལེ་སྦྱོང་བྱེད་ཡིན་པས། ཆོས་འབྱུང་ལ་གནས་པ་ཆེད་དུ་སྨོས་དགོས་བྱུང་བས་གྲུ་གསུམ་སོགས་གསུངས་པར། ཨ་བྷཱ་ཡ་ཀ་རའི་ཞལ་སྔ་ནས་བཞེད་པ་ནི་མི་ཐུབ་ཟླ་བའི་འགྲེལ་པའི་དོན་དང་ཡང་གཅིག་པས་རང་ལུགས་འདིའོ། །ཟུར་གསུམ་གྱི་ཟླ་བ་ཞེས་པ། གཞོང་པའི་ཟན་ཞེས་པ་ལྟ་བུ་ཡིན་པས་ལྷ་མོའི་ཡན་ལག་པདྨ་ལ་གནས་པའི་ཐིག་ལེ་དཀར་དམར་གྱི་དོན་ཏེ། མི་ཐུབ་ཟླ་བ་རང་གི་གཞུང་ལས། ལྷ་མོའི་གཟུགས་ཀྱི་ཡན་ལག་ནི། །གྲུ་གསུམ་དུ་ནི་ཟླ་བ་ལྟ། །ཞེས་པས་གསལ་ལོ། །འགར་སྟོན་ལ་རྡོག་ཏུ་འཁྲུལ་པ་ཁ་ཅིག་དགག་པ་གཏོང་སྟེ་སྙིང་པོ་མེད་པ་ཤ་སྟག་གོ །བྱང་ཆུབ་ཕྱི་མ་གསུམ་ནི་སྔ་མ་དང་འདྲའོ། །ལུང་རྣམས་དང་མཐའ་དཔྱོད་བྲིས་ན་མང་པར་འགྱུར་བས་འདི་རྣམས་ལ་དང་པོ་སེམས་སོར་རྟོག་ལས་བྱང་ཆུབ་པ་སྟེ། སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འཇུག་པ་རབ་ཀྱི་མཐར་སོན་པ་རྒྱུན་མཐའི་དུས་སུ་འབྱུང་བའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་
ལས་བྱང་ཆུབ་པ་སྟེ། བདེ་བ་ཆེན་པོ་དོན་དམ་བྱང་སེམས་རབ་མཐར་ཐུག་པའོ། །གསུམ་པ་བརྟན་པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པ་སྟེ། བདེ་སྟོང་དེས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་སྒྲིབ་པ་དང་གདོད་ནས་བྲལ་བར་གཟིགས་པའོ། །བཞི་པ་ནི། རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ་སྟེ། དེར་ཡུལ་ཡུལ་ཅན་དབྱེར་མེད་དུ་གཟིགས་པ་བདེ་སྟོང་དང་རང་རིག་རང་བཞིན་གྱི་དག་པ་དབྱེར་མེད་མཐར་ཐུག་པར་གཟིགས་ཏེ། འདིས་མ་རིག་བག་ཆགས་ཀྱི་ས་སྤོང༌། ཀུན་གཞི་གནས་གྱུར། སྤང་བྱ་ཐམས་ཅད་སྤོང་བའོ། །ལྔ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་བུ་ལས་མངོན་པར་བྱང་ཆུབ་པ་ནི། དབྱེར་མེད་མཐར་ཐུག་པའི་གཟིགས་པ་དེ་ཉིད་ལོངས་སྤྱོད་རྫོགས་སྐུའི་སྐུ་དང༌། ཞིང་དང་ཡོ་བྱད་མ་འགགས་པར་ཤར་བ་སྟེ་སྐུ་ལོངས་སྐུ། ཐུགས་ཆོས་སྐུ་འགྲུབ། སངས་རྒྱས་ཐོབ་ཟིན་པའོ། །དེ་ལ་ལྔ་པོ་འདིའི་མིང་དང༌། ང་རྒྱལ་བཟུང་བའི་སྔགས་རྣལ་འབྱོར་རྒྱུད་དང་འདྲ་ཡང་དོན་མི་འདྲ་སྟེ། དམིགས་པ་སོགས་ཀྱང་མི་གཅིགརྣལ་འབྱོར་རྒྱུད་ཀྱི་དེ་ལ་སྦྱར་གཞི་དང་ཡང་མི་སྦྱོར། འབྲས་བུ་འགྲུབ་ཚུལ་ཡང་མི་འདྲ་སྟེ་འོག་ཏུ་འཆད་དོ། །ཀྱཻ་རྡོར་སྐབས་སུ། རྗེ་བཙུན་དམ་པ་ས་སྐྱ་པ་གོང་མ་རྣམས་ཟླ་བ་ཁ་སྦྱོར་མཉམ་སྦྱོར་དང༌། ཉི་ཟླ་ཁ་སྦྱོར་མི་མཉམ་སྦྱོར་ཞེས་གསུང་ངོ༌། །འདིར་སློབ་དཔོན་ནག་པོ་སྤྱོད་པའི་སྒྲུབ་
ཐབས་ཀྱི་ཚིག་ཏུ་བསྐྱེད་ཆོག་མི་གསལ་ཡང་ལུགས་འདི་གཉིས་ཀ་རུང་བར་མངོན་ནོ། །བཞི་པ་ནི། དབྱིངས་དང་ཡེ་ཤེས་རྒྱས་བཏབ་ཕྱིར། །སོགས་ཀྱི་རྣམ་གཞག་མང་པོ་བྱེད་མོད། ཧ་ཅང་ནུས་པ་ཆེ་བར་མ་མཐོང་ལ། དེ་དག་ཚང་བར་བླ་མ་སྔ་རབས་རྣམས་ཀྱི་གསུང་ལ་མ་མཐོང་བས་བར་སྐབས་སུ་བྱུང་བའི་གཏམ་ཡིན་ལ་ཕྱིས་དེ་དག་ལ་བཤད་ཡམས་སུ་དཔྱད་པ་རྒྱས་པར་བྱེད་པ་ལྟར་བྱས་ཏེ་མཐར་རང་ལུགས་སུ་ཁས་བླངས་ནས། སླར་རྒྱུའི་དུས་སུ་གནས་པ་ལྟར་དབང་མངོན་བྱང་ལྔའི་ཚུལ་དུ་བསྐུར་བས་འགྲུབ་པའི་རྒྱུ་བྱེད། ལམ་བསྐྱེད་རིམ་དུ་དེ་ལྟར་བསྒོམས་པས་རྫོགས་རིམ་གྱི་སྨིན་བྱེད་དང༌། འབྲས་དུས་འཚང་རྒྱ་ཚུལ་ཡིན་པས་རྒྱུ་འབྲས་སུ་འགྲོ་བའི་བཤད་པ་དགོས། མཚོན་དོན་སྒྲིགས་པ་ཙམ་ལ་སྙིང་པོ་མེད་དོ། །ཞེས་མཚོན་དོན་སྒྲིགས་པ་འགའ་ཞིག་རང་ལུགས་སུ་ཁས་བླངས་ནས། དེ་འདྲ་སྙིང་པོ་མེད་ཅེས་རང་གིས་རང་ལ་ཅོ་འདྲི་བ་སྟེ། ཕྱི་རབས་ཀྱི་མཁས་པ་དག་གིས་ཆོས་མཐུན་ཙམ་ལ་སྙིང་པོ་མེད་ཟེར་བས་ཡིད་དྲངས་ཏེ་བརྗོད་འདོད་ཀྱི་དབང་གི་རྗེས་སུ་ཟློས་པའོ། །ཆོས་མཐུན་ཙམ་ཞིག་ཀ་མིན་ན་མཉམ་སྦྱོར་མི་མཉམ་སྦྱོར་རེ་རེས་རྫོགས་རིམ་ཡོངས་རྫོགས་ཀྱི་སྨིན་བྱེད་དུ་མི་འགྲོ་བའི་སྐྱོན་བཟློག་ཏུ་མེད་དེ། དེ་ལ་སོགས་པ་མཐའ་ཡས་པ་ཞིག་གོ །འདིར་སྨྲས་པ། དོན་གྱི་གཙོ་བོ་འཁྲུལ་གྱུར་ན། །གནད་
རྣམས་འཁྲུལ་འགྱུར་དེ་དགག་བྱ། །ངེས་མེད་གཏམ་གྱི་ལན་བརྗོད་ན། །དུས་ཀྱང་གྲོན་དུ་མི་འགྱུར་རམ། གཉིས་པ་འབྲས་བུ་ཞལ་ཕྱག་རྫོགས་པ་ནི། རྡོ་རྗེ་འཛིན་ཞེས་པས་རྒྱུ་རྡོ་རྗེ་འཛིན་པ་སྟེ། སྐུ་མདོག་དཀར་པོ་ནི། གཞིའི་དུས་སུ་སེམས་རང་བཞིན་གྱིས་འོད་གསལ་བ་དྲི་མས་མ་གོས་པ་དང༌། འབྲས་དུས་ཐུགས་དག་པ་གཉིས་ལྡན་དང༌། ཁ་དོག་དཀར་པོ་ཚོན་ཐམས་ཅད་ཀྱི་གཞི་ཡིན་པ་བཞིན་དུ། ལོངས་སྤྱོད་རྫོགས་སྐུ་ཡང་སྤྲུལ་པ་ཐམས་ཅད་ཀྱི་སྤྲུལ་གཞིའི་སྐུ་ཡིན་པ་མཚོན། ལུགས་འདི་ལ་ངེས་པར་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཡིན་ཏེ། རྒྱུད་དང་སྒྲུབས་ཐབས་གཉིས་ཆར་དུ། །སྐུ་མདོག་དཀར་པོ་ཁྲོ་བོ་ཆེ། །ཞེས་གསུངས་པས་སོ། །སྤྱིར་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བྱེད་པ་ཡང་འགའ་ཞིག་ཏུ་འབྱུང་སྟེ། ཆོས་ཉིད་མི་འགྱུར་བ་མཚོན་པ་ཡིན་ཞེས་གསུང་ངོ༌། །འདིའི་ཞལ་ཕྱག་གི་གྲངས་ནི་སྣ་ཚོགས་པར་འདོད་པ་བྱུང་བ། སྤྱིར་ཁུངས་ཞིག་ཡོད་ན་མི་འགལ་མོད། །འོན་ཀྱང་ཞལ་བཞི་ཕྱག་བཞི་པ་རྩ་བར་གསུངས་པས། རྒྱུ་རྡོ་རྗེ་འཛིན་པ་ཡང་རྩ་བའི་ལྷ་ཡིན་པས་དེ་ལྟར་འགྲིག་ཅིང༌། དུས་མིན་འཆི་ལས་རྣམ་རྒྱལ་ཞིང༌། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་རྩ་རྒྱུད་ལས་གསུངས་པ་སློབ་དཔོན་གྱི་སྒྲུབ་ཐབས་སུ་རྒྱུ་རྡོར་འཛིན་གྱི་ཕྱག་མཚན་སྟོན་བྱེད་དུ་གྲངས་པ་ཕྱག་བཞི་པའི་དབང་དུ་
མཛད་དེ། རྩ་ཕྱག་འབྲས་བུ་རྡོར་འཛིན་དང་འདྲ་བས་དོགས་པ་ཆུང་བའི་དབང་དུ་བྱས་ཤིང༌། ཕྱག་ལྷག་མ་གཉིས་ཀྱི་ཕྱག་མཚན་སྟོན་བྱེད་དུ་སྣང་བས་སོ། །ཕྱག་བཞི་ནི་སོ་སོ་ཡང་དག་པར་རིག་པ་བཞིའམ་བསྡུ་བའི་དངོས་པོ་བཞི་དག་པའོ། །སྐུ་ཡོངས་སུ་རྫོགས་པ་ནི་མངོན་བྱང་ལྔ་པ་ཡིན་ན། སོ་སོར་འབྱེད་པ་མི་རིགས་སོ་སྙམ་ན། སྐུ་དེར་འགྲུབ་བཞིན་པ་མངོན་བྱང་ལྔ་པར་འཇོག་ལ། གྲུབ་ཟིན་ནས་གསལ་འདེབས་པ་འབྲས་བུའི་སྐབས་སུ་འཇོག་གོ །གསུམ་པ་ལ་མཁའ་གསང་བྱིན་གྱིས་བརླབས་པ་དང༌། བདེ་བ་ཆེན་པོའི་མཛད་པས་བར་སྲིད་དགུག་པའོ། །དང་པོ་ནི། སྒྲུབ་ཐབས་ནས་འབྱུང་བ་བཞིན་ཏེ། སྣ་རྩེ་གཉིས་སུ་ཡི་གེ་དྱཾ་དང་བྱཾ་གིས་མཚན་པ་བཤད་རྒྱུད་ནས་བཤད་པ་བཞིན་ཁ་བགང་བར་བྱའོ། །གཉིས་པ་ལ། བདེ་བ་ཆེན་པོའི་མཛད་པ་ནི། ཡབ་ཡུམ་སྙོམས་པར་འཇུག་པ་སྟེ། །འདོད་ཆགས་ཅན་ཞེས་སོགས་རྐང་པ་གཉིས་སོ། །དེ་ཡན་ཆད་ནི་རྒྱུ་རྡོ་རྗེ་འཛིན་པ་ཕ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །མངོན་རྟཽགས་ཀྱི་གཙོ་བོའི་སྐུ་གསུམ་ལམ་བྱེད་དང༌། སྲིད་པ་གསུམ་སྦྱོང་བྱེད་ཀྱི་དབང་དུ་བྱས་ན། སྲིད་པ་གསུམ་གྱི་ལྟོས་ས་ལྟོས་འཇོག་འབྲས་བུ་རྡོར་འཛིན་ལ་ལྟོས་ནས་འཇོག་དགོས་པས། ད་ལྟ་འབྲས་བུ་རྡོར་འཛིན་གྱི་རྒྱུ་བར་སྲིད་ཀྱི་ང་རྒྱལ་ལ་གནས་པས་དེ་དག་ཀྱང་བར་དོ་སྦྱོང་བྱེད་ཀྱི་ཁོངས་
སུ་འདུ་བ་ཡིན་ནོ། །མངོན་བྱང་ལྔ་བསྐྱེད་ཀྱི་སྐབས་སུ་སྐྱེ་སྲིད་འགྲུབ་ཚུལ་རྒྱས་པར་བཤད་པ་དེ་དག་ནི་རྒྱུ་རྡོ་རྗེ་འཛིན་པ་དགོས་ཀྱི་བར་དོ་དང་སྐྱེ་སྲིད་ཀྱི་དབང་དུ་བྱས་པ་སྟེ། རྒྱུ་རྡོ་རྗེ་འཛིན་པ་ཕ་མ་དང་མཚུངས་པ་ཡིན་ལ། སྦྱང་གཞི་དང་རྣམ་པ་མཐུན་པར་ཕ་དང་མའི་སྐྱེ་བ་འགྲུབ་ཚུལ་གྱི་དབང་དུ་བྱས་པ་ཡིན་ཏེ། མངོན་རྟོགས་གཅིག་ཉིད་ལ་ཡང་སྲིད་པ་སྦྱོང་ཚུལ་ལན་མང་དུ་བྱུང་བ་ནི། དེ་དང་དེའི་དྲི་མ་སྦྱོང་བ་ལ་མཐུ་ཆེ་བ་ཡིན་ནོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ནི། དྲི་ཟ་ཉེ་བར་གནས་པའི་རྐྱེན་གྱི་འདོད་པས་ཤིན་ཏུ་ནོན་པས། རྡོ་རྗེ་དང་པདྨ་སད་པར་གྱུར་པ་དེ་སྦྱོང་ཞིང༌། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པ་ནི་ཕ་མ་སྙོམས་པར་འཇུག་པའི་ཚེ། སེམས་རྒྱུད་བདེ་བས་བྱིན་གྱིས་བརླབས་པ་སྦྱོང་ཞིང༌། སྦྱོང་འབྲས་ལ་སྦྱར་ན་རྒྱུ་རྡོར་འཛིན་དུ་བཞེངས་པ་ལོངས་སྐུ་འགྲུབ་པ་དང༌། མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་འཇུག་པ་ནི་སྤྲུལ་པའི་སྐུ་སྤྲུལ་པར་བཞེད་ནས། འཁོར་གྱི་དཀྱིལ་འཁོར་དུ་འདོད་ཆགས་ཆེན་པོས་རྣམ་པར་རོལ་པ་དང་མཚུངས་པ་ཡིན་ལ། དག་རྫོགས་ཀྱི་རིམ་པས་ལམ་དུ་འཁྱེར་ཚུལ་ནི་གོང་བཞིན་ནོ། །འདིའི་རྗེས་སུ་སྙིང་རྗེའི་དབང་བསྐུར་བྱེད་པ་ལྭ་བ་པའི་རྒྱུད་འགྲཻལ་ནས་འདྲེན་པ་ནི་གསང་འདུས་ཞབས་ལུགས་ཀྱི་རྒྱས་བཀབ་སྟེ་དེ་ལྟར་བྱས་པས་སྤྱིར་རུང་མོད་ཀྱང༌། འདིའི་ལུགས་ནི་མ་ཡིན་པས་མི་དགོས་སོ། །
གཉིས་པ་ལ་བར་སྲིད་འཇུག་པ་དང༌། ཞུ་བ་གླུས་བསྐུལ་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །དང་པོ་ནི། ནཱ་ད་ཞེས་སོགས་ཏེ་འདོད་ཆགས་ཆེན་པོས་འདུལ་བར་བྱ་བའི་སེམས་ཅན་རྣམས་འཁོར་ལོ་བདེ་མཆོག་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས་སྙོམས་འཇུག་མཛད་པར་བསམ་མོ། །སྐུལ་བྱེད་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་གྲོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་ཏུ་ངོ་བོ་ནམ་མཁར་གནས་པའི་ནཱ་ད་བར་དོའི་རྣམ་ཤེས་ཀྱི་རང་བཞིན་དེ་རྐྱེན་སངས་རྒྱས་ཡབ་ཡུམ་འདོད་ཆགས་ཆེན་པོའི་མཛད་པ་རྨད་དུ་བྱུང་བ་མཐོང་བའི་རྐྱེན་གྱིས་བསམ་པ་སྤྲུལ་པའི་སྐུར་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པས་འཇུག་ཚུལ་སྐར་མདའ་འཕོ་བ་བཞིན་དུ་ལམ་རྒྱུ་རྡོ་རྗེ་འཛིན་པའི་ཞལ་ནས་ཞུགས་ཏེ། སངས་རྒྱས་ཐམས་ཅད་དང་ལྷན་ཅིག་ཏུ་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས། ཡུམ་གྱི་པད་མར་ལྷུང་བ་ལས་ཐིག་ལེ་དཀར་དམར་རོ་གཅིག་ཏུ་འདྲེས་པ་ནི་དྲི་ཟའི་སེམས་ཅན་གྱི་སྐྱེ་སྲིད་དུ་བཟུང་བ་སྦྱོང་བ་ཡིན་ནོ། ཁ་ཅིག་ཕྱོགས་བཅུའི་སངས་རྒྱས་རྣམས་ཉིད་བར་སྲིད་ཀྱི་ངོ་བོར་འདོད་པ་དང༌། འགའ་ཞིག་གིས་མངོན་དུ་གཞལ་ཡས་ཁང་ལ་ནཱ་ད་ཐིམ་པར་བྱེད་དེ། གཉིས་ཆར་ལ་ལུང་རིགས་ཀྱིས་གནོད་ཅིང༌། འགའ་ཞིག་བར་དོ་ཆ་གཉིས་སུ་
འཇོག་པ་ལ། གཞིའི་དུས་སུ་བར་དོ་གཉིས་རྒྱུད་གཅིག་ལ་མི་ཡོང་བས་མི་འཐད་ཅེས་པ་དང༌། རྟེན་གྱི་དཀྱིལ་འཁོར་གྱི་རྒྱུར་རང་སེམས་བསྲེ་བ་ནི། སྣོད་ཀྱི་འཇིག་རྟེན་ལ་སེམས་མེད་པས་མི་རུང་སྙམ་པ་ནི་ཤིན་ཏུ་འབྱམས་པའི་རྣམ་རྟོག་སྟེ། སྦྱང་གཞི་ལ་ཕ་མའི་ལུས་བཞིན་ལག་གི་རྣམ་པ་ཅན་ཐིག་ལེ་གོར་གོར་པོ་རུ་སོང༌། དེ་ཉིད་བུར་འགྲོ་བ་མི་སྲིད་ཀྱང་དེ་སྦྱོང་བ་ལ་ལམ་དུ་དེ་ལ་སྒོམ་དགོས་པས། དེ་ལྟར་གཞི་དང་མ་མཐུན་པ་ནི་ཡོན་ཏན་ཡིན་གྱི་སྐྱོན་མ་ཡིན། སྣོད་ཀྱི་འཇིག་རྟེན་ལ་སེམས་མེད་ཅེས་པ་ཡང་ཕྱི་རོལ་གྱི་འཇིག་རྟེན་འདི་སེམས་ཅན་ཡིན་པར་ནི་ཁོ་བོ་ཅག་ཀྱང་མི་འདོད། དེ་དག་ལ་སེམས་བསྲེ་བའི་དམིགས་པ་བྱེད་པ་ཙམ་ལས་ལྷག་པ་སྣང་བ་ཐམས་ཅད་སེམས་ཀྱི་སྣང་བ་ལས་ཕྱི་དོན་དུ་གྲུབ་པར་མེད་པར་ཁས་ལེན། ཕྱིའི་ཡུལ་སྣང་ལ་སེམས་བསྲེ་བ་མི་འཐད་ན། ཁྱེད་དག་སྣང་བ་ཐམས་ཅད་ཧེ་རུ་ཀར་བསྒོམ་ཞེས་པའི་ཚིག་ཙམ་ནི་ཁས་ལེན་པར་སྣང་བས་བེམ་པོའི་རང་བཞིན་གྱི་ཧེ་རུ་ཀ་ཞིག་སྒོམ་མམ་ཅི། གཞན་ཡང་འདི་དག་ལ་མང་དུ་བརྟག་པར་བྱར་ཡོད་དོ། །དེས་ན་འདིར་རུས་སྦལ་གྱི་ཚུལ་ལ་ནི། འབྱུང་བཞི་རི་རབ་མངོན་བྱང་ལྔ་སོགས་བསྐྱེད་པའི་སྐབས་དེ་རྣམས་ལ་རང་གི་སེམས་ཀྱི་སྣང་བ་ཙམ་བསྲེ་ཞིང༌། རང་ཉིད་ཡིན་པའི་ང་རྒྱལ་ཡང་འཇུག་པ་ཡིན་ལ། དཀྱུས་ལྟར་ན། མངོན་བྱང་
གསུམ་པའི་ཚེ་སེམས་སྣང་བསྲེ་ཞིང་ང་རྒྱལ་ཡང་འཇུག་པ་ཡིན་ལ། རྒྱུ་རྡོ་རྗེ་འཛིན་པ་ལ་ལྟོས་པའི་བར་དོ་འཇུག་མཚམས་ཡང་དེ་ཉིད་ཡིན་ནོ། །འདི་ལ་ནམ་མཁའི་ནཱ་ད་ནས་ཆ་གཅིག་ཆད་དེ་ཐིམ་པ་ལ་སོགས་པ་ནི་མི་བྱེད་པའི་ལུགས་དེ་ཉིད་གཞུང་གི་དགོངས་པར་མངོན་ནོ། །གཉིས་པ་ནི། བར་སྲིད་ཞུགས་ཤིང་ཐིག་ལེ་འདྲེས་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་ཀྱང་ཐིག་ལེར་ཞུ་བ་ནི། དྲི་ཟ་ཞུགས་པའི་རྐྱེན་གྱིས་འཛག་བདེ་ལྷག་པར་ཐོབ་པས་རྣམ་རྟོག་གི་རྒྱུ་བ་རགས་པ་འགགས་པ་མཚོན་ཞྀང་ཐིག་ལེའི་ངོ་བོ་གཅིག་ཏུ་གྱུར་པས་ནི་སྐྱེ་སྲིད་བཟུང་བའི་སེམས་ཅན་དེ་མངལ་དུ་དང་པོར་ཁུ་ཁྲག་སེམས་གསུམ་རོ་གཅིག་ཏུ་འདྲེས་ནས་ཟླ་བ་གཅིག་གི་བར་དུ་སེམས་བརྒྱལ་བའི་ཚུལ་གྱིས་གནས་པ་དེ་སྦྱོང་བ་ཡིན་ནོ། །དེ་ལས་བསྐུལ་བ་ནི་ཐིག་ལེ་ལས་བྱུང་བའི་སངས་རྒྱས་ལྷ་མོ་དང་བཅས་པ་རྣམས་ཏེ། དེ་རྣམས་ཀྱིས་བསྐུལ་བ་ནི་མངལ་དུ་ཁམས་ལྔ་རང་རང་གི་རླུང་དང་བཅས་པ་རྣམས་ཀྱིས་མངལ་འཕེལ་བར་བྱེད་པ་ཡིན་ཏེ། སས་སྲ་བར་བྱེད། ཆུས་བསྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད། ནམ་མཁས་འཕེལ་བའི་སྐབས་སྦྱིན་པར་བྱེད་དེ། དེ་ལྟར་འབྱུང་བ་བཞིས་ཕན་འདོགས་པར་མཚོན་པ་ཡིན་ནོ། །གསུམ་པ་ལ་གཉིས་ལས། དང་པོ་མངལ་གྱི་གནས་སྐབས་ནི། བསྐུལ་བས་སོགས་ཏེ། དེ་
ལྟར་བསྐུལ་བའི་རྐྱེན་གྱིས་ཐིག་ལེ་དེ་ཉིད་ཆ་གཉིས་སུ་གྱུར་ཏེ། ཧཱུཾ་དང་ཨཾ་ཡབ་ཡུམ་གཉིས་སུ་གྱུར་པས་ནི་མངལ་གྱི་གནས་སྐབས་བཅུའི་རིམ་པས་ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པའི་བར་དུ་སྦྱོང་བ་ཡིན་ནོ། །གཉིས་པ་བཙས་པའི་གནས་སྐབས་ནི་འབྲས་བུའི་བདེ་མཆོག་སོགས་སོ། །ཡི་གེ་དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པ་སྟེ། སྐུ་ཙམ་གསལ་འདེབས་པ་ནི། བཙས་པ་ཙམ་དང༌། ཞལ་བཞི་པའི་སྔགས་བརྗོད་ཅིང་ཕྱོགས་བཞིའི་བགེགས་ཚར་གཅོད་པར་བསམ་པ་ནི་བཙས་མ་ཐག་ནས་སྣ་སྒོར་རླུང་རྒྱུས་ཏེ། དབུ་མའི་དབུགས་དང་བཅས་པས་འབྱུང་བ་བཞིའི་རླུང་དགུ་བརྒྱ་བ་ཕྲག་གཅིག་བདེ་བར་རྒྱུ་བས་འབྱུང་བའི་ཁམས་མི་འཁྲུགས་པར་བྱེད་པའོ། །དེ་ཡན་ཆད་སྦྱང་འབྲས་ལ་སྦྱར་ན། སེམས་ཅན་རྣམས་འདུལ་བའི་དོན་དུ་མཆོག་གི་སྤྲུལ་པའི་སྐུ་སྟོན་པར་བཞེད་དེ། བདེ་བ་ཆེན་པོ་རྗེས་སུ་ཆགས་པའི་ཡེ་ཤེས་དེ། སེམས་ཅན་རྣམས་ཀྱི་སྣང་ངོར་མངལ་བཟུང་བའི་ཚུལ་སྟོན་པ་དང༌། སྐུ་བལྟམས་ཏེ་ཕྱོགས་བཞིར་གོམས་པ་བདུན་བདུན་བོར་ཞིང་ངེས་པར་བརྗོད་པར་མཛད་པ་དང་མཚུངས་སོ། །གོང་མའི་ལམ་དང་སྦྱར་བ་ལ་འདི་ཡན་ཆད་ཀྱི་ལམ་ལྔ་རྫོགས་པའི་དབང་དུ་བྱས་ཏེ། དང་པོ་ཚོགས་བསགས་པའི་སྐབས་ནི་ཚོགས་ལམ། ནཱ་ད་ནམ་མཁར་གནས་པའི་སྐབས་ནི་སྦྱོར་ལམ། ཞུགས་
ཤིང་ཐིམ་པ་ནི་མཐོང་ལམ། རིམ་གྱིས་བཞེངས་པ་མངལ་གྱི་གནས་སྐབས་བཅུ་ནི་ས་བཅུ་སྟེ་སྒོམ་ལམ། འབྲས་བུ་རྡོར་འཛིན་དུ་བཞེད་ཟིན་པ་ནི་མཐར་ཕྱིན་པའི་ལམ་མོ། །རྫོགས་རིམ་གྱྀ་སྨིན་བྱེད་དུ་འགྱུར་ཚུལ་ནི། གོང་དུ་བཤད་པའི་རྩ་འཁོར་བཞི་དབུ་མ་དང་བཅས་པ་འབྱུང་བཞི་རི་རབ་དང༌། གདན་པདྨས་རྩ་འདབ་རྣམས་མཚོན་ཏེ། གང་ལ་གནད་དུ་བསྣུན་པའི་གཞི་བསྟན་ནས། དེ་ལ་གནད་དུ་བསྣུན་པས་ཡེ་ཤེས་འཆར་ཚུལ་ནི་ལྷ་དང་སྦྱོར་བ་ཡིན་ཏེ། ཉི་ཟླས་ནི་རྩ་འཁོར་དེ་རྣམས་སུ་ཁམས་དཀར་དམར་འདུ་འཕྲོད་ཀྱི་འབར་འཛག་འབྱུང་བ་དང༌། ས་བོན་རླུང་དང༌། ཕྱག་མཚན་རྣམ་རྟོག་ཐིམ་པ། གཅིག་ཏུ་འདྲེས་པས་སྟོང་པ་ཉིད། སྐུ་ཡོངས་རྫོགས་ནི་རྒྱུ་དེ་རྣམས་འདུས་པ་ལས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་འབྱུང་བའོ། །ཡང་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་འཇུག་པ་ནི་ཁམས་དཀར་དམར་གྱི་འདུ་འཕྲོད། ཞུ་བ་ནི་རྣམ་རྟོག་འགགས་པ། ས་བོན་ནི་རླུང་སེམས་བདེ་བས་བྱིན་གྱིས་བརླབས་པ། འབྲས་བུ་རྡོར་འཛིན་དུ་བཞེངས་པ་ནི། ཡན་ལག་བདུན་ལྡན་གྱི་ཡེ་ཤེས་ཐོབ་པ་སྟེ། དག་རྫོགས་སྨིན་གསུམ་གྱི་སྒོ་ནས་ལམ་དུ་འཁྱེར་བའོ། །སྤྲུལ་སྐུའི་རིང་ལམ་ཞེས་བྱ་བ་ནི་རྫོགས་རིམ་གྱི་སྤྲུལ་སྐུ་ལམ་བྱེད་རྣམས་ནི་འབྲས་བུ་ལ་ཉེ་བ་ཡིན་ལ། འདིར་ཡིད་ཀྱིས་བསྒོམས་པའི་ལྷ་སྐུ་ལ་མོས་པ་
བྱེད་པ་ནི་དེ་བས་ཆེས་རིང་བའི་དོན་ནོ། །ཐིག་ལེ་བཞི་ཞེས་སོགས་ལ་ཞལ་བཞིས་ནི་འཁོར་ལོ་བཞིའི་ཐིག་ལེ་དང༌། ཕྱག་བཅུ་གཉིས་ཀྱི་རླུང་འཕོ་བ་བཅུ་གཉིས་བསགས་པ་དང༌། ཞབས་གཉིས་ནི་དབུ་མ་དང་རྩ་ཡིད་བཟང་མ་དག་པའི་བདག་ཉིད་དེ། དེ་རྣམས་བསྒོམ་པས་རྫོགས་རིམ་གྱི་ཚེ་དེ་ལྟར་འགྲུབ་པའི་རྟེན་འབྲེལ་སྒྲིག་པའོ། །ཡང་ན་སྤྲུལ་སྐུ་སོགས་ཀྱི་དོན་འབྲས་དུས་སྤྲུལ་སྐུ་རགས་པའི་སྐུ་འཛིན་པ་ལྟར་སྣང་བ་སྐྱེ་བ་དང་རྣམ་པར་མཐུན་པ་ཡིན་ལ། དེ་དང་མཐུན་པར་བསྒོམ་པས་དག་རྫོགས་གོང་དང་འདྲ་ཞིང༌། རྫོགས་རིམ་སྣང་ཕྱོགས་ལྷ་སྐུས་རགས་པའི་ལུས་སོགས་མ་དག་པའི་སྣང་བ་ལ་དངོས་སུ་རྒྱས་འདེབས་པའི་སྨིན་བྱེད་དོ། །དེ་ནས་དྷརྨ་དྷཱ་ཏུ་སོགས་ཀྱི་ང་རྒྱལ་བཟུང་བ་ནི། བྱང་ཆུབ་མཆོག་གི་ང་རྒྱལ་བྱེད་པ་སྟེ། ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལྷ་སྐུར་ཤར་བ་དེའོ། །ཞཻས་པའི་དོན་ནོ། །གཉིས་པ་ཉེར་བསྒྲུབ་ནི། གོ་ཆ་གསུམ་སོགས་སོ། །དེ་ཡང་གོ་ཆ་འགོད་པ་སྟེ། གོ་ཆའི་ལྷ་བཅུ་གཉིས་ཀྱི་སྐྱེ་མཆེད་བཅུ་གཉིས་བྱིན་གྱིས་རློབ་པ་ཡིན་ལ། གནས་སྐབས་སུ་བགེགས་དང་བར་ཆད་མི་འཇུག་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །མངོན་བརྗོད་ལས། ལྷ་ཉིད་སྔགས་ཀྱི་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྟེར་བར་བྱེད། ཅེས་གསུངས་པས། འདི་རྣམས་ཞལ་ཕྱག་རྒྱས་པར་གསལ་ཐེབས་ཤིང་མོས་ན་བྱ།
མ་ཡིན་ན་ཡི་གེ་ཉིད་ལྷར་མོས་པས་ཀྱང་རུང་ངོ༌། །གོ་ཆ་གསུམ་ཞེས་པ་ནི། གོ་ཆ་གཉིས་དང་གོ་ཆ་ཆེན་པོ་ལུས་དཀྱིལ་ཏེ་གསུམ་མོ། །སྦྱང་གཞི་ལུས་ལ་སོགས་པའི་སྐྱེ་མཆེད་རྣམས་རིམ་གྱིས་འཕེལ་བ་དང༌། སྦྱངས་འབྲས་ནི་སྤྱན་ལ་སོགས་པའི་སྐྱེ་མཆེད་རྣམས་དེ་བཞིན་གཤེགས་པས་རྡུལ་ཕྲ་རབ་ཀྱི་ངོ་བོར་སྤྲུལ་པ་ཡིན་ནོ། །གསུམ་པ་སྒྲུབ་པ་ནི། གནས་གསུམ་དུ་སྔགས་དགོད་པས་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ཡིན་ལ། སྦྱང་གཞི་ནི་རིམ་གྱིས་ལུས་ངག་ཡིད་གསུམ་གྱི་ནུས་པ་འཕེལ་ཞིང་རྫོགས་པ་དང༌། སྦྱངས་འབྲས་ནི་རང་གི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་གནས་ལྔ་བྱིན་གྱིས་བརླབས་པ་ནི་འདིའི་ཡན་ལག་སྟེ། རིགས་ལྔས་བྱིན་གྱིས་བརླབས་པ་ཡིན་ལ། སྦྱང་གཞི་ནི་རྩ་དང་ཁམས་ཀྱི་ནུས་པ་ཆེར་འཕེལ་བས་ཉོན་མོངས་པ་དུག་ལྔ་རགས་པོར་གྱུར་པ་དང༌། སྦྱངས་འབྲས་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་སྟོན་པའོ། །དེ་ལྟར་སྐྱེ་མཆེད་དང་ལུས་ངག་ཡིད་གསུམ་གནས་ལྔ་རྣམས་བྱིན་གྱིས་བརླབས་པས་རིམ་པ་ལྟར་མིག་ལ་སོགས་པའི་རླུང་དང༌། ཁུ་བ་དང༌། ཁྲག་དང༌། སེམས་དང༌། རྩ་འཁོར་ལོ་བཞི་དང༌། བདེ་བ་སྐུལ་བྱེད་བརླའི་རྩ་བོ་ཆེ་རྣམས་བྱིན་གྱིས་བརླབས་པས་རྫོགས་རིམ་གྱི་ཚེ་དེ་དག་གི་རླུང་ཐིམ་སླ། རྩ་མདུད་གྲོལ་སླ། ཐིག་ལེ་རྒྱས་ཤིང་བརྟན་པའི་ནུས་པ་འཇོག །མངོན་ཤེས་ལྔ་ལ་སོགས་པ་
སྒྲུབ་བླ་བའོ། བཞི་པ་སྒྲུབ་ཆེན་ལ་གསུམ་གྱི་དང་པོ་ཡེ་ཤེས་སེམས་དཔའི་རྒྱས་བཏབ་ནི། ཡེ་ཤེས་སེམས་དཔའི་སོགས་ཏེ། སྔར་རང་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཀྱང་ངང་གིས་འཇུག་པའི་འདུ་ཤེས་ནི། རང་དང་སངས་རྒྱས་རྣམས་ཐ་དད་དང༌། རང་དམན་ཞིང་དེ་རྣམས་བཟང་བའི་འདུ་ཤེས་འབྱུང་བ་ལ་དམ་ཡེ་བསྲེས་པས་དེ་རྣམས་སྦྱོང་ཞིང་ཡེ་ཤེས་པའི་ང་རྒྱལ་ཏུ་ན་འཕོ་སྟེ། སྔར་རང་ཉིད་གསར་དུ་སངས་རྒྱས་པའི་ང་རྒྱལ་ཡོད་པ་ལས། འདིས་ཐོག་མ་མེད་པ་ནས་སངས་རྒྱས་ཐོབ་པ་ཞིག་ཡིན་པའི་ང་རྒྱལ་འབྱུང་ཞིང༌། སངས་རྒྱས་ཐམས་ཅད་ཀྱང་རང་ཉིད་ལ་འདུས་པའི་ངོ་བོར་མོས་པས། དེ་ཐམས་ཅད་ཀྱི་བྱིན་བརླབས་འཇུག་པའི་དགོས་པ་ཡོད། ང་རྒྱལ་དེ་ལྟར་འཕོ་བའི་ཕྱིར་སྤྱན་སོགས་ཆ་ཤས་རེ་རེ་ལ་དམིགས་ནས་ཀྱང་ང་རྒྱལ་བྱེད་དགོས་སོ། །སྦྱང་གཞི་ནི་འདོད་པའི་ཡུལ་ལ་ཉེ་བར་སེམས་པ་དང༌། ངེས་ཚིག་ལྡན་ཞེས་པ་ལ་སྦྱངས་འབྲས་ཀྱི་ངེས་ཚིག་ནི། འདོད་ཆགས་བྲལ་ཚུལ་གྱི་ངེས་ཚིག་སྟེ་འགྲོ་བ་འདུལ་བའི་ཕྱིར། ཏིང་ངེ་འཛིན་ཐོབ་པའི་འདུལ་བའི་སྡོམ་པ་ལ་བརྟེན་ནས་དཀའ་བ་སྤྱོད་པ་དང༌། འཇིག་རྟེན་པ་རྣམས་དང་ཐུན་མོང་བསམ་གཏན་སོགས་ཡོན་ཏན་མང་པོ་གསེར་དུ་ཐོབ་པའི་ཚུན་སྟོན་པའོ། །ལམ་གོང་མའི་སྨིན་བྱེད་ཀྱི་དབང་དུ་བྱས་ནས་འདོད་ཆགས་བྲལ་ཚུལ་གྱི་ངེས་ཚིག་སྟེ་རིགས་ལྔའི་
ངེས་དོན་གྱི་དམ་ཚིག་རྣམས་མངོན་དུ་འགྱུར་བའི་རྒྱུའོ། །དམ་ཡེ་བསྲེ་བ་བསྒྲུབ་པའི་ནང་དུ་བསྡུ་བ་ནི་གཞུང་དང་མི་མཐུན་པའི་བབ་ཅོལ་ལོ། །གཉིས་པ་དབང་བསྐུར་བ་ནི། དབང་བསྐུར་སོགས་ཏེ་རྫོགས་སངས་རྒྱས་ཞེས་པ་ངེས་ཚིག་གི་འཕྲོས་ཏེ། ཉེ་རྒྱུའི་དབང་གིས་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ཆོས་མཚུངས་པའི་མཐོང་ལམ་འགྲུབ་པ་དང་སྦྱར་རོ། །འཁོར་ལོ་བཞིའི་རྩ་སོགས་རྩ་ཁམས་ཐམས་ཅད་དག་ཅིང་བྱིན་གྱིས་རློབ་པ་དང༌། རིགས་བདག་རྩ་བའི་བླ་མ་ཡིན་པས་དེའི་བྱིན་རླབས་འཇུག་པའི་གནད་དོ། །སྦྱང་གཞི་རང་རང་གི་རིགས་ཀྱི་བྱ་བ་ལ་དབང་བསྐུར་བས་གནས་པ་དང༌། སྦྱངས་འབྲས་ནི་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་ཚུལ་སྟོན་པ་དང༌། དབང་གི་ཆུ་རྒྱུན་གྱིས་འགྲོས་ལྟར་ཐིག་ལེ་དབབ་ཟློག་གི་རིམ་པས་སྤྱི་བོར་བརྟན་པར་བྱེད་པའི་རྫོགས་རིམ་གྱི་སྨིན་བྱེད་དོ། །གསུམ་པ་ནི། སྒྲུབ་པ་ཆེན་པོ་དེའི་ཡན་ལག་མཆོད་པ་དང་རྗེས་ཆགས་གཉིས་ཡིན་ཏེ། དང་པོའི་སྦྱང་གཞི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པ་དང༌། སྦྱངས་འབྲས་སངས་རྒྱས་པའི་ཚུལ་བསྟན་ཟིན་པ་ན། ཁམས་གསུམ་གྱི་མཆོད་པའི་བཀོད་པ་རྒྱ་ཆེན་པོས་མཆོད་པར་འགྱུར་བ་མཚོན། གཉིས་པའི་སྦྱང་གཞི་ནི། ན་ཚོད་རྫོགས་ཏེ་འདོད་པའི་རྩེ་དགའ་དོན་དུ་གཉེར་བས་བུད་མེད་ལ་མངོན་པར་སེམས་ཤིང༌། བག་མ་ལེན་པ་དང༌། གཉིས་སྦྱོར་ལ་
འཇུག་པའོ། །སྦྱངས་འབྲས་ནི། སྤྲུལ་པའི་སྐུ་དེ་འདོད་ཆགས་ཆེན་པོའི་ལམ་ལ་མོས་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་ཡབ་ཡུམ་རྗེས་སུ་ཆགས་པའི་སྤྲུལ་པ་སྟོན་པའོ། །མཆོད་པ་དང་རྗེས་ཆགས་གོང་འོག་གང་དུ་བྱུང་ཀྱང་ལམ་གོང་མའི་སྨིན་བྱེད་ཀྱི་དབང་དུ་བྱས་ན་སྤྱོད་པ་དང་སྦྱོར་རོ། །ད་ནི་དེ་དག་གི་དགེ་འབྲས་བཤད་དེ། དེ་ལྟར་ཡན་ལག་བཞི་ལས་བསྙེན་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་རྡོར་འཛིན་དང་འདྲ་བའི་འབྲས་བུ་རྡོར་འཛིན་བསྐྱེད་པ་ནི་རྒྱུ་མཐུན་རྒྱུ་དང་འདྲ་བའི་དོན་ནོ། །ཉོན་ཡིད་གནས་གྱུར་དང༌། མེ་ལོང་ཡེ་ཤེས་མངོན་དུ་འགྱུར་བའི་རྒྱུ་བྱེད་དོ། །ཉེར་སྒྲུབ་རྣམ་སྨིན་གྱི་འབྲས་བུ་སྟེ་སྐྱེ་མཆེད་བྱིན་རླབས་ཡིན་ལ། སྐྱེ་བྱེད་རྣམ་སྨིན་གྱི་འབྲས་བུའི་ངོ་བོ་ཡིན་པས་སོ། །ཡིད་རྟོག་པ་དང་བཅས་པ་གནས་གྱུར། མཉམ་ཉིད་མངོན་དུ་བྱེད་སོགས་གོང་དང་འདྲ། སྒྲུབ་པ་སྐུ་གསུང་ཐུགས་བྱིན་རླབས་ལས་སྤང་བྱ་འཇོམས་པ་དང༌། ཡོན་ཏན་བསྐྱེད་ཅིང་བྱིན་གྱིས་བརློབ་པ་ཙམ་གཞན་གྱིས་མི་བྱེད་པས་སྐྱེས་བུ་བྱེད་འབྲས་སོ། །དབང་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་སྦྱོར། སྒྲུབ་ཆེན་ནི་དབང་བསྐུར་ཏེ་དྲི་མ་བྲལ་བར་བྱེད་པས་བྲལ་འབྲས་ཏེ། ཀུན་གཞི་དང་བྱ་གྲུབ་ཡེ་ཤེས་སྦྱོར་ཏེ། གནས་གྱུར་ཡེ་ཤེས་གཉིས་གོང་དང་མི་མཐུན་པ་འདི་ནི་སྤང་བྱ་སྤོང་སླ་རིམ་དང༌། ཡེ་ཤེས་སྐྱེ་སླ་རིམ་གྱི་དབང་དུ་བྱས་ལ། གོང་གི་ནི་གནས་གྱུར་ལས་ཐོབ་ཚུལ་རྒྱུ་འབྲས་ཀྱི་དབང་དུ་བྱས་པའོ། །དེས་དང་པོ་
སྦྱོར་བ་བསྟན་ཟིན་ཏེ་རྒྱལ་མཆོག་གཉིས་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་དག་པའི་ནང་དུ་མདོར་བསྡུས་སྦྱར་བ་ཙམ་ཡིན་གྱི། བློ་རྣོ་བས་རྟོགས་པར་འགྱུར་བའི་ཕྱིར། རྩ་བར་ནི་རྗེས་དྲན་གྱི་སྨིན་བྱེད་དུ་སྦྱར་བ་ཙམ་མ་གཏོགས་ཁོ་བོས་ལོགས་ཤིན་ཏུ་མ་སྨོས་སོ། །འོན་ཀྱང་བློ་བརྟུལ་བ་རྣམས་ཀྱི་བདེ་བླག་ཏུ་རྟོགས་པའི་ཕྱིར་འདིར་བརྗོད་པར་བྱའོ། །དེས་ན་གཉིས་པ་དཀྱིལ་འཁོར་རྒྱལ་པོ་མཆོག་ལ། རྒྱུ་ཐིག་ལེ་སྒྲུབ་པ། འབྲས་བུ་དཀྱིལ་འཁོར་བསྐྱེད་པ། སྤྲོས་ཏེ་གནས་སུ་འགོད་པ། བྱིན་གྱིས་བརླབས་ཤིང་མཆོད་པར་བྱེད་པའོ། །དང་པོ་ནི་རྗེས་ཆགས་ཀྱི་དགའ་བའི་སྒྲས་སངས་རྒྱས་རྣམས་སྨིན་མཚམས་ནས་བཅུག་སྟེ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་བརྒྱུད་ནས་མཁའ་ནང་དུ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྟེ། འཇུག་པའི་ལམ་འདི་ནི་བདེ་མཆོག་ཉིད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་སྟེ། སྦྱང་གཞི་དབང་པོ་གཉིས་སྦྱོར་ལས་ཐིག་ལེ་འཕོ་བ། སྦྱངས་འབྲས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང༌། སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་ལ་འགོད་པར་མཛད། སྤྲུལ་པའི་དཀྱིལ་འཁོར་མང་པོ་སྤྲུལ་པར་བྱེད་པའོ། །ལམ་གོང་མའི་སྨིན་བྱེད་དུ་འགྲོ་ཚུལ་ནི། ཡས་བརྟན་གྱི་དགའ་བ་བཅུ་དྲུག་བརྟན་པར་བྱས་ཏེ། བདེ་ཆེན་ལྷན་སྐྱེས་ཀྱི་དགའ་བ་ཐོབ་པ་སྟེ། སྔགས་
རིམ་དང་ཡེ་ཤེས་ཀྱི་རིམ་པའི་ཕྱོགས་གཅིག་གི་སྨིན་བྱེད་དོ། །རྒྱུད་སྡེ་གཞན་གྱི་བསྐྱེད་རིམ་ལ་མེད་པའི་དོན། སྨིན་མཚམས་ནས་དྷཱུ་ཏཱིའི་ལམ་དུ་འཇུག་པའི་དགོས་དོན་གྱི་གཙོ་བོ་ཡང་འདིའོ། །གཉིས་པ་ནི། མཁའ་ནང་དུ་གཞལ་ཡས་ཁང་ལྷ་ཚོགས་དང་བཅས་པ་ཡོངས་སུ་རྫོགས་པ་བསྐྱེད་པ་སྟེ། འགའ་ཞིག་བསྲུང་འཁོར་དུར་ཁྲོད་དང་བཅས་པ་མི་བསྒོམས་པར་བཞེད། ཁ་ཅིག་དེ་མི་འཐད་དེ་མངལ་དཀྱིལ་གྱི་ཆ་དེ་ལུས་ལ་བསྟིམས་པ་སོགས་ཀྱི་ལུས་དཀྱིལ་གསལ་འདེབས་དགོས་པ་ལ། ལུས་དཀྱིལ་ལ་བསྲུང་འཁོར་དགོས་པས་སོ། །ཞེས་དགོངས་སོ། །སྤྱིར་ནག་པོ་པའི་ལུགས་ལ་ལུས་དཀྱིལ་ལ་བསྲུང་འཁོར་མཛད་པ་ནི་ངེས་པར་དགོས་པར་མངོན་ཏེ། ཇི་སྐད་དུ། གོ་རིམ་བཞིན་དུ་ལུས་སྐྱེས་ནས། །རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིངས་པ་ཐིག་སྐུད་རབ་ཏུ་ལྡན། །ཤིན་ཏུ་མཚམས་མེད་བརྟན་པར་བཅིངས། །ཞེས་ནག་པོ་སྤྱོད་པ་ཆུང་ངུས་སྡོམ་པ་བཤད་པ་ཞེས་བྱ་བའི་གཞུང༌། སློབ་དཔོན་འདིའི་དགོངས་པ་ཁོ་ན་འགྲེལ་པ་དེར་གསུངས་སོ། །ལུས་དཀྱིལ་བསྐྱེད་ཆོག་ལ་ནི་དེ་ལྟར་དགོས་པའི་ངེས་པ་མེད་པས་མངལ་དཀྱིལ་ལ་ནི། བསྲུང་འཁོར་དུར་ཁྲོད་དང་བཅས་པ་མཐའ་གཅིག་ཏུ་དགོས་པའི་ངེས་པ་མ་མཐོང་ངོ༌། །གསུམ་པ་ནི། བླ་མ་རྣམས་ཐམས་ཅད་ཆ་གཉིས་སུ་བཏང་ནས་ཆ་གཅིག་ལུས་དཀྱིལ་གྱི་རྒྱུར་གཏོང༌། ཆ་གཅིག་རང་
མཚུངས་ལུས་དཀྱིལ་གྱི་ལྷ་གང་ན་ཡོད་པའི་ལུས་ཀྱི་ཆ་དེ་ནས་སྤྲོ་བར་མཛད། ཡང་ན་ཆ་གཅིག་ཁོ་ན་དང་པོར་དེར་རེག་པས་ལུས་དཀྱིལ་འགྲུབ། དེ་ནས་ཕྱིར་འགོད་པར་བཞེད། སྤྱིར་ལུས་དཀྱིལ་ནི་རྩ་ཁམས་སོགས་ལྷ་དེ་དང་དེར་གྱུར་པ་ཙམ་ཞིག་བསྒོམ་པ་ཡིན། དེ་དག་དང་ཡིག་འབྲུ་སོགས་ལས་བསྐྱེད་པ་མཐའ་གཅིག་ཏུ་མི་དགོས་མོད། མན་ངག་ལ་དེ་ལྟར་ཡོད་པའི་ཕྱིར་རུང་སྟེ། ལུས་དཀྱིལ་དུ་འགྲོ་བ་ཙམ་ལ་དེ་ལྟར་མི་དགོས་ཀྱང་བྱིན་རླབས་འཇུག་པའི་སྒོ་ཁྱད་པར་ཅན་དུ་འགྲོ་བས་རྒྱ་འགྲེལ་འཁྱམས་པོའི་ཁུངས་ཚོལ་བ་ལྷུར་བླངས་ཏེ་བྱིན་རླབས་ཆུང་ངུ་མ་གཏོང་ཞིག འདིར་ཕྱི་ནང་དུས་གཅིག་ཏུ་བསྐྱེད་པ་ཡིན་མོད། ནང་ལུས་དཀྱིལ་འོག་ནས་འབྱུང་བས་འདིར་མི་བརྗོད་དོ། །དེས་ན་འདི་ལ་འབྱིན་པའི་ལམ་ཕྱིན་ཅི་ལོག་ཏུ་སྦྱར་བ་སྟེ། བྷ་ག་ནས་མི་སྤྲོ་བར་ཡབ་ཀྱི་རྡོ་རྗེའི་ལམ་ནས་དྷཱུ་ཏཱིའི་ནང་བརྒྱུད་ཐུགས་ཀར་དྲངས། ཐུགས་ཀ་སོགས་སོ་སོའི་གནས་ནས་སྤྲོ་བ་ཡིན་ནོ། །འདི་རྒྱུད་ནས་ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་གསུངས་པ་སློབ་དཔོན་ཆེན་པོའི་གཞུང་དུ་བསྐྱེད་རིམ་ལ་སྦྱོར་བའི་ཚེ། མངལ་འབྱིན་གྱི་ཚུལ་འདི་ལ་སྦྱོར་ཏེ། གསང་འདུས་ཀྱི་ཟབ་དོན་དང་ཡང་ཐུན་ནོ། །འདིའི་ལུགས་ལ་ཕྱི་ནང་སྟབས་ཅིག་གསལ་འདེབས་ཞེས་ཀྱང་གསུང་བ་མཐའ་གཅིག་ཏུ་མ་ངེས་ལ། མཁའ་དཀྱིལ་གྱི་ལྷ་ས་བོན་ལས་བསྐྱེད་པ་ལྟར་ན་གོང་དུ་བཤད་པའི་
བྱང་ཆུབ་བཞི་བསྐྱེད་ཚང་ལ། དཀྱུས་ལྟར་ན་ཡེ་ཤེས་གཞུགས་པ་དང་དབང་བསྐུར་བ་ཡི་གེ་དགོད་པའི་ཡན་ལག་ཡིན་ཞིང་ཐིག་ལེར་ཞུ་བ་སྟོང་ཉིད་བྱང་ཆུབ་ཡིན་པས་ཡན་ལག་གསུམ་ཚང་ངོ༌། །བཞི་པ་ལ་གཉིས་ཀྱི་དང་པོ་བྱིན་རླབས་ནི་གསུམ་སྟེ། སྐད་ཅིག་རྣམ་པས་ཕོ་ཉ་གསུམ་བསྲེ་བ་དང༌། ཡེ་ཤེས་པ་བསྟིམས་པ། དབང་བསྐུར་རྒྱས་གདབ་བོ། །དང་པོ་ནི་ཡེ་ཤེས་སེམས་དཔའ་ལྟར་སྤྱན་དྲངས་ཏེ་བསྟིམས་པའི་དམིགས་པ་མི་བྱེད་པར་རང་གི་བསྒོམས་པ་དེ་རྣམས་ཕོ་ཉ་གཞན་གཉིས་དང་དབྱེར་མེད་དུ་ང་རྒྱལ་བྱེད་པ་སྟེ། དཔེར་ན་རང་གིས་བསྒོམས་པའི་ལུས་དཀྱིལ་གྱི་སྤྱི་བོའི་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་དང་ཕྱི་དཀྱིལ་གྱི་དེ་གཉིས་ངོ་བོ་གཅིག་པར་མོས། འདི་ཀ་ཕྱིའི་ཡུལ་པུལླི་ར་མ་ལ་ཡ་ན་བཞུགས་པའི་ཞིང་སྐྱེས་དེ་གཉིས་དངོས་ཡིན་ལ། འདི་གཉིས་དབྱེར་མེད་འདི་ཀ་ལྷན་སྐྱེས་ཆོས་ཀྱི་དབྱིངས་ན་བཞུགས་པ་སྟེ། ལོངས་སྐུའི་རང་བཞིན་དེ་གཉིས་དངོས་ཡིན་ནོ། །ཞེས་མོས་པའི་ང་རྒྱལ་འཛིན་པའོ། །ཕྱག་རྒྱའི་དབྱེ་བའི་སྐབས་ཀྱི་ཕོ་ཉ་བཞི་པོ་འདིར་འདུས་ཏེ། དེའི་རིགས་སྐྱེས། གནས་སྐྱེས། མཐར་སྐྱེས་རྣམས་ཀྱང་འདིའི་ཞིང་སྐྱེས་སུ་བསྡུས་པ་སྟེ། རང་གིས་བསྒོམས་པ་ལ་འདིར་གསུམ་བསྲེའི་སྐབས་འདིར་སྔགས་སྐྱེས་སུ་མིང་འདོགས། སྤྱི་ཁྱབ་ཏུ་བདེ་མཆོག་གི་སྐོར་ལས་སྔགས་སྐྱེས་ཞེས་འབྱུང་བ། གནས་སྐྱེས་དང་མཐར་སྐྱེས་ཀྱི་སྤྱིའི་མིང་ཡིན་ནོ། །དེ་ཡང༌།
ཨོཾ་ཨཱཿཧཱུཾ་ཞེས་པའི་སྐབས་གནས་གསུམ་གྱི་དཔའ་བོ་རྣལ་འབྱོར་མ་ཕོ་ཉ་གསུམ་ཆར་ཡིད་ཡུལ་དུ་བྱས། སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་སོགས་ཀྱིས་དབྱེར་མེད་ཀྱི་ངོ་བོར་མོས་པ་བྱ། འདིས་ཞིང་གི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་མྱུར་དུ་བྱིན་གྱིས་བརློབ་སྟེ། སྔགས་སྐྱེས་ཀྱི་འདུ་བ་ཅི་རིགས་པ་འཕྲལ་དུ་ཐོབ་པའང་ཡོད། སྤྱོད་པའི་སྐབས་སུ་ལྷན་སྐྱེས་ཀྱི་འདུ་བ་ཐོབ་པའི་རྒྱུར་འགྲོ་སྟེ། རྒྱུད་གཞན་ལ་མེད་པའི་བསྐྱེད་རིམ་གྱི་ཟབ་ཁྱད་ཆེ་ཤོས་ཅིག་གོ ཁ་ཅིག་ཕོ་ཉ་གསུམ་དུ་མ་ཟད་དཔའ་བོ་རྣལ་འབྱོར་མ་གཞན་ཐམས་ཅད་བསྲེ་དགོས་པ་དང༌། ཡེ་ཤེས་པ་སྤྱན་འདྲེན་དུ་འདུས་པས་ཟུར་དུ་མི་དགོས་ཟེར་ཏེ་ཕོ་ཉ་གསུམ་པོ་འདིར་མ་འདུས་པའི་དཔའ་བོ་དཔའ་མོ་ཁྱཻད་ཀྱིས་ཚོལ་ཤིག །ཡེ་ཤེས་པ་བསྟིམས་པ་དང་མི་འདྲ་ལུགས་གོང་དུ་བསྟན་ཟིན་ཏོ། །གཉིས་པ་ཡེ་ཤེས་པ་བསྟིམ་པ་ནི། སངས་རྒྱས་བྱང་སེམས་སྤྱན་འདྲེན་པ་སྟེ། དེ་རྣམས་དམ་ཚིག་པའི་ངོ་བོར་གནས་པ་དམ་ཡེ་བསྲེ་བ་དང༌། གསུམ་པ་དབང་གི་རིགས་བདག་གིས་རྒྱས་གདབ་སྟེ། ཕྱོགས་ཀྱི་རིམ་པས་རིགས་བཞི་སོ་སོའི་རྒྱས་གདབ་པའམ། བདེ་ཆེན་འཁོར་ལོ་པ་ལ་རིན་འབྱུང༌། ཐུགས་འཁོར་བ་ལ་མི་བསྐྱོད་པ། གསུང་འཁོར་བ་ལ་འོད་དཔག་མེད། སྐུ་འཁོར་བ་ལ་རྣམ་སྣང༌། དམ་ཚིག་འཁོར་ལོ་པ་ལ་དོན་གྲུབ་སྟེ།
ཕལ་ཆེར་ངོ་བོ་ཉིད་ཀྱི་རྒྱའོ། །འདི་ལ་ཡེ་ཤེས་པ་གཞུག་པའི་སྔོན་དུ་ཆོ་ག་འཆིང་བ་དང༌། གནས་གསུམ་བྱིན་རླབས་མཛད་པའང་འབྱུང་བ་ནི་ཁུངས་ཡོད་ན་ལེགས་མོད། འོན་ཀྱང་མ་བཤད་པས་མ་གྲུབ་ཀྱང་རུང་ངོ༌། །དེ་རྣམས་སྦྱང་གཞི་ལ་མངལ་དཀྱིལ་སྤྲོ་བ་ནི། བུ་བུ་མོ་བསྐྱེད་པ་དང༌། བསྲེ་བ་ནི་རིགས་ཀྱི་བྱ་བས་བསྐྱེད་བསྲིང་པ་དང༌། ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་ནི་གོང་དང་འདྲའོ། །སྦྱངས་འབྲས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་པ་དང་འདྲ། ཁྱད་པར་གཏུམ་མོ་ཞེས་སོགས་ཀྱི་དོན་ནི། མཁའ་ནང་གི་དཀྱིལ་འཁོར་ཡར་དྲངས་པས་ཡེ་ཤེས་ཀྱི་རིམ་པའི་རྗེས་དྲན་བཅུ་དྲུག་གི་བདེ་ཆེན་དང༌། མཁའི་དཀྱིལ་འཁོར་ཉིད་ལྷན་སྐྱེས་ལས་ལངས་པའི་ཚེ་དཀྱིལ་འཁོར་གྱི་གསལ་སྣང་དང༌། ལྷ་རྣམས་ཕྱིར་སྤྲོ་བ་ནི་རྗེས་དྲན་གྱི་ཚེ་ལྷར་སྣང་རབ་འབྱམས་མཆེད་པ་དང༌། བསྲེ་བས་རྫོགས་རིམ་སྐབས་ཕོ་ཉ་བཞིའི་འདུ་བ་ཐོབ་པ་དང༌། ཡེ་ཤེས་པ་བསྲེ་བ་ནི། སྒྱུ་ལུས་རྡོ་རྗེ་གསུམ་མི་ཕྱེད་པ་ལུས་སེམས་གཉིས་སྣང་ཟློག་པ་དང༌། དབང་བསྐུར་ནི་གོང་དང་འདྲ་སྟེ་སྨིན་བྱེད་དུ་འགྲོ་ཚུལ་ལོ། །གཉིས་པ་མཆོད་པ་ལ་སྔགས་མཆོད། ཕྱི་ནང་གསང་བ་ཡིད་བྱུང་བསྟོད་པ་དང་རིག་མ་བཅུ་དྲུག་ལ་སོགས་པ་ཅི་རིགས་པས་མཆོད་བསྟོད་བྱེད་པ་སྟེ། སྦྱང་གཞི་སོགས་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་སྤྲུལ་སྐུ་ལམ་བྱེད་དང༌། སྐུ་གསུམ་
དང་ཤེས་བྱ་ཐམས་ཅད་ལ་དམིགས་པས་རྣམ་མཁྱེན་ལམ་བྱེད་འཁོར་དང་བཅས་ཏེ་བཤད་ཟིན་ཏོ། །གསུམ་པ་ལས་རྒྱལ་མཆོག་ནི་ཁ་ཅིག་མཆོད་པ་མན་ཆད་འདིར་བསྡུ་བ་ནི་གཟོ་ལུམ་སྟེ། བླ་མེད་ཀྱི་སྐབས་མཆོད་པ་འདིར་བསྡུ་བ་ཕྲ་ཐིག་གི་རྗེས་སུ་འབྱུང་བའི་གནད་ཀས་གསང་འདུས་འཕགས་སྐོར་ཙམ་མ་གཏོགས་གཞན་གང་ལ་ཡང་མེད་ཅིང་དཀྱིལ་འཁོར་རྒྱལ་མཆོག་ཏུ་བསྡུ་བ། ཡེ་ཤེས་ཞབས་ལུགས། བཤེད་སྐོར། ཀྱཻ་རྡོར། སངས་རྒྱས་ཐོད་པ། མཧཱ་མ་ཡ་སོགས་མཐའ་ཡས་པ་ཞིག་ན་ཡོད་ཅིང་འདི་ཡང་ཞབས་ལུགས་དང་འདྲའོ། །ལྷ་རྣམས་དེ་ལྟར་བསྒོམ་པ། མི་འདུས་པ་ལྟ་བུའི་ཕལ་པར་ཞེན་པ་ཟློག་པའི་ཕྱིར་བྱང་ཕྱོགས་སོ་བདུན་གྱི་དག་པ་བྱ་སྟེ། གལ་ཏེ་ལམ་ལ་ཞེན་ན་ལམ་ལྷར་དག་པ་དྲན་ཏེ་ཕར་དག་ཚུར་དག་གི་བྱེད་པར་མཁས་པ་ཆེན་པོ་བུ་སྟོན་ཆོས་ཀྱི་རྒྱལ་པོ་ཡན་ཆད་དུ་བྱོན་པའི་ལམ་འདིའི་སྐྱེས་ཆེན་རྣམས་གསུང༌། དེ་ཡང་ཀུན་སྤྱོད་དང་མངོན་སྤྱོད་ལས་ལྷ་སོ་བདུན་བྱང་ཕྱོགས་ལ་སྦྱར་སྐབས་སོ་དྲུག་རྣལ་འབྱོར་མ་སོ་དྲུག་ལ་སྦྱར་བ་ཤེས་རབ་གཙོ་བོའི་དབང་དུ་བྱས་པ་སྟེ། ལྷ་མོ་རྣམས་ཀྱི་ཡབ་ལྷ་མོའི་དག་པས་ཤེས་དགོས་ཤིང་ཡང་དག་ཏིང་ངེ་འཛིན་ཡབ་ལ་སྦྱར་བ་དཀྱིལ་འཁོར་གྱི་གཙོ་བོའི་དབང་དུ་བྱས་པ་སྟེ་རྡོ་རྗེ་ཕག་མོའང་དེས་ཤེས་སོ། །འདི་ལ་ཆོས་སྐུ་ལམ་བྱེད་ཐུན་མོང་མ་ཡིན་པ་དང༌། གཞི་ཤེས་ལམ་བྱེད་ཅེས་བྱའོ། །སྔགས་
བཟླ་བ་ནས་ཐུན་མཚམས་ལ་འཇུག་པའི་བར་ཡང་ལས་རྒྱལ་མཆོག་འདི་ཉིད་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བཟླས་པ། ཕྲ་ཐིག །དཀྱིལ་འཁོར་ཉེར་བསྡུ། ཐུན་མཚམས་ཀྱི་ལྷར་ལངས་ནས་དག་པ་གསུམ་དྲན་པའོ། །དང་པོ་ལ་བཟླས་བྱའི་སྔགས་དང༌། བཟླ་ཚུལ་གཉིས། དང་པོ་ལ་གཙོ་བོའི་སྔགས་ནི་རིན་ཆེན་བཞི་སྟེ། ཡབ་ཡུམ་གྱི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་དང༌། གོ་ཆ་སྟེ་ཡབ་ཡུམ་དབྱེར་མེད་དུ་བྱས་པ་བཞིའོ། ཁྱད་པར་འདིའི་ལུགས་ལ་ཉེ་བའི་སྙིང་པོའི་སྙིང་པོ་སྟེ་ལྔའོ། །འཁོར་རྣམས་ཀྱི་སྔགས་ལ་ནི་ཕྲེང་བའི་སྔགས་ཞེས་བྱའོ། །གཉིས་པ་ལ། དོ་ལིའམ། བོད་སྐད་ཁྱོགས་ཀྱི་བཟླས་པ་ནི། སྐུའི་དབྱིབས་བརྒྱུད་ནས་ཞལ་ནས་ཞལ་དུ་འཇུག་ཅིང༌། གསང་བ་ནས་གསང་བར་ཡང་འཇུག་ཅིང་འཁོར་བར་སྒོམ་པའོ། །བཀོད་པའི་བཟླས་པ་ནི། ཐུགས་ཀར་སྔགས་ཀྱི་འཁོར་ལོ་བཀོད་ནས་ཀློག་པའི་ཚུལ་གྱིས་བཟླ་བའོ། །སྤྲོ་བསྡུའི་བཟླས་པ་ནི། སྔགས་ལས་འོད་ཟེར་སྤྲོས་དོན་གཉིས་བྱས། སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས་ཏེ་སྙིང་གའི་སྔགས་ཕྲེང་ལ་ཐིམ་པ་ཉིད་བསྒོམ་ཞིང་བཟླས་པའོ། ཁྲོ་བོའི་བཟླས་པ་ནི། སྐད་གསང་དྲག་པོས་དྲག་ཏུ་བཟླའོ། །ཤུབ་བུའི་བཟླས་པ་ནི། མཆུ་དང་ལྕེ་རྩེ་མགུལ་ཙམ་གྱི་སྒྲ་ཆུང་ངུར་བཟླ་བའོ། །རང་བཞིན་གྱི་བཟླས་པ་ནི། ཨ་ཧཾ་གཉིས་དྲན་པའི་སྒོ་ནས་བཟླ་བའོ། །འགོག་པའི་བཟླས་
པ་ནི་རླུང་ཁ་སྦྱོར་བཟུང་སྟེ། སྔགས་ཀྱི་སྒྲ་དང་ཡི་གེའི་གཟུགས་དྲན་པར་བྱས་ཏེ་དེ་ཉིད་བཟླ་བའོ། །ཡིད་བཟླས་ནི། ངག་གི་བྱ་བ་རླུང་འཛིན་པ་ཙམ་ཡང་སྤངས་ཏེ། ཡིད་ཁོ་ནས་སྔགས་ཀྱི་སྒྲའམ་གཟུགས་དྲན་པའི་སྒོ་ནས་ཡང་ཡང་བཟླ་བའོ། །རྡོ་རྗེའི་བཟླས་པ་ནི། རྫོགས་རིམ་གྱི་སྐབས་སུ་མང་དུ་བཤད་མོད་ཀྱི། འདི་ནི་བསྐྱེད་རིམ་གྱི་རྡོར་བཟླས་ཏེ། ལྷ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བཀོད་ནས། དེ་ཉིད་ཡང་ཡང་དྲན་པར་བྱེད་པའོ། །དེ་དག་གི་དམིགས་པ་དང༌། ལས་བཞི་སོ་སོའི་དམིགས་པའི་ཁྱད་པར་རྣམས་ནི་སྒྲུབ་ཐབས་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ཕྲ་ཐིག་ནི། སྐབས་འདིར་འཆད་པར་འགྱུར་བའི་བདེ་སྟོང་གིས་རྒྱས་འདེབས་པ་སྟེ། བླ་མ་གོང་མ་རྣམས་དཀྱིལ་འཁོར་ཕལ་ཆེར་བསྡུས་ནས་སྒོམ་པ་མཛད་དེ། ལག་ལེན་གྱི་ཚེ་ནི་དེ་ལྟར་རུང་བ་ཡིན་ཡང༌། གཞུང་གི་དགོངས་པ་ནི། བཟླས་པའི་གོང་ངམ་མཇུག་ཏུ་ཡང་རུང་སྟེ། དཀྱིལ་འཁོར་མ་བསྡུས་པར་བསྒོམ་པ་ཉིད་ཡིན་ཏེ། གཙོ་བོར་དེ་རྣམས་ལ་བདེ་སྟོང་གིས་རྒྱས་འདེབས་པའི་ཆེད་ཡིན་པས་སོ། །འོན་ཀྱང་ལས་དང་པོ་པས་མོས་ཙམ་གྱི་སྒོ་ནས་བདེ་སྟོང་གིས་རྒྱས་འདེབས་པ་ནི། གོང་གསང་བའི་མཆོད་པའི་སྐབས་སུ་ཡོད་ལ། དཀྱིལ་འཁོར་ཡོངས་རྫོགས་ལ་བདེ་སྟོང་གིས་རྒྱས་འདེབས་
པ་གསལ་པོར་མ་ནུས་ན། གཞན་རྣམས་བསྡུས་ཏེ་རང་ཉིད་ཕྱག་གཉིས་པའི་རྣམ་པར་གནས་པ་ལ་བདེ་སྟོང་གིས་རྒྱས་འདེབས་ཤིང༌། དེ་ལ་གོམས་ནས་ཕྱིས་དམིགས་པའི་ཡུལ་རྒྱ་ཇེ་ཆེ་ལ་སློབ་པ་ཡིན་པས་བླ་མ་རྣམས་ཀྱི་བཞེད་པ་དེ་འཁྲུལ་པ་ནི་མ་ཡིན་ནོ། །གསུམ་པ་ནི། །དཀྱིལ་འཁོར་ཐམས་ཅད་འོད་གསལ་དུ་བཅུག་པས་སྣང་བ་ཐམས་ཅད་སྟོང་པར་རྟོགས་པའི་གནད་ཡོད་ལ། འདིར་ལུས་དཀྱིལ་ཉེ་བར་བསྡུ་བ་དགོས་པ་ལ། དེ་ཇི་ལྟར་བྱ་སྙམ་ན། ཕྱིའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྡུ་བའི་རིམ་པ་བཞིན་དུ་ནང་གི་ལྷ་རྣམས་གཅིག་ལ་གཅིག་ཐིམ་པའི་ཚུལ་གྱིས་བསྡུ་བའམ། ཡང་ན་གནས་དེ་རྣམས་ཉིད་དུ་ཞུ་ཞིང་ཐིམ་པར་སྒོམ་པ་གང་ཡང་རུང་བར་བྱ་སྟེ། ལུས་དཀྱིལ་འོད་གསལ་དུ་བསྡུ། །འདི་ཡིས་རྫོགས་རིམ་བསྒོམ་པའི་ཚེ་འཆི་བ་འོད་གསལ་ཇི་མ་ཇི་བཞིན་གྱི་ཁམས་ཐིམ་རིམ་ཁྱད་པར་ཅན་རྣམས་འབྱུང་བ་དང༌། །རྩ་ཁམས་དེ་དག་བྱིན་གྱིས་བརླབས་པས་དབུ་མར་ཐིམ་སླ་བ་དང༌། བདེ་བ་སྐྱེ་སླ་བ་དང༌། དཔའ་བོ་དང་རྣལ་འབྱོར་མས་བྱིན་རླབས་འཕྲལ་དུ་འཇུག་ཅིང༌། ཕྱིས་འདུ་བ་ཁྱད་པར་ཅན་ཐོབ་པ་དང༌། ཐམས་ཅད་དུ་བསྲུང་བ་མཆོག་ཏུ་འགྱུར་རོ། །བཞི་པ་ནི། ཐུན་མཚམས་ཀྱི་སྐབས་སུ་ལྷའི་སྣང་བ་དང་མི་འབྲལ་ཞིང་གོ་ཆ་དགོད་པས་བར་ཆད་མི་འཇུག་པ་དང༌། དག་པ་གསུམ་དྲན་པས་སྐུ་
གསུང་ཐུགས་ཀྱི་དམ་ཚིག་ལ་གནས་པ་དང༌། གང་སྣང་ཐམས་ཅད་ལྷའི་རྣལ་རོལ་དུ་མྱུར་དུ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་དོན་དངོས་བསྟན་རྟེན་འབྲེལ་བཅུ་གཉིས་ཀྱི་དག་པ་སྦྱར་བ་ནི། མ་རིགས་སོགས་ཏེ། དེ་ལ་མ་རིག་པ་ནི་ཕུང་པོ་ལ་བདག་དང་བདག་གིར་བལྟ་བ་སྟེ། ཕྱིན་ཅི་ལོག་བཞིའི་ལྟ་བ་དང་བཅས་པ་སྟེ། མི་གཙང་བ་ལ་གཙང་བར་འཛིན་པ་དང༌། སྡུག་བསྔལ་ལ་བདེ་བར་དང༌། མི་རྟག་པ་ལ་རྟག་པ་དང༌། བདག་མེད་ལ་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་བཞིའོ། །དེ་ལས་འདུ་བྱེད་ལས་འབྱུང་བ་ནི། འདོད་ཁམས་ཀྱིས་བསྡུས་པའི་དགེ་བ་བསོད་ནམས་དང༌། མི་དགེ་བའི་ལས་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་ཏེ་ཁམས་གོང་མར་འཕེན་བྱེད་ཀྱི་ལས་སྒོམ་བྱུང་གི་དགེ་བ་རྣམས་དང༌། ཁམས་གོང་མ་གཉིས་ཀྱི་བསྡུས་པའི་དགེ་བ་རྣམས་སོ། །དེ་ཡང་སྔར་གྱི་མ་རིག་པ་དེས་ཀུན་ནས་བསླངས་པའོ། །ལུང་མ་བསྟན་དང་ཟག་མེད་ཀྱི་དགེ་བ་ནི་འདིའི་འདུ་བྱེད་དུ་མི་ཡོང་ངོ༌། །ལས་དེའི་བག་ཆགས་བགོས་པའི་རྣམ་ཤེས་སྐྱེ་བ་ལེན་མཁན་ནི་རྣམ་ཤེས། རྣམ་ཤེས་དེས་སྐྱེ་བ་བླངས་མ་ཐག་པ་སྐྱེ་མཆེད་དྲུག་མ་དོད་གོང་ནུར་ནུར་པོ་སོགས་མིང་དང་གཟུགས་སོ། །དེ་ཡང་ཚོར་བ་སོགས་ཕུང་པོ་བཞི་ལ་མེད། གཟུགས་ནི་གཟུགས་ཕུང་ངོ༌། །མིང་སོགས་སྐྱེ་མཆེད་དྲུག་བྱུང་ནས་ཡུལ་དབང་
རྣམ་ཤེས་གསུམ་འདུས་ནས་སྤྱོད་མི་ནུས་ཚུད་ཆད་ནི་སྐྱེ་མཆེད་དྲུག་གི་སྐབས་སོ། །དེ་ལྟར་གསུམ་འདུས་པ་ན། རེག་པ་དྲུག་པོ་འབྱུང་སྟེ། ཡུལ་སིམ་གདུང་བར་མའི་རྒྱུ་མི་ཤེས་པ་ཚུན་ཆད་རེག་པའོ། །དེ་ཤེས་ནས་ཚོར་བ་འཇོག་སྟེ་རེག་པ་ལས་བྱུང་བ་ཚོར་བ་ལ་སྤྱོད་ནུས་པའི་སྐབས་ཡིན་པས་སོ། །ཚོར་བ་ལས་བདེ་སྡུག་ལ་ཐོབ་འདོད་སྤང་བླང་འདོད་པའི་སྲེད་པ་འབྱུང༌། དེ་བྱུང་བ་ན་བླང་དོར་ལག་ལེན་དུ་རྩོམ་པའི་ལེན་པ་འབྱུང་སྟེ། འཁྲིག་པ་སྤྱོད་ནུས་ཀྱང་མི་འཁྲིག་བར་དུ་ཚོར་བ། འཁྲིག་འདོད་ཀྱི་སྲེད་ཀྱང་ཡུལ་མི་ཚོལ་བར་དུ་སྲེད་པ། ཡུལ་ལ་ཡོངས་སུ་རྒྱུག་པ་ན་ཉེ་བར་ལེན་པའོ། །སྲིད་པ་ནི་ལས་ཀྱི་བག་ཆགས་གསོས་བཏབ་སྟེ་ནུས་པ་མཐུ་ཅན་དུ་སོང་བ་སྟེ། སྐྱེ་བ་ཕྱི་མར་བདེ་སྡུག་གི་འབྲས་བུ་འབྱུང་བའི་ལས་གཙོ་བོར་གསོག་པ་ནས་སྲིད་པའོ། །སྲིད་པ་དེ་ལས་ཕྱི་མའི་སྐྱེ་བ་འབྱུང་བ་ནི་སྐྱེ་བ་སྟེ། ཤི་ནས་ཉིང་མཚམས་སྦྱོར་བའི་སྐབས་སོ། །ཕྱི་མའི་མིང་གཟུགས་ནས་ཚོར་བའི་བར་སོགས་འདིའི་རྒ་ཤིའོ། །མངལ་སྐྱེས་ཀྱི་སྐྱེ་བའི་དབང་དུ་བྱས་པའི་ཚར་གཅིག་གོ །འདིར་དེ་ཙམ་གྱི་དབང་དུ་བྱས་པ་སྟེ། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་ཤེས་གསུམ་ནཱ་ད་མ་ཞུགས་གོང་གི་སྦྱང་གཞི་དང༌། མིང་གཟུགས་དང་སྐྱེ་མཆེད་དྲུག་གི་ཆ་ཤས་ཤིག་འབྲས་བུ་རྡོར་འཛིན་བསྐྱེད་ཆོག་དང་བཅས་པས་སྦྱོང་བ་དང༌། སྐྱེ་མཆེད་དྲུག་གི་
ཆ་ཅིག །འདིར་གོ་ཆ་ཞེས་པ་ནི་མཚོན་བྱེད་ཙམ་སྟེ། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པ་ཡང་བསྡུ་བས་དེ་གཉིས་ཀྱིས་སྦྱོང་ཞིང༌། རེག་པ་ནི་གནས་ལྔ་བྱིན་གྱིས་བརློབ་པས་དང༌། སོགས་ཀྱི་སྒྲས་ཚོར་བ་ཡེ་ཤེས་གཞུག་པས་སྦྱོང་ཞིང་སྲེད་པ་ནི་དབང་བསྐུར་བ་དང༌། ལེན་པ་ནི་མཆོད་པ་རྗེས་ཆགས་དང་བཅས་པས་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་སྲིད་པ་དང༌། ལས་རྒྱལ་མཆོག་དང་ཉེར་བསྡུས་ནི་སྐྱེ་བ་དང༌། ཐུན་མཚམས་ཀྱི་ལྷ་ཡན་ལག་དང་བཅས་པས་ནི་རྒ་ཤི་སྦྱོང་བ་སྟེ། དེ་ལྟར་རྟེན་འབྲེལ་བཅུ་གཉིས་སྦྱོང་བའོ། །འཕྲོས་དོན་ལ་རིག་པ་རྣམ་པ་བཞི་ཞེས་བྱ་བ་ནི། རྒྱུད་དང༌། གླེང་གཞི་དང༌། ངེས་ཚིག་དང་རྒྱུའོ། །ཆགས་བྲལ་གྱི་ཚུལ་ལ། མིར་སྐྱེས་པ་ནི་རྒྱུད། རབ་ཏུ་བྱུང་བ་ནི་གླེང་གཞི། ཚུལ་ཁྲིམས་ལ་གནས་ཤིང་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་ངེས་ཚིག །འབྲས་བུ་འདོད་པས་སྤང་བྱ་གཉིས་ཀྱི་གཉེན་པོ་རྒྱུད་ལ་བསྐྱེད་པ་ནི་རྒྱུ་སྟེ། བྱང་ཆུབ་ཐོབ་པ་ལ་དེ་ལྟར་དགོས་སོ། །དེ་རྣམས་བསྐྱེད་རིམ་ལ་སྦྱར་ན་འབྲས་བུ་རྡོར་འཛིན་བཞེངས་ཤིང་གོ་ཆ་དགོད་པ་ནི་རྒྱུད། སྒོ་གསུམ་བྱིན་གྱིས་བརླབས་པ་ནི་གླེང་གཞི། ཡེ་ཤེས་པ་གཞུག་པ་སོགས་ནི་ངེས་ཚིག །དབང་བསྐུར་བ་སོགས་ནི་རྒྱུའོ། །སྡོམ་འབྱུང་གི་རྒྱུད་ལས། མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། །རང་གི་ཁྱིམ་ནས་ངེས་འབྱུང་
རྙེད་པ་གཉིས་པ་ཡིན། །རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་གསུམ་པ་སྟེ། །རྩེ་གཅིག་ཡིད་ནི་རྙེད་པས་བཞི་པ་དག་ཏུ་གསུངས། །ཞེས་གསུངས་ཤིང༌། སྒྲོན་གསལ་ལས་ཀྱང་འདི་དང་འདྲ་བར་གསུངས་སོ། །དེ་ཡང་འདོད་ཆགས་བྲལ་ཚུལ་གྱིས་རིག་པ་བཞི་པོ་འདི་ནི། སྔགས་ཀྱི་ལུགས་ལ་སྤྲུལ་པ་ཙམ་མ་གཏོགས་དངོས་གནས་མ་ཡིན་མོད། སྤྲུལ་པའི་མཛད་པ་བཞི་པོ་དེ་དང་མཐུན་པར་བསྒོམས་པའི་འབྲས་བུ་ལམ་བྱེད་དོ། །དེ་ཉིད་དཔེར་བྱས་ནས་འདོད་ཆགས་ཆོས་ཀྱི་ཚུལ་བཞི་ནི། རིགས་ལྔའི་སངས་རྒྱས་ལ་སོགས་པ་བསྐྱེད་རིམ་དང་དེའི་ཕྱོགས་སུ་མཐུན་པའི་ལུས་དབེན་ལ་སོགས་པའི་ལྷ་སྐུ་བསྒོམས་པས་རིགས་ཀྱི་ནུས་པ་སད་པ་ནི་རྒྱུད། རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་རྣམ་པ་རོ་གཅིག་ཏུ་གྱུར་པ་སྟེ་རླུང་སེམས་ཀྱི་སྐུ་གྲུབ་པ་ནི་གླེང་གཞི། རིགས་ལྔའི་གྲངས་ངེས་ཡི་སྡོམ་པ་ཐམས་ཅད་མངོན་དུ་གྱུར་པ་ནི་འོད་གསལ་དང་ཟུང་འཇུག་སྟེ་ངེས་ཚིག །སྒེག་པ་ལ་སོགས་པ་འདོད་ཆགས་ཆེན་པོའི་སྤྱོད་པ་སྤྱོད་པ་ནི་རྒྱུ་སྟེ་ཇི་སྐད་དུ། སྒྲོན་གསལ་ལས། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་བཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་སོ། །དེ་ལ་
ནཱ་ད་དང་རྒྱུ་རྡོར་འཛིན་དང་ཕྱོགས་བཅུའི་སངས་རྒྱས་ཐ་དད་པར་དམིགས་པའི་སྐབས་ནི་རྒྱུད། བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་ཞུ་བ་དང་བཞེངས་པ་ནི་གླེང་གཞི། སྐྱེ་མཆེད་བྱིན་རླབས་ནས་དབང་བསྐུར་བའི་བར་ནི་ངེས་ཚིག །མཆོད་པ་དང་རྗེས་ཆགས་ཀྱི་མཛད་པ་ནི་རྒྱུའོ། །དེ་ལ་རྒྱུད་ཅེས་བྱ་བ་ནི་གཞི་དང་རྣམ་པ་མཐུན་པའི་རྒྱུ་ནི་སངས་རྒྱས་འགྲུབ་པའི་རྒྱུ་འཕྲལ་དུ་འགྲུབ་ངེས་པ་ཞིག་གི་མིང་ཡིན་ལ། གླེང་གཞི་ནི་ངེས་པ་སྟེར་བའི་དོན། ངེས་ཚིག་ནི་ངེས་པར་སྤྱོད་དགོས་པ། རྒྱུ་ནི་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཉེ་རྒྱུའོ། །ཆགས་ཚུལ་གྱི་རིག་པ་བཞི་དངོས་ནི། མདོ་ལུགས་ཀྱི་ལམ་ཐམས་ཅད་རྫོགས་པར་སྔོན་དུ་སོང་ནས། སྔགས་ལ་ཞུགས་ཏེ་སངས་རྒྱས་ཚུལ་ཡིན་ལ། ཕྱོགས་མཐུན་འདོད་ཆགས་ཆེན་པོའི་ཚུལ་གྱི་ལམ་ཐམས་ཅད་ལ་ཡོད་པ་དང༌། དེ་ལས་ཀྱང་ཕལ་ཆེར་རྫོགས་རིམ་དུ་སྣང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་ཚུལ་ལོ། །དེ་ཡང་རྟེན་འབྲེལ་བཅུ་གཉིས་ལ་ལེགས་པར་སྦྱར་བས། ཀུན་ནས་ཉོན་མོངས་ཀྱི་སྐྱེ་བ་དང་རྣམ་པ་མཐུན་པར་ནི་སྒོམ་པ་སྣང་མོད་ཀྱི། སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པའི་སྐྱེ་བ་དང་རྣམ་པ་མཐུན་པ་མེད་དོ་སྙམ་པའི་དོགས་པ་སྤོང་བའི་ཕྱྀར་འདི་རྣམས་བརྗོད་པ་ཡིན་པས། རྟེན་འབྲེལ་བཅུ་གཉིས་ཀྱི་ཞར་བྱུང་ངོ༌། །རྟེན་འབྲེལ་བཅུ་གཉིས་ཀྱི་
རྣམ་གཞག་ནི། མདོ་ལུགས་ཀྱི་གཞུང་རྒྱས་པ་རྣམས་ལས་ཤེས་པར་བྱ་ཞིང༌། ཐེག་པ་འདི་ཉིད་དུ་ཡང་གཤིན་རྗེ་གཤེད་དམར་པོ་དང་མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་སོགས་པར་རྒྱས་པར་གསུངས་པས་དེ་དག་ཏུ་ཤེས་པར་བྱའོ། །གསུམ་པ་སྣང་སྟོང་བདེ་བ་སྒྲུབ་ཚུལ་ལ་གསུམ། བསྐྱེད་རིམ་གྱི་བར་བར་དུ་བདེ་སྟོང་གི་རྒྱས་འདེབས་པ་དང༌། ཁྱད་པར་བསྐྱེད་རིམ་གྱི་ལྷ་སྐུ་ཉིད་ལ་བདེ་སྟོང་གིས་རྒྱས་འདེབས་པ། ཕན་ཡོན་དང་བཅས་པའོ། །དང་པོ་ནི། མངོན་བྱང་བཞི་པའི་སྐབས་ཉི་ཟླ་ས་བོན་འདྲེས་པ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་མཉམ་སྦྱོར་གྱིས་ཞུ་བ་དང༌། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ནས་རྗེས་ཆགས་མཛད་པ་དང༌། མངལ་དུ་དཀྱིལ་འཁོར་སྤྲུལ་པའི་དོན་དུ་ཞུ་བདེ་ལྷན་སྐྱེས་བསྒོམས་པ་དང༌། གསང་བའི་མཆོད་པ་རྣམས་ཀྱི་དུས་སུ་བདེ་བ་གཙོ་ཆེ་ཞིང༌། ཡེ་ཤེས་ཚོགས་གསོག་པ་དང༌། ཉེར་བསྡུའི་སྐབས་སུ་སྟོང་པའི་རྒྱས་འདེབས་གཙོ་ཆེའོ། །གཉིས་པ་ཕྲ་ཐིག་གི་རྣལ་འབྱོར་ལ། བསྐྱེད་རིམ་གྱི་ཡེ་ཤེས། དེའི་བྱེད་ལས་སོ། །དང་པོ་ནི། ཕྲ་ཐིག་སོགས་ཏེ། འཁོར་ལོ་སྡོམ་པ་འདིར། རྩ་རྒྱུད་ལས། འདི་ཡི་མཚན་མ་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུའི་མེ་ལོང་བཅས། །ཞེས་སོགས་གསང་བའི་སྣ་རྩེར་བསྒོམ་པའི་ཐིག་ལེ་དང༌།
མངོན་བརྗོད་ལ་སོགས་པའི་བཤད་རྒྱུད་རྣམས་ལས་ཕྲ་ཐིག་མཐའ་ཡས་པ་ཞིག་བཤད་མོད་གྱི། འདིར་གཙོ་བོར་གཏུམ་མོ་གཉིས་ཏེ་དེ་གཉིས་ཀྱི་རྣལ་འབྱོར་གྱིས་ལྷ་སྐུ་ལ་རྒྱས་བཏབ་པས། ལྷ་སྐུར་སྣང་བ་དེ་ཡང་བདེ་སྟོང་གི་ངོ་བོར་ལམ་གྱིས་ཤར་བ་ན། དེ་ཉིད་ལ་ནན་ཏན་དུ་བསྒོམས་པས་རླུང་རྣམས་དྷཱུ་ཏཱིར་ཐིམ་པས་རྫོགས་རིམ་གྱི་རྟོགས་པར་གཏོགས་པའི་བདེ་བ་སྐྱེ་ཞིང༌། དེ་དང་ལྷ་སྐུ་གཉིས་ཆེད་གཏད་ཀྱི་རྒྱས་བཏབ་མི་དགོས་པར་ལྷན་ཅིག་ཏུ་འཆར་ཞིང༌། རྣམ་རྟོག་གི་བར་མི་ཆོད་པ་ན་དྲན་པ་གཅིག་པ་ལ་གནས་པ་ཞེས་བྱ། དེ་ཉིད་བསྲིངས་ཏེ་བསྒོམས་པས་རེག་མཐོང་གི་མཚན་མ་རྙེད་པའི་ཚེ་རྟོག་པའི་རྣལ་འབྱོར་ལ་གནས་པའོ། །དེ་ལ་གཏུམ་མོ་གཉིས་ནི་མི་དམིགས་ཀྱི་གཏུམ་མོ་དང༌། ཕྱག་རྒྱའི་གཏུམ་མོའོ། །དང་པོ་ནི་འདིར་གཙོ་བོར་དཔྱིད་ཐིག་ཡིན་ལ། གཉིས་པ་ཡང་གསང་བའི་ཐིག་ལེ་གཙོ་ཆེ་བར་མངོན། དེ་ཡང་རྣལ་འབྱོར་གྱི་སྟོབས་ཀྱིས་ཐིག་ལེ་འཆིང་ནུས་པས་ནི་གཉིས་ཀ་བསྒོམས་པས་བདེ་སྟོང་གིས་རྒྱས་འདེབས་ལ་གཅིག་ཏུ་འབད་པར་བྱ་ཞིང༌། དེ་ལྟར་མི་ནུས་པས་རྣལ་འབྱོར་ལམ་ལ་བརྟེན་པ་འབའ་ཞིག་བསྒོམ་མོ། །ཕྲ་ཐིག་ཞེས་བྱ་བ། ངོས་འཛིན་མི་འདྲ་བ་མང་ན་ཡང༌། ཕྲ་མོ་རླུང་གི་རྣལ་འབྱོར་དང༌། ཐིག་ལེ་ཐིག་ལེའི་གཟུགས་སམ་དབབ་ལྡོག་གི་རྣལ་འབྱོར་ལ་ངོས་འཛིན་པ་ཡིན་ནོ། །གཉིས་པ་ནི་
བདེ་སྟོང་སོགས་ཏེ། ལྷར་སྣང་དང་ང་རྒྱལ་ཞུ་བདེས་བྱིན་གྱིས་བརླབས་པའི་རྣམ་པ་མ་འགགས་པ་ལ་ངོ་བོ་སྤྲོས་པའི་རྣམ་པ་དང་བྲལ་བའི་ཡེ་ཤེས་སོ། ཁ་ཅིག་ལྷའི་ང་རྒྱལ་ཤུགས་དྲག་བསྐྱེད་ན། བདག་འཛིན་གསོས་འདེབས་པར་འགྱུར་བས། བདག་འཛིན་གྱི་གཉེན་པོར་སྣང་ཙམ་མ་གཏོགས། གཞན་རྣམ་རྟོག་གཏན་ནས་མེད་པར་སྒོམ་ཞེས་ཟེར་རོ། །དེ་དག་ནི་རྣམ་རྟོག་ལམ་བྱེད་ཀྱི་གདམས་ངག་གི་གནད་མ་ལོངས་པ་སྟེ། དེ་ལྟར་གཉིད་འཐུག་པོའི་འོད་གསལ་བསྒོམས་པས་ཀྱང་གཏི་མུག་གསོས་འདེབས་དང༌། ཕྱག་རྒྱ་བསྟེན་པས་ཀྱང་འདོད་ཆགས་གསོས་བཏབ་པས་གྲོལ་བ་ལ་སྒྲིབ་པར་འགྱུར་རོ། །དེ་དག་ཐབས་ལ་མཁས་པའི་ཁྱད་པར་གྱིས་ཡིན་ནོ་ཞཻ་ན། འདི་ཡང་དེ་ལྟར་ཏེ། རྡོ་རྗེ་གུར་ལས་ཀྱང༌། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་གསུངས་ཤིང༌། དེ་ནི་ཕྲ་བའི་བདག་ཙམ་ལ་དགོངས་པ་ཡིན་ཏེ། གཞན་དུ་བདག་འཛིན་བསྒོམས་པས་བདག་མེད་རྟོགས་པའི་ཐབས་སུ་འགྱུར་ན་རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་འགྱུར་བས་སོ་སྙམ་དུ་མི་བསམ་སྟེ། ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དོན་རྣམས་ནི། མི་འཚམ་པར་ནི་སྣང་ཡང་ཉི་མའི་དཔེས། །རང་དང་གཞན་གྱི་དོན་བྱེད་ནུས་པས་ན། །རྣལ་འབྱོར་འགས་ནི་ཐེ་ཚོམ་མ་བྱེད་ཅིག །ཅེས་འཇམ་དཔལ་ཞལ་ལུང་ལས་གསུངས་
པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། རྣམ་རྟོག་ཉིད་ཀྱི་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་རྣམ་རྟོག་གི་ཁྱད་པར་འགའ་ཞིག་གིས་རྣམ་རྟོག་དང༌། འདོད་ཆགས་ཀྱིས་འདོད་ཆགས་འདག་པ་ལ་སོགས་པ་ཡོད་ན་ང་རྒྱལ་ཁོ་ནས་ཅི་ཞིག་ཉེས། གསུམ་པ་ནི། ཐ་མལ་སྣང་ཞེན་སོགས་ཏེ། གཞན་རྣམས་གོང་དུ་བརྗོད་ཟིན་ལ། ཕྲ་རགས་རིམ་པ་ཞེས་བྱ་བ་ནི། རགས་པ་བསྐྱེད་རིམ་གྱི་ལྷ་སྐུ་ཡན་ལག་བདུན་ལྡན་དང༌། ཕྲ་བ་རྫོགས་རིམ་གྱི་རྟོགས་པར་ན་འཕོས་པའི་ལྷའི་གསལ་སྣང་སྟེ། ཡན་ལག་བདུན་ལྡན་ཞེས་བྱ་བ་ནི། འདིར་དངོས་ནི་མ་ཡིན་མོད། རྣམ་པ་མཐུན་པ་ཙམ་ལམ་དུ་བྱས་པའོ། །གཉིས་པ་ལུས་དཀྱིལ་སྒོམ་པའི་རིམ་པ་ལ། གཞུང་གི་དོན་དང༌། འཕྲོས་དོན་ཅུང་ཟད་མཐའ་དཔྱད་པའོ། །དང་པོ་ལ་གསུམ་ལས་མདོར་བསྟན་ནི་ཁྱད་པར་སོགས་སོ། །ཐུན་མོང་མ་ཡིན་པ་ཞེས་པ་ནི། མན་ངག་ལས་ནི་གཞན་ལའང་འབྱུང་བ་སྲིད་མོད་ཀྱི། རྒྱུད་གཞན་གྱི་དངོས་བསྟན་དུ་ནི་ཕྲ་མོ་རྩ་ཁམས་ཀྱི་ལུས་དཀྱིལ་འདི་ལྟ་བུ་རྒྱུད་སྡེ་གཞན་རྣམས་ལས་མི་འབྱུང་བས་སོ། །རྒྱས་བཤད་ནི་སྙིང་གར་སོགས་ཏེ། སྙིང་གའི་དཔྱིད་དཔའ་བོ་ཡབ་ཧེ་རུ་ཀ་དང་ལྟེ་བའི་གཏུམ་མོ་དང་དྷཱུ་ཏཱི་སོགས་རྩ་བཞི་རྡོ་རྗེ་ཕག་མོའི་སྐུར་གྱུར་
པ་ལྟེ་བ་ནས་སྙིང་གར་བསྒོམས་པས། རྫོགས་རིམ་གྱི་ཚེ་སྙིང་གར་དཔྱིད་ཐིག་འདུ་འཕྲོད་བྱུང་སྟེ་ཐུགས་ཀྱི་སྒོ་གཉིས་འབྱེད་པའི་སྨིན་བྱེད་དུ་འགྱུར་བ་དང༌། ཡུམ་བཞི་སྙིང་གའི་ཕྱོགས་བཞིའི་རྩ། གསུམ་སྐོར་མ་སོགས་ཡོངས་སུ་གྱུར་པར་བསྒོམས་ཏེ། སྙིང་གའི་འཁོར་ལོར་བཀོད་པས། སྙིང་གའི་ཕྱོགས་བཞིའི་རྩ་ནས་འབྱུང་བཞིའི་རླུང༌། རླུང་ཐམས་ཅད་ཀྱི་རྩ་བར་གྱུར་པ་གཟུང་འཛིན་གྱི་རྣམ་རྟོག་སྐྱེད་པར་བྱེད་པ་དེ་ནང་དུ་འདུས་པས། རྫོགས་རིམ་གྱི་ཡེ་ཤེས་སྐྱེད་པར་བྱེད་པའི་གཞི་འདིངས་པའོ། །མཚམས་ཀྱི་མཆོད་པའི་རྩ་རྣམས་ཐོད་པ་བཞིར་བསྒོམས་ཤིང་བྱིན་གྱིས་བརླབས་པས། འབྱུང་བའི་ཁམས་བཞིའི་ཚོགས་ཐམས་ཅད་དྭངས་མ་བྱང་ཆུབ་ཀྱི་སེམས་སུ་དག་པའི་རྒྱུར་འགྱུར་སྙིང་གའི་ཕྱི་སྐོར་གྱི་རྩ་རྣམས་བུ་ག་བརྒྱད་ལ་ཡན་ལག་གི་རླུང་རྒྱུ་བའི་རྩའི་ཚུལ་དུ་འབྲེལ་བ་ཡིན་པས། དེ་རྣམས་ཁྭ་གདོང་མ་ལ་སོགས་པའི་མ་མོ་བརྒྱད་དུ་བསྒོམས་ཤིང་གནས་དེར་བཀོད་པས། བུ་ག་བརྒྱད་དུ་རྒྱུ་བ་ཡན་ལག་གི་རླུང་རྣམས་འདུས་པས་དབང་ཤེས་དྲུག་བདེ་བ་ཆེན་པོར་ཤར་བའི་སྟོབས་ཀྱིས་དྲངས་པ་ལྐོག་གྱུར་གྱི་ཡུལ་དྲུག་ཤེས་པའི་མངོན་ཤེས་དང༌། བདེ་བ་ཐོབ་པའི་རྒྱུ་སྟེ་ད་ལྟ་འཛག་གེགས་མི་འབྱུང་ཞིང་ཕྱིས་ཕྱག་རྒྱ་བསྟེན་པ་ན། ཐིག་ལེ་འཛག་མེད་དུ་འཆིང་བའི་རྒྱུར་འགྱུར་བའོ། །སྤྱི་བོ་ལ་སོགས་པའི་
རླུང་འབབ་པའི་རྩ་བརྒྱད་ལ་ཐུགས་འཁོར་བ། མཚན་ཁུང་སོགས་ཁྲག་འབབ་པའི་རྩ་བརྒྱད་ལ་གསུང་འཁོར་བ། མཚན་མ་སོགས་ཁུ་བ་འབབ་པའི་རྩ་བརྒྱད་ལ་སྐུ་འཁོར་བ་སྟེ། མི་ཕྱེད་མ་སོགས་ཉི་ཤུ་རྩ་བཞིའི་རྩ་རྣམས་ལྷར་གྱུར་ཏེ། གནས་དེ་དང་དེ་ལ་བཀོད་པས་རླུང་འཕོ་བ་ཉི་ཤུ་རྩ་བཞི་དང༌། ཐིག་ལེ་འཕོ་བ་བཅུ་དྲུག་དབུ་མར་ཐིམ་ཞིང་འགགས་ཏེ། རྩ་བའི་རླུང་ལྔ་པ་ཁྱབ་བྱེད་ཀྱི་རླུང་ཡང་ཐིམ་པའི་རྒྱུ་བྱེད་དོ། །དོན་བསྡུ་ནི། གདོད་མ་ལུས་ཀྱི་དཀྱིལ་འཁོར་འདི་བསྒོམས་པས་རྫོགས་རིམ་གྱི་སྐབས་སུ་རླུང་དང་ཐིག་ལེ་དེ་དག་ཐིམ་པར་འགྱུར་བའི་སྨིན་བྱེད་མཆོག་ཡིན་ཏེ། དེ་ཡང་རྫོགས་པའི་སོགས་ཀྱིས་བསྟན་ནོ། །མཆོག་ཅེས་བྱ་བ་ནི་སྨིན་བྱེད་ཙམ་ནི་ཕྱི་དཀྱིལ་གྱིས་ཀྱང་འགྲུབ་མོད་ཀྱི། དེ་བས་ཆེས་རྫོགས་རིམ་གྱི་རྟོགས་པ་སྐྱཻ་བ་ལ་མྱུར་བས་ནའོ། །ལུས་དཀྱིལ་འདིར་བསྒོམས་པས་ཀྱང༌། རླུང་དེ་དག་ཅི་རིགས་ཟློག་པས་རྫོགས་རིམ་གྱི་རྟོགས་པ་དང་ཕྱོགས་མཐུན་པའི་བདེ་སྟོང་གི་ཡེ་ཤེས་སྐྱེ་ཞིང༌། ཐོག་མར་རླུང་གང་ཟློག་པའི་ངེས་པ་ནི་མེད་དེ། དགོས་སུ་སེམས་བཟུང་ན་གང་ཟིན་པ་དེ་ཉིད་ནས་ཟློག་པ་ཡིན་ནོ། །རྫོགས་རིམ་གྱི་ཚེ་སྤྱིར་རང་རང་གི་ལས་ཀྱི་མཐུ་དང༌། ལས་འཕྲོའི་ཁྱད་པར་གྱི་གོ་རིམ་ནི་མ་ངེས་པར་འབྱུང་བ་ཤས་ཆེ་ལ། དགོས་ཀྱི་
དམིགས་པ་བསྒོམས་ན་ཕལ་ཆེར་དེ་དང་དེ་ཐོག་མར་ལྡོག་མོད། སྤྱི་ཁྱབ་ཏུ་ཐོག་མར་སྒོ་བརྒྱད་ཀྱི་རླུང་ལྡོག་སྟེ་སྐུའི་སྒོ་དགུ་འགག་གོ །དེ་ནས་སྨིན་མཚམས་དང་ལྟེ་བ་ནས། དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་རླུང་རྣམས་དང༌། དེ་ནས་སྙིང་གའི་ཕྱོགས་མཚམས་རྣམས་ལྡོག་སྟེ་གསུང་གི་སྒོ་བཞི་འབྱེད། མཐར་སྙིང་གར་འདུས་ཏེ་ཐུགས་ཀྱི་སྒོ་གཉིས་འབྱེད། དེ་ནས་རིམ་གྱིས་སྙིང་གའི་ཐིག་ལེ་ལ་རླུང་རྣམས་ཐིམ་པར་འགྱུར་རོ། །གཉིས་པ་ལ། ལུས་དཀྱིལ་གྱི་ངོ་བོ། དབྱེ་བ། གཞན་གྱིས་བཏགས་པའི་མཐའ་དགག་པ། རྒྱུད་གཞུང་གི་དགོངས་པ་རྣམ་པར་དབྱེ་བའི་འཇུག་སྒོ་ཙམ་བསྟན་པ། ཐུན་མོང་མ་ཡིན་པའི་ཕན་ཡོན་བསྟན་པ། ཡུལ་ཆེན་སོགས་གྱི་དགོངས་པ་བཤད་པའོ། །དང་པོ་ནི། ལུས་ལ་བཀོད་པའི་ལྷའི་དཀྱིལ་འཁོར་ཏེ། འོན་ཀྱང་ཐུན་མོང་མ་ཡིན་པའི་ལུས་དཀྱིལ་དུ་འགྱུར་བ་ལ་ནི། ལུས་དེ་དང་དེའི་ལྷར་བསྒོམས་པ་ཞིག་དགོས་པ་ཡིན་ནོ། །གཉིས་པ་ལ། ཐུན་མོང་བ་ལུས་ལ་བཀོད་པ་ཙམ་གྱི་ལུས་དཀྱིལ་ནི། རྣལ་འབྱོར་རྒྱུད་དུ་སྙིང་གའི་བདག་འཇུག་གི་དོན་དུ་དཀྱིལ་འཁོར་སྙིང་གར་འགོད་པ་ལྟ་བུ་དང༌། དངོས་གནས་ལ་མེད་ཀྱང་ཀུན་བརྟགས་གཙོ་ཆེ་བ་རགས་པ་ཕུང་ཁམས་ཀྱི་ལུས་དཀྱིལ་གསང་འདུས་འཕགས་སྐོར་ལ་
ཡོད་པ་ལྟ་བུ་དང༌། དངོས་གནས་ལ་ཞུགས་པ་གཙོ་ཆེ་བ་ཕྲ་མོ་རྩ་ཁམས་ཀྱིལུས་དཀྱིལ། འཁོར་ལོ་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་ལུགས་དེ་གསུམ་མོ། །ཕྱི་མ་ལ་ཡང༌། ཕྱི་དཀྱིལ་དང་སྦྲགས་ཏེ་སྒོམ་པ་ལཱུ་ནག་ལྟ་བུ་དང༌། ལུས་དཀྱིལ་འབའ་ཞིག་སྒོམ་པ་དྲིལ་བུ་ལུས་དཀྱིལ་ལྟ་བུའོ། །རྒྱུད་གཞན་གྱི་མན་ངག་ལ་ལུས་དཀྱིལ་ཡོད་པ་རྣམས་ཀྱི་རྟེན་སོའི་རྒྱུད་ཀྱི་ཚིག་རྣམས་ཀྱི་ཚིག་དོན་ནི། ལུས་དཀྱིལ་མི་སྟོན་པ་ཤ་སྟག་སྟེ། གསང་འདུས་སུ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་སོགས་དང༌། ཀྱཻ་རྡོར་གྱི་ཡང༌། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་ལྷ་སོ་སོའི་དག་པ་སྟོན་པ་ཙམ་དུ་སྣང་ཞིང༌། གདན་བཞིའི་ལུས་དཀྱིལ་ནི་ཐུན་མོང་པ་ལུས་ལ་བཀོད་པ་ཙམ་ཡིན་ལ། སངས་རྒྱས་ཐོད་པའི་ལུས་དཀྱིལ་ཡང་མན་ངག་ཡིན་གྱི་རྒྱུད་ཀྱི་དངོས་བསྟན་ལ་མེད་དོ། །དེས་ན་བདེ་མཆོག་གི་དགོངས་པ་རྒྱུད་སྡེ་གཞན་ལ་སྦྱར་བའི་མན་ངག་གོ །འོ་ན་གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་ཕྲེང་བར་གསུངས་པའི་དགོངས་པ་ཇི་ལྟར་ཞེ་ན། ཕུང་སོགས་རགས་པའི་ལྷ་ལུས་ལ་བཀོད་པ་ཙམ་ཞིག་ལ། དེའི་དག་པ་མཛད་པ་ཙམ་སྟེ། དེས་ནི་བདེ་མཆོག་པའི་ལུགས་ལ་ཟབ་མོ་ལུས་དཀྱིལ་
གྱི་གོ་མི་ཆོད་ལ། དེར་འཁོར་ལོ་བཞིའི་རྩ་རྣམས་ལ་ལུས་དཀྱིལ་གསུངས་སོ་སྙམ་ན། སྤྱིར་ནི་དེ་དག་བྱིན་གྱིས་བརློབ་པའི་ལྷ་ཙམ་ཞིག་མ་གཏོགས་ལུས་དཀྱིལ་རང་དུ་མི་གསལ་མོད། ལུས་དཀྱིལ་ཡིན་དུ་ཆུག་ཀྱང༌། དེར་རྩ་དང་བདེ་ཆེན་སྒྲུབ་ཚུལ་མང་པོ་ཞིག་བདེ་མཆོག་ནམ་མཁའ་དང་མཉམ་པའི་དགོངས་པ་བཤད་ཅིང༌། བདེ་མཆོག་རྩ་རྒྱུད་བསྡུས་པ་འདིའི་ཡང་ལེའུ་གཉིས་ཀྱི་ཚིག་རྣམས་ཕལ་ཆེར་དྲངས་སོ། །གསང་འདུས་རང་རྐང་དུ་ལུས་དཀྱིལ་མེད་པས། འདུས་པའི་དགོངས་པར་རྫོགས་པར་འགྲེལ་པ་ཡེ་ཤེས་ཞབས་ལུགས་སོགས་ལ་ཡང་མེད་དེ། རྒྱུད་སྡེ་གཞན་ཀྱཻ་རྡོར་སོགས་ལའང་འདྲའོ། །སྤྱིར་གསང་འདུས་ལུས་དཀྱིལ་དེ་བདེ་མཆོག་ལཱུ་ཡི་པའི་ཕུང་ཁམས་བྱིན་རླབས་རྒྱས་པ་དང༌། བསྐྱེད་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། འོན་ཀྱང་དཀྱིལ་འཁོར་དུ་བྱས་མ་བྱས་ཀྱི་ལུས་དཀྱིལ་ཡིན་མིན་ཙམ་མོ། །གསུམ་པ་ནི། ཁ་ཅིག་མངོན་བརྗོད་ལེའུ་དགུ་པའི་དཔའ་གཅིག་གི་དཀྱིལ་འཁོར་དེ་ཕྱི་དཀྱིལ་མེད་པའི་ལུས་དཀྱིལ་ཡིན་ཞེས་དམ་བཅའ་སྐམ་པོ་གཅིག་མཛད་ལ། དེ་སྒྲུབ་བྱེད་དུ་བྱས་པ་ཐམས་ཅད་སྒྲུབ་བྱེད་བསྒྲུབ་བྱ་དང་མ་མཚུངས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་ལྷ་དྲུག་ཅུ་རྩ་གཉིས་པའི་གཙོ་བོའི་སྐུ་ལ་ལུས་དཀྱིལ་བཀོད་པ་དང༌། ཕྱི་དཀྱིལ་ལྷ་བཅུ་གསུམ་མའམ། ལྷ་ལྔའམ། དཔའ་བོ་གཅིག་པ་རྣམས་ཕྱི་དཀྱིལ་རྒྱས་
བསྡུས་ཡིན་པའི་ཕྱིར། ཕྱི་དཀྱིལ་མེད་པ་མ་ཡིན་ཞིང༌། དཔའ་བོ་གཅིག་པ་ཞེས་པའི་ཚིག་གིས་ཀྱང་ལུས་དཀྱིལ་རྐྱང་པ་ཡིན་པར་འདོད་པ་བཀག་སྟེ། ལུས་དཀྱིལ་ལ་ལྟོས་ནས་དཔའ་བོ་གཅིག་པ་ཡིན་པ་དང༌། ལྷ་ཚོགས་དྲུག་ཅུ་ཡོད་པ་དངོས་སུ་འགལ་བ་ཡིན་པའི་ཕྱིར། དེས་ན་དཔའ་བོ་གཅིག་པ་ཞེས་ཕྱི་དཀྱིལ་ལ་ལྟོས་པའི་དཔའ་བོ་གཅིག་གོ །ཕྱི་དཀྱིལ་གྱི་དཔའ་གཅིག་ཡིན་ཀྱང༌། དེས་ཕྱི་དཀྱིལ་དུ་མི་འགྲོ་ན་ནི། ཕྱི་དཀྱིལ་ལྷ་ལྔ་སོགས་ཀྱིས་ཀྱང་གོ་མི་ཆོད་དགོས་ཏེ་ཁྱད་པར་དབྱེར་མེད་པའི་ཕྱིར་རོ། །མཐར་ལུས་དཀྱིལ་ཡོད་ན་ལུས་དཀྱྀལ་རྐྱང་པ་ཡིན་པར་ཁས་བླངས་པར་སོང་བས་རང་གི་དབྱེ་བ་བྱས་པ་དང་འགལ་ལོ། །ཡང་འདི་སྐད་ཅེས་ལཱུ་ནག་གི་གཞུང༌། འཁྲུལ་སྤོང༌། མི་ཐུབ་ཟླ་བ། རྒྱུད་མངོན་བརྗོད་རྣམས་ལས་ལུས་དཀྱིལ་གྱི་རྟེན་གྱི་དཀྱིལ་འཁོར་མ་བཤད། ལཱུ་ཡི་པའི་འགྲེལ་པ། སྡོམ་འབྱུང་ནས་གཞལ་ཡས་ཁང་སམྤུ་ཊི་བཞིན་འབྱུང༌། འདི་ནི་དགོས་ཏེ། གསང་འདུས་ལ་ཡོད་པས་ཏེ། དེ་དག་ཐམས་ཅད་དུ་འདྲ་བས་སོ། །སྔོན་ལ་གཞལ་ཡས་ཁང་གཅིག་བསྒོམ་དགོས་ཤིང༌། གཞལ་ཡས་ཁང་སྔ་མ་དེ་བསྡུས་ནས་བསྐྱེད་པ་མ་ཡིན་ཏེ། མདོ་བསྲེ་ལས། སྔར་བསྐྱེད་པའི་གཞལ་ཡས་ཁང་ན་གནས་པར་བྱའོ། །ཞེས་གསུངས་པས་སོ། །སྔ་མའི་
ནང་དུ་གསར་པ་ཅིག་བསྒོམ་པའང་མིན། བོད་ཁ་ཅིག་ལུས་ཀྱི་ཆ་རེ་རེ་གཞལ་ཡས་ཁང་གི་ཆར་མོས་པ་བྱེད་པ་ཙམ་རྒྱུད་དང་མཁས་གྲུབ་མི་བཞེད་དེ། རྡོ་རྗེ་ཕྲེང་བར། ལུས་ནི་གཞལ་ཡས་ཁང་དུ་གྱུར། །ཞེས་པས་གྱུར་པར་སྒོམ་པ་མ་གཏོགས་དོད་དུ་སྒོམ་པར་མ་བཤད། རྣམ་གཞག་རིམ་པར། ཚངས་པའི་ཐིག་ནས་ཡང་དག་བརྩམས། །གྲུ་བཞི་པར་ནི་རབ་ཏུ་དབྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། རྣལ་འབྱོར་པ་ཡི་སྐུ་དཀྱིལ་འཁོར། །ཞེས་ལུས་དཀྱིལ་ཁང་པ་གྲུ་བཞིར་བསྒོམ་པར་བཤད་པས་སོ། ཁ་ཅིག་གདོད་མ་ནས་གྲུབ་པ་གསལ་འདེབས་པར་འདོད་དེ། དེ་ལྟ་ན་ལུས་ཅན་རྣམས་འབད་མེད་དུ་གྲོལ་བར་འགྱུར། ལུས་དཀྱིལ་ཡིན་ན་གྲུབ་བཞི་ལུས་ལས་བྱེད་དགོས། ཞེས་དང༌། དེའི་རྗེས་འབྲང་ཁ་ཅིག་བརྟེན་པ་ལྷ་ཞལ་ཕྱག་ཅན་དུ་བསྒོམས་ནས། རྟེན་གཞལ་ཡས་ཁང་གི་རྣམ་པར་མི་བསྒོམ་པའི་རྒྱུ་མཚན་མེད་ཅིང༌། དེ་མེད་ན་ལྷ་ལ་བཞུགས་ས་མེད་པར་འགྲོ་ཟེར་ལ། གོང་གི་འཕྲོས་ལ་ལུས་ངག་ཡིད་གསུམ་འཁོར་ལོ་གསུམ་དུ་བསྒོམ་པ་ལཱུ་ནག་ལྟ་བུ་ལ་དགོས། དྲིལ་བུ་པ་ལྟ་བུ་ནང་དཀྱིལ་རྐྱང་པ་ལ་མི་དགོས་ཞེས་དང༌། ཕྱིའི་གཞལ་ཡས་ཁང་ལ་ནང་མ་བསྲེས་ཕན་ཆད་ཕྱི་དཀྱིལ། ནང་གི་ཆ་ཤས་བསྲེས་ནས་ནང་དཀྱིལ་ཏེ། དཔེར་ན་འོག་གཞི་རླུང་ལ་རྐང་མཐིལ་གྱི་ཆ་བསྲེས་ནས་དེའི་ང་རྒྱལ་ཡང་
དགོས་ཞེས་སོགས་དང་དགོས་སུ་དྲིལ་བུ་ལུགས་ལ་མི་འདྲ་བ་མང་སྟེ་རེ་ཞིག་བཞག་གོ །དེ་ལྟར་གསུང་པ་ནི་ཡང་དག་མ་ཡིན་པ་ཁོ་ན་སྟེ། ལཱུ་ཡི་པའི་འགྲེལ་པ་གཅིག་ཁོ་ན་ལ་ཡོད་པས་ཡོད་པའི་རྒྱུ་མཚན་དུ་འགྲོ་ན། རྒྱུད་གཞུང་ཐམས་ཅད་ལས་མ་བཤད་པས་མ་བྱས་ཀྱང་རུང་བའི་རྒྱུ་མཚན་དུ་ཅིའི་ཕྱིར་མི་འགྲོ། གསང་འདུས་ལུས་དཀྱིལ་སྐབས་ཕྱིའི་གཞལ་ཡས་ཁང་ཡོད་པས་འདིར་ཡང་དགོས་ན། འདི་ལ་རྩ་ཁམས་ཀྱི་ལུས་དཀྱིལ་ཡོད་པས། གསང་འདུས་ལ་ཡང་དགོས་པར་འགྱུར་ཏེ། ཐམས་ཅད་དུ་འདྲ་བར་ཁྱེད་ཉིད་ཀྱི་ཁས་བླངས་པས་སོ། །ཕྱི་དཀྱིལ་དང་འབྲེལ་བ་ཡིན་ན། སྡུད་མི་དགོས་པར་ཁོ་བོ་ཅག་ཀྱང་འདོད། །གཞལ་ཡས་ཁང་གི་ནང་དུ་ལུས་དཀྱིལ་གཞལ་ཡས་ཁང་གཉིས་པ་གཅིག་བྲེ་ནང་དུ་བྲེ་བཅུག་པ་ལྟར་སུ་ཡང་མི་འདོད་དོ། །རྒྱུད་དང་མཁས་གྲུབ་མི་བཞེད་དེ་གསང་འདུས་རྡོར་ཕྲེང་ནས་མ་བཤད་པས་སོ། །ཞེས་གསུང་པ་འདི་ལས་ཁྱབ་མཐའ་རྩིང་བ་ཅི་ཡོད། ཁོ་བོ་ཅག་ཀྱང་གཞལ་ཡས་ཁང་གི་རྣམ་པར་མི་བསྒོམ་མོད། དེའི་དོད་དུ་གསལ་མི་འདེབས་ཏེ། དེ་རང་དངོས་ཡིན་པའི་མོས་པ་བྱེད་དོ། །གྱུར་པའི་གོ་བའང་བདག་ཉིད་སངས་རྒྱས་དངོས་སུ་གྱུར་པ་ཡིན་སྙམ་པའི་ང་རྒྱལ་བྱེད་པ་དང་འདྲ་སྟེ། དེ་ལ་རྣམ་པ་གསལ་འདེབས་དགོས་པས་མ་ཁྱབ་པ་བཞིན་
ནོ། །རྣམ་གཞག་རིམ་པར་ལུས་དཀྱིལ་སྐབས་སུ་གྲུ་བཞི་ཞེས་གསུངས་པས། དམིགས་པ་ལ་ཁང་བཟང་གྲུ་བཞི་བསྒོམ་དགོས་ན། ཚངས་པའི་ཐིག་ནས་ཞེས་གསུངས་པས། ལུས་དཀྱིལ་སྒོམ་དུས་དམིགས་པས་ཐིག་འདེབས་དགོས་པར་འགྱུར་རོ། །གདོད་མ་ནས་གྲུབ་པ་སོགས་སྐྱོན་ཡིན་ན་རང་བཞིན་གྱིས་གྲུབ་ཅེས་པའང་སྐྱོན་དུ་འགྲོ་སྟེ། གདོད་མ་དང་རང་བཞིན་མིང་འདོགས་ཙམ་མ་གཏོགས་འདྲ་བས། འགྲོ་བ་འདི་དག་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གྲུབ་ཆེན་དྲིལ་བུ་པའི་གསུང་དེ་ལ་ཐོག་མར་དགག་པ་གྱིས་ཤིག ཁྱེད་ལྟར་ན་སྒྲུབ་གཞི་རྩ་ཁམས་གདོད་ནས་གྲུབ་ཟེར་བར་འདུག་པས། ད་ལྟའི་རྩ་ཁམས་རྣམས་འཁོར་བ་ཐོག་མ་མེད་པ་ནས་གྲུབ་པར་ཁས་བླངས་པས་ལུས་རྟག་པའམ། སྔར་ནས་ལུས་གྲུབ་ཟིན་ཟིན་པ་ཡིན་པར་འགྱུར་བས། ད་རེས་སྐྱེ་བ་མ་བླངས་པར་ཐལ་བ་མིན་ནམ། གྲུབ་མཐའ་ངན་པ་སྐྱོང་བའི་ཕྱིར། །ལྟག་བརྗོད་ལྷུར་ལེན་བྱེད་པ་ལ། །ནོར་པ་བརྒྱུད་མར་འབྱུང་བ་ནི། །དངོས་པོའི་ཆོས་ཉིད་ཅེས་བྱའོ། ཁོ་བོ་ཅག་ནི་རྩ་ཁམས་སོགས་དེ་དག་འབྲས་བུའི་དཀྱིལ་འཁོར་རིགས་ཀྱི་ཁྱད་ཆོས་སུ་གདོད་ནས་གྲུབ་ཅེས་འཇོགལུས་དཀྱིལ་ཡིན་ན་སྒྲུབ་གཞི་ལུས་ལ་བྱེད་དགོས་ཞེས་པ་ནི། མིང་གཞིའི་ཕུང་པོ་རིགས་བཞིའི་
སྒྲུབ་གཞིར་བྱེད་པ་གསང་འདུས་ལུས་དཀྱིལ་ཏེ། ལུས་དཀྱིལ་ཟབ་མོ་ཡིན་པར་འདོད་པ་དང་ནང་འགལ་ལོ། །ལྷ་ཞལ་ཕྱག་ཅན་སོགས་ལ་ལན་ནི་སྤྱིར་ལྷ་བསྒོམས་ལ་གཞལ་ཡས་ཁང་མི་བསྒོམས་པའི་བསྐྱེད་རིམ་ཇི་སྙེད་ཡོད་དེ་མཧཱ་མ་ཡའི་སྒྲུབ་ཐབས་ཀུ་ཀུ་རི་པས་མཛད་པ་ལྟ་བུ་དང༌། ཀྱཻ་རྡོར་གྱི་ཧེ་རུ་ཀ་གསུམ་ལས་གཞལ་ཡས་ཁང་མི་མཛད་པ་ཤིན་ཏུ་མང་བའི་ཕྱིར། ཁྱེད་གོང་གི་དེའི་ཁྱད་པར་མི་འཐད་པར་སེམས་ན་ཕྱི་དཀྱིལ་ལ་གཞལ་ཡས་ཁང་མེད་ཀྱང་ཆོག ལུས་དཀྱིལ་ལ་དགོས་པར་ངེས་པའི་ཁྱད་པར་དེ་བས་ཀྱང་མི་འཐད་པའི་ཕྱིར། ལུས་དཀྱིལ་ལ་མོས་པ་ཙམ་གྱི་སྒོ་ནས་ཀྱང་གཞལ་ཡང་ཁང་མེད་པས་ཆོག་པ་རུང་ན་མོས་པ་ཡོད་ན་ཅིའི་ཕྱིར་མི་ཆོག གཞལ་ཡས་ཁང་གི་རྣམ་པ་མ་བསྒོམས་པས་བཞུགས་ས་མེད་པར་འགྲོ་ན། ཉིད་ཀྱི་རང་ལུགས་ལ། དྲིལ་བུའི་འཁོར་ལོ་གསུམ་གྱི་ལྷ་ལའང་བཞུགས་ས་མེད་པར་འགྱུར་ལ། དེ་ལ་བཞུགས་ས་མེད་པ་རུང་ན་གཞན་ལའང་ཅིའི་ཕྱིར་མི་རུང༌། སྤྱིར་རང་ལུས་ཀྱི་སྣང་བའི་ཆ་ཤས་གཞལ་ཡས་ཁང་ལ་བསྲེ་བ་ལ་ཁུངས་ཤིག་ཡོད་ན་རུང་བ་སྲིད་དེ་དེ་ལ་ཁུངས་མི་སྣང༌། གཞལ་ཡས་ཁང་ལ་རང་ལུས་ཀྱི་ང་རྒྱལ་བྱས་པས་ལུས་དཀྱིལ་དུ་འགྱུར་ན། རང་ཧེ་རུ་ཀར་གསལ་བས་སྤྲོས་པའི་འཁོར་གྱི་ལྷ་ཀུན་ཡང་དེར་ཐལ་ཏེ། གཞི་རང་ལུགས་ཀྱི་ཆ་ཤས་ལས་བྱུང་ཞིང༌། དེ་
རྣམས་ཀྱི་སྐུ་གསུང་ཐུགས་དང་རང་གི་སྐུ་གསུང་ཐུགས་དབྱེར་མེད་པའི་ང་རྒྱལ་ཡོད་པའི་ཕྱིར་རོ། །ཡང་སྐད་ཅིག་གིས་བསྐྱེད་པ་དྲིལ་བུ་པའི་གཞུང་དངོས་ན་ཡོད་པ་དབང་པོ་རབ་ཀྱི་ལམ་ཡིན་ཞེས་པའི་དབང་པོ་རྣོ་བརྟུལ་ཡང་ལམ་ཡུན་རིང་དུ་བསྒོམས་མ་བསྒོམས་ཡིན་ཏེ། སྡོམ་འབྱུང་ལས་དབང་བརྟུལ་རིམ་བསྐྱེད་དང༌། དབང་རྣོན་སྐད་ཅིག་གིས་བསྐྱེད་པར་གསུངས་པ་ཡང་གང་ཟག་གི་བློ་སྦྱངས་མ་སྦྱངས་ལ་བཤད་པས་སོ། །ཞེས་པ་ཡང༌། དེ་ནི་དབང་བརྟུལ་བསྐྱེད་རིམ་སྐབས། དབང་རྣོན་རྫོགས་རིམ་སྐབས་སུ་བཤད་པ་སྤྱི་ཁྱབ་འདི་ཡིན་གྱི། དྲིལ་བུ་ལུས་དཀྱིལ་གྱི་གཞི་ལུས་སྐད་ཅིག་གིས་བསྐྱེད་པ་ལ་གནོད་བྱེད་མ་ཡིན་ནོ། །འདི་ནི་འདི་རང་གི་སྐྱེ་ཤི་བར་དོ་སྦྱོང་བྱེད་སོགས་ཞིབ་མོ་མ་རིག་པར་གཞན་གྱིས་རྒྱས་བཀབ་པ་སྟེ། ཁྱེད་ལྟ་ན་དྲིལ་བུ་ལུས་དཀྱིལ་ལ་གཞན་ལ་མེད་པའི་ཁྱད་པར་མང་པོ་ཡོད་ཟེར་སྐད་བྱས་ཀྱང་འདི་མི་ཟབ་པར་འགྱུར་ཏེ། འཁོར་ཚོགས་མ་བསྐྱེད་པ་ཙམ་གྱིས་ཟབ་ཏུ་འགྲོ་ན་མ་གཏོགས་ལཱུ་ཡི་པ་ལས་ཐུན་མོང་མ་ཡིན་པའི་ཁྱད་གཅིག་ཀྱང་འདོན་རྒྱུ་མི་འདུག་པས་སོ། །ཡང་གཞན་དག་སེམས་ཁོ་ན་དཀྱིལ་འཁོར་དུ་བསྐྱེད་ཀྱི་ལུས་མ་ཡིན་ཞེས་གསུངས་པ་ནི། ཤིན་ཏུ་འཁྱམས་པ་སྟེ། རྒྱུ་མཚན་དཀྱིལ་འཁོར་འབྲས་དུས་ཀྱི་དེ་སེམས་ལས་བྱུང་བའི་ཕྱིར་ཞེས་སོགས་གསུངས་ཏེ། དེ་ལྟ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་ལྷར་བསྐྱེད་མི་རིགས་པར་
འགྱུར་ཏེ་རྒྱུ་མཚན་དེའི་ཕྱིར། དེ་སེམས་སུ་ཤེས་པར་བྱས་པས་སྐྱོན་མེད་དོ་སྙམ་ན། ལུས་ལས་སྒྲུབ་པ་ན་ཡང་དེ་སེམས་སུ་ཤེས་པས་སྐྱོན་ཅི་ཡོད། སྒྲུབ་གཞི་ལུས་བཞི་པ་ལུས་ལ་གནད་དུ་བསྣུན་པའི་དོན་ཏེ་བསྐྱེད་གཞི་དེའོ། །ཉིད་ལྟར་ན་སེམས་ལུས་དཀྱིལ་དུ་བསྒོམས་ནས་ལུས་ལྷག་མར་འཇོག་གམ་ཅི། བཤད་པའི་ཚེ་ཡིན་གྱི་བསྒོམ་པའི་ཚེ་ལུས་ཀྱང་བསྒོམས་ན། སྒོམ་དོན་ལ་མི་འདྲ་བ་མེད་པས་དགག་སྒྲུབ་མི་དགོས་མོད། བཤད་པ་དང་ཉམས་ལེན་ཕྱིན་ཅི་ལོག་ན་མི་ལེགས་སོ། །སློབ་དཔོན་དྲིལ་བུ་པས་རང་བཞིན་ཤེས་གསུངས་པ་ངེས་དོན་ལ་དགོས་པ་མ་ཡིན་གྱི་ཀུན་རྫོབ་ཏུ་མེའི་རང་བཞིན་ཚ་བ། བུ་རམ་གྱི་རང་བཞིན་རོ་མངར་ཞེས་པ་ལྟ་བུའོ། ཁོ་བོ་ཅག་འདིར་བརྒལ་བརྟག་ལྷུར་ལེན་པ་མ་ཡིན་གྱི། ལུས་དཀྱིལ་གྱི་ལོག་རྟོག་འདི་རྣམས་དགག་བྱ་ཆེ་བར་འདུག་པས་བརྒལ་བརྟག་གི་སྒོ་ཕྱོགས་ཙམ་ཟུར་སྨོས་བྱས་པའོ། །རྒྱས་པར་གཞན་དུ་བརྗོད་དུ་རུང་ངོ༌། །དེ་ཙམ་གྱི་བོད་ཕྱི་མ་དང༌། སྔར་རབས་པའི་ལུགས་ཡིན་ཟེར་བ་ཕྱིས་བྱོན་གྱིས་རྗེས་སུ་འབྲང་བ་རྣམས་ཀྱི་ཁས་ལེན་གྱི་གནད་རྟོགས་པར་འགྱུར་རོ། །བཞི་པ་ལ། རྒྱུད་ལས་འབྱུང་ཚུལ་དང༌། དེའི་དོན་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་སྐུའི་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་
ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །ཞེས་སོགས་དང༌། མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །བུ་ལ་སོགས་པ་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ཞེས་གསུངས་པའི་དོན་མངོན་བརྗོད་ལས་ལུས་དཀྱིལ་མང་དུ་གསུངས་ཤིང༌། ཀུན་སྤྱོད་ལ་སོགས་པ་བཤད་རྒྱུད་གཞན་རྣམས་ལས་ཀྱང་རྩ་ཁམས་ཀྱི་དག་པ་སོགས་ལ་འཕྲོས་ནས་ལུས་དཀྱིལ་ཟུར་སྨོས་ཙམ་མང་དུ་བྱུང་ངོ༌། །དེ་དག་གི་དགོངས་པ་འགྲེལ་པ་ལྷ་མང་ཉུང་གི་ཁྱད་པར་མང་པོ་དང༌། བསྐྱེད་ཚུལ་ཡང་ས་བོན་ལས་བསྐྱེད་པ་དང༌། སྔགས་ལས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སོགས་མི་འདྲ་བ་དུ་མ་དང༌། དུས་སྐབས་ཀྱང་ལུས་དཀྱིལ་ཐོག་མར་སྒོམ་པ་མི་ཐུབ་ཟླ་བས་མཛད་པ་ལྟ་བུར་ཉེར་སྒྲུབ་ཀྱི་སྐབས་སུ་གོ་ཆ་ཆེན་པོ་སྒོམ་པ་དང༌། ཕྱི་དཀྱིལ་གྱི་རྗེས་སུ་གསལ་འདེབས་པ་ལཱུ་ཡི་པ་ལྟ་བུ་དང༌། ཕལ་ཆེར་དུས་མཉམ་དུ་གསལ་འདེབས་པ་ནག་པོ་ལུགས་ལྟ་བུ་དང༌། ལུས་དཀྱིལ་ཁོ་ན་ལ་མངོན་རྟོགས་ཡོངས་སུ་རྫོགས་པ་སྟེ། སྔོན་འགྲོ་བསྡུས་ཏེ་སྟོང་པ་ཅུང་ཟད་བསྒོམ་པས་འཆི་བ་ཆོས་སྐུ་ལམ་བྱེད། གཞི་ལུས་ཀྱི་བར་དོ་ལོངས་སྐུ་དང༌། ཐུན་མོང་མ་ཡིན་པའི་སྤྲུལ་སྐུ་ལམ་བྱེད ལུས་དཀྱིལ་གྱི་སྐྱེ་བ་སྤྲུལ་སྐུ་དང༌། ཐུན་མོང་མ་ཡིན་པའི་ལོངས་སྐུ་ལམ་བྱེད། ཆོས་སྐུ་ལམ་བྱེད་བྱང་
ཕྱོགས་ཀྱི་དག་དྲན་དང༌། མངོན་རྟོགས་ཀྱི་ཡན་ལག་ལྷག་མ་རྣམས་ཀྱང་བྱེད་པ་དྲིལ་བུ་ལུས་དཀྱིལ་ལྟ་བུ་དང༌། ཕྱི་དཀྱིལ་ཡང་རྒྱས་བསྡུས་སྣ་ཚོགས་ལ་བརྟེན་པ་སྟེ། ཐུན་མོང་མ་ཡིན་པའི་ལུས་དཀྱིལ་རྣམས་དང༌། ཐུན་མོང་གི་ལུས་དཀྱིལ་ཡང་ཅི་རིགས་པར་འབྱུང་ངོ༌། །གཉིས་པ་ལ། ལུས་དཀྱིལ་གང་ལ་འགོད་པའི་གཞི། གཞི་དེ་ལ་འགོད་པའི་ལྷ། གནས་གང་དུ་འགོད་ཅིང་བསྐྱེད་པའོ། །དང་པོ་ནི་ཐམས་ཅད་མཐའ་གཅིག་ཏུ་ངེས་པ་དཀའ་ཡང༌། ལཱུ་དྲིལ་ནག་གསུམ་སོགས་ད་ལྟ་འདུག་པའི་ཡབ་བཀའ་རྣམས་ལ་གཙོ་བོ་དང༌། ཡུམ་བཀའ་རྣམས་ལ་གཙོ་མོའི་སྐུ་སྟེ། གལ་ཏེ་སྒྲུབ་པ་པོ་ཕྱག་རྒྱ་དང་ལྷན་ཅིག་བསྐྱེད་རིམ་བསྒོམས་པ་ཡིན་ན། གཉིས་ཀའི་ལུས་དཀྱིལ་གཉིས་ཀས་བསྒོམ་དགོས་པས་ཡབ་ཡུམ་གཉིས་ཆར་ལ་འགོད་པ་ཡིན་ནོ། །གཉིས་པ་ནི། ཁ་ཅིག་ངེས་པར་ལྷ་དྲུག་ཅུ་རྩ་གཉིས་འགོད་པར་འདོད་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དཔའ་བོ་ཉེར་བཞིའམ་དཔའ་མོ་ཉེར་བཞིའམ། དཔའ་བོ་དཔའ་མོ་ཞེ་བརྒྱད་འགོད་པ་སོགས་སྣ་ཚོགས་སྣང་བས་སོ། །འོན་ཀྱང་ལཱུ་དྲིལ་ནག་གསུམ་ལ་དྲུག་ཅུ་རྩ་གཉིས་ཀར་འགོད་དགོས་པར་སྣང་ངོ༌། །གསུམ་པ་ལ་མ་མོ་བཅུ་གཉིས་ཀྱི་འགོད་ས་དང༌། གཙོ་བོ་ཡབ་ཡུམ་གྱི་འགོད་ས། སྐུ་གསུང་ཐུགས་ཀྱི་ལྷ་ཞེ་བརྒྱད་གནས་དང་
བཅས་པ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། མངོན་བརྗོད་ལེའུ་དགུ་པར། མ་མོ་བཅུ་གཉིས་ཕྱག་བཅུ་གཉིས་དང༌། ཐོད་པ་བཞི་ཞལ་བཞི་ལ་འགོད་པ་ཞིག་གསུངས། འགའ་ཞིག་སྙིང་པོའི་རྣལ་འབྱོར་མ་བཞི་རྩ་འཁོར་ལོ་བཞིའི་ལྟེ་བ་ལ་འགོད་པར་མཛད་པ་ཡང་ཡོད། སྒོ་མཚམས་མ་བརྒྱད་སྒོ་བརྒྱད་ལ་འགོད་པར་མཛད་པའི་སྒོ་བརྒྱད་ཀྱང་ཁ་དང༌། ལྟེ་བ་དང༌། མཚན་མ་དང༌། བཤང་ལམ་དང༌། སྨིན་མཚམས་དང༌། རྣ་བ་དང༌། མིག་དང༌། སྣ་རྣམས་ལ་ཁྭ་གདོང་མ་སོགས་རིམ་པས་འགོད་པ་ཡང་ཡོད། ལཱུ་ཡི་པའི་ལུགས་སྣ་ཚོགས་པ་རྣམས་ལ་དེ་དག་ཅི་རིགས་པ་བྱུང་ངོ༌། །རྣལ་འབྱོར་མ་བཞི་སྙིང་གའི་ཕྱོགས་ཀྱི་རྩ་ལ་འགོད་པ་དང༌། མཚམས་ཀྱི་རྩ་ལ་འགོད་པ་གཉིས་དྲིལ་བུ་ལུགས་ལའང་གདམ་ང་ཅན་དུ་སྣང་ཞིང༌། སྣོད་བཞི་ཡང་དེའི་རིགས་པས་ཤེས་སོ། །སྒོ་མཚམས་མ་བརྒྱད་སྙིང་གའི་ཕྱི་སྒོར་དངོས་ལ་འགོད་པ་དྲིལ་བུ་ལུགས་དང༌། རྩ་དེ་དང་རྒྱུད་གཅིག་པ་སྣ་བུག་གཉིས་གཅིག་ཏུ་བགྲངས་པའི་བུ་ག་བརྒྱད་ལ་འགོད་པ་ནག་པོ་ཞབས་ལུགས་ཏེ། སློབ་དཔོན་ཉིད་ཀྱིས། རྩའི་སྒོར་ནི་ཁྭ་གདོང་མ། །ཞེས་སོགས་དཔྱིད་ཐིག་ལས་གསུངས་སོ། །གཉིས་པ་ནི། རྒྱུད་གཞུང་རྣམས་སུ་གཙོ་བོ་ཡབ་ཡུམ་མི་འགོད་པ་དང༌། འགོད་ཀྱང་དེའི་གནས་ཀྱི་གསལ་ཁ་མེད་པ་མང་དུ་བྱུང་ཞིང༌། དེའི་ཕྱིར་པྲ་ཛྙཱ་རཀྵི་ཏས་ཀྱང་མན་ངག་ལས་ཤེས་
དགོས་པར་གསུངས་ཏེ། འགའ་ཞིག་སྤྱི་བོའི་ཧཾ་གི་གནས་སུ་ཡབ་དང༌། གསང་གནས་སུ་ཕག་མོ་སྒོམ་པ་དང༌། འགའ་ཞིག་སྙིང་གར་ཡབ་དང༌། ལྟེ་བར་ཡང་ཡུམ་སྒོམ་པ་བཞེད་པའང་ཡོད་མོད་ཀྱི། འདིར་ནི་དཔྱིད་དང་ཕག་མོ་ཞལ་སྦྱོར་བའི་ཚུལ་ཡིན་པས་ཡབ་ཡུམ་གཉིས་སྙིང་ག་ཆོས་འཁོར་གྱི་ལྟེ་བར་ཞལ་སྦྱོར་དུ་སྒོམ་པ་ཡིན་ནོ། །གསུམ་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཉི་ཤུ་རྩ་བཞིར་དབྱེ་བ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །རྩའི་གཟུགས་ཀྱི་གནས་པའོ། །ཞེས་རྣལ་འབྱོར་མ་རྣམས་རྩའི་རང་བཞིན་དུ་བཤད་ཅིང༌། ཀུན་སྤྱོད་དང༌། མངོན་བརྗོད་དུ། སོ་དང་སེན་མོ་ལ་ནི་ཐོད་པའི་དུམ་བུའོ། །ཞེས་སོགས་ཡབ་རྣམས་ལ་ཁམས་ཀྱི་དག་པ་བསྟན་པས་ཡུམ་རྣམས་དེ་དག་འབབ་པའི་རྟེན་གྱི་རྩ་ཡིན་པར་ཤེས་ཤིང༌། ཁམས་དེ་དག་འབབ་པའི་རྩ་རྣམས་གང་ཡིན་པ་དེ། སམྤུ་ཊི། སྡོམ་འབྱུང་སོགས་སུ་མི་ཕྱེད་མ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྣམས་ཡིན་པར་བཤད་པས་རྩ་ཁམས་དེ་རྣམས་ལྷ་ཞེ་བརྒྱད་དུ་བསྐྱེད་པའི་ཕྱིར། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འགོད་པར་ཐུན་མོང་མ་ཡིན་པའི་ལུས་དཀྱིལ་ཕལ་ཆེར་མཐུན་ནོ། །མངོན་བརྗོད་ནས་རྩ་འཁོར་ལ་འགོད་པ་སོགས་ཀྱང་བཤད་པས་མཐའ་གཅིག་ཏུ་མ་ངེས་སོ། །
བསྐྱེད་ཚུལ་ནི་གནས་ཉེར་བཞི་པོ་ཡང་འཁོར་ལོ་གསུམ་གྱི་རྩིབས་ཀྱི་རྣམ་པར་བསྒོམས་པ་དང༌། གནས་དེ་ལ་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྩིབས་རྣམས་དང་ཡུལ་ཉེར་བཞིར་མོས་པ་བྱེད་པ་ཙམ་སྟེ་ལུགས་གཉིས་དང༌། ས་བོན་ལས་བསྐྱེད་པ་དང༌། མི་བསྐྱེད་པའི་ལུགས་གཉིས་ཡོད་ཅིང༌། ལྷ་བསྐྱེད་པ་ཡང་མངོན་བརྗོད་ལས་ས་བོན་ལས་བསྐྱེད་པར་ཡང་བཤད་ཅིང༌། རྒྱ་གཞུང་མང་པོར་གནས་ཀྱི་ས་བོན་དང༌། ལྷ་སོ་སོའི་མཚན་སྔགས་ཕྱོགས་གཅིག་ཏུ་ཞུ་བ་ལས། ལྷ་དང་གནས་གཉིས་ཀར་བསྐྱེད་པའང་ཡོད། ཐམས་ཅད་སྐད་ཅིག་གིས་བསྐྱེད་པའང་ཡོད་མོད། རེ་ཞིག་ལཱུ་དྲིལ་ནག་གསུམ་ལ་ནི། པུ་ཛ་ལ་སོགས་པ་གནས་ཀྱི་ས་བོན་ལས་སོ་སོའི་རྟེན་བརྟེན་པ་ཐུན་མོང་དུ་བསྐྱེད་པ་ཡིན་ནོ། །ལྔ་པ་ལ་གཞུང་དོན་གྱི་སྐབས་སུ་བཤད་པའི་རླུང་འདུ་ཚུལ་རྣམས་ཏེ། ད་ལྟ་ནི་གནས་དེར་སེམས་ཡང་ཡང་གཏད་པས། རྫོགས་རིམ་བསྒོམ་པའི་ཚེ་རླུང་སེམས་འཕྲལ་དུ་ཐིམ་པར་འགྱུར་བའི་དགོས་པ་ཁྱད་པར་ཅན་བྱེད་ཅིང༌། ཁྱད་པར་འཁོར་ལོ་གསུམ་གྱི་ལུས་དཀྱིལ་གྱིས་ནི་ཁྱབ་བྱེད་ཀྱི་རླུང་ལས་སུ་རུང་བས་བྱང་ཆུབ་ཀྱི་སེམས་ལུས་ཐམས་ཅད་ལ་ཁྱབ་པར་འགྱུར་བ་དང༌། འཁོར་ལོའི་བཞི་སོགས་དགའ་བ་འཆར་བའི་གནས་རྣམས་སུ་ལྷ་བསྐྱེད་པས་རྩ་མདུད་གྲོལ་སླ་ཞིང༌། རླུང་ཐིམ་པས་བདེ་བ་ཡུན་རིང་བ་དང༌། ལྷས་བྱིན་གྱིས་བརླབས་པས་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་
ཡིན་ནོ། །གཙོ་བོ་ཡབ་ཡུམ་བཀོད་པས་དཔྱིད་ཐིག་གི་འབར་འཛག་ཁྱད་པར་ཅན་འབྱུང་ཞིང༌། མཐར་རླུང་ཐིམ་པ་དང་ཐིག་ལེ་འཛག་མེད་ཀྱི་ནུས་པས་ལྕགས་ལ་རྩིས་རེག་པ་བཞིན་དུ་མ་དག་པའི་ལུས་ཟད་ནས། འཇའ་ལུས་ཀྱི་རིག་པ་འཛིན་པའི་བརྒྱུད་པའི་རྒྱུ་ཁྱད་པར་ཅན་ནོ། །སེམས་བཟུང་བས་རྩ་རླུང་ཐིག་ལེ་གསུམ་ཤིན་ཏུ་དུལ་བར་འགྱུར་བར་མ་ཟད། རྩ་རླུང་ཐིག་ལེ་ལ་ལྷ་རྣམས་ཀྱི་བྱིན་གྱིས་བརླབས་པས་ཐུན་མོང་དང་མཆོག་གི་ནུས་མཐུ་རྣམས་ཆེས་བླ་ལྷག་ཏུ་འགྱུར་བ་དང༌། ཕྱི་ནང་གི་དཀྱིལ་འཁོར་ལ་ཡུལ་ཉེར་བཞི་ན་སྤྲུལ་པའི་སྐུ་མ་བསྡུས་པར་བཞུགས་པའི་དབང་པོ་དང་རྣལ་འབྱོར་མ་རྣམས་སུ་མོས་པ་བྱས་ཤིང༌། སྤྱན་འདྲེན་མཆོད་པ་སེམས་འཛིན་གྱི་ཏིང་ངེ་འཛིན་སོགས་བསྒོམས་པ་དང༌། ཟས་ཁམ་གཅིག་ཟོས་པ་ཙམ་ཡང་དེ་རྣམས་མཆོད་པའི་ཡན་ལག་ཁྱད་པར་ཅན་དུ་འགྱུར་ཏེ། ཕྱི་དཀྱིལ་འཁོར་མཆོད་པས་དངོས་གྲུབ་འབྱུང་བ་བཞིན། དེ་རྣམས་མཆོད་པས་མཉེས་ནས་དངོས་གྲུབ་སྩོལ་བ་ཡིན་ཏེ། ལམ་འདིའི་སྒྲུབ་པ་པོ་ལ་རྫུ་འཕྲུལ་ཡིད་མགྱོགས་ལྟ་བུའི་ཤུགས་ཀྱིས་བྱོན་ནས་བྱིན་གྱིས་བརློབས་པས་སོ། །རྩ་རྒྱུད་ལས་ཀྱང༌། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཅེས་སོ། །འོ་ན་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྤྱན་དྲངས་ཏེ་ལུས་ལ་བསྟིམས་པས། དེ་རྣམས་འགྲུབ་པར་མི་འགྱུར་རམ། ལུས་དཀྱིལ་ཉིད་ལྷག་པའི་རྒྱུ་མཚན་ཅི་སྙམ་ན། སྤྱིར་དེ་ལའང་བྱིན་རླབས་འབྱུང་མོད་ཀྱི། བྱིན་རླབས་ཁྱད་པར་ཅན་འཇུག་པ་ལ་ནི། སོ་སོར་ངེས་པའི་བསྐྱེད་ཆོག་དགོས་ཏེ། ལུས་ཐམས་ཅད་མི་བསྐྱོད་པར་སྒོམ་པ་ཙམ་ལའང་བྱིན་རླབས་ཤིག་འབྱུང་མོད་ཀྱི། དེ་བས་མི་བསྐྱོད་པའི་སྤྱན་ལ་ས་སྙིང༌། སྙན་ལ་ཕྱག་རྡོར་སོགས་བཀོད་ན་བཟང་བ་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་བྱིན་རླབས་ཡུལ་ངེས་པ་སོ་སོ་ལ་འཇུག་པ་དེ་ཙམ་ཐུན་མོང་གི་ཆོ་ག་རྣམས་ལ་མི་འབྱུང་ངོ༌། །སྐབས་འདིར་མཉེས་པར་བྱས་པས། སྤྱོད་པའི་སྐབས་སུ་ཞིང་རྣམས་སུ་སོང་བ་ན། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་ཁྱད་པར་ཅན་རྣམས་དང་དང་པོར་འདུ་བ་རྙེད། དེས་བསྐུལ་ནས་ཞིང་སྐྱེས་མ་དང་འཕྲད་ཅིང༌། དེ་བསྟེན་པས་དེ་ལ་བརྟེན་ནས་ལྷན་སྐྱེས་མ་རྣམས་བསྐུལ་ནུས་པས། དེ་དང་མཇལ་བ་ཙམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །འདིར་སྨྲས་པ། ལམ་འདི་བསྒོམ་པ་བྱིན་རླབས་ཆེས་མྱུར་ཏེ། །ལས་དང་པོ་འང་ཕོ་ཉ་མཆོག་རྣམས་ཀྱིས། །བྱིན་གྱིས་བརླབས་ཏེ་མ་མོའི་ཚོགས་འདུས་པ། །སྟོབས་མེད་མ་ཚོགས་རྣལ་འབྱོར་པས་མི་སྨད། །ལམ་འདིའི་ཡོན་ཏན་ཕ་མཐའ་བརྗོད་བྱེད་ན། །རྫུ་འཕྲུལ་ལྡན་པའི་ཚིག་མཆོག་
གྲུབ་པར་བྱོས། །འདྲེན་པ་རྣམས་ཀྱི་མཐུ་ཡང་བས་གྱུར་ན། །བློ་ལྡན་གང་ཞིག་འདི་ཡི་ཚད་འཇལ་བྱེད། །དྲུག་པ་ནི། དྲུག་པ་ནི། ལུས་ཀྱི་གནས་དང་ཕྱི་རོལ་གྱི་ཡུལ་རྣམས་ལ་ས་བཅུར་བརྗོད་པ་ཅི་ཞིག་སྙམ་ན། གང་ཟག་དབང་པོའི་བྱེ་བྲག་རྣམས་པ་ལྔས་དམན་པ་ལ་ཕྱི་རོལ་གྱི་ཡུལ་དང༌། འབྲིང་པོ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྩིབས་དང༌། ཆེན་པོ་ལ་གསུམ་དུ་བྱས་པའི་ཆུང་ངུ་ལ་ལུས་དཀྱིལ་དང༌། འབྲིང་པོ་ལ་རྫོགས་རིམ་གྱི་སྐབས་ཀྱི་རྩ་ཁམས་ཐིམ་ཚུལ་དང༌། ཆེན་པོ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀྱི་རང་བཞིན་རབ་དགའ་ལ་སོགས་པའི་ས་བཅུར་བསྟན་པ་ཡིན་ནོ། །ཞེས་མན་ངག་སྙེ་མ་ལས་འབྱུང་བ་ཡིན་ནོ། །གནས་ལ་སོགས་པའི་མིང་དོན་ནི། །སྦྱིན་པས་སེམས་ཅན་དཔག་ཏུ་མེད་པ་ཚིམ་ཞིང་རྟེན་པར་བྱེད་པས་གནས་དང༌། བརྒཽད་པའི་མཐུས་ཡོན་ཏན་ཕུལ་བྱུང་སྐྱེ་བས་ཞིང་དང༌། རང་གཞན་གྱི་དོན་སྒྲུབ་པའི་འདུན་པ་དང་དེ་ལྟ་བུ་བྱའོ་ཞེས་རྟོག་པས་འདུན་རྟོག་སྟེ་ཚནྡྷོ་དང༌། ཐབས་ཀྱི་ཕར་ཕྱིན་གྱིས་ཏིང་ངེ་འཛིན་དང་མངོན་ཤེས་སོགས་མཚན་མ་མེད་པ་རྩོལ་བས་འདུ་བ་དང༌། བདག་མེད་པ་དུར་ཁྲོད་དང་མཚུངས་པའི་ཆོས་དབྱིངས་ཀྱི་དོན་རྟོགས་ནས་གཞན་ལ་སྟོན་པར་བྱེད་པས་དུར་ཁྲོད་དང༌། བདེ་བ་ཆེན་པོའི་ཡེ་ཤེས་འཐུང་ཞིང་རྣམ་རྟོག་གཅོད་པ་ནི་འཐུང་གཅོད་དོ། །དེ་དག་རེ་རེ་བཞིན་ལས་ལྷག་པའི་ནུས་པ་
ཡང་ཡོད་པས་ཉེ་བའི་དེ་དང་དེ་དག་གོ །གཉིས་པ་ནི། ལྷག་མཐོང་སོགས་ཏེ་བསྐྱེད་རིམ་གྱི་ཡེ་ཤེས་དེ་ཡང་ཞི་ལྷག་གི་རིམ་པས་བསྐྱེད་དགོས་པའོ། །གསུམ་པ་ལ་ཉེར་རྒྱུ་དང་འབྲས་བུ་གཉིས་ལས། དང་པོ་སྤྱོད་པ་སོགས་ཏེ་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་པ་ལ་བསྐྱེད་རིམ་བརྟན་ནས་སྤྱོད་པ་སྤྱོད་དགོས་པ་སྟེ། རྣལ་འབྱོར་གཉིས་པའང་གསུམ་པ་གྲུབ་ནས་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་པ་ཡིན་ནོ། །གཉིས་པ་ལ་མདོར་བསྟན་ནི། ལས་དང་སོགས་ཏེ། ལས་དང་པོ་དངོས་གྲུབ་འདི་དག་ཀྱང་འགྲོ་བའི་དོན་གྱི་ཕྱིར་སྒྲུབ་པ་ཡིན་ནོ། །ལས་ཚོགས་ཙམ་སྒྲུབ་པ་ལ་ནི་སྤྱོད་པ་སྤྱོད་མི་དགོས་ཏེ་མཚན་མའི་བསྙེན་པ་གྲུབ་པ་ན་བྱར་རུང་བའོ། །རྒྱས་བཤད་ལ་གསུམ་གྱི་ལས་ཀྱི་དངོས་གྲུབ་ནི། ལས་ཆེན་བཅུ་གཉིས་ཞེས་བྱ་བ་ནི། རྩ་རྒྱུད་ལས། དབང་དང་དགུག་དང་དབྱེ་བ་དང༌། །བསད་དང་བསྐྲད་པ་ལ་སོགས་དང༌། །རྨུགས་དང་རེངས་པར་བྱ་བ་དང༌། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུག་པར་འགྱུར་བ་དང༌། །འོན་དང་དེ་བཞིན་ལོང་བ་དང༌། །མ་ནིང་ཉིད་དུ་བྱ་བ་དང༌། །གཟུགས་ནི་ཡོངས་སུ་བརྗེ་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་གསུངས་ཏེ། ཚིག་འཕྲོག་སོགས་བཞི་དབང་པོ་ཉམས་པར་འགྱུར་བའི་ལས་ཞེས་གཅིག་ཏུ་བསྡོམ། འདིར་ཞི་བའི་ལས་ཀྱི་གསལ་ཁ་མ་
བྱུང་ཡང་སྔ་ཕྱིར་མང་དུ་གསུངས་ཏེ་དེ་བསྣན་པས་བཅུ་གཉིས་སོ། །འདི་ནི་མཚོན་པ་ཙམ་སྟེ། རྡོ་རྗེ་མཁའ་འགྲོར་ལས་རིམ་བརྒྱ་གསུངས་པ་སོགས་ལས་རབ་འབྱམས་རྣམས་སོ། །ཐུན་མོང་གི་དངོས་གྲུབ་འབྲིང་པོ་གྲུབ་པ་ཆེན་པོ་བརྒྱད་ནི། ལྷ་མོ་བཞིས་ཞུས་པ་ལས། རྫས་བརྒྱད་ཡན་ལག་སྒྲུབ་པར་བཤད། །རིལ་ལུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་དང༌། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང༌། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་སོགས་རྒྱུད་སོ་སོ་ནས་འདྲེན་ཚུལ་མི་གཅིག་པ་མང་པོ་བྱུང་ཡང༌། རྒྱུད་འདི་ཉིད་ལས། ས་འོག་སྟེང་འགྲོ་རལ་གྲི་དང༌། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་ལུ་མིག་སྨན་རྟེན་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །ཞེས་པ་ལྟར་བརྒྱད་དང༌། འདི་ནི་ཕྱོགས་མཚོན་པ་ཙམ་སྟེ། ཕྱག་མཚན་གྱི་རིག་པ་འཛིན་པ་དང༌། བཞོན་པའི་རིག་པ་འཛིན་པ་དང༌། རྒྱལ་སྲིད་སྣ་བདུན་སྒྲུབ་པ་ལ་སོགས་པ་ལོངས་སྤྱོད་ཀྱི་རིག་པ་འཛིན་པ་དང༌། མཆོག་ཏུ་གྱུར་པ་རོ་ལངས་སྒྲུབ་པ་དང༌། ལྷ་དང་ལྷ་མ་ཡིན་དང་ཀླུ་
དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་མངག་གཞུག་ཏུ་སྒྲུབ་པ་དང༌། གནོད་སྦྱྀན་མོའམ་ཚངས་པའི་བུ་མོ་སྒྲུབ་པ་ལ་སོགས་པ་དངོས་གྲུབ་རབ་འབྱམས་མཐའ་ཡས་པ་སྒྲུབ་པར་བྱེད་དོ། །ཐུན་མོང་གི་དངོས་གྲུབ་མཐར་ཐུག་པ་འདོད་གཟུགས་ཀྱི་རིག་པ་འཛིན་པ་གཉིས་ཏེ། ལུས་ཀྱི་རིག་པ་འཛིན་པ་འདི་གཉིས་ནི་ཡོན་ཏན་བརྒྱད་དང་ལྡན་པ་ཏེ། ཡོན་ཏན་བརྒྱད་ནི། གཟུགས་ཕྲ་རེག་པ་ཡང་བ་དང༌། ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །གཟུགས་ཕྲ་བ་ནི་རྩི་ཤིང་ནགས་ཚལ་ལ་སོགས་པ་སྣོད་ཀྱི་ཆོས་ཇི་སྙེད་སྤྲུལ་ཞིང་བསྡུ་བར་བྱེད་པ་ཕྲ་བ་དང༌། སེམས་ཅན་སྣ་ཚོགས་པ་སྤྲུལ་བསྡུ་བྱེད་པས་ཡང་བ་དང༌། གཉིས་ཀ་སྤྲུལ་བསྡུ་བྱེད་པས་ཡང་དག་པར་ཐོབ་པའམ་བདག་པོར་གྱུར་པ་དང༌། ཡིད་ཀྱི་བསམ་པར་ཕྱིན་པ་གང་ཡང་ཁྱབ་པ་དང༌། འབྱུང་པོ་ཀུན་གྱིས་མཆོད་པར་བྱེད་པ་ནི་རབ་ཏུ་གསལ་བ་དང༌། གང་ཐོས་པར་འདོད་པ་དེ་ཐོབ་ནུས་པས་དགའ་མགུར་གནས་པ་སྟེ་བརྟན་པ་དང༌། ཚར་བཅད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་ཕྱུག་གམ་དབང་དུ་གྱུར་པ་དང༌། ཇི་ཙམ་འདོད་པ་ཐམས་ཅད་འབྱུང་བ་ནི་འདོད་དགུར་བསྒྱུར་བའོ། །ཡང་ན། ཕྲ་བ་ནི་འཇའ་ལུས་སུ་གྱུར་པ་དང༌། ཡང་བ་ནི་རྡུལ་རགས་པའི་ཁམས་མེད་པའི་རྒྱུ་མཚན་གྱིས་ཐོགས་བཅས་ཀྱི་ལུས་མ་ཡིན་པས་ན། ས་ཆུ་མེ་རླུང་
ནམ་མཁའ་ཐམས་ཅད་ལ་ཅི་དགར་སྤྱོད་པ། གཞན་རྣམས་འདྲའོ། །དེས་ན་སྐྱེ་བ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་མིའི་ལུས་རྟེན་ཁོ་ན་ལ་ཡིན་གྱི། གཞན་ལ་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། རིག་པ་འཛིན་པ་དེ་ཉིད་ཀྱང་འདོད་གཟུགས་ཀྱི་ལྷར་གཏོགས་མོད་ཀྱི། རྟེན་དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་དོ། །གཉིས་པ་རྫོགས་རིམ་འཁོར་དང་བཅས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི་དེས་ཀྱང་སོགས་ཤློ་ཀ་གཅིག་སྟེ་གོ་སླའོ། །གཉིས་པ་ལ་རྒྱུད་ནས་འབྱུང་བ་རྫོགས་རིམ་གྱི་སྤྱིའི་ཆོས་བཤད་པ་དང༌། གྲུབ་ཆེན་སོ་སོའི་མན་ངག་ཞིབ་མོར་བཤད་པའོ། །དང་པོ་ལ་ཡན་ལག་གི་དབྱེ་བ་དང༌། ངོ་བོའི་དབྱེ་བའོ། །དང་པོ་ལ་རྒྱུ་གཙོ་ཆེ་བའི་ཡན་ལག་དང༌། འབྲས་བུ་གཙོ་ཆེ་བའི་ཡན་ལག་གོ །དང་པོ་ལ། ཡན་ལག་དྲུག་བཤད་པ། རིམ་པ་ལྔ་བཤད་པ། མཆོག་གི་ཕྱག་རྒྱའི་དབྱེ་བ་བཤད་པའོ། །དང་པོ་ནི། སོ་སོར་བསྡུ་དང་སོགས་ཏེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་འགྲེལ་ལས་འབྱུང་བའི་ཡན་ལག་དྲུག་གི་རྣམ་གཞག་དང་མཁའ་འགྲོ་རྒྱ་མཚོར་གསུངས་པའི་དགོངས་དོན་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་བཞེད་པ་སྟེ་གཉིས་ལས། དང་པོའི་རྣམ་གཞག་ནི་རྒྱས་པར་དུས་ཀྱི་འཁོར་ལོའི་ཕྱོགས་ལས་ཤེས་
དགོས་ལ། འདིར་མདོ་ཙམ་བརྗོད་ན་དོན་དངོས་དང༌། ལོག་རྟོག་གསལ་བ་གཉིས་ལས། དང་པོ་ནི། རྩ་རྒྱུད་ལེའུ་དང་པོ་ལས། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ལ། སྔགས་བཟླས་ཞེས་པ་སྲོག་རྩོལ་དངོས་སུ་བསྟན། དེའི་འབྲས་བུ་འཛིན་པ་ཞོར་ལ་འཕངས། བསམ་གཏན་ཞེས་པས་བསམ་གཏན་གྱི་ཡན་ཡག་དངོས་སུ་བསྟན་ཞིང༌། རང་རྒྱུ་སོར་བསྡུད་ཤུགས་ཀྱིས་བསྟན། བདེ་བ་ཞེས་པས་མི་འགྱུར་བའི་བདེ་བ་ཏིང་ངེ་འཛིན་བསྟན་པས། རྒྱུ་རྗེས་དྲན་ཡང་བསྟན་ཏེ་དེ་ལྟར་དྲུག་གོ །དེ་ལ་སོ་སོར་བསྡུད་པ་ནི། ཐ་མལ་གྱི་དབང་ཡུལ་གྱི་འབྲེལ་བ་གཅོད་པས་སོ་སོར་གཅོད་པའམ། ཡང་ན་ཤའི་མིག་ལ་སོགས་པའི་དབང་ཤེས་གཞན་ལྔས་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལེན་པ་ནི། སོ་སོར་བསྡུད་པ་སྟེ། ཁྲལ་ལེན་པ་ལ་ཁྲལ་བསྡུད་ཅེས་བྱ་བ་དང་འདྲའོ། །ངོ་བོ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ལ་མཉམ་པར་བཞག་པས་སྟོང་གཟུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སོ། །དབྱེ་བ་ནི། དུ་བ། སྨིག་སྒྱུ། མེ་ཁྱེར། མར་མེ་འབར་བ། སེར་པོ་འབར་བ། ཟླ་བ། ཉི་མ། སྒྲ་གཅན། གློག ཐིག་ལེ་སྟེ་རྟགས་བཅུའི་དབྱེ་བས་རྣམ་པ་བཅུའོ། །འདི་ནི་སྤྱན་ལྔ་ལས་ཤའི་མིག་དང༌། རིགས་དྲུག་ལས་རྡོ་རྗེ་སེམས་དཔའི་ལམ་མོ། །བསམ་གཏན་
གྱི་ངོ་བོ་ནི། སོར་བསྡུད་ཀྱི་སྐབས་སུ་ཐ་མལ་གྱི་དབང་ཡུལ་གྱི་འཇུག་པ་བཀག་པ་ཙམ་ཡིན་ལ། འདིར་ནི་ཡིད་ཤེས་ཀྱི་སྟེང་དུ་སྟོང་གཟུགས་དང་ཤེས་པ་གཉིས་ཀྱི་གཉིས་སྣང་བཀག་སྟེ་རོ་གཅིག་ཏུ་བསྒོམ་པའོ། །དབྱེ་བ་ནི། ཤེས་རབ། རྟོག་པ། དཔྱོད་པ། དགའ་བ། བདེ་བ་སྟེ་ཡན་ལག་ལྔ། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། །ཁ་ཅིག་ནི་ཤའི་མིག་ལ་སོགས་པ་དབང་པོ་ལྔ་དང༌། ཡུལ་ལྔའི་དབྱེ་བས་བཅུ་ཤེས་ཀྱང་གསུང་ངོ༌། །འདི་ནི་ལྷའི་མིག་དང༌། མི་བསྐྱོད་པའི་ལམ་མོ། །དེ་ལ་ཤེས་རབ་ནི་སྟོང་གཟུགས་མཐོང་ཙམ་དེ་ཉིད་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་བཞག་པས། སྤྲོས་པ་གང་གི་ཡང་ངོ་བོར་མ་སྐྱེས་པའི་རིག་སྟོང་ངོ༌། །དེ་ཉིད་ལས་ཕྱི་ནང་གི་འཆར་སྒོ་མ་འགགས་པའི་སྣང་བ་ལམ་མེ་བ་མཐོང་བ་རྟོག་པ་དང༌། སྣང་བ་དེ་རྣམས་རང་སེམས་སུ་གསལ་བར་སྣང་ཞིང་དེ་ཡང་བརྗོད་བྲལ་གྱི་ངོ་བོར་མཐོང་བ་ནི་དཔྱོད་པ་དང༌། དེ་ལྟར་ཤེས་པས་དྲངས་པའི་ཡིད་དགའ་བ་ནི་དགའ་བ་དང༌། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ནི་གཡོ་མེད་བདེ་བའོ། །དང་པོ་གསུམ་ལ་མི་འདྲ་བ་མང་དུ་འཆད་ཀྱང༌། རྗེ་བཙུན་བླ་མའི་ཞལ་ལུང་ནི་འདི་ཡིན་ཏེ། སེམས་འགྲེལ་སྐོར་གསུམ་གྱི་དགོངས་པ་ངེས་དོན་མཐར་ཐུག་པའོ། །ཡན་ལག་གཉིས་པོའི་འདི་སྟོང་གཟུགས་སྒྲུབ་བྱེད་ཡིན་པས་སྐུ་རྡོ་རྗེའི་རྣལ་འབྱོར་དང༌། བསྙེན་པ་དང༌། ཐོག་མར་དགེ་
བར་གསུངས་སོ། །མངོན་སུམ་བཞི་ལས་དབང་མངོན་ནོ། །སྲོག་རྩོལ་ནི་རོ་རྐྱང་གི་རླུང་དང་སྲོག་ཐུར་དབུ་མར་འཆིང་བ་སྟེ། དགང་དབྱུང་བུམ་ཅན་སོགས་ཀྱིས་དེ་བཅིངས་པས་དབུ་མའི་རླུང་དུ་བྱས་པའི་སྐབས་ཀྱི་སྟོང་གཟུགས་མཐོང་བའི་མངོན་སུམ་ལ་ངོས་འཛིན་ལ། དབྱེ་བ་ནི་དགག་བྱ་གཡས་འབྱུང་བ་ལྔའི་རླུང༌། གཡོན་ཕུང་པོ་ལྔའི་རླུང་གི་དབྱེ་བས་བཅུའོ། །འདི་དོན་གྲུབ་ཀྱི་ལམ་མོ། །འཛིན་པའི་ངོ་བོ་དབུ་མ་འབའ་ཞིག་ནས་འབབ་པའི་རླུང་དེ་ཡང་རིམ་པས་ལྟེ་སྙིང་མགྲིན་པ་དཔྲལ་པ་གཙུག་ཏོར་རྣམས་ཀྱི་ལྟེ་བར་བཀག་ནས་ཐིག་ལེ་ཐིམ་པའི་གཟུགས་བརྙན་མཐོང་བའི་མངོན་སུམ་མོ། །དབྱེ་ན་འཁོར་ལོ་ལྔར་འགྲོ་འོང་གི་དབྱེ་བས་བཅུའོ། །འདི་རིན་འབྱུང་གི་ལམ་མོ། །འདི་གཉིས་རླུང་དག་བྱེད་ཡིན་པས་གསུང་རྡོ་རྗེའི་རྣལ་འབྱོར་དང༌། ཉེར་སྒྲུབ་དང༌། བར་དུ་དགེ་བ་དང༌། སངས་རྒྱས་ཀྱི་སྤྱན་དང༌། ཡིད་ཀྱི་མངོན་སུམ་མོ། །རྗེས་དྲན་ནི་སྲོག་ཐུར་འདྲེས་པ་ཐིམ་པའི་སྟོབས་ཀྱིས་གཏུམ་མོ་འབར་བའི་སྣང་བ་ལ་ཁམས་གསུམ་གྱི་གཟུགས་བརྙན་སྤྲོ་བ་དང༌། རང་འདོད་པའི་ལྷ་མཐོང་བའི་མངོན་སུམ་མོ། །འདི་ཐོབ་པས་ཧཾ་ཡིག་ཞུ་བ་ནོར་བུར་སོན་པའི་དགའ་བ་ཁྱད་པར་ཅན་རྣམས་ཐོབ་སྟེ། འཇིག་རྟེན་འདོད་པ་དོན་དུ་གཉེར་བ་ན། ཆགས་ཡུལ་ཡིད་ལ་བྱེད་པ་དང༌། དེ་དག་འཕྲད་འདོད་པ་དང༌། དེས་ལས་ཀྱི་གཏུམ་མོ་ཅུང་ཟད་འབར་བས་ལུས་ལ་དྲོད་འབར་བ་དང་
དེས་ཁ་སྐམ་པ་དང༌། མགྲིན་པ་ཟས་མི་འཇུག་པ་དང༌། ཆགས་ཡུལ་དང་ཕྲད་ནས་སེམས་བརྟན་པ་མེད་པར་གཡོ་བ་དང༌། སྤྱོད་པ་རང་བཞིན་དུ་མི་གནས་པས་སྨྱོ་བ་དང༌། བྱ་བ་དང་བྱ་བ་མིན་པ་ལ་རྨོངས་པ་དང༌། ཡིད་འཛག་བདེའི་གཞན་དབང་དུ་སོང་བས་རྣམ་པར་འཁྲུལ་པ་དང༌། བརྒྱལ་བ་ལྟར་རྨོངས་པ་སྟེ་གནས་སྐབས་བཅུ་དག་པ། གནས་སྐབས་བཅུ་དང་རྣམ་པ་འདྲ་བའི་བདེ་བའི་ཡེ་ཤེས་རིམ་པ་བཞིན་དུ་རྟགས་བཅུས་དྲངས་པའི་མཚན་མ་བཅུ་རིམ་པས་ཐིམ་པའི་དབྱེ་བས་བཅུ་སྟེ། དེ་དག་ཐིམ་པས་ལྷ་མོ་དུ་བ་མ་སོགས་བཅུ་འགྲུབ་བོ། །དེ་སྒྲུབ་པའི་ཡན་ལག་དང༌། ཐུགས་རྡོ་རྗེ་དང༌། ཤེས་རབ་ཀྱི་སྤྱན་དང༌། འོད་དཔག་མེད་དང༌། ཡེ་ཤེས་ཀྱི་སྐུ་ཕྱོགས་མཐུན་འགྲུབ་པས་རྣལ་འབྱོར་མངོན་སུམ་མོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་རྗེས་དྲན་གྱི་སྐབས་ཀྱི་ལྷན་སྐྱེས་གཡོ་བ་ཅན་དེ་གཡོ་བ་དང་རྦ་རླབས་ཞི་བ་ན་མི་འགྱུར་བའི་བདེ་བ་སྟེ་དེའི་མངོན་སུམ་མོ། །འདི་ཡང་སྲོག་འཛིན་སོགས་རླུང་བཅུ་འགགས་པས་བཅུའོ། །འདི་ནི་སྒྲུབ་ཆེན་དང༌། ཡེ་ཤེས་རྡོ་རྗེ་དང༌། ཡེ་ཤེས་ཀྱི་སྤྱན་དང༌། རྣམ་སྣང་དང་རང་རིག་མངོན་སུམ་མོ། །དེ་གཉིས་ཐ་མར་དགེ་བའོ། །འདི་ལ་ལམ་ལྔ་དང་སྦྱར་ན་དང་པོ་གཉིས་ཚོགས་ལམ། །བར་པ་གཉིས་སྦྱོར་ལམ་དྲོད། རྗེས་དྲན་རྩེ་མོ། །ཏིང་ངེ་འཛིན་བཟོད་པ་དང་ཆོས་མཆོག་གོ །ཏིང་ངེ་འཛིན་གྱི་སྐབས་འདིར་རྩ་འཁོར་ལོ་དྲུག་ཏུ་
ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག །སྦྱོར་ལམ་གྱི་ས་བཅུ་གཉིས་འགྲུབ་བོ། །དེ་དག་དང་བསྐྱེད་རིམ་གྱི་སྐབས་སོ་སོར་རླུང་དང་གཏུམ་མོ་ཕྱག་རྒྱ་སོགས་ཀྱི་མན་ངག་མང་དུ་འབྱུང་བ་ནི་བླ་མ་ལས་རྟོགས་པར་བྱའོ། །རྫོགས་རིམ་གྱི་སྲོལ་འདི་ཡང་ཤིན་ཏུ་ཟབ་པ་ཡིན་ནོ། །དུས་འཁོར་བ་འགའ་ཞིག་འདུས་པ་རིམ་ལྔ་དང་བདེ་མཆོག་རིམ་ལྔ་སོགས་དང་སྦྱོར་ཏེ། ཁོ་བོ་ནི་ལེགས་པར་མི་སེམས་སོ། །གཉིས་པ་ནི། འདིར་ཁ་ཅིག་ཁྱེད་ཅག་དང་པོ་ཐ་མ་ཐམས་ཅད་མི་རྟོག་པ་འབའ་ཞིག་བསྒོམས་ན་ཞི་གནས་འགྲུབ་པ་ཙམ་སྲིད་ཀྱང་རྫོགས་རིམ་འཇིག་རྟེན་ལས་འདས་པའི་ལམ་ཡིན་པས་མ་རིག་པའི་གཉེན་པོར་འགྲོ་དགོས་པ་ལ་ཁྱེད་ཅག་གི་ལམ་འདི་ལ་ནི་བདག་མེད་ལ་རྟོག་པའི་ལྷག་མཐོང་མེད་པས་མ་རིག་པ་མི་ཟློག་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་སྟོང་ཉིད་སྒོམ་བྱེད་ཀྱང༌། །དེས་ནི་བདག་ཏུ་འདི་ཤེས་འཇིག་མི་བྱེད། དེ་ཡི་ཉོན་མོངས་ཕྱིར་ཤིང་རབ་འཁྲུག་སྟེ། ལྷག་སྤྱོད་སྐྱིད་ནི་ཏིང་འཛིན་འདིར་སྒོམ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམས་ན་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར། །ཞེས་གསུངས་པས་སོ་ཞེ་ན། ཁོ་བོ་ཅག་ནི་བདག་མེད་མངོན་སུམ་མ་རྟོགས་པར་ཐར་པ་ཐོབ་པ་ག་ལ་སྨྲ། རྣམ་པར་མི་རྟོག་པ་ཉིད་ལས་ཇི་ཞིག་ནས་བདག་མེད་མཐོང་བའི་ཡེ་ཤེས་སྐྱེའོ། །ཞེས་སྨྲའོ། །
བདག་མེད་སོ་སོར་རྟོག་ཅེས་གསུངས་པ་སྟེ་ཁྱེད་ལྟར་ན་རྗེས་དཔག་ཁོ་ནར་བྱེད་སྣང་བས་སངས་རྒྱས་ལ་ཡོད་དམ་མེད། ཡོད་ན་སངས་རྒྱས་ཀྱང་རྣམ་རྟོག་ལ་སྤྱོད་པར་འགྱུར་རོ། །དེ་ལ་དེ་མེད་ཀྱང་སྔོན་དེ་གོམས་པས་ད་ལྟ་ཐར་བ་བརྙེས་སྙམ་ན། འོ་ན་ཡང་བྱང་སེམས་འཕགས་པའི་མཉམ་བཞག་ན་སོ་སོར་རྟོག་པ་མེད་པར་འགྱུར་རོ། །ཡང་བདག་མེད་གཉིས་སྲིད་པར་ལྐོག་ཏུ་གྱུར་པས། དང་པོར་རྗེས་དཔག་མེད་པར་མི་རྟོགས། རྗེས་དཔག་གོམས་པས་དེའི་གསལ་སྣང་སྐྱེའོ། །དེས་ན་མཁས་པ་ཀུན་གྱིས་ཀྱང་དཔྱད་པ་འདི་མང་དུ་གསུངས་སོ་སྙམ་ན། གསུང་པ་ནི་བདེན་ཏེ། བདག་མེད་གཉིས་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་ན་རྗེས་དཔག་སྔོན་དུ་སོང་བ་ཡིན་པས་ཁྱབ་པར་གང་ནས་མ་གསུངས་ལ། མདོ་སྡེ་མང་པོ་ནས། དེ་བཞིན་གཤེགས་པའི་སྐུའི་འོད་ཟེར་ཕོག་པ་དང༌། སྟོང་པ་ཉིད་ཀྱི་དོན་མི་འཆད་པའི་ཆོས་གཞན་ཐོས་པ་རྐྱང་པས་གྲོལ་བ་ཇི་སྙེད་ཅིག་གསུངས། སློབ་དཔོན་ཟླ་བ་གྲགས་པས་ཀྱང་རིགས་པ་དྲུག་ཅུ་པའི་འགྲེལ་པར། རྒྱུའི་སྟོབས་ཁོ་ནས་སྟོང་ཉིད་རྟོགས་པའི་རྒྱུ་མཚན་དུ། ཤཱ་རིའི་བུ། ཆོས་རྣམས་གང་དག་སོགས་ཤློ་ཀ་གཅིག་ཐོས་མ་ཐག་ཏུ་བདེན་པ་མཐོང་བ་བཀོད་དོ། །ཇོ་བོ་རྗེས་ཀྱང༌། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་ཕྱིར་དུ། །མཁས་པ་རྣམས་ཀྱིས་བྱས་
པ་ཡིན། །ཞེས་མ་གསུངས་སམ། ཐར་པའི་རྒྱུ་ངེས་པར་རྗེས་དཔག་དགོས་ན་དགོས་པ་མེད་ཅེས་བྱ་བ་ཅི་ཞིག ལྐོག་གྱུར་མངོན་སུམ་དུ་ཤེས་པར་འགྱུར་བ་ཐམས་ཅད་ལ་རྗེས་དཔག་སྔོན་དུ་འགྲོ་དགོས་ན་འདི་བདེན་ཀྱང༌། འཕགས་པ་རྣམས་ཀྱི་མངོན་ཤེས་དྲུག་གི་ལྐོག་གྱུར་མཐོང་བ་ཐམས་ཅད་རྗེས་དཔག་སྔོན་འགྲོ་ཅན་མ་ཡིན་པ་ཁོ་ནར་སྣང་ངོ༌། །དེས་ན་རབ་རིབ་ཅན་གྱིས་སྐྲ་ཤད་སོགས་མཐོང་བ། མེད་པའི་རྒྱུ་མཚན་བཤད་ཀྱང་མེད་པར་ངེས་པ་འབྱུང་མོད་སྣང་བ་མི་འགལ་ལ། རྒྱུ་མཚན་གཏན་ནས་མ་བཤད་ཀྱང༌། མི་སྨན་བཟང་པོ་བསྟེན་དུ་བཅུག་པས་སྐྲ་ཤད་སོགས་སུ་སྣང་བ་དག་ནས་མེད་པར་མངོན་སུམ་དུ་མཐོང་བ་བཞིན་ནོ། ཁོ་བོ་ཅག་ནི་རྗེས་སུ་དཔག་པའི་ལམ་ལ་ཡང་ཐབས་མཁས་སུ་ཤེས་པས་གུས་པར་བྱེད་མོད། དེས་མཐའ་གཅིག་ཏུ་མ་ཁྱབ་སྟེ། དཔལ་ལྡན་དཔའ་བོ་ས་ར་ཧས། རྟོག་པ་ཉམས་པས་བློ་ཉམས་ཤེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ལས་ནི་བློ་བཟང་པོ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་བློ་གྲོས་ངན་པ་རྣམས་རྣམ་རྟོག་མེད་ན་སོ་སོར་རྟོག་པའི་ཤེས་རབ་མེད་པས་ངེས་པར་རྟོག་པ་དགོས་ཟེར་ཡང༌། མི་རྟོག་པ་ལས་བློ་གྲོས་བཟང་པོ་ཅི་ཡང་ཞིག་སྐྱེ་བ་ཙམ་རྗེས་དཔག་ལ་མེད་ཅེས་གསུངས་སོ། ཁ་ཅིག་བསྐྱེད་རིམ་རྩ་རླུང་ཐིག་ལེ་བདེ་བ་སོགས་རྫོགས་རིམ་མ་ཡིན་ཞིང༌། རྫོགས་
རིམ་སྤྲོས་བྲལ་འབའ་ཞིག་སྒོམ་པའོ་སྙམ་པ་དང༌། ལུང་ཡང་དང་པོར་བསྐྱེད་རིམ་དང༌། བར་དུ་ལས་རྒྱའི་བདེ་བ་དང༌། ཐ་མ་མི་རྟོག་པ་སྒོམ་པ་བདེ་ཆེན་སྒོམ་པར་འདོད་པ་ཐོག་བར་ཐ་གསུམ་དུ་དགེ་བ་ཡིན་པར་སེམས་འགྲེལ་རྣམས་སུ་གསུངས་པའི་ལུང་འདྲེན་ཞིང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་གསུངས་པ་ཡིན་པ་ལས། བསྐྱེད་རིམ་སྔོན་འགྲོ་ཅན་གྱི་རྩ་རླུང་ཐིག་ལེ་ཡུན་དུ་གོམས་ནས་ཕྱིས་ལས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་ལྷན་སྐྱེས་དེ་ཉིད་མངོན་སུམ་གྱི་ཐོག་མ་ཡིན་ན། ཉི་མ་གཅིག་ཏུ་བརྟག་ཅེས་པ་འདི་ཡང་མ་འབྲེལ་བར་ཐལ་བར་འགྱུར། ཞེས་སོགས་མང་དུ་འདྲི་བར་བྱེད་དོ། །འདི་ལ་ནི་སེམས་འགྲེལ་རྣམས་ནི་རྒྱུད་བཞིན་དུ་དགོངས་པ་མང་བའི་གནད་མ་རྟོགས་པར་རྒྱས་པར་གཞན་དུ་བརྟག་པར་བྱ་ལ། དངོས་ལན་ནི་སེམས་འགྲེལ་དུ་ནི་དེ་རྣམས་དོན་དམ་གྱི་རྫོགས་རིམ་ཡིན་པར་འདོད་པ་བཀག་པ་ཡིན། དོན་དམ་ཡིན་ཞེས་ནི་ཁོ་བོ་ཅག་ཀྱང་མི་འདོད། གང་ཟག་འགའ་ཞིག་ལ་ནི་རྣམ་པར་མི་རྟོག་པའི་ལམ་འདི་ལ་ཞུགས་ཀྱང༌། ལོ་དང་ཟླ་བས་ཀྱང་མངོན་སུམ་གྱི་རྟགས་མི་མཐོང་བ་ཡོད། སྔགས་ཀྱི་གདུལ་བྱ་མཚན་ཉིད་ལྡན་པ་ལ་ནི། དབང་དུས་ཉིད་
ནས་བརྩམས་ཏེ་ལས་རྒྱའི་ཡེ་ཤེས་མངོན་སུམ་ལམ་བྱེད་ཡོད་པས་ཉི་མ་གཅིག་ཅེས་གསུངས་པ་དང་ག་ལ་འགལ། རྩ་རླུང་ཐིག་ལེའི་རྣམ་འབྱོར་གྱིས་ཀྱང་གདུལ་བྱ་མཚན་ཉིད་ཚང་བ་ལ་ཉི་མ་གཅིག་ཙམ་གྱི་རྟགས་མི་འབྱུང་བའི་རྒྱུ་མཚན་ཅི་ཡོད། དེས་ན་གྱ་ཚོམ་གྱི་ཅ་ཅོ་མི་འཚལ་ལོ། །གཉིས་པ་ནི། རྩ་རྒྱུད་ཀྱི་ལུང་གོང་བཞིན། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་བསྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་གསུངས་པའི་མན་ངག་ནི་ཞལ་ལུང་དང་ཕྱོགས་མཐུན་ཏེ། ཐ་མལ་གྱི་དབང་ཤེས་ལྔའི་རྗེས་སུ་འབྲང་བའི་གཟུགས་སོགས་ཀྱི་རྟོག་པའི་འཇུག་པ་ནང་དུ་བསྡུད་པ་ནི་སོ་སོར་བསྡུད་པ་དང་ལྷའི་རྣམ་པ་ལ་སེམས་འཇོག་པ་ནི་བསམ་གཏན་ཏེ། ཕུང་ཁམས་སྐྱེ་མཆེད་ལྷའི་ངོ་བོར་རྟོག་པ་རྟོག་པ་དང༌། དམིགས་པ་ལ་སེམས་བརྟན་པར་བྱེད་པ་ནི་དཔྱོད་པ་དང༌། ལྷའི་དམིགས་པ་ལ་སེམས་བརྟན་པས་ཡིད་དགའ་བ་ནི་དགའ་བ་དང༌། ལྷར་སྣང་ནམ་ཤར་བ་ན་དེས་སེམས་ཚིམ་པར་འགྱུར་བ་ནི་བདེ་བ་དང༌། ཏིང་ངེ་འཛིན་རྣལ་དུ་གནས་ཏེ་ཐ་མལ་གྱི་སྣང་བ་ལོག་ནས་ལྷ་སྐུ་ལ་རྩེ་གཅིག་ཏུ་གནས་པ་ནི་རྩེ་གཅིག་པ་སྟེ་བསམ་གཏན་ཡན་ལག་ལྔའོ། །དེ་གཉིས་ནི་བསྐྱེད་རིམ་མོ། །སྲོག་རྩོལ་ནི་ཐིག་ལེའམ་
མེ་དམིགས་སམ་རླུང་གི་རྣལ་འབྱོར་གང་ཡིན་ཡང་རུང་སྟེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའོ། །འཛིན་པ་ནི་ཐིམ་པ་དེའི་ནུས་པ་ལས་གཏུམ་མོ་འབར་འཛག་གི་རིམ་པས་རླུང་རྣམས་ཐིག་ལེ་ལ་ཐིམ་པའི་རྟགས་ལྔ་འབྱུང་བ་ཡིན་ནོ། །རྗེས་དྲན་ནི་རྟགས་ཀྱི་གསལ་སྣང་མཆེད་དེ་སྣང་བ་ཀུན་ལ་ཁྱབ་པར་གྱུར་པ་ན། དཀྱིལ་འཁོར་དང་བདེ་བའི་སྤྲོ་བསྡུ་བྱེད་པའོ། །ཏིང་ངེ་འཛིན་ནི་ཡེ་ཤེས་ཀྱི་སྐུ་དང་མངོན་པར་བྱང་ཆུབ་པ་འོད་གསལ་སྒྲུབ་པ་ཡིན་ཏེ་རྫོགས་རིམ་ཐམས་ཅད་ལ་ཕྱི་མ་བཞི་པོ་འདི་ཚང་བ་ཡིན་ནོ། །འདི་དག་ལའང་བཤད་པར་བྱ་བ་མང་མོད་ཀྱི། མང་པར་འགྱུར་བས་རེ་ཞིག་བཞག་གོ །གཉིས་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་རླབས་འདི་ཕྲ་མོ་དང༌། །རྡོ་རྗེའི་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ །རྡོ་རྗེའི་སོགས་ཀྱིས་རྡོ་རྗེའི་བཟླས་པའི་རིམ་པ་དང༌། སེམས་ཀྱི་གཏེར་ཞེས་པས་སེམས་དབེན་དང༌། རང་གི་སོགས་རྐང་པ་གཉིས་ཀྱི་སྒྱུ་ལུས་དང༌། རྫོགས་པའི་བྱང་ཆུབ་ཅེས་པས་མངོན་པར་བྱང་ཆུབ་པའི་རིམ་པ་འོད་གསལ་དང༌། ཟུང་འཇུག་ཉིད་དེ་ལྔ་ལས། དང་པོ་ལ། རྟེན་ལུས་དབེན་དང༌། བརྟེན་པ་ངག་དབེན་གཉིས་གྱི་དང་པོ་ནི། ཡིད་ངོར་ཤར་བའི་ལྷའི་སྐུ་རླུང་
སེམས་དབུ་མར་ཅུང་ཟད་ཐིམ་པའི་བདེ་སྟོང་གི་རྒྱས་ཐེབས་པའོ། །འདི་ལ་སྤྱོད་བསྡུས་སྒྲོན་མེ་ལས་ནི་རིགས་བརྒྱ་ལ་སོགས་པའི་དབྱེ་བ་ལ་ཞིབ་བཤད་མང་དུ་མཛད་མོད་ཀྱི། མ་རྒྱུད་ཕྱོགས་ཀྱི་རྒྱུད་རྣམས་སྤྱིར་རིགས་བརྒྱ་ཞེས་པ་ཙམ་ལས་དེ་ལྟར་ཞིབ་མོར་བཤད་པ་མ་མཐོང་ཞིང༌། རིགས་གསུམ་དང་ལྔ་དང་དྲུག་དང་གསང་ཆེན་རིགས་གཅིག་སོགས་རྒྱས་བཤད་ཅི་རིགས་པར་བྱུང་ངོ༌། །གཉིས་པའི་ངོ་བོ་ནི་རླུང་དབུ་མར་ཐིམ་པར་བྱེད་པའི་ཐབས་ཏེ། རླུང་གི་དེ་ཁོ་ན་ཉིད་སྦྱང་བ་ལ་སོགས་པ་སྔོན་དུ་སོང་ནས་རྡོ་རྗེའི་བཟླས་པ་སོགས་ལ་བསླབ་པའོ། །གཉིས་པ་སེམས་ལ་དམིགས་པའི་ངོ་བོ་ནི་ཁམས་ཕྲ་རགས་ཐིམ་ཚུལ་ཁྱད་པར་ཅན་གྱི་ཡེ་ཤེས་ཏེ། སྣང་བ་དང༌། མཆེད་པ་དང༌། ཉེར་ཐོབ་ཀྱི་རྟོགས་པ་ཐུན་མོང་བ་རྣམས་ཕྱི་ནང་གི་སྲོག་རྩོལ་གང་ཡང་རུང་བས་བསྐྱེད་ནས། ཉེར་ཐོབ་ཐུན་མོང་མ་ཡིན་པ་དཔེའི་འོད་གསལ་མཐར་ཐུག་མངོན་དུ་བྱེད་པ་ནི། ངེས་པར་ཕྱིའི་སྲོག་རྩོལ་ལས་ཀྱི་ཕྱག་རྒྱ་ལ་ལྟོས་པ་ཡིན་ནོ། །འདི་ལ་སེམས་ལ་དམིགས་པའི་རིམ་པ་ཞེས་ཀྱང་ཟེར་རོ། །གསུམ་པ་ནི་རླུང་སེམས་ཙམ་ལས་དངོས་སུ་གྲུབ་པའི་སྒྱུ་ལུས་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །དེ་ཐོབ་བྱེད་ཀྱི་རྒྱུ་ནི་ད་ལྟར་སད་རྨི་གཉིས་ཆར་དུ་ལྷ་སྐུ་སྣང་སྟོང་ལ་སྦྱང་བའི་ནུས་པ་དང༌། ཞུ་བདེ་ཁྱད་པར་ཅན་བསྐྱེད་པ་ཡིན་ལ། སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་དེས་རྐྱེན་བྱས་ནས་
འགྲུབ་པར་འགྱུར་ཏེ། འདི་ལ་བདག་བྱིན་རླབས་པའི་རིམ་པ་ཞེས་ཀྱང་བྱའོ། །བཞི་པ་ནི། སྟེང་འོག་གི་སྒོ་གང་ལ་བརྟེན་ཀྱང་རུང་སྟེ་འོད་གསལ་བདེ་སྟོང་ད་ལྟ་སྒོམ་པ་ཐམས་ཅད་རྒྱུར་འགྲོ་སྟེ། དངོས་ནི་སྒྱུ་ལུས་དེ་ཐོབ་ནས་རྣལ་འབྱོར་རྣམ་པ་གཉིས་ཀྱིས་སྟོང་པ་ཉིད་དུ་ཡང་ཡང་བཅུག་སྟེ། སྣང་བ་གསུམ་དང༌། བཞི་པ་དཔེའི་འོད་གསལ་རྟག་ཏུ་བསྒོམས་པས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་གྱུར་པ་འགགས་པ་ན། མཐར་སྤྱོད་པའི་ཕྱག་རྒྱ་ལ་ངེས་པར་ལྟོས་དགོས་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་ལོ། །ལྔ་པ་ནི་དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་གྲུབ་ནས་དངོས་སུ་སྤྱོད་པ་སྤྱོད་པ་དང༌། སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པས་ཏེ། ངོ་བོ་ནི་སྒོམ་སྤངས་སྣང་བ་གསུམ་སྤོང་བྱེད་སྣང་སྟོང་བདེ་བའི་ཡེ་ཤེས་སོ། །རིམ་པ་འདི་ཡང་ཤིན་ཏུ་ཆིངས་ཆེ་ཞིང་རྟོགས་པར་དཀའ་བས་གལ་ཆེ་མོད་ཀྱི། གཞན་དུ་བཤད་པར་འདོད་དོ། །རྒྱུད་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་ལ་འདིའི་ཆིངས་གནས་པས། བདེ་མཆོག་ཉིད་ཀྱི་རྫོགས་པའི་རིམ་པ་ལ་ཇི་ལྟར་གནས་ཚུལ་ནི། དེ་ཙམ་བཤད་པས་ཤུགས་ལ་ཤེས་པར་འགྱུར་རོ། །གསུམ་པ་ནི། རིགས་དྲུག་སོགས་ཏེ། འདི་ལ་གསུམ། ཡུལ་ཕྱག་རྒྱའི་དབྱེ་བ། ཁྱད་པར་ངོས་བཟུང་བ། དངོས་གྲུབ་སྩོལ་བའི་ཕྱིར་རྗེས་སུ་ཆགས་པར་བྱེད་པའོ། །དང་
པོ་ནི། དེ་ལ་རིགས་དྲུག་དང་རིགས་བདུན་ནི་མཆོད་པའི་སྐབས་སུ་བཤད་ཟིན་ཏོ། །རིགས་བརྒྱད་ཅེས་བྱ་བ་ནི། མཆོག་ཏུ་གྱུར་པ་སྔགས་ཀྱི་མཁའ་འགྲོ་མའི་དབྱེ་བ་སྟེ། དེ་དག་ཀྱང་གཞུང་ཉིད་དྲངས་ན་མང་པར་འགྱུར་བས་རྒྱས་པར་རྒྱུད་ཉིད་དུ་ཤེས་པར་བྱའོ། །མདོར་བསྡུ་ན། ཁ་དོག་དམར་སེར། པདྨའི་དྲི། ཞི་ཞིང་ཞེན་པར་ལྷ་ལ་རྗེས་སུ་འགྲོ་བ་དང༌། ཡང་ན་སེན་མོ་དང་མིག་དམར་བ། གཉིས་ཀར་ཁྱིམ་དུ་པདྨ་འབྲི་བ་ནི་པདྨའི་རིགས་སོ། །མདོག་སྔོ་སྐྱ། སྨིན་མཚམས་ན་རྩེ་གསུམ་གྱི་རི་མོ། རྡོ་རྗེ་འབྲི་ཞིང་མཆོད་པ་ནི། ཧེ་རུ་ཀ་རྡོ་རྗེའི་རིགས་སོ། །དཔྲལ་པར་རྩེ་གསུམ་མམ་མདུང་གི་རི་མོ་ཅན། མིག་དང་བཞིན་དང་ཡན་ལག་དམར་བ། ར་སྐྱེས་དང་ཁྱིམ་བྱ་ལ་དགའ་བ། རྡོ་རྗེ་འབྲི་མཆོད་བྱེད་པ། དཔལ་ཧེ་རུ་ཀ་བདུད་རྩིའི་སྟེ་རིན་ཆེན་རིགས་སོ། །དཔྲལ་པ་དང་ལག་པར་འཁོར་ལོའི་རི་མོ། མདོག་སྔོ་བ། མགོ་གཡོགས་པ་ལ་དགའ་བ། དཔལ་ཆེ་ཞིང་འཁོར་ལོ་འདྲི་མཆོད་བྱེད་པ་ནི། ཕག་མོ་དང་རྣམ་སྣང་གི་རིགས་སོ། །སྟོབས་ཀྱིས་དྲེགས་ཤིང་མདོག་གནག་པ། སོ་མཐོ་བ། གདུག་ཅིང་སེམས་སྟོབས་དང་ལྡན་པ། ཁྲུས་ལ་དགའ། ཚིག་ཉུང་བ་རྡོ་རྗེ་འདྲི་མཆོད་བྱེད་པ་ནི། མི་བསྐྱོད་པ་དང་ཕག་མོའི་རིགས་ཏེ། གྲོགས་སམ་འཁོར་མཁའ་འགྲོ་མ་སྟོང་ཕྲག་བཅོ་ལྔ་དང་ལྡན་པ་ཡིན་ནོ། །མདོག་
སེར། མིག་དལ། སྤུ་མང༌། དཔྲལ་པ་དང་གཡོན་པའི་སྲིན་ལག་ལ་རྡོ་རྗེའི་རི་མོ་ཡོད་པ། གདུག་པའི་ལས་དང་རྒྱལ་སྲིད་ལ་དགའ་བ། མཱ་ལི་ཀའི་དྲི་འབྱུང་བ། རྩེ་གཅིག་པ་འབྲི་མཆོད་བྱེད་པ་ནི་ཁཎྜ་རོ་ཧི་ཏེ་རྡོ་རྗེ་སེམས་དཔའི་རིགས་ལས་བྱུང་བའོ། །མདོག་གནགསྐྱེམ་པ། ཤ་ལ་དགའ་བ། དཔྲལ་པར་མདུང་དང་ཐིག་ལེའི་གཟུགས་ཡོད་པ། གཙང་སྦྲ་ཆུང་བ། ཐོད་པ་འབྲི་མཆོད་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རིགས་སོ། །མདོག་སྔོ་བསང༌། སོ་མི་མཉམ་ཞིང་གཡོན་གྱི་མཆེ་བ་ཅན་གདུག་པའི་ལས་ལ་དགའ་བ། དགྲ་སྟ་འབྲི་མཆོད་བྱེད་པ་ནི། རྣམ་འདྲེན་ཏེ་དོན་གྲུབ་ཀྱི་རིགས་སོ། །རིགས་ལྔ་ནི། ལཱ་མའི་རིགས་ཏེ། བཞིན་ཟླུམ། སྤུ་རིང་བ། ངང་ཚུལ་བཟང་བ་ནི་རྣམ་སྣང་གི་ལཱ་མ་སྟེ་མཚན་མ་ནི་པདྨའོ། །རུས་སྦལ་གྱི་ཕྱག་རྒྱ་བསྟན་པར་བྱ་སྟེ། སྤྱི་བླུགས་ཀྱི་ཕྱག་རྒྱ་ནི་ལན་ནོ། །མཆུ་འཕྱང་མིག་དཀྱུས་རིང༌། དབལ་ཆེ། མདོག་སེར། སོ་སྙོམས། དཔྲལ་བར་རི་མོ་གསུམ་པ། སྐྲ་མཚམས་མཐོ་བ། དགོད་ཅིང་ལམ་འགེགས་པ། གཡུལ་གྱི་གཏམ་ལ་དགའ་བ་ནི་རིན་ཆེན་ལཱ་མ་སྟེ། མཚན་མ་རྩེ་གསུམ་གཡོན་བརྐྱང་དང༌། མདུང་གི་ཕྱག་རྒྱ་བསྟན་ཏེ། གཡོན་ནས་ལྡོག་པ་ལན་ནོ། ཁུར་ཚོས་ན་ཁུང་བུ་སྣང་བ། མདོག་དམར། མིག་གནག་པ། སྐྲ་འཁྱིལ་བ། དཔྲལ་
པའི་མཐའ་ན་དར་དཔྱངས་ཀྱི་རི་མོ་ཅན། སྨིན་མཚམས་སུ་རི་མོ་གཅིག་པ། མགྲིན་པ་རིང་བ། གོས་དམར་དང་གླུ་ལ་དགའ་བ། ལན་འགའ་ཞིག་ན་ཁྲོ་བ། སེམས་མི་བརྟན་པའམ། ཤེས་རབ་གསལ་བ། རྒོད་ཁ་ཡང་བ་ནི་པདྨའི་ལཱ་མ་སྟེ། །མཚན་མ་སྣ་ཚོགས་རྡོ་རྗེའོ། །མདུང་དང་དྲིལ་བུའི་ཕྱག་རྒྱ་སྟོན། །གཡོན་ནས་ལྡོག་པ་ལན་ནོ། །ལུས་ཐུང༌། ལྟོ་བ་དང་བྱིན་པ་སྦོམ། གོས་སེར་བ་ལ་དགའ། ཁྱེ་རེངས་སུ་དབྱུང་བ་ལ་མི་དགའ་བ་ནི་རྡོ་རྗེའི་ལཱ་མ་སྟེ། མཚན་མ་ནི་ཁྲོ་བོའི་རྡོ་རྗེ། འཁོར་ལོ་དང་དུང་གི་ཕྱག་རྒྱ་བསྟན། གཡོན་ནས་ལྡོག་པ་ལན་ནོ། །བ་སྤུ་རགས་པ། མིག་ནག་ཅིང་ཡངས། བཞིན་འཕེལ་ཆེ། ལུས་སྦོམ། མདོག་ནག །མཆུ་སློ། གླུ་ལ་མཁས་པ་ནི་ལས་ཀྱི་ཧེ་རུ་ཀའི་ལཱ་མ་སྟེ། མཚན་མ་ནི་མཆེ་བའོ། །སྦྲུལ་དང་མདུང་གི་ཕྱག་རྒྱ་བསྟན། །གཡོན་ནས་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ། །གོང་དུ་བཤད་པའི་དུས་ཚིགས་རྣམས་ལ་དེ་དག་རྣམས་ཀྱང་མཚན་མ་སོ་སོ་མཆོད་པར་བྱེད་ལ། སྒྲུབ་པ་པོས་ཀྱང་མཎྜལ་དུ་བྲིས་ནས་མཆོད་པར་བྱའོ། །གཉིས་པ་ནི། དེ་དག་གི་རིགས་ཤེས་ཀྱང་དངོས་གྲུབ་མཆོག་སྦྱིན་པ་མོ་ཡིན་མིན་བརྟག་པའི་ཕྱིར། བརྡ་སོགས་མཚན་ཉིད་ཤེས་ཞེས་སྨོས་ཏེ། དེ་ལ་བརྡ་ནི་གཉིས། ངག་གི་བརྡ་དང༌། ལུས་ཀྱི་བརྡ། ངག་གི་བརྡ་ནི་ལེའུ་བཅོ་ལྔ་པར། ཌ་ཞེས་བྱ་བ་སྐྱེས་བུར་བཤད། །
ཞེས་སོགས་ཡི་གེ་གཅིག་པའི་བརྡ་བཞི་བཅུ་ཞེ་གཅིག་དང༌། ལེའུ་ཉེར་བཞི་པ་ནས་ངག་གི་བརྡ་ཆེན་མོ་དྲུག་ཅུ་རྩ་བཞི་འབྱུང་བ་ཡིན་ནོ། །ལུས་ཀྱི་བརྡ་ལ་ལག་པའི་བར། ཉི་ཤུ་པ་ལས། ཉི་ཤུ་རྩ་གསུམ་དང༌། ཉེར་བཞི་པ་ནས་ལྔ་དང༌། ཡན་ལག་གཞན་གྱི་བརྡ་དང་ལན་སུམ་ཅུ། ཉེར་གཉིས་པ་ལས། དབང་དུ་བྱེད་པའི་བརྡ་ཉི་ཤུ་རྩ་གཅིག་བསྟན་པ་རྣམས་སོ། །བརྡ་གཞན་རྣམས་ཀྱིས་དངོས་གྲུབ་སྟེར་བའི་རིགས་སུ་ཤེས་ན། དབང་དུ་བྱེད་པའི་བརྡས་དབང་དུ་བྱ་བ་ཡིན་ནོ། །དབང་དུ་གྱུར་ཀྱང་རྗེས་སུ་མ་ཆགས་ན་དངོས་གྲུབ་མི་སྩོལ་བས། གསུམ་པ་ནི་རྗེས་སུ་སོགས་ཏེ། འདི་ལ་གོ་ཟློག་པའི་ལྟ་བ་དང༌། བཞིན་འགྱུར་བ་དང༌། གློ་བུར་དུ་བྱ་བ་ཟློག་པ་དང༌། སྔར་བཤད་པའི་ཚིག་ཉམས་པ་དང༌། གདོང་འཇིགས་པ་དང༌། སྨིན་མ་གཡོ་བ་དང༌། སྒྲ་གསལ་བ་སྟེ། རྟགས་བདུན་དང་ལྡན་པ་ནི་དངོས་གྲུབ་སྩོལ་བར་རིག་པར་བྱའོ། །འདི་དག་ནི་ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་ཞིང་གི་རྣལ་འབྱོར་མའམ་རིགས་ལྡན་མ་རྗེས་སུ་ཆགས་པས་མཆོད་པའོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོ་ལས། །ཐ་མལ་སྔགས་ཀྱི་ལུས་ཅན་མ། །ཞིང་སྐྱེས་མ་ནི་གང་ཡང་རུང༌། །དེ་དག་ཐམས་ཅད་རྣལ་འབྱོར་པ། །ཕན་པའི་མཆོག་གི་བདེ་བ་སྒྲུབ། །འདི་དག་བསྣན་པས་ལོངས་སྤྱོད་ཀྱི། །བསྙེན་
བཀུར་གྱིས་ནི་བསྟེན་མི་བྱ། །ཞེས་གསུངས་ཏེ། ཐ་མལ་ཏེ་ལྷན་སྐྱེས་མ། སྔགས་ལུས་ཅན་ཏེ་སྔགས་སྐྱེས་མ། ཞིང་སྐྱེས་མ་སྟེ་ཕོ་ཉ་གསུམ་པོ་གང་ཡང་རུང་བས་དགོས་ཏེ་རྣལ་འབྱོར་པ་ལ་དངོས་གྲུབ་གཉིས་ཀྱི་ཕན་བདེ་སྩོལ་ཞིང་སྒྲུབ་པས། འདི་དག་བསྙེན་བཀུར་བ་འབའ་ཞིག་གིས་མི་མཉེས་པས། བདེ་བའི་ལོངས་སྤྱོད་ཀྱིས་མཉེས་པའོ། །གཉིས་པ་འབྲས་བུའི་དབྱེ་བ་ལ་གསུམ། ངོ་བོ་ཡེ་ཤེས་ལྔ་ལྡན་དང༌། སྒོ་གསུམ་གཞན་དོན་སྤྱོད་པ་དང༌། རང་གཞན་གྱི་དོན་ཕུན་སུམ་ཚོགས་པས་བརྟེན་པ་སྟེ་གསུམ་ལས། དང་པོ་ནི། གཏི་མུག་ཆེན་པོ་སོགས་ཏེ། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། ཞེས་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི་འགྲོ་བ་སོགས་ཏེ། ཉེར་འཚོའི་གཞི་ཞེས་བྱ་བ་ནི། གནས་དང་ལོངས་སྤྱོད་དང་འཚོ་བ་ཐམས་ཅད་ཀྱི་གཞི་སྟེ། སེམས་ཅན་རྣམས་ཀྱི་དེ་དག་གང་ཅི་ཡོད་པ་ཐམས་ཅད་འབྱུང་བ་བཞི་དང་ནམ་མཁའ་ལ་བརྟེན་པ་དེ་བཞིན་དུ། རང་གི་ལུས་ངག་ཡིད་གསུམ་ཡང་དེ་ལྟར་གྱུར་ཅིག་ཅེས་སྨོན་པའོ། །རིན་ཆེན་བུམ་པ་སོགས་ནི། རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་དཔེ་སྟེ། གཏེར་གྱི་བུམ་པ་དང༌། དཔག་བསམ་གྱི་ཤིང་གིས་སེམས་ཅན་ལ་ཕན་འདོགས་པ་བཞིན་ནོ། །གསུམ་པ་ནི། དབང་དང་སོགས་ཏེ། དབང་ནི་དབང་བཅུའོ། །ཚེ་ལ་དབང་བ་ནི། བསྐལ་པ་
བརྗོད་དུ་མེད་པ་ཡང་གནས་ནུས་པས་འཆི་བའི་གནོད་པ་མེད་པའོ། །ཡོ་བྱད་ལ་དབང་བ་ནི་ནམ་མཁའི་མཛོད་ཐོབ་པ་སྟེ་དབུལ་བ་མེད་པའོ། །སེམས་ལ་དབང་བ་ནི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་སྟེ་ཉོན་མོངས་མེད་པའོ། །ལས་ལ་དབང་བ་ནི་སྡིག་པའི་ལས་བྱེད་པའི་རྣམ་པ་ལྟར་བསྟན་ཡང་དེ་ཉིད་ཚོགས་རྫོགས་པའི་ཐབས་སུ་འགྱུར་བ་སྟེ། འབྲས་བུ་མཆོག་འབྱིན་པས་ན་ཉེས་སྤྱད་མེད་པའོ། །སྐྱེ་བ་ལ་དབང་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྨོན་ལམ་དང་དབང་འབྱོར་བའི་སྐྱཻ་བ་རྣམ་པ་སྣ་ཚོགས་པར་སྟོན་པ་སྟེ་ངན་འགྲོ་མེད་པའོ། །མོས་པ་ལ་དབང་བ་ནི་སངས་རྒྱས་མེད་པའི་འཇིག་རྟེན་དུ་སངས་རྒྱས་ཀྱིས་གང་བར་མོས་པ་ཙམ་གྱིས་དེ་ལྟར་སྣང་བར་སྟོན་པ་སྟེ། གང་མོས་པ་དེ་ལྟར་འབྱུང་བས་ཆོས་ཀྱི་འཕོངས་པར་བྱེད་པ་མེད་པའོ། །འགའ་ཞིག་ཏུ་ཟད་པར་བཅུ་ཐོབ་པས་མོས་པ་ལ་དབང་བ་ཞེས་ཀྱང་འབྱུང་ངོ༌། །སྨོན་ལམ་ལ་དབང་བ་ནི་སློབ་ལམ་བཏབ་པ་བཞིན་དུ་སྟོན་པར་ནུས་པ་སྟེ། འདོད་དོན་མི་འགྲུབ་པ་མེད་པའོ། །རྫུ་འཕྲུལ་ལ་དབང་བ་ནི། རྫུ་འཕྲུལ་ཅི་འདོད་པར་དབང་བསྒྱུར་བ་སྟེ་ཆོས་འཚོལ་མི་ནུས་པ་མེད་པའོ། །ཆོས་ལ་དབང་བ་ནི། གཞི་ལམ་གྱི་ཆོས་ཐམས་ཅད་མངོན་སུམ་དུ་ཐུགས་སུ་ཆུད་པས་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བས། གཞན་གྱིས་ཁྲཻལ་བ་ལ་སོགས་པའི་དོགས་པ་མེད་པའོ། །ཡེ་ཤེས་ལ་དབང་བ་
ནི་གནས་དང་གནས་མ་ཡིན་པ་ལ་སོགས་པའི་ཇི་སྙེད་པའི་ཆོས་མངོན་སུམ་དུ་རྟོགས་པ་སྟེ་རྒོལ་བས་གནོད་པ་མེད་པའོ། །གཟུངས་ནི་གཟུངས་ཀྱི་སྒོ་བཞི་སྟེ། བཟོད་པའི་གཟུངས་ནི་ཨ་ལ་སོགས་པ་གཟུངས་ཀྱི་ཡི་གེ་རེ་རེ་ལ་བརྟན་ནས། ཡི་གེ་དེ་ཉིད་སྐྱེ་བ་མེད་པར་རྟོགས་པས་རྐྱེན་བྱས་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བཟོད་པར་ཐོབ་པར་འགྱུར་བའོ། །སྔགས་ཀྱི་གཟུངས་ནི་བདེན་ཚིག་གྲུབ་ཅིང་རིག་སྔགས་གསར་དུ་བྱེད་ནུས་པའོ། །ཚིག་གི་གཟུང་ནི་ཚིག་ཇི་ཙམ་ཐོས་པ་ཐམས་ཅད་མི་བརྗེད་པར་འཛིན་པའོ། །དོན་གྱི་གཟུངས་ནི་ཚིག་དེ་རྣམས་ཀྱི་དོན་མི་བརྗེད་པར་གཟུང་བའོ། །འདི་དག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་ན་ཐོབ་པར་འགྱུར་ཏེ། སོ་སོ་རིག་པ་བཞི་ཡང་ངོ༌། །རྣམ་པར་ཐར་པ་ཞེས་བྱ་བ་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་བསམ་གཏན་གྱི་སྣང་བ་ཐོབ་ཅིང༌། ཕྱི་ནང་གི་ཁམས་ཐམས་ཅད་ནམ་མཁའ་ལྟ་བུ་དང༌། ཤེས་པའི་སྣང་བར་ཤར་ཙམ་དང༌། གདོད་མ་ནས་མེད་པ་དང༌། དྲན་པ་དང་བཅས་པ་དང༌། དྲན་པ་ཡང་མེད་པ་སྟེ། སྟོང་པ་ཉིད་འོད་གསལ་ལ་འཇུག་པའི་ཚུལ་མངོན་པར་བྱང་ཆུབ་པའི་རིམ་པ་འདི་ལ་རྣམ་ཐར་བརྒྱད་ཀྱི་མིང་འདོགས་ཏེ། བདག་ཉིད་རླུང་སེམས་ལྷ་སྐུར་སྣང་བ་འགག་པ་མེད་བཞིན་དུ་སྣང་བ་ཐམས་ཅད་གསལ་སྣང་རབ་འབྱམས་མཆོད་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། རང་ཉིད་ཀྱི་ཕུང་པོ་
ལྔ་འོད་གསལ་དུ་བསྡུས་ཏེ་ཕྱི་རོལ་གྱི་ཡུལ་སྣང་བ་ཙམ་ལ་ལྷ་སྐུ་དང་སྒྱུ་མ་ལྟ་བུར་དམིགས་པ་ནི་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དུ་མིང་བཏགས། རྗེས་གཞིག་བྱ་བར་བརྩམས་ཏེ་རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཅི་ཡང་མི་དམིགས་པར་མཐོང་ནས་རྣམ་པར་འཇིག་པར་རྩོམ་པ་དང༌། ལྷ་སྐུ་དང་བདེ་བ་སྣང་བ་ཡང་མི་དགག་ལ་རང་བཞིན་མེད་པར་ཤེས་པ་ནི་ཁྱད་པར་སྡུག་པའི་རྣམ་ཐར། ཀུན་རྫོབ་ཀྱི་སྣང་བ་གཞན་ནི་བསྡུས་ལ་སྟོང་སང་ངེར་སྣང་བ་སྣང་བའི་ཡེ་ཤེས་ནི་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར། དེ་ཉིད་ཤིན་ཏུ་གསལ་བར་སྣང་བ་ནི་མཆེད་པ་སྟེ་རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། དེ་ཡང་རང་བཞིན་མེད་སྣང་བ་ནི་ཉེར་ཐོབ་ཅི་ཡང་མེད་པའི་རྣམ་ཐར། དེར་འཛིན་པ་ཡང་མེད་ལ་ཅུང་ཟད་དྲན་པའི་རྩོལ་བ་དང་བཅས་པ་ནི་ཐམས་ཅད་སྟོང་པ་ལ་མཚམས་སྦྱར་བའི་ཉེར་ཐོབ་སྟེ། འདུ་ཤེས་མེད་མིན་གྱི་རྣམ་ཐར། རྩོལ་བ་ཡང་མེད་པར་བདེ་སྟོང་གི་ཡེ་ཤེས་གཉིས་སྣང་ཐམས་ཅད་འགགས་པར་གནས་པ་ནི་འགོག་པའི་རྣམ་ཐར། འདི་དག་ནི་ལམ་ཐུན་མོང་བའི་རྣམ་ཐར་བརྒྱད་དང་མིང་མཐུན་པ་ཙམ་ལས། དོན་མི་འདྲ་སྟེ་འདི་ནི་འོད་གསལ་དུ་འཇུག་ཚུལ་ཏེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས་ཕྱེ་བའོ། །སོ་སོར་ཡང་དག་པར་རིག་པ་བཞི་ནི། ཚིག་གིས་བརྗོད་པ་དང་མིང་གི་བརྡ་ཚད་ཐམས་ཅད་མཁྱེན་པ་ཆོས་སོ་སོར་ཡང་དག་རིག་པའོ། །
དོན་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་མ་འདྲེས་པར་མཁྱེན་པ་དོན་སོ་སོར་རིག་པའོ། །ཡུལ་སྐད་སོ་སོ་དང་སོ་སོའི་སྒྲ་དོན་མ་ལུས་པ་མཁྱེན་པ་ངེས་ཚིག་སོ་སོར་རིག་པའོ། །ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པས་དྲི་བ་ཀུན་གྱི་ལན་ཐོགས་མེད་དུ་སྤོབས་པ་ནི་སྤཽབས་པ་སོ་སོ་ཡང་དག་རིག་པའོ། །གཉིས་པ་ངོ་བོའི་དབྱེ་བ་ལ། རྒྱུའི་རྫོགས་རིམ་དང་འབྲས་བུའི་རྫོགས་རིམ་གཉིས་ལས། དང་པོ་ལ་རང་བྱིན་གྱིས་བརླབས་པ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། ཕྱག་རྒྱ་ཆེན་པོ་གསུམ་ལས། དང་པོ་ནི། ཨ་ཝ་དྷཱུ་ཏཱི་སོགས་ཏེ། དེ་ཡང་རྩ་དབུ་མ་དངོས་སུ་བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང་སྟེ། མི་དམིགས་དང༌། ཐིག་ལེ་དང༌། ཡི་གེ་བསྒོམ་པ་ལ་སོགས་པ་དམིགས་པའི་གཙོ་བོ་རྣམས་དབུ་མར་གཏད་དེ་བསྒོམ་པ་ཡིན་པས། གང་དུ་སེམས་གཏད་པ་དེར་རླུང་རྣམས་འདུ་བ་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་བསྒོམས་པས་རླུང་བསྡུས་ནས་གང་དུ་སྒོམ་པའི་འཁོར་ལོ་དེ་རྣམས་ཀྱི་ལྟེ་བར་དང་པོར་འཇུགབར་དུ་གནས། མཐར་ཐིམ་པར་འགྱུར་རོ། །ཐིམ་པའི་ཚེ་ཁམས་ཕྲ་རགས་ཀྱི་རིམ་པ་ཐིམ་ལུགས་དང༌། ཞུ་བདེ་ཁྱད་པར་ཅན་མང་པོ་འབྱུང་སྟེ། འདི་ཡང་བདེ་བ་ཆེན་པོའི་རྒྱུ་ཡིན་ནོ། །གཉིས་པ་ནི་ཕྱག་རྒྱའི་སོགས་ཏེ། འདི་ལ་ལས་ཀྱི་ཕྱག་རྒྱ་དང་དེའི་ཡན་ལག་གོ །དང་པོ་ནི།
ཕྱག་རྒྱའི་སྲོག་རྩོལ་ཏེ། སྟེང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་རིམ་གྱིས་བྱེད་པ་བཞིན་དུ་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ཡང་སྲོག་རྩོལ་དུ་འགྱུར་བའི་སྐབས་སུ་སླེབ་པ་ན། ཕྱག་རྒྱའི་རྐྱེན་གྱིས་ཞུགས་གནས་ཐིམ་གསུམ་ཅིག་ཅར་བྱས་ནས་དབུ་མར་བྱང་ཆུབ་ཀྱི་སེམས་འབབ་པའི་ཞི་བདེའི་བདེ་ཆེན་མྱུར་དུ་འདྲེན་པར་འགྱུར་ཏེ། རང་ལུས་ལ་གནད་དུ་བསྣུན་པའི་དགའ་བ་བཞིས། བདེ་བ་དང༌། སྟོང་པ་དང༌། རང་བཞིན་དང༌། སྣང་བའི་དབྱེ་བ་རྣམས་རགས་པ་དང༌། ཅི་རིགས་པར་མཚོན་ནུས་ཀྱང་ཞིབ་མོ་དང་རྫོགས་པར་མཚོན་པ་ནི་ལས་རྒྱ་ལ་རག་ལས་པ་ཡིན་ནོ། །དེ་ཡང་རང་ལུས་ཀྱི་གནས་མི་འདྲ་བར་གནད་དུ་བསྣུན་པས། ཡེ་ཤེས་རྣམ་པ་མི་འདྲ་བ་ཐ་དད་པར་འཆར་ཏེ། དེ་དག་རེ་རེ་ལ་རྟོགས་པ་ཁྱད་པར་དུ་འགྱུར་ལུགས་མི་འདྲ་བ་རེ་ཡོད་པ་དེ་བཞིན་དུ། ལས་རྒྱ་རིགས་མི་འདྲ་བའི་ཁྱད་པར་ལ་ཡང་སྟེ། འོན་ཀྱང་སྣང་བ་བཞི་དང་དགའ་བཞིའི་ཡེ་ཤེས་རྫོགས་པར་འདྲེན་མི་ཐུབ་པ་དང་ཐུབ་པའི་ཁྱད་པར་རོ། །ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་གནས་གསུམ་གྱི་ཕོ་ཉ་མོ་ནི། གནས་གསུམ་ལ་ཡུལ་ཉི་ཤུ་རྩ་བཞིར་ཕྱེ་བས་དེ་རྣམས་ཀྱི་སྟེ། དེ་དག་གི་འདུ་བ་ཁྱད་པར་ཅན་ཐོབ་ན། སྤྱིར་དངོས་གྲུབ་རྣམ་གཉིས་ཤིན་ཏུ་མྱུར་བར་སྟེར་བ་དང༌། ཁྱད་པར་རྩ་བདུན་ཁྲི་ཉིས་སྟོང་གི་རྩ་མདུད་
གྲོལ་བ་དང༌། རླུང་འཕོ་བ་ཉེར་བཞི་འགགས་པ་དང༌། ཁམས་སྙིགས་མ་ཉི་ཤུ་རྩ་བཞི་དང་དྭངས་མར་གནས་འགྱུར་བ་དང༌། དེ་ལྟར་རྟེན་དག་པའི་ནུས་པས་བརྟེན་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྦ་རླབས་དང་བྲལ་བ་རབ་འབྱམས་སུ་མཆེད་པར་འགྱུར་བ་ནི། རིམ་གྱི་ལས་རྒྱ་གཞན་གྱིས་ཀྱང་བྱེད་མོད། འདིས་འཕྲལ་དུ་བྱེད་པས་ན་ལས་ཀྱི་ཕྱག་རྒྱའི་མཆོག་ཅེས་སྨོས་པ་ཡིན་ནོ། །གཉིས་པ་ནི། ཡེ་ཤེས་དེ་བརྟན་པར་བྱ་བའི་ཕྱིར་དུ་ཡིད་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་ཀྱང་བྱ། རྣམ་རྟོག་གིས་བསྒོམས་པའི་ཕྱག་རྒྱར་སྣང་བ་སྟེ། རྣམ་རྟོག་མེད་བཞིན་དུ་སྣང་བ་ནི་རང་སྣང་གི་རིག་མའམ་རྣམ་བཅས་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་མོ་ནི། །སྟོང་པས་སོགས་ཏེ། འདི་ལ་བདེ་བ་འདྲེན་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་དང༌། ཡིད་ནང་དུ་འཇུག་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་གཉིས་ཡིན་ཏེ། དང་པོ་ནི། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གོམས་པ་ཤིན་ཏུ་བརྟན་པར་གྱུར་ནས། བདེ་སྟོང་གི་ཡེ་ཤེས་ཁོ་ན་ལ་མཉམ་པར་བཞག་པས། དེ་ཉིད་ཀྱིས་སླར་ཡང་རླུང་སེམས་འདུ་བའི་རྐྱེན་བྱས་ཏེ་ཞུ་བདེ་ཁྱད་པར་ཅན་ཡང་ཡང་འདྲེན་པ་ཡིན་ཏེ་རྣམ་མེད་ཕྱག་རྒྱ་ཆེན་མོའོ། །གཉིས་པ་ནི། ཡིད་ཅེས་བྱ་བ་ནི་ཁུ་བ་དང་ཡིད་རྟོག་གཉིས་ཆར་ལ་འཇུག་པས། བྱང་ཆུབ་ཀྱི་སེམས་དབུ་མའི་ནང་དུ་ཆུད་ཅིང་བཅིངས་པ་ན། རྣམ་རྟོག་ཐམས་ཅད་འོད་གསལ་དུ་བཅུག་པས། སྟོང་པ་ཉིད་
རྐྱང་པ་བསྒོམས་པ་ལས་ཆེས་ལྷག་པར་གཟུང་འཛིན་གྱི་གཉིས་སྣང་འགགས་པས་འདོད་པའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་མོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་རྒྱུ་ཕྱག་ཆེན་ལ་འཁྱུད་པ་སྟེ་སྒོམ་པར་ཞེས་པའི་དོན་ནོ། །སྐབས་འདིར་དེ་དག་གི་མངོན་པར་རྟོགས་པ་ཅུང་ཟད་བརྗོད་ན། བདེ་སྟོང་འདྲེན་ཚུལ་ཨེ་ཝཾ་གྱི་དོན་བཤད་པ་དང༌། འདྲེན་བྱེད་ཕྱག་རྒྱ་བཞིའི་དབྱེ་བ་བཤད་པའོ། །དང་པོ་ལ་ཐོབ་བྱ་འབྲས་བུའི་ཨེ་ཝཾ། བསྒོམ་བྱ་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་སྟེ་གསུམ་ལས། དང་པོ་ནི། ཨེ་ནི་ཤེས་རབ་འོད་གསལ་སྟོང་པ་ཉིད་ཡིན་ལ། ཝཾ་ནི་ཡེ་ཤེས་ཀྱི་སྐུ་རིས་མེད་པ་རྣམ་པ་ཐམས་ཅད་དུ་འཆར་བ་སྟེ། ཀྱཻ་རྡོ་རྗེ་ལས་བཙུན་མོའི་བྷ་ག་བདེ་ཆེན་དུ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། ཞེས་སོགས་གསུངས་པ་སྟེ། འདི་ལའང་མཐར་ཐུག་པའི་དབང་དུ་བྱས་ན་ཆོས་སྐུ་ཨེ་དང༌། གཟུགས་སྐུ་ཝཾ་གྱིས་མཚོན་པ་ཡིན་ནོ། །གཉིས་པ་ལ། བསྐྱེད་རིམ་ལ་སྦྱར་བ་སོགས་མང་དུ་ཡོད་ཀྱང༌། རེ་ཞིག་འདིར་མི་འཆད་དེ། རྫོགས་རིམ་གྱི་དབང་དུ་བྱས་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་ཡིན་པར་མང་པོ་ལས་བཤད་ཀྱང༌། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་ཐུགས་རྗེ་དང༌། །ཐིག་
ལེ་དེ་གཉིས་སྦྱོར་ལས་བྱུང༌། དེ་སྦྱོར་བ་ཡི་རྨད་མཆོག་གོ །ཞེས་གསུངས་ཏེ། དེ་ལ་སྟོང་པ་ཉིད་ནི་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་ཏེ། ཨེ་ཟུར་གསུམ་པས་མཚོན་པ་ཡིན་ནོ། །ཕྱི་ནང་གི་རྐྱེན་གྱིས་ལུས་ལ་གནད་དུ་བསྣུན་པས་ཞུ་བདེ་ཁྱད་པར་ཅན་སྐྱེ་བ་དང༌། དེས་དྲངས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཝཾ་ཡིག་གིས་མཚོན་ནོ། །ཐིག་ལེ་ནི་ཡེ་ཤེས་དེ་ཡང་ངོ་བོ་ཐ་དད་པ་མ་ཡིན་གྱི། དེ་ཉིད་བདེ་བ་ཡང་ཡིན་ལ་སྟོང་པ་ཡང་ཡིན་པ་མཚོན་པའོ། །གསུམ་པ་ལ་རང་ལུས་ཀྱི་རྩ་འཁོར་ལ་སྦྱར་བ་དང༌། གཞན་ལུས་ཤེས་རབ་མ་ལ་བརྟེན་པའོ། །དང་པོ་ནི། དཔལ་ཡང་དག་སྦྱོར་བ་སམྤུ་པུ་ཊི་ལས། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་ཁ་མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་ལྟེ་བ་དང་སྤྱི་བོ་གཉིས་ཟུར་གསུམ་དུ་གནས་ཤིང༌། རྟེན་ཡིན་པ་དང་ཡངས་པའི་དོན་གྱི་ཨེ་དང་ཆོས་མཚུངས་ལ། སྙིང་ཁ་མགྲིན་པ་གཉིས་ཟླུམ་པོ་དང༌། བརྟེན་པ་དང༌། ཡངས་པ་མ་ཡིན་པས་ཝཾ་དང་འདྲའོ། །གཉིས་པ་ནི། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་པདྨའི་མཚན་ཉིད་དེ། །བྷ་ག་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། ཞེས་སོགས་དང༌། ཀྱཻ་རྡོ་རྗེ་ལས་ཀྱང༌། །ཨེ་ཡིག་ཆ་བྱད་བཟང་མོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་
ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་ཏེ། སངས་རྒྱས་རིན་ཆེན་ནི་དེའི་རྒྱུ་སྟེ་རང་བཞིན་ལྷན་སྐྱེས་སོ། །དེའི་ཟ་མ་ཏོག་གམ་སྣོད་ནི་ཞུ་བདེ་ལྷན་སྐྱེས་ཡིན་ཏེ། དེ་གང་ལས་བྱུང་ན། ཨེ་གྲུ་གསུམ་གྱི་ཆ་བྱད་ཅན་ཤེས་རབ་མའི་པདྨ་དང༌། ཝཾ་ཡིག་གིས་མཚོན་པ་ཐབས་ཀྱི་རྡོ་རྗེ་སྙོམས་པར་ཞུགས་པ་ལས་འབྱུང་ངོ་ཞེས་པའི་དོན་ཏེ། ཨེ་ཝཾ་ནི་རྡོ་རྗེ་དང་པདྨའོ། །སྤྱིར་རྟགས་ཀྱི་ཨེ་ཝཾ་གཞི་ལ་སྦྱར་བ་ཡིན་ཞིང༌། འོན་ཀྱང་རྫོགས་རིམ་གྱི་བདེ་ཆེན་འདྲེན་པ་ལ་ངེས་པ་བསྐྱེད་དེ། ཝཾ་གྱིས་ཨེ་ཡི་སྒོ་འབྱེད་ཅིང༌། །ཨེ་ཡིས་ཝཾ་གྱི་སྒོ་ཤིན་ཏུ་དབྱེ་དཀའ་བ་རྣམས་ཀྱང་འབྱེད་པར་བྱེད་པ་སྟེ། བདེ་སྟོང་རྟོགས་ཚུལ་ལ་ཡང་འདི་ལྟར་ཤེས་དགོས་སོ། །འདིའི་གནད་ཅུང་ཟད་ཞལ་ལས་ཤེས་པར་བྱའོ། །འདི་ལ་ཨེ་རྟེན་དང་ཝཾ་བརྟེན་པ་སྟེ། རྒྱུད་གང་དུ་འདི་སྐད་ཅེས་གསུངས་པའི་དོན་ཏེ། འདི་སྐད་བདག་གིས་ཐོས་པའི་ཞེས་ཚིག་མེད་པ་རྣམས་ལ་དོན་ནི་ཡོད་དེ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་འདིར། །གསང་བ་མཆོག་གིས་དགྱེས་པ་ན། །ཞེས་གསུངས་པའི་གསང་བ་ཨེ་དང༌། རྡོ་རྗེ་སེམས་དཔའ་ནི་ཝཾ་འོ༌། །དེས་མཚོན་པ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་
མཛོད། །ཅེས་ཨེ་དང༌། རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞཻས་ཝཾ་གྱི་རྣམ་གྲངས་གསུངས་སོ། །གཉིས་པ་ནི། སྤྱིར་ཕྱག་རྒྱ་བཞིའི་ངོས་འཛིན་ནི་མི་འདྲ་བ་མང་ངོ༌། །འཁོར་ལོ་བཞི་ལ་སོགས་པ་ཡང་ཕྱག་རྒྱ་བཞིར་བསྟན་པ་མང་མོད་ཀྱི། ཕྱོགས་མཐུན་དུ་སྦྱར་བ་ཡིན་ནོ། །ཕྱག་རྒྱ་བཞིའི་རྣམ་གཞག་ནི་རྒྱུད་སྡེ་མང་པོ་ཞིག་གིས་རྗེས་སུ་འབྲངས་ནས། སློབ་དཔོན་འཇིགས་མེད་འབྱུང་གནས་འདི་སྐད་ཅེས་བཞེད་དེ། བསྐྱེད་རིམ་དང༌། རྫོགས་རིམ་དང༌། འབྲས་བུ་ལ་སྦྱར་བ་གསུམ་མོ། །དང་པོ་ནི། ལྷ་མོའི་གཟུགས་མངོན་པར་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱ། ཡི་གེ་བཀོད་པ་ནི་ཆོས་ཀྱི་ཕྱག་རྒྱ། འོད་ཟེར་སྤྲོ་བསྡུ་ལ་སོགས་པས ་འཕྲིན་ལས་བྱེད་པ་ནི་དམ་ཚིག་གི་ཕྱག་རྒྱ། ལྷ་སྐུ་སྣང་སྟོང་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་རྫོགས་རིམ་གྱི་ནི། དངོས་ཀྱི་རིག་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ། འཁྱུད་པ་ལ་སོགས་པ་ལས་ཀྱི་དགའ་བ་སྟེར་བའི་ཕྱིར་རོ། །རྩ་ཨ་ཝ་དྷཱུ་ཏཱི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ཁྱད་པར་ཅན་སྟེར་བའི་ཕྱིར་རོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །ཡིད་ཀྱི་ཕྱག་རྒྱ་ལྷ་མོའི་རྣམ་པར་སྣང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །
གསུམ་པ་འབྲས་བུའི་ནི། སྤྲུལ་པའི་སྐུ་ནི་དམ་ཚིག་གི་ཕྱག་རྒྱ། བདེ་བ་ཆེན་པོའི་སྐུ་ནི་ཕྱག་རྒྱ་ཆེན་པོ། ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཕྱག་རྒྱ། ལོངས་སྤྱོད་རྫོགས་སྐུ་ནི་ལས་ཀྱི་ཕྱག་རྒྱའོ། །ཡང་ན་སྤྲུལ་ལོངས་ཆོས་གསུམ་བདེ་ཆེན་བཞི་ལ་རིམ་པས་ལས་དང༌། ཆེན་པོ་དང༌། ཆོས་དང༌། དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །འཁོར་ལོ་སྡོམ་པའི་ལུགས་ཀྱང་འདི་ཉིད་ཡིན་པར་བཟུང་ངོ༌། དགེས་པ་རྡོ་རྗེའི་དགོངས་དོན་དུ་མཛད་དེ། ཕྱག་རྒྱ་བཞི་གཏན་ལ་དབབ་པའི་གཞུང༌། ཀླུ་སྒྲུབ་ཀྱིས་མཛད་པའི་རྗེས་སུ་འབྲངས་ཏེ། མངའ་བདག་ཆེན་པོ་མཻ་ཏྲི་པ་རྗེས་འབྲང་དང་བཅས་པའི་བཞེད་པ་ནི། དངོས་ཀྱི་ཕྱག་རྒྱ་ནི་གཙོ་བོ་དང༌། ཡིད་ཀྱིས་བསྒོམས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡན་ལག་སྟེ་ལས་ཀྱི་ཕྱག་རྒྱའོ། །རླུང་དང༌། ཐིག་ལེ་དང༌། གཏུམ་མོའི་རྣལ་འབྱོར་དང༌། དབང་པོ་རབ་ཀྱིས་སེམས་ཀྱི་བདེ་བ་འབའ་ཞིག་ལ་དམིགས་པ་མི་ཤིགས་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །དེ་སྐད་དུ། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་གནས་པ་བསྡུས་པ་ལས། ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ནི། །ཐ་མས་རྩ་དང་ཡི་གེའི་རིམ། །གཏུམ་མོའི་བྱེ་བྲག་འབྲིང་གིས་སོ། །མི་ཤིགས་པ་ནི་རབ་ཀྱིས་ཏེ། །ཐིག་ལེ་ཕྲ་སོགས་རྣལ་འབྱོར་པས། །བསྡུས་པའི་རིག་པར་འདོད་པ་ཡིན། །ཞེས་བཤད་དོ། །ཕྱག་རྒྱ་ཆེན་པོ་ནི། རང་བཞིན་གཉུག་མ་
སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་མ་བརྟགས་པར་ཤར་བའི་ལྷ་སྐུ་སྟེ། དེའི་རྒྱུར་བསྐྱེད་རིམ་གྱིས་བོགས་འབྱིན་ཞིང་རྒྱས་འདེབས་པ་ཡང་ཕྱོགས་མཐུན་ཡིན་ནོ། །ཞེས་བཞེད་དེ། འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་ཀྱིས་ནི། ཕྱག་རྒྱ་བཞི་པའི་གཞུང་དེ་འགོག་པར་མཛད་མོད་ཀྱི། མཻ་ཏྲི་པ་ལྟ་བུའི་དངོས་གྲུབ་བརྙེས་པའི་སྐྱེས་བུ་རྣམས་ལ་འཁྲུལ་པ་མེད་པའི་ཕྱིར་དང༌། རྒྱུད་ཀྱི་དོན་དང་འགལ་བ་མེད་པར་མ་ཟད་ཤིན་ཏུ་ཟབ་པར་ཡང་མཐོང་བས་མི་འགལ་བར་ཁས་བླང་བར་བྱ་ཞིང༌། འདི་ནི་དགེས་པ་རྡོ་རྗེའི་དགོངས་པར་སྣང་ངོ༌། །དེ་གཉིས་ནི་རྫོགས་རིམ་ཐམས་ཅད་ཕྱག་རྒྱ་བཞིར་སྡུད་པའི་ལུགས་ཏེ་ཉི་ཚེ་བ་ནི་གཞན་ཡང་འབྱུང་ངོ༌། གཉིས་པ་ལ་སྟོང་ཕྱོགས་ཀྱི་རྫོགས་རིམ་དང༌། ཟུང་འཇུག་གི་རྫོགས་རིམ་མོ། །དང་པོ་ནི་བདེ་སྟོང་སོགས་ཏེ། རང་བཞིན་བརྒྱད་ཅུ་དང་སྣང་བ་གསུམ་རིམ་པས་ཐིམ་པའི་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་རང་བཞིན་གྱི་དྲི་མས་དག་པ་མངོན་སུམ་དུ་རྟོགས་པ་ནི་སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །གཉིས་པ་ནི་འོད་གསལ་སོགས་ཏེ། བཤད་མ་ཐག་པའི་སྟོང་ཕྱོགས་དེ་ཉིད་ལས་མ་གཡོས་པ་སྟེ་མི་འབྲལ་བར་ཡན་ལག་བདུན་ལྡན་གྱི་གཟུགས་སྐུའི་སྣང་བ་རྒྱུན་ཆད་པ་མེད་པའམ། ཕྱོགས་དང་རིས་སུ་མ་ཆད་པར་འཆར་བ་ནི། སྐུ་དང་
ཡེ་ཤེས་དབྱེར་མེད་ཀྱི་ཟུང་འཇུག་སྟེ་རྫོགས་རིམ་མཐར་ཐུག་པའོ། །སྣང་ཕྱོགས་ཞེས་སྨོས་པ་ནི། སྣང་ཕྱོགས་ཀྱི་རྫོགས་རིམ་འདིའི་ཡན་ལག་ཏུ་འདུས་པས་འདི་ཤེས་ན་དེ་ཡང་ཤེས་པར་འགྱུར་བ་དང༌། སྟོང་ཕྱོགས་གོང་དུ་བཤད་ཟིན་པས། འདིར་ཐུན་མོང་མ་ཡིན་པའི་དོན་སྣང་ཕྱོགས་ཡིན་པའི་ཕྱིར་འདི་སྨོས་པའོ། །དེ་རྣམས་ཀྱི་དོན་ངེས་པར་བྱ་བ་མདོར་བསྡུས་ཞིག་བརྗོད་ན། སྟོང་ཕྱོགས་བཤད་པ། སྣང་ཕྱོགས་བཤད་པ། ཟུང་འཇུག་བཤད་པའོ། །དང་པོ་ལ་སྣང་བ་དང༌། རང་བཞིན་དང༌། ཡེ་ཤེས་སྐྱེ་ཚུལ་ལོ། །དང་པོ་ལ། སྣང་གསུམ་གྱི་མིང་གི་རྣམ་གྲངས་དང༌། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི་སྣང་མཆེད་ཐོབ་གསུམ་ལ་རིམ་པ་བཞིན་དུ། ཐབས་དང༌། ཤེས་རབ་དང༌། འདྲེས་པ་གསུམ། སེམས་དང༌། ཡིད་དང༌། རྣམ་ཤེས་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཀུན་བརྟགས། གཞན་དབང༌། ཡོངས་གྲུབ་གསུམ། སྟོང་ཕྱོགས་སྣང་ཕྱོགས་ཟུང་འཇུག་སྟེ་ངོ་བོ་ཉིད་གསུམ། སེམས། སེམས་བྱུང༌། མ་རིག་པ་གསུམ། ཆགས་བྲལ་འདོད་ཆགས། འདོད་ཆགས་བར་མ་གསུམ། སྟོང་པ་ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ་གསུམ་སྟེ། རིམ་པ་བཞིན་གྱི་མིང་གི་རྣམ་གྲངས་ཡིན་ལ། སྤྱིར་མིང་གི་རྣམ་
གྲངས་སུ་དེ་ལྟར་བསྟན་པ་ནི་ཆོས་མཐུན་རྩིས་པ་ཡིན་གྱི། དེ་དང་དེ་དག་ཐམས་ཅད་དངོས་སུ་མི་འཇོག་གོ །འོན་ཀྱང་སྣང་བ་སྟོང་པ། མཆེད་པ་ཤིན་ཏུ་སྟོང་པ། ཐོབ་པ་སྟོང་པ་ཆེན་པོ་སྟེ་སྣང་བ་གསུམ། འོད་གསལ་དངོས་གཞི་ཐམས་ཅད་སྟོང་པ་སྟེ། སྣང་བཞི་སྟོང་བཞི་ངོ་བོ་གཅིག་ཅིང་མི་འདོགས་ཐ་དད་པ་རྣམས་སྟོང་པའི་ལྡོག་ཆ་ནས་བཏགས་པ་དང༌། སྣང་བའི་ལྡོག་ཆ་ནས་བཏགས་པའི་ཁྱད་ཡིན་ལ། ཡེ་ཤེས་རེ་རེ་བདེ་བ་དང་སྣང་བ་དང་སྟོང་ཉིད་ཀྱི་གསལ་སྣང་ཅན་ཡིན་པའི་ཕྱིར་ངོ་བོ་ཐ་དད་མེད་དོ། །དེས་ན་སྣང་བ་གསུམ། སྟོང་པ་གསུམ། རྣམ་ཤེས་གསུམ། ཡེ་ཤེས་གསུམ། སེམས་གསུམ། ཤེས་པ་གསུམ་རྣམས་མིང་གི་རྣམ་གྲངས་ཡིན་ལ། སྣང་བ་འདོད་ཆགས་ཀྱི་བདེ་བ་ཤས་ཆུང་བས་ཆགས་བྲལ། མཆེད་པ་བདེ་བ་ཤས་ཆེ་བས་འདོད་ཆགས། ཐོབ་པ་བདེ་སྟོང་ཆ་མཉམ་པས་འདོད་ཆགས་བར་མ་ཞེས་བྱ། མིང་གི་རྣམ་གྲངས་གཞན་རྣམས་ལ་དཔེར་ན། སྣང་བ་ནི་བདེ་སྟོང་གཉིས་ཀྱི་སྟོང་པ་ཤས་ཆེ་བས་ཤེས་རབ་དང༌། མཆེད་པ་བདེ་བ་ཤས་ཆེ་བས་ཐབས་དང༌། ཐོབ་པ་ཆ་སྙོམས་པས་འདྲེས་པར་བཞག་པ་བཞིན་ནོ། །གཞན་ཡང་སྣང་བ་ལ་ཨོཾ་དང་ཟླ་བ་དང་པདྨ་དང་བུད་མེད་དང་གཡོན་པ་དང༌། མཚན་མོ་དང༌། འཇམ་པོའི་བརྡས་བཏགས་སོ། །མཆེད་པ་ལ།
ཨ་དང་ཉི་མ་དང༌། རྡོ་རྗེ་དང་རིན་པོ་ཆེ་དང༌། ཉིན་མོ་དང༌། སྐྱེས་པ་དང༌། གཡས་པ་དང༌། རྩུབ་མོ་ཞེས་བཏགས་སོ། །ཐོབ་པ་ལ་མ་ནིང་དང༌། མཚམས་དང༌། དབུས་དང༌། བར་མ་དང༌། འདྲེས་པ་དང༌། འདུས་པ་ཞེས་གསུངས་ཏེ། དེ་རྣམས་ཀྱི་སྒྲ་བཤད་པ་ནི་མང་པར་འགྱུར་རོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ལམ་དུས་ཀྱི་སྣང་གསུམ་ནི། སྤྱོད་བསྡུས་སྒྲོན་མེ་ལས། སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱི་སྣང་བར་བྱེད་པས་ཁྱབ་པ་ལྟ་བུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན། འདི་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཞེས་སྣང་བ་དང༌། མཆེད་པ་ལ་གཞན་རྣམས་ཕལ་ཆེར་འདྲ་བ་ལ་གཟུང་བ་དང༌། འཛིན་པ་དང་བྲལ་བའི་རང་བཞིན་ཞེས་དང༌། ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཞེས་དང༌། ཐོབ་པའི་སྐབས་སུ་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བ་སེམས་པ་མེད་པ་མི་གཡོ་བ་ཞེས་གསུངས་སོ། །དེ་ལ་གཟུང་བ་དང་འཛིན་པ་མེད་པ་ནི་གཉིས་སྣང་རགས་པ་འགགས་
པའོ། །རྣམ་པ་མེད་པའི་རང་བཞིན་ཞེས་ཀྱང་དེའོ། །སྟོན་ནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་དང་གསལ་ཤས་ཆུང་ཞིང་སྟོང་ཤས་ཆེ་བའོ། །ལུས་དང་ངག་མེད་པ་ནི་ཐ་མལ་པའི་ལུས་ངག་ཏུ་སྣང་བ་འགགས་པའོ། །རང་བཞིན་གྱིས་གསལ་བའི་རྣམ་པ་ནི། སེམས་ཀྱི་གསལ་བའི་རང་བཞིན་ཅི་རིགས་པར་སྣང་བའོ། །དངོས་པོ་མ་ལུས་པ་ལ་དམིགས་པ་ནི་ཁྱབ་པའོ། །ཤིན་ཏུ་གསལ་བ་ནི་སྔ་མ་ལས་ཀྱང་ཆེས་གསལ་བའོ། །ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་ནི། དམར་ལམ་དང་གསལ་ཤས་ཆེ་བའོ། །དོན་དམ་བྱང་ཆུབ་ཀྱི་སེམས་ནི་རྗེས་མཐུན་པ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སོ། །སྨག་ལ་བབ་པས་ཁྱབ་པ་ནི་ནག་ལམ་དང༌། རྣམ་རྟོག་གི་སྣང་བ་མངོན་འགྱུར་བ་ཐམས་ཅད་འགགས་པའོ། །ཕྲ་བ་ནི་རྟོགས་དཀའ་བའོ། །བདག་མེད་པ་ནི། རང་བཞིན་ངོས་བཟུང་བ་མེད་པའོ། །སྲོག་རྩོལ་མི་རྒྱུ་བ་ནི་རླུང་དབུ་མར་འགགས་པ་དང༌། སེམས་པ་མེད་པ་དང༌། རྣམ་རྟོག་གིས་གཡོ་བ་མེད་པ་རྣམས་སྣང་བ་གསུམ་ཀ་ཡོད་ཀྱང་འདི་ཤས་ཆེ་བས་འདིར་གསུངས་སོ། །དེ་རྣམས་ཀྱི་ངོ་བོ་ནི། མི་རྟོག་པས་སྟོང་ཉིད་བརྗོད་བྲལ་གྱི་རྣམ་པ་གསལ་བར་མཐོང་བའི་ཞུ་བདེ་མཉམ་བཞག་ཏུ་གཉིས་སྣང་མངོན་འགྱུར་བ་འགགས་པ་ཞེས་ཐམས་ཅད་ལ་སྦྱར་ཏེ། དཀར་ལམ་སོགས་ཀྱི་སྣང་བ་དང་གསལ་མི་གསལ་གྱི་ཁྱད་པར་ཕྱེ་བའི་ཡེ་ཤེས་
སོ། །ཉེར་ཐོབ་ཀྱི་དབུས་ལ་བབ་པའི་མཚམས་ཤིག་ཏུ་དྲན་མེད་དུ་འགྱུར་བར་ཡང་བཤད་དོ། །རླུང་ཐིམ་པ་ཤས་ཆེ་ཆུང་གི་གསལ་སྣང་རྒྱ་ཆེ་ཆུང་དང་མི་རྟོག་པ་སྲབ་འཐུག་དང༌། གནས་ཡུན་རིང་ཐུང་སྣ་ཚོགས་འབྱུང་སྟེ། འདིར་རྟགས་སྣང་འཆར་ཚུལ་ནི། སྤྱོད་བསྡུས་ལས་མངོན་པར་བྱང་ཆུབ་པའི་སྐབས་སུ་དང་པོར་སྨིག་རྒྱུ། དེ་ནས་ཟླ་ཉི་མུན་པ་སྐྱ་རེངས་ལྟ་བུ་བཤད་པས། བླ་མ་མང་པོས་རྟགས་ལྔ་དང་རྟགས་ཅན་བཞིའི་དབྱེ་བ་མཛད་པའང་འབྱུང་མོད། དགོངས་དོན་རྟགས་ལྔ་སྨིག་རྒྱུས་གོ་བའི་དབང་དུ་མཛད་པ་སྟེ། དང་པོར་རགས་པ་ཉེར་ལྔ་ཐིམ་སྐབས་རྟགས་ཀྱང་ཉེར་ལྔ་འབྱུང་མོད་གཙོ་བོར་སྨིག་རྒྱུ་སོགས་རྟགས་ལྔ་དང༌། དེ་ནས་ཟླ་འོད་དཀར་ལམ་སོགས་བཞི་སྣང་བ་གསུམ་མམ་བཞིའི་སྐབས་སུ་འབྱུང་བ་ཡིན་ནོ། །འདི་ནི་ལམ་བསྒོམས་པའི་ཡེ་ཤེས་ཀྱི་དབང་དུ་བྱས་པ་སྟེ། གཉིས་པ་གཞི་དུས་ཀྱི་སྣང་གསུམ་ནི། ཤེས་པ་སྤྱི་ལ་སྣང་བ་གསུམ་གྱི་མཚན་ཉིད་ཚང་བ་གཞི་དུས་ཀྱི་སྣང་གསུམ་ལ་དབྱེ་ན། གཉིད་དུས་ཀྱི་སྣང་བ་གསུམ། སད་དུས་ཀྱི་སྣང་གསུམ། འཁྲིག་དུས་ཀྱི་སྣང་གསུམ། འཆི་དུས་ཀྱི་སྣང་གསུམ་མོ། །དང་པོ་དང་གསུམ་པ་ཕྱོགས་མཐུན་ཙམ་དང༌། བཞི་པ་ངོ་འཕྲོད་ཅིང་ལམ་དུ་ལོངས་མ་ལོངས་ཀྱི་ཁྱད་པར་མ་གཏོགས་ལམ་དུས་ཇི་ལྟ་བ་དང༌། གཉིས་པ་ཤེས་པ་དེ་ལ་ཡུལ་སྣང་ཙམ་
སྣང་བ་དང༌། ཁྱད་པར་གྱི་མཐོང་བ་གསལ་དུ་སོང་བ་མཆེད་པ་དང༌། མཐར་ཡུལ་ལས་སེམས་རང་འགགས་སུ་ལོག་པ་ཐོབ་པ་སྟེ། འདི་ལྟར་བཞེད་པ་སྒྲ་བསྒྱུར་ཆེན་པོ་མར་པ་ལྷོ་བྲག་པ་རྗེས་འབྲང་དང་བཅས་པ་སྟེ། ཤིན་ཏུ་གནད་ཆེ་བར་སྣང་ངོ༌། །གཉིས་པ་རང་བཞིན་བཤད་པ་ལ། རང་བཞིན་བརྒྱད་ཅུ་དང༌། དེ་འཁོར་བའི་འཇུག་ལྡོག་གི་རྩ་བར་བསྟན་པའོ། །དང་པོ་ནི། སྣང་བའི་རང་བཞིན་སོ་གསུམ་ནི། གསང་འདུས་རིམ་ལྔ་ལས། དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དང༌། །ཡིད་ལ་འགྲོ་ཞིང་འོང་བ་དང༌། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ ་དང༌། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང༌། །ཚོར་དང་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། །རིག་པ་པོ་དང་རིགས་འཛིན་གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང༌། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་གསུངས་པ་ལ། ཆགས་བྲལ་ནི་ཡུལ་ལ་མི་སྡུག་པར་འཛིན་པ་ངོ་བོ་ཞེ་སྡང་
སྟེ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེ་ཡང་འཛིན་སྟངས་མི་གསལ་བ་ཆུང་ངུ་དང༌། གསལ་པོ་བྱུང་ཡང་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང༌། འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོ་སྟེ། འོག་མ་རྣམས་ལའང་རིགས་འགྲེའོ། །ཡིད་ལ་འགྲོ་བ་དང་འོང་བ་གཉིས་ནི་ཡུལ་ལ་སེམས་པ་དང་སླར་ནང་དུ་སེམས་པ་སྟེ། སེམས་པ་ལས་ཕྱེ་བའོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་གདུང་བ་སྟེ་ཆེ་ཆུང་གསུམ་མོ། །ཞི་བ་ནི་ངལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འདུག་པ་སྟེ། ཤེས་བཞིན་མ་ཡིན་པའོ། །རྣམ་རྟོག་ནི་མཚན་མར་འཛིན་པའི་འདུ་ཤེས་སོ། །འཇིགས་པ་ནི་སྐྲག་པའོ། །སྲེད་པ་ནི་ཡུལ་ཡིད་དུ་འོང་པ་དུས་གསུམ་ལ་དམིགས་ནས་ཞེན་པ་སྟེ་ཆེ་ཆུང་གསུམ་མོ། །ལེན་པ་ནི་སྲེད་པའི་ཡུལ་ལ་འཇུག་པར་བྱེད་པའི་སེམས་སོ། །མི་དགེ་བ་ནི་འགྱོད་པའོ། །བཀྲེས་པ་དང་སྐོམ་པ་གཉིས་ནི་གོ་བར་ཟད་དེ། དེས་རྒྱུས་ཡིད་མི་བདེ་བའོ། །ཚོར་བ་ནི་ཚོར་བ་བདེ་སྡུག་བཏང་སྙོམས་རྣམས་ཏེ་ཆེ་ཆུང་གསུམ་མོ། །རིག་པ་པོ་དང༌། རིག་པའི་བྱེད་པ་པོ་དང༌། འཛིན་གཞི་སྟེ་རིག་བྱའི་ཡུལ་རྣམས་ལ་ལོག་པར་འཛིན་པའི་སེམས་ཏེ་ལོག་པའི་དོན་ཡང་བདེན་པར་རྟོག་པ་མངོན་གྱུར་པའོ། །སོ་སོར་རྟོག་པ་ནི་རིགས་པ་དང་མི་རིགས་པར་དཔྱོད་པའོ། །ངོ་ཚ་ཤེས་པ་ནི་རང་ལ་རྣམ་སྨིན་སྡུག་བསྔལ་སོགས་
ཉེས་པ་འབྱུང་བར་ཤེས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་བྲལ་འདོད་དོ། །བརྩེ་བ་གསུམ་ནི། གང་ལ་དགའ་བའི་ཡུལ་དེ་ལ་ཡིད་དུ་སྡུག་པ་དང་ཕྲད་ཅིང་རྙེད་པར་འདོད་པ་དང༌། དེ་གནོད་པ་ལས་བསྲུང་བར་འདོད་པ་གསུམ་མོ། །དོགས་པ་ནི་ཐེ་ཚོམ་དང་འབྲེལ་བར་ཉམས་ངའྀ་རྣམ་པ་ཅན་བརྟན་པ་མེད་པའོ། །བསགས་པ་ནི་སེར་སྣ་སྟེ་གཏོང་མི་བྲོ་བའོ། །ཕྲག་དོག་ནི་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པའོ། །མཆེད་པའི་རང་བཞིན་བཞི་བཅུ་ནི། །ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང༌། །ངོ་མཚར་དེ་བཞིན་རྒོད་པ་དང༌། །ཚིམ་དང་དེ་བཞིན་འཁྱུད་པ་དང༌། །འོ་བྱེད་དེ་བཞིན་འཇིབ་པ་དང༌། །བརྟན་དང་བརྩོན་དང་ང་རྒྱལ་དང༌། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང༌། །དེ་བཞིན་ལྷན་ཅིག་སྐྱེ་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང༌། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་བྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང༌། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་བསྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །
ཞེས་གསུངས་པ་ལས། ཆགས་པ་ནི་ཐོབ་པར་བྱ་རྒྱུའི་ཡུལ་ལ་ཡིད་ཆགས་པའོ། །ཞེན་པ་ནི་ཐོབ་ཟིན་པའི་ཡུལ་ལ་ཆགས་པའོ། །ཡིད་འོང་ནི་ཡུལ་ཡིད་དུ་འོང་བ་སྣང་ཙམ་ནས་དགའ་བ་སྟེ་ཆེ་ཆུང་གསུམ་མོ། །དེ་ལྟར་ལྔ་ནི་འདོད་ཆགས་ཀྱི་རྣམ་རྟོག་དངོས་སོ། །རངས་པ་ནི་འདོད་དོན་གྲུབ་པ་ལ་དགའ་བའོ། །མགུ་བ་ནི་དེའི་རྣམ་པ་ཡང་ཡང་མྱང་བའོ། །ངོ་མཚར་ནི་གསར་ཐོབ་དེ་ལ་བརྟེན་ནས་སེམས་མཐོ་བ་སྟེ་མ་ཞི་བར་ཙེག་ཙེག་སྟེག་སྟེག་བྱེད་པའོ། །རྒཽད་པ་ནི་ཡིད་དུ་འོང་བ་ལ་སེམས་གཡེངས་པའོ། །ཚིམ་པ་ནི་བདེ་བས་ངོམ་པའོ། །འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་གསུམ་ནི་དེ་རྣམས་བྱེད་པ་འདོད་པའི་སེམས་ཏེ། ཡུལ་ལ་ཆགས་པའི་ལུས་ངག་གི་བྱ་བ་རྩོམ་པ་དང༌། ཡང་ཡང་རྩོམ་པ་དང༌། རྩོམ་པ་མི་འདོར་བའི་དཔེའོ། །བརྟན་པ་ནི་སེམས་མི་འགྱུར་བ་སྟེ་འདུ་ཤེས་གཞན་དུ་བསྒྱུར་མི་ཐུབ་པའོ། །བརྩོན་པ་ནི་བརྩོན་འགྲུས་ཏེ་དགེ་བ་ལ་སྤྲོ་བའོ། །ང་རྒྱལ་ནི་མཐོ་བར་སེམས་པ་སྟེ་ང་རྒྱལ་བདུན་ལ་སོགས་པའོ། །བྱ་བ་ནི་འདུ་བྱེད་ཀྱི་དོན་ཏེ་བྱ་བ་རྫོགས་པར་བྱེད་པའི་རྩོལ་པ་མི་འདོར་བའོ། །འཕྲོག་པར་འདོད་པ་ནི་བརྣབས་སེམས་སོ། །སྟོབས་ནི་གཞན་འཇོམས་པར་འདོད་པ་སྟེ་གནོད་སེམས་སོ། །སྤྲོ་བ་ནི་ལས་ཕལ་པ་ལ་འཇུག་པ་ལ་ཡིད་སྤྲོ་བའོ། །ལྷན་སྐྱེས་ནི་འགྱུར་ཉེས་པ་
སྟེ་ཚམ་ཚོམ་ཡིན་ལ་བྱ་དཀའ་བ་ལ་སྦྱོར་དགོས་པ་མ་ནུས་པའམ་ཚམ་ཚོམ་དུ་ལུས་པ་སྟེ་ཆེ་ཆུང་གསུམ་མོ། །དྲག་པོ་ནི་ཁྲོ་བ་སྟེ་རྩོད་འདོད་པ་སོགས་སོ། །སྒེག་པ་ནི་མཛེས་ཆོས་སོ། །ཞེ་འགྲས་ནི་འཁོན་འཛིན་ནོ། །དགེ་བ་ནི་དགེ་བའི་ལས་ལ་ཡི་རངས་བའོ། །ཚིག་གསལ་བ་དང་གོ་བ་ནི་གཞན་གྱིས་གོ་བ་དང་འདུ་ཤེས་མ་སྒྱུར་བར་སྨྲ་བའོ། །མི་བདེན་པ་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པའོ། །ངེས་པ་ནི་ཡིད་དམ་བརྟན་པོར་འཆའ་བའི་གོ་ཆའོ། །མི་ལེན་པ་ནི་ཡུལ་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ་ནི་སྦྱིན་པར་འདོད་པའོ། །བསྐུལ་བ་ནི་ཡུལ་གཅིག་ལ་གནས་པ་ལས་ཡུལ་གཞན་ལ་བསྐུལ་འདོད་དོ། །དཔའ་བོ་ནི་སྒྲིབ་པ་ལས་གྲོལ་འདོད་དོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བ་ལ་མི་འཛེམ་པའོ། །སྒྱུ་མ་ནི་གཞན་བསླུ་བར་བྱེད་པ་སེམས་པ་སྟེ་གཡོ་སྒྱུ་དང་འབྲེལ་བའི་སེམས་པའོ། །གདུག་པ་ནི་ལྟ་བ་ངན་པ་ལ་བྱང་བ་སྟེ་ལྟ་བ་ངན་པ་ལྔའོ། །མི་བསྲུན་པ་ནི་གཞན་ལ་མཐོ་འཚམས་པ་སྟེ་གཞན་གྱི་གནས་ལུས་ལོངས་སྤྱོད་ལ་ཕངས་མེད་བྱེད་འདོད་དོ། །གྱ་གྱུ་ནི་གཡོ་སྒྱུ་གཉིས་སྡོམ་པ་སྟེ། དེ་ལྟར་བཞི་བཅུའོ། །ཐོབ་པའི་རང་བཞིན་བདུན་ནི། ཆགས་པ་བར་མའི་སྐད་ཅིག་དང༌། །བརྗེད་ངེས་པ་འཁྲུལ་པ་དང༌། །མི་སྨྲ་གྱུར་དང་སྐྱོ་བ་དང༌། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །དང་པོ་ནི་འདོད་ཆགས་ཀྱིས་སེམས་
རྨོངས་པར་བྱེད་པས་ཆགས་པ་བར་མ་ཞེས་བཏགས་ཏེ་ངོ་བོ་ནི་མ་རིག་པའོ། །འདི་ཡང་ཇི་ལྟ་བ་ལ་སྒྲིབ་བྱེད་དོ། །བརྗེད་ངས་ནི་དྲན་པ་ཉམས་པའོ། །འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་སོགས་སོ། །མི་སྨྲ་བ་ནི་སྨྲ་བ་ལས་སེམས་ལོག་པ་སྟེ། ཁ་ཅིག་མིང་ལ་རྨོངས་ཏེ་མིང་སྨྲ་མི་ཤེས་པ་ལ་ཡང་འཆད་དོ། །སྐྱོ་བ་ནི་ཡུལ་གང་ཡིན་ཡང་དེས་སུན་པའོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །ཐེ་ཚོམ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་ཡིད་གཉིས་ཟ་བ་སྟེ། སྤྱིར་ཐེ་ཚོམ་ཐམས་ཅད་ཀྱང་བསྡུའོ། །རང་བཞིན་བརྒྱ་རྩ་བརྒྱད་རྒྱུད་ལས་གསུངས་པ། རྒྱུ་གཞན་ལ་ལར་བརྒྱད་ཅུའི་ཐ་སྙད་ཡོད་པ་ལྟར་རིམ་ལྔར་བརྒྱད་ཅུར་བསྡུས་པའོ། །ཚན་པ་དང་པོ་ཞེ་སྡང་ཐོག་མར་ཡོད་ཅིང༌། དེའི་ཕྱོགས་མཐུན་མང་བས་ཞེ་སྡང་གི་རྣམ་རྟོག་སོ་གསུམ་ཞེས་དང༌། གཉིས་པ་འདོད་ཆགས་ཀྱི་རྣམ་རྟོག་མང་བས་འདོད་ཆགས་ཀྱི་བཞི་བཅུ། གསུམ་པ་གཏི་མུག་གི་ཕྱོགས་མཐུན་ཤས་ཆེ་བས། དེའི་རྣམ་རྟོག་བདུན་ཞེས་སྔ་མ་རྣམས་གསུང་ངོ༌། །དེ་ལྟར་བརྒྱད་ཅུ་ཉིན་མཚན་གྱི་དབྱེ་བས་བརྒྱ་དྲུག་ཅུའོ། །ཉིན་མཚན་ཞེས་པ་ཡང་ཐབས་ཤེས་ཀྱི་དབྱེ་བ་སྟེ། ཀུན་རྫོབ་དང་དོན་དམ་གྱིས་ཕྱེ་བའོ། །གཉིས་པ་སྤྱིར་ཆགས་བྲལ་ལ་ཁོང་ཁྲོ་དང་པོའི་སྐབས་དང༌། འདོད་ཆགས་ཀྱི་རྣམ་རྟོག་མང་པོ་འདོད་ཆགས་དང༌། ང་རྒྱལ་དང་ལྟ་བ་
ངན་པ་གསུམ་བར་པའི་སྐབས་དང༌། མ་རིག་ཐེ་ཚོམ་ཐ་མའི་སྐབས་ཏེ་རྩ་ཉོན་དྲུག་པོ་དེ་རྣམས་གཙོ་བོའོ། །འདི་རྣམས་འཕེན་འགྲུབ་ཀྱི་ལས་བྱེད་པ་པོ་ཡིན་པས་འཁོར་བར་སྐྱེ་བའི་རྩ་བ་ཡིན་ལ། དེ་རྣམས་གཞི་དུས་ནས་རང་བཞིན་བདེ་བ་དང་འོད་གསལ་ལས་འབྱུང་ཞིང་ཐིམ་པའི་སྟོང་པ་ཡིན་པ་དེའི་རང་བཞིན་ལམ་དུ་ལོངས་ཤིང་འོད་གསལ་དུ་ཐིམ་ན་དེ་རྣམས་ཉིད་གྲོལ་བའི་རྒྱུ་ཁྱད་པར་ཅན་ཡིན་པས། སྲིད་པ་འཇུག་ལྡོག་གི་ས་མཚམས་ཡང་འདི་རྣམས་ཡིན་པས་འབད་པས་ལམ་སྒོམས་ཤིགགསུམ་པ་ལ་འཆར་ཚུལ་དངོས་དང༌། འཆར་བའི་རྐྱེན་གཉིས་ཀྱི་དང་པོ་ནི། རང་བཞིན་སུམ་ཅུ་རྩ་གསུམ་གྱི་བཞོན་པའི་རླུང་ཐིམ་པས་རང་བཞིན་དེ་རྣམས་ཐིམ་པ་ན་སྣང་བ་འཆར། དེ་ནས་རྟོག་པ་བཞི་བཅུ་རླུང་བཅས་ཐིམ་པས་མཆེད་པ། དེ་ནས་རྨོངས་རྟོགས་བདུན་རླུང་བཅས་ཐིམ་པས་ཐོབ་པ། དེ་ཉེར་ཐོབ་ཉིད་ཀྱང་སྐད་ཅིག་བཞི་པ་འོད་གསལ་ལ་ཐིམ་པའོ། །སྣང་བ་ཤར་ཙ་ན་མཆེད་པའི་རང་བཞིན་ཐིམ་པ་དང༌། མཆེད་པའི་དུས་ཐོབ་པའི་རང་བཞིན་ཐིམ་པར་བཤད། ཁ་ཅིག་ཐོག་མར་རང་བཞིན་ཐིམ། དེ་ནས་སྣང་གསུམ་འཆར་བར་འདོད་དོ། །ཐིམ་ཚུལ་ཡང་འགའ་ཞིག་རགས་པ་ཉེར་ལྔ་ལྔ་ཚན་ལྔ་ཚན་དུ་སྦྱར་ནས་ཐིམ་པར་འདོད། །སྔ་མ་མང་པོ་རགས་པ་ཉི་ཤུ་སྔོན་ལ་ཐིམ། དེ་ནས་འབྱུང་བ་ལྔ་ཐིམ་པར་བཞེད། དེའི་
མཐར་རང་བཞིན་སྣང་བའི་ཐིམ་ཚུལ་འབྱུང་སྟེ། མཐའ་དཔྱོད་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རླུང་སེམས་གཙོ་བོར་སྙིང་ཁའི་དྷཱུ་ཏཱི་ཐིག་ལེར་བསྡུས་པ་ལས་འབྱུང་སྟེ། ཕྱི་ནང་གི་ཐབས་ལས་ཡེ་ཤེས་སྐྱེ་ཚུལ་དང༌། དེ་ལས་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། སྟེང་སྒོའི་རྫོགས་རིམ་ཐམས་ཅད་ཀྱིས་ཀྱང་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་ནུས་པས་ན་སྣང་གསུམ་རྗེས་མཐུན་ཙམ་སྐྱེ་སྟེ། དྷཱུ་ཏཱིར་ཞུ་བའི་དགའ་བཞི་མཚན་ཉིད་ཚང་བ་འདྲེན་ནུས་པས་སོ། །འོན་ཀྱང་སྣང་གསུམ་དངོས་འཆར་བ་ལ་རྡོར་བཟླས་གཏུམ་མོ་ཐིག་ལེ་བུམ་ཅན་སོགས་སྙིང་གར་གནད་དུ་བསྣུན་པ་ཞིག་དགོས་ཏེ། དེར་རླུང་དང་ཐིག་ལེ་ཐིམ་པ་ལས་འཆར་རྒྱུ་ཡིན་པས་སོ། །འོན་ཀྱང་སེམས་དམིགས་ཀྱི་སྣང་བ་གསུམ་ནི་སྙིང་གའི་དྷཱུ་ཏཱིའི་རྩ་མདུད་མ་གྲོལ་བར་དུ་བསྐྱེད་མི་ཐུབ་པས་དེ་གྲོལ་ཟིན་པའི་རྫོགས་རིམ་རྣམས་བསྒོམས་པའི་ཡེ་ཤེས་སེམས་གསུམ་ནི་སེམས་དམིགས་ཀྱི་སྣང་གསུམ་མོ། །འདི་ཁོ་ནས་སེམས་དབེན་མཐར་ཕྱིན་པར་ནུས་སམ་མི་ནུས་སྙམ་ན། མི་ནུས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་དག་མཉམ་པར་སྦྱོར་
བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཞེས་དང༌། སྔགས་དང་ཕྱག་རྒྱས་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཞེས་ཕྱིའི་ཕྱག་རྒྱ་ལ་ལྟོས་ཏེ། རང་བཞིན་ཐམས་ཅད་ཐིམ་པ་གསལ་བར་མཚོན་པ་དང༌། སྣང་གསུམ་རྫོགས་པར་འཆར་བ་དང༌། དགའ་བཞི་རྫོགས་པར་འཆར་བ་ནི་ཕྱག་རྒྱའི་རྗེས་སུ་འགྲོ་ལྡོག་ཅན་ནོ། །སངས་རྒྱས་མཉམ་སྦྱོར་ལས་ཀྱང༌། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་དེར་གྲུབ་པའོ། །ཞེས་རིམ་ལྔ་དང་ཞལ་ལུང་སོགས་ལས་ཀྱང་དེ་དང་མཐུན་པར་གསུངས་པའི་དགོངས་པ་ནི། ངོ་བོ་ཉིད་ནི་འཇིག་རྟེན་ཆོས་ཉིད་ཀྱིས་གྲུབ་པ་རྣམ་རྟོག་བསྡུད་པ་དང་རླུང་སེམས་འགག་པར་བྱེད་པའི་མཐུ་ཡོད་པ་དེ་སྒོམ་སྟོབས་དང་རྣལ་འབྱོར་དུ་འབྲེལ་བས་ཤིན་ཏུ་མྱུར་བར་ཆེས་གསལ་བར་མཚོན་པའོ། །འདིར་ཡང་ཕྱག་རྒྱ་དང་མཉམ་པར་སྦྱར་བས་བྱང་ཆུབ་ཀྱི་སེམས་རྩ་བདུན་ཁྲི་ཉིས་སྟོང་ནས་ཞུ་བ་སྙིང་གར་འདུས་པ་ལས་སྣང་གསུམ་གྱི་དགའ་བཞི་སྐྱེ་སྟེ། དབབ་ལྡོག་གི་དགའ་བཞི་དང་ངོ་བོ་ནི་མི་གཅིག་ལ་དགོས་པ་ནི་འདྲའོ། །འདི་ནི་སྙིང་གའི་རྩ་མདུད་མ་
གྲོལ་བར་དུ་མི་འབྱུང་ལ་དབབ་ལྡོག་གི་དགའ་བཞི་ནི་སྔ་མོ་ནས་འབྱུང་ཞིང༌། སྙིང་ག་སོགས་རྩ་མདུད་གྲོལ་ཕྱིར་དབབ་ལྡོག་གི་ཞོར་ལས་འདི་འབྱུང་བ་དང༌། འདི་ལ་གཙོ་བོ་འབད་པས་ཀྱང༌། དབབ་ལྡོག་ཚང་བའང་ནུས་ཤིང་རླུང་སེམས་ཀྱི་སྐུ་འགྲུབ་པ་སྣང་གསུམ་ལ་རག་ལས་པ་དང༌། རགས་པ་གནས་འགྱུར་བ་དབབ་ལྡོག་ལ་རག་ལས་པའང་ཤེས་པར་བྱའོ། །འདི་འདྲེན་བྱེད་དུ་ཕྱིའི་སྲོག་རྩོལ་ལས་ཀྱི་ཕྱག་རྒྱ་དགོས་པའི་དབང་ལས་ཡེ་མི་རྙེད་པ་ཙམ་དུ་བྱུང་ན་ཡང༌། རིམ་ལྔ་ལས། གལ་ཏེ་ཆུ་སྐྱེས་རྡོ་རྗེར་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང༌། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་པའི་ཚིག་རྐང་དང་པོ་གཉིས་ལ། གལ་ཏེ་ཀུན་རྫོབ་ཆུ་སྐྱེས་ལ། །རྡོ་རྗེ་སྦྱོར་བ་མེད་གྱུར་ན། །ཞེས་བསྒྱུར་ན་གོ་བདེ་སྟེ། ཆུ་སྐྱེས་རྡོ་རྗེ་དོན་ཇི་སྙེད་ལ་འཇུག་ཀྱང༌། ཀུན་རྫོབ་རྡོ་རྗེ་པདྨ་ནི་གསང་གནས་ཁོ་ན་ལ་བརྗོད་དེ། མཉམ་པར་སྦྱོར་བས་ལན་ཅིག་མཚོན་དགོས་ཞེས་བཤད་དོ། །དེས་ན། གསང་བ་གྲུབ་པ་ལས། དང་པོའི་ལས་ཅན་སེམས་ཅན་ལ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་སྟོན་པ། །གཞན་གྱིས་མཚོན་པས་མི་མཐོང་སྟེ། །ཞེས་གསུངས་སོ། །གཞན་ཡང་སྣང་བ་གསུམ་བསྐྱེད་པ་ལ།
འབར་འཛག་གི་ཁྱད་པར་ལ་བརྟེན་ནས་དཀར་ལམ་སོགས་གསུམ་འཆར་བ་ལ་ངོ་སྤྲོད་པའི་གདམས་ངག་རྣམས་ལ། དེ་འདྲེས་སྣང་གསུམ་གྱི་གོ་མི་ཆོད་ཅེས་ནན་གྱིས་འགོག་པ་ནི། མན་ངག་མི་ཤེས་པས་ཐབས་ལ་མི་མཁས་པ་སྟེ། དངོས་མ་ཡིན་ཀྱང་རྗེས་མཐུན་པ་བསྒྲུབས་པས་དེ་དག་འདྲེན་པ་ཤིན་ཏུ་མང་བས་སོ། །དེས་ན་ཉམས་རྟོགས་ཁྱད་པར་ཅན་འཕྲལ་འཕྲལ་འབྱུང་བའི་མན་ངག་རྣམས་བོར་ཏེ། ལོ་ཟླར་འབད་ཀྱང་འབྲས་བུ་མི་འབྱུང་བ་ལ་བསྔགས་པས་ཅི་ཞིག་བྱ། གཉིས་པ་ནི། སྣང་བ་གསུམ་མམ། དགའ་བཞི་ཐམས་ཅད་ལ་བདེ་སྟོང་སྦྱོར་བ་ནི་ཡོད་ཅིང༌། ཁ་ཅིག་ཐོབ་པ་དོན་མེད་ཀྱི་སྐབས་བདེ་སྟོང་སྦྱོར་བ་མེད་ཀྱང་དྲན་པ་དང་བཅས་པའི་སྐབས་ན་ཡོད་ཅེས་དང༌། བདེ་བ་ལ་སེམས་ཟིན་པ་ཙམ་དང༌། བདེ་བ་ལ་སེམས་གཏད་པས་རང་ཡལ་དུ་སོང་བ་འདྲ་བས་བདེ་སྟོང་སྦྱོར་བའི་གོ་མི་ཆོད་སྟོང་པ་དང་སྦྱོར་མི་ཤེས་པའི་བདེ་བ་ཉེས་དམིགས་ཆེ་བ་དང༌། བདེ་སྟོང་ནི་བདེ་བ་དང་སྟོང་ཉིད་ཀྱི་ལྟ་བ་བསྲེ་དགོས། ཡིད་ཤེས་བདེ་བར་ཤར་ན་སྟོང་ཉིད་དྲན་པས་ཆོགགཞན་བདེ་སྟོང་སྦྱོར་མི་དགོས་སྐད་དུ་འཆད་པར་སྣང་ངོ༌། །ཉེར་ཐོབ་དྲན་མེད་ནི་སྤྲོས་པ་གང་གི་ཡང་ངོ་བོར་མ་སྐྱེས་པའི་སེམས་ཏེ། སྤྲོས་པ་མེད་ཙམ་དེ་ཀ་སྟོང་ཉིད་ཡིན་པས་བདེ་སྟོང་མ་ཚང་བ་ག་ལ་ཡིན། སྟོང་པ་རྣམ་རྟོག་གིས་མ་དྲན་པས་མེད་པར་འགྲོ་ན་བདེ་བ་ཡང་མེད་པར་འགྱུར། སྐད་ཅིག་
བཞི་པ་དང་མི་འདྲ་བར། འདིར་གསལ་ཆ་ཆུང་བ་དང་རྟོག་པ་མངོན་འགྱུར་འགགས་པས། རྟོག་པའི་ཡུལ་མི་དྲན་པས་དྲན་མེད་ཅེས་བྱ་ཡི། རང་ངོ་མི་ཤེས་པ་ཡང་ག་ལ་ཡིན། ཁྱེད་ཅག་ལ་མི་རྟོག་པ་མ་ཡིན་པའི་དཔྱད་སྒོམ་གྱི་དྲན་ལུགས་དགོས་ན་རྣམ་རྟོག་ཐམས་ཅད་ནུབ་པ་དང་གཉིས་སྣང་རགས་པ་མངོན་འགྱུར་འགགས་པར་ཁྱེད་ཉིད་ཀྱང་འདོད་པས་སོ་སོར་རྟོག་པའི་དཔྱད་པ་ཅི་ལྟར་གཏོང༌། བདེན་པའི་གཅིག་དང་དུ་མ་གང་དུའང་མི་འདུག་པས་བདེན་པར་མེད་སོགས་སེམས་དགོས་ན། སོ་སྐྱེའི་དུས་སུ་མི་རྟོག་པས་གཉིས་སྣང་མངོན་འགྱུར་འགགས་ན་གཅིག་དང་དུ་མ་ཙམ་ངེས་པའང་མི་འཇུག་ན། དེ་རྒྱུ་མཚན་དུ་བྱས་པའི་ངེས་ཤེས་ག་ལ་དྲན། བདེ་བ་ལ་སེམས་ཟིན་པ་ཙམ་གྱིས་བདེ་སྟོང་སྦྱོར་བའི་གོ་ཆོད་ཀྱང་ཉེས་དམིགས་བསྐྱེད་པའི་རྒྱུ་མཚན་མེད་དེ། དེ་ལ་དེ་བསྐྱེད་ན། ལྟ་བས་མ་ཟིན་པའི་ཡུལ་འདོད་ཡོན་ཐམས་ཅད་འཆིང་བའི་རྒྱུར་བཤད་པས། ཁྱེད་དག་ལྟ་བ་དང་མི་སྦྱོར་བའི་ཟས་གོས་ཟ་གྱོན་བྱེད་པ་དང༌། གཟུགས་ལྟ་བ་སོགས་ཀྱང་སྐྱོན་ཆེ་བས་གཟུགས་མེད་ཁམས་སུ་སྐྱེ་བའི་ཐབས་ཁོ་ན་གྱིས་ཤིག །བདེ་བ་ལ་སེམས་ཟིན་པས་བདེ་སྟོང་སྦྱོར་བའི་གོ་མི་ཆོད་ལ། སེམས་ཀྱང་མ་ཟིན་ཞིང༌། བདེ་བ་ཡང་མེད་པས་བདེ་སྟོང་སྦྱོར་བའི་གོ་ཆོད་པ་འདི་ཉིད་ཀྱེ་མ་ཁྱེད་ནི་རྣལ་དཔྱོད་ཀྱིས་མཁས་ཁྱད་ཐོན་པ་
ཞིག་གོ །ཞེས་བཞད་གད་ཀྱང་བྱའོ། །ཞེན་པ་མེད་པས་ཉེས་པ་ནི་མི་སྐྱེད་དེ། ཡུལ་ལ་མ་ཞེན་པས་ཆོག་གི་ཡུལ་སྤོང་བ་ནི་དཀའ་ཞིང་མི་དགོས་སོ། ཁོ་བོ་ཅག་ནི་སེམས་ཟིན་ཙམ་ལ་བདེ་སྟོང་སྦྱོར་ཐུབ་པའི་ངེས་པ་ནི་མེད་མོད། སྤྲོས་པ་མེད་པ་བརྗོད་བྲལ་གྱི་རྣམ་པར་སེམས་ཟིན་ན་དེ་ཉིད་ལྟ་བའི་མཆོག་སྟེ། ཡུལ་སྤྲོས་བྲལ་དང་ཤིན་ཏུ་མཐུན་པར་འཇུག་པས་སོ། །དཔྱད་པས་སྒོམ་པ་ནི་དེ་ལྟར་མ་ཡིན་ཏེ། ཡུལ་སྤྲོས་པ་ཅི་ཡང་མ་ཡིན་ལ། ཡུལ་ཅན་དེ་ནི་ཡོད་པ་དང་མེད་པ་སོགས་ཇི་སྙེད་ལ་དམིགས་པ་སྐད་ཅིག་རེ་རེ་ལ་ཡང་ལན་བརྒྱ་ཕྲག་འོང་བས་ཡུལ་སྤྲོས་པ་ཅི་ཡང་མ་ཡིན་པ་ལ། ཡུལ་ཅན་སྤྲོས་པ་ཅི་ཡང་འཛིན་པའི་ཕྱིར་རོ། །དཔྱད་པའི་ལྟ་བ་ནི་མ་གོམས་ན་དྲན་ཀྱང་ཞེན་པ་མི་འགགས་པའང་ཡོད་དེ། ཟས་སྟོང་པའི་ངོ་བོར་མོས་པ་ཡོད་ཀྱང་དེའི་རང་དུས་སུ་གཏོང་མི་བྲོ་བ་ཡོད་པ་བཞིན་ནོ། །གཉིས་པ་སྣང་ཕྱོགས་བཤད་པ་ལ། སྣང་ཕྱོགས་ཀྱི་ངོ་བོ། དབྱེ་བ་སྒྱུ་ལུས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྫོགས་རིམ་པའི་ལྷ་སྐུ་རྗེས་མཐུན་པ་དང་བཅས་པའོ། །གཉིས་པ་ལ་རྫོགས་རིམ་པའི་རྣལ་འབྱོར་ནི། སེམས་ཞུ་བདེ་ཕལ་པས་བྱིན་གྱིས་བརླབས་པའི་རྐྱེན་དང་ལྷ་བསྒོམས་པའི་མཐུས། རྣམ་རྟོག་མེད་བཞིན་གསལ་སྣང་ཤར་བའི་ལྷ་སྐུའོ། །སྒྱུ་ལུས་བདག་བྱིན་རླབས་ནི་རླུང་སེམས་
ཙམ་ལས་དངོས་སུ་གྲུབ་པའི་སྐུའོ། །མཚན་མའི་རྣལ་འབྱོར་ནི་དུ་བ་ལ་སོགས་པའི་རྟགས་སྣང་དབྱེ་བ་གསུམ་མོ། །གསུམ་པ་ལ་འཁོར་བའི་གནས་ཚུལ། སྒྱུ་ལུས་ཀྱི་བསྒྲུབ་གཞི། ཐོབ་བྱེད་ཀྱི་རྐྱེན། སྒྱུ་ལུས་ཀྱི་ངོ་བོ་དཔེ་དང་བཅས་པའོ། །དང་པོ་ནི། འདིར་ནི་གང་ཡང་སྐྱེ་བ་མེད། །འཇིག་པ་ཉིད་ནི་ཡོད་མིན་ཏེ། །སེམས་ཀྱི་རང་བཞིན་རྣམ་གནས་པ། །འཁོར་བ་ཉིད་ནི་ཤེས་པར་བྱ། །སྐྱེ་འཆི་སོགས་སྲིད་པ་ལུགས་འབྱུང་ལུགས་ཟློག་ཐམས་ཅད་སེམས་ལས་བྱུང་ཞེས་གསུངས་པ་དང༌། ས་ལ་སོགས་པ་བཞི་པོ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེད་དང་འཇིག་པའི་རྒྱུ་ཉིད་དུ། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་ཐབས་ནི་ཡང་དག་འབྱུང༌། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་འབྱུང༌། །མེ་ལས་ཆུ་ནི་ཀུན་ཏུ་འབྱུང༌། །ཆུ་ལས་ས་ནི་སྐྱེ་བར་འགྱུར། །སེམས་ཅན་སྐྱེ་བ་འདི་ལྟ་བུ། །ཞེས་དང༌། ས་ནི་ཆུ་ཡི་ཁམས་ལ་ཐིམ། །ཞེས་སོགས་གསུངས་ཏེ། སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་སེམས་སྣང་བ་བཞི་དང༌། ལུས་འབྱུང་བ་བཞི་སྟེ་བརྒྱད་པོ་འཁོར་བའི་འཇུག་ལྡོག་ཅན་ཏེ། ཁམས་རགས་པའི་ལུས་ཅན་འཆི་བ་ན་འབྱུང་བ་རྣམས་ཕྲ་རགས་
ཀྱི་རིམ་པས་ཐིམ་པས་སྣང་བ་གསུམ་ཡང་རིམ་ཅན་དུ་ཐིམ་ནས་འོད་གསལ་དུ་འཇུག །ལངས་པ་ན་ཡང༌། ཐོབ་པ། མཆེད་པ། སྣང་བ། རླུང་སོགས་འབྱུང་བཞིར་ལངས་ནས་སྣང་བ་རགས་པ་འདི་འབྱུང་བར་བཤད་པ་ལྟར་ཡིན་པ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་ཡིན་ནོ། །སྐབས་འདིར་ཁམས་ཕྲ་རགས་ཀྱི་རང་བཞིན་བཤད་ན། ལུས་དང༌། སེམས་དང༌། གཉིས་ཀའི་དབང་དུ་བྱས་པའོ། །དང་པོ་ནི། ཤ་རུས་ཁྲག་སོགས་ལུས་རགས་པ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་སེམས་ཕྲ་བ། རླུང་འོད་ཟེར་ལྔ་པ་ནི་ཤིན་ཏུ་ཕྲ་བའོ། །གཉིས་པ་ནི་དབང་ཤེས་ལྔ་རགས་པ། ཡིད་རྟོག་དང་རང་བཞིན་བརྒྱད་ཅུ་སོགས་ཕྲ་བ། སྣང་བཞི་ཤིན་ཏུ་ཕྲ་བའོ། །གསུམ་པ་ལ་རང་བཞིན་ཉེར་ལྔ་ནི་གཟུགས་སོགས་ཕུང་པོ་ལྔ། ས་སོགས་ཁམས་ལྔ། མིག་སོགས་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ། མེ་ལོང་ལྟ་བུ་སོགས་གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་ཉེར་ལྔ་རགས་པ། རང་བཞིན་བཞོན་པ་རླུང་དང་བཅས་པ་ཕྲ་བ། སྣང་བ་བཞི་བཞོན་པར་གྱུར་པ་རླུང་དང་བཅས་པ་ཤིན་ཏུ་ཕྲ་བའོ། །དེའི་ནང་གི་མེ་ལོང་ལྟ་བུའི་ཡེ་ཤེས་སེམས་གསལ་དྭངས་དང༌། མཉམ་ཉིད་ཡེ་ཤེས་ཚོར་བ་ཤེས་པ་དང༌། སོར་རྟོག་ཡེ་ཤེས་མིང་དོན་ཤེས་པའི་ངོ་ཤེས་དང༌། བྱ་སྒྲུབ་ཡེ་ཤེས་བྱ་བ་བྱེད་འདོད་དང༌། ཆོས་དབྱིངས་ཡེ་ཤེས་ཡུལ་
གསལ་བར་མི་སྣང་བའོ། །རྣམ་ཤེས་ཀྱང་སྒོ་ལྔའི་རྣམ་ཤེས་ལ་ངོས་འཛིན་ནོ། །གཉིས་པ་རགས་པའི་ལུས་འདི་ཡང་ཡང་འདོར་བས་གཉུག་མའི་ལུས་མ་ཡིན། རྒྱུན་མི་འཆད་པ་གཉུག་མའི་ལུས་ནི་རླུང་སེམས་ཏེ། སེམས་ཀྱི་གསལ་ཆ་མ་འགགས་པའི་རྟེན་ནམ་བཞོན་པ་རླུང་དང་བཅས་པའོ། །ཕྲ་བའི་ལུས་འདི་ཡོད་པས་ལུས་རགས་པ་རྣམས་ལེན། ཡང་རགས་པ་དོར་ནས་ཕྲ་བ་ལུས། ཡང་རགས་པ་ལེན་པ་སོགས་འཁོར་ལོ་ལྟར་བསྐོར་བ་ཡིན་ཏེ། གོང་དུ་བཤད་པའི་ཕྲ་རགས་ཀུན་ཀྱང་དེ་བཞིན་བྱེད་དོ། །དེ་ན་གཉུག་མའི་ལུས་ནི་འདིའི་བསྒྲུབ་གཞིའོ། །གསུམ་པ་ནི། རིམ་ལྔ་ལས། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཞེས་སྤྱིར་བདེ་སྟོང་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་བསྒོམ་པས་འགྲུབ་པར་གསུངས་ཏེ། འདིར་དངོས་སུ་ཐོབ་བྱེད་དཔེའི་འོད་གསལ་མཐར་ཐུག་སེམས་དབེན་མཐར་ཐུག་གི་འོད་གསལ་ཞེས་བྱ་བ་དེ་ཡིན་ནོ། །དེ་བྱུང་ན་སྐད་ཅིག་གཉིས་པར་རླུང་སེམས་ཀྱི་སྐུ་འགྲུབ་སྟེ་དཔེའི་འོད་གསལ་མཐར་ཐུག་ནི་འཆི་བའི་དུས་ཀྱི་ཐིམ་རིམ་ཇི་མ་ཇི་བཞིན་དུ་འཆར་བ་ཡིན་ཏེ། འཆི་བ་འོད་གསལ་དེ་རྣམ་སྨིན་ཀྱི་ལུས་དང་རླུང་སེམས་འབྱེད་བྱེད་དུ་འགྲོ་བ་ལྟར་འདིས་ཀྱང་དེ་གཉིས་ལོགས་སུ་བྱཻ་བ་ཞེས་ཐ་སྙད་མཛད། ངོ་བོ་རང་གི་སྲོག་གི་རླུང་དང་སེམས་མི་ཕྱེད་པ་དེ་ལྷ་སྐུ་དངོས་སུ་གྱུར་པ་ཡིན་ནོ། །
སེམས་ཅན་ཞིག་ཡིན་ཞེ་ན། སྣང་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཀུན་གཞི་ཡིད་དང་བཅས་པའོ། །བཞི་པ་ནི། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཆེས་རིམ་ལྔར་གསུངས་ཏེ། རྣམ་ཤེས་གསུམ་གྱི་བདེ་བས་འགྱུར་བ་བརྟེན་པའི་སེམས་ཀྱི་ཁྱད་པར་ལྷའི་སྣང་བར་ཤར་བས། རྟེན་རླུང་ཡང་ལྷའི་གཟུགས་སུ་གྲུབ་པ་སྟེ། དེ་གཉིས་ཚོགས་པའོ། །འདི་ནི་ད་ལྟར་ཉོན་སྒྲིབ་མ་སྤངས་པས་མ་དག་པའི་སྒྱུ་ལུས་ཞེས་བྱའོ། །འདིའི་དཔེ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང༌། འཕགས་པ་ལྷའི་བདག་བྱིན་བརླབས་པ་རྣམས་ལས་ཅུང་ཟད་འདྲ་མིན་དུ་འབྱུང་མོད། ཡེ་ཤེས་རྡོ་རྗེ་ཀུན་ནས་བཏུས་ཀྱི་ལུགས་ལྟར་ན། ངོ་བོས་མ་གྲུབ་ཀྱང་རྒྱུ་རྐྱེན་ཚོགས་པ་ཙམ་ལས་སྣང་བས་སྒྱུ་མ་ལྟ་བུ་དང༌། གང་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ་དང༌། ཤ་རུས་སོགས་བྲལ་ཡང་ལུས་སུ་སྣང་བའི་གཟུགས་བརྙན་གྲིབ་མ་ལྟ་བུ་དང༌། སྤྲུལ་པ་སྤྲོ་བསྡུ་མང་པོ་བྱེད་པ་སྨིག་སྒྱུ་ལྟ་བུ་དང༌། རླུང་སེམས་ཙམ་ལས་གྲུབ་པ་རྨི་ལམ་ལྟ་བུ་དང༌། རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཀྱང་ཐ་དད་ལྟར་སྣང་བ་བྲག་ཆ་ལྟ་བུ་དང༌། རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། གཅིག་ཡིན་ཀྱང་དུ་མ་སྟོན་པ་མིག་འཕྲུལ་ལྟ་བུ་དང༌། ཁ་དོག་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ་དང༌། རགས་པའི་
ལུས་སྤྲིན་དང་འདྲ་བའི་གསེབ་ན་ཞིང་ཁམས་སྣང་བར་བྱེད་པའི་གློག་འགྱུར་བ་དང་འདྲ་བ་གློག་ལྟ་བུ་དང༌། སྟོང་པའི་ངང་ལས་རྣམ་རྟོག་མེད་བཞིན་ཐོལ་གྱིས་རང་ཤར་དུ་བསྐྱེད་པ་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ་དང༌། ཡན་ལག་དང་ཉིང་ལག་ཅིག་ཅར་རྫོགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ་བཅུ་གཉིས་སོ། །དཔེར་རེ་རེས་མཚན་ཉིད་ཀྱི་ཟུར་རེ་རེ་བསྟན་ཏེ། མཚན་ཉིད་བཅུ་གཉིས་ཚང་བའོ། །དཔེའི་གཙོ་བོ་གསུམ་ནི། རིམ་ལྔ་ལས། མེ་ལོང་གི་ནི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་ཏེ། ཅིག་ཅར་ཡན་ལག་རྫོགས་ཤིང་སྣང་ལ་རང་བཞིན་མེད་པ་ནི་མེ་ལོང་གི་གཟུགས་བརྙན་དང༌། ཁ་དོག་སོ་སོར་མ་འདྲེས་པ་ནི་འཇའ་ཚོན་ལྟ་བུ་དང༌། ཟླ་བ་གཅིག་ཤར་ན་ཆུ་ཐམས་ཅད་ལ་གཟུགས་བརྙན་ཅིག་ཅར་སྣང་བ་ལྟར་སྒྱུ་ལུས་ངོ་བོ་ཐ་དད་མེད་ཀྱང༌། དཀྱིལ་འཁོར་སོགས་སྣང་བ་རབ་འབྱམས་ཕྱོགས་སུ་མ་ཆད་པར་སྣང་བས་ཆུ་ཟླ་ལྟ་བུའོ། །དུས་ཕྱིས་རྗེ་བཙུན་ལྷོ་བྲག་མར་པའི་རྗེས་འབྲང་དུ་རློམ་པ་ཁ་ཅིག་གྲོང་འཇུག་ཐུབ་པ་ཡང་སྒྱུ་ལུས་འདི་ལས་འབྱུང་བར་འདོད་པ་ནི། ལེགས་པར་མ་བསླབས་པའི་ཚོད་རྒྱག་བྱས་པ་སྟེ། འཕོ་བ་ནི་རླུང་གི་སྒོ་ཁེགས་པ་དང༌། སེམས་སྒོ་ནས་འཕོ་བའི་དམིགས་པ་བྱང་བ་ཙམ་དང༌། གྲོང་
འཇུག་ལ་དེའི་སྟེང་དུ་ཕྱི་སྣང་བའི་བདེན་ཞེན་མངོན་འགྱུར་བ་བཀག་ན་ཁེགས་པ་དང༌། ཕྱག་རྒྱའི་ལམ་གྱི་ཐིག་ལེ་འཕོ་འཇུག་ཅི་འདོད་དུ་ཐུབ་པའི་རྩལ་འབྱོངས་པ་དང༌། ཕྱིའི་ལྷ་དང་མཁའ་འགྲོ་མཉེས་པས་གྲོགས་ཁྱད་པར་ཅན་བྱེད་པ་རྣམས་ཚང་ན། རླུང་དབུ་མར་ཞུགས་གནས་ཐིམ་ཚུལ་ཁྱད་པར་ཅན་མ་གྲུབ་ཀྱང་དེ་འབྱོང་ལ།གྲུབ་ཀྱང་དེ་རྣམས་མ་ཚང་ན་མི་ཡོང་ངོ༌། །རླུང་སེམས་དང་རགས་ལུས་གཉིས་ཕྱེ་བར་མིང་འདོགས་པ་འདི། རླུང་སེམས་ཀྱི་ལུས་དེ་སངས་རྒྱས་ཀྱི་ཞིང་མང་པོར་འགྲོ་ནུས་པ་སོགས་ཀྱི་རྟགས་ཀྱིས་རགས་ལུས་དང་གོས་ཐ་དད་འདོད་པ་མི་རིགས་སོ། །འདིར་མཐའ་དཔྱོད་བྱེད་རྒྱུ་མང་དུ་ཡོད་མོད་རེ་ཞིག་དེ་ཙམ་མོ། །གསུམ་པ་ཟུང་འཇུག་བཤད་པ་ལ། རྒྱུ་མངོན་པར་བྱང་ཆུབ་པ། འབྲས་བུ་ཟུང་འཇུག་གི་རང་བཞིན། སྤང་གཉེན་དང་ས་མཚམས་ཅུང་ཟད་བཤད་པའོ། །དང་པོ་ལ་རྟེན་དང༌། ངོ་བོ་དང༌། འཇུག་ཚུལ་དང༌། དམིགས་བསལ་བཤད་པའོ། །དང་པོ་ནི་མ་དག་པའི་སྒྱུ་ལུས་དེ་ཉིད་དོ། །གཉིས་པ་ནི། རང་བཞིན་བརྒྱད་ཅུའི་ས་བོན་སྤོང་བའི་ཡེ་ཤེས་མཐོང་བའི་ལམ་གྱི་བདག་ཉིད་ཆོས་ཉིད་མ་མཐོང་བ་གསར་དུ་མཐོང་བ་གཉིས་སྣང་འགགས་པའི་ཡེ་ཤེས་སོ། །འདིའི་ཕྱོགས་མཐུན་ནི་དཔེའི་འོད་གསལ་གཉིས་སྣང་རགས་པ་ཅི་རིགས་ནུབ་པ་ཐམས་ཅད་དེ། འདི་ཙམ་མ་ཤར་བ་ལ་མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་སྤྲོད་བྱེད་པ་ལ། དེ་འདྲ་མངོན་
པར་བྱང་ཆུབ་པའི་རིམ་པ་མ་ཡིན་པའི་རྒྱུ་མཚན་མང་པོ་བཤད་ནས་དགག་པ་བྱེད་མོད་ཀྱི་ཕྱོགས་སྔ་མ་ལོངས་ཤིང༌། སྔ་མའི་རྗེས་འབྲང་འགའ་ཞིག་ཀྱང་བླ་མ་དམ་པའི་མན་ངག་མེད་པར། དེ་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་པའི་རྒྱུ་མཚན་ལྟར་སྣང་མང་པོ་འཆད་པར་བྱེད་དོ། །དེས་ཀྱང་སྔ་མའི་དགོངས་པ་མ་བསྐང་སྟེ། དཔེར་ན་སངས་རྒྱས་ཉིད་ཀྱི་སྐུ་མ་མཐོང་བ་ལ། བྲིས་སྐུ་ལ་སོགས་པ་བསྟན་ཏེ་སངས་རྒྱས་ཀྱི་སྐུའི་རྣམ་པ་མཐུན་པར་ངོ་སྤྲད་ནས། འདི་ལྟར་སྒོམས་ཤིག་ཅེས་ཟེར་བ་ལྟ་བུ་ཡིན་གྱི། ད་ཁྱོད་ཀྱིས་མཐོང་ལམ་ཐོབ་བོ་ཞེས་བརྫུན་གྱིས་བསླུ་བར་ནི་སྔོན་ནས་ད་ལྟའི་བར་དུ་ངོ་སྤྲོད་ཟབ་མོའི་གདམས་ངག་ཅན་རྣམས་མི་མཛད་དེ། དེས་ན་སེམས་ཆོས་ཀྱི་སྐུར་ངོ་སྤྲོད་པ་ཞེས་བྱ་བའི་བྱིན་རླབས་འཕོ་བའི་མན་ངག་ཟབ་མོ་ཀུན་ལ་བློར་མ་ཤོང་བ་མི་དགོས་སོ། །གསུམ་པ་ལ། མཚོན་བྱེད་ཀྱི་ཚུལ་དུ་རྣལ་འབྱོར་རྒྱུད་ཀྱི་མངོན་བྱང་ལྔའི་རྣམ་གཞག་ཀྱང་ལེགས་པར་ཤེས་པར་བྱའོ། །འདིར་ནི་གསང་བ་འདུས་པ་དང༌། རྡོ་རྗེ་གུར་གཉིས་ལས་དགོངས་པ་གཅིག་དང་དབྱངས་གཅིག་གིས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམས་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་གསུངས་པས། འདི་ལ་ནང་གི་མངོན་བྱང་དང༌། ཕྱིའི་མངོན་བྱང་གཉིས་ལས༌། ཕྱི་མ་ནི་
ནུབ་སྔ་མ་ཟླ་འོད་སྣང་བའི་ཚེ་སྣང་བའི་ཡེ་ཤེས་ཉིད་གཙོ་བོར་བསྒོམ། དེ་ནས་ཉིན་མོར་བབ་པ་ན་མཆེད་པ་ཉིད་བསྒོམ། ཉི་མ་ནུབ་པ་ན་ཐོབ་པ་བསྒོམ་པས་སྐྱ་རེངས་འཆར་བའི་དུས་སུ་དོན་གྱི་འོད་གསལ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་དེ། ནང་གི་ཏིང་ངེ་འཛིན་དང་རྣམ་པ་འདྲ་བའི་ཕྱིའི་དུས་ཀྱི་ཁྱད་པར་ཡིན་ཏེ། དེས་ན་ཕྱིའི་མངོན་བྱང་ཞེས་བྱ། ནང་གི་མངོན་བྱང་ནི་དུས་ཀྱི་ཁྱད་པར་སྔ་མ་དེ་ཉིད་ཀྱི་ཉི་མ་དམར་ཐག་ཆད་པ་ན་ཚོགས་ཀྱི་མཆོད་པ་སོགས་སྔོན་དུ་འགྲོ་བས་རིག་མ་དང་ལྷན་ཅིག་སློབ་དཔོན་ལ་གསོལ་བ་འདེབས་པར་གནས་པ་ལ། སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་ཏེ། དེའི་ཡེ་ཤེས་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ངོ་སྤྲོད་པའི་གདམས་ངག་སྟོན་པ་ནི་དབང་བཞི་པ་སྟེ། དེ་ཉིད་ཀྱི་རྒྱུན་གོམས་པས་ཐོ་རངས་ཀྱྀ་དུས་སུ་མངོན་པར་བྱང་ཆུབ་པ་མཐོང་ལམ་མངོན་དུ་བྱེད་དོ། །འདི་ནི་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ཆར་ལས་བཤད། མ་རྒྱུད་ལ་མཁས་པའི་གྲུབ་ཆེན་རྣམས་ཀྱིས་བཤད་པ་ནི། དབང་བསྐུར་བ་དེའི་ཚེ་ཤེས་རབ་མ་དང་སྦྱར་བས་དཀར་ཆ་ཞུ་བའི་བདེ་ཆེན་གྱི་སྟོང་ཉིད་གཟིགས་པ་མཐར་ཐུག་པ་ཟླ་བ་ལས་བྱང་ཆུབ་པ། ཤེས་རབ་མའི་དམར་ཆ་དང་ལྷན་ཅིག་དྲངས་པས་རྟེན་ཐིག་ལེ་ལྷག་པའི་ཁྱད་པར་གྱིས་བདེ་སྟོང་དབྱེར་མེད་མཐར་ཐུག་པ་ཉི་མ་ལས་བྱང་ཆུབ་པ། དེའི་སྤྱི་བོ་ནས་ཐིམ། སྐུ་ཐམས་ཅད་གང་བའི་བདེ་སྟོང་
གིས་དྲི་མ་གདོད་ནས་སྟོང་པར་མཁྱེན་པ་མཐར་ཐུག་པ་ཕྱག་མཚན་ལས་བྱང་ཆུབ་པ། དེ་ལས་ཆོས་ཐམས་ཅད་ཡུལ་ཡུལ་ཅན་དབྱེར་མེད་གཟིགས་པ་མཐར་ཐུག་པ་གཅིག་ཏུ་གྱུར་པ་ལས་བྱང་ཆུབ་པ། དེ་ཉིད་ལས་ཐུགས་ཆོས་སྐུ་དང་སྐུ་ལོངས་སྐུ་སོགས་སུ་གྱུར་པ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ། །མཐོང་ལམ་ཐོབ་པའི་སྐབས་དང་སྦྱོར་ན། གཟིགས་པ་མཐར་ཐུག་པ་ཡིན་མིན་གྱི་ཁྱད་པར་དང༌། སྐུ་གཉིས་ཐོབ་པའི་དོད་དུ་ཟུང་འཇུག་འགྲུབ་པའོ། །འཚང་རྒྱ་བའི་དུས་ཀྱི་བྱང་ཆུབ་ཀྱི་སེམས་དཀར་དམར་ནི་ཡེ་ཤེས་ཀྱི་རང་འོད་ཀྱི་ཐིག་ལེ་ཡིན་ལ། མཐོང་ལམ་གྱི་དེ་སྐབས་ཕལ་ཆེར་ཐིག་ལེ་འབྱུང་ཁམས་ཡིན་པ་ལས། དེའི་འགྲོ་འོང་གིས་འབྱུང་ལུས་ངེས་པར་གནས་འགྱུར་བ་ཡིན་ལ། རིམ་པ་འདི་འདུས་པ་ལས་གསལ་བར་མ་བཤད་མོད། རྒྱུད་ནི་རྒྱུ་གཞན་གྱིས་ཤེས་པའི་རིགས་པས་མ་རྒྱུད་ལུགས་ཀྱི་མངོན་བྱང་ཞིབ་མོ་འདི། དེར་ཡང་སྦྱར་ན་ལེགས་སོ། །དཔེའི་འོད་གསལ་མཐར་ཐུག་གི་སྐབས་སུ་ཡང་འདི་བཞིན་དུ་ངོ་སྤྲད་ན་ཤིན་ཏུ་བཟང་ལ། འོད་གསལ་གྱི་རྟོགས་པ་ཅི་རིགས་སྐྱེས་ནའང་ཕྱོགས་མཐུན་འོང་ངོ༌། །འཚང་རྒྱ་བའི་སྐབས་ཀྱི་ཉེ་རྒྱུ་སྤྱོད་པ་ལ་གནས་པའི་ཐ་མར་འདི་ལྟ་བུ་ལ་བརྟེན་ནས་འཚང་རྒྱ་བ་ཡིན་ནོ། །མིའི་རྟེན་ཅན་གྱི་བླ་མ་མི་བཞུགས་ཀྱང༌། མངོན་པར་བྱང་ཆུབ་པའི་སྐབས་འདིར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་མཛད་པས་ངེས་པར་དབང་ལ་ལྟོས་སོ། །
བཞི་པ་ནི། རྣལ་འབྱོར་རྒྱུད་ལས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ས་བཅུ་པ་སྐྱེ་བ་ཐ་མ་བ་ཚུན་ཆད་བགྲོད་ཀྱང༌། མཐར་སྔགས་ཀྱི་མངོན་བྱང་ལྔའི་ལམ་ལ་ངེས་པར་བལྟོས་དགོས་པར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་འདིར་ཡང་ཕལ་ཆེར་དེ་དང་མཚུངས་ཏེ། དགོངས་པ་བླ་ན་མེད་པའི་གཞུང་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནི་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་ངེ་འཛིན་ལ་བཞུགས། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་བསྐུལ་བ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའ་དབྱིངས་ལྟར་རྣམ་དག་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །དེ་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང༌། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །ཞེས་གསུངས་ཏེ། འདི་ལ་སྔགས་ལ་འཇུག་པའི་ཡ་མཐའ་ས་བཅུ་པ་ཐོབ་པའི་རྗེས་སུ་ཡིན་ལ། འོན་ཀྱང་རྒྱུན་མཐའི་ཡེ་ཤེས་ཁྱད་པར་ཅན་ནི། །སྔགས་ཀྱི་ལམ་ལ་མ་ཞུགས་པས་མི་
ཐོབ་སྟེ། །དེ་ཉིད་ངེས་པའི་ཕྱིར་འོ་ཀོལ་གྱི་སྟོན་པ་བཅོམ་ལྡན་འདས་ལ་རྣམ་གསལ་གྱི་དཔེར་སྦྱར་བ་ཡིན་ཏེ། སློབ་དཔོན་དེ་དག་ངེས་དོན་དུ། །བཅོམ་ལྡན་འདས་སྤྲུལ་པའི་སྐུ་མ་ཡིན་པར་དུས་དེའི་ཚེ་དེ་ལྟར་སངས་རྒྱས་པ་ཁོ་ནར་བཞེད་པ་ནི་མ་ཡིན་ནོ། །སྔགས་ལུགས་ཀྱི་དྲང་དོན་དུ་དེ་ལྟར་ཚུལ་བསྟན་པ་ཡིན་ནོ་ཞེས་པ་མི་འགལ་ཏེ། དེ་སྐད་དུ་ཡང་མི་གཡོ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། འཇིག་རྟེན་བྱ་བ་ངན་གཞིག་ཕྱིར། །ལྷ་མོ་སྒྱུ་འཕྲུལ་སྲས་མཁས་པས། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། ཁབ་རྣམས་མདོར་ནས་སླར་ཡང་ནི། །ནཻ་རཉྫ་ནའི་འགྲམ་གཤེགས་ཏེ། །བདུད་ལས་རྒྱལ་ནས་སངས་རྒྱས་སུ། །གྲུབ་སྟེ་སྟོན་པ་པོ་སྟོན་པ། །དམ་པའི་དོན་དུ་མིན་པ་ཉིད། །གང་ལས་ས་མཚོར་བཅས་པ་ཡི། །བདེ་ལྡན་གོང་དུ་སངས་རྒྱས་འགྲུབ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །གང་ལས་དམ་པའི་བདེ་བ་ཐོབ། །བདེ་བས་བྱང་ཆུབ་ཐོབ་འགྱུར་ཏེ། །ཞེས་ཁབ་ཏུ་སྤྱོད་པ་སྤྱད་པས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང༌། བློ་དམན་ཆགས་བྲལ་རྣམས་རྗེས་སུ་བཟུང་བའི་དོན་དུ། རབ་ཏུ་བྱུང་ནས་དཀའ་བ་སྤྱད་དེ་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ནོ། །ཞེས་འཚང་རྒྱ་བ་ལ་ངེས་པ་སྤྱོད་པ་སྤྱོད་དགོས་པའི་དཔེར་བསྟན་པ་དང་འདྲ་སྟེ། གཞན་དུ་རྒྱུད་དེ་ཉིད་ལས་ཀྱང་མངོན་པར་བྱང་ཆུབ་པའི་ཐོག་མ་མེད་པར་བསྟན་པ་ཡང་གསལ་ལོ། །ཀུན་རྫོབ་
ཏུ་དེ་ཙམ་ཁས་བླང་དུ་ཡང་རུང་བས། སྔགས་ལུགས་ལ་དྲང་དོན་དུ་སྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་གཞག་མི་འདྲ་བ་གཉིས་བྱུང་ངོ༌། །གཞན་ཡང་ཉེ་རྒྱུའི་དབང་འདི་ནི་སྤྱོད་པ་ཉིད་ཡིན་པས་སྤྱོད་པའི་དོད་ཙམ་ཡིན་གྱི་དེ་དངོས་མ་ཡིན་ནོ་སྙམ་དུ་མི་བསམ་མོ། །སྙིང་པོའི་བསྡུས་དོན་ནི། ས་བཅུ་མན་ཆད་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བགྲོད་པ་ལ། སངས་རྒྱས་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་དུ་དབང་ཐམས་ཅད་ཅིག་ཅར་སྐུར་ཏེ། བསྐྱེད་རིམ་ནས་སྒྱུ་ལུས་ཀྱི་བར་གྱི་རྟོགས་པ་ཅིག་ཅར་དུ་སྐྱེས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་འོད་གསལ་མངོན་དུ་བྱས་ནས་འོད་གསལ་དེ་ཉིད་ལ་མངོན་བྱང་དང་པོ་བཞིའི་རིམ་པ་ནི་རྒྱུན་མཐའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་འགྲུབ་པ་ནི་མངོན་བྱང་ལྔ་པ་སྟེ་སངས་རྒྱས་ཐོབ་པའོ། །སྒྱུ་ལུས་ཐོབ་པའི་འོག་མ་རྣམས་ཀྱི་རྟོགས་པ་ཅིག་ཅར་མངོན་དུ་འགྱུར་བའི་རྒྱུ་མཚན་ནི། རིམ་ལྔ་ལས། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་སེམས་དབེན་གྱི་བར་གྱི་རྟོགས་པའི་དོན་རྣམས་སྐྱེས་ཟིན་པས་སྒྱུ་ལུས་ནས་ཞུགས་པས་ཆོག་པ་ཡིན་པས། བསྐྱེད་རིམ་ནས་སེམས་དབེན་བར་གྱི་རྟོགས་པའི་ཁྱད་པར་ཐུན་མོང་མ་ཡིན་པ་ཅུང་ཟད་ཡོད་པ་རྣམས་སྒྱུ་ལུས་ཐོབ་པའི་ཚེ་ཞོར་ལ་ཐོབ་པ་ཡིན་ནོ། ཁ་ཅིག་མཚན་དཔེ་རྗེས་མཐུན་
པའི་སྐུ་ས་དང་པོ་ནས་ཀྱང་འཐོབ་པའི་རྒྱུན་ཡོད་པས་སྒྱུ་ལུས་ཀྱི་ཚབ་དེས་ཆོག་ལ། འོད་གསལ་གྱི་གདམས་ངག་མ་གཏོགས་མ་བཤད་པས། འདིར་འོད་གསལ་ནས་འཇུག་པ་ཡིན་ཏེ། དེ་ཡང་མདོ་ལུགས་ཀྱི་ལམ་དོར་ནས་ཞུགས་པ་ནི་མ་ཡིན་གྱི། དེ་ལ་སྔགས་ཀྱི་ལམ་བསྣན་པའོ་ཞེས་ཟེར་ལ། གཞན་ཁ་ཅིག་ནི། ས་བཅུ་པ་ལ་ལས་ཀྱི་ཕྱག་རྒྱའི་དབང་བསྐུར་བ་མི་འཐད་ཅེས་ཀྱང་ཟེར་རོ། །དེ་དག་ཡང་དག་པ་མ་ཡིན་ཏེ། འོད་གསལ་མ་གཏོགས་མ་བཤད་ཅེས་པ་གཞུང་གི་དངོས་བསྟན་ལ་བསམས་ན། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡང་མ་བཤད་པས་དབང་བསྐུར་དེ་ཡང་མི་དགོས་པར་འགྱུར་རོ། །གོང་དུ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་དབང་དེ་དགོས་པར་བཤད་པས་དེ་སྦྱོར་རོ་སྙམ་ན། དེ་ལ་ཐུན་མོང་གི་དབང་དགུ་ཡང་བསྐུར་དགོས་པར་འགྱུར་བ་ལ་ཁྱེད་དེ་ལྟར་མི་འདོད་དོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ་ཕྱག་ན་རྡོ་རྗེ་ལ་ཆུ་དབང་བསྐུར་བར་བཤད་པ་སོགས་ཇི་སྙེད་ཡོད་པས་དེ་དག་བསྐུར་བ་ག་ལ་འགལ། ཁོ་བོ་ཅག་ནི་དུས་དེར་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་རོ་ཞེས་འདོད་དོ། །མཚན་དཔེ་རྗེས་མཐུན་དེས་སྒྱུ་ལུས་ཀྱི་དོད་ཐུབ་ན། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱིས་ཀྱང་འོད་གསལ་གྱི་དོད་ཅིའི་ཕྱིར་མི་ཐུབ། སྟོང་པ་དེ་ལ་བདེ་ཆེན་མེད་པས་སོ་སྙམ་ན། སྐུ་དེ་ཡང་ཚོགས་ཅན་གྱི་ལྷའི་
རྣམ་པ་མ་ཡིན་པས་སོ། །དེས་ན་སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཅེས་དངོས་སུ་སྨོས་པས་སྟོང་པ་ཆེན་པོའམ་ཉེར་ཐོབ་ཀྱི་དོད་མདོ་ལུགས་ཀྱི་ལམ་གྱིས་ཐོབ་ཅིང༌། དེ་ལས་གོང་མ་ཅུང་ཟད་ཀྱང་མ་བཤད་པས། མཁས་པ་ཆེན་པོ་འགོས་ཁུག་པ་ལྷ་བཙས་ལ་སོགས་པའི་བཞེད་པ་ལྟར། སྒྱུ་ལུས་ནས་འཇུག་པ་འདི་ཁོ་ན་འཐད་དོ། །ཡང་དེ་ཡན་ཆད་ན་མདོ་ལུགས་ཀྱིས་བགྲོད་ཐུབ་པའི་ལམ་ཡོད་ན་ནི། སྔགས་ལ་འཇུག་པའི་ཡ་མཐའ་འདིར་བྱེད་པ་མི་འཐད་ལ། མེད་ན་ནི་མེད་པ་ལ་མི་འདོད་པར་ཉམས་སུ་ལེན་རྒྱུ་ཅི་ལྟར་འབྱུང༌། ཡང་ན་སྔར་འདས་ཟིན་པའི་ལམ་དེ་དག་སླར་ཡང་སྒོམ་པར་བྱེད་དམ་ཅི། ས་བཅུ་པ་ལ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་བ་ནི་ཤིན་ཏུ་འཐད་དེ། སྟོན་པ་ལ་དེ་ལྟར་དབང་བསྐུར་བའི་ལུང་ཡོད་པར་མ་ཟད། ཀྱཻ་རྡོ་རྗེ་ལས་ཀྱང༌། འབར་བའི་ཕྲེང་བ་འཁྲུག་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་རབ་སྦྱིན་ཕྱིར། །ཏིལ་མཆོག་མ་ནི་བཀུག་པ་ཉིད། ཅེས་རྡོ་རྗེ་སྙིང་པོ་ལ་ཐིག་ལེ་མཆོག་མ་ལས་ཀྱི་ཕྱག་རྒྱར་གཏད་ནས་དབང་བསྐུར་བར་གསུངས་པ་ཡིན་ནོ། །དིར་ས་བཅུ་པ་ལ་འདོད་ཡོན་དོན་གཉེར་ཡོད་མེད་དང༌། གཉིས་སྦྱོར་གྱི་བདེ་བ་དང༌། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཡོད་མེད་ལ་སོགས་པའི་དཔྱད་པ་མང་པོ་གཏོད་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ལ་མཐོ་མཚམས་པར་མི་བྱ་སྟེ་གཞན་དུ་རྒྱས་པར་
འཆད་དོ། །སྤྱིར་མངོན་པར་བྱང་ཆུབ་པའི་རིམ་པ་ནི། མཐོང་བའི་ལམ་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་དང་བཅས་པ་ཡིན་ཀྱང་འདི་ནི་དམིགས་བསལ་ཡིན་ནོ། །གསང་སྔགས་ཁོ་ནའི་ལམ་གྱིས་བགྲོད་པ་ལ་ཡང༌། ཉེ་རྒྱུའི་དབང་དེ་ནི་བསྐུར་མོད་ཀྱི། ཟུང་འཇུག་ཡིན་པའི་ཕྱིར། མངོན་པར་བྱང་ཆུབ་པའི་རིམ་པར་མི་བསྡུའོ། །གཞན་ཡང་བསམ་གཏན་གཉིས་ལས་རིལ་འཛིན་ནི་ཆབ་རོམ་གྱི་གོང་བུ་ཆུར་ཞུ་བ་ལྟར། ཕྱི་སྣང་བ་ཆེད་དུ་མ་བསྡུས་པར་རང་ལུས་འོད་གསལ་སྟོང་ཉིད་དུ་འཇུག་པ་སྟེ། རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །འདི་གང་ཟག་གི་བདག་མེད་དང་མཐུན་ཞིང་རྗེས་གཞིག་གི་སྔོན་ལ་སྣང་བ་ཐམས་ཅད་བསྡུས། དེ་ནས་རང་ཡང་འཇུག་པ་ཆོས་ཐམས་ཅད་མེ་ལོང་གི་དབུགས་ཡལ་བ་དང་མཚུངས་པ་སྟེ། རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོར་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །འདི་ཆོས་ཀྱི་བདག་མེད་དང་རྣམ་པ་མཐུན་གསུང༌། དེ་ལ་རིམ་པོ་ཕུང་པོ་ལྔ། དེ་འོད་གསལ་དུ་ཞུགས་པ་འཛིན་པ་སྟེ། ཉི་མ་གཟས་འཛིན་ཞེས་པ་ལྟ་བུ་དང༌། རྗེས་སུ་ནི་ཤིན་ཏུ་དོན་དེ་སྣང་བ་ཐམས་ཅད་སྟོང་པར་གཞིག་པས་ཤིན་ཏུ་གཞིག་པའམ་རྒྱ་ཆེར་གཞིག་པའོ། །འོད་
གསལ་མངོན་པར་བྱང་ཆུབ་པ་ལ་སྤྱོད་བསྡུས་སུ་མིང་གི་རྣམ་གྲངས་དགུ་བཅུ་གོ་དྲུག་ཙམ་བཤད་དེ། རེ་རེ་ལ་གོ་བ་རེ་ཤར་ན་ངེས་པ་མཆོག་སྟེར་བར་བྱེད་དོ། །མངོན་པར་བྱང་ཆུབ་པའི་རིམ་པ་འདི་སྟོང་ཕྱོགས་དངོས་ཡིན་ཀྱང་ཟུང་འཇུག་གི་དངོས་རྒྱུ་ཡིན་པས་འདི་སྨོས་སོ། །དེས་ན་བཤད་པས་གྲུབ་པའི་དོན་ནི། མ་དག་པའི་སྒྱུ་ལུས་གྲུབ་ནས། སྤྱོད་པ་གསུམ་གང་རུང་ལ་བརྟེན་ཏེ་རིལ་འཛིན་དང་རྗེས་གཞིག་སྟེ་བསམ་གཏན་གཉིས་ཀྱི་དབྱེ་བས་ཆོས་ཐམས་ཅད་སྟོང་པར་བཅུག་སྟེ་འོད་གསལ་ཡང་ཡང་བསྒོམས་པས་གོང་དུ་བཤད་པའི་མངོན་བྱང་གཉིས་ཚང་བར་བྱས་ཏེ་མཐོང་བའི་ལམ་རྒྱུད་ལ་སྐྱེས་པ་ན་དོན་གྱི་འོད་གསལ་ཐོབ་པ་ཞེས་བྱ་སྟེ། གཉིས་སྣང་ཅན་གྱི་སྐུ་དེ་སྟོང་པར་དངོས་སུ་དག་པར་འགྱུར་རོ། །དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་འགྲུབ་སྟེ། གཉིས་པ་ལ་ཟུང་འཇུག་འགྲུབ་ཚུལ་དང༌། ཟུང་འཇུག་གི་ངོ་བོ་ལ་དཔྱད་པ་དང༌། ཡན་ལག་རྣམས་ངོས་བཟུང་བའོ། །དང་པོ་ནི། འོད་གསལ་ལས་ལངས་མ་ཐག་ཏུ་སྣང་བ་ཐོབ་པ་དང༌། སྣང་བ་མཆེད་པ་དང༌། སྣང་བ་རྣམས་ལུགས་ཟློག་ཏུ་འབྱུང་སྟེ། དེའི་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ། སློབ་པའི་ཟུང་འཇུག་ཐོབ་པ་ཡིན་ལ། སླར་ཡང་སྤྱོད་པ་ལ་བརྟེན་ཏེ་ཐུགས་འོད་གསལ་དུ་འཇུག་ལྡང་ཡང་ཡང་བྱེད་པའི་མཉམ་རྗེས་ཐ་དད་ཙམ་ཡོད་མོད། རྣམ་པ་ཐམས་ཅད་དུ་ཐུགས་བདེ་སྟོང་གི་ཡེ་ཤེས་དང་མ་བྲལ་བ་དང༌། སྐུ་རྒྱུན་མི་འཆད་པར་
ཡོད་པས་སམ། ཡང་ན་ཟུང་འཇུག་གི་དོན་ནི་གཉིས་མེད་ཡིན་པས། གཟུང་འཛིན་གཉིས་སྣང་རགས་པའི་རྣམ་རྟོག་འགགས་པས་ཀྱང་ཟུང་འཇུག་ཅེས་བྱའོ། །རྒྱུ་མཐོང་ལམ་གྱི་དུས་སུ་ས་ཆུ་ལ་ཐིམ་པའི་རྟགས་སྨིག་རྒྱུ་ནས། ཐོབ་པ་འོད་གསལ་ལ་ཐིམ་པའི་རྟགས་ནམ་མཁའ་སྤྲིན་མེད་པ་ལ་སྐྱ་རེངས་ཤར་བ་དང་འདྲ་བར་གསལ་སྟོང་གཉིས་སུ་མེད་པའི་བར་དུ་ལུགས་འབྱུང་གི་རིམ་པས་འཆར་ལ། ལངས་པ་ན་ཡང་ལུགས་ཟློག་གི་རིམ་པས་འབར་སྣང་རྣམས་འབྱུང་སྟེ། ཟུང་འཇུག་ཐོབ་ནས་ཀྱང་འོད་གསལ་དུ་ལྡང་འཇུག་ལ་འདི་རྣམས་འབྱུང་ངོ༌། །དཔེའི་འོད་གསལ་ཉེར་ཐོབ་བཞི་པའི་སྐབས་སུ་ནམ་མཁའ་དྭངས་པ་ལྟ་བུའི་མཐོང་སྣང་ཡང་འབྱུང་མོད། དོན་གྱི་འོད་གསལ་ཐོབ་ཕན་ཆད་གསལ་འགྲིབ་དང་འཕོ་འགྱུར་མེད་པ་སྤྲཽས་བྲལ་གསལ་སྟོང་གི་དཔེར་སྦྱར་བ་མ་གཏོགས་ནམ་མཁའི་མཐོང་སྣང་རང་ལ་ཆེད་ཀྱི་མི་སྦྱོར་ཏེ། ཡེ་ཤེས་ཀྱི་སྣང་བ་འགགས་པ་མེད་པ་ནི་མཐའ་ཡས་པ་འབྱུང་བས་སོ། །ས་བདུན་པའི་ཐ་མར་འོད་གསལ་དུ་ཞུགས་ནས་བརྒྱད་པར་འགྱུར་ཏེ། དེ་ནས་འོད་གསལ་ལས་ལྡང་བ་མི་སྲིད་དོ། །གཉིས་པ་ནི། བླ་མ་ཕྱི་རབས་པ་རྣམས། རིམ་ལྔ་ལས། གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་རླབས་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་
ལན་འགའ་འབྱུང༌། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་པའི་དོན་དུ་བསམས་ནས། །འོད་གསལ་ནས་ལངས་པ་དང༌། སྣང་བ་ཐོབ་པ་འཆར་བའི་མགོ་དང༌། ཟུང་འཇུག་འགྲུབ་པ་གསུམ་དུས་མཉམ་དུ་མཛད་ཀྱང༌། ཆུ་ཀླུང་ནས་ཉ་ལྡང་བའི་དཔེ་ཙམ་གྱིས་དེར་མི་འགྲུབ་ཅིང༌། སེམས་ཅན་དོན་དུ་ལན་འགའ་འབྱུང༌། ཞེས་པས་ཐུགས་འོད་གསལ་ལས་སྡང་བ་ན་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་སྣང་བ་ལན་མང་དུ་འབྱུང་བར་གསལ་གྱི། ཁྱེད་ཀྱི་ལུགས་ལྟར་ན་ལན་ཅིག་འབྱུང་ཞེས་པ་དགོས་པ་ལས་དེ་མི་སྣང་ངོ༌། །ཀུན་རྫོབ་དང་ནི་དོན་དམ་གཉིས། །སོ་སོའི་ཆ་ནི་ཤེས་གྱུར་ན། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང༌། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་བརླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་བསྡུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་དེ་གཉིས་ཀས་སྐུ་དང་ཡེ་ཤེས་ཟུང་འཇུག་སྟོན་ཞེས་པ་དང༌། དེ་ནི་ཟུང་འཇུག་གི་སྐུ་འགྲུབ་པའི་རྗེས་སུ་སླར་འོད་གསལ་དུ་ཞུག་པ་ནས་འཇོག །ཟུང་འཇུག་གི་སྐུ་འགྲུབ་ཙམ་ནི་དེ་མ་ཡིན་ཏེ། ཐུགས་འོད་གསལ་ལས་ལངས་པའི་ཕྱིར་རོ། །དེ་ན་འདི་ནི་གང་ཟག་དང་ཆོས་ལ་བདེན་འཛིན་སྤངས་པས་ཟུང་འཇུག་ཙམ་པོ་ནི་ཡིན་ཏེ། གཉིས་མིན་གྱི་དོན་ཚང་བའི་ཕྱིར།
རིམ་ལྔ་ལས། གང་དུ་གང་ཟག་བདག་མེད་དང༌། །ཆོས་ལ་བདག་མེད་པ་དག་གི །རྟོག་པ་གཉིས་ལས་རྣལ་གྲོལ་བ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །ཞེས་གསུངས་པས་སོ། །ཞེས་པ་དང༌། འཆི་བ་ལས་ལངས་པ་དང་བར་དོ་གྲུབ་པ་དུས་མཉམ་ཡིན། དཔེའི་འོད་དང་སྒྱུ་ལུས་ཀྱང་དེ་དང་འདྲ། དག་པའི་སྒྱུ་ལུས་རགས་པའི་ལུས་ལ་འཇུག་པ་ཡོད་པས། ཟུང་འཇུག་ལ་ཡང་དེ་གཉིས་ཡོད་དགོས་ཤིང༌། ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་དེ་ཕལ་པས་མི་མཐོང་ཡང་རྟེན་ཤ་ཁྲག་གི་སྐུ་ནི་མཐོང་སྟེ་འཕགས་པ་ཀླུ་སྒྲུབ་བཞིན་གསུང་དེ། དེ་དག་ནི་མི་རིགས་ཏེ་ཚིགས་བཅད་གཉིས་ཀས་དོན་གཅིག་པུ་དེ་ལས་མི་སྟོན་ན་ཟློས་པར་སོང་ཞིང༌། བདག་མེད་གཉིས་རྟོགས་པ་ཙམ་ལ་ཟུང་འཇུག་གི་ཐ་སྙད་འཇུག་ན། ཐལ་འགྱུར་བའི་ལུགས་སུ་འདོད་སྣང་བ་ཉན་ཐོས་འཕགས་པ་ཡང་དེར་ཐལ་བ་དང༌། ལུང་དེ་ཡང་བདག་མེད་གཉིས་ཀྱི་འཛིན་པ་དང་བྲལ་བར་སྟོན་པ་ཙམ་མོ། །ཟུང་འཇུག་ཉེར་གསུམ་པོ་རྣམས་ཟུང་འཇུག་གཅིག་གི་མཚན་ཉིད་རྟོན་བྱེད་ཡིན་གྱི། འཇོག་མཚམས་མི་འདྲ་བ་རེ་རེ་ཡིན་ན། སོ་སོ་སྐྱེ་བོའི་ཟུང་འཇུག་ཀྱང་མང་དུ་འཆད་དགོས་པར་འགྱུར་བ་དང༌། དེ་ལྟ་ན་སློབ་དཔོན་ཀླུ་སྒྲུབ་གཞུང་རྩོམ་པ་ལ་མི་མཁས་པར་སོང་སྟེ། རིམ་པ་ལྔ་པ་གཏན་ལ་འབེབས་དགོས་རྒྱུའི་སྐབས་སུ་གཞན་རྣམས་ཆེ་ཐང་དུ་བཤད་པའི་ཕྱིར་རོ། །སྤྱིར་
བདེན་པ་གཉིས་སྒྱུ་ལུས་འོད་གསལ་གཉིས་ལ་འཇུག་པ་ནི་ཤིན་ཏུ་མང་མོད་ཀྱི། འདི་ནི་ཐུན་མོང་གི་བདེན་གཉིས་ཉིད་ཡིན་པར་ཤེས་པར་བྱའོ། །བར་དོ་དང་མ་མཐུན་པས་སྐྱོན་དུ་མི་འགྲོ་ཞིང་མ་དག་པའི་སྒྱུ་ལུས་ཀྱི་རིགས་འགྲེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་སྦྱར་བས་ཤིན་ཏུ་ནོངས་ཤིང༌། སྤྱོད་བསྡུས་ལས་ཀྱང༌། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བས་ཕུང་པོའི་ཁོག་པ་བརྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས། བཙུན་མོའི་མཆོག་རྣམས་དང་ལྷན་ཅིག་མི་སྣང་བར་གྱུར་ཏེ། ཡོན་ཏན་བརྒྱད་དང་ལྡན་པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཞེས་སྤྲོས་བཅས་ཀྱི་སྤྱོད་པས་ཟུང་འཇུག་གི་སྐུ་གྲུབ་སྟེ་ཐ་མལ་པའི་ལུས་གནས་གྱུར་ནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ལ་ཐིམ་པས། ཕུང་པོའི་ཁོག་པ་བརྗེས་པ་དང་མི་སྣང་བར་བཤད་པ་ཡིན་ལ། ཀླུ་སྒྲུབ་ཀྱི་དབུ་སྦྱིན་པར་བཏང་བ་སོགས་སྤྲུལ་པ་ཡིན་གྱི། ཟུང་འཇུག་གི་སྐུ་འགྲུབ་པ་ལ་ཤ་ཁྲག་གདོས་བཅས་ག་ལ་འོང༌། ཡང་འགྲོ་འོང་མེད་པའི་དོན། འོད་གསལ་ལྡང་འཇུག་མེད་པའི་དོན་ཡིན་པས་ཟུང་འཇུག་ལ་དེ་མེད་ཀྱང་ཟེར་ལ། ཟུང་འཇུག་འོད་གསལ་ལས་ལངས་པ་ཡིན་པར་བཤད་པ་འགལ་བར་མཐོང་ནས་ལངས་མ་ཐག་ཏུ་སྤྲོ་བསྡུ་བྱས་ནས། ཡང་ཞུགས་ཏེ་དེ་ནས་མི་ལྡང་ཞེས་སོགས་ཁུངས་མེད་སྣ་ཚོགས་བྱས། འགྲོ་འོང་མེད་པའི་རྒྱུ་མཚན་ལ་འགྲོ་འོང་གཉིས་ཆར་བཤད་པས་ལས་འཁྲུལ་པ་ཆེ་བ་ཅི།
ཁྱེད་ལྟར་ན་མཉམ་བཞག་དང་རྗེས་ཐོབ་སོ་སོར་ཡོད་པའི་ཕྱིར། ཟུང་འཇུག་གི་སྐུ་དེ་ནམ་ཡང་འགྲུབ་པ་མི་སྲིད་པའི་ཚད་ཙམ་དུ་འགྱུར་རོ། ཁོ་བོ་ཅག་ནི་ས་བརྒྱད་པ་ཐོབ་ཕན་ཆད་ཇི་ལྟ་བ་མཐོང་བའི་ཆ་ལ་མཉམ་བཞག་དང༌། ཇི་སྙེད་པ་མཐོང་བའི་ཆ་ལ་རྗེས་ཐོབ་ཏུ་འཇོག་གི མཉམ་རྗེས་སོ་སོ་བ་དངོས་གནས་སུ་ཡོད་པར་མི་འདོད་ལ། ཟུང་འཇུག་གི་གཙོ་བོ་ཡང་མཉམ་རྗེས་ཡོད་མེད་ཀྱི་ཆ་ལ་མི་འཇོགསྤྱིར་ཟུང་འཇུག་ལ་མཐོ་དམན་ས་རེ་རེ་ལ་རེ་རེ་ཡོད་མོད། སློབ་མི་སློབ་གཉིས་ལས་གཞན་ཟུང་འཇུག་གཙོ་ཕལ་གྱི་དབྱེ་བ་མི་བྱེད་དོ། །གསུམ་པ་སྤྱིར་ཟུང་འཇུག་གི་སྐུ་འདི། དབང་ཕྱུག་བརྒྱད། རོ་མྱང་བརྒྱད། ཡན་ལག་བདུན། ཡོན་ཏན་བརྒྱད་དེ། ཡན་ལག་སོ་གཅིག་དང་ལྡན་པ་སྟེ། དེ་དག་གོང་འོག་ཏུ་བཤད་ཅིང་འཆད་པས། འདིར་ཟུང་འཇུག་གི་སྐུ་དེ་ནི་ཟུང་འཇུག་ཉེར་གསུམ་ཚང་བའོ། །དེའི་ལུང་ཐམས་ཅད་བྲིས་ན་མང་བར་འགྱུར་བས་སྙིང་པོ་ནི། འཁོར་འདས་ལ་སྤང་བླང་མེད་པར་རྟོགས་པ་འཁོར་འདས་ཟུང་འཇུག་གོ །ཀུན་ནས་ཉོན་མོངས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ཀྱི་རང་བཞིན་བདེ་སྟོང་དུ་གཅིག་པར་ཤེས་པར་ཀུན་བྱང་ཟུང་འཇུག དངོས་པོ་དང་དངོས་མེད་དུ་འཛིན་པ་གཉིས་ཀ་མཉམ་བཞག་ཏུ་ཐིམ་ནས་རོ་གཅིག་ཏུ་བྱེད་པ་དངོས་པོ་དངོས་མེད་ཟུང་འཇུག གཟུང་འཛིན་གཉིས་
ཀ་སྟོང་པར་མཉམ་ཉིད་དུ་རྟོགས་པས་མཉམ་བཞག་ཏུ་གཉིས་སྣང་འགགས་པ་གཟུང་འཛིན་གཉིས་མེད་ཟུང་འཇུགརྟག་ཆད་ཀྱི་མཐའ་འཛིན་ལྷན་སྐྱེས་དང་ཀུན་བརྟགས་ཐམས་ཅད་སྤངས་པ་ནི་རྟག་ཆད་གཉིས་མེད་ཟུང་འཇུགསྙིང་རྗེ་ཐམས་ཅད་སྟོང་ཉིད་དང༌། སྟོང་ཉིད་ཐམས་ཅད་སྙིང་རྗེར་ངོ་བོ་གཅིག་ཏུ་འཆར་བ་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག །ཡབ་ཡུམ་སྙོམས་འཇུག་གི་བདེ་ཆེན་ལ་གནས་པ་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག །རྡོ་རྗེའི་སྐུ་འགྲུབ་པས་སྐྱེ་འཆི་ལས་གྲོལ་བས་ན། ལྷག་བཅས་ལྷག་མེད་གཉིས་མེད་པ་ནི་ལྷག་བཅས་ལྷག་མེད་ཟུང་འཇུག །ཆོས་ཐམས་ཅད་རང་བཞིན་སྣང་སྟོང་ཟུང་འཇུག་ཏུ་དབྱེ་བ་མེད་པར་གཟིགས་པས། ཆོས་དང་གང་ཟག་བདག་མེད་ཀྱི་དབྱེ་བ་སོ་སོར་ངོ་བོས་མ་གྲུབ་པར་མཁྱེན་ནས་དེར་འཛིན་མེད་པ་ནི་བདག་མེད་གཉིས་ཟུང་འཇུག དེ་ནས་གོང་དུ་བཤད་པ་ལྟར་བདག་བྱིན་རླབས་དང་འོད་གསལ་ཟུང་འཇུག དེ་ནས་རིལ་འཛིན་གྱི་ལྡང་འཇུག་གི་དབྱེ་བ་མེད་པ་རིལ་འཛིན་གྱི་ལྡང་འཇུག་དབྱེར་མེད་ཟུང་འཇུག་དང༌། རྗེས་གཞིག་གི་དེ་དེའི་ཟུང་འཇུག་སྟེ་དབྱེ་བ་མེད་པའི་དོན། སྔོན་དོན་གྱི་འོད་གསལ་མངོན་དུ་མ་བྱས་གོང་རིལ་གཞིག་གིས་སྣང་བ་བསྡུས་པའི་བདེ་སྟོང་ཙམ་དེ་ལས་ལངས་པའི་རྗེས་ཐོབ་ཏུ་མི་འབྱུང་བ་ལ། སྐུ་དང་བདེ་བ་རེས་འཇོག་མ་གཏོགས་སྒོམ་མི་ཐུབ་ཅིང༌། འདིར་ནི་སྟོང་ཉིད་བསྒོམས་ཀྱང་སྐུ་ཞོར་ལ་འབྱུང༌། སྐུ་བསྒོམ་
ནའང་བདེ་སྟོང་ཞོར་ལ་འབྱུང་བས་དེའི་ཟུང་འཇུག་གོ །འདི་གཉིས་གཅིག་ཏུ་བསྡོམས་ནས་ཟུང་འཇུག་གཉིས་བྱེད་པའང་རུང་ངོ༌། །བདེན་གཉིས་ངོ་བོ་མཉམ་ཉིད་དུ་གཟིགས་པ་བདེན་གཉིས་ཟུང་འཇུག །དེ་བཞིན་ཉིད་ལ་དམིགས་པ་དང༌། ཇི་སྙེད་པ་ལ་དམིགས་པ་གཉིས་ཆར་ལ། དེ་གཉིས་མཐོང་བའི་ཡེ་ཤེས་ཅིག་ཅར་འཇུག་པ་དམིགས་པ་ཟུང་འཇུགའོད་གསལ་གྱི་གཉིད་མ་གཏོགས་གཉིད་ཕལ་པ་གཏན་ནས་སྤངས་པས། གཉིད་ལོག་མ་ལོག་ལ་ཚོགས་གསོག་པ་དང༌། འགྲོ་དོན་དང་ཡེ་ཤེས་འཇུག་ཚུལ་གང་ལའང་ཁྱད་མེད་པ་ནི་གཉིད་སད་ཟུང་འཇུགམཉམ་པར་བཞག་མ་བཞག་ལ་ཡེ་ཤེས་ལ་སྤྱོད་ཡུལ་རྒྱ་ཆེ་ཆུང་མེད་པ་དང༌། བདེ་སྟོང་ལ་ཁྱད་མེད་པ་མཉམ་པར་བཞག་མ་བཞག་ཟུང་འཇུག དངོས་པོ་དང་དངོས་མེད་ཐམས་ཅད་རང་བཞིན་མེད་པར་གཟིགས་པ། དངོས་པོ་དང་དངོས་པོ་མེད་པ་དབྱེར་མེད་དུ་གཟིགས་པའི་ཟུང་འཇུག འདིས་རང་བཞིན་མེད་པར་གཟིགས་པ་སྟོན། གོང་གི་དངོས་པོ་དངོས་མེད་ཟུང་འཇུག་འཛིན་པ་སྤངས་པ་སྟོན་པས་མ་ཟློས་པའོ། །འདི་གཉིས་ཀྱང་བསྡོམས་ནས་ཟུང་འཇུག་ཉེར་གཅིག་མཛད་པའང་འབྱུང་ངོ༌། །དྲན་པ་དང་དྲན་མིན་རྗེས་ངས་ལས་གྲོལ་བས་རྩོལ་བ་དང་བཅས་མ་བཅས་ལ་ཡེ་ཤེས་ཀྱི་ཁྱད་པར་མེད་པ་ནི་དྲན་པ། དྲན་མིན་ཟུང་འཇུག ཞེན་པ་མེད་པས་འདོད་ཆགས་ལས་གྲོལ། བདེ་ཆེན་སྒྲུབ་པ་མི་འབྲལ་
བས་ཆགས་བྲལ་ལས་གྲོལ་བ་རྟག་ཏུ་ལྷན་སྐྱེས་བདེ་ཆེན་ལ་གནས་པ་ནི་ཆགས་དང་ཆགས་བྲལ་ཟུང་འཇུགབྱ་བྱེད་ལས་གསུམ་ལ་རྣམ་པར་མི་རྟོག་པ་བྱ་བ་ཟུང་འཇུག །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ནི་རྫོགས་པའི་རིམ་པ་སྟེ། །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པའོ། །ཞེས་བསྙེན་བསྒྲུབ་ཡན་ལག་བཞི་སོགས་གང་བསྒོམས་ཀྱང་བདེ་སྟོང་ལས་མ་གཡོས་ཤིང༌། མི་རྟོག་པ་འབའ་ཞིག་ལ་ལྷ་སྐུར་འཆར་བ་ནི། བསྐྱེད་རིམ་དང་མཐུན་པ་གང་བསྒོམས་ཀྱང༌། དེ་མི་འབྱུང་བར་རྫོགས་རིམ་ཁོ་ན་འབྱུང་བ་ནི་བསྐྱེད་རྫོགས་ཟུང་འཇུག སྒྲིབ་པ་ཐམས་ཅད་གཏན་ནས་ཟད་ཟད་པར་མཐོང་བས། མ་དག་པ་དང་དག་པའི་སྐུའི་དབྱེ་བ་མེད་པར་གཟིགས་པས། དག་མ་དག་ཟུང་འཇུག །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་སེམས་སུ་གཟིགས་ཤིང༌། དེ་ཡང་རང་བཞིན་མེད་པར་གཟིགས་པ། གཟུགས་ཅན་གཟུགས་མེད་ཟུང་འཇུག་སྟེ། དེ་གཉིས་ཀྱི་རྣམ་རྟོག་ཞི་ཚུལ་ནི་དེ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཟུང་འཇུག་གི་ཡེ་ཤེས་ལ་ཡོན་ཏན་ཟུང་འཇུག་ཉེར་གསུམ་དབྱེར་མེད་ཀྱི་ཚུལ་དུ་ཚང་ངོ༌། །འདིར་ཡུལ་སྟོང་ཉིད་མེད་དགག་དང༌། ཡེ་ཤེས་བདེ་ཆེན་ཆུ་ལ་ཆུ་བཞག་པ་ལྟར་དུ་ཐིམ་པ་གཅིག་དགོས་ཟེར་བ་ནི། ཡང་ན་ཡེ་ཤེས་དེ་ལོག་ཤེས་སུ་ཐལ་ཏེ་གཅིག་མ་ཡིན་པ་ལ་གཅིག་ཏུ་
མཐོང་བའི་ཕྱིར། ཡང་ན་ཤེས་པ་དང་དངོས་མེད་ཀྱི་གཞི་མཐུན་པ་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་ཁམས་ཕྲ་བ་ཞེས་སློབ་པའི་ཟུང་འཇུག་ལ་བཤད་པས། མི་སློབ་པའི་ཟུང་འཇུག་ཡང་སྲོག་གི་རླུང་ལས་གྲུབ་པར་ཁས་བླངས་ནས། དེ་དང་བདེ་ཆེན་ངོ་བོ་གཅིག་པ་ཡང་འདོད་པས་བདེ་ཆེན་བེམ་པོར་ཁས་ལེན་པ་དག་མཐོང་སྟེ། གནོད་བྱེད་གོ་བར་ཟད་དོ། །རང་ལུགས་ནི་ཁམས་ཕྲ་བ་རྣམ་པར་ཤེས་པའི་ཁམས་སོ། །གསུམ་པ་ལ། སྒྱུ་ལུས་མཚན་ཉིད་རྫོགས་པ་ཐོབ་སྟེ་བརྩོན་འགྲུས་བརྩམས་ནས་སྤྱོད་པ་བྱས་ན་མངོན་པར་བྱང་ཆུབ་པ་དོན་གྱི་འོད་གསལ་ཚེ་འདི་ལ་ཐོབ་ངེས་པས། དེ་ཐོབ་ན་ཟུང་འཇུག་གི་སྐུ་འགྲུབ་པས་སྤྲུལ་པ་སྟོན་པས་སེམས་ཅན་རྣམས་ཀྱིས་མཐོང་སྣང་ལ་ཚད་འཇོག་ཏུ་མི་རུང་གི དོན་དངོས་གནས་ལ་ཟུང་འཇུག་ཐོབ་ནས་འཆི་བ་འབྱུང་བ་མི་སྲིད་པས། ཡེ་ཤེས་ཀྱི་སྐུ་དེ་ལ་བརྟེན་ནས་ངེས་པར་འཚང་རྒྱ་སྟེ། གལ་ཏེ་སྒྱུ་ལུས་མཚན་ཉིད་རྫོགས་པ་གྲུབ་ཀྱང་སྤྱོད་པ་གསུམ་སྤྱད་རྒྱུ་མ་བྱུང་བ་ནི། འཆི་བ་འབྱུང་སྟེ་འོན་ཀྱང་འཆི་བ་དེ་འོད་གསལ་དོན་དམ་པ་དང་བར་དོ་འབྱུང་བའི་དོད་དུ་ཟུང་འཇུག་གི་སྐུ་འགྲུབ་པས། བར་སྲིད་རང་གི་རྟེན་ལ་མ་བརྟེན་ཀྱང་བར་དོར་སངས་རྒྱས་ཐོབ་པའི་ཐ་སྙད་འཇོག་གོ །འདི་ལ་དཔེའི་འོད་གསལ་མཐར་ཐུག་ཐོབ་པ་ལ་བདེན་པ་མཐོང་བའི་ཐ་སྙད་སྤྱོད་བསྡུས་སུ་འབྱུང་སྟེ། བདེན་པ་མཐོང་ཡང་
ལས་མཐའ་ལ་ཆགས་པ་སོགས་གསུངས་སོ། །དེས་ན་སྒྱུ་ལུས་ཐོབ་ཀྱང་དོན་གྱི་འོད་གསལ་མ་ཐོབ་ན་ཕྱིར་ལྡོག་སྟེ། ཡང་སྲིད་འབྱུང་བ་རྒྱུ་མཚན་དུ་འགོད་པར་མཛད་པ་ཡང༌། ཁ་ཅིག་རྟག་པ་མཐའ་གཟུང་དུ་འདོད་དེ་འཆི་བ་འབྱུང་བ་དང༌། བར་དོ་དང་འདྲ་བ་གཅིག་བར་དོའི་དོན་དུ་བྱུང་བ་ཡང་སྲིད་དང་འདྲ་བར་འདུག་པས་དེའི་ཐ་སྙད་མཛད་པའོ། །ཞེས་གོང་མ་དང་གསུང་ལ་རང་ལུགས་འཆད་པར་འགྱུར་རོ། །དོན་གྱི་འོད་གསལ་ཐོབ་ན་དེའི་འཆི་བ་སོགས་མི་འབྱུང་བས། འོད་གསལ་གྱི་རིམ་པ་ལ་ཕྱིར་མི་ལྡོག་པའི་སའམ་ལམ་ཞེས་གྲགས། འདིར་རང་བཞིན་བརྒྱད་ཅུའི་ས་བོན་སྤངས་པ། དེ་རྣམས་ཀྱི་རང་བཞིན་བདེ་བ་དང་གསལ་བ་གང་ཡིན་པ་དེ་ནི་རེ་ཞིག་ལམ་དུ་དགོས་པས་མི་སྤོང་ལ། བདེ་བ་དང་གསལ་བ་དེ་རྣམས་སྣང་བ་གསུམ་དུ་འདུས་པའི་དབང་དུ་བྱས་ཤིང༌། ནམ་མངོན་པར་སངས་རྒྱས་པ་ན་དེ་དག་ཟློག་སྟེ། བདེ་བ་དོན་དམ་གྱི་ངོ་བོ་ལ་དབྱེ་བ་མེད་ཅིང༌། འཁྲུལ་པའི་ཆ་རྣམས་ལོག་པས་སོ་སོ་བ་དེ་དག་གི་བརྡ་ཆད་སྦྱར་དུ་མི་རུང་བའི་ཕྱིར་རོ། །བདེ་བ་འཁྲུལ་པའི་ཆ་ནི་འགྱུར་བཅས་ཀྱི་ཆའོ། །ཉན་ཐོས་རྣམས་བདེན་པ་མངོན་སུམ་དུ་མཐོང་ཡང་ལས་ཉོན་གྱིས་སྐྱེ་འཆི་འབྱུང་བ་ཡོད་ལ། ཐེག་ཆེན་ལ་དེ་མི་འབྱུང༌། ཐེག་ཆེན་མདོ་ལས་བདེན་པ་མཐོང་བ་ལ་བསྐལ་པ་གྲངས་མེད་སོགས་འགོར་བ་ནི། ཉན་ཐོས་བཞིན་དུ་ཆོས་ཉིད་མཐོང་བ་ཙམ་ཅིག་བྱེད་ན་འཕྲལ་དུ་འགྲུབ་
མོད། གཞན་དོན་ལ་གཙོ་བོར་དམིགས་པས་བདེན་པ་མཐོང་བའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་ཞིག་སྐད་ཅིག་རེ་རེར་ཐོབ་ནུས་པ་དགོས་པར་ཤེས་ནས་ཚོགས་གཉིས་ཆར་རྒྱ་ཆེན་པོ་གསོག་པ་ལ་རིང་དུ་ཐོགས་པ་སྟེ། བདེན་པ་མཐོང་ཚུལ་རང་ལའང་ཁྱད་པར་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་བཞིན་ནོ། །དེར་དེ་ཙམ་ཐོགས་པ་འདིར་ཡུད་ཙམ་གྱིས་འགྲུབ་པ་ནི་ཐབས་ལ་མཁས་པའི་ཁྱད་པར་རོ། །རིམ་ལྔ་ལས། ཟུང་འཇུག་རིམ་པ་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུངས་པས་སྒོམ་ལམ་ས་བཅུ་སློབ་པའི་ཟུང་འཇུག་ཏུ་འཇོག་པ་མི་འཐད་དོ་སྙམ་ན། དེ་ནི་བསྒོམ་བྱ་མི་མཐུན་པའམ་རིམ་པ་གཞན་ལ་མི་སློབ་ཅེས་པ་ཡིན་ཏེ། སླར་ཟུང་འཇུག་ཉིད་སྤྱོད་པ་དང་བསྲེ་ཞིང་སློབ་སྟེ། དེ་ཉིད་ལས། ཟུང་འཇུག་རིམ་པ་ལ་གནས་པ། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་བསྒོམས་གྱུར་པས། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་སོ། །དེས་ན་དཔེའི་འོད་གསལ་མཐར་ཐུག་ཐོབ་ནས་བདེན་པ་མཐོང་བ་ངེས་པར་བར་དོ་ཚུན་ལ་འདའ་བ་ཡིན། དོན་གྱི་འོད་གསལ་ཐོབ་ནས་བདེན་པ་མངོན་སུམ་དུ་མཐོང་བ་སྟེ། ཚེ་འདི་ལ་འདའ་ངེས་པ་ཡིན། བསྐྱེད་རིམ་ཤིན་ཏུ་མཐར་ཕྱིན་པ་ནས་སྣང་བྱེད་ཀྱི་རྟོགས་པ་ཙམ་སྐྱེས་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཟེར། སྐྱེ་བ་རྟིང་མ་ལ་ངེས་པར་འཚང་རྒྱའོ། །མིའི་རྟེན་ལ་འགྲུབ་པ་སོགས་
སངས་རྒྱས་ནས་ཀྱང་ཤ་ཁྲག་གི་ལུས་ཡོད་པར་ཁས་ལེན་པ་དང་འདོད་གཟུགས་ཀྱི་རྟེན་ཅན་སྤྱི་ལ་ཁུ་ཁྲག་ལུས་ལ་མེད་ཀྱང་བྱང་སེམས་སྐྱེ་བ་ཐ་མལ་པ་དེའི་ལུས་ལ་ཡོད་དགོས་པ་སོགས་མུ་ཅོར་གྱི་རང་བཞིན་ལ་བརྒལ་བརྟག་རྣམས་རེ་ཞིག་བཞག་གོ །སྤྱོད་བསྡུས་ལས་ཟུང་འཇུག་གི་མཚན་བདུན་ཅུ་ལྷག་ཅིག་གསུངས་ཏེ། ཟུང་འཇུག་ཉེར་གསུམ་དང་འདྲ་བར་དེ་ལ་ཡོད་པའི་ཆོས་རྣམས་སོ། །དེར་སློབ་དཔོན་ཀམྤ་ལས་མཛད་པའི། ནང་གིས་ཁྱབ་པའི་ལུང་དྲངས་པ། །སྒྲའི་རང་བཞིན་སྦོམ་པོར་བཤད། །དེ་བཞིན་སེམས་དཔའི་རང་བཞིན་ཕྲ། །སེམས་དང་བྲལ་བ་གང་ཡིན་པ། །རྣལ་འབྱོར་པ་ཡི་མཆོག་གི་གནས། །ཞེས་གསུངས་པ་དེ་དཔལ་མཆོག་དང་པོར་དུག་གསུམ་དག་པ་བྱང་ཆུབ་སེམས་དཔའི་གནས་སུ་གསུངས་པ་ཡང་འདིར་དྲངས་པས་འདི་བཤད་པར་བྱ་སྟེ། སྟོང་གཉིས་སྒོམ་པ་ལ་ཤིན་ཏུ་གནད་ཆེ་བས་སོ། །ཉོན་མོངས་པ་སོགས་རྣམ་རྟོག་ཐམས་ཅད་གདོད་མ་ནས་རང་གི་ངོ་བོར་མ་སྐྱེས་པའི་སྐྱེ་མེད་ཀྱི་དག་པ་ནི། བྱང་ཆུབ་འབྱུང་བའི་གཞི་ཡིན་པར་དཔལ་མཆོག་གི་ལུང་དོན་དང༌། དེ་ལ་འཇུག་ཚུལ་སྒྲའི་རང་བཞིན་ཏེ། སྒྲ་རྟོག་ཐོས་བསམ་དང་འབྲེལ་བའི་རྣལ་འབྱོར་ཏེ་སྒོམ་པ་གང་ཡིན་པ་དེ་ནི་ཆོས་ཉིད་མོས་པར་བྱེད་པ་ཙམ་མ་གཏོགས། ཡུལ་ཤིན་ཏུ་ཕྲ་མོ་དེ་རྟོགས་མི་ནུས་པས་དེ་ནི་སྦོམ་པོ་ཡིན་ལ། སྒོམ་བྱུང་འབའ་ཞིག་ལས་བྱུང་བ་ཡིན་ཡང་ཇི་སྲིད་དུ་སེམས་
དཔའི་རྩོལ་བ་དང་བཅས་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གནས་ཚུལ་ཕྱོགས་མཐུན་ཙམ་ལས་ཇི་བཞིན་རྟོགས་པར་མི་ནུས་པས་ཅུང་ཟད་ཕྲ་བ་ཞེས་བྱ། རྩོལ་བྲལ་གཉུག་མའི་ཚུལ་དུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་བྱེད་ཡིན་པས་ཤིན་ཏུ་ཕྲ་བའམ་མཆོག་གི་གནས་སམ་རྣམ་འབྱོར་ཏེ། ཀམྤ་ལའི་ལུང་གི་དགོངས་དོན་ནོ། །དེ་ལྟར་ན་དབུ་མར་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ནི་སྟོང་ཕྱོགས་དང་དེས་བྱིན་གྱིས་བརླབས་པའི་ལྷ་སྐུའི་སྣང་བ་ནི། སྣང་ཕྱོགས་ཀྱི་རྫོགས་རིམ་དང༌། དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་ནི་ཟུང་འཇུག་དང༌། སྣང་ཕྱོགས་ལ་ཡིད་ངོར་ཤར་ཙམ་དང༌། རླུང་སེམས་ལས་གྲུབ་པ་དང༌། ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་གསུམ་དང༌། སྟོང་ཕྱོགས་ལམ་དུས་ཀྱི་སྐབས་སུ། ལས་དང་པོ་པའི་སྣང་གསུམ་དང༌། སེམས་དབེན་དང༌། འོད་གསལ་གསུམ་མོ་ཞེས་པ་འདི་གྲུབ་བོ། །འདི་རྣམས་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་དོན་ལ་ཤིན་ཏུ་གལ་ཆེ་ཞིང༌། ཁྱད་པར་འདུས་པའི་རྒྱུད་དོན་ནམ་མཁའ་དང་མཉམ་པའི་དོན་གྱི་གཙོ་བོ་ཡང་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་ཡིན་ཞིང༌། ཕྱོགས་འདི་ནའང་འདི་དག་དང་འབྲེལ་བའི་མན་ངག་རྣམས་ལ་ཕན་ཐོགས་ཆེ་བར་སྣང་བས་ཤིན་ཏུ་མང་པོའི་དོན་ཡང་ཉུང་ངུར་རྣམ་པར་གསལ་བའི་ཚིག་གིས་བརྗོད་ཟིན་ཏོ། །འདིར་སྨྲས་པ།
ཟབ་ཅིང་རྒྱ་ཆེའི་ཚུལ་ལ་གང་གི་བློ། །འོད་སྟོང་བདག་པོས་འཛིན་མའི་ཁྱོན་སྣང་བཞིན། །བསྐལ་པར་མེ་ཁྱེར་བློ་ལྡན་བྱེ་བས་ཀྱང༌། །གསལ་མ་ནུས་གང་ཅིག་ཅར་འདི་གསལ་བྱས། །༈ གཉིས་པ་གྲུབ་ཆེན་སོ་སོའི་མན་ངག་ཞིབ་མོར་བཤད་པ་ལ། རྒྱུད་འདི་ཉིད་ཀྱི་ཕྱོགས་ལ་བརྟེན་པ་རྒྱ་བོད་ཀྱི་སྐྱེས་བུ་དམ་པའི་ཞལ་ལུང་རྫོགས་རིམ་གྱི་མན་ངག་ཟད་པ་མེད་པར་ཡོད་པའི་ཕྱིར། ཐམས་ཅད་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་འཁོར་ལོ་སྡོམ་པའི་ལམ་གྱི་སྲོལ་འབྱེད་ཆེན་པོ་འགྲན་ཟླ་མེད་པ། ལཱུ་དྲིལ་ནག་གསུམ་གྱི་བཞེད་སྲོལ་རྫོགས་རིམ་རྣམས་ཀྱི་རྣམ་གཞག་ཤེས་ན། བདེ་མཆོག་གི་རྫོགས་རིམ་གཞན་རྣམས་ཀྱི་རྣམ་གཞག་ཞོར་ལ་ཤེས་པར་འགྱུར་བས། དེ་རྣམས་བརྗོད་པ་ལ། ནག་པོ་སྤྱོད་པའི་གཞུང་ནས་འབྱུང་བའི་ལུགས་དང༌། ལཱུ་ཡི་པའི་གཞུང་ལས་འབྱུང་བའི་ལུགས་དང༌། དྲིལ་བུ་པའི་གཞུང་ལས་འབྱུང་བའི་ལུགས་ཏེ་གསུམ་མོ། །དང་པོ་ལ་གང་ལ་གནད་དུ་བསྣུན་པའི་གཞི་དང༌། སྤྱོད་པ་ལ་སོགས་པ་ཐུན་མོང་གི་ཡན་ལག་རྣམས་ཀྱང་སྐབས་འདིར་བཤད་པ་སྟེ། གང་ལ་གནད་དུ་བསྣུན་པ་གཞིའི་རྣམ་གཞག་དང༌། ཇི་ལྟར་གནད་དུ་བསྣུན་པ་ལམ་གྱི་རྣམ་གཞག་གོ །དང་པོ་ལ་རང་བཞིན་གཏན་ལ་དབབ་པ་བདེན་པ་གཉིས་བཤད་པས་སེམས་ལ་གནད་དུ་བསྣུན་ཚུལ་ཤེས་པ་དང༌། རྣམ་འགྱུར་གཏན་ལ་དབབ་པ་རྩ་རླུང་ཐིག་ལེའི་
རྣམ་གཞག་རྒྱས་པར་བཤད་པས་ལུས་ལ་གནད་དུ་བསྣུན་ཚུལ་ཤེས་པ་དང༌། ལུས་སེམས་གཉིས་ཀའི་ཐུན་མོང་གི་རྣམ་གཞག་བཤད་པས་གཞི་འབྲས་ཀྱི་འབྲེལ་བ་ཤེས་པའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏན་ལ་དབབ་པ་བྱ་བ་ཡིན་པས། འདིར་མདོར་བསྡུས་ཙམ་ལས་མི་བརྗོད་དོ། །དེ་ལ་ངོ་བོ། དབྱེ་བ། ཁྱད་པར། རང་བཞིན་བརྗོད་བྲལ་དུ་བསྟན་པ། འཁོར་འདས་ཀྱི་རང་བཞིན་བཤད་པ་ལྔ་ལས། དང་པོ་ནི། སྤྱིར། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་གནས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་སངས་རྒྱས་ཀྱིས་ཆོས་བསྟན་པ་ཐམས་ཅད་བདེན་གཉིས་སྟོན་པར་འདུས་ཤིང༌། དེའི་ངོས་འཛིན་ཡང་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་ཤེས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་ལྟར་དོན་དམ་སྟོང་ཉིད་སྟོན་པ་ངེས་དོན་དང༌། ཀུན་རྫོབ་སྣང་བ་སྟོན་པ་དྲང་དོན་དུ་གསུངས་པའི་བརྗོད་བྱའི་དོན་ཏེ། ཆོས་ཐསམ་ཅད་རང་བཞིན་གྱི་གདོད་མ་ནས་མ་གྲུབ་པ་འཕགས་པའི་ཡེ་ཤེས་མ་འཁྲུལ་པའི་གཟིགས་ཡུལ་ནི་དོན་དམ་པ་དང༌། དངོས་པོ་རྣམས་ཇི་ལྟར་སྣང་བ་ཙམ་ཐ་སྙད་འཁྲུལ་ངོར་གྲུབ་པ་ཙམ་ཀུན་རྫོབ་བདེན་པ་སྟེ། ཇི་སྐད་དུ་
ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་གཞན་ནི་ཅིག་ཤོས་སོ། །གཉིས་པ་ལ། ཀུན་རྫོབ་ཀྱི་དབྱེ་བ་དང༌། དོན་དམ་གྱི་དབྱེ་བའོ། །དང་པོ་ནི། སློབ་དཔོན་ཡེ་ཤེས་སྙིང་པོས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གྲུབ་མཐའ་ངན་པས་བཏགས་པའི་ཡུལ་དང༌། དབང་པོ་དྲུག་སྐྱོན་ཅན་དུ་གནས་པ་འཁྲུལ་གཞི་རྟེན་ལ་ཡོད་པས་འཁྲུལ་པར་སྣང་བ་ཟླ་བ་གཉིས་སྣང་ལྟ་བུ་དང༌། རྨི་ལམ་དང་ཡུལ་ལ་འཁྲུལ་གཞི་ཡོད་པ་འགལ་མེའི་འཁོར་ལོ་ལྟ་བུ་དང༌། གནས་ལ་འཁྲུལ་གཞི་ཡོད་པ་གྲུར་ཞུགས་པ་ཆུ་འགྲམ་རྒྱུག་པར་སྣང་བ་ལ་སོགས་པ་འཕྲལ་གྱི་འཁྲུལ་རྒྱུས་བསྐྱེད་པའི་འཁྲུལ་པ་རྣམས་ནི་ལོག་པའི་ཀུན་རྫོབ། སྤྱིར་འཁྲུལ་རྒྱུས་བསྐྱེད་པའི་སྣང་བ་ནི། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དེ། མ་རིག་པའི་འཁྲུལ་རྒྱུ་ཅན་ཡིན་པའི་ཕྱིར་རོ། །འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་ཅིང༌། འཇིག་རྟེན་འཁྲུལ་ངོར་དོན་བྱེད་ནུས་པ་རྣམས་ནི་ཡང་དག་ཀུན་རྫོབ་བོ། །སློབ་དཔོན་ཟླ་བ་གྲགས་པས། དབུ་མ་འཇུག་པར་ནི། རེས་འགའ་ཀུན་རྫོབ་གྱི་དབྱེ་བ་འདི་གཉིས་འགོག་པ་ལྟར་མཛད་པར་ཡང་གྲགས་མོད། ཀུན་རྫོབ་ལ་ཤིན་ཏུ་དཔྱད་པའི་དབང་དུ་བྱས་ཀྱི་ཐམས་ཅད་དུ་དེ་ལ་དགྲ་ལྟར་གཟིགས་པ་ནི་མ་ཡིན་ནོ། །ཐེག་པ་འདིར་ཡང་སེམས་ཅན་གྱི་བློ་དང་འཚམ་པ་ལུགས་གཉིས་པོ་ཅི་རིགས་པ་ཁས་བླང་དུ་རུང་གི །མཐའ་
གཅིག་ཏུ་ཕྱོགས་ཞེན་མི་དགོས་སོ། །གཉིས་པ་ལ། དོན་དམ་ཉིད་ཀྱི་ངོ་བོ་ནི་དངོས་པོའི་གནས་ཚུལ་ཡིན་པས་དབྱེ་བ་མེད་མོད་ཀྱི། རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ན། ཡུལ་ཉི་ཚེའི་སྟེང་དུ་ངེས་པའི་དབང་དུ་བྱས་ནས། བདག་མེད་གཉིས་དང་སྟོང་ཉིད་བཅོ་བརྒྱད་ལ་སོགས་པ་བཤད་པ་ཡིན་ཞིང༌། འདིར་གང་ཟག་དཀྲི་བའི་དབང་དུ་བྱས་ནས། གནས་སྐབས་པའི་དོན་དམ་ནི། རྡོ་རྗེ་གུར་ལས། ཐོག་མ་མེད་པའི་སྲིད་རྒྱུན་ནས། །ཕྱིའི་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་དང༌། གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །ཐམས་ཅད་སེམས་འདིའི་དངོས་པོ་ལས། །ཐུབ་པས་གཞན་དུ་མ་གསུངས་སོ། །ཞེས་སྣང་བ་ཐམས་ཅད་ཕྱི་དོན་དུ་གྲུབ་པ་མེད་ཅིང་སེམས་ཀྱི་རང་བཞིན་ཡིན་པ་དང༌། གཟུང་བ་མེད་པའི་རྒྱུ་མཚན་གྱིས་འཛིན་པ་ཡང་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་བདེན་པར་མེད་དེ་ལྷས་བྱིན་ལ་བུ་མེད་ན། དེ་མཐོང་བའི་ཤེས་པ་ཡང་མེད་པར་གྲུབ་པ་བཞིན། འོན་ཀྱང་སེམས་ཀྱི་རང་བཞིན་བདེ་སྟོང་ཙམ་ནི་ཡོད་དེ། རྡོ་རྗེ་གུར་ལས། ཆོས་རྣམས་ཐམས་ཅད་སྟོང་པ་ལ། །ཡང་དག་དངོས་གྲུབ་རབ་གནས་གང༌། །ཆུ་ཤིང་སྙིང་པོ་མེད་པ་ལ། །སྙིང་པོ་འབྲས་བུ་རོ་ལྡན་བཞིན། །དེ་བཞིན་སྙིང་པོ་མེད་ལུས་ལ། །
བདེ་བའི་འབྲས་བུ་དངོས་གྲུབ་གནས། །ནམ་མཁའ་འབྱུང་བ་ཐམས་ཅད་དང༌། །ཆོས་རྣམས་ཀུན་གྱི་གཞིར་གྱུར་བཞིན། །མཁའ་བཞིན་དག་པའི་སེམས་ཉིད་ཀྱང༌། །བདེ་མཆོག་དག་པའི་སེམས་ཉིད་དེ། །ཞེས་ཆུ་ཤིང་སྙིང་པོ་མེད་པ་ལ། འབྲས་བུ་ཉིད་སྙིང་པོ་ཡིན་པའི་དཔེས། ཕུང་པོ་ལྔ་ངོ་བོས་མེད་ཀྱང་རང་བཞིན་བདེ་བ་ཆེན་པོ་ངོ་བོས་ཡོད་པར་གསུངས་པས་སོ། །རེ་ཞིག་གནས་སྐབས་པའི་ངེས་དོན་འདི་ཙམ་ཁས་ལེན་པ་ནི། གསང་སྔགས་ཀྱི་ལུགས་ལ་ཤིན་ཏུ་གལ་ཆེ་སྟེ། སེམས་ཉིད་བདེ་བ་ཆེན་པོ་དང་བེམ་པོ་གཉིས་དོད་མཉམ་དུ་གཏོང་བའི་གསང་སྔགས་པ་རྣམས་ནི། དོན་སྨྲ་བ་རྗེན་པ་སྟེ། དོན་གྱི་གཙོ་བོ་ཁུངས་མེད་དུ་བཏང༌། འགངས་ཆུང་བ་ཆད་མཐའ་འགོག་པ་ཙམ་ལ་འགངས་ཆེ་ཆེ་མོར་བྱེད་པར་སྣང་ངོ༌། །དོན་དམ་སྟོང་པ་ཉིད་མཐར་ཐུག་པའི་སྐབས་ནི། གསང་བ་འདུས་པ་ལས། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པའི་དེ་ཉིད་ལས། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །ཞེས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་ཤེས་ན། འཁྲུལ་པ་འཇོམས་པ་ལ་རྡོ་རྗེ་དང་མཚུངས་ཞེས་པའི་དོན་དང༌། གསོལ་པ། སེམས་གང་ན་གནས། བཀའ་སྩལ་པ་ནམ་མཁའ་ལ་གནས་སོ། །གསོལ་པ། ནམ་མཁའ་གང་ལ་གནས། བཀའ་སྩལ་པ། གང་ལ་ཡང་མི་གནས་སོ། །ཞེས་ཆོས་ཐམས་ཅད་སེམས་ལས་བྱུང་བ་དང༌། སེམས་སྟོང་པའི་
རང་བཞིན་དང༌། སྟོང་པ་ནི་གང་ལ་ཡང་མི་གནས་པ་བརྗོད་བྲལ་ཡིན་པར་གསུངས་ཏེ། བདེན་པར་མེད་སྙམ་པའི་ཚིག་སྤྱི་ཡིད་ལ་ཝལ་ལེ་བའི་དྲན་པའི་ཡུལ་དེ་ནི་ངེས་དོན་སྟོང་ཉིད་ཡིན་པར་མ་གསུངས་སོ། །དེ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཞེས་པ་འཇུག་ཤེས་དྲུག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མེད་པའི་དོན་ཏེ། ཡིད་རྟོག་བཅས་ཀྱི་ཡུལ་དུ་ལམ་མི་དྲན་པའི་ཡུལ་ལ་གོམ་པ་ཙམ་གྱིས་དོན་དམ་རྟོགས་ན། དབང་ཡིད་ཀྱི་ཤེས་པ་ཚད་མ་ཡིན་པ་འགོག་མི་དགོས་སོ། །གསུམ་པ་ནི། སྤྱིར་དོན་དམ་སྤྲོས་བྲལ་ཤེས་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པ་ཡིན་ཞིང༌། ཇི་ཙམ་སྒྲ་དང་རྟོག་པའི་བློའི་ཡུལ་དུ་བྱས་པ་ཐམས་ཅད་ཀུན་རྫོབ་བོ། །དེ་ཡང་པ་ར་མ་ཨརྠ་སཏྱ་ཞེས་པ་དོན་དམ་བདེན་པ་ཞེས་པ་ཡིན་ཏེ། པ་ར་མ་དམ་པ། ཨརྠ་དོན། སཏྱ་བདེན་པའོ། །དེས་ན་དམ་པའི་དོན་ནམ་མཆོག་གི་དོན་ཏེ་འཕགས་པའི་མཉམ་བཞག་ཡེ་ཤེས་སོ། །དེའི་གཟིགས་ཡུལ་མི་བསླུ་བ་ཡིན་པས་བདེན་པའོ། །འདིས་གཟིགས་ཚུལ་ཡང༌། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། དཱི་པཾ་ཀ་རའི་ཞབས་ཀྱི་
བདེན་གཉིས་ལས་ཀྱང༌། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་གསུངས་པ་ལྟར་ཏེ། དངོས་པོ་དངོས་མེད་གང་ཡང་མི་སྣང་བར་སྤྲོས་པའི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཙམ་གཟིགས་པས། དེས་ན་འདིར་འཕགས་པའི་ཡེ་ཤེས་ཀྱི་གཟིགས་པས་རྙེད་པའི་དོན་ཏེ། ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། ཞེས་སྒྲ་རྟོག་གི་ཡུལ་ལས་འདས་པ་དང༌། ཉེ་བར་ཞི་བ་དང༌། སྤྲོས་པ་དང་བྲལ་བ་དང༌། རྣམ་རྟོག་མེད་པ་དང༌། དབྱེ་བ་མེད་པ་སྟེ་ཁྱད་པར་ལྔ་ལྡན་གྱི་མཚན་ཉིད་ཅན་དུ་གསུངས་སོ། །ཀུན་རྫོབ་ནི། སཾ་པྲིཏྟ་ས་ཏྱ་ཞེས་པ་སྟེ། སཾ་པྲིཏྟ་ནི་ཡང་དག་པ་ལ་སྒྲིབ་པ་ཞེས་བྱ་བ་ཡིན་པས་བྱིས་པའི་བློ་ངོ་སྟེ། དེ་ལ་བདེན་པ་སྣང་བ་ནི་བདེན་པའི་དོན་ཏེ། འཁྲུལ་སེམས་ཀྱི་ངོ་བོར་བདེན་པར་སྣང་བའོ། །འདི་ཉིད་འཁྲུལ་ངོ་ཙམ་ལས་དོན་དུ་མེད་པར་གཏན་ལ་འབེབས་ཀྱི། སྣང་བ་འགོག་པར་ཡང་མི་བྱེད་ལ། ཀུན་རྫོབ་ཀྱི་སྣང་བ་འདི་ཉིད་ཚད་གྲུབ་ཏུ་ཡང་མི་འདོད་དོ། །ཇི་སྐད་དུ་ཡང༌། བརྟེན་ནས་འབྱུང་བའི་བྱ་བ་ནི། ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་གསུངས་པའི་དོན་ཡང་འདི་ཉིད་ཏེ། སྒྱུ་མ་དང་རྨི་ལམ་ལ་ཚད་མས་གྲུབ་པའི་དོན་གང་ཞིག་ཚང༌། བཞི་པ་ནི། བདེན་པ་གཉིས་པོ་དེ་དང་ངོ་བོ་གཅིག་གམ་ཐ་དད་ཅེ་ན། གཉིས་ཆར་དུ་བརྗོད་དུ་མེད་པས་བརྗོད་བྲལ་ཏེ། གཅིག་གམ་ཐ་དད་དུ་ཚད་
མས་གྲུབ་པར་འདོད་ན་སྐྱོན་བཞི་བཞིར་ཐལ་བ་མདོ་སྡེ་དགོས་པ་ངེས་འགྲེལ་ལས་གསུངས་ཏེ། མདོའི་ལུང་རྣམས་བྲིས་ནས་མང་པར་འགྱུར་བས་སྙིང་པོར་འགྲིལ་ན། བདེན་གཉིས་གཅིག་ན། ཀུན་རྫོབ་སོ་སོ་སྐྱེ་བོས་མཐོང་བས་དོན་དམ་ཡང་མཐོང་བར་ཐལ་བ་དང༌། ཀུན་རྫོབ་ལ་དམིགས་ནས་ཟག་པ་འཕེལ་བ་ལྟར་དོན་དམ་ལ་ཡང་ཐལ་བ་དང༌། དེ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལ་ཡང་ཐལ་བ་དང༌། ཀུན་རྫོབ་ཇི་ལྟར་མཐོང་ཐོས་ལ་སོགས་པས་བཙལ་བར་མི་བྱ་བ་ལྟར་དོན་དམ་ཡང་ཐལ་བ་དང༌། བདེན་གཉིས་ཐ་དད་པར་གྲུབ་ན། སྟོང་ཉིད་རྟོགས་ཀྱང་ཀུན་རྫོབ་དེར་མ་འདུས་པར་འགྱུར་བས་ལོགས་སུ་དམིགས་དགོས་པར་ཐལ་བ་དང༌། དོན་དམ་བསྒོམས་ཀྱང་འདུ་བྱེད་ཟིལ་གྱིས་མི་ནོན་པས་གནས་ངན་ལེན་གྱི་འཆིང་བ་ལས་མི་གྲོལ་བས་མྱང་འདས་མེད་པར་ཐལ་བ་དང༌། བུམ་པ་དང་སྣམ་བུ་ལྟར་ཐ་དད་པར་འགྱུར་བས་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་འགྱུར་བ་དང༌། ཀུན་རྫོབ་རབ་ཏུ་མ་གྲུབ་ཙམ་དོན་དམ་མ་ཡིན་པར་འགྱུར་ཏེ། བུམ་མེད་སྣམ་བུ་མ་ཡིན་པ་བཞིན་ནོ། །དེ་ཡང་ཡིན་ན་ཀུན་བྱང་གཉིས་དུས་གཅིག་ཏུ་དམིགས་པར་ཐལ་ཏེ། ཁྲ་འཛིན་ཤེས་པ་ལ་ཁྲ་བོ་དམིགས་པ་བཞིན་ནོ། །གཞན་ཡང་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་བཞིན་དུ་རྒྱུ་འབྲས་མ་འཁྲུགས་པར་སྣང་བ་འགགས་པ་མེད་པར་སྣང་བ་ནི། བསླབ་པ་ཀུན་ལས་བཏུས་ལས་ཀྱང༌། ཇི་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང༌། ལས་དང་འབྲས་
བུ་འབྲེལ་བ་དང་ཡང་མི་འགལ་བ་དང༌། རང་བཞིན་མེད་ཀྱང་ཇི་ལྟར་ཚེ་འདི་དང་ཡང་མི་འགལ་བ་དེ་ལྟ་བུ། ཡབ་སྲས་མཇལ་བ་ལས་ཀྱང་བསྟན་ཏེ་ཞེས་གསུངས་ཀྱང༌། མདོའི་ལུང་རྒྱ་ཆེར་དྲངས་སོ། །སེམས་ཀྱི་འཆར་སྒོའི་ཚུལ་དུ་རྒྱུ་འབྲས་སོགས་སྣ་ཚོགས་སུ་སྣང་བ་འདི་དག་ཕན་ཚུན་ལྟོས་པ་ལས་བྱུང་བའི་ཕྱིར་རང་བཞིན་མེད་ལ། ཡོད་ན་གཅིག་པུ་ལས་གཞན་དུ་འགྱུར་བ་མེད་པ་ཞིག་ཡོད་པ་ལས། རྒྱུ་འབྲས་སྣ་ཚོགས་སུ་འགྱུར་ཞིང་འགྲོ་བར་སྣང་བའི་ཕྱིར་ཡོད་པར་ཡང་བརྗོད་དུ་མི་རུང་བ་འདི་ཉིད་བརྗོད་བྲལ་ཡིན་ནོ། །ལྔ་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ངོ་བོ་དབྱེ་བ་མེད་པ་ཡིན་ཏེ། དེ་ཡང་བུམ་པའི་སྟོང་ཉིད་དང༌། ཀ་བའི་སྟོང་ཉིད་དབྱེ་བ་མེད་ཟེར་བ་ཙམ་གྱི་ངོ་བོ་དབྱེར་མེད་ནི་མ་ཡིན་གྱི། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། གཞི་ལམ་གྱི་ཆོས་ཐམས་ཅད་ཐོག་མར་སྨོས་ནས། དེ་དག་ཀུན་གྱི་རང་བཞིན་ནི། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །སྤྲོས་པའི་རྣམ་པ་ཀུན་བྲལ་བ། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འབོད། །རབ་རིབ་སྤངས་པས་ཐག་པ་ལས། །གཞན་ནི་ཅུང་ཟད་རྙེད་མི་འགྱུར། །དེ་བཞིན་སྤྲོས་སྤངས་དཀྱིལ་འཁོར་ལས། །འཁོར་བ་ཅུང་ཟད་རྙེད་མི་འགྱུར། །དེས་ན་ཟབ་གསལ་དཀྱིལ་འཁོར་པས། །ད་ནི་རྟག་ཏུ་མྱ་ངན་འདས། །
འདི་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་ཟབ་གསལ་གཉིས་སུ་མེད་པ་ལ་གསུངས་ཏེ། འཁོར་བ་ནི་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་བཞིན་མེད་སྣང་ཡིན་པར་བཤད་དོ། །ཐག་པ་དང་འདྲ་བ་སེམས་ཟབ་གསལ་གཉིས་སུ་མེད་པ། རབ་རིབ་ཅན་གྱིས་སྦྲུལ་དུ་འཛིན་པ་དང་འདྲ་བར་འཁྲུལ་པ་ཅན་ལ་འཁོར་བ། རབ་རིབ་སྤངས་པས་ཐག་པའི་རང་བཞིན་མཐོང་བ་མྱ་ངན་ལས་འདས་པ་མངོན་དུ་བྱས་པ་སྟེ། རང་བཞིན་གྱིས་ཐག་པ་སྦྲུལ་མ་ཡིན་པ་ཐག་པ་རང་གི་ཆོས་སུ་གནས་པ་སྟེ། རབ་རིབ་མེད་པས་དེ་བཞིན་མངོན་དུ་བྱས་པ་བཞིན་དུ། འཁོར་བའི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པ། སྒྲིབ་གཉིས་བྲལ་བའི་ཚེ་མངོན་དུ་གྱུར་པ་ཡིན་ནོ། །འཁོར་བ་རང་བཞིན་མེད་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ཐམས་ཅད་དགོངས་པ་མཐུན། འདིར་འཁོར་བའི་རང་བཞིན་ཟབ་པར་བཤད་པ་ཡང་དེ་ཉིད་ཡིན། འཁོར་བ་རང་བཞིན་གྱི་ཆོས་སྐུ་ཞེས་ཀྱང་བྱ། འཁོར་བར་སྣང་བ་དེ་ཐམས་ཅད་ཀྱི་རྩལ་གསལ་ཆ་མ་འགགས་པར་སྣང་བའི་གསལ་བ་གང་ཡིན་པ་དེ་ཉིད། རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་དུ། འཁོར་ལོ་ཐ་མའི་མདོ་སྡེ་དང་སྔགས་ཀྱི་ཐེག་པ་ལས་འབྱུང་སྟེ། གསལ་བ་དེ་རང་བཞིན་ཡང་རྟེན་བརྟེན་པའི་དཀྱིལ་འཁོར་ཡིན་པ་དང༌། གསལ་བར་སྣང་མཁན་གྱི་སེམས་བདེ་བ་ཆེན་པོ་རྒྱུན་
ཆད་མེད་པའི་རང་བཞིན་ཡིན་པར་ཐེག་པ་བླ་ན་མེད་པ་འདི་ཁོ་ནའི་དགོངས་པ་ཡིན་ནོ། །གསལ་བའི་རང་བཞིན་སྤྲུལ་སྐུ་དང༌། བདེ་བའི་རང་བཞིན་ལོངས་སྐུ་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཚུལ་གཉིས་པོ་འདི་ནི་གསལ་བ་ཡིན་ནོ། །རང་བཞིན་ཆོས་སྐུའི་མྱང་འདས་མ་ཡིན་ན། སྒྲིབ་པ་རྣམས་འཁྲུལ་སྣང་ཙམ་མ་ཡིན་པར་དངོས་གནས་ལ་ཡོད་པར་འགྱུར་བས་ལམ་གྱིས་སྤོང་མི་ཐུབ་པར་འགྱུར་རོ། །རང་བཞིན་གསལ་བའི་དཀྱིལ་འཁོར་དུ་མྱ་ངན་ལས་འདས་པ་འདི་མེད་ན། དྲི་མ་ཐམས་ཅད་ནི་སྤངས་ཟིན། དྲི་མ་ཡང་མ་ཡིན། རང་བཞིན་ཡང་མ་ཡིན་པའི་ཤེས་པ་གཞན་ནི་མེད་པས་སངས་རྒྱས་ཐོབ་པ་ན་སེམས་རྒྱུན་ཆད་པར་འགྱུར་རོ། །མི་འགྱུར་ཏེ་ཡེ་ཤེས་གསར་བྱུང་མང་པོ་ཐོབ་པས་སོ་སྙམ་ན། ཁྱེད་ལྟར་ན་དེ་རྣམས་རང་བཞིན་མ་ཡིན་པས་ཡེ་ཤེས་དེ་དག་རྒྱུན་ཆད་པའི་དུས་ཡོད་པར་འགྱུར་ཏེ། གང་ལ་རིགས་འདྲའི་ཐོག་མ་ཡོད་པ་དེ་ལ་ཐ་མ་ཡང་ཡོད་པས་ཁྱབ་པའི་ཕྱིར་རོ། །འོ་ན་ཁྱེད་ཀྱི་ལུགས་ལ་ཡང་སྟོབས་སོགས་ཡོན་ཏན་རྣམས་སེམས་ཅན་གྱི་དུས་ནས་ཡོད་པའམ་རྒྱུན་ཆད་པར་འགྱུར་ཞེ་ན། བདེན་མོད་ཀྱི། ཁོ་བོ་ཅག་ནི་ཡོན་ཏན་རང་བཞིན་དབྱེར་མེད་ཀྱི་ཚུལ་དུ་ནི་གདོད་ནས་ལྡན་པར་ཁས་ལེན་པས། རིགས་འདྲའི་རྒྱུན་ལ་ཐོག་མ་ཡོད་པར་མི་འདོད་ཅིང༌། དེ་ལྟར་ལྡན་པས་དངོས་སུ་ཡོད་པར་ཁས་ལེན་ཡང་མི་དགོས་པས་སྐྱོན་གཉིས་ཀ་མེད་དོ། །འོ་ན་ཅི་ཞེ་ན། སེམས་
དེའི་མི་ཤེས་པ་དང༌། གཞན་དོན་བྱེད་མི་ཐུབ་པའི་དྲི་མ་དག་ཙམ་ན། གསལ་ཆ་དེས་ཤེས་པ་དང༌། དེ་བྱེད་ནུས་པ་ཡིན་གྱི། ཡོན་ཏན་བསྐྱེད་པའི་རྒྱུ་གསར་པ་ཞིག་བསྒྲུབས་ནས། དེ་ལས་ཡོན་ཏན་སེམས་ཀྱི་རང་བཞིན་དང་ངོ་བོ་མི་གཅིག་པ་ཞིག་རྣ་བ་ལ་རྣ་རྒྱན་བཏགས་པ་ལྟར་བྱུང་བ་ནི་མ་ཡིན་ནོ། །དཔེར་ན། གསེར་གཡའ་དང་བཅས་པ་དེ་མཛེས་པར་ནི་ཁས་མི་ལེན་ཏེ། མཛེས་མི་མཛེས་གཞན་གྱིས་མཐོང་བ་ལ་རག་ལས་པས་སོ། །གཡའ་དང་བྲལ་བ་ན་མཛེས་པར་སྣང་བའི་མཛེས་པ་དེ་ནི་གསར་དུ་བྱུང་བ་མ་ཡིན་ཏེ། གསེར་གྱི་རང་བཞིན་གཡའི་ངོ་བོར་སྐྱེས་པ་ནམ་ཡང་མེད་པས་མཛེས་པ་དེ་གསེར་གྱི་རང་བཞིན་ཡིན་ལ། མཛེས་པར་མཐོང་བ་ནི་གསར་བྱུང་ཡིན་ནོ། །དེ་བཞིན་དུ་སེམས་དྲི་མ་དང་བཅས་པའི་ཚེ། མཁྱེན་བརྩེ་ནུས་གསུམ་སོགས་ཡོད་ཅེས་ཀྱང་མི་བརྗོད། ནམ་དྲི་མ་དང་བྲལ་བའི་ཚེ། དེ་གསུམ་ནུས་པ་ཡང་རང་བཞིན་གསར་བྱུང་ནི་མ་ཡིན་ཏེ། མཁྱེན་བརྩེ་ནུས་གསུམ་ཡང་སེམས་གཅིག་པུ་ཁོ་ན་ཡིན་པ་ལ། སེམས་དེ་གསར་བྱུང་མ་ཡིན་པའི་ཕྱིར། འོན་ཀྱང་དེ་ལྟར་སྤྱོད་པ་ནི་གསར་ཐོབ་བོ། །དེས་ན་སེམས་དེ་ཉིད་ཀྱི་སྒྲིབ་གཡོགས་བྲལ་བའི་ཚེ། དེ་རྣམས་ནུས་པ་ལ་དེ་ཐོབ་ཅེས་བྱ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་རྣམས་སློབ་དཔོན་ནག་པོ་སྤྱོད་པའི་བཞེད་པ་ཡང་ཡིན་ཏེ། སྣང་བ་སེམས་དང༌། སེམས་བདེ་བ་ཆེན་པོ་ཡིན་པ་ནི། གསང་བའི་
དེ་ཉིད་ལས། བདེ་བ་ཆེན་པོའི་ཡེ་ཤེས་ནི། །མེ་ཞེས་བྱ་བར་མངོན་པར་བརྗོད། །ཅེས་པའི་གཞུང་ལ་བསྙེགས་ནས། དེ་དག་ཉིད་ནི་ཡེ་ཤེས་མཆོག །ཕྱི་དང་བཅས་པའི་ནང་ན་གནས། ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། །འདི་དེ་སྤངས་ནས་གཞན་མེད་དོ། །ཞེས་སེམས་ལས་གཞན་པའི་ཁམས་གསུམ་མེད་ཅིང་སེམས་དེ་ཡང་ཡེ་ཤེས་སུ་བཞག་གོ །བདེན་གཉིས་སྐབས་སུ་གཟུགས་སོགས་དང་བདེ་ཆེན་གྱི་ཁྱད་པར་འབྱེད་པ་ཡང༌། ནག་པོ་སྤྱོད་པ་ཉིད་ཀྱི་དོ་ཧ་ལས། སྟོང་དང་སྟོང་མིན་དེ་གཉིས་ཀྱི་དབུས་སུ། །ཀྭ་ཡེ་རྨོངས་པ་ཅི་ཡང་མ་མཐོང་ངོ༌། །ལྷན་སྐྱེས་འབའ་ཞིག་གཅིག་པུ་དེ་ཉིད་ཡོད། །ནག་པོ་པས་ནི་ཡོངས་སུ་ཤེས་པ་ཡིན། །ཞེས་གནས་སྐབས་ཀྱི་ངེས་དོན་དུ་བདེ་ཆེན་ཡོད་པ་དང་གཟུང་འཛིན་མེད་པར་མཛད་དོ། །ཤིན་ཏུ་མཐར་ཐུག་པའི་སྐབས་སུ། བདེ་བའི་སེམས་དེ་ཡང་རང་བཞིན་མེད་པ་ནི། བདེ་སོགས་ངོ་བོ་མ་བརྟགས་ཉམས་དགའ་བ། །ཞེས་པ་བསྟན། སེམས་ཉིད་བདེ་བ་ཆེན་པོ་དེ་ཉིད་རང་བཞིན་གྱིས་མྱང་འདས་སུ་བསྟན་པ་ཡང༌། དེ་ཉིད་ལས། བདེ་ཆེན་ནམ་མཁའི་ཁམས་གནས་པ། །བདེ་བ་ཅན་ཞེས་མངོན་པར་བརྗོད། །ཕུང་པོ་དང་ནི་ཁམས་རྣམས་དང༌། སྐྱེ་མཆེད་ཐམས་ཅད་དེ་ལས་བྱུང༌། ཞེས་སོགས་གསུངས་ནས་མཐར། དེ་ཉིད་ལས་ནི་བྱུང་ནས་སུ། །དེ་ཉིད་དུ་ཡང་མྱ་ངན་འདས། །ཞེས་གསུངས་ཏེ། གདོད་ནས་མྱ་ངན་ལས་འདས་
པ་མ་ཡིན་པར་དུས་ཕྱིས་མྱ་ངན་ལས་འདས་པ་ཡིན་ན། འཁོར་བའི་གནས་ཚུལ་བཤད་པའི་སྐབས་དེར་དེ་ཉིད་དུ་མྱ་ངན་ལས་འདས་ཞེས་པའི་ཚིག་མི་རིགས་པས་སོ། །འཁོར་བའི་རང་བཞིན་ཆོས་ཀྱི་སྐུར་བཞག་པ་ཡང༌། དཔྱིད་ཀྱི་ཐིག་ལེར། སམྤུ་ཊིའི་ལུང་དྲངས་ནས། རང་བྱུང་གི་ནི་ངོ་བོ་ཉིད། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གསུངས་ཏེ། སེམས་འཁོར་བའི་དུས་ནས་རང་བཞིན་གྱི་མྱང་འདས་ཡིན་ལ། དེ་ཡང་ཟབ་གསལ་གཉིས་སུ་མེད་པའོ་ཞེས་པ་ནི་གྲུབ་པའི་དོན་ནོ། །དེས་ནི་བླ་མ་གོང་མ་རྣམས་ཀྱིས། སློབ་དཔོན་ནག་པོ་སྤྱོད་པ་འདིའི་ལྟ་བ་ནི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞཻས་གསུང་པ་དོན་ལ་གནས་ཤིང་འཐད་ལྡན་དུ་ཤེས་པར་འགྱུར་རོ། །གཉིས་པ་ལ། རྩ་རླུང་ཐིག་ལེའི་རྣམ་གཞག་ཞིབ་མོར་བཤད་པ་དང༌། ལུས་གནས་འཇིག་ཆགས་གསུམ་གྱི་རྣམ་གཞག་བཤད་པ་དང༌། དེ་ལྟར་བཤད་པའི་དགོས་པའོ། །དང་པོ་ལ། རྟེན་གནས་པ་རྩའི་རྣམ་གཞག་དང༌། བརྟེན་པ་རླུང་དང་ཐིག་ལེའི་རྣམ་གཞག་གོ །དང་པོ་ལ་གྲངས་བསྟན་པ༌། ངོ་བོ་ངེས་པ། དོགས་པ་བཅད་པ། དེ་རྣམས་ལྷའི་དག་པ་དང་སྦྱར་བའོ། །དང་པོ་ལ། དབྱེ་བ་དང༌། གྲངས་ངེས་གཉིས་སོ། །དང་པོ་ནི། དགའ་བོ་མངལ་འཇུག་གི་མདོ་དང༌། མངོན་པ་སོགས་སུ་སྣ་ཚོགས་པ་བཤད་ཀྱང་འདིར་མི་འཆད་ལ། བླ་མེད་
ཀྱི་རང་ལུགས་ཉིད་བཤད་པར་བྱའོ། །དེ་ཡང་སྡོམ་འབྱུང་ལེའུ་བདུན་པར། བདུན་ཅུ་གཉིས་ཀྱི་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འགྲོ་དག་ཏུ་འགྱུར། །རྩ་དང་ཉེ་བའི་རྩ་རྣམས་ཏེ། །དེ་རྣམས་གནས་ན་བརྟེན་པའོ། །ཉི་ཤུས་ལྷག་པའི་བརྒྱ་ཡིས་ནི། །རྩའི་གཙོ་བོར་བརྗོད་པར་བྱ། །རྩའི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ལ་ལ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒ་སིནྡྷུར་གཞན་འཇུག་བཞིན། །ཞེས་རྩ་བདུན་ཁྲི་ཉིས་སྟོང་གི་གཙོ་བོ་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུ་དང༌། ཁྱད་པར་རྩ་སུམ་ཅུ་རྩ་གཉིས། དེའི་ཉི་ཤུ་རྩ་བཞི་པོ་རྣམས། ལས་བྱེད་པ་ལ་གཙོ་བོ་ཡིན་ཞིང༌། དེ་རྣམས་ཀྱི་རྩ་བའང་རྩ་གསུམ་དང༌། རོ་རྐྱང་གཉིས་ཀྱང་དབུ་མ་ལས་འབྱུང་ཞིང་ཐིམ་པའོ། །དེ་ལ་རྩ་བརྒྱ་ཉི་ཤུ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ལ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བཅུ་དྲུགསྙིང་ཁ་ཆོས་ཀྱི་འཁོར་ལ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་དྲུག་ཅུ་རྩ་བཞི་རྣམས་སོ། །རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་ནས། བརྒྱད་ནི་དང་པོར་འཆགས་པའི་རྩ་བརྒྱད་དེ། རོ་རྐྱང་དབུ་མ་གསུམ་དང༌། སྙིང་གའི་ཤར་གྱི་འདབ་མ་གསུམ་སྐོར་མ། གཡས་ཀྱི་གདོང་མ། རྒྱབ་ཀྱི་ཁྱིམ་མ། གཡོན་གྱི་གཏུམ་མོ། བསྡུད་
འབྲལ་མ་སྟེ་ལྟེ་བ་ནས་མགྲིན་པའི་བར་དུ་དབུ་མ་ལ་འཁྲིལ་ཞིང་གནས་པ། མཇུག་མ་མགྲིན་པ་ནས་ལྕེའི་རྩ་བ་བརྒྱུད་ནས་ལྕེ་རྩེར་སོན་པ། ཁ་ལྟེ་བའི་ཐད་དུ་ཡོད་ཅིང་འོག་ཏུ་བསྟན་པ་ཞིག་ཡོད་ལ་དེ་ལྟར་བརྒྱད་དོ། །ལྷག་མ་ཉེར་བཞི་ནི་སྙིང་གའི་འདབ་མ་བརྒྱད་ལས་གྱེས་པ་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་ཤིང་བྱ་བ་བྱེད་པའི་དབང་གིས་ཡིན་ཏེ། རྩ་འདབ་བརྒྱད་པོ་རེ་རེ་ལས་སྐུ་གསུང་ཐུགས་ཀྱི་དབྱེ་བས་རྩ་གསུམ་གསུམ་གྱེས་པ་སྟེ། བརྒྱད་ཚན་དང་པོ་བརྒྱད་པོ་རེ་རེ་ལས་གྱེས་པའི་ཐུགས་ཀྱི་རྩ་བརྒྱད་ནི། སྤྱི་བོར་རྩ་མི་ཕྱེད་མ་ནས་སོ་སེན་སྐྱེད་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་འབབ་ལ། སྤྱི་གཙུག་ཏུ་རྩ་ཕྲ་གཟུགས་མ་ནས་སྐྲ་དང་བ་སྤུ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་འབབ་པ་དང༌། དེ་བཞིན་དུ་སྦྱར་ཏེ། རྣ་བ་གཡས་ལ་རྩེ་བ་མ་ནས་པགས་པ་དང་དྲི་མ་དང༌། ལྟག་པར་གཡོན་པ་མ་ནས་ཤ་དང༌། རྣ་བ་གཡོན་པ་ཐུང་ངུ་མ་ནས་རྒྱུས་པ་དང༌། སྨིན་མཚམས་རུལ་སྦལ་སྐྱེས་མ་ནས་རུས་པ་དང༌། མིག་གཉིས་སྒོམ་པ་མ་ནས་མཆིན་པ་དང༌། ཕྲག་པ་གཉིས་དབང་མ་ནས་སྙིང་ངོ༌། །བརྒྱད་ཚན་གཉིས་པ་བརྒྱད་པོ་རེ་རེ་ནས་གྱེས་པའི་གསུང་གི་རྩ་བརྒྱད་ནི། མཆན་ཁུང་གཉིས་རྩ་སྐྱོན་མ་ནས་མིག་འབབ། ནུ་མ་གཉིས་མཇུག་མ་ནས་མཁྲིས་པ་འབབ། ལྟེ་བ་མ་མོ་ནས་གློ་བ། སྣ་རྩེར་མཚན་མོ་ནས་རྒྱུ་མ། ཁ་བསིལ་སྦྱིན་མ་ནས་སྙེ་མ་དང༌། སྟ་ཟུར་གྱི་རྒྱུས་པ་ཞེས་གསུངས་ཏེ་
རྒྱུས་པ་ཐམས་ཅད་དང༌། མགྲིན་པ་ཚ་བ་མ་ནས་ལྟོ་བ། སྙིང་ཁ་གཞོལ་མ་ནས་ལྒང་པ་དང་བཤང་བ། འབྲས་བུ་རགས་མ་ནས་འཚོགས་མ་ནས་མཚམས་ཀྱི་མཐའ་འོ། །བརྒྱད་ཚན་གསུམ་པ་ནི། རྩ་འདབ་རེ་རེ་ནས་གྱེས་པའི་སྐུའི་རྩ་བརྒྱད་དེ། མཚན་མ་གཟུགས་ཅན་མ་ནས་བད་ཀན་དང༌། བཤང་ལམ་སྤྱི་བ་མ་ནས་རྣག་དང༌། བརླའི་རྩ་བ་རྒྱུ་སྦྱིན་མ་ནས་ཁྲག་དང༌། བྱིན་པ་གཉིས་སྐྱོན་བྲལ་མ་ནས་རྡུལ་དང༌། རྐང་སོར་བརྒྱད་སྡུ་གུ་མ་ནས་ཚིལ་གྱི་ལུས་སྦོམ་པོར་བྱེད་ཅིང་འོ་མ་དང་མྱོས་བྱེད་དང༌། བོལ་གོང་གཉིས་གྲུབ་མ་ནས་མཆི་མ་དང༌། རྐང་འཐེབ་གཉིས་འཚེད་མ་ནས་མཆིལ་མ་དང༌། པུས་མོ་གཉིས་ཡིད་བཟང་མ་ནས་སྣབས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་འབབ་པ་སྟེ། དེ་ལྟར་ཡང་དཔལ་ཡང་དག་སྦྱོར་བ་སཾ་པུ་ཊི་ལས། པུལླི་རར་ནི་མི་བྱེད་མ། །སོ་དང་སེན་མོ་འབབ་མར་བརྗོད། །འབར་བ་འཛིན་པར་ཕྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ཨོ་རྒྱན་གནས་ནི་ཆེན་པོ་ལ། །རྩེ་བ་མར་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་དྲི་མ་འབབ་མ་གནས། །ཨརྦུ་ཏར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་གནས་པའི་རྩ། །བའི་མཆོག་བྱིན་རྣམ་པར་གནས། །དེ་ནི་སྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མར་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་གནས། །དེ་བཞིན་རུས་སྦལ་སྐྱེས་མར་གྲགས། །སྲ་བའི་དངོས་པོས་
གནས་པའི་ཕྱིར། །རུས་པའི་ཕྲེང་བ་འཁྲུགས་པར་གནས། །ལྷ་མོ་མཁར་དུ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། ཐམས་ཅད་ལུས་ལ་ལྷག་པར་གནས། །མཱ་ལ་བར་ནི་དབང་མ་ནི། །རྒྱལ་བའི་དབང་ཕྱུག་སྙིང་ལ་གནས། །རྩ་ནི་གང་ཞིག་མིག་འབབ་མ། །འདོད་མའི་གཟུགས་སུ་རྣམ་པར་གནས། །ཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་ལྡན་མ་ཞེས་རྣམ་པར་བཤད། །ཨོ་ཏྲེར་འཁྲིས་པ་འབབ་པའི་རྩ། །གང་ཞིག་མཇུག་མ་ཆེན་མོར་བརྗོད། །ཏྲི་ཤ་ཀུ་ནེར་བྱུང་བ་ནི། །མ་མོ་ངེས་པར་གློ་བར་བཅས། །ཀོ་ཤ་ལར་ནི་མཚན་མོ་ཉིད། །རྒྱུ་མའི་ཕྲེང་བཟང་ཁྱབ་ཅིང་འབབ། །ཀ་ལི་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ་རྒྱུས་ཡང་དག་བཤད། །ཚ་བ་མར་ནི་ལྟོ་གནས་དེས། །ལམ་བ་ཀར་ནི་རབ་ཏུ་གྲགས། །ཚད་མ་ཉིད་ནི་ཀན་ཙིར་གནས། །ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐར་ནི་ནང་དུ་ཡང༌། ཁ་བའི་གནས་རངས་མ་ཡི་གདོང༌། །ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དྭགས་ལྷག་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་པ། ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །སྤྱི་མ་ཉིད་དུ་རྣམ་པར་བཤད། །སོ་རཥྟ་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་དེ་དམར་པོ་འབབ། །རྡུལ་ནི་འབབ་པར་གྱུར་པ་ནི། །གསེར་གླིང་དུ་ནི་ཡང་དག་བཤད། །ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །སྦྱོར་བྲལ་མར་ནི་རབ་ཏུ་
གྲགས། །ན་ག་རནི་སྡུག་གུ་མ། །ཚིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིནྡྷུར་ཤིན་ཏུ་གྲུབ་མ་ཉིད། །མྱ་ངན་མཆི་མ་འབབ་མར་བརྗོད། །མ་རུ་གནས་མ་ལུད་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བརྟན། །ཀུ་ལུ་ཏར་ནི་ཡིད་བཟང་མ། །བྱིས་པའི་སྣབས་ནི་འབབ་མའོ། །ཞེས་གསུངས་སོ། །གཉིས་པ་གྲངས་ངེས་པའི་རྒྱུ་མཚན་ནི། རྩའི་གཙོ་མོ་གསུམ་དང༌། བརྒྱད་ཚན་གསུམ་དང༌། བདུན་ཅུ་རྩ་གཉིས་ཏེ་ཉེར་བཞི་ཚན་གསུམ་དང༌། བདུན་ཁྲི་ཉིས་སྟོང་སྟེ་ཉི་ཁྲི་བཞི་སྟོང་ཚན་གསུམ། དེ་ལྟར་ངེས་པ་ནི་ནང་འབབ་པའི་རླུང་དང་ཁམས་ཀྱི་ཁྱད་པར་གྱི་གྲངས་ངེས་རྩི་བ་ཡིན་ནོ། །གཉིས་པ་ལ་གསུམ། རྩ་གསུམ་གང་དུ་གནས་པ་དང༌། ཇི་ཙམ་གནས་པ་དང༌། ཇི་ལྟར་གནས་པའི་ཚུལ་ལོ། །དང་པོ་ནི། སྲོག་རྩ་ཉིད་དབུ་མར་འདོད་པ་དང༌། གཞུང་པ་ལ་བརྟེན་ནས་གནས་པར་འདོད་པ་སོགས་སྔར་བྱོན་མཁས་པ་ཆེན་པོ་རྣམས་ཀྱིས་འགོག་པར་མཛད་པ་ནི་དེ་བཞིན་ཏེ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། སྲོག་གི་དབྱུག་པའི་ནང་ན་གནས། །ཕྲ་བ་ཕྲ་བ་ཡང་དག་མཆོག །སུམ་ཅུ་རྩ་གཉིས་མདུང་དང་ལྡན། །ཕྱི་རོལ་མ་ཡིན་ནང་མ་ཡིན། །ཞེས་གསུངས་པས། སྲོག་གི་དབྱུག་པའི་ཕྱོགས་གཅིག་ལ་བརྟེན་ན་ཕྱི་ནང་གི་བར་ཤུན་མཚམས་ན་ཡོད་པ་དང༌། མདུད་པ་སུམ་ཅུ་རྩ་གཉིས་དང་ལྡན་པ་དང༌། ཤིན་ཏུ་ཕྲ་བ་སྟེ་སྲབ་པར་གསུངས་ལ། ཁ་ཅིག་སྲོག་རྩའི་མདུན་ན་ཡོད་ཅེས་འདོད་དེ་བརྟག་པར་བྱའོ། །དེ་བཞིན་དུ་རོ་མ་དང་
རྐྱང་མ་ཡང་སྟེ་གསུམ་པོ་གཞིབས་ནས་གནས་པ་ཡིན་ནོ། །གཉིས་པ་ནི། སྦོམ་ཕྲ་པདྨའི་སྣལ་མ་ལྟར་གནས་པ་དང༌། གཙོ་བོར་འཇུག་པ་སྤྱི་བོ་ནས་ལྟེ་འོག་སོར་བཞིའི་བར་དང༌། དུམ་བུས་འཇུག་པ་སྨིན་མཚམས་ནས་ནོར་བུའི་བར་དང༌། ཆ་ཤས་ནི་ཡན་ལག་ཐམས་ཅད་ལ་གནས་པ་ཡིན་ནོ། །གསུམ་པ་ནི་རྩའི་གཙོ་མོ་གསུམ་བཤད་པ་དང༌། རོ་རྐྱང་གཉིས་བཤད་པ་དང༌། རྩ་སྤྱིའི་འདུག་ཚུལ་ལོ། །དང་པོ་ནི། རོ་རྐྱང་དབུ་མ་གསུམ་པོ་འདི་སྤྱི་བོ་ནས་གསང་བའི་བར་དུ་གནས་པ་ལ། དབུ་མའི་ཡས་སྣ་སྤྱི་བོ་ནས་སྨིན་མཚམས་སུ་ཚུར་འཁྱོགས་པའི་ཚུལ་གྱིས་ཟུག་དེ་དང་འབྲེལ་བར་རོ་རྐྱང་ཡང་སྟེ། དེ་ནས་རོ་རྐྱང་གཉིས་རྩེ་མོ་གཉིས་གཉིས་སུ་གྱེས་སྣེ་རེ་རེ་མིག་གཉིས། སྣེ་རེ་རེ་རྣ་བར་ཟུག་པ་དང༌། ལྟེ་འོག་སོར་བཞི་ནས་ཀྱང་སོ་སོར་གྱེས་པ། གཙོ་བོར་གསུམ་ཆར་བུད་མེད་ཀྱི་ཟེ་འབྲུ་དང་སྐྱེས་པའི་གསང་གནས་ཀྱི་རྩེ་མོ་དང་དབུ་མའི་ཆ་ཤས་རེ་དང་རོ་རྐྱང་གི་སྣེ་གཡས་གཡོན་གྱི་རིམ་པས་རྐང་མཐིལ་གྱི་བར་དུ་ཡོད་ལ། རྩ་འཁོར་ལོ་རྣམས་ཀྱི་ལྟེ་བ་ན། རོ་རྐྱང་གཉིས་དབུ་མ་ལ་འབྱར་བའི་ཚུལ་གྱིས་གནས་ཤིང༌། ནང་དུ་བུ་ག་འབྲེལ་བ་ཡིན་ནོ། །དེ་ཡང་སྤྱི་གཙུག་ན་ཟུར་གསུམ་དང༌། མགྲིན་པ་ན་གཞོན་ནུ་མའི་ནུ་མ་འདྲ་བ། སྙིང་ག་ན་བ་གླང་གི་མིག་འདྲ་བ། ལྟེ་བ་ན་པདྨ་འདྲ་བ། གསང་གནས་ན་རྡོ་རྗེ་འདྲ་བ། ནོར་བུ་ན་ཟར་མའི་མེ་ཏོག་འདྲ་བར་བཤད་ཅིང༌། ཁ་ཅིག་དེ་རྣམས་
སྲོག་རྩའི་གཟུགས་བརྙན་དུ་འདོད་ཀྱང་མ་ཡིན་པར་གོ་སླ་ཞིང༌། དབྱིབས་དེ་དག་ཀྱང་རྩ་འཁོར་གྱི་ལྟེ་བའི་ནང་གི་དབྱིབས་སོ། །རོ་མ་གཡས་དང་རྐྱང་མ་གཡོན་ན་ཡོད་ཅིང་དབུ་མ་དེའི་དབུས་ན་གནས་ལ། རོ་མ་ནས་ཁྲག་འབབ་པས་རྡུལ་གྱི་རྩ་དང་ཉི་མ་དང་བུད་མེད་ཅེས་མིང་བཏགས་ལ། རྐྱང་མ་ནས་ཁུ་བ་འབབ་པས་སྙིང་སྟོབས་ཀྱི་རྩ་དང་ཟླ་བ་དང་སྐྱེས་པའི་མིང་ངོ༌། །དབུ་མ་ནས་རླུང་དང་ཁུ་ཁྲག་འདྲེས་པ་ཁམས་སྔོན་པོའམ་མུན་པའི་མིང་ཅན་ཅུང་ཟད་འབབ་པས། མུན་པའི་རྩ་དང༌། མ་ནིང་དང་སྒྲ་གཅན་གྱི་རྩ་ཞེས་བྱ། སྨིན་མཚམས་ནས་ལྟེ་བ་ཡན་ཆད་དུ་ནི་དེ་ལྟར་ཡིན་ལ། ལྟེ་བ་མན་ཆད་དུ་ནི། དབུ་མ་ནས་བྱང་ཆུབ་ཀྱི་སེམས་དང༌། རྐྱང་མ་ནས་དྲི་ཆུ། རོ་མ་ནས་ཁྲག་འབབ་ཅིང༌། དེ་ཡང་རྐྱང་མ་མི་བསྐྱོད་འབབ་མ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང༌། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་དར་མ་རབ་གྲགས། ཞེས་ཀྱཻ་རྡོར་ལས་གསུངས་སོ། །དེ་ཡང་དབུ་མ་གཡས་དང༌། རོ་མ་གཡོན་དང༌། རྐྱང་མ་དབུས་སུ་སོང་སྟེ། མདུན་དུ་དྲི་ཆུ་དང༌། རྒྱབ་ཏུ་བཤང་བ་འབབ་པར་བྱེད་དོ། །ཡང་རྒྱུད་ཁ་ཅིག་ལས། རོ་མ་ནས་དྲི་ཆུ་དང༌། རྐྱང་མ་རྒྱབ་ཁོ་ནར་སོང་སྟེ་བཤང་བ་འབབ་ཅེས་འབྱུང་ངོ༌། དེ་ཡང་རྩ་དེ་དག་གིས་དེ་དག་འཕེན་ཞིང་སྐྱེད་པ་དང་བྱ་བ་རྣམས་བྱེད་པ་ཡིན་གྱི། ཁམས་དྭངས་མ་རྣམས་མ་གཏོགས་སྙིགས་མ་རྣམས་རྩ་གསུམ་གྱི་ནང་ནས་འབབ་པ་ནི་མ་ཡིན་ནོ།། །།གཉིས་པ་ནི། དཔལ་ཡང་དག་སྦྱོར་བ་ལས། མགྲིན་པ་ནས་
བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་གསོས་ཤིང༌། ཁ་ནི་འོག་ཏུ་མྱོས་བྱེད་འབབ། ཅེས་གསུངས་ཏེ། མྱོས་བྱེད་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང༌། རྐྱང་མས་ལས་བྱེད་པ་གཙོ་ཆེ་བའི་དབང་དུ་བྱས་ནས་མགྲིན་པ་ནས་ལྟེ་བའི་བར་དུ་གནས་པ་དང༌། སྤྱི་རྩ་དེ་ལ་སྒོ་ནི་མང་མོད་ཀྱི། ཐིག་ལེ་འབབ་པའི་བྱ་བ་བྱེད་པ་ཕལ་ཆེར་ལྟེ་བའི་གནས་ནས་འཕེན་འཛིན་བྱེད་པའི་ཕྱིར་ལྟེ་བ་ནས་འོག་ཏུ་ཁ་ལྟས་ཞེས་གསུངས༌། གང་ཞིག་ལྟེ་བ་ལ་སྟེང་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་གསོས་ཤིང༌། ཁྲག་འབབ་པར་ནི་རབ་ཏུ་གྲགས། །ཞེས་གསུངས་ཏེ། འདི་ཡང་སྔ་མ་དང་འདྲ་བ་ལས། ཁྲག་འཕེན་སྡོམ་འཛིན་པ་རྣམས་མགྲིན་པ་ནས་སྟེང་དུ་བྱ་བ་བྱེད་པས་མགྲིན་པ་ནས་ཁ་སྟེང་དུ་ལྟ་ཞེས་གསུངས། འདི་ནི་སྐྱེས་པའི་དབང་དུ་བྱས་པ་སྟེ། བུད་མེད་ལ་འདི་གཉིས་གོ་ཟློག་ནས་ཡོད་དེ། སྐྱེས་པ་ཁམས་སྙོམས་པའི་ཚེ། སྟེང་དུ་སྣ་བུག་གཡས་ནས་ཁྲག་འབབ་པ་དང་འོག་ཏུ་ཁུ་བ་འབབ་པའོ། །བུད་མེད་ལ་འོག་ཏུ་ཁྲག་འབབ་ཅིང༌། སྟེང་དུ་དཀར་ཆ་འབབ་པའི་ནུས་པ་ལས་འོ་མ་འབབ་པ་ཡིན་ཞེས་གསུང་ངོ༌། །གསུམ་པ་ནི། བླ་མ་གོང་མ་རྣམས་ཀྱི་གསུང་ལས། རྒྱ་གར་གྱི་པཎྜི་ཏ་རྣམས་ལ་འདོད་ལུགས་རྣམ་པ་ལྔ་སྟེ། ཁ་ཅིག་རྩ་ཐམས་ཅད་ཀྱི་སྤྱི་དབྱིབས་ཐང་ཤིང་གི་སྡོང་པོ་ལྟ་བུར་འདོད། ཁ་ཅིག་གདུགས་ལྟ་བུར་འདོད། ཁ་ཅིག་ཐགས་
བརྐྱང་བ་ལྟ་བུར་འདོད་པ་དང༌། ཁ་ཅིག་གྲུ་གུ་བསྒྲིལ་བ་ལྟར་འདོད། ཁ་ཅིག་སྐྲ་ཤད་འཛིངས་པ་ལྟ་བུར་འདོད། ཇོ་བོ་ནཱ་རོ་པ་ཆེན་པོའི་བཞེད་པས། དེ་རྣམས་རྩའི་གནས་ལུགས་ཕྱོགས་རེ་བ་ཡིན། ཐང་ཤིང་ལྟ་བུར་འདོད་པས་ནི་རྩའི་གཟུགས་ཙམ་རྟོགས་པ་སྟེ། དཔེར་ན་ལྟེ་བར་ཟུག་ནས་ཡོད་པ་རྣམས་ཀྱི་ཡལ་ག་གྱེན་ལ་སོང་ནས་སྙིང་གའི་འཁོར་ལོ་ལ་ཟུག་དེ་ལས་གྱེས་པ་རྣམས་མགྲིན་པར་ཟུག དེ་ལས་གྱེས་པ་རྣམས་སྤྱི་བོར་སོང་བའོ། །གདུགས་ལྟ་བུར་འདོད་པ་རྣམས་ཀྱི་དབྱིབས་རྟོགས་པ་སྟེ། ལྟེ་བ་དང་མགྲིན་པ་གདུགས་རྩིབ་མ་ཅན་ཁ་གྱེན་བསྟན་ལྟ་བུ་དང༌། སྙིང་ག་དང་སྤྱི་བོ་གདུགས་ཁ་འཐུར་བསྟན་ལྟ་བུ་ཡོད་པའོ། །ཐགས་བརྐྱང་པ་ལྟ་བུ་ཡོད་པ་རྣམས་ཀྱིས་རྩ་རྣམས་ཀྱིས་རྩ་རྣམས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་རྒྱུན་མ་ཆད་པར་གནས་པ་རྣམས་རྟོགས་པ་ཡིན་ནོ། །གྲུ་གུ་བསྒྲིལ་བ་ལྟར་འདུག་པར་འདོད་པ་རྣམས་ཀྱིས། རྩ་ནང་གི་བྱང་ཆུབ་ཀྱི་སེམས་ཐིག་ལེ་རེ་རེ་ལ་རྩ་མང་པོས་དཀྲིས་ཏེ་གནས་པ་དེ་རྟོགས་པ་ཡིན་ནོ། །སྐྲ་ཤད་འཛིངས་པ་ལྟ་བུར་འདོད་པ་རྣམས་ཀྱི་རྩའི་འབྲེལ་རྟོགས་པ་སྟེ། རྩ་རྣམས་ཐམས་ཅད་ཕར་འབྲེལ་ཚུར་འབྲེལ་དུ་གནས་པ་དེ་རྟོགས་པའོ། །ཞེས་གསུང་ངོ༌། །བྱེ་བྲག་འཁོར་ལོ་རྣམས་ཀྱི་གནས་ཚུལ་ནི། རྩ་བའི་འཁོར་ལོའི་གཙོ་བོ་བཞི་སྔར་བཤད་པ་དང༌། དེའི་སྟེང་དུ། རྡོ་རྗེ་ཕྲེང་བའི་རྒྱུད་ལས་སྨིན་མཚམས་རླུང་གི་འཁོར་ལོ་ཞེས་བྱ་བ་རྩིབས་དྲུག་པ་ཅིག་དང༌། མེའི་འཁོར་ལོ་ཞེས་བྱ་བ་མགྲིན་པའི་འོག་ན་རྩིབས་གསུམ་པ་ཅིག་ཡོད་དེ་འཁོར་ལོ་དྲུག་བཤད་ཅིང༌། ལྟེ་བ་
ནས་འོག་ཏུ་སོར་བཞི་གཞལ་བ་ན། རྩ་རླུང་དབང་འཁྱིལ་བ་ཞེས་བྱ་བ་ཁྲག་གི་དྭངས་མ་གནས་ཤིང་སྦྲུལ་འཁྱིལ་བའི་དབྱིབས་ཅན་དུ་ཡོད། དེ་ན་རོ་རྐྱང་གཉིས་ཀྱི་ཡལ་ག་དབུ་མར་ཟུག་ཅིང་ཐིམ་པ་ཁུ་ཁྲག་འཕེན་སྡོམ་གྱི་བྱ་བ་བྱེད་པ་དེ་ཡིན་ཞིང༌། དབུ་མའི་མས་སྣ་ཐིག་ལེ་འབབ་པ་རྩ་དུང་ཅན་མ་ཡང་འདི་ནས་མགོ་རྩོམ། ཀླུ་དབང་འཁྱིལ་བ་འདི་ལ། མ་རྒྱུད་ནས་མེའི་འཁོར་ལོ་ཞེས་གསུངས། གསང་གནས་ན་རྩའི་རྒྱལ་པོ་བ་ལང་མིག་ཅེས་བྱ་བ་ཡོད་པ་ནི་འཁོར་ལོའི་ལྟེ་བ་ཡིན་ལ། གསང་གནས་ཀྱི་རྩ་འདབ་ཀྱང་སུམ་ཅུ་རྩ་གཉིས་དང༌། རྡོ་རྗེ་སྐེད་པའི་འཁོར་ལོ་རྩ་འདབ་བརྒྱད་པར་བཤད་ཅིང༌། བླ་མ་སྔ་མ་རྣམས་རྡོ་རྗེའི་སྐེད་པའི་འཁོར་ལོ་རྩ་རིན་པོ་ཆེའི་གཞལ་ཡས་ཁང་ངམ་བ་རཎྜ་ཞེས་བྱ་སྟེ་རྩ་འདབ་དྲུག་གོ །གཞུ་ཅན་ཞེས་བྱ་བ་རྩའི་རྒྱལ་པོ་རྡོ་རྗེ་ནོར་བུའི་འཁོར་ལོ་ནི་རྩ་འདབ་གསུམ་པའོ་ཞེས་གསུང་ངོ༌། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་ཀྱང་ཕལ་ཆེར་འདི་དང་འདྲ་བར་གསུངས་སོ། །དེས་ན་སྨིན་མཚམས་སྤྱི་བོ། །མགྲིན་པ། སྙིང་ག་སྟེ་སྟོད་ཀྱི་རྩ་འཁོར་བཞི། ལྟེ་བ། གསང་གནས། རྡོ་རྗེའི་སྐེད་པ། ནོར་བུ་སྟེ་འོག་གི་རྩ་འཁོར་བཞི། རྩ་འཁོར་རེ་རེ་ལ་ཁ་སྟེང་དུ་ལྟ་བའི་ཆ་དང་འོག་ཏུ་ལྟ་བའི་ཆ་གཉིས་གཉིས་ཡོད་པས། ནང་ཚན་འཁོར་ལོ་བཅུ་དྲུག །འཁོར་ལོ་རེ་རེ་ལ་ཡང་རོ་རྐྱང་གཉིས་ཀྱིས་བཅིངས་པའི་སྟོབས་ལས། དབུ་མའི་ནང་སྟེང་འོག་གཉིས་འགགས་པའི་ཆ་ཤས་རེ་རེ་ཡོད་པས།
མདུད་པ་སུམ་ཅུ་རྩ་གཉིས་ཏེ། ཁ་ཅིག་དབུ་མ་དངོས་ལ་མདུད་པ་བཅུ་དྲུག་ལས་མེད་ཀྱང༌། རོ་རྐྱང་གཉིས་ཀྱི་ཆ་ནས་སོ་སོར་བགྲངས་པ་ཡིན་ཟེར་ཏེ། དབུ་མ་ཉིད་ལ་མདུད་པ་སུམ་ཅུ་རྩ་གཉིས་སུ་བཤད་པས་ལུགས་དེ་མི་ལེགས་སོ། །དངོས་སུ་མེད་ན་མིང་སོ་སོར་གསུངས་པ་ཡང་མི་རིགས་པ་ལས། ཡེ་ཤེས་ཐིག་ལེ་ལས་མིང་སུམ་ཅུ་རྩ་གཉིས་གསུངས་ཏེ། དེ་དག་གི་མིང་ནི་གསང་བ་མ། ཟབ་པ་མ། སྲེད་པ་མ། ཕྲ་མོ་མ། བདུད་རྩི་མ། བདུད་རྩི་ཁྲི་མ། དག་པ་མ། བདེ་མ། སྟོབས་ལྡན་མ། ཐབས་མ། ཧྲུད་ཧྲུད་མ། སེར་མ། འོ་རྒྱུན་མ། དགའ་མ། བསྣུན་མ། ཁྲོ་མ། མངར་མ། སྐྱུར་མ། ཁ་མ། བསྐ་མ། ཚྭ་མ། ལན་ཚྭ་མ། རྩུབ་མ། དད་མ། སྟོབས་མ། དགའ་བྱེད་མ། དགའ་སྦྱིན་མ། གཉིད་མ། བཅད་མ། སྐྱེད་མ། ཁོང་ཆུད་མ། ཚེ་མ་རྣམས་སོ། །སྙིང་གའི་ཕྱི་སྐོར་ལས་གཞན་མཐུ་མ་སོགས་རྩ་བརྒྱད་བུ་ག་བརྒྱད་དུ་ཟུག་སྟེ་གནས་སོ། །བུད་མེད་ལ་ཡང་རྩ་འཁོར་བཅུ་དྲུག་ཡོད་དེ། འོན་ཀྱང་གསང་གནས་ཀྱི་གསུམ་ལ། གནས་ཀྱི་ཁྱད་པར་ནི་མི་འདྲ་སྟེ། ཀླུ་དབང་འཁྱིལ་བའི་འོག་ཁོ་ནར་མིའི་སྣ་ཞེས་བྱ་བའི་རྩའི་རྩ་བ་ཡོད་དེ། ངོ་བོ་ནི་དབུ་མའི་མས་སྣ་ཉིད་ཡིན་ནོ། །དེ་ཉིད་དུ་བདེ་སྐྱོང་འཁོར་ལོའི་འདབ་མའི་རྩ་བ་རྣམས་གྱེས་ཤིང༌། །འདབ་མའི་རྩེ་མོ་རྣམས་ནི་ཆུ་སྐྱེས་ཀྱི་རནྚའི་རྩེ་མོའི་བར་དུ་ཡང་ཁྱབ་པ་ཡིན་ནོ། །ན་ར་ན་སི་ཀ་དེའི་སོར་གཅིག་
ཙམ་གཞལ་བའི་གནས་ན་རྩ་འདབ་བརྒྱད་པའི་འཁོར་ལོ་ཡོད་ལ། དེ་ལས་འོག་ཏུ་ཅུང་ཟད་སོང་བ་ན་ཟེ་འབྲུ་སྟེ། དེ་ལ་འཁོར་ལོ་རྩིབས་གསུམ་མོ། །དེས་ན་འཁོར་ལོ་གསུམ་པོ་དེ་གཅིག་གི་ནང་དུ་གཅིག་ཆུག་པའི་ཚུལ་དུ་ཡོད་དོ། །གསུམ་པ་ནི་རྩ་སོ་གཉིས་འདི་དག་ཁ་ཅིག་སྤྱིའི་རྩ་འདབ་སོ་གཉིས་ཡིན་ཟེར་བ་དང༌། འགའ་ཞིག་གསང་གནས་ཀྱི་སོ་གཉིས་ཞེས་འདོད་པ་ནི་མི་འཐད་དེ། རོ་རྐྱང་དབུ་མ་གསུམ་འདིར་བགྲངས་པའི་ཕྱིར། ཁ་ཅིག་རྩ་ཉེར་བཞིའི་སྟེང་དུ་སྙིང་གའི་ཕྱི་སྐོར་བགྲོང་བའང་ཡོད་དེ་མ་ཡིན་ནོ། །འོན་ཀྱང་ཐིག་ལེ་འབར་འཛག་གི་ཚེ་སྤྱི་བོའི་རྩ་འདས་སོ་གཉིས་ལས། ཁམས་སོ་གཉིས་འབབ་པར་འགྱུར་ཏེ། རྩ་སོ་གཉིས་དང་འབྲེལ་བའི་ནུས་པས་དེ་དེའི་ཁམས་དེ་དག་ནས་འབབ་པ་དང༌། གསང་བའི་སོ་གཉིས་པོ་ལའང་དེ་ལྟ་བུའི་ཆ་ཤས་ཡོད་པས། རྒྱུད་ལ་ལར་སྤྱི་བོ་དང་ལ་ལར་གསང་བའི་རྩ་འདབ་རྣམས་ཁམས་སོ་གཉིས་འབབ་པའི་རྩ་སོ་གཉིས་ཞེས་གསུངས། སཾ་པུ་ཊིར། སྦས་པའི་རྩ་ལྔ་གསུངས་པ་ཡང་སུམ་སྐོར་མ་སོགས་བཞི། རྩ་ཆུ་ཤིང་མེ་ཏོག་དང་ལྔ་སྟེ། སུམ་ཅུ་རྩ་བདུན་དུ་བྱེད་ན། ཆུ་ཤིང་མེ་ཏོག་དབུ་མ་ལས་ལོགས་སུ་མི་བགྲང༌། རོ་རྐྱང་དབུ་མ་བསྡུད་འབྲལ་བཞི་གཅིག་ཏུ་བསྡོམས་ནས་བུ་ག་བརྒྱད་དམ་སྙིང་གའི་ཕྱིའི་བརྒྱད་བསྣན་པས་སོ་བདུན་དུ་བྱེད་པ་ནཱ་རོ་པའི་ལུགས་ཡིན་གསུངས་ཏེ། སོ་བདུན་དང་སྦས་པའི་རྩ་ལྔ་བགྲང་ཚུལ་འདི་ཁོ་ན་རྣམ་པར་དག་པའོ། །སྦས་པའི་དོན་
ཤིན་ཏུ་ཟབ་ཅིང་གསང་བའི་དོན་ཡིན་གྱི། སྙིང་དབུས་སུ་སྦས་པ་དང༌། རྩ་རྒྱུད་དུ་སྦས་པ་ལ་འཆད་པ་ནི་ལེགས་པར་མ་མཐོང་ངོ༌། །བཞི་པ་དེ་དག་ལྷ་ལྷ་མོ་དང་སྦྱར་བ་ནི། རོ་རྐྱང་དབུ་མ་གསུམ་རྡོ་རྗེ་ཕག་མོ་དང༌། སུམ་སྐོར་མ་སོགས་ཕྱོགས་ཀྱི་བཞི་རྡོ་རྗེ་མཁའ་འགྲོ་མ་སོགས་ལྷ་མོ་བཞི་སྟེ། དེ་དག་ནས་རླུང་མ་གཏོགས་ཁམས་གཙོ་བོར་མི་འབབ་པ་དང༌། བུ་ག་བརྒྱད་ཀྱི་རྩ་རྣམས་ཀྱང་ཁམས་དྭངས་མ་གཙོ་བོར་མི་འབྱུང་བས་སྙིགས་མ་ཙམ་འབབ་མོད། གཙོ་བོར་མ་བཞག་པར་དེ་དག་ནས་ཡན་ལག་གི་རླུང་རྣམས་གཙོ་བོར་འབབ་པ་སྒོ་མཚམས་མ་བརྒྱད་དེ། དེ་ལྟར་བཅུ་གཉིས་སྦྱངས་གཞིའི་སྐབས་དྭངས་མ་མི་འབབ། བསྐྱེད་རིམ་སྐབས་ཡབ་ཀྱིས་མ་འཁྱུད་པའོ། ཁུ་ཁྲག་འདྲེས་པ་རླུང་གསུམ་ཆ་མཉམ་འབབ་པ་ནི། ཁམས་མུན་པ་ཐུགས་ཀྱི་ཆོས་ཡིན་པས་ཐུགས་འཁོར་བ་དང༌། རྡུལ་འབབ་པའི་རྩ་བརྒྱད་ཁམས་གསུང་གི་ཆོས་ཡིན་པས་གསུང་འཁོར་བ་དང༌། ཁུ་བ་འབབ་པའི་རྩ་བརྒྱད་ཁམས་སྐུའི་ཆོས་ཡིན་པས་སྐུ་འཁོར་བའི་ལྷ་དང༌། སྦྱོར་བ་ཁམས་དཔའ་བོ་དང༌། རྩ་ལྷ་མོའི་དག་པ་ཡིན་པས་རྩ་འདི་དག་ནས་དྭངས་མ་འབབ་པས་ཡབ་ཡུམ་གཉིས་སྦྱོར་བའི་དག་པའོ། །བསྡུད་འབྲལ་མར་ནི་འཆི་བའི་ཚེ་ལམ་བསྒོམ་པའི་སྟོབས་མ་ཡིན་པར་གཞི་དུས་སུ་རླུང་དང་ཁམས་མི་འབབ། རང་གི་ངོ་སྐལ་དེ་རྩ་གཞན་དུ་གྱུར་བའི་གེགས་ཀྱང་བྱེད་པས་དུས་མིན་གྱི་འཆི་བ་དང་རྒས་པ་དང་རྒུད་པ་སོགས་བསྐྱེད་པས་འཆི་བའི་རྩ་ཞེས་བྱ། དེས་ན་འདི་ལ་ཐབས་ཀྱི་ཆ་མེད་པས་ལྷ་མོ་བཅོ་
ལྔའི་དག་པ་ལ་མི་སྦྱོར་བར་ཀྱཻ་རྡོར་ལས། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་བས་ཀུན་གྱི་ལྷག་མ་སྤངས། །ཞེས་གསུངས། འདིར་ཡང་འཇིགས་མེད་འབྱུང་གནས་ཀྱིས་མན་ངག་སྙེ་མར། དེ་དང་འདྲ་བར་གསུངས་ཏེ། ཐ་མལ་པའི་དེ་ལ་དག་པ་མི་སྦྱོར། ལམ་སྒོམ་པའི་ཚེ་དེ་ཡང་ལྟེ་བ་ནས་བརྩམས་ཏེ། རིམ་པས་བྱང་ཆུབ་སེམས་ཀྱི་གང་བས་འཆི་བ་དང་རྒས་པ་དང་རྒུད་པ་སེལ་བས་ཏེ། རྡོ་རྗེ་ཕག་མོར་འགྱུར་བར་གསུངས་པ་ལྟར་ཡིན་ནོ། །གཞན་ཡང༌། རྡོ་རྗེ་སྙིང་འགྲེལ་ལས། བ་སྤུའི་ཁུང་བུའི་གྲངས་ཉིད་ཀྱི། །རྩ་ནི་བྱེ་བ་ཕྱེད་དང་བཞི། །ཞེས་གསུངས་པས་རྩའི་རྣམ་གཞག་མཐའ་དག་པར་སུ་ཞིག་གིས་བརྗོད་པར་བྱེད། གཉིས་པ་ལ་རླུང་དང་ཐིག་ལེའི་རྣམ་གཞག་གཉིས་ལས། དང་པོ་ནི། སྤྱིར་གསང་འདུས་རྡོ་རྗེ་ཕྲེང་བ་ནས་རླུང་བརྒྱ་རྩ་བརྒྱད་ཀྱི་རྣམ་གཞག་གསུངས་པ། རང་བཞིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་བསྐྱེད་ཚུན་གྱི་སྒོ་ནས་ཕྱེ་བ་ཡིན་ཏེ། རྣམ་རྟོག་དང་རྣམ་པ་མཐུན་པའི་མིང་བཏང་བཟུང་ལ་སོགས་པ་བཏགས་པ་ཡིན་ཞེས་འགའ་ཞིག་གསུང་ལ། འགའ་ཞིག་འཁོར་ལོ་སོ་སོར་རླུང་རྒྱུ་བའི་ཚུལ་གྱིས་དབྱེ་བ་ཡིན་ཏེ། འཁོར་ལོ་བཞི། སྨིན་མཚམས་རླུང་གི་འཁོར་ལོ། །མགྲིན་འོག་མེའི་འཁོར་ལོ་སྟེ། འཁོར་ལོ་དྲུག་ཏུ་ཁྱབ་བྱེད་མ་གཏོགས་པའི་རླུང་དགུ་དགུ་རྒྱུ་བས་ལྔ་བཅུ་རྩ་བཞི་ཡིན་ལ། དེ་ཡང་ཉིན་མཚན་གཉིས་ཀྱིས་དབྱེ་བས་བརྒྱ་རྩ་བརྒྱད་ཡིན་ཞེས་
འཆད་པ་ཡང་ཡོད་དོ། །འོན་ཀྱང་རེ་ཞིག་དེ་རྣམས་ཀྱི་དཔྱད་པ་བོར་ཏེ། རྩ་ཇི་ཙམ་པ་དེ་ཙམ་གྱི་རླུང་ཡོད་མོད་ཀྱི། བསྡུ་ན་རླུང་བཅུར་འདུ་སྡེ། རྩ་བའི་རླུང་ལྔ་དང༌། ཡན་ལག་གི་རླུང་ལྔའོ། །སངས་རྒྱས་མཉམ་སྦྱོར་ལས། ཀོ་ཊ་ཀྵ་ལ་སོགས་པའི་མིང་གིས་བསྟན་ཞྀང༌། དགོངས་པ་ལུང་སྟོན་དང༌། དུས་ཀྱི་འཁོར་ལོས་ལས། ཀླུ་ལ་སོགས་པའི་མིང་གིས་བསྟན་ནོ། །རྡོ་རྗེ་སྒོ་ནས། རྒྱུ་བ་དང་རབ་ཏུ་རྒྱུ་བ་ལ་སོགས་པས་བསྟན། དུས་ཀྱི་འཁོར་ལོ་ལས་བྱ་བ་བྱེད་ཚུལ་མི་འདྲ་བར་གསུངས་སོ། སྐབས་འདིར་དེ་དག་བཤད་པ་ལ་རླུང་གི་སྒོ་བརྟན་པ་དང༌། རླུང་དངོས་བཤད་པའོ། །དང་པོ་ལ། སྟེང་འོག་གི་སྒོ་གཉིས་དང༌། སྐུ་གསུང་ཐུགས་ཀྱི་སྒོ་གསུམ་མོ། །དང་པོ་ནི། ཁ་སྦྱོར་ལས། སྟེང་གི་སྒོ་དང་འོག་ཉིད་དེ། འོག་གི་སྒོ་ནི་རྣམ་པར་ཤེས། སྟེང་གི་སྒོ་ནི་དབྱིངས་ཉིད་དོ། །ཞེས་གསུངས་ཏེ། གཞི་དུས་སུ་སྟེང་གི་སྒོ་ནི་རོ་མ། འོག་གི་སྒོ་ནི་རྐྱང་མའི་སྒོ་སྟེ། རླུང་ཕྱིར་འགྲོ་བའི་ཚེ་གསང་བ་ནས་སྨིན་མཚམས་ཀྱི་བར་དུ་འགྲོ་བ་ཡང་རོ་མ་ལ་ལྟོས་ཏེ་འགྲོ་བའི་ཕྱིར། སྟེང་གི་སྒོར་བཞག་ལ། དེ་ཡང་འཆི་བ་སོགས་བཀྲ་མི་ཤིས་པ་བསྐྱེད་པ་དང༌། མདངས་ཟད་པར་བྱེད་པ་ཅན་ཡིན་པས་སྟོང་པ་དང་མཐུན་པའི་ཕྱིར་དབྱིངས་ཞེས་གསུངས། རླུང་ནང་དུ་འོང་བའི་ཚེ་སྨིན་མཚམས་ནས་གསང་བའི་བར་དུ་འཇུག་པ་རྐྱང་མ་ལ་ལྟོས་ནས་འཇུག་པའི་ཕྱིར་དེ་འོག་གི་སྒོར་བཞག་སྟེ། ཚེ་རིང་བ་སོགས་དགེ་ལེགས་
དང༌། མདངས་རྒྱས་པ་དང་རྣམ་རྟོག་སྐྱེད་པར་བྱེད་པའི་ཕྱིར་ཡེ་ཤེས་ཞེས་བཏགས། ལམ་སྒོམ་པའི་ཚེ། སྟེང་གི་སྒོ་ནས་སྨིན་མཚམས་ཀྱི་དབུ་མའི་ཡས་སྣ་དང༌། འོག་གི་སྒོ་ནས་རྡོ་རྗེ་དང༌། ཟེ་འབྲུ་ལ་གནས་པ་དབུ་མའི་མར་རྩའི་སྒོའོ། །དབྱིངས་ནི་སྟོང་པ་ཉིད་བསྐྱེད་པ་དང༌། ཡེ་ཤེས་ནི་བདེ་གསལ་བསྐྱེད་པའོ། །རྒྱུད་འདིར་སྟེང་འོག་གི་སྒོ་མི་འདྲ་བ་གཉིས་གསུངས་པའི་ཕྱི་མ་ཐུགས་ཀྱི་སྒོ་གཉིས་ཡིན་པས་འདི་གཉིས་བསྲེས་ན་རྒྱུན་ཚིག་འཆད་པ་ལ་ལྷག་ཆད་ནོར་བའི་སྐྱོན་གསུམ་ཆར་འཇུག་གོ །གཉིས་པ་ལ། སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྐུ་གཉིས་རྣམས་ཡོད་པའི་དང་པོ་ནི། ཁ་སྦྱོར་གྱི་ལུང་དཔྱོད་ཐིག་ཏུ་དྲངས་པ། ཀ་བ་གཅིག་པོ་སྒོ་དགུ་པ། །ལྷག་པའི་ལྷ་ནི་སྦོམ་པོ་ལྔ། །བུ་ག་དགུར་ནི་གྱུར་པའི་སྒོ། །རྣམ་པ་དགུར་ནི་ཡོངས་སུ་གྲགས། །ཞེས་སོགས་གསུངས་ཏེ། ཀ་བ་གཅིག་ནི་དབུ་མ། སྒོ་དགུ་ནི་བུ་ག་དགུ། སྦོམ་པོ་ལྔ་ནི་ཕུང་པོའི་ལྔའི་རླུང༌། ལྷག་པའི་ལྷ་ནི་འབྱུང་བ་བཞིའི་རླུང་སྟེ། དེ་ཡང་སྲོག་གི་རླུང་གཅིག་པུ་ཉིད་ལས། བྱེད་ལས་ཀྱི་དབང་གིས་ཕུང་ཁམས་དགུའི་རླུང་དུ་བཞག་པ་ཡིན་ནོ། །དེས་ན་ལུས་འགྲུབ་པར་བྱེད་པའི་རླུང་རྣམས་འགྲོ་འོང་བྱེད་པའི་སྒོའི་གཙོ་བོ་ནི་བུ་ག་དགུ་སྟེ་སྐུའི་སྒོ་དགུའོ། །གཉིས་པ་ནི། སྙིང་ག་ཆོས་འཁོར་གྱི་ཕྱོགས་ཀྱི་རྩ་འདབ་བཞིའི་སྒོ་སྟེ། ཤར་ནས་ཆུ་རླུང༌། བྱང་ནས་རླུང་གི་རླུང༌། ནུབ་ནས་མེའི་
རླུང༌། ལྷོ་ནས་སའི་རླུང་སྟེ་ངག་ཚིག་འགྲུབ་པར་བྱེད་པའི་རླུང་འགྲོ་འོང་བྱེད་པས་གསུང་གི་སྒོ་བཞི་ཞེས་གྲགས། གསུམ་པ་ནི། སྙིང་ག་དང་ལྟེ་བའི་དབུ་མའི་རྩ་མདུད་གཉིས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཐུར་འབྱུང་འཇུག་བྱེད་པའི་སྒོ་གླེག་ལྟ་བུ་ཡིན་ལ། འཁོར་ལོའི་ལྟེ་བ་དེ་ཉིད་ནི་སྒོ་ཡིན་ཏེ། འདིར་སྲོག་གི་རླུང་ནི་སྙིང་གའི་དཔྱིད་དང་འབྲེལ་བས་ཟླ་བའི་རླུང་ཞེས་བྱ། ཐུར་སེར་ལྟེ་བའི་ཐིག་ལེ་དང་མས་སྣའི་གཏུམ་མོ་རྣམས་དང་འབྲེལ་བས་ཉི་མའི་རླུང་ཞེས་བྱ། འདི་སེམས་འཕོ་ཞིང་འཇུག་པའི་དུས་ཀྱི་རླུང་གི་གཙོ་བོ་ཡིན་པས། དེ་རྒྱུ་བའི་སྒོ་ཡིན་པའི་ཕྱིར་དེ་གཉིས་ལའང་ཐུགས་ཀྱི་སྒོ་ཞེས་གསུངས། གོང་དུ་བཤད་པའི་སྟེང་འོག་གི་སྒོ་དེ་གཉིས་ཀྱང་ཐིག་ལེ་འབར་འཛག་གི་ལམ་ཡིན་པས་ཐུགས་ཀྱི་སྒོ་ཞེས་ཐ་སྙད་འདོགས་ཏེ་ཐིག་ལེའི་མིང་གི་རྣམ་གྲངས་ལ་ཡིད་ཅེས་ཀྱང་བྱ་བ་ཡིན་ནོ། །དཔྱིད་ཀྱི་ཐིག་ལེར། གསུམ་པའི་སྒོ་ནི་ཡིད་དང་བཅས། །ཟླ་བ་ཉི་མར་རབ་ཕྱེ་བས། །བཞུག་དང་འབྱུང་བ་ཉིད་ལས་ནི། །སྒོ་ནི་དམ་པ་ཉིད་ཡིན་ཏེ། །ཞེས་གསུངས་སོ། །སྤྱི་གཙུག་གསེར་གྱི་སྒོ་སྟེང་སྒོ་དང༌། སྨིན་མཚམས་གནད་ཀྱི་སྒོ་འོག་གི་སྒོ་གཉིས་ཞེས་བླ་མ་སྔ་མ་འགའ་ཞིག་གསུང་སྟེ། འོན་ཀྱང་སྔ་མ་ལྟར་འཐད་དོ། །གཉིས་པ་ནི། རྩ་བའི་རླུང་ལྔ་ཡང་ཁམས་ལྔ་སོ་སོ་དང་སྦྱོར་བ་ཡིན་མོད་ཀྱི། བྱ་བ་བྱེད་ནུས་ཀྱི་རླུང་དེ་ཐམས་ཅད་ཀྱི་རྩ་བ་འབྱུང་བཞིའི་རླུང་ཕྲ་བར་གནས་པ་ཡིན་ཏེ། དེ་འབའ་
ཞིག་གིས་ངག་གཙོ་བོར་བསྐྱེད་ཀྱི། ལུས་བསྐྱེད་པའི་མཐུ་ཆུང་བ་ཡིན་ནོ། །དེས་ན་རང་བཞིན་འབྱུང་བཞིའི་རླུང་དང༌། རྣམ་འགྱུར་རླུང་བཅུའོ། །དང་པོ་ནི། གསུང་གི་སྒོ་བཞི་ནས་འབྱུང་བའི་རླུང་རྣམས་ཏེ། དཔྱིད་ཐིག་ཏུ། མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་ཐུགས་ཀྱི་ཀུན་སྤྱོད་ལས། །སྟེང་ལཽགས་ཐད་ཀ་འོག་ཏུ་གནས། །ཞེས་གསུངས་ཏེ། རླུང་རེ་རེ་ཡང་ནང་ཚན་འབྱུང་བ་ཆུང་བ་བཞི་བཞི་དང་བཅས་ཏེ་རྒྱུ། ཇི་ལྟར་རྒྱུ་བའི་ཚུལ་རྣམས་རྩ་བའི་རླུང་བཞིའི་སྐབས་སུ་འཆད་པ་དང་འདྲའོ། །དེས་ན་སྲོག་འཛིན་གྱི་རླུང་ཆུ་ཁམས་ཡིན་ཡང༌། ཆུ་ཁམས་ཀྱི་རླུང་ཐམས་ཅད་སྲོག་འཛིན་ཡིན་པའི་ངེས་པ་མེད་དེ། དཔེར་ན་ཆུ་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་སྐབས་སུ། སྲོག་འཛིན་གཙོ་བོའི་ལས་བྱེད་པ་མ་གཏོགས་རྒྱུ་བ་ནི་རླུང་བཅུ་ཆར་ཡིན་ནོ། །གཉིས་པ་ལ། རླུང་བཅུའི་དབྱེ་བ། གནས། རིགས་གང་ཡིན་པ། བྱེད་ལས། རྒྱུ་བའི་ཚུལ་ལོ། །དང་པོ་ནི། དགོངས་པ་ལུང་སྟོན་པ་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང༌། ཁྱབ་དང་མཉམ་གནས་ཞེས་བྱ་དང༌། ཀླུ་དང་རུས་སྦལ་རྩངས་པ་དང༌། ལྷས་བྱིན་དང་ནི་གཞུ་ལས་རྒྱལ། ཞེས་གསུངས་ཏེ། སྲོག་འཛིན་དང༌། ཐུར་སེལ་དང༌། མཉམ་གནས་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དེ་རྩ་བའི་རླུང་ལྔ། ཀླུ་སྟེ་རྒྱུ་བ་དང༌། རུས་སྦལ་ཏེ་རྣམ་པར་རྒྱུ་བ་དང༌། རྩངས་པ་སྟེ་ཡང་དག་པར་རྒྱུ་བ་དང༌། ལྷས་བྱིན་ཏེ་རབ་ཏུ་རྒྱུ་བ་དང༌། གཞུ་ལས་རྒྱལ་
ལམ་ནོར་ལས་རྒྱལ་ཏེ་ངེས་པར་རྒྱུ་བའོ། །གཉིས་པ་ནི། སྤྱིར་འདི་རྣམས་ལུས་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་གནས་ཀྱང་སོ་སོ་ནི་བྱ་བ་བྱེད་པའི་གནས་ནི། སྲོག་འཛིན་སྙིང་ག་དང༌། ཐུར་སེལ་འདོམ་དང༌། གྱེན་རྒྱུ་མགྲིན་པ་དང༌། མེ་མཉམ་ལྟེ་བ་དང༌། ཁྱབ་བྱེད་སྤྱི་བོ་ནས་བརྩམས་ཏེ་ཚིགས་ཐམས་ཅད་ལ་ཁྱབ་པར་བྱེད་དོ། །རྒྱུ་བ་ནི་མིགརྣམ་པར་རྒྱུ་བ་ནི་རྣ་བ། ཡང་དག་པར་རྒྱུ་བ་ནི་སྣ། རབ་ཏུ་རྒྱུ་བ་ནི་ལྕེ། ངེས་པར་རྒྱུ་བ་ནི་ལུས་ཐམས་ཅད་ལ་གནས་སོ། །རླུང་དེ་དག་སྙིང་གའི་རྩའམ། དོན་སྣོད་ལ་གནས་པའི་ཚེ་ནི་ཀླུ་ལ་སོགས་པར་མིང་བཏགས་པ་སྟེ། སྙེ་མ་སྦྲུལ་འཁྱིལ་བ་འདྲ་བ་ལ་གནས་པས་ཀླུ་དང༌། མཆིན་པ་རུས་སྦལ་འདྲ་བ་ལ་གནས་པས་རུལ་སྦལ་དང༌། གློ་བ་རྩངས་པ་འདྲ་བ་ལ་གནས་པས་རྩངས་པ་དང༌། སྙིང་ལྷས་བྱིན་གྱི་བུ་མོ་གོ་ཟུ་དཀར་པོ་གྱོན་པ་འདྲ་བ་ལ་གནས་པས་ལྷས་བྱིན་དང༌། མཁལ་མ་གཞུའི་དབྱིབས་འདྲ་བ་ལ་གནས་པས་གཞུ་ལས་རྒྱལ་ཞེས་བཏགས་པར་མཁས་གྲུབ་ཆེན་པོ་འགོས་ལོ་ཙ་བ་ལྷས་བཙས་བཞེད་དོ། །གསུམ་པ་ནི། སྲོག་འཛིན་རྡོ་རྗེ་མགོན་པོ་མི་བསྐྱོད་པ། ཐུར་སེལ་རིན་ཆེན་མགོན་པོ་རིན་འབྱུང༌། །གྱེན་རྒྱུ་པདྨའི་མགོན་པོ་འོད་དཔག་མེད། །མེ་མཉམ་ལས་ཀྱི་མགོན་པོ་དོན་གྲུབ། ཁྱབ་བྱེད་སངས་རྒྱས་མགོན་པོ་རྣམ་སྣང་ངོ༌། །ཡན་ལག་གི་རླུང་རྣམས་ལ་གསལ་བར་མ་བཤད་ཀྱང་རིགས་ཀྱི་དབྱེ་བ་སྦྱར་ན། རྒྱུ་བ་རྣམ་སྣང༌། རྣམ་པར་རྒྱུ་བ་མི་བསྐྱོད་པ། ཡང་དག་པར་རྒྱུ་བ་རིན་འབྱུང༌། རབ་ཏུ་རྒྱུ་བ་འོད་དཔག་མེད། ངེས་པར་རྒྱུ་བ་དོན་
གྲུབ་ཀྱི་རིགས་སོ། །འབྱུང་བ་ཆེན་པོའི་རླུང་རྣམས་ཀྱི་ནང་ཚན་འབྱུང་ཆུང་བཞི་བཞི་ཡོད་པ་རྣམས་ནི། ལྷ་མོ་བཞིས་བསྡུས་པ་ཡིན་ཞིང༌། སྲོག་འཛིན་མི་བསྐྱོད་པའི་རིགས་སུ་བསྟན་པ་བཞིན་དུ་ཆུའི་རླུང་ཡིན་ཚད་རིགས་ཆེན་རིགས་ཆུང་གང་ལ་ལྟོས་ནས་ཡིན་ཡང་མི་བསྐྱོད་པའི་རིགས་སུ་འོང་ངོ༌། །དེས་གཞན་རྣམས་ཀྱང་ཤེས་པར་བྱའོ། །དེས་ན་མཱ་མ་ཀིའི་རླུང་རིགས་ཆུང་གི་མི་བསྐྱོད་པ་དང༌། གོས་དཀར་མོའི་རླུང་རིགས་ཆུང་གི་འོད་དཔག་མེད་ཡིན་པ་སོགས་ཞིབ་མོར་ཤེས་པ་བྱ་ལ། ཡན་ལག་གི་རླུང་རྣམས་རིགས་ལྔར་བསྡུས་པ་ཡང༌། རིགས་ཆེན་གྱི་དབང་དུ་བྱས་ན། ལྔའི་བདག་ཉིད་བཅུ་མིང་ཅན། ཞེས་རླུང་ལྔའི་བདག་ཉིད་དུ་མ་འདུས་པ་མེད་ཀྱང༌། སྲོག་འཛིན་གྱི་ཆ་ཤས་དབང་པོ་སོ་སོ་ལ་གནས་ནས་ཡུལ་ལྔ་འཛིན་པའི་བྱ་བ་བྱེད་པ་རྣམས་བྱེད་ལས་ཀྱི་ཁྱད་པར་གྱི་སྲོག་འཛིན་གྱི་རླུང་བྱིངས་ལས་ལོགས་སུ་བཀར་ཏེ་ཡན་ལག་གི་རླུང་ལྔའི་ཐ་སྙད་བྱས་པར་གསུངས་པས་མི་བསྐྱོད་པའི་རིགས་ཡིན་ཀྱང༌། རིགས་ཆུང་གི་དབང་དུ་བྱས་ན། མིག་སའི་སྙིང་པོ་རྣམ་སྣང་དང༌། རྣ་བ་ཕྱག་རྡོར་མི་བསྐྱོད་པ་དང༌། སྣ་ནམ་མཁའི་སྙིང་པོ་རིན་འབྱུང་དང༌། ལྕེ་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་དང༌། ལུས་སྒྲིབ་པ་རྣམ་སེལ་དོན་གྲུབ་ཀྱི་རིགས་ཡིན་པས། རྟཻན་དབང་པོའི་རིགས་ཀྱིས་བརྟེན་པ་རླུང་ལ་རྒྱས་བཏབ་པ་ཡིན་ནོ། །ཕལ་ཆེར་དུ་རིགས་ཆེན་རྣམས་གཙོ་ཆེ་བ་ཡིན་ཀྱང༌། འགའ་ཞིག་ཏུ་རིགས་
ཆུང་གཙོ་ཆེ་བ་ཡང་ཡོད་དོ། །བཞི་པ་ནི། སྲོག་འཛིན་གྱི་རླུང་གིས་ཚེ་གནས་པ་དང་སྟེང་གི་སྣ་སྒོར་རྒྱུ་བའི་ལས་བྱེད། ཐུར་སེལ་གྱི་རླུང་གིས་བཤང་གཅི་ཁུ་བ་འཕེན་སྡོམ་གྱི་ལས་བྱེད། མེ་མཉམ་གྱིས་ཟས་ཀྱི་དྭངས་མ་ལུས་ལ་ཁྱབ་པ་དང༌། ཟས་དྭངས་སྙིགས་འབྱེད་ཅིང་འཇུ་བར་བྱེད་པ་གཏུམ་མོའི་མེ་སྦོར་བར་བྱེད། གྱེན་རྒྱུས་ཟ་བ་དང་མྱང་བ་དང་སྐྱུག་པ་དང་སྨྲ་བ་དང་རླུང་གཞན་རྣམས་གྱེན་དུ་གཡོ་བ་ལ་སོགས་པའི་ལས་བྱེད། ཁྱབ་བྱེད་ཀྱིས་ནི་རླུང་གཞན་ཐམས་ཅད་ལུས་ལ་ཁྱབ་པ་དང༌། འགྲོ་བ་ལ་སོགས་པའི་བྱ་བ་བྱེད་ཅིང་ནད་ཀྱང་བསྐྱེད་པར་བྱེད་དོ། །ཡན་ལག་གི་རླུང་ལ། མིག་གི་སྒོ་ནས་རྒྱུ་བ་ཞེས་བྱ་བའི་རླུང་གིས་མིག་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས། འབྲས་བུ་ཡུལ་གཟུགས་འཛིན་པའི་བྱ་བ་བྱེད་པ་ནས་རིམ་པ་བཞིན་དུ་སྦྱར་ཏེ། རྣམ་པར་རྒྱུ་བས་སྒྲ་དང༌། ཡང་དག་པར་རྒྱུ་བས་དྲི་དང༌། རབ་ཏུ་རྒྱུ་བས་རོ་དང༌། ངེས་པར་རྒྱུ་བས་རེག་བྱ་འཛིན་ཞིང་ལུས་ཀྱི་རྣམ་ཤེས་བསྐྱེད་པའི་རྒྱུ་བྱེད་དོ། །ཡང་ཡན་ལག་གི་རླུང་འདི་དག་རྣམས་སྙིང་ག་ནས་རྒྱུ་བའི་ཚེ་ལུས་ཀྱི་གནས་གཞན་དུ་སོང་སྟེ་ལས་སྣ་ཚོགས་པ་འདི་ལྟར་བྱེད་དེ། ཀླུ་ཡིས་སྒྲེགས་པ་དང༌། རུས་སྦལ་གྱིས་ཡན་ལག་བརྐྱང་བསྐུམ་དང༌། རྩངས་པས་ཁྲོ་ཞིང་སེམས་འཁྲུལ་པ་དང༌། ལྷས་བྱིན་གྱིས་གླལ་པ་དང༌། ནོར་ལས་རྒྱལ་གྱིས་སྲོག་འགགས་ཀྱང་དུས་ཅུང་ཟད་དུ་ལུས་མི་གཏོང་བའི་བྱ་བ་བྱེད་པར་གསུངས་ཤིང༌། གཞན་ཡང་སྙེ་མ་ལ་སོགས་པར་གནས་པ་ན་རླུང་འདི་
དག་འཁྲུགས་པས་དེ་རྣམས་ཀྱི་ནད་བསྐྱེད་པ་དང༌། ལེགས་པར་རྒྱུས་པས་ནད་བྱང་ཞིང་བདེ་བར་གནས་པའི་ལས་བྱེད་དོ། །དེས་ན་རིམ་ལྔ་ལས། ལུས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། འདི་ནི་རྣམ་ཤེས་བཞོན་པ་སྟེ། ལྔའི་བདག་ཉིད་བཅུ་ཡང་ཡིན། །ཞེས་སེམས་ཀྱི་བཞོན་པར་གྱུར་པས་ལམ་དུ་མ་བྱས་ན་རྣམ་པར་རྟོག་པ་ཐམས་ཅད་བསྐྱེད་ཅིང༌། གཟུང་འཛིན་གཉིས་སྣང་གི་བྱ་བ་བྱེད་ལ། ལེགས་པར་བཅིངས་པས་ལམ་དུ་བྱས་ན་གཉིས་སྣང་འགགས་ཤིང༌། བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་དེ་འཁོར་བའི་རྩ་བ་གཅོད་པར་བྱེད་པ་ཡིན་ནོ། །གཞན་ཡང་དགེ་བ་དང་མི་དགེ་བའི་འབྲས་བུ་ཐམས་ཅད་རླུང་གི་མཐུ་ལས་བྱེད་པ་ཡིན་པས་ལས་ཀུན་བྱེད་ཅེས་གསུངས་པ་ཡིན་ནོ། །སྡོམ་འབྱུང་ལས། མེ་ཡིས་འཆི་བ་དག་ཏུ་འགྱུར། །རླུང་གིས་ནོར་རྣམས་ཟད་པར་བྱེད། །དབང་ཆེན་གྱིས་ནི་རྒྱལ་སྲིད་འགྱུར། །ཆུ་ཡིས་དོན་རྣམས་ཡང་དག་འབྱུང༌། །མེ་ལ་རླུང་གང་རྒྱུ་བ་ལ། །བཀྲེས་སྐཽམ་ངལ་དུབ་ཟུག་གཟེར་དང༌། །བྱ་བ་ཐམས་ཅད་ཉམས་པར་བྱེད། །ཅེས་གསུངས་རྡོ་རྗེ་འཛིན་པ་མཆོག །རླུང་ལ་རྩོད་དང་སྐྱོ་དང་འཁྲུལ། །ཉོན་མོངས་པ་དང་དོན་ཉམས་བྱེད། །དབང་ཆེན་ནོར་དང་འབྲུ་ལ་སོགས། །རྙེད་པ་ཐོབ་པ་སྡུད་པར་བྱེད། །ཆུའི་རླུང་ནི་རྒྱུ་བ་ན། །འདོད་པ་ཐམས་ཅད་གྲུབ་པར་འགྱུར། །ཞེས་མེ་རླུང་གིས་འཆི་བ་དང་བཀྲེས་སྐོམ་ལ་སོགས་པ་བྱེད།
རླུང་གི་རླུང་གིས་དབུལ་བ་དང་རྩོད་པ་དང་སྨྱོ་བ་ལ་སོགས་པ་བྱེད། ས་རླུང་གིས་རྒྱལ་སྲིད་དང་དབང་ཐང་དང་ལོངས་སྤྱོད་ཐོབ་པར་བྱེད། ཆུ་རླུང་གིས་དོན་ཐམས་ཅད་འགྲུབ་པར་གསུངས་སོ། །ལྔ་པ་ལ་ཇི་ལྟར་རྒྱུ་བའི་ཚུལ་དང༌། ཁྱད་པར་འཕོ་བའི་རྣམ་གཞག་གོ །དང་པོ་ལ་ཁམས་ཀྱི་དབྱེ་བ་སྤྱི་དང༌། ཁྱད་པར་འབྱུང་འཇུག་གི་དབྱེ་བའོ། །དང་པོ་ལ། སྡོམ་འབྱུང་ལས། གཡས་ནས་འཐོན་པའི་འོད་ཟེར་ནི། །མེའི་དཀྱིལ་འཁོར་ལ་རྒྱུ་བ། །ཛ་བའི་མེ་ཏོག་དང་མཚུངས་པ། །དེའི་ལྷ་ནི་འོད་དཔག་མེད། །གཡོན་ནས་རྣམ་རྒྱུའི་འོད་ཟེར་ནི། །རླུང་གི་དཀྱིལ་འཁོར་ལ་རྟག་ཏུ། ཁ་དོག་ལྗང་ཁུ་དང་མཚུངས་པ། །དེ་ཡི་ལྷ་ནི་དོན་ཡོད་དོ། །གཉིས་ནས་རྣམ་རྒྱུའི་འོད་ཟེར་ནི། །གསེར་གྱི་འོད་དང་མཚུངས་པ་སྟེ། །དབང་ཆེན་དཀྱིལ་འཁོར་ལ་རྒྱུ་རླུང༌། །ཐམས་ཅད་ཚེ་ན་རིན་ཆེན་འབྱུང༌། །འོག་ནས་དལ་བུ་རབ་རྒྱུ་བ། །དཀར་པོ་ཀུན་ད་ཟླ་བ་མཚུངས། །ཆུ་ཡི་དཀྱིལ་འཁོར་ལ་རྒྱུ་བ། །འོད་ཆེན་རྡོ་རྗེ་མགོན་པོའོ། །ལུས་ཀུན་ལ་ནི་རྗེས་འགྲོའི་རླུང༌། །སེམས་ཀུན་རབ་ཏུ་འཇུག་བྱེད་པ། །རྣམ་པར་སྣང་མཛད་རང་བཞིན་དུ། །རླུང་ཆེན་དེ་ནི་རབ་ཏུ་གྲགས། ཞེས་གསུངས་ཤིང༌། རྡོ་རྗེ་ཕྲེང་བར། ཕལ་ཆེར་འདི་དང་འདྲ་བ་ལ། ལྔ་པའི་སྐབས་སུ། འཆི་བའི་ལུས་ལས་འབྱུང་བར་འགྱུར། །ཞེས་གསུངས་ཏེ། དེ་ལ་གཉིས་ལས། སྒོ་གང་ནས་གྲངས་ཇི་ཙམ་རྒྱུ་བ་ནི། ཁྱབ་བྱེད་ཀྱི་རླུང་འཆི་བའི་ཚེ་དགུ་བརྒྱ་པ་ཕྲག་གཅིག་མ་གཏོགས་
དངོས་སུ་གཙོ་བོ་བྱས་ཏེ་སྣ་སྒོ་ནས་མི་རྒྱུ་སྟེ། རླུང་གཞན་བཞི་པོའི་འཁོར་གྱི་ཚུལ་དུ་འདྲེས་པས་ནི་ཅི་རིགས་པ་རྒྱུ་ལ། དེ་ཉིད་ཀྱི་དཀྱིལ་འཁོར་རྒྱུ་བ་ལ་དགོངས་ནས། འཆི་བའི་ལུས་ལས་འབྱུང་བར་འགྱུར། ཞེས་གསུངས་པ་ཡིན་ནོ། །གཞན་བཞི་ལ་གཡས་ནས་རྒྱུ་བ་དང༌། གཡོན་ནས་རྒྱུ་བ་དང༌། གཉིས་ཀ་ནས་དྲག་པོར་རྒྱུ་བ་དང༌། གཉིས་ཀ་ནས་དལ་བར་རྒྱུ་བ་སྟེ། གཙོ་བོར་གྱེན་རྒྱུ་དང༌། ཐུར་སེལ་དང༌། མེ་མཉམ་དང༌། སྲོག་རླུང་རྣམས་རིམ་པ་བཞིན་ཡིན་ཏེ། དེ་དག་ཀྱང་གསང་བའི་སྣ་རྩེ་ནས་བྱུང་ནས་ཀུན་རྫོབ་ཀྱི་སྣ་རྩེར་རྒྱུ་བ་ཡང་བཤད་པས་འཁོར་ལོ་སོ་སོ་ཐམས་ཅད་ནས་ཀྱང་རྒྱུ་བ་ཡིན་ལ། གཙོ་བོར་གོང་དུ་བཤད་པ་ལྟར་སོ་སོའི་གནས་ངེས་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། རྡོ་རྗེ་དང༌། པདྨའི་སྣ་རྩེར་རྒྱུ་ཞིང་སྤྱོད་པ་གཙོ་ཆེ་བ་ཡིན་ནོ། །དེ་ལ་དབུགས་ཕྱིར་ལྡང་བ་དང༌། ནང་དུ་འཇུག་པ་དང༌། ཅུང་ཟད་གནས་པའི་ཆ་རྣམས་གཅིག་ཏུ་བསྡོམས་པ་ནི། རླུང་གཅིག་གམ་དབུགས་གཅིག་སྟེ། དེ་ལྟ་བུའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞག་གཅིག་ལ་རྒྱུ་ལ། དེ་ཡང་མགོན་པོ་རེ་རེའི་རླུང་ལ་གྲངས་དགུ་བརྒྱ་པ་རེ་རྒྱུ་ཞིང༌། དགུ་བརྒྱ་དེ་ལ་ཆ་བཞིར་བཏང་ནས་ཉིས་བརྒྱ་ཉེར་ལྔ་པ་རེ་ཡིན་པས། རིགས་ཆེན་མགོན་པོ་དེ་ལ་དབྱེ་ན་རིགས་ཆུང་ལྷ་མོ་བཞི་ཡོད་པ་ཡིན་ནོ། །གཡས་ནས་གྱེན་རྒྱུ་མེའི་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི་པདྨའི་མགོན་པོའི་རྒྱུ་བ་དང༌། གཡོན་ནས་མེ་ཉམས་
རླུང་གི་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ལས་ཀྱི་མགོན་པོའི་རླུང་དང༌། གཉིས་ཀ་ནས་དྲག་ཏུ་ཐུར་སེལ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་རིན་ཆེན་མགོན་པོ་དང༌། གཉིས་ཀ་ནས་རྒྱུ་བ་ཞན་པ་སྲོག་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་རྡོ་རྗེ་མགོན་པོའོ། །དེ་ལྟ་བུ་ཉིན་མོ་ཁོར་གསུམ་དང་མཚན་མོ་ཁོར་གསུམ་རྒྱུའོ། །ལྷ་མོ་རྣམས་ཀྱི་རྒྱུ་བ་ནི་དང་པོ་ལ་དཔེས་མཚོན་ན། འབྱུང་ཆེན་སྤྱི་མེ་རླུང་ཡིན་ཀྱང་ནང་ཚན་ཤས་ཆེ་ཆུང་གི་དབྱེ་བ་བཞི་སྟེ། མེ་རླུང་ཁོ་ན་ཤས་ཆེ་བ་དང་པོར་ཉིས་བརྒྱ་ཉི་ཤུ་རྩ་ལྔ་རྒྱུ་བ་ནི། མེ་གོས་དཀར་མོའི་རྒྱུ་བ་དང༌། དེ་ནས་ནང་ཚན་ཅུང་ཟད་རླུང་ཤས་ཆེ་བ་ཉིས་བརྒྱ་ཉེར་ལྔ་རྒྱུ་བ་ནི་སྒྲོལ་མ་དང༌། ཅུང་ཟད་ས་ཤས་ཆེ་བ་ཉིས་བརྒྱ་ཉེར་ལྔ་རྒྱུ་བ་ནི། སངས་རྒྱས་སྤྱན་མ་དང༌། དེ་ནས་ཅུང་ཟད་ཆུ་ཤས་ཆེ་བ་ཉིས་བརྒྱ་ཉེར་ལྔ་རྒྱུ་བ་ནི་ཆུ་མཱ་མ་ཀིའོ། །འབྱུང་ཆེན་འབྱུང་ཆུང་གི་ཐ་སྙད་ནི། དཔེར་ན་མེ་འབར་བ་ཞིག་གི་རྡུལ་རགས་པ་ཐམས་ཅད་ནི་མེ་རྡུལ་ཡིན་ཏེ་དེ་ནི་འབྱུང་ཆེན་ནོ། །མེ་རྡུལ་རེ་རེ་ཡང་གྲོགས་འབྱུང་བ་ལྷག་མ་གསུམ་གྱི་རྡུལ་དང་ལྷན་ཅིག་གནས་པ་ཁོ་ན་ཡིན་པ་འདི་ནི་འབྱུང་ཆུང་ངོ༌། །དེས་དཀྱིལ་འཁོར་གཞན་རྣམས་ལ་ཡང་རིགས་འགྲེའོ། །དེ་ལྟར་ཡང་དགོངས་པ་ལུང་སྟོན་ལས། གོས་དཀར་ལ་སོགས་ཟླས་བཤད་པ། བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྒྲེས་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་
རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །གཉིས་པ་ཁ་དོག་དང་རྒྱུ་བའི་ཚུལ་ངེས་པ་ནི། རླུང་རྒྱུ་བ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པ་ཡིན་ཀྱང༌། པདྨའི་མགོན་པོ་དམར་པོ་ཤས་ཆེ། ལས་ཀྱི་མགོན་པོ་ནག་པོ་ཤས་ཆེ། འདིར་ལྗང་ཁུ་ཞེས་པ་འགྱུར་ཉེས་པ་ཡིན་ནམ་དཔྱད་དོ། །རིན་ཆེན་མགོན་པོ་སེར་པོ་ཤས་ཆེ། རྡོ་རྗེ་མགོན་པོ་དཀར་པོ་ཤས་ཆེ། ལྷ་མོ་རྣམས་ལ་སྦྱར་ན། སྤྱིར་པདྨའི་མགོན་པོ་མེ་རླུང་དགུ་བརྒྱ་པ་ཕྲག་གཅིག་དམར་པོ་ཤས་ཆེ་བ་ཡིན་པ་དེ་ལ། མེ་རླུང་གི་མེ་གོས་དཀར་མོའི་རྒྱུ་བ་ཤིན་ཏུ་དམར་ཤས་ཆེ་བ་དང༌། མེ་རླུང་གི་རླུང་སྒྲཽལ་མ་ནང་ཚན་དུ་ལྟོས་པའི་ཅུང་ཟད་ནག་ཤས་ཆེ་བ་དང༌། མེ་རླུང་གི་ས་སྤྱན་མ་ཅུང་ཟད་སེར་ཤས་ཆེ་བ་དང༌། མེ་རླུང་གི་ཆུ་མཱ་མ་ཀི་ཅུང་ཟད་དཀར་ཤས་ཆེ་བ་སྟེ། དེས་གཞན་རྣམས་ལ་རིགས་འགྲེའོ། །རྒྱུ་བའི་ཚུལ་ཡང༌། སྟེང་ལོགས་ཐད་ཀ་འོག་ཏུ་གནས། །ཞེས་གསུངས་པ་ལྟར། འབྱུང་ཆེན་གྱི་དབང་དུ་བྱས་ན། མེ་གྱེན་དང༌། རླུང་གྱེན་གསེགས། ཆུ་ཐད་ཀ་དང༌། ས་ཐུར་དུ་རྒྱུ་སྟེ། དེ་ཉིད་ནང་ཚན་དུ་བྱས་པས། དཔེར་ན་གོས་དཀར་མོ་རྒྱུ་བའི་སྐབས་སུ་དམར་པོ་དབུས། ལྗང་ཁུའམ་ནག་པོ་གཡོན། དཀར་པོ་དང་སེར་པོ་འོག །སྔོན་པོ་སྟེང་ལ་རྒྱུའོ། །དེས་མཚོན་ནས་སྒྲོལ་མ་ལ་ལྗང་ཁུའམ་ནག་པོ་དབུས་དང༌། སྤྱན་མ་ལ་
སེར་པོ་དབུས་དང༌། མཱ་མ་ཀི་ལ་དཀར་པོ་དབུས་སུ་འབྱུང་ཞིང༌། དབུས་ཀྱི་ཐ་སྙད་མཛད་པ་ནི་སྣའི་བར་ཀ་ཡིན་ལ། གཡོན་ནི་སྣ་གཤོག་དང༌། འོག་མ་ཆུ་དང༌། སྟེང་སྣ་རྩེ་ཕྱོགས་སོ། །གཉིས་པ་ནི། ཇོ་བོ་ནཱ་རོ་པའི་བཞེད་དོན་བླ་མ་གོང་མའི་བཞེད་པས་གནས་ནི་འབྱུང་བཞིའི་རླུང་སྙིང་གར་གནས་ཀྱང་ལྟེ་བ་ནས་རྒྱུ་སྟེ། ལྟེ་བའི་ཤར་ནས་ཆུ་རླུང་རྒྱུ་བ་ན། སྙིང་གའི་བྱང་མགྲིན་པའི་ནུབ། སྤྱི་བོའི་ལྷོ་ནས་སྣ་བུག་གང་རུང་ལ་རྒྱུ་བ་ཡིན་པར་བཞེད་ལ། གང་ལྟར་འགྲོ་འོང་བྱེད་པའི་རླུང་རྣམས་ཐམས་ཅད་བསྡུ་ན་སྟེང་འོག་ཏུ་འགྲོ་འོང་གཉིས་སུ་འདུ། སྟེང་གི་རླུང་རྣམས་ཕྱིར་འགྲོ་བའི་ཚེ་ལྟེ་བར་ས། སྙིང་གར་ཆུ་མགྲིན་པར་མེ། སྤྱི་བོར་རླུང༌། སྨིན་མཚམས་སུ་ནམ་མཁའི་ཁམས་ཀྱི་རིམ་པས་འགྲོ་བས་འབྱུང་བ་ཐིམ་རིམ་གྱི་ཚུལ་དུ་རྒྱུ་ལ། ནང་དུ་འོང་བའི་ཚེ་དེ་ལས་ཟློག་པས་འབྱུང་བ་སྐྱེ་བའི་རིམ་པའོ། །འོག་གི་དབང་དུ་བྱས་ན་ལྟེ་བར་ལུས་དང། གསང་གནས་སུ་ངག་དང༌། རྡོ་རྗེའམ་གསང་བའི་སྣ་རྩེར་ཡིད་ཀྱི་རིམ་པས་ཏེ། ཕྱིར་འགྲོ་བའི་ཚེ་འདི་ཡང་ཐིམ་རིམ་ཡིན་ལ། ནང་དུ་འོང་བའི་ཚེ་ཡང་སྐྱེ་རིམ་མོ། །སྟེང་དུ་འབྱུང་བའི་ཚེ་ཐུར་སེལ་འཇུག་པ་དང༌། སྟེང་དུ་འཇུག་པའི་ཚེ་ཐུར་སེལ་ལྡང་བ་དང༌། སྟེང་ཕྱིར་གནས་པའི་ཚེ་ཐུར་སེལ་ནང་དུ་གནས་པ་རྣམས་གཞི་དུས་ཀྱི་སྐབས་ཡིན་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་ཐུར་གོང་བུ་གཅིག་ཏུ་བྱེད་པ་ཡིན་ནོ། །གཉིས་པ་རླུང་འཕོ་བའི་རྣམ་གཞག་ལ་བླ་མེད་སྤྱིའི་ལུགས་དང༌། བདེ་དགེས་ནས་སྒོས་སུ་གསུངས་པའི་ལུགས་གཉིས་ལས། དང་པོ་ནི་གོང་དུ་བསྟན་པ་ལྟར། རླུང་དགུ་བརྒྱ་པ་ཕྲག་རེ་ལ་འཕོ་ཆེན་
རེར་བྱས་པ་ཉིན་ཞག་གཅིག་ལ་ཉི་ཤུ་རྩ་བཞི་འབྱུང་བ་ཡིན་ནོ། །དབུགས་ཉིས་བརྒྱ་ཉི་ཤུ་རྩ་པ་རེ་ནི་འཕོ་ཆུང་རེ་སྟེ། འཕོ་ཆེན་རེ་ལ་དེ་འདྲ་བཞི་བཞིར་དབྱེ་བས་ཉིན་ཞག་གཅིག་ལ་འཕོ་ཆུང་དགུ་བཅུ་རྩ་དྲུག་གོ །འཕོ་བའི་དོན་ཡང་འབྱུང་བའི་དཀྱིལ་འཁོར་ཆེ་ཆུང་མི་འདྲ་བ་འཕོས་པ་དང༌། སྣ་བུག་གཡས་གཡོན་གྱི་རྒྱུ་བ་འཕོས་པའི་དོན་ནོ། །གཉིས་པ་ལ། འཁོར་ལོ་སོ་སོའི་འཕོ་བ་དང༌། གནས་ཉི་ཤུ་རྩ་བཞི་འཕོ་བའོ། །དང་པོ་ནི། ཉིན་ཞག་གཅིག་ལ་དབྱུག་གུ་དྲུག་ཅུ་རྩ་བཞི་ཡོད་དེ། ལྟེ་བའི་རྩ་འདབ་རེ་རེ་ནས་དབྱུག་གུ་རེ་རེའི་རླུང་རྒྱུ་བས་དྲུག་ཅུ་རྩ་བཞིའོ། །དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་སུམ་ཅུ་སོ་ཕྱེད་དང་བརྒྱད་དོ། །ཉིན་ཞག་གཅིག་ལ་ཆུ་ཚོད་ནི་སུམ་ཅུ་སོ་གཉིས་ཏེ། སྤྱི་བོའི་རྩ་འདབ་རེ་ནས་ཆུ་ཚོད་རེའི་རླུང་རྒྱུ་སྟེ། དབུགས་དྲུག་བརྒྱ་བདུན་བཅུ་དོན་ལྔ་རེའོ། །ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་དེ་མགྲིན་པའི་རྩ་འདབ་རེ་ནས་འཕོ་བ་རེ་རྒྱུ་སྟེ། དེ་ལ་དབུགས་སུམ་བརྒྱ་ལྔ་བཅུའོ། །ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་ལ། སྙིང་གའི་རྩ་འདབ་རེ་ནས་ཐུན་ཚོད་རེ་རྒྱུ་སྟེ་དེ་ལ་རླུང་ཉིས་སྟོང་བདུན་བརྒྱ་ཡོད་དོ། །འཁོར་ལོ་བཞི་ནས་དེ་རྣམས་དུས་གཅིག་ལ་རྒྱུ་བ་ཡིན་ལ། དུས་འཁོར་ནས་དབྱུག་གུ་དང་ཆུ་ཚོད་གཅིག་ཏུ་བཤད། བདེ་དགེས་ཀྱི་ལུགས་ལ་དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག་ཏུ་མཛད་དེ། བརྡ་ཆད་སོ་སོར་མཛད་པ་ཡིན་པས་མི་འགལ་ལོ། །དེར་མ་ཟད་དབྱུག་
ཚོད་ཆེ་ཆུང་མི་འདྲའོ། །དེས་ལྟེ་བའི་རྩ་འདབ་གཉིས་དང༌། སྤྱི་བོའི་གཅིགདེའི་གཉིས་དང་མགྲིན་པའི་གཅིགདེའི་གཉིས་དང་སྙིང་གའི་གཅིག་རྣམས་མཉམ་མོ། །ཡང་འཕོ་བ་བཅུ་དྲུག་ལ་ནི་མགྲིན་པ་ནས་རྒྱུ་བ་མ་ཡིན་པའི་ལུགས་གཞན་ཡང་སྣང་སྟེ། དཔེར་ན། ཕྱི་ན་རྒྱུ་སྐར་རྣམས་ལ་དབང་བྱེད་པའི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། གཞུ་དང་ཆུ་སྲིན་བུམ་པ་ཉ། ཞེས་ཁྱིམ་བཅུ་གཉིས། དེ་དག་ཏུ་ཉི་མ་དང་ཟླ་བ་ལྷོ་བགྲོད་དང་བྱང་བགྲོད་ཀྱི་ཚུལ་གྱི་རིམ་པས་འཕོའོ། །ལོ་དུས་སུ་ཟླ་བ་གཤོལ་འདོར། ཉི་ཟླ་དུས་སུ་གཟས་འཛིན། དབྱར་དགུན་ལ་སོགས་པ་ནས་བསྐལ་པའི་བར་གྱི་ཚད་འཛིན་པར་བྱེད་དོ། །ནང་དུ་ལྟེ་བའི་གནས་སྐབས་ཀྱི་རླུང་རྒྱུ་ཚུལ་ཏེ། རྒྱུད་སྡེ་འདིའི་བཞེད་པས་དངོས་སུ་རྩ་འདབ་བཅུ་གཉིས་མེད་རུང༌། འཕོ་བ་བཅུ་གཉིས་ཀྱི་རེ་རེ་རྒྱུ་བའི་རྩ་ལ་འདབ་མ་གཅིག་གི་མིང་བཏགས་ཏེ་ཕྱི་སྐོར་ལྔ་བཅུ་ང་དྲུག་གི་དབང་དུ་བྱས་ན་རྩ་འདབ་བཞི་དང་གཉིས་ལ་ཆ་གསུམ་དུ་བཏང་བའི་ཆ་གཅིག་ནི་འདིའི་སྐབས་ཀྱི་འཕོ་བ་རེའོ། །ཕྱི་སྐོར་རེ་བཞིའི་དབང་དུ་བྱས་ན། རྩ་འདབ་ལྔ་དང་སུམ་ཆའོ། །ནང་སྐོར་བརྒྱད་ཀྱི་དབང་དུ་བྱས་ན་རྩ་འདབ་རེའི་སུམ་གཉིས་སོ། །དེ་ཡང་ལུག་ནས་ཉའི་བར་བཅུ་གཉིས་གཡས་སྐོར་དུ་གནས་པ་ལས་རླུང་སྟོང་བརྒྱད་བརྒྱ་པ་རེ་འཕོ་ཆེན་རེ་ལ་འབབ། དེ་ལ་ཐབས་ཀྱི་ཕྱོགས་དགུ་བརྒྱ་པ་གཅིག་དང༌། ཤེས་རབ་ཀྱི་ཕྱོགས་དགུ་བརྒྱ་པ་
གཅིག་འབབ་པ་ལ་ནང་སེལ་འབྱུང་ཆུང་བཞི་བཞིའོ། །འདིའི་དབང་ལས་ཕྱི་རོལ་ཏུ་འཕོ་བ་བཅུ་གཉིས་འབྱུང༌། འཕོ་བའི་རླུང་འདི་རྣམས་ཀྱི་ལྷག་ཆད་ལས་ཚེས་ཆད་ལྷག་དང་ཟླ་བ་གཤོལ་འདོར་བ་འབྱུང༌། ནང་དུ་ཁུ་ཁྲག་འདྲེས་པས་ཕྱི་རོལ་ཏུ་ཉི་ཟླ་གཟས་འཛིན། དེ་དག་གི་དབང་གིས་ནང་དུ་འབྱུང་བཞིའི་ཁམས་འཕེལ་འགྲིབ་འབྱུང༌། དེའི་སྟོབས་ཀྱིས་ཕྱི་རུ་དུས་བཞི་འབྱུང་ངོ༌། །སྡོམ་འབྱུང་ལས། འཕོ་བ་ལྷག་མ་བཞི་གསུངས་པ་ལ། ཐིག་ལེ་འགོག་པ་ནི་ཕྱི་རུ་སྐར་མའི་རྒྱུ་བ་དང༌། ནང་དུ་རྩ་འདབ་ཀྱི་བྱང་ཆུབ་ཀྱི་སེམས་འཕེལ་འགྲིབ་བྱེད་པའོ། །ནམ་མཁའ་འགོག་པ་ནི་ཕྱི་ན་ནམ་མཁས་གོ་སྐབས་བྱེད་པ་ནང་དུ་རླུང་དབུ་མར་འབབ་པས་མི་རྟོག་པའི་ཆ་ཤས་བསྐྱེད་པ། ཟླ་བ་གཟས་འཛིན་པ་ནི་ནང་དུ་རྐྱང་མའི་ཁུ་བ་དང་ཁྲག་འདྲེས་པ། ཉི་མ་གཟས་འཛིན་པ་ནི་ནང་དུ་རོ་མའི་ཁྲག་དང་ཁུ་བ་འདྲེས་པའོ། །དེ་བཞིན་སྔར་གྱི་བཅུ་གཉིས་པོའི་ནང་ཚན་གྱི་བྱེད་ལས་འགའ་ཞིག་ཟུར་དུ་བགྲངས་པའོ། །འདི་དུས་འཁོར་ནས་བཤད་པའི་འཕོ་བ་བཅུ་གཉིས་དང་ཕལ་ཆེར་འདྲ་སྟེ། འབྱུང་བའི་ཁམས་རྩི་ཚུལ་ཡང་མི་འདྲ་སྟེ། དེར་ནི་སྟོང་བརྒྱད་བརྒྱ་པ་རེ་ལ་འཕོ་ཆུང་ལྔ་མཛད་པ་སོགས་ཡོད་པ། སེམས་ཅན་སོ་སོ་ལ་དགོངས་པར་སེམས་ལ། ཉི་མའི་ཤིང་རྟ་སོགས་རྗེས་སུ་བཟུང་བའི་དོན་དུ་ཡང་སྟེ། འབུམ་ཕྲག་བཞི་པའི་འཇིག་རྟེན་བཞིན་ནོ། །ཞེས་ཀྱང་འགའ་ཞིག་གསུང་ངོ༌། །ཕྱག་རྡོར་བསྟོད་
འགྲེལ་ལས། རླུང་གི་འཕོ་བ་གཞན་ཡང་ཡོད་དེ། ཡི་གེ་མང་པར་འགྱུར་བས་འདིར་བཞག་གོ །གཉིས་པ་ནི། སློབ་དཔོན་ནག་པོ་སྤྱོད་པས་རིམ་བཞིར་ཕྱི་ནང་གི་ཡུལ་ཉེར་བཞི་བཤད་པའི་རྗེས་སུ་པུལླི་ར་མ་ལ་ཡར་དབང་དུ་བྱས་སོ། །ཛ་ལནྡྷ་རར་ལོངས་སྤྱོད་དོ། །ཨོ་རྒྱན་དུ་འཇུག་གོ །ཛ་ལནྡྷ་རར་དབང་དུ་བྱེད་དོ། །ཨོ་རྒྱན་དུ་ལོངས་སྤྱོད་དོ། །ཨརྦུ་ཏར་བརྟེན་ནོ། །ཞེས་སོགས་ནས། སིནྡྷུར་དབང་དུ་བྱེད་དོ། །མ་རུར་ལོངས་སྤྱོད་དོ། །ཀུ་ལུ་ཏར་བརྟེན་ནོ། །མ་རུར་དབང་བྱེད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ཡན་ལག་ཐམས་ཅད་ལ་འཇུག་གོ །ཞེས་པའི་བར་དུ་གསུངས་ཏེ། ཉིན་ཞག་གཅིག་གི་འཕོ་ཆེན་ཉེར་བཞིའི་སྐབས་འཕོ་བ་རེ་རེའི་རླུང་གིས་གནས་གསུམ་གསུམ་དུ་ཁྱབ་པ་ལ། དབང་དུ་བྱས་པ་ནི་རྒྱུ་བའི་བྱ་བ་ཟིན་ནས་འཕོ་ཁ་མ་དང༌། ལོངས་སྤྱོད་པ་རྒྱུ་བདོ་བ་དང༌། འཇུག་པའམ་བརྟེན་པ་མགོ་རྩོམ་པའོ། །ཉི་ཤུ་རྩ་བཞི་སོང་བའི་འོག་ཏུ་སྔ་མའི་རླུང་གིས་ལུས་ཐམས་ཅད་ལ་འཇུག་སྟེ་ཁོར་གཅིག་པོ་དེ་རྫོགས་པའི་དབང་དུ་བྱས་ཀྱི། ཡང་གནས་ཚོར་གསར་པ་མགོ་རྩོམ་པ་སོགས། སྤྱི་བོ་ལ་སོགས་པའི་གནས་ཉེར་བཞི་པོ་རྒྱུན་ཆད་མེད་པར་འཇུག་སྟེ། ཀུ་ལུ་ཏ་ལོངས་སྤྱོད་པའི་རྗེས་སུ། ཡང་རླུང་གསར་པ་པུལླི་ར་མ་ལ་ཡར་མགོ་རྩོམ་སྔ་མའི་རྒྱུན་ཀུ་ལུ་ཏར་དབང་དུ་བྱས་པ་ན་ཡན་ལག་ཐམས་ཅད་ལོངས་སྤྱོད་པའི་སྐབས་སུ་གསར་པ་པུ་ལིར་ལོངས་སྤྱོད། ཛ་ལནྡྷ་རར་མགོ་རྩོམ། རླུང་སྔ་མ་ལ་ཡན་ལག་ཐམས་ཅད་ལ་དབང་དུ་
བྱས་པ་སྟེ་ཐིམ་དུ་ཉེ་བ་ན། གསར་པའང་པུ་ལིར་ཐིམ་དུ་ཉེ། ཛ་ལནྡྷ་རར་རྒྱུ་བདོ། ཨོ་རྒྱན་དུ་འཇུགསྔ་མའི་རྒྱུན་ཐིམ་ཟིན་པ་ན་གསར་པའི་ཡང་པུ་ལིར་ཐིམ་ཟིན་ནས་མེད་པ་དང༌། ཛ་ལནྡྷ་རར་ཐིམ་དུ་ཉེ་བ། ཨོ་རྒྱན་དུ་ལོངས་སྤྱོད་པ་དང༌། ཨརྦུ་ཏར་མགོ་རྩོམ་པ་སོགས་རིམ་པས་རིགས་འགྲེའོ། །འདི་ལ་འཕོ་བ་རེ་ལ་དགུ་བརྒྱ་བ་ཕྲག་རེ་ཡིན་ཞིང༌། ཡུལ་རེར་ཇི་ཙམ་རྒྱུ་བ་ནི་འཕོ་བ་གསུམ་གྱི་བར་རོ། །འདི་དག་ཤིན་ཏུ་ཁམས་འཕེལ་འགྲིབ་ལ་མཐུ་ཆེ་བ་ཡིན་ནོ། །གནས་ལུས་སྦྱོར་བའི་ཚུལ་ནི། །རྣལ་འབྱོར་མ་ཀུན་སྤྱོད་ལས་ཀྱང༌། །པུ་ལིར་མ་ཡ་མགོ་བོ་ལ། །ཛ་ལནྡྷ་ར་སྤྱི་གཙུག་ཉིད། །ཨོ་རྒྱན་རྣ་བ་གཡས་པ་སྟེ། །ཨརྦུ་ཏ་ནི་རྒྱབ་ཚིགས་སོ། །གནས་སོ། །གོ་ད་བ་རི་རྣ་བ་གཡོན། །རསྨི་ཤྭ་ར་སྨིན་མའི་དབུས། །དེ་བི་ཀོ་ཊ་མིག་གཉིས་ཏེ། །མ་ལ་བ་ནི་དཔུང་མགོར་རོ། །ཉེ་བའི་གནས་སོ། །ཀཱ་མ་རཱུ་པ་མཆན་ཁུང་དགོད། །ཨོ་ཊེ་ནུ་མ་གཉིས་ལའོ། །ཞིང་ངོ༌། །ཏྲི་ཤ་ཀུ་ནེ་ལྟེ་བའི་དབུས། ཀོ་ས་ལ་ནི་སྣ་རྩེར་རོ། །ཉེ་བའི་ཞིང་ངོ༌། ཀ་ལིངྐ་ནི་ཁ་ལ་དགོད། །ལམྦ་ཀ་ནི་མགྲིན་དབུས་ཉིད། ཚནྡྷོ་ཧའོ། །ཀཉྩི་སྙིང་ལ་དགོད་པར་བྱ། །ཧི་མ་ལ་ཡ་གསང་རྩར་རོ། །ཉེ་བའི་ཚནྡྷོ་ཧའོ། །པྲེ་ཏ་པུ་རི་མཚན་ལ་སྟེ། །གྲྀ་ཧ་དེ་བ་ཏ་བཤང་ལམ། །འདུ་བ་ཅན་ནོ། །སཽ་རཥྟ་ནི་བརླ་གཉིས་སམ། །གསེར་གླིང་རྗེ་ངར་གཉིས་ལའོ། །
ཉེ་བའི་འདུས་པ་ཅན་ནོ། །ན་ག་ར་ནི་སོར་མོར་དགོད། །སིནྡྷུ་རྐང་པའི་བོལ་གཉིས་ལའོ། །དུར་ཁྲོད་དོ། །མ་རུ་མཐེ་བོང་གཉིས་ལ་དགོད། །ཀུ་ལུ་ཏ་ནི་པུས་མོར་གནས། །ཉེ་བའི་དུར་ཁྲོད་དོ། །ཞེས་སོ། །སྔར་བཤད་པའི་འཕོ་བ་ཉེར་བཞིའི་སྐབས་ནི་ཡིན་ཀྱང་ངོ་བོ་ནི་མི་གཅིག་སྟེ། དེ་རྣམས་སྣ་སྒོ་ནས་རྒྱུ་བ་དང༌། འདི་ནི་སྤྱི་བོ་སོགས་སུ་རྒྱུ་ཞིང་སྤྱོད་པའོ། །འཕོ་བ་ཉེར་བཞི་ཕྱི་མ་འདི་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་རྣམ་གཞག་གོ །དེ་ལྟར་ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་དེ་དག་ནི་ལས་རླུང་ཞེས་བྱ་ལ། དེ་དག་གི་ཆ་ཤས་དབུ་མའི་སྐལ་བ་བསྡུད་འབྲལ་མ་ཟ་བ་ཡེ་ཤེས་ཀྱི་རླུང་གི་མིང་ཅན་དྲུག་བརྒྱ་བདུན་ཅུ་དོན་ལྔ་རེ་རྒྱུ་སྟེ་ལམ་དུ་མ་བྱས་ན་འཆི་བ་སྟེར། ལམ་དུ་བྱས་ན་དེས་དྲངས་ཏེ། དབུ་མར་འབབ་པའི་ཡེ་ཤེས་ཀྱི་རླུང་དངོས་སུ་འགྱུར་བའང་ཡིན་ནོ། །གཉིས་པ་ཐིག་ལེ་ལ་ངོ་བོ་གནས་པའི་ཚུལ་དང༌། དེའི་འཕོ་བ་བཤད་པའོ། །དང་པོ་ལ་གསུམ་གྱི་ཁམས་ཀྱི་དབྱེ་བ་ནི། སྤྱིར་ཁམས་སོ་དྲུག་ནི། བཤང་བ། གཅི་བ། ཁྲགཤ །རྣ་བ། སྣ། མིགལྕེ། བཤང་ལམ། སྐྲ། རྣགབད་ཀན། ཤིགསྲིན་བུ། ཆུ་སེར། ཞགབ་སྤུ། སོ། རྒྱུ་མ། མཁྲིས་པ། རུས་པ། རྐང༌། མཆིན་པ། གློ་བ། རྩ། པགས་པ། སྙིང༌། ཚིལ་བུ་སྟེ་ཉེར་བརྒྱད་དང༌། རྣ་བ། སྣ། མིགབཤང་ལམ། རྟགས། བྷ་ག །མཆན་ཁུང༌། ཡན་
ལག་ཐམས་ཅད་དེ་བརྒྱད་ཀྱི་དྲི་མ་དང་སོ་དྲུགཁུ་བ་ཁྱབ་བྱེད་དེ་སོ་བདུན་ནོ། །དེ་བསྡུ་ན་ཉེར་བཞི་ནི། སོ་སེན་སོགས་སོ། །དེ་བསྡུ་ན་ཁམས་བཅུ་དྲུག་སྟེ། དེ་ཡང༌། གསང་བ་མཆཽག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་རྒྱ་སྐད། ར་ཧ་སྱ་པཱ་ར་མ་རཱ་མེ། སརྦཱ་ཏྨ་ནི་ས་དཱ་སྠི་ཏ། ཞེས་པའི་ཡི་གེ་བཅུ་དྲུག་གི་ཁམས་རེ་རེ་བསྟན་ཏེ། སམྤུ་ཊི་ལས། ར་ནི་ཁྲག་གི་ཁམས་ཡིན་ཏེ། །ཧ་ནི་རི་ལས་བྱུང་བ་སྟེ། །སྱ་ནི་དྲི་ཡི་ལོ་མ་ཡིན། །པཱ་ནི་པགས་པར་རབ་ཏུ་བཤད། །ར་ནི་དྲི་ཉིད་ཡིན་པ་སྟེ། །ཡི་གེ་མ་ནི་མེ་ཏོག་བཤད། །རཱ་ནི་དེ་བཞིན་ལན་ཚྭའོ། །མེ་ནི་ཤ་ཆེན་པོར་བཤད་དོ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦཱ་ནི་མགོ་བོར་རབ་ཏུ་གསུངས། །ལྷ་མོ་ཏྨ་ནི་རྐང་ཡིན་ཏེ། །ནི་ནི་དྲིའི་མར་ཁུའོ། །ས་ནི་སོ་དང་སེན་མོ་སྟེ། །དཱ་ནི་རྒྱ་མཚོ་ལས་སྐྱེས་པའོ། །སྠི་ནི་ཁ་བའི་སྙིང་པོ་སྟེ། །ཏ་ནི་ག་བུར་བསྟན་པ་ཡིན། །ཞེས་གསུངས་ཏེ། ཁྲགཀླད་པ། དྲི་མ། པགས་པ། བཤང་བ། རང་བྱུང༌། དྲི་ཆུ། ཤ་ཆེན། ཚིལ། སྐྲ། རྐང༌། དྲི་ཆེན་གྱི་བཅུད། སོ་སེན། གློ་བ། མཆིལ་མ། ཁུ་བའོ། དེའི་ཐོག་མ་ར་ཡིག་གི་དོན་ཁྲགམཐའ་མ་ཏ་ཡིག་གི་དོན་ཁུ་བ་སྟེ། བར་པ་ཐམས་ཅད་དེ་གཉིས་ཀྱི་རྣམ་པར་འབྱུང་བའོ། ཁུ་ཁྲག་རྩ་བ་ཡིན་ཚུལ་ཡང་མངལ་དུ་ཆགས་པའི་ཚེའང་གཞན་རྣམས་ཀྱི་རྩ་བར་གྱུར་པ་དང༌། ད་ལྟ་
གནས་པ་ན་ཡང་ཟས་སོགས་ཀྱིས་ཁྲག་བསྐྱེད་ཅིང་དེས་གཞན་རྣམས་བསྐྱེད། ཐམས་ཅད་ཀྱི་དྭངས་མ་ཁུ་བར་གྱུར་པ་དེ་ནི་མདངས་དང༌། སྟོབས་དང་སྲོག་གི་རྟེན་ཡིན་ནོ། །དེ་ཡང་སམྤུ་ཊི་དང༌། ལྷ་མོ་བཞིས་ཞུས་སོགས་ལས་ཀྱང་མགྲིན་གཅིག་ཏུ། པགས་པ་ཁྲག་དང་ཤ་རྣམས་ནི། །མ་ལས་སྐྱེས་ཞེས་བརྗོད་པ་ཡིན། །རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་ཞེས་བརྗོད་པ་ཡིན། །ཞེས་ཕ་མའི་ཁམས་དཀར་དམར་ལས་བྱུང་བའོ། །གཉིས་པ་རྩ་སྤྱི་ལ་ཁམས་གནས་ཚུལ་ནི། རྩ་གནས་འདིར་ཐིག་ལེ་ཁམས་འདི་གནས་ཞེས་གསུངས་པས་གཞི་དུས་སུ་ནམ་དགོས་འབྱུང་བ་ལ་དགོངས་ཀྱི། དངོས་སུ་དེ་ན་བླུག་པ་ལྟ་བུ་ནི་མེད་དེ་ཆ་ཤས་ནི་ཀུན་ཏུ་ཁྱབ་པའི་ཚུལ་ལོ། །དེ་དག་ཀྱང་རྡོ་རྗེ་ཕྲེང་བ་ལས་ནི། རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། ཁུ་བ་འབབ་པར་ཤེས་པར་བྱ། །ཚིག་རྐང་དང་པོ་གཉིས་འདྲ་བ་ལ། ཁྲག་འབབ་པར་ནི་ཤེས་པར་བྱ། །རླུང་འབབ་པར་ནི་ཤེས་པར་བྱ། །དེ་རྣམས་ཀྱི་རྩ་བ་རྩེ་ཉེར་བཞི་པོ་རེ་རེ་ལས་ཁུ་རྡུལ་མུན་པ་གསུམ་སོ་སོར་འབབ་པའི་རྩ་རེ་རེ་གྱེས་པས་བདུན་ཅུ་རྩ་གཉིས་རྣམས་ཡིན་པས། དེ་དང་དེ་ལས་བྱུང་བ་རྣམས་ཁམས་འབབ་ཚུལ་མཐུན་པ་ཡིན་ནོ། །ཐུགས་ཀྱི་རྩ་ཆེན་བརྒྱད་ནི། མི་ཕྱེད་མ་ལ་སོགས་པ་བརྒྱད་དེ། སྙིགས་མ་འབབ་ཚུལ་གོང་དུ་བཤད་ཟིན་ཞིང༌། དྭངས་མ་མུན་པའི་ཁམས་དང་རླུང་གཙོ་བོར་འབབ་པས་
ཐུགས་ཀྱི་རྩ་ཞེས་མིང་བཏགས། གསུང་གི་རྩ་ཆེན་བརྒྱད་ནི། སྐྱོན་མ་ལ་སོགས་པ་སྟེ། དྭངས་མ་རྡུལ་གཙོ་བོར་འབབ་པས་གསུང་དུ་བཞག སྐུའི་རྩ་ཆེན་བརྒྱད་ནི་གཟུགས་ཅན་མ་ལ་སོགས་པ་བརྒྱད་དེ་ཁུ་བ་གཙོ་བོར་འབབ་པས་སྐུའི་རྩ་བརྒྱད་ཅེས་བྱའོ། །འདི་དག་བདུན་ཅུ་རྩ་གཉིས་ནི་ཁམས་འབབ་ཚུལ་མི་འདྲ་སྟེ། དཔེར་ན་མི་ཕྱེད་མ་མུན་པ་གཙོ་བོར་འབབ་པ་ཡིན་ཀྱང༌། དེ་ལས་གྱེས་པའི་རྩ་གསུམ་ནི་ཁུ་ཁྲག་མུན་པ་གསུམ་སོ་སོར་འབབ་པ་ཡོད་པས། དེས་གཞན་རྣམས་ལའང་རིགས་འགྲེའོ། །སྙིང་ག་ཆོས་འཁོར་གྱི་ཕྱོགས་བཞིའི་རྩ་ནས་ཀྱང་གཙོ་བོར་རླུང་ཁོ་ན་འབབ་མོད་ཀྱི། ཆ་ཤས་འབྱུང་བ་བཞིའི་ཤིན་ཏུ་དྭངས་མའི་ཐེག་ལེ་རྣམས་འབབ་བོ། །མཚམས་རྣམས་ནས་བདུད་རྩི་ལྔའི་དངས་མ་རྣམས་འབབ་སྟེ། འདི་ལ་ཤར་ལྷོ་ནས་གཡས་བསྐོར་གྱི་ཁྲག་དང༌། ཁུ་བ་དང༌། ཤ་ཆེན་དང༌། བཤང་གཅི་རྣམས་འབབ་པར་བླ་མ་གོང་མ་རྣམས་བཞེད། བཤང་བ་དང༌། གཅི་བ་དང༌། བད་ཀན་དང༌། ཁྲག་དང༌། སྤྱི་ཁྱབ་ཏུ་ཁུ་བ་རྣམས་འབབ་པར་མན་ངག་སྙེ་མར་བཤད་དོ། །གཟུགས་དྲི་རོ་རེག་བྱའི་དྭངས་མ་རྣམས་འབབ་པས་མཆོད་པའི་རྩ་ཞེས་གསུངས། རོ་རྐྱང་དབུ་མ་གསུམ་ཁམས་གསུམ་འབབ་པ་ནི། སློབ་དཔོན་ནག་པོ་སྤྱོད་པས། དེ་ཡི་ནང་ནས་འདྲེན་པ་ནི། །རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །ཞེས་གསུངས་པ་ནི། རྒྱས་པར་སམ་པུ་ཊི་ལས། སྙིང་སྟོབས་ལུས་ཏེ་
རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ཏེ། སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིན། །ཞེས་སོགས་མང་དུ་གསུངས་སོ། །གསུམ་པ་ཁམས་ཀྱི་གཙོ་བོ་དབུ་མའི་ནང་གི་ཐིག་ལེ་ནི། འཁོར་ལོའི་སྟེང་འོག་རྣམས་ནས་རོ་རྐྱང་གིས་བཅིངས་པའི་བར་དུ། བར་སྟོང་ཅུང་ཟད་ཡོད་པ་ནི་རྩ་མདུད་ཀྱི་དབུས་ཞེས་བྱ་སྟེ། དེ་ཡང་སྙིང་ག་ན་དཀར་དམར་ཆ་མཉམ་པ་དབུས་སུ་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་དྲོད་ཀྱི་རང་བཞིན་ཅན་མི་ཤིགས་པའི་རླུང་ཞེས་བྱ་བ་དང་ལྷན་ཅིག་གནས་ཏེ་མི་ཤིགས་པའི་ཐིག་ལེ་ཞེས་བྱའོ། །ལྟེ་བ་དང༌། མགྲིན་པ་དང༌། རྩ་རིན་པོ་ཆེའི་ཕོ་བྲང་ན་དམར་ཆ་གཙོ་བོར་གནས་པ་ཡིན། སྤྱི་བོ་དང་སྨིན་མཚམས་དང༌། ནོར་བུ་རྣམས་སུ་དཀར་ཆ་གཙོ་བོས་གནས་པ་ཡིན་ལ། ཁྱད་པར་འདིར་ཤིན་ཏུ་བསྔགས་པ་ནི་དཔྱིད་དང་ཐིག་ལེ་སྟེ། ཡང་དག་སྦྱོར་བའི་རྒྱུད་ཀྱི་ལུང་དཔྱིད་ཀྱི་ཐིག་ལེར་དྲངས་པ་ནི། སྙིང་གའི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །རང་གི་ངོ་བོ་འབར་བའི་མེ། །ཆུ་ཤིང་གི་ནི་མེ་ཏོག་བཞིན། །འཕྱང་བཞིན་ཁ་ནི་འོག་ཏུའོ། །དེ་ཡི་ནང་སོན་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །གཞོམ་མེད་ཧཱུཾ་གི་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །འདི་ནི་དཔྱིད་ཅེས་བྱ་བར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱི་ནི། །ཕག་མོ་ཐིག་ལེར་བརྗོད་པ་ཡིན། ཞེས་གསུངས་ཏེ།
སྙིང་ག་ཆོས་འཁོར་གྱི་ལྟེ་བའི་ནང་གཡོན་ན་ཅུང་ཟད་ཉེ་བ་ན། རྩ་ཆུ་ཤིང་གི་མེ་ཏོག་ཅེས་བྱ་བ་ཁ་ཐུར་དུ་བསྟན་པ། དེའི་ནང་ན་མི་ཤིགས་པའི་རང་བཞིན་གྱི་ཐིག་ལེ་ཡུངས་ཀར་སྦོམ་པོའི་ཚད་ཙམ་གནས་པ་ནི་དགའ་བ་དང་བདེ་བ་དང་ཚིམ་པ་ཐམས་ཅད་བསྐྱེད་པས་དཔྱིད་ཅེས་བྱ་བ་ཡིན་ནོ། །ལྟེ་བའི་དམར་ཆ་ནི་ལམ་དུ་མ་བྱས་པའི་ཚེ་བྱང་ཆུབ་ཀྱི་སེམས་སྐམ་པར་བྱེད་པས་རྒོད་མའི་མེས་རྒྱ་མཚོ་སྐམ་པར་བྱེད་པ་དང་འདྲ་བས་རྒོད་མའི་མེའི་ཚུལ་ཞེས་གསུངས་པ་ཡིན་ཏེ། འདི་ལ་ནི་ཐིག་ལེའམ་ཕག་མོ་ཞེས་བརྗོད་དོ། །སྤྱི་བོའི་ཧཾ་ཡིག་ལ་ཡང་མི་ཤིགས་པའི་ཐིག་ལེ་ཞེས་མ་རྒྱུད་ལས་ནི་གསུངས་སོ། །སྤྱི་བོའི་ཧཾ་ཆ་བཞི་པ་དང༌། མགྲིན་པའི་དཀར་ཆ་ཆ་གསུམ་པ་དང༌། སྙིང་གའི་ཆ་གཉིས་པ་དང༌། ལྟེ་བའི་ཆ་གཅིག་པར་བཤད་པ་ནི། ལྟེ་བའི་གཏུམ་མོ་དང་ཐག་ཉེ་རིམ་གྱི་སྐམས་པ་ཤས་ཆེ་བ་གྱུར་པར། ནཱ་རོ་ཏ་པའི་སློབ་མ་རྣམས་བཞེད་དོ། །སློབ་དཔོན་ཨ་བྷ་ཡ་ནི། གསང་གནས་ནས་རླུང་སྟེང་དུ་སོང་བའི་ཚེ་ལྟེ་བར་ཐུང་ངུ་དང༌། སྙིང་གར་རིང་ཆ་གཉིས་པ་དང༌། མགྲིན་པར་རིང་ཆ་གསུམ་པ་དང༌། སྤྱི་བོར་རིང་ཆ་བཞི་པའི་ཚད་དུ་འགྱུར་བར་བཞེད། གང་ལྟར་ན་ཡང་དེ་དག་དུ་དགོད་བྱའི་ཡི་གེ་རིང་ཐུང་གི་དག་པ་སྟེ། ཁ་སྦྱོར་ལས། ལྟེ་བ་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ལ་ཡང་ནི་ཧཱུཾ་ཉིད་དེ། །རིང་པོ་མ་མོ་གཉིས་དང་ལྡན། མགྲིན་པར་ཨོཾ་གྱི་གཟུགས་ཀྱི་ནི། མ་མོ་
གསུམ་བརྗོད་པླུ་ཏ། །དཔྲལ་པར་ཧཾ་གི་རྣམ་པ་ནི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །ཞེས་གསུངས་སོ། །ཐིག་ལེ་དང་རླུང་ལས་ལོགས་སུ་གྲུབ་པའི་ཡི་གེ་ནི་མེད་ལ། ཐིག་ལེ་དང་བཅས་པའི་རླུང་དེས་རྩ་གནས་སོ་སོ་ན་ཡི་གེའི་གདངས་སམ་སྒྲ་འབྱུང་བའི་ནུས་པ་ཡོད་པ་ནི། དེ་དང་དེར་ཡི་གེ་གནས་པའི་དོན་ཡིན་ལ། ཡི་གེ་བསྒོམ་པ་ཡང་དེའི་མཚོན་དོན་ཏེ། ཡི་གེ་དེ་དག་གི་གཟུགས་ཡོད་པར་འདོད་པ་ནི་འཐད་པ་མ་མཐོང་ངོ༌། །གཉིས་པ་ལ། ཐིག་ལེ་འཕོ་བ་བཅུ་དྲུག་ཞེས་བཤད་དེ། བླ་མ་གོང་མ་རྣམས་ནི། ལུག་གི་འཕོ་བ་སོགས་བཅུ་དྲུག་དང་ཡང་སྦྱོར་བར་མཛད་དེ། འོན་ཀྱང་འདིར་དེ་བཏང་སྙོམས་སུ་བཞག་སྟེ། མདོར་བསྡུས་སུ་བརྗོད་ན། གང་ལ་འཕོ་བའི་ཡུལ། ཇི་ལྟར་འཕོ་བའི་ཚུལ། དེ་ལྟར་འཕོས་པའི་དག་པ་སྟེ་གསུམ་ལས། དང་པོ་ནི། སྐྱེས་པ་དང་བུད་མེད་ཀྱི་ལུས་ལ་ཕྱི་མཐེ་བོང་ལ་སོགས་པའི་གནས་དང༌། ནང་རྩ་སོ་གཉིས་པོར་འཕོ་བ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྩ་མདུད་སོ་གཉིས་པོ་ལའང་གཡས་གཡོན་གྱི་དབྱེ་བས་བཅུ་དྲུག་བཅུ་དྲུག་ཏུ་བྱ་སྟེ། འཁོར་ལོ་བཅུ་དྲུག་པོ་རྣམས་ཀྱི་སྟེང་གི་མདུད་པ་རྣམས་ནི་རྐྱང་མས་བཅིངས་པའི་ནུས་པ་ཡིན་པས་ཡར་ངོ་དང༌། འོག་གི་མདུད་པ་རྣམས་ནི་རོ་མས་བཅིངས་པའི་ནུས་པ་ཡིན་པས་མར་ངོ་དང་སྦྱོར་ཏེ། དེ་ཡང་རྩ་མདུད་དང་རྩ་སོ་གཉིས་པོ་རྣམས་ཀྱི་ནུས་པ་ཡིན་པས་དེ་ལྟར་བཞག་ཅིང༌། དངོས་སུ་འཕོ་བ་ནི་མཐེ་བོང་ལ་སོགས་པ་ཁོ་ནའོ། །
གཉིས་པ་ནི། སྐྱེས་པ་ལ་ཡར་ངོའི་ཚེས་གཅིག་ལ་རྐང་པའི་མཐེ་བོང་གཡས་པ་ནས་མགོ་འཛིན། བུད་མེད་ལ་གཡོན་པའི་མཐེ་བོང་ནས་མགོ་འཛིན། མར་ངོ་ལ་སྐྱེས་པའི་གཡོན་གྱི་མཐེ་བོང་དང༌། བུད་མེད་ཀྱི་གཡས་ཀྱི་མཐེ་བོང་ནས་མགོ་འཛིན། རྩ་དང་སྦྱར་བའི་ཚེ་སྐྱེས་པ་བུད་མེད་གཉིས་ཆར་ལ། གཡོན་གྱི་མཐེ་བོང་ནས་བརྩམས་ཏེ་མི་ཕྱེད་མ་སོགས་བཅུ་དྲུག་དང༌། གཡས་ཀྱི་མཐེ་བོང་ནས་བརྩམས་ཏེ་གཏུམ་མོ་སོགས་བཅུ་དྲུག་གོ །ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །འོན་ཀྱང་བརྟག་པར་བྱའོ། །གང་ལྟར་ཡང་ཚེས་གཅིག་ལ་གཡས་ཀྱི་མཐེ་བོང་དུ་ཡི་གེ་ཨའི་ངོ་བོ་ཐིག་ལེ་འཆར་ཞིང༌། ཚེས་གཉིས་ལ་བྱིན་པར་ཨཱ་དང༌། གསུམ་པ་ལ་བརླ་ལ་ཨི་དང༌། བཞི་པ་ལ་གསང་གནས་ལ་ཨཱི་དང༌། ལྔ་པ་ལ་ལྟེ་བར་ཨུ་དང༌། དྲུག་པ་ལ་སྙིང་གར་ཨཱུ་དང༌། བདུན་པ་ལ་ནུ་མ་ལ་རྀ་དང༌། བརྒྱད་པ་ལ་ལག་པ་ལ་རཱྀ་དང༌། དགུ་པ་ལ་ལྐོག་མར་ལྀ་དང༌། བཅུ་པ་ལ་མཆུར་ལཱྀ་དང༌། བཅུ་གཅིག་པ་ལ་འཁུར་ཚོས་སུ་ཨེ་དང༌། བཅུ་གཉིས་པ་ལ་མི་ཏུ་ཨཻ་དང༌། བཅུ་གསུམ་པ་ལ་རྣམ་པར་ཨོ་དང༌། བཅུ་བཞི་པ་ལ་སྤྱི་བོར་ཨཽ་དང༌། བཅོ་ལྔ་པ་ལ་སྤྱི་གཙུག་ཏུ་ཨཾ་སྟེ་འདི་རོ་མ་ལ་གནས་པ་ཡིན་པར་བཞེད། ཡར་ངོའི་ཚེས་བཅུ་དྲུག་པ་སྟེ་བཅོ་ལྔའི་འཕེལ་བའི་ཆ་རྫོགས་ཤིང༌། འགྲིབ་པའི་མགོ་མ་བརྩམས་པ་དེ་ལ་ཡི་གེ་ཨཿཚེག་དྲག་ཅན་གྱི་རྣམ་པ་དབུ་མར་ཐིམ་ཞིང་ལུས་ཐམས་ཅད་ལ་
ཁྱབ་པ་ཡིན་ནོ། །དེ་དག་ནི་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་ནོ། །མར་ངོའི་ཚེས་གཅིག་ནས་བརྩམས་ཏེ། མཐེ་བོང་ནས་འཕོ་བ་སོགས་སྔ་མ་དང་འདྲ་བ་ལས། མར་ངོའི་ཚེས་བཅོ་ལྔ་ལ་སྤྱི་བོར་གནས་པ་དེ་གཙོ་བོར་རྐྱང་མ་ལ་བརྟེན་པ་ཡིན་གསུང་ཞིང༌། མར་ངོའི་བཅུ་དྲུག་ལ་ཟླ་བ་འགྲིབ་པ་རྫོགས། འཕེལ་བ་མ་བརྩམས་པའི་བར་དེར་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་ཡིན་ནོ། །འདི་ནི་སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་སོ། །ཚེས་བཅོ་ལྔ་པ་གཉིས་ལ་རོ་རྐྱང་དུ་གནས་པ་བཞེད་པ་ནི། ཁུངས་གསལ་པོ་མ་མཐོང་བས་བརྟག་པར་བྱའོ། །འཕོ་བའི་དོན་ནི། ཐིག་ལེ་དག་གིས་ལས་བྱེད་པའི་རི་མོས་འཕོས་པ་ལྟ་བུ་ཡིན་གྱི། མཐེ་བོང་གི་ཐིག་ལེའི་རྒྱུན་དེ་བྱིན་པར་འཕོས་པ་ནི་མ་ཡིན་ནོ། །གསུམ་པ་ནི། ནང་གི་བྱང་ཆུབ་སེམས་ཀྱི་སྣང་བ་ལས་ཕྱི་རོལ་དུ་ཟླ་བ་འབྱུང་བས་ཟླ་བ་ཚེས་པ་བཅུ་དྲུག་དང༌། དགའ་བ་བཅུ་དྲུག་དང༌། བྱིན་གྱིས་རློབ་པར་བྱེད་པའི་ལྷ་མོས་དབང་བྱས་པ་དང༌། འབྲས་བུ་སྐུ་བཅུ་དྲུག་རྣམས་ཀྱི་དག་པ་སྦྱོར་བ་ཡིན་ནོ། །ཡས་བརྟན་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་ཡས་རིམ་དང་མས་རིམ་དུ་སྦྱོར་ཞིང༌། ལྷའི་དག་པ་ནི། ཀྱཻ་རྡོ་རྗེ་ལས། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། ཅེས་གསུངས་པའི་རིམ་པ་རྣམས་སྦྱོར་ཞིང༌། འདིར་ནི་རྒྱུད་ལས་ལྷའི་དག་པ་གསལ་
ཁ་མ་མཛད་ཀྱང༌། བླ་མ་རྣམས་ཀྱི་མན་ངག་གིས། མ་མོ་བཅུ་གཉིས་དང་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་མ་བརྒྱད་ཚན་གསུམ་རེ་རེ་བསྡོམས་པས་གསུམ་སྟེ། བཅོ་ལྔ་དང༌། བཅུ་དྲུག་པ་ནི་རྡོ་རྗེ་ཕག་མོའི་དག་པ་ཡིན་ལ། རྩ་རྣམས་ཀྱི་སྦྱར་ཚུལ་དང་མ་མཐུན་ནོ་སྙམ་ན། གང་ནས་བྱུང་བ་དང༌། གང་དུ་ལས་བྱེད་པ་གཉིས་དག་པ་ཐ་དད་པ་གཞན་ཡང་མང་བས་སྐྱོན་མེད་གསུང༌། ཡང་རྩ་ཉེར་བཞི་ལས་གཉིས་གཉིས་འཕོ་བ་རེ་རེ་ལ་སྦྱར། མཁའ་འགྲོ་མ་བཞི་ལ་འཕོ་བ་གཉིས། བཅོ་ལྔའི་ཉིན་མོ་སྒོ་མཚམས་མ་ཀུན་ཏུ་སྤྱོད་པ་དང་བཅུ་དྲུག་པའི་ཆ་ལ་ཕག་མོ་ཞེས་འདོད་པའང་ཡོད་པས་མི་འགལ་བ་ཞིག་གམ་ཞེས་ཞིབ་ཏུ་བརྟག་གོ །གཞན་ཡང༌། སྐུ་བཅུ་དྲུག་ནི་དགའ་བ་བཅུ་དྲུག་གི་འབྲས་བུ་ཡིན་པས་དེའི་རིམ་པ་བཞིན་སྦྱར་བར་བྱའོ། །གཉིས་པ་ལུས་གནས་འཇིག་འཆགས་པའི་རྣམ་གཞག་ལ། དུས་ཀྱི་འཁོར་ལོ་སོགས་ནས། དེ་དག་གི་དག་པ་སྦྱར་བ་དང༌། རྣམ་གཞག་ཤིན་ཏུ་རྒྱས་པར་འབྱུང་མོད་ཀྱང་འདིར་ནི་མི་འཆད་ལ། འདི་ཉིད་ཀྱི་རྒྱུད་དང་མན་ངག་ལས་འབྱུང་བའི་རིམ་པ་ཅུང་ཟད་བརྗོད་ན། གནས་པ་དང༌། འཇིག་པ་དང༌། འཆགས་པའི་ཚུལ་གསུམ་ལས། དང་པོ་ནི། སྲོག་གི་རླུང་ཚུལ་དང་མཐུན་པར་རྒྱུ་བ་ནི་ལུས་གནས་པར་བྱེད་པའི་རྐྱེན་ཡིན་ཞིང༌། རླུང་ཚུལ་བཞིན་དུ་རྒྱུས་པས་བད་ཀན་དང༌། མཁྲིས་པ་དང༌། རླུང་རྣམས་ཆ་མཉམ་པ་ནི་ལུས་
གནས་པར་བྱེད་པའི་རྒྱུའོ། །དེ་དག་ཀྱང་སྔོན་གྱི་ལས་ཀྱིས་འཕངས་པ་གཙོ་ཆེ་ཞིང༌། ཚེ་འདི་ཉིད་ཀྱི་དགེ་བའི་ལས་ལ་སོགས་པ་འཕྲལ་རྐྱེན་ལས་གྱུར་པ་ཡང་ཡོད་དོ། །ཚེ་ཡུན་རིང་དུ་གནས་པར་བྱེད་པའི་ཐབས། སྔགས་དང་རྫས་དང་རྣལ་འབྱོར་གྱི་སྟོབས་ཀྱིས་སྒྲུབ་པ་ཡང་རྒྱུད་ལས་མང་དུ་གསུངས་སོ། །གཉིས་པ་ལ། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་སོགས་ལས་ཕྱི་ནང་གི་འཆི་ལྟས་ཀྱི་རྣམ་གཞག་དང༌། ཁྱད་པར་ནང་རླུང་གི་ལྟས་ལ་ངེས་པ་དང་མ་ངེས་པ་དང་ཉི་ཟླ་དང༌། རྒྱས་པའི་འཆི་ལྟས་སོགས་མང་དུ་གསུངས་པ་ནི། རྒྱུད་དང་མན་ངག་རྣམས་ལས་ཤེས་པར་བྱ་ཞིང་འདིར་ཡི་གེས་འཇིགས་སོ། །འཆི་བའི་ཚེ་ཁམས་རྣམས་འོད་གསལ་དུ་འཇུག་པའི་མཚན་མ་རྣམས་ཤེས་པར་བྱ་སྟེ། གཟུགས་ཕུང་འོད་གསལ་དུ་འཇུག་པས། ཡན་ལག་ཐམས་ཅད་ཕྲ་བ་དང༌། ལུས་ཉམས་ཆུང་བར་འགྱུར། མེ་ལོང་ཡེ་ཤེས་ཐིམ་པས་སེམས་མི་གསལ་བ་དང༌། ས་ཁམས་ཐིམ་པས་སྒོ་རྣམས་སྐམ་པ་ལྟ་བུ་དང༌། མིག་དབང་ཐིམ་པས་མིག་ཟུམ་པ་དང༌། གཟུགས་ཐིམ་པས་མདངས་ཉམས་པ་སྟེ། རྣམ་སྣང་གི་རིགས་རྣམས་འོད་གསལ་དུ་ཞུགས་པའོ། །ཚོར་ཕུང་ཐིམ་པས་རླུང་མཁྲིས་སོགས་ཀྱི་ཚོར་བ་གསོལ་པོ་ཉམས་སུ་མི་མྱོང་ངོ༌། །མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཐིམ་པས་མཆིལ་མ་དང༌། རྡུལ་དང་དྲི་ཆུ་དང་ཁུ་ཁྲག་སྐམ། རྣ་བ་ཐིམ་པས་ཕྱིའི་སྒྲ་མི་ཐོས།
ཡུལ་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས་ཏེ་རིན་ཆེན་རིགས་སོ། །འདུ་ཤེས་ཐིམ་པས་འདུ་ཤེས་རྣམས་མི་གསལ། སོར་རྟོག་ཡེ་ཤེས་ཐིམ་པས་མིང་རྣམས་མི་དྲན། མེ་ཐིམ་པས་ཟས་མི་འཇུ། སྣ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་དྲི་མི་ཚོར་ཏེ་པདྨའི་རིགས་སོ། །འདུ་བྱེད་ཐིམ་པས་བྱ་བ་ལ་འཇུག་མི་ཐུབ། བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་བཅུ་རང་གནས་ནས་འཕོ། ལྕེ་ཐིམ་པས་ལྕེ་སྦོམ་པ་དང་ཐུང་བ་དང་རྩ་བ་སྔོན་པོར་འགྱུར། རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་སྟེ་ལས་ཀྱི་རིགས་སོ། །དེ་རྣམས་ནི་རགས་པ་ཉི་ཤུ་ཐིམ་ལུགས་སོ། །ནང་གི་འབྱུང་བཞི་ཕྲ་བ་ཐིམ་ལུགས་ནི། ས་ཆུ་ལ་ཐིམ་པས་སྒུལ་སྐྱོད་མི་ནུས་ཤིང་ཟུང་མི་ཐུབ། ལུས་བྱིང་བ་སྙམ་བྱེད། ནང་རྟགས་སྨིན་རྒྱུ་ལྟ་བུ་འབྱུང༌། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང་ལྕེ་ཕུགས་སུ་འགྲོ། ནང་རྟགས་དུ་བ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པས་དྲོད་མཐའ་ནས་སྡུད། ནང་རྟགས་སྲིན་མུ་མེ་ཁྱེར་ལྟ་བུ་འབྱུང༌། རླུང་ནམ་མཁའ་ལ་ཐིམ་པས་ཕྱི་དབུག་ཆད། ནང་རྟགས་མར་མེ་ལྟ་བུ་འབྱུང༌། དེ་རྣམས་སུ་རྣམ་ཤེས་ཀྱི་ཕུང་པོ་དང༌། ནམ་མཁའི་ཁམས་དང༌། ཆོས་དབྱིངས་ཡེ་ཤེས་དང༌། ལུས་དབང་དང༌། རེག་བྱ་རྣམས་ཐིམ་སྟེ། དེའི་རྗེས་སུ་རང་བཞིན་སོ་གསུམ་འགག །གཟུང་འཛིན་གྱི་རྣམ་རྟོག་རགས་པས་སྟོང་པས་སྟོང་པའམ་ཤེས་པའི་རང་མདངས་གསལ་བར་སྣང་བས་སྣང་
བ་ཞེས་བྱ་བ་འཆར། འདིའི་སྐབས་སུ་སྤྱི་བོའི་ཧཾ་ཡིག་རྩ་བ་ནས་ཆད་དེ་སྙིང་ཁར་བབ་པས་ཟླ་བ་ལྟར་སྐྱ་ལམ་པའི་སྣང་བ་འབྱུང༌། དེ་ནས་སེམས་སྣང་བ་དང་པོ་དེ་ཉིད་སེམས་བྱུང་ལ་ཐིམ་པས། འདོད་ཆགས་སོགས་རང་བཞིན་བཞི་བཅུ་འགགགཟུང་འཛིན་གྱི་རྟོག་པ་ཕྲ་རགས་འགགས་པས་ཤིན་ཏུ་སྟོང་པ་ཞེས་བྱ་སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པ་ཟེར་འདི་སྐབས་ལྟེ་བའི་ཨཾ་ཡིག་རྩ་བ་ནས་ཆད་དེ་སྙིང་ཁར་འབར་བས་དམར་ལམ་པ་འབྱུང༌། དེ་ཡང་སྒྱུ་མ་ལྟ་བུར་ཟར་ཟིར་མཐོང༌། སེམས་བྱུང་མ་རིག་པ་ལ་ཐིམ་པས། རང་བཞིན་བདུན་འགགས་གཟུང་འཛིན་གྱིས་སྟོང་ཚུལ་སྔ་མ་ལས་ཀྱང་ལྷག་པས་སྟོང་པ་ཆེན་པོ་ཞེས་བྱ། སེམས་འགགས་པ་ལ་ཕྱོགས་པས་སྣང་བ་ཉེར་ཐོབ། འདིར་སྲོག་དང་ཐུར་སེལ་གྱི་རླུང་གི་ཆ་ཤས་ཕྲ་མོ་ཙམ་ཞིག་དབུ་མར་གནས་པ་ཡང་ཐིམ་པས་ནག་ལམ་པ་འཆར་ཞིང་དྲན་མེད་དུ་འགྱུར། དེ་ནས་སེམས་སྙིང་གར་ཐིག་ལེ་དཀར་དམར་གྱི་དབུས་སུ་ཅུང་ཟད་གནས་པ་ན། མ་རིག་པ་འོད་གསལ་ལ་ཐིམ། ཐམས་ཅད་སྟོང་པ་འོད་གསལ་མཐའ་དབུས་མེད་པའི་ཉམས་འཆར། འཆི་བ་འོད་གསལ་ཆོས་སྐུའམ། འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། འཆི་བ་ཐམས་ཅད་ལ་འདི་འཆར་ཏེ། ལམ་ལ་མ་གོམས་པ་རྣམས་འཁྲུལ་ནས་འཁོར་བར་འཇུག་པ་ཡིན། རླུང་སེམས་དབུར་མར་བཅིངས་པ་རྣམས་ནི་སྐབས་འདིར་འོད་གསལ་མངོན་དུ་བྱེད་དོ། །གསུམ་
པ་ལ་ཐོག་མར་བར་དོ་གྲུབ་ཚུལ་དང༌། དེས་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ལ་བར་དོ་གྲུབ་ཚུལ་དང༌། གྲུབ་ཟིན་པའི་བྱ་བའོ། །དང་པོ་ནི། འཆི་བ་འོད་གསལ་ལས་ལངས་མ་ཐགཐོབ་པ་རང་བཞིན་བདུན་དང་བཅས་པ་སྐྱེ། དེ་ལས་མཆེད་པ་རང་བཞིན་བཞི་བཅུ་དང་བཅས་པ་སྐྱེ། དེ་ལས་སྣང་བ་རང་བཞིན་སོ་གསུམ་དང་བཅས་པ་སྐྱེ། འོད་གསལ་ལས་ལངས་མ་ཐག་ཏུ་སེམས་རླུང་དང་བཅས་པ་ཐིག་ལེ་དཀར་དམར་གྱི་རྟེན་དང་བྲལ་ནས། བར་དོའི་ལུས་འགྲིབ་པ་ཡིན་ཞིང༌། དེའི་རྟེན་ཐིག་ལེ་ཡང་དཀར་པོ་ཐུར་དུ་ལྷུང་ཞིང་དམར་པོ་གྱེན་དུ་སོང་བའི་བར་ནས་རྣམ་ཤེས་གཞན་དུ་འཕོ་བ་ཡིན་ཞིང༌། སྣང་གསུམ་ལུགས་ཟློག་ཏུ་འབྱུང་བ་དེས། སྲོག་འཛིན་དང༌། མེ་མཉམ་དང༌། ཁྱབ་བྱེད་ཀྱི་མིང་ཅན་དུག་གསུམ་གྱི་རྟོག་པའི་བཞོན་པར་གྱུར་པའི་རླུང་མ་རིག་པའི་རྩ་བས་བཅིངས་པ་ཅན་གྱི་བར་དོའི་ལུས་སེམས་གྲུབ་པ་དུས་མཉམ། འདིར། ཇོ་བོ་ནཱ་རོ་ཏ་པའི་གསུང་བགྲོས་ལས། ཚེ་འདིར་རླུང་ལེགས་པར་བསྒོམས་ན་སྐྱེས་བ་གར་ལེན་རྣམ་ཤེས་དབང་ཆེ། མ་བསྒོམས་ན་རླུང་དབང་ཆེ་བས་རླུང་རྟ་དང་མཚུངས། འོན་ཀྱང་རྒྱུད་འདིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་གཞན་པས་བྱིན་རླབས་མྱུར་བ་ཡིན་པས། འདིར་དབང་བསྐུར་ཐོབ་ཅིང་དམ་ཚིག་མ་ཉམས་པ། ལྷ་དང་བླ་མ་ལ་ཡིད་བརྟན་པ་ཞིག་ཡིན་ན། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་
མཆོག་ཏུ་བརྩེ་བས་གཟིགས་ནས་དེའི་མཐུས་ངོ་ཤེས་པ་འབྱུང་སྟེ། བར་དོར་རི་བོ་སྟིབས་པ་དང་འདྲ་བའི་འཇིགས་སྣང་བྱུང་ནས། གཉེན་འདུན་ལ་སོགས་པའི་དྲུང་དུ་བྲོས་པ་ན། ངོ་མ་ཤེས་ཏེ་དེར་བར་དོ་ཡིན་པར་ཤེས་ནས་བླ་མ་དང་དཀྱིལ་འཁོར་དྲན་པས། དཔའ་བོ་དང་རྣལ་འབྱོར་མ་མང་པོས་ཞལ་བསྟན་ནས་རིག་པ་འཛིན་པའི་གནས་རྣམས་སུ་འཁྲིད་པའམ། མཐོ་རིས་ཀྱི་གནས་སུ་སྐྱེ་བ་གདམ་དུ་རུང་བར་བྱེད་པ་ཡིན་གསུངས་ཏེ། མན་ངག་གི་གནད་དམ་པ་ཡིན་ནོ། །གཉིས་པ་ནི། བར་དོའི་ལུས་དེ་ཡང་གང་སྐྱེ་བར་འགྱུར་བ་དེའི་རྣམ་པ་སྟེ། བཞིན་ལག་དང་དབང་པོ་ཚང་བ། རླུང་སེམས་ཙམ་ལས་གྲུབ་པ། གང་བསམ་པར་སླེབ་པ། མའི་མངལ་དང་རྡོ་རྗེའི་གདན་མ་གཏོགས་པ་ལ་ཐོགས་པ་མེད་པ། དེའི་ཚེའི་ཚད་ཀྱང་ཐུང་བའི་མཐའ་དུས་མཐའི་སྐད་ཅིག་མ་ཙམ་ནས་ཞག་བདུན་གྱི་བར་དུ་གནས་པ་ཡིན་ལ། དེ་ལས་ལྷག་པ་བར་དོའི་ཚེ་གཅིག་གིས་གནས་པ་མེད་པས། སྐྱེ་བའི་ཚོགས་པ་མ་རྙེད་ན་ཞག་བདུན་བདུན་ནས་སྔ་མའི་ལུས་ཤི་ཞིང་བར་དོའི་ལུས་གསར་པ་རེ་ལེན་པ་ཡིན་ནོ། །འོན་ཀྱང་བདུན་ཕྲག་བདུན་གྱི་ནང་དུ་ཚོགས་པ་མི་རྙེད་པ་མི་སྲིད་པས་སྐྱེ་བ་ལེན་ཞིང༌། བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་དང༌། དྲོད་གཤེར་ལས་སྐྱེས་ན་དྲི་རོ་ལ་སྲེད་པ་དང༌། སྒོང་སྐྱེས་སམ་མངལ་སྐྱེས་ལ་ནི་གཅེར་བུ་ཆར་བས་བདས་པའི་སྣང་བ་བྱུང་ནས། ཁང་བཟང་ངམ་ཕུག་པ་ལ་སོགས་པར་བྲོས་
པའི་སྣང་བ་འབྱུང་སྟེ། དེར་ཕ་མ་འདུས་པ་མཐོང་བའམ། ཁུ་ཁྲག་ལ་དེ་ལྟ་བུའི་ཕྱིན་ཅི་ལོག་གི་སྣང་བ་འབྱུང་སྟེ། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང༌། གང་ལྟར་ཡང་དེ་དང་རྩེ་དགའི་སེམས་ཀྱིས་དྲུང་དུ་རེག་པ་ན་རྟགས་སམ་སྐྱེ་གནས་མ་གཏོགས། གཞན་མ་མཐོང་བས་ཁྲོ་བའི་སེམས་འབྱུང་སྟེ། ཁྲོ་བ་དེའི་རྐྱེན་གྱིས་བར་དོའི་ལུས་ཞིག་སྟེ་ཁུ་ཁྲག་གི་དབུས་སུ་འཇུག་པ་ཡིན་ནོ། །འཆི་བ་དང་བར་དོའི་རྣམ་གཞག་ལུགས་སོ་སོ་མི་འདྲ་བའི་ཁྱད་པར་དང་བཅས་པ་རྒྱས་པར་གཞན་དུ་ཤེས་པར་བྱ་ལ་འདིར་བླ་མ་གོང་མའི་མན་ངག་གཙོ་ཆེ་བར་བྱས་ཏེ་བཀོད་དོ། །གཉིས་པ་ལ་རྩ་རླུང་ཆགས་ཚུལ་དང་པོར་ངེས་པར་བྱ་བ་དང༌། ལུས་སྤྱིའི་འཆགས་ཚུལ་མདོ་ཙམ་བཤད་པའོ། །དང་པོ་ལ་རྩ་ཆགས་ཚུལ་ནི། མངལ་དུ་ཟླ་བ་གཅིག་རྩ་ཆགས་པ་མེད་དེ། གཅིག་ཁོ་ནའི་མཚམས་ནས་སྙིང་གའི་ཐད་ཀྱི་དབུ་མ་ཆགས་ཤིང༌། དེ་དང་དུས་མཉམ་དུ་རོ་མ། རྐྱང་མ། གསུམ་སྐོར་མ། འདོད་མ་སྟེ། སྙིང་གར་དང་པོར་ཆགས་པའི་རྩ་ལྔའོ། །དབུ་མའི་ནང་དུ་མི་ཤིགས་པའི་ཐིག་ལེ་ཐོག་མ་ནས་ལུས་འགྲུབ་བྱེད་ཀྱི་ཐིག་ལེ་དེ་ཡང་དེར་གནས་ཤིང༌། དེ་དང་གོང་བུ་གཅིག་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་འབྲུ་གསུམ་དང་རཀྟ་འབྲུ་གསུམ་སྟེ་ཐིག་ལེ་ཆ་དྲུག་ཀྱང་འགྲུབ། དེ་ནས་ཁྱིམ་མ་དང༌། གཏུམ་མོ་དང༌། བསྡུད་འབྲལ་མ་དང་གསུམ་ཡང་
ཆགས་ཏེ། སྙིང་གར་དང་པོར་ཆགས་པའི་རྩ་བརྒྱད་ཅེས་བྱ། དེ་ལས་མཚམས་ཀྱི་འདབ་མ་རྣམས་སྐྱེ་བར་འགྱུར་ཞིང༌། རྩ་དེ་དག་ལས་རྩ་བདུན་ཅུ་དོན་གཉིས་དང༌། བདུན་ཁྲི་ཉིས་སྟོང་སྐྱེ་སྟེ། དེ་རྣམས་བསྐྱེད་ཚུལ་ནི་རྩ་ལྔ་ཆགས་པ་ནས་བཟུང་སྟེ། ཉིན་རེ་བཞིན་རྩ་ཉིས་བརྒྱ་རེ་སྐྱེ་སྟེ། དེ་ནས་ཟླ་བ་བཅུ་གཉིས་ཀྱི་བར་ཏེ་བཙས་ནས་ཟླ་བཞིར་ཉེ་བ་ཙམ་ན་རྩ་བདུན་ཁྲི་ཉིས་སྟོང་ཆགས་པའི་རིམ་པ་རྫོགས་སོ། །དབུ་མ་ནི་སྙིང་ག་ནས་ཡས་མས་སུ་སྐྱེ་ཞིང༌། རྩ་ཕྲན་རྣམས་ནི་པགས་པ་དང་ཤ་དང་བཅས་པ་སྤྱི་བོ་ནས་མར་ཆགས་པ་ཤས་ཆེ་ཞིང༌། རུས་པ་དང༌། རྒྱུས་པ་དང་རྐང་རྣམས་རྐང་མཐིལ་ནས་ཡར་ཆགས་པ་ཤས་ཆེ། དེ་ནས་རོ་རྐྱང་དབུ་གསུམ་ཡས་མས་སུ་སོང་བ་ལས་ལྟེ་བ་དང་སྙིང་ག་ཆགས། དེ་ནས་སྤྱི་བོ་དང་གསང་གནས་ཆགས་དེ་ནས་སྨིན་མཚམས་དང་རྩ་རིན་པོ་ཆེའི་ཕོ་བྲང་ཆགས། དེ་ནས་ནོར་བུའི་འཁོར་ལོ་གཞུ་ཅན་ཆགས། དེ་ནས་ཚིགས་ཆེན་བཅུ་གཉིས་ཏེ་དཔུང་པ་གཉིས་གྲུ་མོ་གཉིས། འཁྲིག་མ་གཉིས་དཔྱི་གཉིས། པུས་མོ་གཉིས། བོལ་གོང་གཉིས་རྣམས་སུ་རྩའི་འཁོར་ལོ་ཆགས། དེ་ནས་སོར་མོའི་ཚིགས་ཀྱང་འགྲུབ་གསུང༌། དེ་རྣམས་ཀྱི་རྩ་འདབ་གྱི་གྲངས་དུས་འཁོར་ལས་ནི་ཚིགས་ཆེན་རྣམས་ལ་འདབ་མ་སུམ་ཅུ་རེ་དང༌། སོར་ཚིགས་རྣམས་ལ་དྲུག་རེ་བཤད་དོ། །རླུང་ཆགས་ཚུལ་ནི། སྤྱིར་རླུང་གི་ཁམས་ཙམ་སྔ་ནས་ཡོད་ཀྱང་རྩ་གནས་ཀྱི་རླུང་
འགྲུབ་པ་ཡང་མངལ་དུ་ཟླ་བ་གཅིག་གི་མཚམས་སུ་དབུ་མ་གྲུབ་པ་དང༌། སྲོག་འཛིན་གྱི་རླུང་ཆགས་པ་དུས་མཉམ་སྟེ། སྐྱེས་བུའི་ཚེའི་གནས་སྐབས་ལ་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱོར་བའི་བཅུ་ནི། ཉ་དང་རུས་སྦལ་ཕག་པ་དང༌། །མི་ཡི་སེང་གེ་མིའུ་ཐུང་དང༌། །རཱ་མ་རཱ་མ་ནག་པོ་དང༌། །སངས་རྒྱས་ཀལྐི་ཏ་ཏེ་བཅུ། །རཱ་མ་སྔོན་མ་ནི་དགྲ་སྟ་རཱ་མ། ཕྱི་མ་དགའ་བྱེད་རཱ་མ། ཀལྐི་ཏ་ནི་རིགས་ལྡན་ནོ། །དེ་ལྟར་ཟླ་བ་དང་པོ་ཁུ་ཁྲག་འདྲེས་པ། ཉ་རོ་ཧི་ཏ་ལྟར་དམར་སྐྱར་སྣང་བ་དང་ནར་པོར་ཡོད་པས་ལུས་ཉའི་རྣམ་པར་གྱུར་པའོ། །ཟླ་བ་གཉིས་པ་ལ་ཐུར་སེལ་སྐྱེ། ལུས་ཡན་ལག་ལྔའི་རྣམ་པ་འབུར་པོར་དོད་པས་རུས་སྦལ་གྱི་རྣམ་པ་དང༌། ཟླ་བ་གསུམ་པ་ལ་མེ་མཉམ་སྐྱེ། ལུས་སྒུར་པོར་སྣང་བས་ཕག་གི་རྣམ་པ་འགྱུར། ཟླ་བ་བཞི་པ་ལ་རོ་སྟོད་རྒྱས་ཤིང་གདོང་གི་རྣམ་པ་དོད་པས་མིའི་སེང་གེའི་རྣམ་པར་འགྱུར། ཟླ་བ་ལྔ་པ་ལ་ཚིགས་རྣམས་ལ་ཁྱབ་བྱེད་སྐྱེ་སྟེ། ཡན་ལག་ཐུང་ངུ་ཙམ་གྲུབ་པ་མིའུ་ཐུང་གི་རྣམ་པའི་མགོ་ཚུགས་ནས། ཟླ་བ་དྲུག་པ་ལ་རླུང་ཀླུ་དང་འབྱུང་བ་ས་ཁམས་ཀྱི་རླུང་རྣམས་ཤས་ཆེར་སྐྱེ། ཟླ་བ་བདུན་པ་ལ་རླུང་རུས་སྦལ་དང་ཆུ་རླུང་ཤས་ཆེར་སྐྱེ། ཟླ་བ་བརྒྱད་པ་ལ་རྩངས་པ་དང་མེ་རླུང་རྣམས་ཤས་ཆེར་སྐྱེ། ཟླ་བ་དགུ་པ་ལ། ལྷས་བྱིན་དང་རླུང་གི་རླུང་ཤས་ཆེར་སྐྱེ། ཟླ་བ་བཅུ་པ་ལ་གཞུ་རྒྱལ་གྲུབ། ལུས་དབང་དང་མཁའ་ཁམས་
རྫོགས་ནས་བཙས་པའི་དུས་ཏེ་རླུང་བཅུ་ཆགས་ཚུལ་ལོ། །སོ་སྐྱེས་པ་ནས་དགྲ་སྟར་རཱ་མ་སྟེ་གཅོད་པར་བྱེད་པས་སོ། །སོ་ལྷུང་ནས་དགའ་བྱེད་རཱ་མ་སྟེ། ལོ་བཅུ་དྲུག་ཚུན་ཆད་འཁྲིག་པའི་ལོངས་སྤྱོད་མེད་པས་སོ། །དེ་ནས་ནི་ནག་པོ་སྟེ་གཡོ་སྒྱུ་ཤས་ཆེ་བས་སོ། །རྒན་པོར་གྱུར་པ་ན་སངས་རྒྱས་ཏེ་བུ་དང་ཚ་བོ་སོགས་ལ་འདོམས་པར་བྱེད་པས་སོ། །ཤི་བ་ན་རིགས་ལྡན་ཏེ་འབྱུང་བཞི་གཅིག་ཏུ་གྱུར་པས་སོ། །དུས་ཀྱི་འཁོར་ལོའི་ལུགས་ལ་བཙས་པ་ནི་མིའི་སེང་གེ་དང༌། བཙས་ཟིན་ནས་མིའུ་ཐུང་དུ་འཇོག་པ་ནི་ཁྱད་པར་རོ། །བླ་མ་རྣམས་ཀྱིས་བཞེད་པ་ནི་ཟླ་བ་དྲུག་པ་ནས་བཅུ་པའི་བར་ལ་དགྲ་སྟ་རཱ་མ་སོགས་ལྔ་སྦྱར་ཏེ་ཟླ་བ་བཅུ། འཇུག་པ་བཅུར་སྦྱོར་བར་མཛད་པའང་རུང་ངོ༌། །འཕྲོས་དོན་ནོ། །གཉིས་པ་ནི། མངལ་འཛིན་པའི་ཐོག་མར་བར་དོར་རྣམ་ཤེས་རཀྟ་ལ་མི་འཇུག་ཁུ་བ་ལ་འཇུག་སྟེ། ཕྱི་རོལ་དུ་ཉི་མ་ལ་གཟའ་འཇུག་ཅེས་པ་འང༌། ཉི་མ་ལ་དངོས་སུ་འཇུག་མི་ཐུབ་པས། གནམ་སྟོང་གི་ཉིན་བར་ཉི་ཟླ་ཁ་སྦྱོར་དུ་བྱུང་བ་ན་ཟླ་བ་ལ་གཟའ་འཇུག་པས་ཉི་མ་ལའང་ཞོར་ལ་འཇུག་གོ །རྣམ་ཤེས་རླུང་དང་བཅས་པ་སྒྲ་གཅན་གྱི་ཆོས། དཀར་དམར་ཉི་ཟླའི་ཆོས་སོ། །མངལ་དུ་ཁུ་རྡུལ་གྱི་བར་དུ་བར་དོའི་རྣམ་ཤེས་ཞུགས་པ་ན་བར་སྲིད་ཀྱི་ལུས་འགགས་ཤིང་བཏང་ནས་སེམས་དང་ཁུ་ཁྲག་རྟེན་བརྟེན་པར་གྱུར་པ་ནི་སྐྱེ་བ་བླངས་པའི་ཐོག་མ་ཡིན་ལ། དེ་ནས་སེམས་
བདེ་བས་བརྒྱལ་བའི་གནས་སྐབས་དེ་བདེ་བ་དམ་པའི་ཡེ་ཤེས་ཞེས་འགའ་ཞིག་ལས་གསུངས་ཏེ། བདེ་བའི་རྟེན་ཐིག་ལེས་བྱིན་གྱིས་བརླབས་པ་ཤས་ཆེ་བས་དེ་ལྟར་བཏགས་ཀྱི་ཚོར་བ་བདེ་བ་ཆེས་མྱོང་བ་ནི་མེད་དེ་གཉིད་འཐུག་པོ་ལྟར་བརྒྱལ་བའོ། །དེ་ནས་དཀར་དམར་གྱི་འབྱུང་བས་ཉེར་ལེན་དང༌། མའི་མངལ་གྱི་འབྱུང་བས་ལྷན་ཅིག་བྱེད་རྐྱེན་བྱེད་དེ་མངལ་གྱི་ས་ཁམས་ཀྱིས་ས་བོན་མི་ལྟུང་བར་འཛིན། ཆུས་གོང་བུར་བྱེད། མེས་མ་ཉིད་ཀྱིས་ཟོས་ཤིང་འཐུངས་པའི་དྭངས་མ་ས་བོན་དེ་ལ་འཇུགརླུང་གིས་འཕེལ་ཞིང་རྒྱས་པར་བྱེད། མངལ་གྱི་བུ་ག་ནམ་མཁའི་ཁམས་ཀྱིས་འཕེལ་བའི་སྐབས་འབྱིན། ས་བོན་རང་གིས་སས་སྲ་བར་བྱེད། ཆུས་མཉེན་ཞིང་མི་འབྲལ་བར་བྱེད། མེས་ཟས་ཀྱི་དྭངས་མ་སྨིན་པར་བྱེད། ས་བོན་གྱི་ཚེ་རྩ་གནས་ཀྱི་རླུང་བཅུ་མེད་ཀྱང༌། སྤྱིར་རླུང་བཅུའི་ཆ་ཤས་ཡོད་པས་དེ་དག་གི་འཕེལ་བར་བྱེད། རང་ཉིད་ཀྱི་ནམ་མཁས་འཕེལ་བའི་སྐབས་བྱེད་དོ། །རྣམ་པར་ཤེས་པ་དང་བྲལ་ན་གཞན་རྣམས་ཐམས་ཅད་བྱ་བ་མི་བྱེད་པས་རྣམ་ཤེས་ནི་བདག་པོའི་རྐྱེན་ནོ། །ཟླ་བ་གཉིས་པའི་མཇུག་ཏུ་མགོ་བོ་དང་རྐང་ལག་དོད་པར་བྱེད་དེ། གལ་ཏེ་ཕོ་ཡིན་ན་དཀུ་གཡས་ལ་བརྟེན་ཞིང་མའི་ཚིགས་པ་ལ་མདུན་བསྟན་ཏེ་གནས། མོ་ཡིན་ན་དཀུ་ཡོན་ལ་བརྟེན་ཞིང་མའི་ཚིགས་པ་ལ་རྒྱབ་བརྟེན་ནས་གནས་སོ། །ཟླ་བ་བཞི་པ་རྫོགས་པ་ན་སོར་མོའི་བར་དུ་རྫོགས་པ་
ཟླ་བ་ལྔ་པ་ན་ཤ་ལ་བརྟེན་ནས་ཤིན་ཏུ་སྙི་བའི་རུས་ཚིགས་སུམ་བརྒྱ་དྲུག་ཅུ་རྩོམ་སྟེ། ཟླ་བ་དྲུག་པའི་བར་དུ་ཆགས། དེའི་ཚེ་པགས་པ་དང་ཁྲག་ཀྱང་ཤས་ཆེར་འགྲུབ། ཟླ་བ་ལྔ་པའི་བར་དུ་ཤིན་ཏུ་རྨོངས་པ་བརྒྱལ་བའི་གནས་སྐབས་ཡིན། དེ་ནས་ཚོར་བ་བདེ་སྡུག་ཀྱང་ཤེས། སྔོན་གྱི་སྐྱེ་བ་ཡང་དྲན། ཕྱི་མའི་དུས་ཀྱང་ཅི་རིགས་པར་ཤེས། དེ་ནས་ཟླ་བ་བདུན་པ་ལ་སྨིན་མ་དང་སྐྲ་དང༌། སྤུ་དང༌། མིག་ལ་སོགས་པ་དབང་པོའི་རྟེན་རྣམས་འབྱུང་ལྕེ་སྐྱེ། དེའི་སྟོབས་ཀྱིས་ཟླ་བ་བརྒྱད་པ་ལ་བཤང་གཅིའི་ཆ་ཤས་ཀྱང་འབྱུང༌། ཟླ་བ་དགུ་རྫོགས་ཙམ་མམ་བཅུ་པ་ལ་མངལ་ནས་སྐྱེའོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ལྷུམས་སུ་ཟླ་བ་བཅུ་གཉིས་གནས་པ་དབང་པོ་ཡོངས་སུ་སྨིན་པའི་དོན་དང༌། གཞན་ཡང་བཅུ་གཅིག་བཅུ་གཉིས་བཅུ་གསུམ་སོགས་ཅི་རིགས་པའི་མཇུག་ཏུ་ཡང་མངལ་ནས་འབྱུང་ངོ༌། །དེ་ནས་མངལ་ནས་འབྱུང་བའི་ཚེ་ཕྱི་རོལ་གྱི་རླུང་སྣ་སྒོར་ཞུགས་པའི་རྐྱེན་བྱས་ཏེ་དབུགས་འབྱུང་འཇུག་འབྱུང་ཞིང༌། དེ་ཡང་མགོན་པོ་བཞིའི་རླུང་ཚར་གཅིག་མ་འཁྲུག་པར་རྒྱུས་པས་འབྱུང་བ་མི་འཁྲུགས་ཤིང་འཚོ་བ་ཡིན་ལ། དེར་འཁྲུགས་པར་རྒྱུན་ན་ནད་མི་བཟད་པ་དང་འཆི་བ་ལ་སོགས་པ་འོང་ངོ༌། །དུས་ཀྱི་འཁོར་ལོ་ལས་ནི་ཐོག་མར་དབུ་མའི་དབུགས་ང་དྲུག་རྐང་བཅས་འབབ་ཅིང༌། དེ་ནས་ཕྱིའི་དུས་སྦྱོར་གང་ཡིན་པ་དེ་དང་མཐུན་པར་གཡས་གཡོན་གང་རུང་ལ་འབབ་ལ། དེ་ནས་གཟུང་ནས་ཞག་རེ་ལ་
ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་འབབ་ཅིང༌། འཕོ་བ་དྲུག་སྣ་བུག་གཡས་པ་རྒྱུ། དྲུག་གཡོན་ལ་རྒྱུ་ཞིང༌། གཡས་ལ་རྒྱུ་བ་ན་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་རེ་རེ་ལ་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བ་འཕོ་བ་རེ་སྟེ། གཡོན་པ་རྣམས་ལ་འབྱུང་བའི་གོ་རིམ་དེ་ལས་ཟློག་པའོ། །འཕོ་མཚམས་སུ་དབུགས་ང་དྲུག་རྐང་པ་སྟེ་བཞི་ཆ་དང་བཅས་པ་འབབ་ཅེས་གསུངས་པ་ཡང༌། དབུ་མར་འབབ་པའི་ཆ་ཐུར་དུ་བགྲངས་པ་ཡིན་གྱི། སྟོང་བརྒྱད་བརྒྱ་ལ་མི་གཏོགས་པ་མ་ཡིན་ནོ། །གང་ལྟར་ཡང་སྐབས་དེར་རླུང་དེ་ལྟར་རྒྱུས་པ་ལས་དབང་པོ་རྣམས་སད་དེ་ཡུལ་སྣང་རགས་པའི་འཁྲུལ་པ་འབྱུང༌། ཡུལ་གྱི་མཚན་མ་མཐོང་ནས་གཞན་ལ་སྨྲ་བར་འདོད་པའི་རྟོག་པས་རླུང་བསྐུལ་ཏེ། རླུང་གི་གདངས་དྲག་པོ་ལྕེ་རྐན་འཕྲད་པའི་རྐྱེན་གྱིས་ཡི་གེ་དང་མིང་དང་ཚིག་དང་བརྗོད་པ་སྣ་ཚོགས་པ་འབྱུང་ངོ༌། ཁུ་རྡུལ་རླུང་གསུམ་པོ་རིམ་པས་ལུས་ངག་ཡིད་གསུམ་གྱི་རྒྱུར་བཞག་པ་ནི། གསུམ་གར་གསུམ་ཀས་བསྐྱེད་པ་ཙམ་དུ་འདྲ་མོད་ཀྱང༌། བསྐྱེད་ཚུལ་གྱི་ཁྱད་པར་ཡིན་ཏེ། ཁུར་བས་ལུས་འགྲུབ་པའི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད། གཞན་གཉིས་ཀྱིས་གྲོགས་བྱེད་དེ། འོག་མ་གཉིས་ལའང་རིགས་འགྲེའོ། །དེ་རྣམས་ཀྱང༌། སྡོམ་འབྱུང་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །རབ་ཏུ་མི་ཤེས་མི་རྣམས་ནི། །ཐོག་མེད་དུས་ཅན་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པ། །དེས་ན་སྔོན་བྱས་ལས་
ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང༌། །ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །མགྲོན་པོ་རྣམས་ཀྱིས་བགྲོད་པར་བཞིན། །འདི་ལྟ་ལས་ཀྱི་སྲད་བུ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་རྒྱུ། །དང་པོ་ཕ་མའི་ཀུན་སྦྱོར་ལས། །སྲིད་པའི་སྐྱེ་བོ་ཅན་དུ་མཐོང༌། །ཤིན་ཏུ་ངེས་པར་ཀུན་དགའི་སྟོབས། ཁ་ཡི་ལམ་ལ་རབ་ཏུ་འཇུག །རྟ་ཞོན་པ་ཡི་རྣམ་ཤེས་ནི། རླུང་གི་བཞོན་པ་ཞོན་པ་བཞིན། །ཤིན་ཏུ་མྱུར་བར་འོངས་གྱུར་ཏེ། །སྐད་ཅིག་ཐང་ཅིག་ཙམ་ལ་ནི། །གཉིས་དང་སྟོང་ཕྲག་བདུན་ཅུའི་རྩ། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཨཱ་ལི་ཀཱ་ལི་ཞུ་བྱས་པའི། ཁུ་ཁྲག་དེ་དག་གི་དབུས་སུ། །ཐིག་ལེའི་གཟུགས་ཀྱིས་གནས་པར་འགྱུར། །དང་པོར་ནུར་ནུར་པོར་རྣམ་པ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོར་སྐྱེས་གསུམ་པ་སྟེ། །བཞི་པ་གོར་གོར་པོར་ཉིད་དོ། །རླུང་རྣམས་ཀྱི་ནི་བསྐུལ་བ་ན། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་ལྔར་གྱུར་ས་བོན་ལས། །ཡན་ལག་ལྔ་ནི་རབ་ཏུ་སྐྱེ། །སྐྲ་སྤུ་སེན་མོ་རྣམས་དང་རྟགས། །ཟླ་བ་བདུན་གྱིས་སྐྱེ་བར་འགྱུར། །དབང་པོ་རྣམས་དང་གཟུགས་རྣམས་ནི། །ཟླ་བ་བརྒྱད་ལས་སྐྱེ་པར་འགྱུར། །ཟླ་བ་དགུ་ཡིས་ཡང་དག་རྫོགས། །ཟླ་བ་བཅུ་ན་སེམས་དང་ལྡན། །མི་བསྐྱོད་གཟུགས་ཀྱི་ནུར་ནུར་པོ། །ཞེས་སོགས་གསུངས་ཏེ། དོན་རྣམས་ནི་གོང་དུ་ཞིབ་མོར་བཤད་
ཟིན་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། རླུང་སེམས་ཙམ་ལས་གྲུབ་པའི་སྐུ་ཡིན་ཏེ། མ་ཤི་ཚུད་ཆད་དུ་དེ་གྲུབ་ན་སྲིད་པར་སྐྱེ་བ་མི་ལེན་པས། དེ་མི་ཤེས་པ་ཞེས་གསུངས་པ་ཡིན་ལ། གཉིས་དང་སྟོང་ཕྲག་སོགས་ནི། མངལ་དུ་ལུས་འགྲུབ་པའི་ཐིག་ལེ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དྭངས་མར་སྟོན་པའོ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཅེས་པ་ནི། དུས་དེར་རླུང་དབུ་མར་ཅུང་ཟད་ཐིམ་པས་རླུང་ཡང་ཅུང་ཟད་མཉམ་རྒྱུར་འགྲོ་ལ། དེར་དགའ་བ་བཞི་ཐོབ་པས་འཇུག་ཏུ་ས་བོན་ལྷུང་ཟིན་པའི་སྐབས་སླར་ཡང་རླུང་དང་པོའི་རྒྱུན་བཞིན་དུ་འགྱུར་ཏེ། གཡས་ལ་འབབ་ན་ཁྱེའུ་དང༌། གཡོན་པ་འབབ་ན་བུ་མོ་ཡིན་ལ། མཉམ་རྒྱུ་ཉིད་ལ་གནས་ན་མ་ནིང་དུ་འགྱུར་རོ། །དེ་རྣམས་ཀྱི་དག་པ་ནི། དུས་ཀྱི་འཁོར་ལོ་སོགས་ནས་ཆ་ཤས་ནི་མི་འདྲ་བ་མང་དུ་བཤད་ཀྱང༌། འདིར་ནི་འཆི་བ་ཆོས་སྐུ་དང༌། བར་དོ་ནི་ལོངས་སྐུ་དང༌། སྐྱེ་བ་ནི་སྤྲུལ་སྐུ་དང༌། ལེན་པ་པོའི་སེམས་ནི་བདེ་ཆེན་གྱི་སྐུའོ། །མངལ་དུ་བརྒྱལ་བའི་གནས་སྐབས་ཆོས་སྐུ། སྐྱེ་བ་དྲན་པ་སོགས་ནི་ལོངས་སྐུ། བཙས་པ་ནི་སྤྲུལ་སྐུའོ། །མངལ་གྱི་གནས་སྐབས་ལྔ་དང༌། ཕུང་པོ་ལྔ་ཡང་དེ་བཞིན་གཤེགས་པ་ལྔའི་དག་པ་ཡིན་པ་དང༌། གཉིད་འཐུག་པོ་ནི་ཆོས་སྐུ། རྨི་ལམ་ནི་ལོངས་སྐུ། སྐྱེ་བ་ནི་སྤྲུལ་སྐུ། སྙོམས་འཇུག་ནི་བདེ་བ་ཆེན་པོའི་སྐུའི་དག་པ་རྣམས་སོ། །
དེ་རྣམས་ཀྱི་བར་སྡོམ་ནི། འཇུག་ཚུལ་སྐྱེ་སྲིད་བླང་བའི་ཚད། །འབྱུང་བཞིའི་ལས་དང་ཟླ་བའི་གྲངས། །བཙའ་བའི་དུས་དང་རྣམ་གྲངས་བཀོད། །ལུང་དོན་དག་པའི་དབྱེ་བའོ། །གསུམ་པ་གཏན་ལ་ཕབ་པའི་དགོས་པ་ནི། རྩ་རླུང་ཐིག་ལེའི་རྣམ་གཞག་ཞིབ་མོར་མ་ཤེས་ན་ཁམས་འཇུག་ཚུལ་དང༌། རླུང་འཇུག་གནས་ཐིམ་པའི་རིམ་པ་དང༌། རྩ་ལ་གནད་དུ་བསྣུན་ཚུལ་དང༌། འབྱུང་བའི་ཁམས་ཀྱི་རིམ་པ་ལ་བརྟན་ནས་གེགས་སེལ་དང་བོགས་འདོན་བྱེད་ཚུལ་རྣམས་མི་ཤེས་ལ། འདི་རྣམས་ཤེས་ན་དེ་དག་བདེ་བླག་ཏུ་ཞེས་པ་ཡིན་ནོ། །འཆི་སྲིད་ཀྱི་རྣམ་གཞག་ལེགས་པར་ཤེས་པས་འཆི་བ་ལམ་འཁྱེར་དང་ད་ལྟ་ཡང་འོད་གསལ་དུ་འཇུག་ཚུལ་གྱི་ཁྱད་པར་ཤེས་ཤིང༌། བར་དོ་དང་སྐྱེ་སྲིད་ཀྱི་རིམ་པ་ཡང་མ་ཤེས་ན་འཁོར་བར་འཇུག་ཚུལ་མི་ཤེས་པས། དེ་དང་རྣམ་པ་མཐུན་པར་བསྒོམ་པའི་གཉེན་པོ་རྣམས་ཀྱི་རྣམ་གཞག་ཞིབ་མོ་རྟོགས་དཀའ་ལ། འདི་རྣམས་རྟོགས་ན་དེ་དག་རྟོགས་སླ་བའི་དགོས་པ་ཡོད་དོ། །གསུམ་པ་ནི། རིམ་བཞི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྤྱིའི་མངོན་རྟོགས་ཏེ། འོན་ཀྱང་རྒྱུད་སྡེ་མང་པོ་ལ་ངེས་པ་སྟེར་བར་འགྱུར་རོ། །དེ་ལ་གསུམ། ཆོས་ཐམས་ཅད་རང་ལུས་ཀྱི་རྒྱུ་ཅན་དུ་གཏན་ལ་དབབ་པ་དང༌། གཞི་འབྲས་ཀྱི་དག་པ་རྒྱས་པར་བསྟན་པ་དང༌། དེ་ཉིད་གང་ལ་རག་ལས་པའི་ལམ་གྱི་ངོ་བོའོ། །དང་པོ་ལ། འཁོར་ལོ་བཞིའི་ཆོས་
རྣམས་གཏན་ལ་དབབ་པ་དང༌། སྐུ་གསུང་ཐུགས་ཀྱི་ཆོས་གཏན་ལ་དབབ་པ་དང༌། ཐབས་དང་ཤེས་རབ་ཀྱི་ཆོས་གཏན་ལ་དབབ་པའོ། །ལུས་སེམས་ཐུན་མོང་བའི་སྐབས་འདི་རྣམས་ནི། སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པའི་ཞལ་སྔ་ནས་མཛད་པ། གསང་བའི་དེ་ཉིད་རབ་ཏུ་གསལ་བ་དང༌། རིམ་པ་བཞི་པ་དང༌། དཔྱིད་ཀྱི་ཐིག་ལེ་རྣམས་ཞིབ་ཏུ་མཉམ་པ་ལས་གཞན་དུ་མཐའ་ཆོད་པ་དཀའ་མོད་ཀྱི། འོན་ཀྱང་དེ་རྣམས་ཀྱི་མཇུག་སྒོ་བསྟན་པ་ཙམ་མདོར་བསྡུས་པར་བརྗོད་ན། དང་པོ་ནི། སྤྱིར་རྒྱུད་སྡེ་རྣམས་ལས་བཞི་ཚན་དུ་སྦྱར་བའི་ཆོས་མཐའ་ཡས་པ་ཞིག་གསུངས་པ་ལས། འདིར་ཉེ་བར་མཁོ་བ་ཅི་རིགས་པ་བསྡུས་པ་ནི། ཡི་གེ་བཞི། ཕྱག་རྒྱ་བཞི། འབྱུང་བའི་རླུང་བཞི། བསྙེན་སྒྲུབ་ཡན་ལག་བཞི། བདེན་པ་བཞི། སྡེ་པ་བཞི། ཆ་ཤས་བཞི། སྐད་ཅིག་མ་བཞི། དགའ་བ་བཞི། འབྲས་བུ་བཞི། མཆོག་གམ་བཟང་པོའམ་གསལ་བ་བཞི། གདན་བཞི། དེ་ཁོ་ན་ཉིད་བཞི། ཚད་མེད་བཞི། ཕར་ཕྱིན་བཞི། ལྷ་མོ་བཞི་རྣམས་སོ། །དང་པོ་ནི། ཨེ་ཝཾ་མ་ཡ་བཞི་སྟེ། ལྟེ་བ་ཨེ་དང་སྙིང་ག་ཝཾ་གྱི་རྣམ་པར་གནས་ཤིང༌། མགྲིན་པའང་མ་སྟེ་ཐིག་ལེའི་རྣམ་པ་དང༌། སྤྱི་བོ་ཡང་ཡི་གེ་ཡ་སྟེ་ཁོང་སྟོང་གི་རྣམ་པ་ཅན་དུ་གནས་པ་ལ། དེ་བཞིན་གཤེགས་པས་བརྡ་མཛད་པའོ། །གཉིས་པ་ནི། ལྟེ་བས་གཏུམ་མོ་འབར་བའི་ལས་བྱེད་པས་ལས་ཀྱི་ཕྱག་རྒྱ་
སྙིང་ག་ནི་སེམས་ཀྱི་རྟེན་ཡིན་ལ་དེས་ཆོས་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱིར་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ནས་ངག་འབྱུང་ལ། ངག་ནི་གྲག་སྟོང་ནམ་མཁའ་དང་མཉམ་པའི་ཕྱིར་ཕྱག་རྒྱ་ཆེན་པོ་སྤྱི་བོ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་གནས་ཡིན་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །བླ་མ་རྗེ་བཙུན་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཀྱི་མན་ངག་ནི། སྤྱིར་ལམ་ཕྱག་རྒྱ་བཞི་ཚང་དགོས་ཤིང༌། བཞི་ཀས་ཀྱང་འཁོར་ལོ་བཞི་ཀའི་རྩ་མདུད་དགྲོལ་བའི་ནུས་པ་ཡོད་མོད་ཀྱི། འོན་ཀྱང་ཕྱག་རྒྱ་བཞི་པོ་སོ་སོ་བསྒོམ་པ་ལས་འཁོར་ལོ་དེ་དང་དེ་ཐོག་མར་གྲོལ་བའི་ནུས་པ་ཡོད་དེ། འདི་རྣམས་སོ་སོ་གཙོ་བོར་བསྒོམ་པ་ལས། བདེ་སྟོང་འཐུག་པོ་དང༌། གསལ་སྣང་མང་པོ་དང༌། སེམས་ཅན་གྱི་བློ་དང་མཚམས་པར་ཆོས་སྐྱི་སྒོ་མ་འགགས་པ་སྟོན་པ་དང༌། བདེ་གསལ་གྱི་ཉམས་འཁྲུལ་པ་དང་བཅས་པ་འབྱུང་བར་སྣང་གསུངས་ཏེ། རྒྱུ་འབྲས་མངོན་སུམ་དུ་གཟིགས་པའི་བཀའོ། །རིགས་པས་ཀྱང་འཐད་ཅིང་ཤིན་ཏུ་ལེགས་པར་མཐོང་ངོ༌། །དེས་ན་འཁོར་ལོ་བཞི་ལ་གནད་དུ་བསྣུན་པས་ཕྱག་རྒྱ་བཞིའི་རྟོགས་པ་སྐྱེ་བའམ། ཕྱག་རྒྱའི་བཞི་ལ་གནད་དུ་བསྣུན་པས་འཁོར་ལོ་བཞི་དག་པར་འགྱུར་བས་ཕྱག་རྒྱ་བཞི་འཁོར་ལོ་བཞི་ལ་སྦྱར་བ་ཡིན་ནོ། །ཨོ་ལ་པ་ཏིའམ་རིམ་པ་བཞི་པ་ལས། ཨེ་ཝཾ་མ་ཡ། ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །ཝཾ་ནི་ཆོས་ཀྱི་ཕྱག་རྒྱའོ། །མ་ནི་ཕྱག་རྒྱ་ཆེན་པོའོ། །ཡ་ནི་དམ་ཚིག་ཕྱག་རྒྱའོ། །
ཞེས་གསུངས་པའི་དོན་ལེགས་པར་བཤད་པ་ཡིན་ནོ། གསུམ་པ་ནི། སྤྱིར་གོང་དུ་བཤད་ཟིན་མོད། མྱུར་བ་ནི་མེ་རླུང་དང༌། རླངས་པ་ནི་རླུང་གི་རླུང་དང༌། རྣམ་པར་འཆིང་བའམ་རྣམ་འདུད་ནི་སའི་རླུང་དང༌། སྣ་ཚོགས་གནས་པའམ་དལ་བ་ཅན་ནི་ཆུ་རླུང་ངོ༌། །རྒྱུ་ཚུལ་ནི། ཨོ་ལ་པ་ཏི་ལས། ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །དབྱུག་གུ་ནི་དྲུག་ཅུ་རྩ་བཞིའོ། །འཕོ་བ་ནི་བཅུ་དྲུག་གོ །ཐུན་ནི་བཞིའོ། །ཞེས་གོང་དུ་བསྟན་པ་ལྟར་ཏེ། སྟེང་དང་སོགས་ཀྱང་དེ་དག་རྒྱུ་བའི་ཚུལ་ཏེ་མགྲིན་པ་ནས་མེའི་རླུང་རྒྱུ་བ་ལ་སོགས་པའོ། །མྱུར་བ་ཕྱིར་འགྲོ་བ་དང༌། རླངས་པ་ནང་དུ་མ་འོངས་པའི་བར་དང༌། དལ་བ་འཇུག་པ་དང༌། འཆིང་བ་གནས་པ་ལ་བཤད་པ་དང༌། དེ་དག་ལ་འབྱུང་བཞི་རིམ་པ་བཞིན་སྦྱར་བ་གོང་དང་འདྲ་བ་སྟེ། འབྱུང་བཞིས་བྱ་བ་བྱེད་ཚུལ་གཙོ་ཆེ་ཆུང་གི་དབྱེའོ། །བཞི་པ་ནི། ལྟེ་བ་ནི་བསྙེན་པ་སྟེ་གཏུམ་མོ་ནི་ལྟེ་བར་འབར་བ་ཡིན་ལ། དེ་ཉིད་བདེ་བ་ཆེན་པོ་ལ་ཉེ་ཞིང་བསྙེན་པ་ཡིན་པས་སོ། །སྙིང་ག་ནི་ཉེར་སྒྲུབ་སྟེ། དེར་གཏུམ་མོ་འབར་བ་ནི་རྩ་མདུད་གྲོལ་དཀའ་བ་གྲོལ་བྱེད་ཡིན་པས་བདེ་ཆེན་སྒྲུབ་པ་ལ་ཤིན་ཏུ་ཉེ་བར་སོང་བས་སོ། །མགྲིན་པ་ནི་སྒྲུབ་པ་སྟེ་དེར་གཏུམ་མོ་འབར་བ་ན། ལྟེ་བའི་མེ་དང་མགྲིན་པའི་མེ་གཉིས་འཛོམས་པས་མེ་ཤིན་ཏུ་སྟོབས་ཆེ་བར་གྱུར་ཏེ། ཞུ་བདེ་འཕྲལ་དུ་སྒྲུབ་པའི་ནུས་པ་ཡོད་པས་སོ། །སྤྱི་བོ་
ནི་སྒྲུབ་ཆེན་ཏེ། དེར་གཏུམ་མོ་འབར་ན་དངོས་སུ་བདེ་ཆེན་བསྐྱེད་ནུས་པས་སོ། །བསྙེན་སྒྲུབ་ཡན་ལག་བཞི་གསུངས་པའི་རྒྱུད་ཀྱི་ངེས་དོན་ཡང་ཡིན་ཏེ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། ཞེས་གོང་དུ་ལུང་དྲངས་ཟིན་པ་དེ་ཉིད་ཀྱི་དོན་ཏེ། བྱང་ཆུབ་མཆོག་ནི་རླུང་སེམས་སྟོང་པར་ཐིམ་པ་སྟེ། དེ་ལས་གཏུམ་མོ་འབར་བའོ། །རྡོ་རྗེ་སྐྱེ་མཆེད་ནི་སྙིང་གའི་རྩ་མདུད་གྲོལ་བ་ན་སྐྱེ་མཆེད་ཀྱི་རླུང་རྣམས་རྡོ་རྗེ་སྟེ་སྟོང་པ་ཉིད་དུ་ཐིམ་པས་སོ། །སྔགས་ཀྱི་བདག་པོ་ནི། མགྲིན་པར་ངག་ཐམས་ཅད་བསྐྱེད་པའི་ནུས་པ་ཨོཾ་ཡིག་སྟེ་དེ་བསྐུལ་བའོ། །རང་སྔགས་རྡོ་རྗེ་ཅན་ནི། ལྟེ་བའི་གཏུམ་མོ་སྔགས་ཀྱི་དེ་ཉིད་དུའང་བཤད་པས་དེ་དང༌། རྡོ་རྗེ་ཅན་ནི་སྙིང་གའི་ཐིག་ལེའོ། །དབུ་བརྒྱན་ལ་རིགས་ཀྱི་བདག་པོ་བསམ་པའི་དོན་ནི། ཧཾ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གཏུམ་མོས་སྤྱི་བོར་སླེབ་པའོ། །གཏུམ་མོས་སྤྱི་བོར་སླེབ་པའི་ཚེ། འབར་འཛག་ཁྱད་པར་ཅན་གྱི་བདེ་སྟོང་སྐྱེ་བ་ནི་སྒྲུབ་ཆེན་ནོ། །ལྔ་པ་ནི། ལྟེ་བར་གནས་པའི་རླུང་སེམས་ཀྱི་བྱེད་པས་སྡུག་བསྔལ་ཅན་གྱི་ཕུང་པོ་འདི་རྣམས་སྣང་བའི་ཕྱིར་སྡུག་བསྔལ་བདེན་པ་དང༌། ལས་ནི་ཉོན་མོངས་པ་ལས་འབྱུང་ལ། སྙིང་གའི་རླུང་སེམས་ཀྱི་བྱེད་པས་ཉོན་མོངས་འབྱུང་བའི་ཕྱིར་ཀུན་འབྱུང་སྙིང་ག་དང༌། ལས་ཉོན་འབྲས་བུ་དང་བཅས་པ་འགགས་པའི་ཡེ་ཤེས་ནི་མགྲིན་པའི་རླུང་སེམས་སྟོང་པར་ཐིམ་པའི་བྱེད་པ་ཅན་ཡིན་པས་མགྲིན་
པ་འགོག་བདེན་དང༌། ཡིད་ལ་བྱེད་པའི་ཁྱད་པར་ལམ་གྱི་དམིགས་རྣམ་རྣམས་སྤྱི་བོར་རླུང་སེམས་འདུས་པའི་སེམས་སྣང་གི་རྩ་བ་ཅན་ཡིན་པའི་ཕྱིར་སྤྱི་བོ་ལམ་བདེན་ཏེ། འཁོར་ལོ་བཞི་ལ་གནད་དུ་བསྣུན་པས་བདེན་བཞིའི་དོན་མངོན་སུམ་རྟོགས་པའི་ནུས་པ་ཅན་ཡིན་པའི་ཕྱིར་བདེན་བཞིར་བཞག་སྟེ། ཡང་གཏུམ་མོ་འབའ་ཞིག་ལ་སྦྱར་བ་ནི། གཏུམ་མོ་སྦར་བ་སོགས་ཀྱི་རྩོལ་བས་ངལ་བ་དང༌། ཉམས་ཀྱི་ཆོས་ཐམས་ཅད་འབྱུང་བ་དང༌། རོ་དྲུག་འགོག་པ་དང༌། བྱང་སེམས་འབབ་པའི་ལམ་ཡིན་པས་འཁོར་ལོ་བཞི་ལ་དེ་ལྟར་བཏགས་པར་བཞེད་དོ། །དྲུག་པ་ནི། འཁོར་ལོ་བཞི་པོ་སོ་སོའི་རླུང་སེམས་ཀྱི་བྱེད་པ་ཤས་ཆེ་བ་ལས་སྡེ་པ་བཞི་སོ་སོའི་གྲུབ་མཐའ་འབྱུང་སྟེ། དཔེར་ན་འཕགས་པ་གནས་བརྟན་པ་རྣམས་ཀྱི་ལྟ་སྤྱོད་སྒོམ་པ་ནི། ལྟེ་བ་རླུང་སེམས་འདུས་པའི་རྣམ་རྟོག་ཤས་ཆེ་བ་མང་དུ་ཚོགས་པ་ལས་བྱུང་བ་བཞིན་ནོ། །སྒྲ་དོན་ནི་རླུང་རྣམས་ཕལ་ཆེར་ལྟེ་བར་གནས་ཤིང་བརྟན་པ་ཡིན་ལ། ལུས་ཀྱི་འཕེལ་འགྲིབ་ནི་རླུང་གིས་བྱེད་པའི་ཕྱིར་ལུས་བསྐྱེད་པའི་གནས་སུ་སོང་བས་གནས་བརྟན་པ་དང༌། སྙིང་ག་ནི་རྣམ་རྟོག་གི་གནས་ཀྱི་གཙོ་བོ་ཡིན་ཞིང༌། དེ་ལས་གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་སྨྲ་བར་བྱེད་པས་སྙིང་ག་ཐམས་ཅད་ཡོད་སྨྲ་དང༌། རོ་དྲུག་པོ་རྣམས་ཀྱིས་བཀུར་བསྟི་བྱེད་པའི་གནས་ཡིན་པས་མགྲིན་པ་མང་བཀུར་བ་དང་
བདེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་ཕལ་ཆེར་སྤྱི་བོར་གནས་པས་སྤྱི་བོ་དགེ་འདུན་ཕལ་ཆེན་པའོ། །ཀྱཻ་རྡོ་རྗེ་ལས་ཀྱང༌། གང་ཕྱིར་སྤྲུལ་པའི་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཆོས་ནི་སྨྲ་བར་བྱུང་བའི་ཕྱིར། །ཆོས་ཀྱི་འཁོར་ལོར་ཐམས་ཅད་ཡོད། །གང་ཕྱིར་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཉིད། །གང་ཕྱིར་བདེ་ཆེན་མགོར་གནས་པས། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། ཅེས་གསུངས་སོ། །བདུན་པ་ནི། ཆུང་ངུ་ཐིག་ལེ་ཆ་གཅིག་པ་དང༌། འབྲིང་ཆ་གཉིས་པ་དང༌། ཆེན་པོ་ཆ་གསུམ་པ་དང༌། ཆེན་པོའི་ཆེན་པོ་ཆ་བཞིན་པ་སྟེ། དེ་རྣམས་ཀྱི་མཐུ་ལས་རྣམ་རྟོག་གམ་འདུ་ཤེས་ཀྱང་དབྱེ་བ་བཞི་པོ་དེ་འབྱུང་སྟེ། དངོས་པོ་གང་ལ་གཅིག་ཏུ་འཛིན་པ་མིག་སྨན་ལ་ནག་པོ་ཁོ་ནར་འཛིན་པ་ལྟ་བུ་འདུ་ཤེས་ཆུང་ངུ་དང༌། ཐེ་ཚོམ་ཟ་བ་ལྟ་བུ་ཆ་གཉིས་པ་ན་འབྲིང་དང༌། ད་ལྟར་གྱི་མཆོད་རྟེན་འདི་ནི་སྔོན་ལྷན་བྱིན་གྱིས་བཞེངས་ལ་མ་འོངས་པ་ན་འཇིག་པར་འགྱུར་རོ་སྙམ་པ་ལྟ་བུ་དངོས་པོ་གཅིག་ལས་ཁྱད་པར་མི་འདྲ་བ་གསུམ་གྱི་འདུ་ཤེས་འཇུག་པ་ནི་ཆེན་པོ་དང༌། དངོས་པོ་གཅིག་ཉིད་ལ་ཡང་ཁྱད་པར་དུ་མའི་འདུ་ཤེས་འཇུག་པ་ནི་ཆེན་པོའི་ཆེན་པོའོ། །བརྒྱད་པ་དང་དགུ་པ་ནི་འོག་ཏུ་འཆད་པར་འགྱུར་ཏེ། འཁོར་ལོ་དེ་རྣམས་སུ་དེ་དག་འཆར་བ་ཡིན་ནོ། །བཅུ་པ་ནི། ཐུན་མོང་མ་ཡིན་པར་དགའ་
བཞི་དང་སྦྱར་བ་འོག་ཏུ་འཆད་ལ། འདིར་འབྲས་བུ་བཞི་ཡིན་ཚད་ལ་ནི་མི་སྦྱོར་གྱི། སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ལ་སྦྱོར་ཏེ། རྒྱུ་མཐུན་པའི་འབྲས་བུ་འབྱུང་བའི་ལས་གང་ཡིན་པ་ནི། ལྟེ་བའི་རླུང་སེམས་ཀྱི་མཐུ་དང༌། དེ་བཞིན་དུ་རྣམ་སྨིན་བསྐྱེད་པའི་ལས་ནི་སྙིང་ག་དང༌། སྐྱེས་བུ་བྱེད་འབྲས་བསྐྱེད་པའི་རྩོམ་པ་ནི་མགྲིན་པ་དང༌། བྲལ་འབྲས་བསྐྱེད་པའི་ལམ་བསྒོམ་པ་ནི་སྤྱི་བོ་སྟེ། དེ་དག་གི་རླུང་སེམས་ཀྱི་བྱེད་པས་དེ་རྣམས་ཀྱི་ལས་ལ་རྩོལ་བར་བྱེད་པའོ། །བཅུ་གཅིག་པ་ནི། ལྟེ་བ་ནི་བདག་གི་གནས་ཏེ་གཏུམ་མོའི་གནས་བཟང་པོ་ཡིན་པ་དང༌། སྙིང་ག་ནི་གཏུམ་མོ་ལས་གཞན་པའི་མི་ཤིགས་པའི་ཐིག་ལེ་གནས་ས་ཡིན་པས་གཞན་བཟང་པོ་དང༌། འབར་འཛག་ཐོག་མ་བརྟན་པའི་དུས་ཀྱི་གནས་མགྲིན་པ་ཡིན་པས་དེ་ནི་དུས་བཟང་པོ་དང༌། ཡེ་ཤེས་སྐྱེ་བའི་རྒྱུ་ནི་སྤྱི་བོའི་ཐིག་ལེ་ཞུ་བ་ཡིན་པས་སྤྱི་བོ་ནི་ཡེ་ཤེས་ཀྱི་བཟང་པོའོ། །བཅུ་གཉིས་པ་ནི། ལྟེ་བའི་རླུང་སེམས་ཀྱི་བྱེད་པ་ལས་གཞིའི་དུས་སུ་བདག་ཏུ་འཛིན་པའི་རྣམ་རྟོག་དང༌། མཐར་ཐུག་ཏུ་སེམས་ཀྱི་རང་བཞིན་གསལ་ཆ་རྒྱུན་མི་འཆད་པར་མཐོང་བར་འབྱུང་སྟེ། དེ་ནི་ཕྲ་བའི་བདག་ཡིན་ནོ། །དེའི་ཕྱིར་ལྟེ་བ་ནི་བདག་གི་གདན་ནོ། །སྙིང་གའི་རླུང་སེམས་ཀྱི་བྱེད་པས་གཞན་དུ་སྣང་བ་ཁམས་གསུམ་པོ་འདི་དག་སྣང་སྟེ། རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པར་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །
སྒྱུ་མ་རླུང་གི་ཁམས་གསུམ་མོ། །རྨི་ལམ་རྨི་བ་བཞིན་དུ་སྣང༌། །ཞེས་རླུང་སེམས་ཀྱི་འཁྲུལ་སྣང་དུ་ཁམས་གསུམ་པོ་སྣང་བ་ནི། རྨི་ལམ་བཞིན་དུ་སྣང་བ་ཞེས་གསུངས་པས། གསང་འདུས་རྡོ་རྗེ་ཕྲེང་བའི་ལུགས་ལ་ཕྱི་དོན་ཚད་གྲུབ་ཏུ་ཡོད་པར་འདོད་པ་དགའདི་ཁོ་ནས་དངོས་སུ་བཀག་ལ། སྒྲོན་གསལ་དུ་ནི་སློབ་དཔོན་ཟླ་བས་ཀྱང༌། ཇི་སྐད་དུ། ཆོས་ཐམས་ཅད་ནི་རྨི་ལམ་མཐོང་བའི་དུས་སུ་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །ཞེས་གསུངས་ཤིང༌། གཞན་ཡང་སྣང་བ་སེམས་སུ་བཞེད་པའི་ཚིག་ཟུར་མང་དུ་ཡོད་པས། སློབ་དཔོན་འདིའི་དགོངས་པ་འགྲེལ་པར་སྨྲ་བ་རྣམས་བག་ཡོད་པར་སྤྱོད་ཅིགཕྱི་དོན་ཚད་གྲུབ་ཏུ་འདོད་པ་དང༌། སེམས་རླུང་གིས་བསྐྱོད་ནས་ཕྱི་དོན་དུ་སྣང་བར་གསུངས་པ་ནི་ཤིན་ཏུ་འགལ་བ་ཡིན་ནོ། །དེ་ནས་གཟུགས་སོགས་རྫས་གྲུབ་ཏུ་འདོད་པ་ལ། གདན་བཞིའི་ནང་གི་གཞན་གྱི་གདན་གསུངས་པའི་དགོངས་པ་གཏོར་རོ། །ལམ་དུས་སུ་འོད་གསལ་གྱིས་གཞན་སྣང་འགག་པ་ཡང་སྙིང་གའི་མཐུ་ལས་འབྱུང་བས་གཞན་གྱི་གདན་ནོ། །སྔགས་དང་རྒྱུད་ཀྱི་སྦྱོར་བ་མང་པོ་ནི་ངག་གི་མཐུ་གྲུབ་པ་ལས་བྱུང་ཞིང༌། ངག་གི་གནས་ཀྱང་མགྲིན་པ་ཡིན་པའི་ཕྱིར་སྦྱོར་བའི་གདན་དུ་བཞག་གོ །གསང་བའི་གདན་
ནི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཉིད་རྩ་བདུན་ཁྲི་ཉིས་སྟོང་གི་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས་ཤིང་འབབ་པ་ལས་འབྱུང་བས་སྤྱི་བོ་གསང་གདན་དུ་བཞག་གོ །བཅུ་གསུམ་པ་ནི། སྔགས་ཐམས་ཅད་ཀྱི་རྩ་བ་རླུང་ཡིན་ལ། དེ་ཉིད་ཀྱང་ལྟེ་བའི་གཏུམ་མོའི་རྗེས་སུ་འགྲོ་བ་ཡིན་པས་དེ་སྔགས་ཀྱི་དེ་ཉིད་དང༌། གཞི་དུས་སུ་ལུས་སུ་སྣང་བ་དང༌། ལུས་ལེན་པའི་ཐོག་མ་དང༌། བར་དོར་ལྡང་བ་སོགས་སྙིང་ག་ནས་བྱེད་པ་དང༌། བསྐྱེད་རིམ་གྱི་ཚེ་དཀྱིལ་འཁོར་ལྷ་རྣམས་ཀྱང་དེ་ནས་སྤྲུལ་ཞིང་རླུང་སེམས་ཀྱི་སྐུ་ཡང་དེར་འགྲུབ་པས་དེ་ལྷའི་དེ་ཉིད་དང༌། ངག་རླུང་གི་བྱེད་པ་ལ་བརྟེན་ནས་རྨི་ལམ་གྱི་ཡུལ་སྣང་སྣ་ཚོགས་འབྱུང་བས་དེ་རྟེན་གྱི་དཀྱིལ་འཁོར་དང་མཚུངས་པའི་ཕྱིར་དཀྱིལ་འཁོར་གྱི་དེ་ཉིད་དུ་བཞག་ལ། ཡེ་ཤེས་ཀྱི་དེ་ཉིད་ནི་གསང་བའི་གདན་ནམ་དེ་ཁོ་ན་ཉིད་ཀྱི་གདན་ཅེས་བྱ་བ་གོང་དུ་བཤད་པ་དེའོ། །བཅུ་བཞི་པ་ནི། ལྟེ་བ་སྙིང་རྗེ༌། སྙིང་ག་བྱམས་པ། མགྲིན་པ་དགའ་བ། སྤྱི་བོ་བཏང་སྙོམས་ཏེ་དེ་རྣམས་སུ་རླུང་སེམས་ཐིམ་པའི་ཡེ་ཤེས་ལས་ཚད་མེད་བཞི་རང་གིས་སྐྱེའོ། །བཅོ་ལྔ་པ་ནི། སྤྱིར་ལྷ་མོ་བཞིའི་དག་པའི་དབང་གིས་སྦྱར་བ་ཡིན་མོད་ཀྱང༌། དོན་དངོས་ནི་སོ་སོ་སྐྱེ་བོའི་ལམ་དུ་རྩ་ཁམས་ཐམས་ཅད་དག་པར་བྱས་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་རྩ་ཁམས་རླུང་གསུམ་
དངོས་སུ་མེད་ཀྱང༌། ཡེ་ཤེས་ཉིད་ཀྱི་སྣང་བ་ཙམ་གྱི་དེ་དག་ནི་ཡོད་པས། ས་དྲུག་ལ་སྐྱེ་མཆེད་དྲུག་ཡུལ་དང་བཅས་པ་དག་ཅིང༌། དེ་ཡང་ཡེ་ཤེས་ཀྱི་སྐུ་དེའི་སྐྱེ་མཆེད་དྲུག་ཏུ་སྣང་བའི་རྩ་ཁམས་རླུང་གི་སྣང་ཆ་ཙམ་དག་པས་སྒྲིབ་བྲལ་དུ་གྱུར་པ་ལས། ས་དེ་དེའི་ཡོན་ཏན་རྣམ་པར་འཕེལ་བ་ཡིན་ལ། བདུན་པ་ཕན་ཆད་བཞི་འཁོར་ལོ་བཞི་དག་པ་ཡིན་པས། ས་དེ་དག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་མཐར་ཕྱིན་པ་དང་སྦྱར་ནས་ལྟེ་བར་ཐབས། སྙིང་གར་སྨོན་ལམ། མགྲིན་པར་སྟོབས། སྤྱི་བོར་ཡེ་ཤེས་ཞེས་སྦྱར་བ་ཡིན་ཏེ་འཁོར་ལོ་འབྱུང་བ་བཞིའི་གནས་ཡིན་ལ། ཡེ་ཤེས་ཀྱི་སྣང་ཆ་འབྱུང་བ་ལྟར་སྣང་བ་དེ་དག་དག་པ་ཡང་ལྟེ་བ་སོགས་དག་པ་ལ་རག་ལས་པས་སོ། །དེ་རྣམས་སྤྱོད་པ་བརྟེན་ནས་དག་ཚུལ་འཇམ་དཔལ་ཞལ་ལུང་ལས་གསུངས་པ་ལྟར་ཏེ། ཕྲེང་བ་ཧ་ར་ནུ་འབུར་སོགས། །མདོག་དང་ཀུ་ཙ་ལ་སོགས་པ། །པདྨ་བརྟག་པའི་དགའ་ཤེས་པ། །དང་པོར་རབ་ཏུ་ཤེས་པར་བྱ། །ཞེས་པ་ནས། དེ་བས་དེ་འདྲའི་དོན་ཆེན་ལ། །ཡང་དག་འཇུག་པར་མི་ནུས་པའི། །གདུལ་བྱ་རྣམས་ལ་བདེ་གཤེགས་ཀྱིས། །རབ་ཏུ་དགའ་སོགས་མཚན་ཉིད་དུ། །བསྟན་ནས་དེ་ཡིས་དོན་ཞུགས་པས། །དེ་ཡིས་རྟོགས་ཀྱང་སླ་དང་བཅས། །ཞེས་པའི་བར་དུ་སྟེ། འདི་ཡང་ཕ་རྒྱུད་ནས་གསལ་བར་མ་གསུངས་པ་མ་རྒྱུད་ཀྱི་མན་ངག་གིས་གསལ་བར་མཛད་པའོ། །བཅུ་དྲུག་པ་ནི། ལྟེ་བ་
སངས་རྒྱས་སྤྱན། སྙིང་ག་མཱ་མ་ཀི མགྲིན་པ་གོས་དཀར་མོ། སྤྱི་བོ་སྒྲོལ་མ་སྟེ། འབྱུང་བའི་དྭངས་མའི་རླུང་དང་ཐིག་ལེ་གནས་པས་དེ་རྣམས་ལྷ་མོ་དེ་དང་དེའི་དག་པ་ཡིན་པར་གསུངས་པ་སྟེ། ལྟེ་བ་ནས་རླུང་དང་ས་ཁམས་ཀྱི་དྭངས་མའི་ཐིག་ལེ་གནས་པས་དེ་སྤྱན་མ་སྟེ། གཞན་གསུམ་ལའང་དེ་བཞིན་ནོ། །དེ་སྐད་དུ་ཡང༌། ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་སོ། །ཡང་ལྷ་མོ་བཞིས་ཕྱག་རྒྱ་རིགས་བཞི་བསྟན་པ་ཡིན་ཏེ། སྤྱིར་པདྨ་ཅན་མ་སྤྱན་མའི་རིགས་སོགས་ཡིན་ཀྱང༌། བདེ་མཆོག་རང་ལུགས་ལ། སྤྱན་མས་རི་མོ་ཅན་མ། མཱ་མ་ཀཱིས་པདྨ་ཅན་མ། གོས་དཀར་མོས་དུང་ཅན་མ། སྒྲོལ་མས་གླང་ཆེན་མ་བསྟན་ཏེ། འཁོར་ལོ་དེ་དག་གི་རྩ་མདུད་གྲོལ་བ་ལ་ཕྱག་རྒྱ་དེ་དག་སོ་སོར་བསྔགས་པ་དང༌། དེ་དག་ཀྱང་སོ་སོར་འཁོར་ལོ་དེ་དག་དག་པའི་ནུས་མཐུ་ཅན་ཡིན་པ་དང༌། འཁོར་ལོ་དེ་དག་དག་པ་ལས་རིགས་བཞིར་གཏོགས་པའི་ཕོ་ཉ་མོའི་འདུ་བ་ཐོབ་པ་དང་འཁོར་ལོ་བཞིའི་བདེ་བ་ཡང་དེ་དག་གིས་དྲངས་པའི་ཞུ་བདེ་དང་མཚུངས་པས། དེ་དག་གི་ཞུ་བདེ་དག་བྱེད་དུ་འགྱུར་བ་སོགས་དོན་མང་དུ་སྟོན་པ་ཡིན་ནོ། །གཉིས་པ་ལ་ཏིང་ངེ་འཛིན་གསུམ། ལས་གསུམ། དཀྱིལ་འཁོར་གསུམ། སྐུ་གསུམ་མོ། །དང་པོ་
ནི། རླུང་གང་དག་རྒྱུ་བར་མགོ་རྩོམ་པ་ནི་གཞི་དུས་ཀྱི་སྤྲུལ་སྐུ། ལོངས་སྤྱོད་པ་དེ་རྒྱུ་བ་དེ་བཞིན་པ་ནི་ལོངས་སྤྱོད་རྫོགས་སྐུ། འགག་པ་ལ་ཕྱོགས་པ་ནི་ཆོས་སྐུའོ། །དེ་ལྟར་ཡང་ཨོ་ལ་པ་ཏི་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ནི་སྐྱེ་ཞིང་གནས་ལ་འཇུག་པའོ་ཞེས་གསུངས་ཏེ། འདིའི་རྒྱས་བཤད་དུ། ཕྱི་ནང་གི་ཡུལ་ཉེར་བཞི་ངོས་བཟུང་བ་དང༌། དེར་ནང་གི་དཔའ་བོའི་རྣལ་འབྱོར་མ་རྩ་ཐིག་རླུང་གི་འགྲོས་བཤད་པ་ཞིབ་མོར་མཛད་དོ། །ལམ་དུས་སུ་རླུང་དང་ཐིག་ལེ་དེ་དག་ཐིམ་པའི་རང་གནས་སོ་སོ་ནས་དྷཱུ་ཏིར་ཐིམ་ཞིང༌། ཡན་ལག་ཀུན་གྱི་རླུང་འཇུག་སྤྱོད་དབང་དུ་བྱེད་པ་གསུམ་ནི། ངེས་པར་ཕྱག་རྒྱའི་ལམ་ལ་ལྟོས་ཏེ། རྩ་བདུན་ཁྲི་ཉིས་སྟོང་གི་ཐིག་ལེ་ཞུ་བ་གསང་བའི་སྣ་རྩེར་བརྟན་པ་ནི། དེར་དེ་དག་ཐིམ་འགྲོ་བ་ཡིན་ནོ། །དེ་ལ་རླུང་གིས་གྲངས་ཏེ་ཐིག་ལེ་ཡང་ཐིམ་པར་འགྱུར་ཏེ། དེས་ན་རླུང་གང་དང་བདུན་ཁྲི་ཉིས་སྟོང་གི་རྩ་ནས་འབྱུང་བ། རང་རང་གི་རྩ་བའི་གནས། རྩ་ཉེར་བཞིར་འཇུག་སྤྱོད་དབང་གསུམ་གྱི་འཇུག་པ་དང་པོ་སྦྱོར་བ། ལོངས་སྤྱོད་པ་དཀྱིལ་འཁོར་རྒྱལ་མཆོགཐིམ་པ་ལས་རྒྱལ་མཆོག་ཅེས་བྱ། དེ་ཐམས་ཅད་མཐར་དུས་གཅིག་ཏུ་གསང་བའི་པདྨ་ནས་དབུ་མར་འཇུག་སྤྱོད་དབང་གསུམ་བྱེད་པ་ན་ཡང་དེ་དང་འདྲ་སྟེ། རྫོགས་རིམ་གང་མཐར་ཕྱུང་ཀྱང་འདྲ་བས། ཏིང་ངེ་འཛིན་གསུམ་པོ་འདི་ཚང་བར་འབྱུང་ངོ༌། །གཉིས་པ་ནི། ལྷ་སྤྱན་འདྲེན་པ་དང་
གཤེགས་གསོལ་དང༌། །བཞུགས་པ་གསུམ་གྱི་ངེས་དོན་ཏེ། །རླུང་ནང་དུ་འཇུག་པ་སྤྱན་འདྲེན་པ། ཕྱིར་འགྲོ་བ་གཤེགས་སུ་གསོལ་བ། གནས་པ་བཞུགས་པ་སྟེ། འདི་རྣམས་ཀྱི་རྡོར་བཟླས་གྲུབ་པས་དེ་རྣམས་ཀྱི་ཕན་ཡོན་དང་དངོས་གྲུབ་སོགས་ཅི་འགྲུབ་པ་འདིས་འགྲུབ་པ་དང༌། ལྷ་ཡང་དེའི་ཚུལ་གྱིས་དངོས་སུ་བསྐུལ་ནས་བྱིན་གྱིས་བརློབ་པས། སྔགས་རྒྱུད་ཆོ་གའི་སྤྲོས་པ་མེད་ཀྱང་རྫོགས་རིམ་འདི་ལས་འབྱུང་ཞིང༌། འབྱུང་འཇུག་གནས་གསུམ་སྔགས་ཀྱི་རང་བཞིན་ཏེ། རྒྱུད་སྡེ་རྣམས་ལས་རྡོ་རྗེའི་བཟླས་པ་ཡི་གེ་གསུམ་པ་དང༌། གཉིས་པ་དང༌། དྲུག་པ་ལ་སོགས་པ་ཇི་སྙེད་གསུངས་པའི་འདིའི་གནད་ཀས་སོ། །ཐིག་ལེ་ལ་སྦྱར་ན་གཏུམ་མོས་ཐིག་ལེ་སྤྱི་བོ་ནས་འཛག་པ་སྤྱན་འདྲེན། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་གཤེགས་གསོལ། ཐིག་ལེ་རྩ་འཁོར་སོ་སོར་ཡས་བབས་མས་བརྟན་གྱི་སྐབས་བརྟན་པར་བྱེད་པ་བཞུགས་པ་སྟེ། རྒྱུ་མཚན་གོང་དང་འདྲ་ཞིང་རླུང་ལ་སྦྱར་ན། སྤྱན་འདྲེན་པ་སྤྲུལ་སྐུ། གཤེགས་སུ་གསོལ་བ་ལོངས་སྐུ། བཞུགས་པ་ཆོས་སྐུའོ། །ཐིག་ལེ་ལ་སྦྱར་ན་སྤྱན་འདྲེན་པ་ལོངས་སྐུ། གཤེགས་གསོལ་སྤྲུལ་སྐུ། བཞུགས་པ་ཆོས་སྐུའོ། །གསུམ་པ་ནི། རྩ་སྐུའི་དཀྱིལ་འཁོར། རླུང་གསུང་གི་དཀྱིལ་འཁོར། ཐིག་ལེ་ཐུགས་ཀྱི་དཀྱིལ་འཁོར། ཡང་ན་བདེ་བའི་རྒྱུ་ཡིན་པས་ཐིག་ལེ་
གསུང་ལོངས་སྐུ་དང༌། རླུང་སེམས་ཐུགས་ཆོས་སྐུར་སྦྱར་བ་ཡོད་པ་ལྟར་རུང་ངོ༌། །བཞི་པ་ནི། མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུའམ་ཐིག་ལེ་སྤྲུལ་སྐུའོ། ཁྱད་པར་ལམ་གྱི་དུས་སུ་སྙིང་གར་གཉིད་འཐུག་པོ་ཆོས་སྐུ། མགྲིན་པར་རྨི་ལམ་ལོངས་སྤྱོད་རྫོགས་སྐུ། ལྟེ་བར་སད་པས་སྤྲུལ་སྐུའོ། །དེ་ཡང་དེ་དང་དེའི་ཐིག་ལེ་དང་རླུང་གི་སྣང་བའོ། །དེ་དག་ལ་གནད་དུ་བསྣུན་པས་ལམ་དུས་ཀྱི་སྐུ་གསུམ་མངོན་དུ་བྱེད་པ། གཞི་དུས་ཀྱི་སྐུ་གསུམ་གྱི་སྣང་བ་དེ་དག་ལས་བྱུང་བས་དེ་དག་དེ་རྣམས་སུ་བཞག་གོ །དེ་ལྟར་ཡང༌། སྐུ་གསུམ་ལུས་ཀྱི་ནང་དུ་ནི། འཁོར་ལོའི་དབུས་སུ་བརྗོད་པར་བྱ། ཞེས་གསུངས་ཤིང༌། སྤྱི་བོར་བདེ་བ་ཆེན་པོ་ཉིད། ཅེས་ཀྱང་བཤད་པས། སྤྱི་བོ་ནི་གཞི་དུས་ཀྱི་འཛག་བདེ་དང༌། ལམ་དུས་དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན་གྱི་སྐྱེ་བའི་གནས་སམ་རྒྱུའོ། །དེས་ན་རྗེ་བཙུན་ལྷོ་བྲག་མར་པའི་ཞལ་སྔ་ནས། རླུང་སེམས་གཉིད་འཐུག་པོའི་དུས་སྙིང་གར་གནས་རྨི་ལམ་གྱི་དུས་མགྲིན་པར་གནས། སད་དུས་ལྟེ་བར་གནས། ཕོ་མོ་སྦྱོར་བའི་དུས་སྤྱི་བོར་གནས་པས་རིམ་པ་བཞིན་འོད་གསལ་དང༌། རྨི་ལམ་དང༌། སྒྱུ་ལུས་དང་ལས་རྒྱའི་གདམས་ངག་རྣམས་དེ་དག་ཏུ་གནས་ཟིན་པ་དགོས་ཚུལ་གསུངས་པ་ནི་ཤིན་ཏུ་གནད་ཆེའོ། །དེ་ལྟར་ན་ཆོས་སྐུར་སྦྱར་བ་ཐམས་ཅད་སེམས། ལོངས་སྐུར་སྦྱར་བ་ཐམས་ཅད་ངགསྤྲུལ་སྐུར་སྦྱར་བ་
ཐམས་ཅད་ལུས་ཀྱི་ཆོས་ཡིན་པ་དང༌། ལུས་རྐྱང་མ་དང༌། ངག་རོ་མ། སེམས་དབུ་མའི་ཆོས་དང༌། དེ་དག་ཀྱང་རོ་མའི་སྒོ་མགྲིན་པར་འབྲེལ་བ་དང༌། རྐྱང་མའི་སྒོ་ལྟེ་བ་དང་འབྲེལ་བ་དང༌། དྷཱུ་ཏཱིའི་གནས་སྙིང་ག་ཡིན་པས་འཁོར་ལོ་གསུམ་དང་འབྲེལ་བར་གནས་པས་རང་ལུས་ལ་ངེས་པར་བྱེད་པའོ། །གསུམ་པ་ལ། ཨཱ་ལི་ཀཱ་ལི་གཉིས། ཡི་གེ་གཉིས་ཐབས་ཤེས་གཉིས། སྒོ་གཉིས། ཤེས་རབ་གཉིས། ཡུལ་དབང་གཉིས་འཕྲོས་དང་བཅས་པའོ། །དང་པོ་ནི། ཡི་གེ་རྣམས་ཀྱི་སྒྲ་སོ་སོར་མི་གསལ་བ་ཡི་གེ་རྣམས་ཀྱི་བརྗཽད་པའི་གཞི་ཙམ་འབྱུང་བའི་རྩ་རླུང་ཐིག་ལེ་ལས་ནི་ངག་གི་བརྗོད་པའི་དབྱངས་རྣམས་འབྱུང་ཞིང༌། ཡི་གེའི་གདངས་སུ་གསལ་པོར་འབྱུང་བའི་ལུས་ཅན་རྣམས་ནི་གསལ་བྱེད་བསྐྱེད་པར་བྱེད་པའོ། །དེ་ལ་དབྱངས་འབྱུང་བའི་རྩ་ཡིག་རྣམས་ནི་གཞི་དུས་སུ་རྐྱང་མའི་བྱེད་པ་ཅན་ཡིན་ཞིང༌། གསལ་བྱེད་འབྱུང་བ་རྣམས་རོ་མའི་བྱེད་པ་ཅན་ཡིན་ནོ། །ལྟེ་མགྲིན་ཁམས་དམར་པོ་ཤས་ཆེ་བ་ཡིན་པས་རོ་མ་དང༌། སྤྱི་སྙིང་ནི་དཀར་པོ་ཤས་ཆེ་བས་རྐྱང་མ་དང་འབྲེལ་བར་མི་འགྱུར་རམ། ཡི་གེའི་དབྱེ་བ་ནི་གོ་ཟློག་ཏུ་འབྱུང་ངོ་ཞེ་ན། དཀར་དམར་གཉིས་པོར་གཅིག་གིས་ཅིག་ཤོས་ཀྱི་གྲོགས་བྱེད་པ་ཙམ་རིགས་འདྲས་མི་བྱེད་པས་ཕན་གདགས་བྱ་གདགས་བྱེད་ནི་ཁམས་རིགས་མི་མཐུན་གཙོ་ཆེ་བ་ཡིན་ནོ། །དེའི་ཕྱིར་ཁམས་དམར་པོ་ཅན་གྱི་ལྟེ་མགྲིན་
རྐྱང་མའི་བྱེད་པ་ཅན་ཡིན་པ་དང༌། དཀར་པོ་ཅན་གྱི་སྙིང་ག་དང་སྤྱི་བོ་གཉིས་རོ་མ་དང་འབྲེལ་བ་ཡིན་པའི་མི་འགལ་ལོ། །གཉིས་པ་ནི། ཨེ་དང་ཝཾ་གཉིས་ཏེ་འཁོར་ལོ་བཞི་དང་སྦྱར་བ་ནི་སྔར་བཤད་ཟིན། འཁོར་ལོ་སོ་སོ་ལས་གྱེས་པའི་རྩ་རྣམས་ཀྱང་རྩ་བའི་འཁོར་ལོས་བསྡུས་པ་ཡིན་པས་དེའི་རིགས་པས་སྦྱར་བར་བྱའོ། །གསུམ་པ་ནི། འཁོར་བའི་དུས་སུ་ཡུལ་གཟུང་བ་ཤེས་རབ་སྟེ་རོ་མ་དང༌། ཡུལ་ཅན་འཛིན་པ་ཐབས་ཏེ་རྐྱང་མ་དང་སྦྱོར་ཏེ་དེ་དག་གིས་རྣམ་རྟོག་བསྐྱེད་པས་སོ། །ཡང་རྐྱང་མ་བདེ་བ་བསྐྱེད་པས་ཤེས་རབ་དང༌། རོ་མ་ཡུལ་སྣང་བ་སྐྱེད་པས་ཐབས་ཏེ་དབྱེར་མེད་ཀྱིས་རྒྱས་བཏབ་པའོ། །ལམ་དུས་སུ་དེ་རྣམས་ཀྱི་ཆོས་ནི་ཨེས་རོ་མའི་ཆོས་དང༌། ཝཾ་གྱིས་རྐྱང་མའི་ཆོས་རྣམས་འཛིན་པ་ཡིན་ནོ། །བཞི་པ་ནི། སྒོ་གཉིས་ཀྱི་རྣམ་དབྱེ་གོང་དུ་བཤད་ཟིན་པ་སྟེ། ཡང་ཕྱིར་འགྲོ་བ་སྟེང་གི་སྒོ་སྟེ་རོ་མ་དང་འབྲེལ་ནས་སྤྱི་བོ་དང༌། འོག་སྨིན་མཚམས་སམ་རླུང་དང་ཐིག་ལེ་ནང་དུ་འདུག་པ་རྐྱང་མ་དང་འབྲེལ་བའོ། །ལྔ་པ་ནི། ཨོ་ལ་པ་ཏི་ལས། ཤེས་རབ་ནི་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྟེ་འཁོར་བའོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ་མྱ་ངན་ལས་འདས་པའོ། །ཞེས་གསུངས་པས། གཞི་དུས་སུ་
སེམས་ཀྱི་ཆ་ནས་བཞག་པའི་བདེ་བ་དང་སྣང་བ་གཉིས་སྔར་བཤད་ཟིན། ལུས་ཀྱི་ཆ་ནས་བདུད་རྩི་ལྔའི་དྭངས་མ་ནི་བདེ་བའི་རྟེན་ཡིན་པས། རྡོ་རྗེ་འཆང་གི་དབུགས་འབྱུང་དང༌། ཁམས་ཉེར་བཞི་སོགས་འབབ་པ་ནི་ཆ་ཤས་ཐ་དད་པ་སྣ་ཚོགས་སྒྲུབ་བྱེད་ཡིན་པསདེ་བཞིན་གཤེགས་པའི་དབུགས་དབྱུང་ངོ༌། །ལམ་དུས་ཇི་སྐད་དུ། བདེ་དབུགས་འབྱིན་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །ཞེས་གསུངས་ཏེ། ལྷ་སྐུའི་རྣམ་པ་རང་ཤར་བ་དང༌། རྩ་རླུང་ཐིག་ལེ་དམིགས་བཅས་རྣམས་ནི། བདེ་གཤེགས་དབུགས་འབྱིན་དང༌། ཤེས་རབ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོར་སེམས་དབུགས་དབྱུང་ངོ༌། །འབྲས་བུ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དང༌། མངོན་པར་བྱང་ཆུབ་པའི་བདེ་བ་གཉིས་ལ་རིམ་པར་འཇོག་གོ །དམིགས་བཅས་བཾ་དང༌། དམིགས་མེད་ཨེ་ཡི་འཁོར་ལོ་ལས་འབྱུང་བ་དང་དེའི་ཡེ་ཤེས་འཆར་ཚུལ་ཤེས་དགོས་སོ། །དྲུག་པ་ནི། ཨོ་ལ་པ་ཏི་ལས། བྱང་ཆུབ་སེམས་ནི་མིག་ལ་སོགས་པ་དབང་པོ་དྲུག་གོ་ཞེས་གསུངས་པས། མིག་གི་དབང་པོ་རྩ་རླུང་ཐིག་ལེ་དང་བཅས་པ་ནི་སའི་སྙིང་པོའི་དག་པ་ཡིན་ཏེ། སེམས་ཀྱི་སྟེང་ན་དེ་ལྟར་སྣང་བའི་གསལ་ཆ་དེ་ཉིད་དྲི་མ་དང་བྲལ་བ་ལས། འབྲས་བུ་སའི་སྙིང་པོའི་ངོ་བོར་འགྲུབ་པ་ཡིན་ལ། དེའི་ཚེ་གཟུགས་སུ་སྣང་བ་ཡང་རྣམ་པར་དག་སྟེ། ལྷ་མོ་
གཟུགས་རྡོ་རྗེ་མར་གྱུར་པ་ཡིན་ནོ། །ལྷག་མ་རྣམས་ལའང་དེ་བཞིན་སྦྱར་བར་བྱའོ། །ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པའི་ཆོས་ཡིན་པས། ཨེ་ཝཾ་དང་སྦྱོར་ཚུལ་གོང་བཞིན་ནོ། །དེས་ན་ལྷན་ཅིག་སྐྱེས་གྲུབ་ལས་ཀྱང་ལྕམ་དཔལ་མོས། སངས་རྒྱས་བདག་ཉིད་ལུས་ལ་ནི། །དངོས་གྲུབ་བདེ་བ་མི་ནུས་ཤིང༌། །བདག་ཉིད་འཕྲོག་པའི་ཆོམ་རྐུན་དེ། །དེ་ཡི་སྡིག་པ་མ་བྱས་སམ། །བདག་ཉིད་འདི་དག་གཞན་པ་ལ། །གཞན་དག་ཏུ་ནི་རྟོག་པར་བྱེད། །བདག་ཉིད་འཕྲོག་པའི་ཆོམ་རྐུན་དེ། །དེ་ཡི་སྡིག་པ་མ་བྱས་སམ། ཞེས་དང༌། ལུས་གནས་ལུས་ལས་མ་སྐྱེས་པ། །རྟོག་པ་གཉིས་ནི་སྤངས་པ་སྟེ། ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །དངོས་པོ་ཀུན་ལ་ཡང་དག་གནས། །ཞེས་ལུས་ལ་གནས་པའི་བདེ་བ་ཆེན་པོ་མི་ཤིགས་པ་དང༌། བདག་དང་གཞན་དུ་སྣང་བ་ཐམས་ཅད་རང་སེམས་ལས་གཞན་དུ་རྟོག་པ་རྣམས་ཀྱིས་ལུས་སེམས་སངས་རྒྱས་ཀྱི་རང་བཞིན་གྱིས་དག་པ་ལ་གནོད་པ་བྱས་པས་སྡིག་པ་བསགས་པ་སྟེ་བྱ་བ་ཉེས་པ་ཞེས་བྱའོ། །སྣང་བ་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་མཐུ་ལས་སྣང་བ་དང༌། སེམས་ལ་བག་ཆགས་ཅི་ཡོད་ལུས་སུ་སྨིན་པ་དང༌། དེ་ལ་གནད་དུ་བསྣུན་པས་བག་ཆགས་དེ་དག་སྦྱོར་བའི་ཐབས་སུ་འགྱུར་བ་སྟེ། དཔལ་ཡང་དག་པར་སྦྱོར་བས་སམྤུ་ཊི་ལས། ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡིས་
གཡོགས་པའི་ལུགས། ཞེས་གསུངས་པའི་ནུས་པ་དང་ལྡན་པར་བྱས་སོ། །སློབ་དཔོན་ཨཱརྱ་དེ་བས་ཤིང་གཅིག་པའི་དཀའ་འགྲེལ་ལས་ཀྱང༌། ཕྱི་རོལ་དེ་བཞིན་རང་བཞིན་ནི། །ལུས་ལ་གནས་པའི་ལྷ་རྣམས་མཆོད། །ཅེས་སོགས་ནས། སྔགས་པ་ཕྱི་རོལ་སྤྱོད་བྱེད་ན། །བསྐལ་པ་བྱེ་བ་བརྒྱ་རྣམས་སུ། །སྒྲུབ་ཀྱང་དངོས་གྲུབ་བྱེད་མི་ནུས། །ཞེས་ནང་གི་དེ་ཁོ་ན་ཉིད་འདི་ལྟ་བུ་མི་ཤེས་པར་ཕྱི་རོལ་གྱི་ལྷ་ལ་མངོན་པར་ཞེན་པས་མཆོད་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་ཞེས་གསུངས་སོ། །གཉིས་པ་ལ། ཕུང་ཁམས་ཀྱི་དག་པ། ཡེ་ཤེས་ཀྱི་དག་པ། རྩ་ཁམས་ཀྱི་དག་པའོ། །དེ་དག་ཐམས་ཅད་ནི་ཞོར་ལ་རྟོགས་པར་འགྱུར་བས་ས་བཅད་ཙམ་བསྟན་པ་ནི། དང་པོ་ནི། ཨོ་ལ་པ་ཏི་ལས། དེ་བཞིན་གཤེགས་པ་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་བྱེད་དང་འདུ་ཤེས་དང་རྣམ་པར་ཤེས་པའོ། །ཞེས་པ་དང༌། དཔྱིད་ཀྱི་ཐིག་ལེར་ཡང༌། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །རྡོ་རྗེ་ཉི་མ་ཚོར་བ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཀུན་གྱི་ངོ་བོ་ཧེ་རུ་ཀ །ཞེས་སོགས་ཕུང་པོ་དྲུགདབང་པོ་དྲུགཁམས་ལྔ་རྣམས་ཀྱི་དག་པ་སཾ་པུ་ཊི་བཞིན་གསུངས་སོ། །གཉིས་པ་ནི། ཨོ་ལ་པ་ཏི་ལས། ཡེ་ཤེས་ལྔ་ནི་མེ་
ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པའོ། །ཞེས་པ་ནི་རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ་ཞེས་པའི་སྐབས་སུ་བསྟན་ནོ། །གསུམ་པ་ནི། དཔྱིད་ཀྱི་ཐིག་ལེར་སཾ་པུ་ཊིའི་གཞུང་དྲངས་ཏེ་ལེའུ་བཞི་པར་མདོར་བསྟན་དང༌། ལྔ་པ་དྲུག་པ་རྣམས་སུ་རྒྱས་པར་བཤད་པའི་ཡུལ་ཉི་ཤུ་རྩ་བཞི་དང༌། རྩ་དང་ཁམས་དཔའ་བོ་དཔའ་མོ་རྣམས་ཀྱི་དག་པ་རྒྱས་པར་བསྟན་པ་སྟེ། དེ་ལྟར་དེ་དག་ཐམས་ཅད་གོང་དུ་བཤད་པ་ལྟར་དག་པ་གསུམ་གྱི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མདོར་བསྡུ་ན། རང་སེམས་ཀྱི་སྣང་བ་ལ་དེ་དེ་འཆར་བའི་གསལ་ཆ་དག་ལམ་དུ་མ་བྱས་ན་འཁོར་བའི་ཆོས་སུ་སྣང༌། དེ་ཉིད་ཀྱི་ངོ་བོ་ལམ་དུ་བྱས་ན་ལམ་དུས་སུ་ཡང་དཀྱིལ་འཁོར་དང་བདེ་བ་ཟུང་དུ་འཇུག་པའི་ཚུལ་དུ་སྣང་ལ། འབྲས་བུའི་དུས་ན་གཞི་དུས་ཀྱི་རང་བཞིན་ཐམས་ཅད་མངོན་དུ་གྱུར་པ་ཞེས་བྱ་སྟེ། མ་དག་པའི་ཆོས་རྣམས་དག་པ་སྟེ། རང་བཞིན་སྟོང་པ་ཆོས་ཀྱི་སྐུ་ལ་དབྱེ་བ་མེད་ཀྱང༌། སྣང་བ་དང་བདེ་བ་གཟུགས་ཀྱི་སྐུར་འཆར་བ་ནི། ཐོབ་སྐལ་རྩིས་ན་སོ་སོ་བ་དེ་དག་གོ །ཞེས་ཤེས་པར་བྱའོ། །གསུམ་པ་ནི། ཡིད་ཆེས་བཞི་དང་ལྡན་པ་སྟེ། གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། ལུང་ལས་ཡིད་ནི་ཆེས་པ་དང༌། །བདག་ཉིད་ལས་ནི་ཡིད་ཆེས་དང༌། །གཞན་ལ་ཡིད་ནི་ཆེས་པ་དང༌། །དེ་བཞིན་བླ་མ་ལ་ཡིད་ཆེས། །ཞེས་ལུང་ལ་ཡིད་ཆེས་པ་ནི་
བཀའི་དགོངས་དོན་ཡིན་པ་དང༌། གཞན་ལ་ཡིད་ཆེས་པ་ནི་ཉམས་མྱོང་ཅན་གྱི་སློབ་དཔོན་གྱི་རིམ་པ་ཡིན་པ་དང༌། བདག་ཉིད་ལ་ཡིད་ཆེས་པ་ནི་ཉམས་མྱོང་འཕྲལ་དུ་སྐྱེ་ཞིང་དེའི་ཡིད་ཆེས་དང་ལྡན་པའོ། །བླ་མ་ལ་ཡིད་ཆེས་པ་ནི་རྡོ་རྗེ་སློབ་དཔོན་ཏེ་རྟོགས་པ་དང་ལྡན་པ་ལ་ཡིད་ཆེས་པའོ། །ཡིད་ཆེས་དེ་རྣམས་ཀྱི་ཕྱི་མ་གཙོ་ཆེ་སྟེ། དེ་ཉིད་ལས། དེ་ནི་ཡི་གེའི་ནང་ན་ཨོཾ། །ཕྱུགས་ནང་རི་དྭགས་རྒྱལ་པོར་མཚུངས། །རིག་བྱེད་ནང་ན་ངེས་བརྗོད་དང༌། །མེ་ཏོག་པ་ར་ཛི་ཏར་མཚུངས། །ཞེས་པ་དང༌། ཡིད་ཆེས་དང་ནི་ཐམས་ཅད་ལ། །བླ་མ་ཉིད་ནི་བྱེད་པོར་འགྲོ། །ཞེས་གསུངས་ཤིང༌། དེའི་བླ་མ་ཡང་རྡོ་རྗེ་སློབ་དཔོན་ཡིན་ལ། ཕྱིའི་ལས་རབ་འབྱམས་སྟོན་པ་དང༌། རྩ་རླུང་ཐིག་ལེ་ལ་སོགས་པ་ལུས་ཀྱི་དེ་ཉིད་སྟོན་པ་ནི་ཕྱིའི་བླ་མ་སྟེ་མདོར་བསྟན་པའོ། །སེམས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ནི་ནང་གི་བླ་མ་སྟེ་རྒྱས་བཤད་མཛད་པའོ། །མདོར་བསྟན་དང་རྒྱས་བཤད་ནི་དེ་ཁོ་ན་ཉིད་ཕྱོགས་ཙམ་མཚོན་པ་དང༌། རྒྱས་པར་མཚོན་པའི་ཁྱད་པར་རོ། །དེ་ལྟར་ཡང་དེ་ཉིད་གསལ་བ་ལས། བླ་མ་རྣམ་པ་གཉིས་ཡིན་ཏེ། །རྒྱུ་འབྲས་འབྱུང་བར་གྱུར་པའོ། །རྒྱུ་ཡི་ངོ་བོ་མདོར་བསྟན་པ། །འབྲས་བུ་རྒྱས་པར་སྟོན་པའོ། །མདོར་བསྟན་ལུས་དང་ངག་ཡིན་ཏེ། །རྒྱས་དོན་བྱེད་པ་སེམས་ཉིད་ཡིན། །ཞེས་གསུངས་སོ། །གཉིས་པ་ལ།
ལམ་གྱི་ངོ་བོ་རིམ་བཞི་དང༌། དེ་ལས་འབྲས་བུ་འགྲུབ་ཚུལ། འབྲས་བུ་སྒྲུབ་བྱེད་ཀྱི་སྤྱོད་པ་སྟེ་གསུམ་མོ། །དང་པོ་ལ་རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ་གསང་བའི་རིམ་པའོ། །དང་པོ་ལ། སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ། སྒྲ་དོན། ངོ་བོ། དབྱེ་བ། ས་མཚམས་ཏེ་བཞི་ལས། དང་པོ་ནི། རྒྱུད་ནི་རྩ་གསུམ་འཁོར་ལོ་བཞི་ཡིན་ལ། དེ་ཉིད་སྒོམ་པའི་རིམ་པ་ཡིན་པས་རིམ་པའོ། །གཉིས་པ་ནི། རྩའི་རྣལ་འབྱོར་རོ། །གསུམ་པ་ནི། སྤྱིར་རྫོགས་རིམ་མཐའ་དག་རིམ་པ་བཞིའི་མཚན་ཉིད་ཅན་དུ་ནི་འདུ་བ་ཡིན་པས། དེའི་དབང་གིས་ཕྱེ་ན། རྩ་འབའ་ཞིག་སྒོམ་པ་དང༌། ཡི་གེ་སྒོམ་པ་དང༌། ཐིག་ལེ་སྒོམ་པ་དང༌། རླུང་གི་འོད་ཟེར་སྒོམ་པ་དང༌། བུམ་པ་ཅན་ལ་སོགས་པ་རླུང་སྦྱོར་འབའ་ཞིག་པ་དང༌། ལྔ་ཆར་ཚང་བ་ནས་གཉིས་འདུས་པའི་བར་དུ་ཡོད་དོ། །བཞི་པ་ནི། དབུ་མར་ཞུགས་གནས་ཐིམ་གསུམ་ཁྱད་པར་ཅན་ལ་བརྟེན་ནས་དངོས་སུ་གཏུམ་མོ་འབར་ཏེ། རོ་མའི་ནང་ནས་འབར་མི་ཐུབ་པ་དེ་སྲིད་དུ་རྒྱུད་རིམ་ཡིན་ལ། ཐུབ་ནས་ནི་སྔགས་རིམ་དུ་འཇོག་གོ །གཉིས་པ་གཞུང་གི་དོན་ནི། འཁོར་ལོ་སོགས་ཏེ། སྐབས་འདིར་རྒྱུད་ཀྱི་རིམ་པའི་མཚན་ཉིད་ཅན་གྱི་རྫོགས་རིམ་རྡོ་རྗེ་མཁའ་འགྲོ་དང༌། ཡང་དག་སྦྱོར་བའི་རྒྱུད་ཀྱིས་རྩ་རྒྱུད་ཀྱི་སྦས་དོན་བཤད་པ་ནི་སྐབས་འདིའི་
རྒྱུད་རིམ་སྟེ། རྩ་འཁོར་བཞི་པོ་ཡི་གེ་དང་བཅས་པ་རྣམ་པར་བསྒོམས་པས། ཐོག་མར་རླུང་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་རྒྱུ་བ་ཟློག་ཏུ་ཉེ་བའི་རྟགས་ལྔ་འབྱུང༌། དེ་ནས་ཅུང་ཟད་ཟློག་པའི་རྟགས་ལྔ་འབྱུང༌། མཐར་གྱི་རླུང་འཁོར་ལོ་བཞི་དང༌། གཙོ་བོར་ལྟེ་བར་ཞུགས་གནས་ཐིམ་གསུམ་གྱིས་རིམ་པས་རླུང་རྣམས་རིམ་གྱིས་ལས་སུ་རུང་སྟེ། ཞུ་བདེ་ཅི་རིགས་པར་འདྲེན་པ་དང༌། འཁོར་ལོའི་ཡི་གེ་རྣམས་གསལ་བར་སྣང་བ་རྒྱུད་ཀྱི་རིམ་པའོ། །ལུགས་འདིར་ཡི་གེའི་དཀྱིལ་འཁོར་ཞེས་བྱ་བའི་ཐ་སྙད་འགའ་ཞིག་མཛད་མོད་ཀྱང༌། འདིར་ཡི་གེ་ཞེས་བྱ་བ་དེ་ཅི། སྲ་བའི་ཆ་ཞིག་ཡིན་ན་ནི་སྙིགས་མའི་ཁམས་སམ་རྩའི་རིགས་སུ་འགྱུར་ལ། དྭངས་མའི་ཁུ་བ་ཞིག་ཡིན་ན་ནི། ཐིག་ལེའམ་ཁམས་བདུད་རྩིའི་དཀྱིལ་འཁོར་དུ་འགྱུར་ལ། རླུང་ཡིན་ན་ཡང་དེའི་དཀྱིལ་འཁོར་དུ་འགྱུར་བས། རྩ་དང་ཁམས་དང་རླུང་མ་ཡིན་ན་ནི་སེམས་སམ་ཡང་ན་སེམས་ཅན་དང་རྗེས་སུ་མ་འབྲེལ་བ་ཞིག་ཏུ་འགྱུར་བས། ཁོ་བོ་ཅག་ནི་ལུགས་འདི་མི་སྦྱོར་ཏེ། རླུང་དང་ཡི་གེ་ནི་གཅིག་པ་ཁོ་ནའོ་ཞེས་སྨྲའོ། །གཉིས་པ་སྔགས་ཀྱི་རིམ་པ་ལ་སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ་རྩ་བཤད་སྦྱར་བས་རྫོགས་རིམ་ལ་ངེས་པ་བསྐྱེད་པ། བསྒོམ་བྱ་གཏུམ་མོའི་དབྱེ་བ། དེ་ལས་བདེ་སྟོང་སྐྱེ་བའི་ཚུལ་ལོ། །དང་པོ་ནི། རྒྱས་པར་སློབ་དཔོན་ཉིད་ཀྱི་རྫོགས་རིམ་གཞུང་
གསུམ་ལས་ཤེས་དགོས་མོད་ཀྱི། འདིར་སྒོ་ཙམ་བསྟན་ན། དཔྱིད་ཐིག་ལས། དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་དཀྱིལ་འཁོར་དང༌། སྦྱིན་སྲེག་དང༌། མཆོད་སྦྱིན་དང༌། བཟླས་པ་དང༌། སྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་ཕྱི་རོལ་དང་མཐུན་པར་ནང་གི་ངོ་བོས་རབ་ཏུ་བཤད་པར་བྱའོ། །ཞེས་མདོར་བསྟན་ནས། དེ་དག་ཅི་རིགས་པར་གསུངས་སོ། །གསང་བའི་དེ་ཉིད་དང༌། ཨོ་ལ་པ་ཏིའི་རིམ་པ་བཞི་པ་ལས་ཀྱང་གླེང་གཞིའི་ངེས་དོན་རྒྱ་ཆེར་གསུངས་ཏེ། གཞན་ཡང་དཔྱིད་ཐིག་གི་ཚིག་དེའི་རྗེས་སུ་འབྲངས་ནས་དེ་དག་གི་ངེས་དོན་སཾ་པུ་ཊི་ལས་རྒྱས་ཤིང་ཚང་བར་གསུངས་ཏེ། ལུས་དཀྱིལ་ལ་བརྟེན་ནས་དེ་དག་གི་རླུང་སེམས་ཟློག་པར་བྱེད་ཚུལ་དང༌། འཁོར་ལོའི་དབུས་སུ་པདྨ་ལ་གནས་པའི་ཉི་ཟླ་ཁ་སྦྱོར་སྒོམ་པ་སོགས་ཀྱིས་ནི། རྩ་འཁོར་སོ་སོར་འབར་འཛག་བྱེད་པ་སྟོན་པ་དང༌། བཟླས་པའི་ངེས་དོན་ཡང་རྡོ་རྗེ་བཟླས་པ་སོགས་རླུང་གི་སྦྱོར་བ་རྣམས་དང༌། སྔགས་བཏུའི་ངེས་དོན་གྱི་གཏུམ་མོ་དང་རླུང་དང་ལས་རྒྱའི་མན་ངག་མང་པོ་སྟོན་པ་ནི། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་རལླི་རྣམ་པར་འབྱུང༌། ཞེས་སོགས་སོ། ཁྱད་པར་རྩ་རྒྱུད་ཀྱི་ཕྱག་རྒྱ་བཞིའི་སྐབས་དང༌། སྦྱིན་བསྲེག་གི་ངེས་དོན་རྣམས་ཀྱིས་རྒྱས་པར་འཆད་ཅིང༌། ལས་ཀྱི་ཕྱག་རྒྱའི་རིམ་པ་རྣམས་ཀྱང་མཆོག་ཏུ་རྒྱས་པར་རྩ་བཤད་ཀྱི་རྒྱུད་
ཐམས་ཅད་དང༌། ཁྱད་པར་རྡོ་རྗེ་མཁའ་འགྲོ་ལས་རྒྱས་པར་བཤད་དོ། །གཉིས་པ་ནི། ཇོ་བོ་ནཱ་རོ་ཏ་པའི་མན་ངག་གི་བཞེད་པས། སྔགས་ཀྱི་རིམ་པ་ལ་ཉམས་སུ་བླང་བྱ་བཅུ་གཉིས་ཏེ། གཏུམ་མོ་གསུམ། ཐིག་ལེ་གསུམ། རླུང་གསུམ། མི་རྟོག་པ་གསུམ་མོ། །དང་པོ་ལ། སྐུ་གསུང་ཐུགས་ཀྱི་གཏུམ་མོ་གསུམ་མོ། །རྩའི་རྣལ་འབྱོར་དང་འཁྲུལ་འཁོར་བྱེད་བཅིངས་ཀྱིས་གཏུམ་མོ་རོ་མར་སྦར་ཐུབ་པ་ནི་སྐུ་དང༌། ཡིག་འབྲུ་དང་རླུང་གི་མདོག་དབྱིབས་ལ་དམིགས་ནས་དེ་ཐུབ་པ་ནི་གསུང་དང༌། དམ་ཚིག་གི་ཕྱག་རྒྱའི་གཏུམ་མོ་ཞེས་བྱ་བ་གཙོ་བོར་དྲོད་བསྐྱེད་པ་དང༌། ཆོས་རྒྱའི་གཏུམ་མོ་སྟེ་དྲོད་ལ་བརྟེན་པས་བདེ་བ་སྒོམ་པ་དང༌། ཕྱག་ཆེན་གྱི་གཏུམ་མོ་སྟེ་དེ་ལ་བརྟེན་པའི་བདེ་སྟོང་དབྱེར་མེད་བསྒོམ་པ་སྟེ་དེ་གསུམ་ནི་ཐུགས་ཀྱི་གཏུམ་མོའོ། །ཐིག་ལེ་གསུམ་ནི། ཨ་ཧཾ་དང་ཉི་ཟླ་ཁ་སྦྱོར་སོགས་སྒོམ་པ་ཁ་དོག་ལ་བསླབ་པ་དང༌། དབྱིབས་ཐ་དད་སྣ་ཚོགས་སྒོམ་པ་དབྱིབས་ལ་བསླབ་པ་དང༌། འོད་ཟེར་སྤྲོ་བསྡུ་སྣ་ཚོགས་སྒོམ་པ་འབེན་རྒྱང་ལ་བསླབ་པའོ། །རླུང་གསུམ་ནི། འཇམ་རླུང་ལ་བསླབ་པ་ཞི་བ་དང༌། བུམ་ཅན་ཁ་སྦྱོར་དྲག་པོ་དང༌། རྡོར་བཟླས་དང་དགང་དབྱུང་སོགས་ནི། དགང་ཐོན་ལ་བསླབ་པའོ། །ཕྱག་ཆེན་ལ་བསླབ་པ་གསུམ་ནི། བསྒྲིམ་པ་སོགས་བློས་བྱས་ཀྱི་སྟོང་ཉིད་ནི་
བཙན་ཐབས་སུ་བསླབ་པ་དང༌། རང་སར་གློད་པ་ནི་ཞུད་དབྱུང་བ་དང༌། དམིགས་པ་ལ་བརྟེན་ནས་དམིགས་མེད་སྐྱེ་བ་ནི། རྟོག་བཅས་ལ་བརྟེན་ནས་མི་རྟོག་པ་སྒོམ་པ་སྟེ། དེ་ལྟར་བཅུ་གཉིས་པོ་རྣམས་ཀྱི་མན་ངག་རྣམས་ནི་ཕལ་ཆེར་སྔོན་ཆད་སྙན་བརྒྱུད་དུ་གནས་པའི་ཕྱིར་འདིར་མི་འདྲིའོ། །གལ་ཏེ་དོན་དུ་གཉེར་ན་བླམའི་ཞལ་སྔ་ལས་རྟོགས་པར་བྱའོ། །གསུམ་པ་ལ། བདེ་སྟོང་ངོས་བཟུང༌། ཞུ་བདེ་འབྱུང་ཚུལ་བཤད། དེའི་ལམ་གྱི་རབ་དབྱེའོ། །དང་པོ་ལ། བདེ་བ། སྟོང་པ། ཟུང་འཇུག་ངོས་བཟུང་བ་གསུམ་ལས། དང་པོ་ལ་གཉིས་ལས། དང་པོ་བདེ་བའི་ངོ་བོ་ནི། སེམས་གནས་པས་རླུང་རྣམས་རང་ལུས་ལ་ཕན་འདོགས་པར་སོང་བའི་ཤིན་སྦྱངས་ཀྱི་བདེ་བ་ནི་ཞི་གནས་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་ཞིང༌། ཡིད་ཀྱི་དགའ་བདེ་ཡང་ཐམས་ཅད་ཀྱི་ཐུན་མོང་བ་སྟེ། སྟོང་ཉིད་མཐོང་བས་དྲངས་པའི་དགའ་བདེ་ཡང་མདོ་དང་ཐུན་མོང་བ་དང༌། སྲོག་རྩོལ་ཕྱི་རོལ་ཏུ་རྒྱུ་བ་བཀག་ཙམ་གྱི་བདེ་བ་ཡང་རྒྱུད་སྡེ་འོག་མ་རྣམས་ལས་ཀྱང་འབྱུང་བས། དེ་ཙམ་གྱིས་ནི་འདིའི་བདེ་བ་ཆེན་པོའི་གོ་མི་ཆོད་དོ། །དེ་རྣམས་ཀྱང་འདིར་ལམ་དུ་བྱེད་མོད་ཀྱི། འདིའི་ཐུན་མོང་མ་ཡིན་པའི་བདེ་ཆེན་ནི། ཞུ་བདེ་ཁྱད་པར་ཅན་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་ཆེན་ནོ། །འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་ཀྱང༌། བསམ་
གཏན་དང་པོའི་བདེ་བ་ཡོད་པའི་རྒྱུ་མཚན་གྱིས་བདེ་ཆེན་ལམ་བྱེད་སྔགས་ཀྱི་ཐུན་མོང་མ་ཡིན་པར་འཇོག་པ་མི་འཐད་པའི་རྩོད་པ་བཀོད་ནས། དེའི་ལན་འདི་སྐད་ཅེས། བདེན་ཏེ་འདི་ནི་ལྷན་ཅིག་སྐྱེས་པའི་བདེ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་ཡང་མ་ཡིན་ཞིང༌། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་བུ་ག་ནི་ནམ་མཁའི་བུ་གའོ། །ཞེས་པ་ཁོ་ནས་ནམ་མཁའ་དང་ཡང་མཉམ་པར་འགྱུར་བ་མ་ཡིན་པས་སོ་ཞེས་དང༌། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ཞེས་གསུངས་སོ་ཞེ་ན། གསུངས་མོད། འདིའི་ཐབས་ནི་བསྟན་པ་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །ཞེས་འབྲས་བུ་སངས་རྒྱས་ཀྱི་བདེ་ཆེན་ཙམ་ཞིག་བསྟན་དུ་ཆུག་ཀྱང༌། དེ་སྒྲུབ་བྱེད་ཀྱི་ཐབས་མ་བསྟན་ཞེས་གསུངས་ཏེ། ཐུན་མོང་མ་ཡིན་པར་རོ་རྐྱང་གི་རྒྱུ་བ་དབུ་མར་འགགས་པའི་ཞུ་བདེ་ཁྱད་པར་ཅན་མཚོན་ཏེ། ཞུ་བདེ་ལམ་བྱེད་ཁྱད་པར་ཅན་དང༌། དེ་ལ་བརྟེན་ཏེ་སེམས་ཀྱི་རང་བཞིན་ལྷན་སྐྱེས་མངོན་དུ་གྱུར་པ་ནི། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ནི་འདིའོ། །ཐེག་པ་འདི་ཉིད་མ་གཏོགས་ཐམས་ཅད་དུ་སྦས་པ་སྟེ། པདྨ་བཛྲ་
གྱི་ཞལ་སྔ་ནས་ཀྱང༌། བྱ་བ་སྤྱོད་པའི་དབྱེ་བ་དང༌། མདོ་སྡེའི་སྡེ་སྣོད་ལ་སོགས་སུ། །མཆོག་ཏུ་དགའ་བ་གཅིག་པུ་ཉིད། །རྣམ་པར་དུ་མར་རྣམ་པར་གནས། །ཕུང་པོ་རིན་ཆེན་སྣོད་ཉིད་དུ། །སེམས་ཅན་བསམ་པའི་དབང་གིས་ནི། །དེ་ཉིད་འབད་པས་སྦས་མཛད་ནས། །སངས་རྒྱས་མགོན་པོས་རྣམ་པར་གཞག །ཅེས་གསུངས་ཏེ། མཆོག་ཏུ་དགའ་བ་གནས་པའི་དོན་ཡང༌། དེ་ལ་དཀྲི་བར་བྱེད་པའི་ལམ་འགའ་ཞིག་ཡིན་ཞེས་པའི་དོན་ནོ། །དེ་ལྟ་བུའི་ཞུ་བདེ་ཁྱད་པར་ཅན་ལའང་དམིགས་པ་མེད་པའི་སྙིང་རྗེ་ཞེས་གསུངས་ཏེ། མན་ངག་སྙེ་མ་ལས། ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་ཕན་ཡོན་ནི། སྐྱེ་བ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པ་ལ། ཡན་ལག་གི་ཐབས་ནི་མང་མོད། མེད་ན་མི་འབྱུང་གི་རྒྱུ་ནི་བདེ་ཆེན་གྱི་ཡེ་ཤེས་འདི་ཡིན་ཏེ། དཔལ་སམ་པུ་ཊི་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། གསང་བ་གྲུབ་པ་ལས་ཀྱང༌། སྒྲུབ་པོ་དེ་ཉིད་ལ་གཏད་པས། བརྟུལ་ཞུགས་མེད་ཀྱང་འགྲུབ་
པར་འགྱུར། །བརྟུལ་ཞུགས་བརྒྱ་ཕྲག་སྤྱད་བྱས་ཀྱང༌། །དེ་ཉིད་མནན་ན་འགྲུབ་མི་འགྱུར། ཞེས་གསུངས་ཏེ། བརྟུལ་ཞུགས་ནི། དཀའ་ཐུབ་དང༌། སྡོམ་པ་དང༌། ཏིང་ངེ་འཛིན་གྱི་རྣམ་གྲངས་སོ། །ཡེ་ཤེས་འདི་ཁོ་ནས་དཀྱིལ་འཁོར་ལ་སོགས་པ་སྤྲོས་པའི་བྱ་བ་ཡུན་རིང་པོར་སྤྱད་པའི་ཚོགས་རྫོགས་ཚུལ་ཐམས་ཅད་ཡུད་ཙམ་གྱིས་འབྱུང་བ་ནི། ཀྱཻ་རྡོ་རྗེ་ལས་ཀྱང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། ཅེས་དང༌། དེ་ལ་སྤྱིའི་སྤྲོས་པ་རྣམས་མི་དགོས་པར་གསུངས་ནས། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་བསྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ། །ཞེས་གསུངས་པ་སྟེ། སྙིང་པོ་དེ་ནི་བདེ་ཆེན་པོ། མཚམས་མེད་ལྔའི་ལས་ཅན་གྱིས་ཀྱང་དངོས་གྲུབ་མཆོག་འགྲུབ་པའི་རྒྱུའི་གཙོ་བོ་ཡང་དེའོ། །གཉིས་པ་ནི། རྩ་རྒྱུད་ལས། རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །ཞེས་གསུངས་པའི་དོན། རྣལ་འབྱོར་མ་ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་སྟེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་ཤིང༌། ཁྱད་པར། དཔལ་མཁའ་འགྲོ་རྒྱ་མཚོ་ལས། ཨེ་ཝཾ་ལ་སོགས་གཉིས་མེད་སྤངས། །ཤྲཱི་ཞེས་བྱའི་ཡིག་དེས་བརྗོད། །
ཧེ་ཡིག་སྙིང་ག་གནས་ཀུན་དུ། །ཧེ་རུ་ཀ་སོགས་རབ་འཁོར་འགྲོ། །སྒོམ་པ་ཀུན་གྱིས་འབྱུང་ནས་ལས། །འཛིན་པ་ལ་སོགས་རྣམས་བསྐྱེད་ཅིང༌། །དེ་ནི་རྒྱུ་སྟོང་བདག་ཉིད་དོ། །རྒྱུའི་བདག་ཉིད་དུ་མི་རྟོགས་པའོ། །རང་བཞིན་ཆོས་བདག་མེད་པ་ཉིད། །དེ་ནི་སྟོང་པའི་རྣལ་འབྱོར་གནས། །བཀོད་པ་གང་དག་བདག་མེད་པ། །རྟོག་པའི་དྲྭ་བ་ཆེན་པོ་སྟེ། །རུ་ཡིག་རྐྱེན་གྱི་བདག་ཉིད་ཅན། །དེ་ནི་བདག་གི་བཀོད་བྲལ་བའོ། །སླར་བརྗོད་ཀ་ནི་མི་ནུས་པའི། །བདག་གིས་གཉིས་བྱར་མི་ཤེས་གང༌། །གང་ཕྱིར་ཅི་ལའང་མི་གནས་པ། །དེ་ཕྱིར་ཀ་ཞེས་བྱ་བར་བརྗོད། །ཅེས་ཧེ་ཡིག་གིས་ཆོས་གྱི་བདག་མེད། རུ་ཡིག་གིས་གང་ཟག་གི་བདག་མེད། ཀ་ཡིག་གིས་ཡུལ་ཅན་གྱི་ཡེ་ཤེས། ཤྲཱི་ཡིག་གིས་གཉིས་མེད་ཀྱི་ཡེ་ཤེས་རྣམས་བསྟན་ཏེ། རྒྱས་པར་གཞན་དུ་གཏན་ལ་དབབ་པར་བྱའོ། །ཁ་ཅིག་སྟོང་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ལྷག་པོ་ཅུང་ཟད་ཀྱང་གཏན་ལ་དབབ་རྒྱུ་མེད་ཅེས་དང༌། ཡང་སྐབས་ཤིག་ཏུ་སྟོང་ཉིད་དེ་ལ་ཡུལ་ཡུལ་ཅན་གཉིས་ཡོད་པའི་བདེ་སྟོང་གི་སྟོང་ཉིད་ནི་ཡུལ་སྟོང་ཉིད་དེ་ཡིན་ཞེས་དང༌། བདེ་སྟོང་གཉིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འགྲོ་དགོས་ཞེས་པ་དང༌། སྟོང་ཉིད་རྣམ་བཅས་མདོ་ལས་མ་བསྟན་ཞིང་སྔགས་ལས་བསྟན་ཞེས་སོགས་སྨྲ་བ་ནི། རང་ཚིག་གཅིག་གིས་གཅིག་སུན་འབྱིན་པར་
བྱེད་པ་ཡིན་ནོ། །དེས་ན་ཐོས་པའི་ལྟ་བའི་དབང་དུ་བྱས་ནས་མདོ་ལས་ལྷག་པ་མེད་ཀྱང༌། གཏན་ལ་དབབ་རྒྱུའི་སྟོང་ཉིད་ནི་ལྷག་པོ་ཡོད་དེ་བདེ་བའི་རང་བཞིན་གྱི་སྟོང་ཉིད་ཡིན་པ་དང༌། གཏན་ལ་དབབ་ན་ཐོས་བསམ་ཁོ་ནས་གཏན་ལ་དབབ་དགོས་པར་མ་ངེས་པས་སོ། །སྡོམ་འབྱུང་ལས། ལྷན་སྐྱེས་སྣང་བརྙན་རང་བཞིན་ནོ། །འོད་གསལ་རྣམ་དཔྱོད་སྤྱོད་ཡུལ་མིན། ཞེས་ཡུལ་ཅན་རྣམ་པར་དཔྱོད་པའི་སྒོམ་པས། འོད་གསལ་སྟོང་ཉིད་སྤྱོད་ཡུལ་དུ་བྱེད་མི་ནུས་པར་བཤད་ཅིང༌། རྫོགས་རིམ་གྱི་ལྷ་སྐུ་ཡང་རྡུལ་གྱི་ཆོས་ཅན་མ་ཡིན་པར་ལྷན་སྐྱེས་ཀྱི་སྣང་བརྙན་དུ་བཤད་པ་དང༌། རླུང་རང་མཚན་པ་ལས་གྲུབ་པ་ལ་རྡུལ་ལས་མ་གྲུབ་པ་མི་སྲིད་པས་འདི་བསམ་དགོས་སོ། །བདེ་སྟོང་སྦྱོར་བའི་སྟོང་ཉིད་དེ་ཡང་གོང་དུ་བཤད་པ་ལྟར་ཆད་སྟོང་ཁོ་ན་མ་ཡིན་ཏེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཟག་པ་མེད་པའི་སེམས་རྒྱུད་གང་ཡིན་པ་གསལ་བར་མངོན་དུ་གྱུར་པ་ནི་རྣམ་བཅས་ཀྱི་སྟོང་ཉིད་དངོས་ཡིན་ལ། དེའི་འཆར་སྒོ་ཡིན་པའི་ཕྱིར། སྟོང་པའི་གཟུགས་བརྙན་ཐམས་ཅད་ལ་ཡང་རྣམ་བཅས་ཀྱི་སྟོང་ཉིད་ཅེས་གསུངས་ཀྱི། རྡུལ་གྱིས་སྟོང་པ་ལ་སྟོང་ཉིད་ཀྱི་གོ་བར་བྱེད་པ་ནི་ཤིན་ཏུ་ཐ་ཆད་དོ། །རང་བཞིན་གང་དུ་ཡང་བརྗོད་དུ་མེད་པར་མཐོང་བ་ནི་རྣམ་མེད་སྟོང་ཉིད་དོ། །འདིར་སྨྲས་པ། རྒྱལ་བའི་སྲས་
གཅིག་འཇམ་དབྱངས་ཀྱིས། །རང་གི་ལྟ་འདོད་མདོར་བསྟན་ལས། །ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །གསུངས་འདི་རྡུལ་གྱིས་སྟོང་ཙམ་ལ། །འཆད་པ་གང་དེ་འབྲེལ་མེད་སྨྲ། །ཅི་ཕྱིར་ཞེ་ན་ལྟ་བ་མཆོག་དམན་གྱི། །དབྱེ་བའི་སྐབས་སུ་སྐབས་གཞན་གཏམ་བྱས་ཕྱིར། །རྒྱལ་ལ་ཅོ་འདྲི་སྨྲ་བར་མ་བྱེད་ཅིག །དེ་ཕྱིར་བཟུང་འཛིན་གཉིས་སྟོང་དག་ལ་བརྗོད། །གཞན་ཡང་ཕུང་པོ་རྣམ་དཔྱོད་ཀྱི་སྟོང་ཉིད་ཅེས་བྱ་བའི་རི་བོང་རྭ་ལྟར་ཅང་མེད་དུ་འཛིན་པ་ལ་ནི་མི་བརྗོད་དེ། འདི་ནི་རང་སྡེའི་ལྟ་བ་མཆོག་དམན་གྱི་དབྱེ་བ་ཡིན་པ་ལས། སངས་རྒྱས་པ་དེ་ལྟ་བུའི་ལྟ་བ་འཛིན་པ་ནི་ཆེས་ཉུང་བས་སོ། །གཞན་ཡང་འདིར་མང་དུ་བརྗོད་པར་བྱར་ཡོད་དོ། །གསུམ་པ་ལ་བདེ་སྟོང་གི་ངོ་བོ་ནི། བདེ་བའི་སྣང་བ་ཡང་མ་འགགས་ལ། དེ་ཉིད་ཀྱི་སྐབས་སུ་བརྗོད་བྲལ་སྤྲོས་པ་མེད་པའི་རྣམ་པར་ཤར་བ་གང་ཡིན་པ་དེའོ། །ལས་དང་པོ་པའི་སྐབས་སུ་འདི་ནི་ཐབས་སུ་འགྱུར་རོ། ཁ་ཅིག་བདེ་བ་དང་དེའི་སྟོང་པ་དུས་གཅིག་འགྲུབ་པ་ན། རྣལ་འབྱོར་པས་དབྱེར་མེད་དུ་བྱེད་མི་དགོས། སྟོང་པ་ལ་ཕྱིས་བདེ་བས་རྒྱས་འདེབས་དང༌། བདེ་བ་ལ་ཕྱིས་སྟོང་པས་རྒྱས་འདེབས་ཀྱི་གོ་མི་ཆོད་ཚུལ་བྱས་ནས་མཐར་གཏུགས་པའི་དོན་ལ་དོན་གྱི་ལྷན་སྐྱེས་སྐྱེས་
ན་ཡུལ་སྟོང་པ་དང༌། ཡུལ་ཅན་བདེ་བ་དབྱེར་མེད་ཡོད། དེ་གོང་དུ་མོས་པ་འཇུག་ཅེས་དང༌། ཡང་དབྱེར་མེད་ཀྱི་དོན་བློ་གཉིས་ངོ་བོ་ཐ་མི་དད་ཀྱི་གྲུབ་པ་དེ་རྫས་གཅིག་ལ་ངོས་འཛིན་པ་སོགས་ནུས་པ་ཡང་མེད་ལ། གྲུབ་མཐའ་གཏིང་མ་ཚུགས་པའི་གཟུ་ལུམ་མང་དུ་སྨྲ་མོད། དགག་སྒྲུབ་བྲིས་ན་མང་པར་འགྱུར་བས་མ་བཀོད་ལ། རང་ཚིག་འགལ་བ་མངོན་གྱུར་དེ་དག་གོ །སཾ་པུ་ཊི་ལས་ཀྱང༌། དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གྱུར་གཅིག་གྱུར་པ་ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་ཏེ། སེམས་གཅིག་པོ་དེ་ཉིད་བདེ་བ་དང་སྟོང་པ་གཉིས་ཀ་མ་ཡིན་ན། ཡུལ་ཡུལ་ཅན་སྦྱོར་སྐད་མང་པོ་བྱས་ཀྱང༌། ནམ་མཁར་ནམ་མཁའ་ཇི་ལྟ་བ་སོགས་ཀྱི་དཔེ་མི་འགྲིག་གོ །བདེ་བ་ཆེན་པོ་འདི་མེད་ན་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། ཁམས་གསུམ་པོ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །གང་གིས་བླུན་པོ་འཆིང་འགྱུར་བ། །འདིར་དེས་མཁས་རྣམས་རྣམ་པར་རོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །
ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མེ་ཚད་མར་མེ་ལྟ་བུ་འདའ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ནམ་མཁའ་ལྟར་རང་བཞིན་མེད་ཀྱང༌། ཁམས་གསུམ་གྱི་སྣང་བ་མི་འགག་པ་ནི་སྒྱུ་མ་ལྟ་བུ་ཡིན་པས། དེའི་ཕྱིར་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཡོད་མེད་གང་དུ་ཡང་མ་དམིགས་ཏེ། འདི་ནི་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་ཡིན་པས། བླུན་པོ་རྣམས་འཆིང་བར་འགྱུར་བའི་མཐོང་རེག་སོགས་འདོད་ཡོན་རྣམས་ལ། མཁས་པ་སྟེ་རང་བཞིན་ཤེས་པ་རྣམས་རོལ་བས་གྲོལ་བར་བྱེད་དོ། །དེ་བས་ན་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་བདེ་སྟོང་གིས་ཁམས་གསུམ་དུ་སྣང་བའི་འཁྲུལ་པ་ཐམས་ཅད་སྟོང་པ་ཉིད་དུ་ཐིམ་ཞིང་བཟའ་བར་བྱེད་དེ། བདེ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འགྲུབ་པས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་ལ། བདེ་བ་མ་ཚང་ན་སྟོང་པ་ནི། ཐབས་གཞན་དང་བཅས་སུ་ཟིན་ཀྱང་བསོད་ནམས་ཀྱི་ཚོགས་མི་འགྲུབ་པས་མར་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། གཉིས་སྦྱོར་གྱི་འདོད་ཡོན་ལམ་དུ་འབྱུང་བ་ཡོད་དེ། བྱང་ཆུབ་སེམས་དཔའ་ཁྱེའུ་སྐར་མར་གྱུར་པ་བཞིན་ནོ། །དེའི་ཕྱིར་སྔགས་ཀྱི་ཁྱད་ཆོས་མ་ཡིན་ནོ་སྙམ་ན། དེ་ཙམ་ནི་སྤྱོད་འཇུག་ལས། དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །
ཅེས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྤྱོད་པ་ཙམ་དུ་བསྟན་གྱི། ལམ་གྱི་ངོ་བོར་ཡང་མ་བསྟན་ལ། འདོད་ཡོན་ཀྱི་བདེ་བ་དེ་ཀུན་ལམ་དུ་མ་གསུངས་ཤིང༌། མདོ་ལུགས་ཁོ་ན་ལ་ནི་དེ་ལམ་དུ་བྱེད་ནུས་པའི་ལམ་ཡང་མེད་དོ། །འདིར་ནི་དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ལམ་གྱི་དངོས་གཞིར་ལེན་ཚུལ་སྟོན་པའི་ཕྱིར་རོ། །གཉིས་པ་ཞུ་བདེ་འབྱུང་ཚུལ་ནི་གསུམ་ལས། དང་པོ་གང་བཞུ་བར་བྱ་བ་ནི་ཐིག་ལེ་དཀར་ཆ་སྟེ། ཁ་ཅིག་སྤྱི་བོའི་ཧཾ་ཡིག་འབའ་ཞིག་ཡིན་ཞེས་ཟེར་ནའང༌། རང་གིས་ཀྱང་སྙིང་གའི་དཔྱིད་འཛག་པར་བྱས་པ་དང་ནང་འགལ་ཞིང༌། དོན་ལ་ཡང་མི་རིགས་ཏེ། སྤྱོད་བསྡུས་སྒྲོན་མེ་ལས་ཀྱང་ཇི་སྐད་དུ། ནཱ་ཌཱི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས། དྲི་མ་མེད་པའི་ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱ་ལི་ཞུ་བར་གྱུར་པ། ཞེས་གསུངས་པ་དང༌། གཞན་ཡང་ལུང་མང་དུ་ཡོད་དོ། །དེས་ན་གཙོ་བོ་ནི་སྤྱི་བོ་དང་སྙིང་གའི་ཐིག་ལེ་ཡིན་མོད་ཀྱི། ཡན་ལག་ནི་ཀུནྡ་ལྟ་བུ་ཐམས་ཅད་དོ། །ཐིག་ལེ་དེའི་རང་བཞིན་རྒྱུད་སྡེ་གཞན་ལས་ནི། ཁམས་གསུམ་གྱི་གནས་སོ་སོར་ཁམས་དྲུག་གི་ཆ་ཤས་མང་ཉུང་ཐ་དད་པར་གསུངས་སོ། །གཉིས་པ་གང་གིས་ཞུ་བྱེད་ནི། གཏུམ་མོ་སྟེ་དམར་ཆའི་དྭངས་མ་འབར་བ་ལས་ཡིན་ལ། དེ་ཡང་མེའི་འཁོར་ལོ་ལས་ཚངས་པའི་མེ་འབར་བས་བསྐུལ་ཏེ་ལྟེ་བའི་གཏུམ་མོ་རབ་ཏུ་སད་པར་
བྱེད་པ་དང༌། གསང་བའི་འཁོར་ལོས་བསྐུལ་བ་ལས་ཀྱང་འབར་བར་བྱེད་དེ། མདོར་ན། སྦོར་བྱེད་ཀྱི་གཏུམ་མོ་ཡང་གསུམ་ཏེ། ལྟེ་བ་དང༌། རྡོ་རྗེའི་སྐེད་པ་དང༌། ཀླུ་དབང་འཁྱིལ་བའི་ཀྵ་ཡིག་རྣམས་སོ། །གསུམ་པ་ཞུ་བར་བྱེད་པའི་རྐྱེན་ནི། ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །ཞེས་གསུངས་པས། དབུ་མའི་མས་སྣ་རྒྱས་པ་ལས་ཐུར་སེལ་གྱི་རླུང་གསར་པ་ཞིག་དབུ་མའི་ནང་དུ་སྐྱེ་ནས། ཞེས་ཚངས་པའི་མེ་སྦོར་བར་བྱེད། དེའི་མེ་རླུང་གི་ཤུགས་ཀྱིས་ལྟེ་བའི་གཏུམ་མོ་ལྷག་པར་འབར་བར་འགྱུར་རོ། །དེ་ཡང་སྟེང་སྒོ་ལ་ནི། སྟེང་གི་རླུང་འགག་པའི་སྦྱོར་བ་ལ་ཡང་ཡང་གོམ་པར་བྱས་པས་རིམ་གྱིས་དབུ་མ་རྒྱས་པར་འགྱུར་ཞིང༌། དེ་ཡང་སྟེང་རླུང་འགགས་པས་འོག་གི་དབུ་མ་རྒྱས་པ་དང༌། དེ་རྒྱས་པས་སྟེང་འགག་པ་ཅི་རིགས་པ་འོང༌། འོག་སྒོ་ལ་བརྟེན་པ་ནི། ཇི་སྐད་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང༌། མེ་འཁོར་ནང་དུ་ཆུ་སྐྱེས་ནི། །གང་ཚེ་རྡོ་རྗེ་བསྐྱོད་པར་བྱེད། །དེ་ཚེ་མེ་ནི་ཁོང་དུ་ཆུད། །འཁོར་ལོ་ཆུ་སྐྱེས་ཐམས་ཅད་ནི། །ཇེ་གསལ་ཇེ་གསལ་ཁ་བྱེར་འགྱུར། །དེ་རྣམས་རྩ་ཀུན་འཛག་གྱུར་ཏེ། །སྣོད་འཛག་པ་ཡི་ཆུ་ཐིགས་བཞིན། །ཞེས་གསུངས་པ་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། དཔའ་བོ་དང་ནི་རྣལ་འབྱོར་མ། །གང་ཚེ་གསང་བའི་རྩ་གཉིས་པོ། །ཡང་དག་སྦྱོར་
བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡིས་མེ་ནི་སྦར་བར་བྱེད། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་སད་མེ་དེ་ཡིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པ་ཞུ་ནས་རྩ་གནས་པ། །ཞེས་གསུངས་ཏེ། སྤྱིར་མཉམ་པར་སྦྱོར་བའི་སྟོབས་ཁོ་ན་ལས་ཀྱང༌། དེ་རྣམས་ཕྱོགས་མཐུན་འབྱུང་བ་ཡིན་མོད་ཀྱི། གཙོ་བོ་ནི་རྩའི་སྦྱོར་བས་ཞུ་བདེ་ཡོངས་སུ་རྫོགས་པ་འདྲེན་པ་སྟེ། ཕྱག་ཆེན་ཐིག་ལེ་ལས། པདྨའི་སྙིང་པོའི་དབུས་ན་ནི། །རྡོ་དབྱིངས་དབང་ཕྱུག་མ་ནི་བཞུགས། །དེ་མ་རྙེད་ཀྱི་བར་དུ་ནི། །ཐབས་གཞན་ལ་ནི་བྱང་ཆུབ་མེད། །དེ་ནི་རང་བཞིན་དགའ་བའི་རྒྱུ། །ཕྲ་མོའི་ཕྲ་མོ་ཡང་དག་མཆོད། །ཅེས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩའི་སྦྱོར་བས་སོ། །གསུམ་པ་ལ། འདི་ལ་ཡང་ཐིག་ལེ་དང༌། རླུང་དང༌། གཏུམ་མོའི་རྣལ་འབྱོར་ཅི་རིགས་པར་འབྱུང་ཞིང༌། དེ་དག་རྣམས་ཀྱང་ལྟེ་བའི་གཏུམ་མོ་སྦར་ནུས་པ་ཕན་ཆད་ནི་འཇོག་པས་སོ། །རྒྱུད་སྡེ་སོ་སོའི་མན་ངག་རྣམས་ལས་ཀྱང༌། དེ་ཐམས་ཅད་དམ་རེ་རེ་ལ་རྩལ་དུ་འདོན་པ་ཅི་རིགས་པར་སྣང་སྟེ། དྭོ་ཧ་སོགས་ནས་མི་རྟོག་པ་རྩལ་དུ་འདོན་པ་དང༌། དུས་འཁོར་ནས་དུམ་ཅན་སོགས་རྩལ་དུ་འདོན་པ་དང༌། ཌོམྦྷི་ལྷན་
ཅིག་སྐྱེས་གྲུབ་སོགས་གཏུམ་མོ་རྩལ་དུ་འདོན། ཡེ་ཤེས་ཞབས་སྐོར་རྣམས་ཕྲ་ཐིག་རྩལ་དུ་འདོན། འདུས་པ་འཕགས་སྐོར་ནས་རྡོར་བཟླས་རྩལ་དུ་འདོན། དབང་ཡོན་ཏན་རིམ་པ་སོགས་ཐོག་མ་ནས་ཕྱག་རྒྱ་རྩལ་དུ་འདོན་པ་སོགས་ཡོད་པ་བཞིན་ནོ། །གཏུམ་མོ་ལ་དབྱེ་ན། རྣལ་འབྱོར་གྱི་གཏུམ་མོ། །ལས་ཀྱི་གཏུམ་མོ། ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་ལས། དང་པོ་ནི། རང་ལུས་ལ་བརྟེན་པའི་རྣལ་འབྱོར་ཐམས་ཅད་དེ། སྐབས་འདིར་ནི་མེ་དམིགས་ཀྱི་གཏུམ་མོའོ། །གཉིས་པ་ལས་ཀྱི་གཏུམ་མོ་ནི་ལས་རྒྱ་ལ་བརྟེན་ནས་གཏུམ་མོ་འབར་བ་སྟེ། ཡེ་རྒྱ་ལའང་ཕྱོགས་མཐུན་དུ་བསྡུའོ། །གསུམ་པ་ནི་བདེ་སྟོང་ཉིད་ཀྱིས་བདེ་སྟོང་འདྲེན་པ་དང༌། རྣམ་བཅས་ཕྱག་ཆེན་རྣམས་ཀྱང་སྟེ། འདི་གསུམ་དུ་རྫོགས་རིམ་ཕལ་ཆེར་འདུའོ། །གཉིས་པ་གཞུང་དོན་ལ། ལྟེ་བར་རླུང་ཐིམ་པའི་རྟགས། དེ་ནས་གཏུམ་མོ་འབར་ཚུལ། བྱིན་གྱིས་བརླབས་པའི་དམིགས་པའི་ཁྱད་པར། སྔགས་རིམ་གྱི་ཡེ་ཤེས་ངོས་གཟུང་བ། འཕྲོས་དོན་ཉམས་རྟོགས་འབྱུང་ཚུལ་བཤད་པའོ། །དང་པོ་ནི། རླུང་གཉིས་སོགས་ཏེ། ཨོ་ལ་པ་ཏི་ལས། བསྲུབ་བྱ་སྲུབ་བྱེད་ཡང་དག་པར་སྦྱོར་བས་ཡེ་ཤེས་ཀྱི་མེ་ལས་ཀྱི་རླུང་གིས་སྦར་ཏེ་ལྟེ་བའི་དཀྱིལ་འཁོར་དུ་དུ་བ་འཐུལ་བ་དང༌། འབར་བ་དང་གནས་པ་དང་གསལ་བ་དག་གིས་ཞེས་གསུངས་པས། བསྲུབ་བྱ་
སྲུབ་བྱེད་ནི་རོ་རྐྱང་གི་རླུང་གཉིས་ཏེ། དེ་གཉིས་འགག་པའི་སྦྱོར་བས་ལས་ཀྱི་རླུང་རྒྱས་ནས། ལྟེ་བའི་གཏུམ་མོ་འབར་ཏེ་ལྟེ་བར་ཞུགས་གནས་ཐིམ་གསུམ་གྱི་མཐར་དུ་བ་ལ་སོགས་པའི་རྟགས་བཞི་བྱུང་བ་ནི་རླུང་གཉིས་ཐིམ་པས་གཏུམ་མོ་འབར་བ་བརྟན་པའི་རྟགས་སོ། །གཉིས་པ་ནི། དམར་ཆའི་དྭངས་མ་གཏུམ་མོ་སྟེ་རིམ་གྱིས་ཐོག་མར་རོ་མ་ནས་འབར་བར་འགྱུར་ཏེ་གཏུམ་མོ་སྟོབས་ཆུང༌། རྩ་མདུད་དམ་པས་དབུ་མའི་ནང་དུ་འབར་མ་ཐུབ་པའོ། །རོ་མར་ཅུང་ཟད་འབར་བ་དེ་ཉིད་རིམ་གྱིས་རིམ་གྱིས་ཇེ་མཐོ་ཇེ་མཐོར་སོང་ནས་སྙིང་གར་སླེབ་སྟེ། སྙིང་ག་ཆོས་འཁོར་རིམ་པས་གང་བ་དང༌། ཡང་རོ་མ་ནས་སོང་སྟེ་མགྲིན་པ་གང་བ་དང༌། ཡང་རོ་མ་ནས་སོང་སྟེ་སྤྱི་བོའི་བར་དུ་འགྲོ་བར་འགྱུར། དེ་དག་གི་བར་དུ་དྲོད་རེ་དང་སྦྲགས་ནས་རྩ་གནས་ཅི་རིགས་པའི་ཐིག་ལེ་ཞུ་བའི་བདེ་བ་དེ་ཡང་འོང་ལ། འོན་ཀྱང་མེ་ཤས་ཆེ་བའི་སྟོབས་ཀྱིས་གང་དུ་མེས་ཕྱིན་པ་དེར་གདུང་བ་དྲག་པོ་བསྐྱེད་པར་བྱེད། གཏུམ་མོ་ནམ་འབར་བའི་ཚེ་གཏུམ་མོས་ཁྱབ་པའི་རྩ་ཐམས་ཅད་ཁ་དོག་དམར་ཞིང་ཤིན་ཏུ་འོད་ཟེར་གསལ་བར་འགྱུར་བས་དམིགས་པའི་ཚེའང་དེ་བཞིན་བྱེད་པ་ཡིན་ནོ། །དེ་ནས་གཏུམ་མོའི་མེ་སྤྱི་བོར་སླེབ་པ་དེས་བྱང་ཆུབ་སེམས་དྭངས་མའི་གཙོ་བོ་རྣམས་སྤྱི་བོར་རིམ་གྱིས་འགྲུབ་པར་འགྱུར་ལ།
ཕྱི་ནས་འབབ་པར་འགྱུར་ཏེ། རྩ་མདུད་དམ་པའི་ཕྱིར་དབུ་མ་ནས་འབབ་མི་ཐུབ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྩ་ཡིན་པས་གཡོན་རྐྱང་མ་ནས་འབབ་བོ། །དེ་ཡང་རིམ་པས་མགྲིན་པ་དང་སྙིང་གའི་འཁོར་ལོ་རྣམས་ཁེངས་པས་སྔར་གྱི་གདུང་བ་ཞི་ནས་བདེ་དྲོད་ཀྱི་ཉམས་ཁྱད་པར་ཅན་སྐྱེ་ཞིང༌། མཐར་ལྟེ་བར་ཕྱིན་པ་ན། ལྟེ་བའི་གཏུམ་མོ་ཆེས་གསལ་ཞིང་ནུས་པ་དང་ལྡན་པར་འགྱུར་ཏེ་དབུ་མའི་ནང་དུ་འབར་བར་བྱེད་པའི་ཆ་རྩོམ་མོ། །འདི་ཚུན་ཆད་སྔོན་རོ་མ་ནས་འབར་བ་ནས་ཡུད་ཙམ་གྱིས་འགྲུབ་པ་མ་ཡིན་ཏེ། ལོ་ཟླའི་བར་དུ་འབད་པས་རིམ་གྱིས་འབྱུང་བ་ཡིན་ནོ། །ལན་ཅིག་ལྟེ་བར་འབར་འཛག་འཕྲད་ཕྱིན་དབུ་མར་ཅུང་ཟད་འབར་མོད། རེ་ཞིག་རོ་རྐྱང་གི་འབར་འཛག་དེ་ནི་འབྱུང་ངོ༌། །དེ་ཡང་ཤིན་ཏུ་ཕྲ་བའི་གཏུམ་མོས་དབུ་མ་ཁ་འབྱེད་པར་བྱེད་ཀྱང༌། དབུ་མའི་ལམ་བརྒྱུད། སྤྱི་བོར་མ་ཕྱིན་བར་དུ་རོ་མའི་འབར་བ་མི་འཆད་ཅིང༌། ཐིག་ལེ་དབུ་མའི་ལམ་ནས་ལྟེ་བར་མ་ཕྱིན་བར་དུ། རྐྱང་མ་ནས་འབྱུང་བའང་མི་ཟློག་གོ །འབར་འཛག་ཐམས་ཅད་དབུ་མར་རྫོགས་པ་ལན་ཅིག་བྱས་རྗེས་སུ། རོ་རྐྱང་དུ་འབར་འཛག་གི་རྒྱུ་བ་ཟློག་གོ །འབར་འཛག་ཆ་ཚང་བ་བྱུང་བའི་ཚེ། རོ་རྐྱང་ངམ་དབུ་མ་གང་ལ་ཡང་རུང་སྟེ། དགའ་བཞི་ཆ་ཚང་བ་འབྱུང་ངོ༌། །གསུམ་པ་ནི། བདེ་གཤེགས་
བདུད་རྩིས་བྱིན་རླབས་པས། །ཞེས་པ་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་སྟེ། འདི་ལ་བྷ་དནྟ་པ་དང༌། མེ་ཚ་གླིང་པ་སོགས་དོན་གཞན་དུ་འཆད་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རློབས་པའི་གནད་ཁྱད་པར་ཅན་ཡོད་པས་སངས་རྒྱས་རྣམས་ཉིད་ཀྱིས་ཐུགས་རྒྱུད་བསྐུལ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ནི་བྱིན་རླབས་འཇུག་པའི་གནད་ཁྱད་པར་ཅན་ཏེ། གཏུམ་མོ་སྒོམ་པ་རྣམས་ཀྱིས་ནན་ཏན་དུ་འཚལ་ལོ། །བཞི་པ་ནི་ལྟེ་བར་སོགས་ཏེ། ལྟེ་བའི་གཏུམ་མོ་འབར་བ་ནས་བརྩམས་ཏེ། ལྟེ་བར་ཐིག་ལེའི་ཟེགས་མས་སླེབ་པའི་བདེ་བ་རེ་ནི་འབྱུང་ལ། གཙོ་བོ་ནི་དབུ་མའི་ནང་ནས་འབར་འཛག་བྱས་པས་དཔྱིད་ཞུ་བའི་ཐིག་ལེ་ལྟེ་བར་ཕྱིན་པ། དཔྱིད་དང་ཕག་མོ་ཁ་སྦྱོར་གྱི་བདེ་བའི་ཡེ་ཤེས་ལྷན་ཅིག་སྐྱེས་པའོ། །དཔྱིད་ཐིག་ཀྱང་རིམ་པ་འདི་ཁོ་ནའི་སྐབས་སུ་གཙོ་ཆེ་བ་ཡིན་ལ། སྤྱིར་གོང་དུ་བཤད་པ་ལྟར་སྔགས་རིམ་ལ་རིགས་མི་འདྲ་བ་དེ་སྙེད་ཡོད་ཀྱང༌། འབར་འཛག་གི་དབྱེ་བ་མང་པོ་འབྱུང་བ་འདི་ནི། མེ་དམིགས་ཀྱི་གཏུམ་མོ་ཁོ་ན་ཡིན་པར་མངོན་ཞིང༌། ཐིག་ལེ་དང་རྡོ་རྗེའི་བཟླས་པ་སོགས་ལས་འབར་འཛག་སྒྲུབ་ཚུལ་འདི་ཉིད་ཆེས་མྱུར་ཏེ། རོ་རྐྱང་གི་ལམ་དུ་འབར་འཛག་བྱེད་པ་ལ་དཀའ་བ་མེད་ཅིང༌། དེ་བྱུང་ན་དབུ་མའི་ནང་དུ་འབར་འཛག་
བྱེད་པ་ཡང་ཤིན་ཏུ་སླ་བ་ཡིན་ཏེ། འཁོར་ལོ་སོ་སོ་འབར་འཛག་གིས་ལེགས་པར་སྦྱངས་ཟིན་པའི་ཕྱིར་རོ། །དེས་ན་དབུ་མར་རང་དུ་འབར་འཛག་བྱེད་པ་དེ་དཀའ་བ་ཞིག་ཡིན་པ་ལ། ཤིན་ཏུ་སླ་བའི་རོ་རྐྱང་གི་འབར་འཛག་གིས་དེ་ཡང་ཚེགས་མེད་པར་འགྲུབ་པ་ནི་ཟབ་མོའི་གནད་དོ། །གུ་རུ་ལྷོ་ཕྱོགས་པའི་ཞལ་སྔ་ནས། སྤྲོས་བྱས་ཀྱི་རྫོགས་པའི་རིམ་པ་འདི་རྣམས་ལ། རྡོར་བཟླས་ཐིག་ལེ་ལ་སོགས་པའི་རྣལ་འབྱོར་དང༌། གཏུམ་མོའི་རིམ་པ་དང༌། ཕྱག་རྒྱའི་རྣལ་འབྱོར་རྣམས་བདེ་སྟོང་མཚོན་པར་བྱེད་པ་ལ་ཕྱི་མ་ཕྱི་མ་མྱུར་བ་ཡིན་གསུང༌། ཁ་ཅིག་རྟགས་ལྔ་མ་མཐོང་བར་དུ་མེ་དམིགས་སྒོམ་དུ་མི་རུང་ཟེར་བ་ནི། བསྒོམ་བྱ་དང་རྒྱུད་ལ་སྐྱེ་ཚུལ་གྱི་དབྱེ་བ་མ་ཕྱེད་པ་སྟེ་རང་བཟོ་ཡིན་ཞིང༌། རོ་རྐྱང་གི་འབར་འཛག་རྒྱུད་རྒྱ་གཞུང་གང་ནས་ཀྱང་མ་བཤད། ཐུན་མོང་མ་ཡིན་པའི་གཏུམ་མོའི་རྣམ་གཞག་མ་ཤེས་པ་ཡིན་ཞེས་ཟེར་བ་ནི། དེ་བས་ཀྱང་རང་གིས་མ་ཤེས་པ་ཡིན་ཞིང༌། རང་གང་གི་རྗེས་སུ་འབྲང་བའི་བླ་མས་ཀྱང༌། སམྤུ་ཊིའི་དགོངས་པ་མན་སྙེའི་ལུགས་སུ་བྱས་ཏེ། སྦྱིན་བསྲེག་གི་ངེས་དོན་སྐབས། རོ་མ་སྤྱི་བོའི་ཐིག་ལེ་འཆུ་བར་བྱེད་པ་ཡིན་པས་བླུག་གཟར་དང༌། རྐྱང་མ་ཐིག་ལེ་འབབ་བྱེད་ཡིན་པས་དགང་གཟར་ཡིན་པར་ཡང་བཤད་ན། རོ་མ་ནས་གཏུམ་མོ་མི་འབར་ན་དེ་འཆུ་བྱེད་དང༌། རྐྱང་མ་
ནས་སྤྱི་བོའི་བྱང་སེམས་མི་འབབ་ན་དེ་འབབ་བྱེད་ཡིན་པ་དངོས་སུ་འགལ་བའི་ཕྱིར། རྒྱུད་གཞུང་རྣམས་ལ་དབང་ཟ་བར་མ་ཟད་རང་ལུགས་དང་ཡང་འགལ་བ་ཡིན་ནོ། །སྔ་རབས་ཀྱི་རྗེས་འབྲང་དུ་རླཽམ་པ་ཁ་ཅིག་ཀྱང་འབར་བ་སྔགས་རིམ་དང༌། འཛག་པ་ཡེ་ཤེས་ཀྱི་རིམ་པ་ལ་སྦྱོར་ཏེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་འབར་འཛག་ལན་ཅིག་ལས་མི་འབྱུང་ན་བདེན་ནོ། །དེས་ན་ཨོ་ལ་པ་ཏི་ལས་ཀྱང་སྔ་མ་ལྟར་དམ་ཚིག་གི་འཁོར་ལོ་སྲེག་གོ་ཞེས་པ་དམིགས་པའི་དབང་དུ་མ་བྱས་ལ་དངོས་སུ་འབྱུང་བའི་དབང་དུ་བྱས་པ་དང༌། རྒྱུད་གཞུང་གཞན་རྣམས་ལས་ཀྱང་དེ་བཞིན་དུ་འབྱུང་བས་ལུགས་དེ་དག་ནི་མ་བརྟགས་པའོ། །གཏུམ་མོ་ལ་ཞུ་བ་ཐིམ་པས། གཏུམ་མོས་རེ་ག་བསིལ་བར་བྱེད་ཅེས་འབྱུང་བའི་བསིལ་བའི་གོ་དོན་དྲོད་ཆུང་དུ་སོང་བ་ནི་མ་ཡིན་ལ། བདེ་བ་སྐྱེས་པས་གདུང་བ་དང་བྲལ་བའོ། །རྩ་འཁོར་རྣམས་སུ་གཏུམ་མོ་འབར་བ་བརྟན་པའི་ཚེ། འོད་ཟེར་བ་སྤུའི་བུ་ག་ནས་བྱུང་སྟེ་ལྷ་དང་ལྷ་མིན་ཐམས་ཅད་སྐྲག་པར་བྱེད་ཅེས་གསུངས་པ་ནི། དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་དེ་ལྟར་མཐོང་བའོ། །ལྔ་པ་ལ་སྔགས་རིམ་གྱི་ངོ་བོ། ས་མཚམས། ལམ་རྟགས་ཀྱི་རྣམ་གཞག་གོ །དང་པོ་ནི། འབར་འཛག་ཁྱད་པར་ཅན་ལ་བརྟན་པའི་བདེ་དྲོད་ཀྱི་ཡེ་ཤེས་སོ། །གཉིས་པ་ནི།
འཁོར་ལོ་བཞིའི་རྩ་མདུད་ཆེར་གྲོལ་ཏེ། ཆ་བཞི་པའི་དགའ་བཞི་འདྲེན་ནུས་པ་ཚུད་ཆད་དེ། དེ་ཕན་ཆད་ནི་ཡེ་ཤེས་ཀྱི་རིམ་པའོ། །གསུམ་པ་ལ་ཞུགས་གནས་ཐིམ་གསུམ་སྤྱིར་བསྟན་པ་དང༌། རྟགས་སྣང་ཞིབ་མོར་བཤད་པའོ། །དང་པོ་ནི། དམིགས་པ་ལ་ནམ་སེམས་གཏད་པའི་ཚེ་མཉམ་རྒྱུར་ངེས་པར་ཐོངས་ན་དབུ་མར་ཞུགས་པ་སྟེ་འབབ་པ་ཡིན་ནོ། །གཏུམ་མོ་ཅུང་ཟད་འབར་བ་རེ་འདི་ལའང་རྟག་པར་ཡོད་ཅིང༌། དམིགས་པ་གཏད་ཀྱང་མཉམ་རྒྱུ་ཟློག་སྟེ་སླར་ཡོན་པོར་འབབ་ན། གནད་འཆུགས་པ་ལ་སོགས་པས་འབར་འཕྲོ་ཆད་པ་ཡིན་ནོ། །སྣ་སྒོའི་རྒྱུ་བ་འགགས་ཤིང་རྩ་རྣམས་མི་འགུལ་ལ། ལུས་གང་ལ་སྙམ་བྱེད་པ་ནི་གནས་པ་སྟེ་དབུ་མར་འགགས་པ་ཡིན་ནོ། །དེ་ཡང་ཡལ་བ་ནི་ཐིམ་པ་སྟེ་འདི་ལའང་བདེ་དྲོད་ཁྱད་པར་ཅན་བྱུང་ན་གནད་དུ་སོང་བ་ཡིན་ཞིང༌། སྤྱིར་བདེ་དྲོད་ཙམ་འབྱུང་བ་དབུ་མར་འགགས་པའི་ངེས་པ་མེད་ལ། དྲོད་ལའང་བདེ་བ་འབྱུང་བས་མ་ཁྱབ། དྲོད་ལ་ཐ་མལ་པ་ལ་སྲབ་འཐུག་མྱུར་བུལ་ཕྱི་ནང་ལ་སོགས་པའི་རིགས་མི་འདྲ་བ་མང་དུ་འབྱུང༌། ཞུགས་གནས་ཀྱི་སྐབས་སུ་རྟགས་སྣང་ཅི་རིགས་པ་དང༌། ཐིམ་པའི་སྐབས་སུ་རྟགས་ལྔ་འཆར་ལ། འབར་འཛག་ལེགས་པར་འཕྲད་ནས་བརྩོན་པ་མ་དོར་ན། ཐུན་སོ་སོར་རྟགས་ལྔའི་མཇུག་ཏུ་སྣང་གསུམ་ཕྱཽགས་
མཐུན་དང་དགའ་བ་བཞི་འཆར་རོ། །གཉིས་པ་ལ། ཟིན་པའི་རྟགས་བཞི། བརྟན་པའི་རྟགས་དྲུགའབྱོངས་པའི་རྟགས་བཞིའོ། །དང་པོ་ནི། སྟེང་འོག་གི་རླུང་དབུ་མར་ཟིན་པ་སྟེ། འབབ་པའི་སྐབས་སུ་མེ་རླུང་ཟིན་པས་སྣང་བ་བུན་ལོང་ངེ་བ་དུ་བ་ལྟ་བུ་དང༌། ཆུ་རླུང་ལ་གྱ་གྱུ་སྲབ་སྲབ་པོ་སྨིག་སྒྱུ་ལྟ་བུ་དང་རླུང་གི་རླུང་ལ་སྣང་བ་ཙིག་ཙིག་མེ་ཁྱེར་ལྟ་བུ་དང༌། ས་རླུང་ལ་མར་མེ་གཡོ་བ་མེད་པ་ལྟར་བརྟན་ཞིང་གསལ་བ་འབྱུང་ངོ༌། །གཉིས་པ་ནི། སྐབས་དྲུག་པོ་འདི་ལ་ཕྱི་ནང་གི་རྟགས་མཐུན་ན། ལམ་གྱི་རིགས་དྲུག་གི་ཡེ་ཤེས་ཡིན་ལ། མ་མཐུན་ན་མི་མ་ཡིན་གྱིས་རླམས་པའམ་ངེས་མེད་ཀྱི་ཉམས་བན་བུན་ཙམ་མོ། །དེ་ལ་འོག་སྒོའི་ལམ་གྱི་དབུ་མར་ས་རླུང་བརྟན་པ་ན། ཕྱིར་ཉི་ཟླ་ཉིན་མཚན་གོ་ཟློག་ཏུ་འཆར། ནང་ལུས་ཉམས་སུ་ལུས་ལྕི་བ་དང༌། ཡན་ལག་སྦོམ་པོར་འཕེལ་ཏེ་སྐྲངས་པ་སྙམ་བྱེད་པ་དང༌། རྨི་ལམ་ཉམས་སུ་འདྲེན་ནོན་པ་ལྟ་བུ་འབྱུང༌། འདི་དག་དྲུག་གར་ལ་ནང་དུ་མི་རྟོག་པའི་ཡེ་ཤེས་གསལ་སྟོང་ཤས་ཆེ་ཞིང་བདེ་བ་ཅུང་ཟད་དང་བཅས་པ་འབྱུང་ངོ༌། །དྲི་ཆུའི་ལམ་གྱི་དབུ་མར་ཆུ་རླུང་བརྟན་པས་ཕྱིར་ཉིན་མོ་ཟླ་བ་དང་སྐར་ཚོགས་མཐོང་བ་དང༌། ལུས་དངོས་པོ་གང་ལ་ཡང་བྱིངས་འགྲོ་བ་སྙམ་བྱེད་པ་འབྱུང༌། རོ་མའི་སྣ་རྩེས་བཅིངས་པའི་དཔྲལ་པའི་
དབུ་མར་མེ་རླུང་བརྟན་པས། མེ་ཆེན་པོ་འབར་བར་མཐོང་བས་ལུས་ལ་དྲོད་མི་ཟད་པ་སྐྱེ་ཞིང་ནམ་མཁའ་ལ་འཕར་འགྲོ་བ་སྙམ་བྱེད་ཅིང༌། ཤེས་པ་རྩུབ་རྩུབ་ཁྲོ་སྙིང་འདོད། རྨི་ལམ་དུ་མེ་ཆེན་པོ་རྟག་ཏུ་རྨི་བ་འོང༌། རྐྱང་མའི་ཡས་རྩེ་སྣ་བུག་གཡོན་གྱི་ཐད་སོ་ན་ཡོད་པ་དེས་བཅིངས་པའི་དབུ་མར་རླུང་གི་རླུང་བརྟན་པས་འཇའ་ཚོན་གྱི་དཀྱིལ་འཁོར་མཐོང་སྟེ། བད་ཀན་ཤས་ཆེ་ན་དཀར་པོ། མཁྲིས་ཤས་ཆེ་ན་སེར་པོ། ཁྲག་ཤས་ཆེ་ན་དམར་པོ། འདུས་པ་ལ་ཆ་མཉམ་པའོ། །ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། རྨི་ལམ་དུ་འཕུར་བ་དང་གཡངས་ལ་མཆོང་བ་སོགས་འབྱུང༌། དངོས་སུ་འཕར་གཡོ་བྱེད་པ་བྱུང་ན་འདེབས་པའི་གདམས་ངག་དགོས། རླུང་གི་རླུང་རཽ་རྐྱང་དབུ་མ་གསུམ་ལྕེ་ལྐོག་ཏུ་འདུས་པར་བརྟན་པས་བྱད་སྐྲངས་སྙམ་པ་དང༌། །མགོ་ལ་སྲོག་ཆགས་རྒྱུ་བ་སྙམ་བྱེད་པ་དང༌། སྣ་ལ་སྦྲུལ་རྒྱུ་བ་དང༌། རྣ་བར་ནཱ་དའི་སྒྲ་ཅི་རིགས་པར་འབྱུང་བ་དང༌། ལྕེ་ཆུང་ནས་བདུད་རྩི་འབབ་པ་སྙམ་འབྱུང༌། རླུང་དེ་ཉིད་ལྟེ་འོག་ཏུ་བརྟན་པ་ཐིག་ལེ་ནག་པོ་མཐོང་བ་དང༌། ལུས་བདེ་བས་ཞུ་བ་སྙམ་བྱེད་པ་དང༌། རྨི་ལམ་དུ་ཡང་བདེ་བ་འབྱུང་ངོ༌། །ཡེ་ཤེས་ཀྱི་རླུང་དུང་ཅན་མར་བརྟན་པས་མངོན་ཤེས་ཕྲ་མོ་འབྱུང༌། ཨ་ཝ་དྷཱུ་ཏཱིར་གཟུགས་བརྙན་སྦྲུལ་མགོའི་གདེང་ཀ་ལྟ་བུ་ཕྱི་ནང་གཉིས་ཆར་དུ་མཐོང༌། ཆོས་
མཐོང་ཐོས་ལ་སོགས་པའི་རྐྱེན་གྱིས་དད་པ་རླབས་པོ་ཆེ་སྐྱེ། ཉམས་ཀྱི་སྣང་བའི་ཡིད་དམ་གྱི་ལྷ་མང་པོ་མཐོང༌། དེ་ལ་ཞེན་པ་མི་བྱ། ཞེན་པ་བྱུང་ན་ཕུང་པོའི་བདུད་ཀྱིས་འཁྱེར་བ་ཡིན་ཞེས་ཇོ་བོ་ནཱ་རོ་པ་གསུང་ངོ༌། །ཕྱི་མ་འདི་རྡོ་རྗེ་སེམས་དཔའ་དང་གཞན་རྣམས་འབྱུང་བའི་ཁ་དོག་དང་མཐུན་པའི་རིགས་ཀྱི་དབྱེ་བ་དང་སྦྱར་རོ། །དེ་ཡན་ཆད་དབུ་མར་འགྲོ་འོང་མི་ཐུབ་པས་རོ་རྐྱང་གི་འབར་འཛག་ཅན་ནོ། །འདི་དག་ཏུ་གཞན་ཡང་འཕར་གཡོ་འབྱུང་ངོ༌། །དེར་རོ་སྨད་ན་བའི་ཁྱད་པར་རྣམས་ནི་ཐུར་སེལ་ཟིན་པ་ལའང་ཡོད་པས་དེ་བྱུང་ན་སྨིན་ཕྲག་ཏུ་སེམས་གཏད། དེར་མགོ་བོར་ཟུག་སྐྱེ་ན་གྱེན་རྒྱུ་ཟིན་རྒྱས་བྱུང་བ་སྟེ་ལྟེ་བར་གཏད། དེ་ཡང་ན་ན་མཉམ་གནས་ཟིན་རྒྱས་ཏེ་མགྲིན་པར་གཏད་དེར་ཡང་མི་བདེ་ན་ལྕེ་དབང་ལ་ཟིན་རྒྱས་བྱུང་བ་སྟེ་སྙིང་གར་གཏད། དེ་ཡང་མི་བདེན་ན་སྲོག་འཛིན་ཟིན་རྒྱས་ཏེ་ནོར་བུར་གཏད། དེར་ལུས་ཐམས་ཅད་ལ་ཟུག་སྐྱེ་ན་ཁྱབ་བྱེད་ཟིན་རྒྱས་ཏེ་རང་བཞིན་མེད་པར་བསྒོམ། འགའ་ཞིག་འདི་དག་ལ་ཟུར་ཟ་སྟེ། གྲུབ་ཆེན་ཌོམྦྷི་པའི་གཏུམ་མོ་རིམ་པ་གསུམ་པར་ཡང་བཤད་པས་ཅི་བརྟོལ་མ་སྐྱེད་ཅིག དེ་ལྟར་གོམས་པས་བརྟན་པོར་སོང་བ་ན། གསུམ་པ་ནི། རོ་རྐྱང་གི་མས་སྣ་དབུ་མར་ཆུད་པ་སྟེ། འོག་གི་ལམ་གསུམ་འགག །ལྟེ་བར་རྩ་ཁམས་ཐིག་ལེ་བརྟེན་པ་ཡི་དམ་གྱི་སྣང་བ་མང་པོ་ལ་ཆོས་
ཉན། ལུས་ཀྱི་བཀོད་པ་སྣ་ཚོགས་དང༌། འབྱུང་བ་བཞི་ལ་ཐོགས་པ་མེད་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་ཅི་རིགས་པ་རེས་འགའ་འབྱུང༌། རེས་འགའ་ཞིག་མི་འབྱུང༌། ལྟེ་འོག་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་སོར་གཉིས་ཀྱི་ཚད་ལན་གཉིས་སུ་འབར་ཞིང་ཤི་ནས་གསུམ་པ་ལ་ལྟེ་བར་ཕྱིན་པར་འགྱུར། ཕུང་པོ་ལྔའི་རྣམ་རྟོག་མངོན་འགྱུར་འགགལྟེ་བའི་རྩ་མདུད་གྲོལ་བས་གཏུམ་མོ་འབར་བ་དངོས་སུ་མཐོང་བ་དང༌། འབྱུང་བ་ལྔའི་རླུང་གི་རྒྱུ་བ་གསལ་བ་སྣང༌། དེ་བརྟན་པར་གྱུར་ན་ལས་བཞི་ཐོགས་མེད་དུ་འགྲུབ། ནམ་མཁའི་རླུང་གི་ནུས་པས་མེ་དང་དུག་དང་གཅན་གཟན་ལ་སོགས་པར་རེངས་པར་བྱེད། སེམས་ཅན་མང་པོ་ངན་སོང་ནས་འདྲེན་པ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔས་ཆོས་སྟོན་པ་རྨི་སྟེ་དང་པོའོ། །ཡང་གཏུམ་མོ་འབར་བ་ལམ་གཉིས་སུ་ཟློག །གསུམ་པ་ནི་མི་ཟློག་སྟེ། སྙིང་གི་རྩ་མདུད་འགྲོལ། ཁམས་ལྔའི་རྣམ་རྟོག་ནུབ། སྙིང་གའི་པདྨ་ཁ་གྱེན་དུ་སྟོན་པར་འགྱུར་ཏེ། མངོན་ཤེས་ལྔ་ཤིན་ཏུ་རྒྱ་ཆེ་ཞིང་བརྟེན་པ་འབྱུང༌། སྤྱིར་རྩ་འཁོར་ཁ་གྱེན་དུ་བསྟན་པ་སྟེ། ཐིག་ལེ་འབབ་པའི་རྩ་རྣམས་གྱེན་དུ་བསྟན་པ་ན། རྟེན་ཐིག་ལེ་བརྟན་པས་བརྟེན་པ་ཡེ་ཤེས་ཀྱང་ཁྱད་པར་དུ་བསྟན་པར་འགྱུར་ཏེ། ཕྱག་ཆེན་ཐིག་ལེ་ལས། ལྟེ་བའི་རྩ་བར་སྲོག་རླུང་ནི། །སྐད་ཅིག་ཙམ་ཡང་མི་བྱེད་ན། །གང་
ཞིག་པདྨ་ཁ་ཕུང་འདི། །སྐད་ཅིག་གིས་ནི་གྱེན་དུ་འགྱུར། །དེ་ཡིས་ལྟེ་བའི་དབུས་སུ་ནི། སེམས་ནི་བརྟན་པར་འགྱུར་བའོ། །ཞེས་གསུངས་ཏེ་གཉིས་པའོ། །ཡང་སོར་བཅུ་དྲུག་འབར་བ་ལན་གཉིས་ཟློག་པར་འགྱུར་ལ། གསུམ་པ་མི་ཟློག་ཅིང་མགྲིན་པའི་རྩ་མདུད་ཁ་ཕྱེ། སྐྱེ་མཆེད་དྲུག་གི་རྣམ་རྟོག་ནུབ། ལྕེ་དེ་བཞིན་གཤེགས་པའི་ལྗགས་ལྟ་བུར་གྱུར་ངག་གི་དབང་ཕྱུག་འགྲུབ། སྡེ་སྣོད་ཀྱི་ཆོས་རྣམས་མ་བསླབས་ཀྱང་ཤེས། མིག་རྩ་དམར་བ་དང་དབང་དུ་བྱེད་པའི་ལྟ་སྟངས་འགྲུབ་པ་སྟེ་གསུམ་པའོ། །དེ་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་རྒྱུན་གཅིག་གིས་སྤྱི་བོར་སླེབ། འདི་ཕྱིན་ཆད་གཏུམ་མོ་དང་འབར་འཛག་བརྟན་པ་ཐོབ་པ་ཞེས་བྱ། དབུ་མར་འབར་འཛག་རྫོགས་པ་རྟག་པར་འོང་ངོ༌། །མེ་ལྕེའི་རྩེ་མོ་ཕྲ་མོ་རླུང་དང་བཅས་པས་རིམ་གྱིས་སྨིན་མཚམས་སུ་ཕྱིན་ཏེ། སྨིན་མཚམས་གནད་ཀྱི་སྒོ་ཞེས་བྱ་བ་དབུ་མའི་ཡས་སྣ་འབྱེད་པ་ཡིན། གཞི་དུས་སུ་ནི་འཆི་བའི་ཚེ་གནད་གཅོད་པ་དང་དེ་འབྲེལ་བའི་སྒོ་ཡིན་པས་གནད་ཀྱི་སྒོ་ཟེར་ཞེས་གསུང་ངོ༌། །དེས་ན་དབང་པོའི་སྒོ་རྣམས་སུ་ཡང་གཏུམ་མོའི་མེ་ལྕེ་འགྲོ། དེ་ནས་སྒྲུབ་པ་པོས་བསྐུལ་བའི་སེམས་མེད་ཀྱང༌། མེ་ལྕེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བྱིན་གྱིས་བརློབ་པ་ཡིན་པས་ཆེད་ཀྱིས་མ་བསྒོམས་ཀྱང་དེ་བཞིན་གཤེགས་པའི་རྒྱུད་ལ་
འགྲོ་འོང་བྱེད་པར་རང་བཅས་སུ་འོང༌། འདིས་སྔགས་རིམ་གྱི་རྟོགས་པ་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །བཞི་པའོ། །གསུམ་པ་ཡེ་ཤེས་ཀྱི་རིམ་པ་ལ་སྤྱི་དོན་དང་གཞུང་དོན་གཉིས། དང་པོ་ལ་དགའ་བཞིའི་རྣམ་གཞག་རྒྱས་པར་བཤད་པ་ལ། དགའ་བ་བཅུ་དྲུག་གི་ངོ་བོས་ངོས་གཟུང་བ། ཞུ་བདེ་དང་རང་བཞིན་གྱི་འབྲེལ་བ། ཡེ་ཤེས་ཀྱི་རིམ་པའི་སྐྱེ་ཚུལ་རྒྱས་པར་བཤད་པའོ། །གསང་བ་ཆེན་པོ་འདི་དག་ཤིན་ཏུ་བརྗོད་པར་བྱ་བ་མང་ཞིང་ཟབ་ལ་ཕྲ་བའི་གནས་ཡིན་མོད་ཀྱི། མདོར་བསྡུས་ཅུང་ཟད་ཅིག་བརྗོད་ན། དང་པོ་ལ། བྱ་རྩོལ་ལ་ལྟོས་པའི་དགའ་བཞི་དང༌། བསྙེན་སྒྲུབ་བཞི་ལ་ལྟོས་པའི་དགའ་བཞི་དང༌། སྣང་བ་གསུམ་ལ་ལྟོས་པའི་དགའ་བཞི་དང༌། འཁོར་ལོ་ལ་ལྟོས་པའི་དགའ་བཞི་དང༌། ལམ་གྱི་ས་མཚམས་ལ་བཞག་པའི་དགའ་བཞིའོ། །དང་པོ་ནི། དགེས་པ་རྡོ་རྗེ་དང༌། སཾ་པུ་ཊིར་ཡང་མང་དུ་བཤད་ཅིང༌། གཞན་ལས་ཀྱང་འབྱུང་བ་ནི་སྐད་ཅིག་མ་བཞི་དང་སྦྱོར་བ་སྟེ། ཇི་སྐད་དུ་བརྟག་པ་གཉིས་པ་ལས། སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོད་དགའ་ཉིད། །རྣམ་ཉིད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་དགའ་བ་དང་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ། མཆོག་དགའ་དང་རྣམ་པར་སྨིན་པའི་སྐད་ཅིག་མ། ཁྱད་དགའ་
དང་རྣམ་པར་ཉེད་པའི་སྐད་ཅིག་མ། ལྷན་སྐྱེས་དང་མཚན་ཉིད་བྲལ་བའི་སྐད་ཅིག་མ་རྣམས་སྦྱར་ཏེ། སྐད་ཅིག་མ་བཞི་ནི། འཁྱུད་པ་ལ་སོགས་པ་ཕྱིའི་བྱ་བ་སྣ་ཚོགས་པ་ནི་སྐད་ཅིག་མ་དང་པོའོ། །རྡོ་རྗེ་པདྨ་མཉམ་པར་སྦྱར་བས་རྒྱུ་ཕྱིའི་བྱ་བ་ཉུང་ཞིང༌། འབྲས་བུ་བདེ་བ་ཆེ་བ་ནི་རྣམ་སྨིན། དེ་ལས་འདས་ཏེ་སེམས་ཅུང་ཟད་མི་རྟོག་པས་ཆགས་པ་སྤངས། ཐིག་ལེ་མ་ལྷུང་བས་ཆགས་བྲལ་སྤངས་པ་སྟེ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ། དེ་ལྟར་གྱི་དུས་ན་བདེ་བ་མེད་ཀྱང་སྔར་ཉམས་སུ་མྱོང་བ་དྲན་པར་བྱེད་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། དེ་རྣམས་ཀྱི་དུས་སུ་དགའ་བ་རེ་རེ་འཆར་བས་ཕྱིའི་བདེ་བ་ཙམ་ནི་དགའ་བ། ཐིག་ལེ་སྤྱི་བོ་ནས་གསང་གནས་སུ་བབས་པའི་བདེ་བ་ནི་མཆོག་དགའ། གསང་བའི་རྡོ་རྗེ་ལ་གནས་པའི་དགའ་བ་ནི་ལྷན་སྐྱེས། ཐ་མལ་པ་རྣམས་ཀྱི་ལྷུང་བས་ཆགས་བྲལ་དུ་གྱུར་པ་དང༌། །ལམ་དུས་སུ་གྱེན་དུ་གཤེགས་པའི་ཆགས་བྲལ་ནི་དགའ་བྲལ་ཏེ། མཆོག་མཐའ་དགའ་བྲལ་དང་པོར་ནི། མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། ཞེས་པའི་གཞུང་ནི་ལྷན་སྐྱེས་གསུམ་པར་སྟོན་པ་ཤིན་ཏུ་གསལ་བ་ཡིན་པར། མངའ་བདག་མཻ་ཏྲི་པ་འདི་ཁོ་ན་བཞེད་ཅིང༌། སྡོམ་པ་བཤད་པ་ཡང༌། གཞན་ཡང་དགའ་བའི་མཚན་ཉིད་ནི། །ཕྲེང་བ་ཙན་དན་
བུད་མེད་སོགས། །གང་ཚེ་མཐོང་བས་བདེ་འཛིན་པ། །དེ་ཚེ་དགའ་བར་ཡང་དག་བཤད། །སེམས་ཅན་ཀུན་ལ་ཡང་དག་གནས། །རྡོ་རྗེ་པདྨར་མཉམ་སྦྱོར་བས། །ཇི་ལྟར་སེམས་ནི་རྣམ་པར་གནས། །དེ་ཡིས་སེམས་གང་མཚོན་པ་ནི། །དེ་ཚེ་མཆོག་ཏུ་དགའ་བར་བརྗོད། །སྦྱོར་བ་ལས་ནི་དགའ་བྲལ་སེམས། །བདེ་བའི་མཐར་ནི་ཡང་དག་གནས། །དེ་ནི་དགའ་བྲལ་ཞེས་བྱར་གསུངས། །སྐྱེ་དང་འཇིག་པར་རབ་ཏུ་གྲགས། །དགའ་དང་མཆོག་ཏུ་དགའ་བ་དང༌། །དགའ་བྲལ་དང་ནི་རྣམ་གསུམ་མོ། །ལྷན་ཅིག་སྐྱེས་པའི་རང་བཞིན་འདི། །བརྟན་གཡོ་ཀུན་གྱི་རང་བཞིན་ཏེ། །ལྷན་ཅིག་སྐྱེས་པ་ཐམས་ཅད་གང༌། བསམ་ཡས་སུ་ནི་རྒྱལ་བས་གསུངས། །གང་ཕྱིར་བརྗོད་མེད་ཀུན་འགྲོ་ལ། །ཡེ་ཤེས་ཧེ་རུ་ཀ་རུ་བརྗོད། །ཅེས་སོགས་ལྷན་སྐྱེས་ལ་རྒྱས་བཤད་ཀྱང་མཛད་དོ། །སློབ་དཔོན་ནག་པོ་ཆུང་བ་ཞེས་བྱ་བ་དངོས་གྲུབ་བརྙེས་པ་ཞིག་གིས་མཛད་པ་བདེ་མཆོག་ནག་པོ་ལུགས་ཀྱི་དགོངས་འགྲེལ་ཁྱད་པར་ཅན་ཏེ་འདིར་ཡང་བདེ་བའི་མཐར་ནི་ཞེས་དགའ་བྲལ་ཐ་མར་བཤད་དོ། །ཡང་ལྷན་སྐྱེས་གཉིས་ཤོར་གཉིས་མཉམ་དུ་བཤད་པ་ནི། ཐིག་ལེ་ཆ་བཞི་བབ་པ་ལ་ཆ་གཉིས་པདྨར་འབབས་པ་སྟེ་རྩའི་སྣ་རྩེར་ལྷུང༌། ཆ་གཉིས་མ་ལྷུང་བ་
སྟེ་གཉིས་ལྷུང་བས་སྟོང་པ་དང༌། གཉིས་གནས་པས་གསལ་བ་དང་བདེ་བའི་ཆར་སོང་སྟེ་བདེ་སྟོང་ཆ་མཉམ་པའོ། །རྒྱ་བོད་གཞན་མང་པོས་དེ་ནན་གྱིས་འགོག་ལ། མཆོག་མཐའ་དགའ་བྲལ་དང་པོ་ཅན། །ཞེས་འདོན་པར་བྱེད་མོད་ཀྱི། རྒྱུད་ཐ་དད་པའི་དགོངས་པ་དོན་གཅིག་ཁོ་ནར་སྒྲིག་དགོས་ན། སེམས་ཅན་བསམ་པའི་དབང་གིས་ལམ་གྱི་འཇུག་སྒོ་མཐའ་ཡས་པ་གསུངས་ཞེས་ཟེར་བའང་ཚིག་ཙམ་དུ་སོང་ཞིང༌། རྒྱུད་གཅིག་ནས་ཀྱང་ཧེ་རུ་ཀ་ཞལ་ཕྱག་མི་འདྲ་བ་མང་དུ་སྟོན་པ་ལ་འགལ་བ་མེད་པ་བཞིན་དུ། དགའ་བཞིའི་རྣམ་གཞག་ཀྱང་མི་འདྲ་བར་སྟོན་པ་འགལ་བ་མེད་དོ། །དགའ་བཞི་དབང་བཞི་དང་སྦྱར་བ་ནི་བུམ་དབང་དུས་ཡེ་རྒྱ་དང་འཁྱུད་པའི་དགའ་བ་ཙམ་ཡོད་པ་དང༌། གསང་དབང་ལ་པདྨར་ལྟས་པའི་དགའ་བ་མཆོག་དགའ་ཙམ་ཡོད་པ་དང༌། ཤེས་རབ་ཡེ་ཤེས་ལ་བཞི་ཆར་ཡོད་ཀྱང་ལྷན་སྐྱེས་མཚོན་མི་ནུས་པས་དགའ་བྲལ་དང༌། དབང་བཞི་པའི་ཡེ་ཤེས་སྒོམ་བྱུང་ནི་ལྷན་སྐྱེས་མཚོན་ནུས་པས་དེར་བཞག་པ་དང༌། དབང་ནི་བཞི་ཡིས་གྲངས་ཉིད་ཀྱིས། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་ཏེ། ཤེས་རབ་ཡེ་ཤེས་ཉིད་ལ་བཞིར་ཕྱེ་བ་རྒོད་པའི་བདེ་བ་སོགས་དགའ་བ་ཤེས་རབ་ཡེ་ཤེས་ཉིད་ཀྱི་བུམ་དབང་ངོ༌། །བྷ་ག་ལྟས་པ་
གསང་དབང༌། ལག་བཅངས་ཤེས་རབ་ཡེ་ཤེས་དང་གཉིས་སྤྲོད་བཞི་པ་སྟེ་འདི་ཡང་བྱ་རྩོལ་ལ་ལྟོས་པའི་དགའ་བཞི་འཇོག་མཚམས་མི་འདྲ་བ་ཞིག་གོ །དཔལ་སངས་རྒྱས་ཐོད་པ་ལས། ཇི་སྐད་དུ། མཐོང་བ་ལས་ནི་འདོད་ཆགས་སྐྱེ། །འཁྱུད་ལ་འབྲས་བུ་ཅུང་ཟད་ཙམ། །དྲུད་པ་ལས་ནི་དགའ་བ་སྐྱེ། །ཀུན་གྱི་ཐ་མར་དགའ་བྲལ་ལོ། །ཞེས་སྔར་བཤད་པའི་དང་པོ་ལ་དགའ་བ་གཉིས་སུ་ཕྱེ་བ་སྟེ། གཟུགས་སྒྲ་དྲི་གསུམ་གྱི་བདེ་བ་དགའ་བ་དང༌། རོ་རེག་གི་མཆོག་དགའ་དང༌། བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་ལྷན་སྐྱེས་དང༌། ཞུ་ཟིན་པ་ནོར་བུར་མ་འཕོས་པར་བཅིངས་པ་དགའ་བྲལ་དུ་བཤད་པ་དང༌། དེ་དག་ཀྱང་ཚད་མེད་བཞིར་བཤད་དེ། ལྷ་དང་ལྡན་པ་སྙིང་རྗེ་དང༌། །འཁྱུད་པ་བྱམས་པར་འགྱུར་བའོ། །དྲུད་པའི་སྦྱོར་བའི་བདག་ཉིད་ནི། །དགའ་བ་ཡན་ལག་མ་ཡི་མཆོག །གཉིས་ཀ་འདུས་ལས་གང་འཛག་པ། དེ་ནི་བདག་གིས་བཏང་སྙོམས་གསུངས། །ཞེས་བཤད་པ་ནི། ཐེག་པ་འདིར་ཐུན་གཅིག་ལ་འཆར་བ་རྫོགས་རིམ་གྱི་དགའ་བཞིར་གྲགས་པ་འདི་དག་ལ། དམིགས་པ་མེད་པའི་ཚད་མེད་བཞིར་འདོགས་པའོ། །གཉིས་པ་ནི། འདུས་པ་རྒྱུད་ཕྱི་མ་སོགས་མང་པོའི་དགོངས་དོན་ཏེ། ཞལ་ལུང་ལས། རྡོ་རྗེ་པདྨར་རེག་པ་ནི། །བསྙེན་པའི་དེ་ཉིད་ཡིན་པར་བཤད། །
རྡོ་རྗེ་པདྨར་ཞུགས་པ་ནི། །ཉེ་བར་སྒྲུབ་པའི་དེ་ཉིད་དོ། །དེ་ནས་བསྐུལ་ཞིང་བསྐྱོད་ཙམ་གྱིས། །སྙིང་ནི་འདར་ཞིང་དྲན་པ་ཉམས། །སྤྱི་བོའི་སྐྲ་གྲོལ་གོས་ཀྱང་འདོར། རྡུལ་གྱིས་ལུས་ཁྱབ་མདོག་དམར་དང༌། །མིག་དམར་ཕྲ་བས་བདག་ལ་ལྟ། །ཡང་ཡང་བསྐུལ་བས་སྒྲུབ་པའོ། །དེ་ནས་སེམས་ཁྲལ་མེད་པ་རུ། །སྡོམ་བརྩོན་གཞི་དབྱིབས་གཡོ་བ་ཡིས། །སུམ་མདོ་ཡེ་ཤེས་མེ་སྦར་བས། ཁམས་ཞུ་ནས་ནི་བཅུ་དྲུག་ཆར། །གྱུར་པ་མེ་ཏོག་ཀུནྡ་འདྲ། །རླུང་གི་སྦྱོར་བས་ཕུལ་བར་བྱ། །རང་བཞིན་གྱིས་ནི་རབ་ཞི་བ། །ཆོས་ཀུན་ཞི་བ་དེ་ཁོ་ན། །བདེ་བ་དེ་ཉིད་ནོར་བུར་འདུག །སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོའི་དེ་ཉིད་དོ། །ཞེས་དབང་པོ་གཉིས་རེག་པ་དགའ་བ་དང༌། རྩ་གཉིས་འཕྲད་པ་མཆོག་དགའ་དང༌། བསྐྱོད་པ་ཁྱད་པར་གྱི་དགའ་བ་དང༌། བྱང་ཆུབ་ཀྱི་སེམས་གསང་བའི་ནོར་བུར་བརྟན་པ་ན་ལྷན་སྐྱེས་སོ། །གཞུ་དབྱིབས་ནི་རླུང་སྟེ་ལས་རླུང་ཐུར་སེལ་གྱི་དམར་ཆ་འབར་བས་ཆ་བཅུ་དྲུག་གི་བྱང་སེམས་ཞུ་བ་རླུང་གིས་འགྱུར་བ་བཀག་སྟེ། རྣམ་རྟོག་གི་དྲན་པ་དང་གཡོ་བ་མེད་པའི་ལྷན་སྐྱེས་མཚོན་པར་བྱའོ། །འདིའི་བསྙེན་སོགས་ནི་དགའ་བའི་བསྙེན་སྒྲུབ་བཞི་སྟེ། རང་བཞིན་བདེ་བ་ཆེན་པོ་ལ་ཉེ་བར་བསྙེན་པ་དང༌། དངོས་སུ་སྒྲུབ་པ་ལ་འཇུག་པ་དང་སྒྲུབ་པ་དངོས་དང་
ཕལ་ཆེར་གྲུབ་པའོ། །སྒྲུབ་པ་ནི་ཡེ་ཤེས་ལྔ་ལྡན་ཏེ། འདར་བ་དང་དྲན་པ་ཉམས་པ་ནི་གསལ་ཙམ་ལས་སེམས་གཡོ་ཞིང་བརྟན་པ་ཉམས་པ་མེ་ལོང་ཡེ་ཤེས། སྐྲ་གྲོལ་བས་ནི་རྣམ་རྟོག་མི་རགས་པས་འདུག་ཚུལ་ཞིག་པ་སྟེ། རྟོག་པ་ཅུང་ཟད་ཉམས་པས་སོར་རྟོགས་ཡེ་ཤེས། གོས་འདོར་བ་ནི་འཛེམ་བག་དང་བྲལ་བ་སྟེ། དབྱེ་བའི་རྣམ་རྟོག་བྲལ་བས་ཆོས་དབྱིངས་ཡེ་ཤེས། ལུས་རྡུལ་གྱིས་ཁྱབ་པ་ནི་རྒྱུ་བ་སྣ་ཚོགས་པ་ཞན་པས་མཉམ་ཉིད་ཡེ་ཤེས། མདོག་དམར་བ་དང་མིག་དམར་བ་ཕྲ་བས་ལྟ་བ་ནི། གདུང་བའི་བྱ་བ་ཡིན་པས་བྱ་སྒྲུབ་ཡེ་ཤེས་ཏེ། འདི་ནི་ཤེས་རབ་མ་ལས་འབྱུང་བ་སྟེ། དེའི་གཞན་རྐྱེན་གྱིས་ཐོབ་པའི་བདག་ཉིད་ལ་ཡང་དགའ་བའི་ཁྱད་པར་ཐོབ་པ་སྟེ། དགའ་བའི་སྒྲུབ་པ་ཡེ་ཤེས་ལྔ་ལྡན་ཞེས་བྱའོ། །གསུམ་པ་ནི། སྙིང་ག་ན་བྱང་སེམས་འདུས་པས་ལྟོས་བྱ་ཡང་ཡོད་མོད། གཙོ་བོར་དགའ་བཞིའི་དབང་དུ་བྱས་པ་དབབ་ཟློག་ལ་གཙོ་བོར་ཚང་དགོས་པས། བྱང་སེམས་རྡོ་རྗེའི་རྩ་བར་ཕྱིན་པ་ན་སྣང་བ་དང་དགའ་བ། སྐེད་པར་ཕྱིན་པ་ན་མཆེད་པ་དང་མཆོག་དགའ། ནོར་བུའི་མགུལ་དུ་ཕྱྀན་པ་ན་ཐོབ་པ་དང་ཁྱད་དགའ། རྩེ་མོར་བརྟན་པ་ན་འོད་གསལ་དང་ལྷན་སྐྱེས་སོ། །ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་དགའ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །
ལྷན་ཅིག་སྐྱེས་དེ་འོད་གསལ་བའོ། །ཞེས་གསུངས་ཏེ། འདིའི་ཡེ་ཤེས་ཀྱི་རིམ་པའི་རྟོགས་པ་སྐྱེས་པ་ལྟ་བུ་གཅིག་ལ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་ཚུལ་ཁྱད་པར་ཅན་རྣམས་འབྱུང་བ་ཡིན་ལ། སྤྱིར་དགའ་བཞི་དང་སྣང་བ་བཞི་གཉིས་གཅིག་ཀྱང༌། ཞུ་བདེ་སྙིང་གར་བསྡུས་པའི་དགའ་བཞི་དང༌། ཐིག་ལེ་དབབ་ཟློག་གི་དགའ་བཞི་གཉིས་མི་འདྲ་བས། སྙིང་ག་ན་བསྡུས་པའི་འོད་གསལ་ལས་ལངས་པའི་སྣང་བ་གསུམ་དང༌། ཐིག་ལེ་གསང་གནས་ནས་གྱེན་དུ་ལྡོག་པའི་སྣང་བའི་ཁྱད་པར་རོ། །དེ་ཡང་མས་བརྟན་དགའ་བ་ནི་རླུང་སེམས་ཐིག་ལེ་དབུ་མའི་ནང་ནས་ཕྱིར་གྱེས་པ་མེད་ལ། ཕྱི་མ་ཕྱི་མ་བདེ་བ་ཡང་ལྷག་ཅིང༌། འོད་གསལ་ལས་ལངས་པའི་སྣང་གསུམ་ལུགས་ཟློག་ནི། རླུང་དབུ་མ་ནས་ཕྱིར་གྱེས་པའི་རིམ་པ་ཡིན་ལ། བདེ་ཉམས་ཀྱང་ཕྱི་མ་ཕྱི་མ་ཆུང་ངོ༌། །རླུང་སེམས་དབུ་མར་ཞུགས་པ་བརྟན་པོར་སོང་བའི་སྐབས་ཤིག་ནས། མས་བརྟན་གྱི་ཐིག་ལེ་བརྟན་པའི་མགོ་རྩོམ་སྟེ། དེ་ཕན་ཆད་མས་བརྟན་གྱི་དགའ་བཞི་ཐམས་ཅད་ཀྱང་ལྷན་སྐྱེས་ཡིན་ནོ། །དེའི་རྒྱུ་མཚན་ཡང་མས་བརྟན་ལྷན་སྐྱེས་དེ་ལས་ཡས་བརྟན་རྣམས་བདེ་བ་ཡང་ཆེ་ཞིང༌། གཟུང་འཛིན་གྱི་རྣམ་རྟོག་ཀྱང་ནུབ་ཕུལ་ཆེ་བས་ལྷན་སྐྱེས་ལས་མ་གཡོས་པའི་ཕྱིར་དེར་བཞག་གོ དེའི་ཕྱིར་
གནས་སྐབས་དེ་ནས་བཟུང་སྟེ་མས་བརྟན་ལ་ལྷན་སྐྱེས་ཀྱིས་ཁྱབ་ཅིང༌། དེ་གོང་དུ་ནི་དགའ་བ་གསུམ་དང་ལྷན་སྐྱེས་ཀྱི་གཞི་མཐུན་པ་མེད་པར་མངོན་སྟེ། ཀྱཻ་རྡོ་རྗེ་ལས། ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱི་རྣམ་པར་སྤངས། །ཞེས་གསུངས་སོ། ཁ་ཅིག་མས་བརྟན་ཡིན་ན། ལྷན་སྐྱེས་ཀྱིས་ཁྱབ་པར་འདོད་པ་ནི། རང་གིས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། ཞེས་པས་བསྟན་པར་འདོད་པ་གཉིས་འགལ་བར་མཐོང་སྟེ། རྫོགས་རིམ་མ་ཡིན་པ་ལ་ཡང་མས་བརྟན་གྱི་དགའ་བཞི་ཙམ་པོ་ཡོད་པས་སོ། །བཞི་པ་ལ་འཁོར་ལོ་བདེ་མཆོག་གི་རང་ལུགས་ནི། མངོན་བརྗོད་བླ་མ་ལས། ལྟེ་བ་སྙིང་བར་ནུ་མའི་དབུས། ལྕེའི་རྩ་དང་མགོ་སྟེངས་སུ། དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་གསུངས་པ་གཞན་རྣམས་གོ་སླ་སྟེ་མས་བརྟན་གྱི་དགའ་བཞི་སྟོན་པ་ཡིན། ཕག་མོ་ལྟེ་བའི་རྩར་གནས་པ། ཞེས་པའི་ཕག་མོ་ནི་ལྟེ་བའི་གཏུམ་མོ་ཨ་ཤད་ཡིན་ལ། དོན་དམ་པའི་ཁྲག་འཐུང་
ལྷན་ཅིག་སྐྱེས་པའི་དགའ་བ་ཡང་འཁོར་ལོ་འདི་ནས་བསྐྱེད་ཅེས་བཤད་པས་འདི་ནི་ཡས་བབས་ཡིན་ནོ། །དེ་ཡང་སྤྱི་བོ་ནས་ཞུ་སྟེ་མགྲིན་པར་སླེབ་པ་དགའ་བ། དེ་ནས་སྙིང་གར་སླེབ་པ་མཆོག་དགའ། དེ་ནས་ལྟེ་བར་སླེབ་པ་དགའ་བྲལ། དེ་ནས་ནོར་བུར་སླེབ་པ་ལྷན་ཅིག་སྐྱེས་པའོ། །ལུགས་ཟློག་གི་ཚེ་ཡང་ལྟེ་བར་སླེབ་པས་དགའ་བ་རྫོགས། སྙིང་གར་སླེབ་པས་མཆོག་དགའ་རྫོགས། མགྲིན་པར་སླེབ་པས་དགའ་བྲལ་རྫོགས། སྤྱི་བོར་སླེབ་པས་ལྷན་སྐྱེས་རྫོགས་ཏེ་འདི་ནི་གསང་འདུས་རྡོ་རྗེ་ཕྲེང་བ་དང༌། མ་རྒྱུད་ཕལ་ཆེར་ལས་ཀྱང་རིམ་པ་འདི་ཁོ་ནས་གསུངས་པ་མང་ངོ༌། །དུས་ཀྱི་འཁོར་ལོ་ལས་ནི་གཙུག་ཏོར་ནས་སྨིན་མཚམས་ཀྱི་འཁོར་ལོར་ཞུ་བ་དགའ་བ་དང༌། མགྲིན་པར་བབས་པ་མཆོག་དགའ་དང༌། སྙིང་གར་བབས་པ་དགའ་བྲལ་དང༌། དེ་མན་ཆད་ལྷན་སྐྱེས་སུ་འཇོག་པ་དང༌། མས་བརྟན་དང་པོ་གསུམ་གཞན་དང་འདྲ་བ་ལ། ལྷན་སྐྱེས་གཙུག་ཏོར་དུ་བརྟན་པ་ལ་འཇོག་གོ །འདིར་གསུངས་པའི་ཕྱིའི་བྱ་རྩོལ་ཡང༌། ཇི་སྐད་དུ། འདོད་པ་བསྐྱེད་པར་བྱེད་པ་འགྲོ་བ་རང་གི་ཡིད་ལའོ་གང་བ་དང་ནི་གང་བ་ཉིད་དུ་འགྱུར། གང་བ་ཡན་ལག་མཆོག་དག་ལ་ནི་རི་བོང་འཛིན་པ་ཞུ་བར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོ་ཊས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་
གྱི་མཐར། ཞེས་གསུངས་ཏེ། མཐོང་བ་དང་རེག་པ་ལས་འདོད་པས་ཡིད་གདུང་བ་ནི་དགའ་བ། འཁྱུད་པ་ལ་སོགས་པའི་བྱ་བས་ཐིག་ལེ་ཅུང་ཟད་ཞུ་བ་ནི་མཆོག་དགའ། ཐིག་ལེ་གསང་བར་ཕྱིན་པ་ནི་ཁྱད་དགའ། ནོར་བུར་སོན་པ་འཛག་པའི་སྐད་ཅིག་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཡང་དབང་བཞིའི་ཡེ་ཤེས་དགའ་བར་སྦྱར་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སོ་སོར་དབྱེ་བ་ཡོད་མོད་ཀྱི། བསྡུ་ན་གོང་མ་ཆེན་པོའི་སྐབས་སུ་ནང་གི་འཁོར་ལོ་དང་རིམ་པ་བཞིན་དུ་སྦྱར་ཏེ་ཤེས་རབ་མའི་ནུ་མ་ལ་རེག་པ་ལས་ཐོབ་པ་ནི་དགའ་བ་བུམ་པའི་དབང་སྟེ། བདེ་བ་ནར་མ་སོན་པའི་ཕྱིར་བྱིས་པ། གསང་བ་རྡོ་རྗེ་ཅུང་ཟད་བསྐྱོད་པས་མཆོག་དགའ་ནི་བདེ་བ་ཤིན་ཏུ་འཕེལ་ཡང་མི་བརྟན་པས་དར་མ། ཡུན་རིང་དུ་བསྐྱོད་པས་རྡོ་རྗེ་ནོར་བུའི་རྩེ་མོར་འོང་བ་སྔར་གྱི་ཡོན་ཏན་ཉིས་འགྱུར་དུ་འཕེལ་ཞིང་སྨིན་ཡང་མི་བརྟན་པས་རྒན་པོའོ། །དེར་རྣམ་བཅས་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་དང་བདེ་བ་དབྱེར་མེད་དུ་བསྒོམས་པས་འཛག་མེད་ཐོབ་པ་གང་ཡིན་པ་ནི་བཞི་པ་ལྷན་སྐྱེས་ཤེས་རབ་ཡེ་ཤེས་ཆེན་པོ་སྟེ། ཤིན་ཏུ་བརྟན་པ་སྐྱེ་དགུའི་བདག་པོའོ། །དབང་མདོར་བསྟན་ལས་ཀྱང༌། བུམ་པ་དང་ནི་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་མངོན་བརྗོད་པ། །སླར་ཡང་ཤེས་རབ་ཆེན་པོ་འདི། །དེའི་ཡེ་ཤེས་མངོན་པར་བརྗོད། །འགྱུར་
ཞིང་འགྱུར་ཏེ་དེ་ནས་འཛག །དེ་ནས་གཞན་ནི་འཛག་མེད་པའོ། །ཞེས་དང༌། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་དགུའི་བདག །ཤེས་རབ་ཡན་ལག་ནུ་མ་ནི། །རེག་ལས་བྱང་ཆུབ་སེམས་འཕོ་བདེ། །གང་ཕྱིར་བྱིས་པ་བདེ་ཐོབ་པ། །ཞེས་དང༌། གསང་བ་མཉེས་ལས་ཡུན་རིང་སྐྱེས། །བྱང་ཆུབ་སེམས་འཕོ་བདེ་བ་སྟེ། ཞེས་དང༌། ཡུན་རིན་གསང་བ་མཉེས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་འཛག་པ་སྟེ། །ཞེས་དང༌། ཕྱག་རྒྱ་ཆེ་ལ་རྗེས་ཆགས་པས། །རྒྱུ་མཐུན་ལས་སྐྱེས་བདེ་བ་གང༌། །གང་ཕྱིར་རྒྱུ་མཐུན་ཉིད་དུ་འགྱུར། །ཞེས་གསུངས་ཏེ། འདི་དག་འཁོར་ལོ་བདེ་མཆོག་གི་ཕྱོགས་ལ་ཡང་ཕྱག་རྡོར་བསྟོད་འགྲེལ་ལས་རྒྱས་པར་གསུངས་པ་དེ་བལྟ་བར་བྱའོ། །ལྔ་པ་ནི། གོང་དུ་བཤད་པའི་སྣང་གསུམ་གྱི་རྟོགས་པ་སྐྱེས་པ་དང༌། དགའ་བ་དང་པོ་གསུམ་གྱི་རྟོགས་པ་སྐྱེས་པ་ནི་དོན་གཅིག །དཔེའི་འོད་གསལ་མཐར་ཐུག་སྐྱེས་པ་དང༌། ལྷན་སྐྱེས་ཀྱི་རྟོགས་པ་སྐྱེས་པ་ཡང་དོན་གཅིག་སྟེ། རྟོགས་པའི་རིམ་པ་ཡོན་ཏན་ཡར་ལྡན་དུ་འོང་ངོ༌། །གཞི་དུས་ཀྱི་སྣང་གསུམ་ཚན་བཞི་ཡོད་པ་དེ་དག་ཀྱང༌། དོན་གྱི་གཞི་དུས་ཀྱི་དགའ་བཞིར་ཡང་འགྱུར་མོད་ཀྱི། དེ་ལྟ་ན་ཡང་འཁྲིག་དུས་ཀྱི་བཞི་ནི་དངོས་ཡིན་ལ། གཞན་རྣམས་ནི་
ཆ་མཐུན་ཙམ་ཡིན་ནོ། །གཉིས་པ་ལ། སྤྱིར་བསྟན་དུ་དགའ་བ་བཅུ་དྲུག་གི་ས་མཚམས་དང༌། དེའི་དབྱངས་འཆར་ཚུལ་བསྟན་པ་དང༌། བྱེ་བྲག་ཏུ་ཕྱག་རྒྱ་ལས་ཐོབ་པའི་དགའ་བ་བཅུ་དྲུག་གི་རང་བཞིན་བཤད་པའོ། །དང་པོ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་སོགས་ཐིག་ལེའི་སྐོར་རྣམས་ལས་ཤིན་ཏུ་རྒྱས་པར་བཤད་ཅིང༌། ཁྱད་པར་ཕྱག་ཆེན་ཐིག་ལེ་ལས། ཚངས་བུག་ནས་ནི་མགྲིན་གནས་སུ། །དེ་ཙམ་དུ་ནི་ཐིག་ལེ་བཞི། །ཞེས་སོགས་རྒྱས་པར་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་དུ་ཆ་བཞིར་བྱས་པ་ལ། དང་པོས་དགའ་བའི་དགའ་བ་དང༌། གཉིས་པས་དགའ་བའི་མཆོག་དགའ་དང༌། གསུམ་པས་དགའ་བའི་དགའ་བྲལ་དང༌། བཞི་པས་དགའ་བའི་ལྷན་སྐྱེས་ཏེ། བྱང་ཆུབ་ཀྱི་སེམས་དེ་དག་ཏུ་ཕྱིན་པ་ན། དགའ་བའི་སྐད་ཅིག་མ་བཞི་པོ་དེ་དག་སྐྱེ་བར་ཤེས་པར་བྱ་སྟེ། མགྲིན་པའི་འཁོར་ལོའི་སྟོད་དུ་ཕྱིན་པ་ན་དགའ་བའི་དགའ་བ་རྫོགས་ཤིང༌། མགྲིན་པའི་འཁོར་ལོའི་རྩ་མདུད་ཀྱི་སྨད་ཁོ་ན་ནས་མཆོག་དགའི་དགའ་བའི་མགོ་རྩོམ་སྟེ། མགྲིན་པ་ནས་སྙིང་གའི་བར་ལ་ཆ་བཞིར་བྱས་པས། ཆ་རེ་རེའི་གནས་སུ་མཆོག་དགའི་དགའ་བ་ནས་ལྷན་སྐྱེས་ཀྱི་བར་བཞི་པོ་འཆར་ལ། སྙིང་ག་ནས་ལྟེ་བའི་བར་ལ་ཆ་བཞིར་བྱས་པ་ལ། དགའ་བྲལ་གྱི་བཞི་འཆར་ཏེ། དགའ་བྲལ་གྱི་དགའ་བ་ནས་དེའི་ལྷན་སྐྱེས་ཀྱི་བར་རོ། །ལྟེ་བ་
ནས་ནོར་བུའི་བར་ཆ་བཞིར་བྱས་པའི་ཆ་རེ་རེ་ལ། ལྷན་སྐྱེས་ཀྱི་དགའ་བ་ནས། ལྷན་སྐྱེས་ཀྱི་བར་འཆར་རོ། །ཡང་ཉི་མའི་བགྲོད་པ་ལ་ལྟོས་པའི་དགའ་བ་བཅུ་གཉིས་ཀྱང་བཤད་དེ། དགའ་བ་ཆེ་ཆུང་གསུམ་ནས་ལྷན་སྐྱེས་ཆེ་ཆུང་གསུམ་གྱི་བར་ཏེ། དཔྲལ་པ་ནས་མགྲིན་པའི་བར་ལ་ཆ་གསུམ་དུ་བྱས་པའི་ཆ་རེ་རེའི་མཚམས་སུ་འཆར་བ་ཡིན་ནོ། །མས་བརྟན་ཀྱི་དགའ་བ་བཅུ་དྲུག་འཆར་བའི་ཚད་ནི་སྔར་གྱི་དེ་ཉིད་གོ་ཟློག་པ་སྟེ། གསང་བ་ནས་ལྟེ་བའི་བར་དུ་ཆ་བཞིར་བྱས་པ་ལ། ཆ་དང་པོར་བྱང་ཆུབ་ཀྱི་སེམས་ཟློག་པ་ན་དགའ་བའི་དགའ་བ་འཆར་བ་ནས་ཐམས་ཅད་ལ་རིམ་པ་བཞིན་དུ་སྦྱར་ཏེ། སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པ་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་པའི་བར་རོ། །ཐིག་ལེ་འབབ་པའི་ཚེ་སྤྱི་བོ་ནས་རྒྱུན་མི་འཆད་པར་འབབ་པ་སོགས་ཀྱི་ངེས་པ་ནི་མེད་དོ། །འོན་ཀྱང་སྤྱི་བོའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་དྲངས་ཏེ། རྩ་གནས་གཞན་གྱི་ཐིག་ལེ་རྣམས་ཇེ་འཕེལ་དུ་འབབ་པས། ཡས་བརྟན་ལ་གནས་ཀྱི་ཁྱད་པར་རེ་རེ་བཞིན་དུ་དམའ་རམ་གྱི་བདེ་བ་ཤས་ཆེ་ལ། མས་བརྟན་ལ་ནི་གནས་མཐོ་རིས་ཀྱི་བདེ་བ་ཤས་ཆེ་བ་ཡིན་ནོ། །འོན་ཀྱང་ཡས་བརྟེན་གྱི་དགའ་བ་བཅུ་དྲུག་གིས་བདེ་སྟོང་གི་ཡེ་ཤེས་མཚན་ཉིད་ཚང་བར་མཚོན་ནུས་ནས་ཀྱང༌། མས་བརྟན་གྱི་དགའ་བ་ཇི་བཞིན་མཚོན་ནུས་པ་ལ་ཡུན་རིང་དུ་ཐོགས་ཏེ་
ཐིག་ལེ་སྤྱི་བོར་འགྲོ་འོང་བྱེད་པ་ལེགས་པར་ཤེས་ཀྱང༌། དེ་ལས་བདེ་ཆེན་འདྲེན་མི་ནུས་པ་མང་ངོ༌། །ཐིག་ལེ་ལུགས་འབྱུང་གི་ཆ་ཤས་གཅིག་བརྟན་པ་དེའི་ཚེ། མས་བརྟན་མཚོན་པ་ནུས་ཏེ། འདིའི་ཡེ་ཤེས་ཀྱི་རིམ་པའི་རྟོགས་པ་སྐྱེས་པ་དང༌། མས་བརྟན་དངོས་སུ་མཚོན་ནུས་པ་དུས་མཉམ་མོ། །དངོས་སམ་ཇི་བཞིན་དུ་མས་བརྟན་མཚོན་པའི་དོན་དབུ་མར་ཟློག་པའི་བདེ་སྟོང་འདྲེན་པའོ། །གཉིས་པ་ནི། འདིའི་ལུགས་ཀྱི་དགའ་བའི་སྐད་ཅིག་མ་བཞི་ལ་ཨ་ཨཱ་ཨི་ཨཱི་རྣམས་དང༌། མཆོག་དགའི་བཞི་ལ་ཨུ་ཨཱུ་རྀ་རཱྀ། ཁྱད་དགའི་བཞི་ལ་ལྀ་ལཱྀ་ཨེ་ཨཻ། ལྷན་སྐྱེས་ཀྱི་བཞི་ལ་ཨོ་ཨཽ་ཨཾ་ཨཿརྣམས་ཡས་བརྟན་མས་བརྟན་གཉིས་ཆར་ལ་འཆར། དུས་ཀྱི་འཁོར་ལོ་ལས་ནི་དབྱངས་སུམ་ཅུ་འཆར་ཚུལ་ཡས་བརྟན་མས་བརྟན་སྡོམས་པ་དགའ་བའི་སྐད་ཅིག་མ་སོ་གཉིས་ལ་རིམ་པ་བཞིན་དུ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ར་ལ་ཨཾ། ལཱ་ཝཱ་རཱ་ཡཱ་ཧཱ། ཨལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿ རྣམས་འཆར་བར་བཤད་དོ། །དབྱངས་འཆར་བའི་ཐིག་ལེའི་མིང་ནི། ཕྱག་ཆེན་ཐིག་ལེ་ལས། འོད་དང་སྟོབས་དང་སྤྲིན་དང་མཚུངས༌། །དབུགས་དང་ཨུཏྤལ་ས་དང་ཡིད། །སྙིང་པོ་ཟླ་ཉི་མུན་པ་དང༌། །མཆོག་དང་སྒྲ་དང་རོ་དང་གློག །དེ་ནི་བཅུ་དྲུག་ཤེས་པར་བྱ། །བདེ་བའི་ཐིག་ལེ་
དྲི་མེད་དོ། །ཞེས་གསུངས་ཤིང༌། སྙིང་སྟོབས་བརྒྱད་ལ་སོགས་པའང་བཤད་དོ། །འདི་དག་རྒྱས་པར་ཐིག་ལེ་སྐོར་བཞི་སོགས་ལས་ཤེས་པར་བྱའོ། །དབྱངས་འཆར་བའི་དོན་ཐིག་ལེ་འཕོ་བ་བཅུ་དྲུག་གི་དྭངས་མ་ཞུ་བའི་དོན་ནོ། །གསུམ་པ་ནི། དཔལ་ཕྱག་རྒྱ་ཆེན་པོ་ཐེག་ལེ་ལས། སོ་སོའི་སྐད་ཅིག་མའི་མིང་ཡང་བཤད་དེ། ཇི་སྐད་དུ། འདོད་དང་འདར་དང་འགྲོ་བ་དང༌། །དགའ་བ་དང་ནི་བཞི་ཡིན་ཏེ། །དེ་ནི་དང་པོ་སྦྱོར་བ་ཡིན། །དེ་ནི་དགའ་བའི་དོན་ཡིན་ནོ། །རྒྱས་དང་འདུན་དང་འབྱུང་བ་དང༌། །མཆོག་གི་དགའ་བ་བཞི་ཡིན་ཏེ། །དེ་ནི་སྦྱོར་བ་གཉིས་པ་ཡིན། །མཆོག་གི་དགའ་བའི་དོན་ཡིན་ནོ། །འབར་དང་ཐིག་ལེ་མྱོས་པ་དང༌། །དགའ་བྲལ་དང་ནི་བཞི་ཡིན་ཏེ། །དེ་ནི་སྦྱོར་བ་གསུམ་པ་ཡིན། །དགའ་བྲལ་དགའ་བའི་དོན་ཡིན་ནོ། །ཨོཊྚ་དང་ནི་ཚུལ་དང་གཉིད། །ལྷན་ཅིག་སྐྱེས་པ་བཞི་པའོ། །དེ་ནི་སྦྱོར་བ་བཞི་པ་སྟེ། །དགའ་བའི་སྐད་ཅིག་བཅུ་དྲུག་གོ །དེ་ལ་འདོད་པ་ཏེ་འདོད་ཆགས་ཀྱིས་ཡིད་དཀྲུགས་པ་དང༌། ལུས་འདར་བ་ནི་འདར་བ་དང༌། ཕྱི་རོལ་ཀྱི་རྩ་གནས་ན་རངས་སར་བྱང་ཆུབ་ཀྱི་སེམས་གཡོ་བ་ནི་འགྲོ་བ་དང༌། དེ་ལས་བདེ་བ་ཅུང་ཟད་ཐོབ་པ་ནི་དགའ་བ་སྟེ་དང་པོ་བཞིའོ། །འདོད་སེམས་རྒྱས་པ་དང༌། འདོད་འདུན་ཤུགས་
དྲག་པ་དང༌། ཐིག་ལེ་འབྱུང་བ་དང་དེ་ལས་མཆོག་ཏུ་དགའ་བ་སྟེ་བདེ་བ་ཐོབ་པ་ནི་གཉིས་པ་བཞིའོ། །དྲོད་འབར་བ་དང༌། ཐིག་ལེ་ལྷག་པར་ཞུ་བ་དང༌། མྱོས་པ་ལྟར་རྣམ་རྟོག་དང་དྲན་པ་ནུབ་པ་དང༌། འདོད་འདུན་ནུབ་པ་ནི་ཆགས་བྲལ་ཏེ་གསུམ་པ་བཞི་དང༌། རྩ་དང་རླུང་དང་སེམས་དང་ཐིག་ལེ་ཁ་སྦྱོར་དུ་གྱུར་པའི་ནུས་པས་ཀུནྡ་འཆིངས་པ་ཙམ་ཨོཊྚ་དང༌། དབུ་མའི་སྒྲ་འབྱུང་བ་ཚུལ་དང༌། རྣམ་རྟོག་ནུབ་ཅིང་གསལ་བ་ན་གཉིད་ཡུར་དང༌། དེ་ལས་མཆོག་ཏུ་བདེ་བ་ཐོབ་པ་ནི་ལྷན་སྐྱེས་ཏེ་བཞི་པ་བཞིའོ། །དུས་འཁོར་ལས་ནི་འདི་དག་དང་མིང་ཕྱོགས་མཐུན་གསུངས་ཀྱང་དོན་ནི་དགའ་བཞི་ལ་ལྡོག་ཆས་ཕྱེ་བ་ཡིན་པས་མི་གཅིག་སྟེ། ཡང་དེར་དགའ་བ་བཞི་ལ་རེ་རེར་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བས་དགའ་བ་བཅུ་དྲུག་ཏུ་གསུངས་པ་མང་ལ། ཆ་ཤས་བཅུ་དྲུག་གསུངས་པས་སྐད་ཅིག་མ་བཅུ་དྲུག་ཀྱང་དོན་གྱིས་ནི་བསྟན་ནོ། །གསུམ་པ་ལ་གཉིས་ལས། དང་པོ་སྒྲུབ་བྱེད་ཐུན་མོང་མ་ཡིན་པའི་རྐྱེན་ནི་རང་ལུས་ཀྱི་རྩ་དབུ་མ་ལ་གནད་དུ་བསྣུན་པ་དང༌། ཕྱག་རྒྱ་བསྟེན་པའོ། །ཡས་བརྟན་དང་མས་བརྟན་གྱིས་ཐིག་ལེ་བྱང་ཆུབ་ཀྱི་སེམས་དབུ་མར་བརྟན་པར་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་རང་ལུས་ཀྱི་དབུ་མ་ལ་གནད་དུ་བསྣུན་པའི་ཐབས་དང༌། རྣམ་བཅས་རྣམ་མེད་ཀྱི་སྟོང་ཉིད་སྒོམ་པ་ཀུན་ཡང་ངེས་པར་དགོས་མོད་ཀྱི། འདིའི་དངོས་རྒྱུ་
ནི་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་སྒྲུབ་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང༌། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་དངུལ་ཆུ་ནམ་ཡང་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབུགས་མེད་དེ་མ་ཕུགས་ལུས་ཀྱི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་ཕྱག་རྒྱ་དང་བྲལ་བ་ལ་བྱང་ཆུབ་ཀྱི་སེམས་འཆིང་བའི་ནུས་པ་མེད་ཅིང༌། དེ་མ་བཅིངས་ན་ལུས་འབུགས་པ་སྟེ་འཇའ་ལུས་སུ་འགྱུར་བ་མེད། དེ་མེད་པས་མཆོག་གི་བདེ་བའི་རྟེན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་མི་འགྲུབ་ཅེས་པའོ། །རྒྱུད་ཀྱི་རྒྱལ་པོ་འདིར་ཡང༌། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། ལུས་ཅན་རྣལ་འབྱོར་འགྲུབ་མི་འགྱུར། ཞེས་གསུངས་ཏེ་མི་འགྲུབ་པའི་དོན་ནི་སྔར་བཤད་པ་བཞིན་ནོ། །འོ་ན་ལས་རྒྱ་སྤངས་པར་རྒྱུད་གཞུང་མང་པོ་ལས་གསུངས་པ་མ་ཡིན་ནམ། ངེས་པའི་དོན་དུ་དེ་ག་ལ་དགོས་ཞེ་ན། རྒྱུད་གཞུང་དེ་དག་གི་དགོངས་པ་ནི་ལས་ཀྱི་ཕྱག་རྒྱ་སྤངས་ནས་དོན་དམ་པའི་ཕྱག་རྒྱ་སྒོམ་པར་གསུངས་པས། ལས་རྒྱའི་ཐུན་མོང་མ་ཡིན་པའི་ནུས་པ་ཅི་ཡོད་པ་མཐར་ཕྱུང་ཟིན་པ་ན། དེ་ཡང་རྣམ་པར་རྟོག་པའི་
གཡེངས་པ་འབྱུང་ཉེ་བས་འབོར་བར་གསུངས་པ་སྟེ། ལྷ་སྐུ་བཟླས་བསྒོམ་དང་སྦྱིན་སྲེག་དང་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་སྤྲོས་པ་ཐམས་ཅད་འདོར་བ་གསུངས་པ་བཞིན་ནོ། །ལས་རྒྱ་འགོག་པ་ཤིན་ཏུ་རྒྱས་པའི་དུས་ཀྱི་འཁོར་ལོ་ལས་ཀྱང༌། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། འདོད་བྱ་བདེ་སྟོང་དབྱེར་མེད་དམ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡིན་ཡང༌། ལས་རྒྱ་སྤངས་པས་དེ་མི་འགྲུབ་སྟེ། ཕྱག་ཆེན་དེ་མངོན་དུ་འགྱུར་བ་དེ་ལ་ལྟོས་པ་ནི། སངས་རྒྱས་ཐོད་པར། གང་ཅིའང་རུང་བའི་དགའ་རྩེ་འཇོ། །འཁྱུད་པ་དང་ནི་འོ་བྱེད་དང༌། །ཉེད་དང་འཚེར་བ་ཉིད་ཀྱིས་ཀྱང༌། །ཕྱག་རྒྱ་ཆེན་པོ་མཐོང་བར་འགྱུར། །ཞེས་བསྟན་པའོ། །དགའ་བ་བཅུ་དྲུག་ཐམས་ཅད་གསལ་བར་མཚོན་པ་དང༌། རླུང་སེམས་ཐིམ་ཚུལ་ཁྱད་པར་ཅན་མ་བྱུང་ན་བྱང་སེམས་ཀུནྡ་མི་བརྟན་ལ། དེ་འབྱུང་བ་ནི་འདི་ལ་རགས་ལས་པའོ། །གཉིས་པ་ཞུ་བདེའི་རྒྱུ་འབྲས་རྩི་བ་ནི། གཞི་དུས་སུ་ལུས་དང་སེམས་གཉིས་ལས། སེམས་ཀྱི་རང་བཞིན་བདེ་བར་གནས་པ་ལ། དབྱེ་བ་མེད་ཀྱང༌། ལུས་འབྱུང་བ་ལྔའི་དབྱེ་བས་ལུས་སེམས་ངོ་བོ་དབྱེར་མེད་ཀྱི་རྒྱས་བཏབ་ཅན་ཡིན་པའི་ཕྱིར། སེམས་ཀྱི་རྣལ་འབྱོར་རྣམ་པ་ལྔའོ། །སྤྱིར་ཞུ་བདེ་ཐམས་
ཅད་འབྱུང་བ་ལྔའི་བདེ་བ་ཅན་ནི་ཡིན་མོད་ཀྱི། དེ་ཡོངས་སུ་རྫོགས་པར་མཚོན་ནུས་པ་ནི་ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི་བདེ་བའོ། །བདེ་བ་དེ་བསྒོམས་པས་སེམས་རྣམ་འགྱུར་ལྔ་ལྡན་ཡིན་པའི་གནད་ཀྱིས། རང་བཞིན་ལྷན་སྐྱེས་ཀྱང་ཡེ་ཤེས་རྣམ་པ་ལྔའི་ཚུལ་ཅན་དུ་འབྱུང་ལ། དེ་ལས་འབྲས་བུ་ཡེ་ཤེས་ལྔ་དང་རིགས་ལྔ་འབྱུང་སྟེ། དཔལ་ཡང་དག་སྦྱོར་བ་སམྤུ་ཊི་དང༌། ཀྱཻ་རྡོ་རྗེ་གཉིས་ཆར་ལས་གསུང་གཅིག་ཏུ། འབྱུང་བ་ལྔ་ཡི་རང་བཞིན་ལས། ཀུན་ཏུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་པ་ནས། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པའི་བར་དུ་རྒྱས་པར་གསུངས་སོ། །བཞི་པ་ལ། ཡས་བརྟན་དགའ་བའི་རྟོགས་པ་སྐྱེ་བའི་རིམ་པ། མས་བརྟན་དགའ་བ་རྗེས་དྲན་སྐྱེ་བའི་ཚུལ། བྱང་སེམས་ཀྱི་ངོ་བོ་བཤད་པ། སྐུ་གསུམ་རྣམ་པར་གཞག་པ། ཡེ་ཤེས་རིམ་པའི་ས་མཚམས་སོ། །དང་པོ་ནི། རྩ་འཁོར་རྣམས་ཀྱི་ལྟེ་བའི་མདུད་པ་རྣམས་རེ་རེ་ནས་ཤིན་ཏུ་ཡངས་པར་སོང་ཞིང་གྲོལ་བ་ན། གོང་དུ་བཤད་པའི་ཆ་ཤས་བཞིན་པའི་ཚུལ་གྱྀས་བྱང་ཆུབ་ཀྱི་སེམས་འབབ་ཚུལ་འབྱུང་ལ། དེ་བྱུང་བ་ན་ཐིག་ལེ་རྩ་འཁོར་དེ་དག་ཏུ་དངོས་སུ་བརྟན་པར་བྱེད་པའི་མགོ་རྩོམ། བརྟན་པའི་དོན་ནི་
དེའི་དྭངས་མའི་ཆ་ཤས་རྣམས་གཡོ་བ་མེད་པའི་ཚུལ་གྱིས་ཁམས་ལ་དངུས་ཆུས་ཁྱབ་པ་བཞིན་དུ་འདྲེས་པ་ཡིན་གྱི། གནས་སོ་སོར་འཕོ་འཇུག་མེད་པ་ནི་མ་ཡིན་ནོ། །དེ་ལ་གཏུམ་མོའི་མེ་འབར་བ་ནི་སྔོན་ཡུན་རིང་པོ་ནས་ཡིན་མོད་ཀྱི་འདིར་འབར་བ་མཐར་ཐུག་པའོ། །དེ་ལྟར་ཡང་སྡོམ་པ་བཤད་པར། དེ་ལྟར་སྐུ་ཡི་ཆ་རྣམས་ཀྱི། །དབང་དང་ལོངས་སྤྱོད་ཐིམ་པ་དང༌། །ཇི་ལྟར་གནས་སུ་དེ་བཞིན་དུ། །དགའ་བ་རྟག་ཏུ་སྐྱེ་བར་འགྱུར། །སྐྱེ་བ་དང་ནི་གནས་པ་དག །རིམ་པ་འདི་ཡིས་ཐིམ་པར་འགྱུར། །རྡོ་རྗེ་མཁའ་འགྲོ་མ་བསྐུལ་བས། །གནས་ཀྱི་སྒོ་ནས་དབྱེ་བར་བྱ། །དཔལ་ལྡན་འབར་འཛིན་བུ་གར་ནི། །དེ་ཡི་སྐད་ཅིག་དེ་འབྱུང་བས། །བདེ་བས་ཐིག་ལེ་སྐྱེ་འགྱུར་ཞིང༌། ཞེས་གསུངས་ཏེ། དེ་ཡང་འབར་འཛག་ཁྱད་པར་ཅན་གྱི་ནུས་པས་ཡུལ་ཉེར་བཞིའི་རླུང་རྣམས་སྔར་གནས་སོ་སོར་དབང་དང་ལོངས་སྤྱོད་པ་དང་ཐིམ་པར་བྱེད་པ། འདིར་དྷཱུ་ཏཱིར་བྱས་པས་གནས་དེ་ཀུན་གྱི་ཐིག་ལེ་དག་པས་བདེ་བ་འབྱུང་བ། རྡོ་རྗེ་མཁའ་འགྲོ་མ་སྟེ་ཕྱག་རྒྱའི་སྦྱོར་བས་གནས་དྷཱུ་ཏཱི་ཕྱེ་ཞིང་འབར་འཛིན་ཏེ་སྤྱི་བོའི་ཐིག་ལེ་ཞུ་བ་ཉེར་བཞི་པོའི་ཁམས་ཀུན་གྱི་དྭངས་མ། རྡོ་རྗེ་ནོར་བུའི་བུ་གར་གནས་པ་མི་འཕོ་བའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །ཞེས་པའི་དོན་ནོ། །ལས་ཀྱི་ཕྱག་རྒྱའམ་
རེ་ཞིག་གཏུམ་མོས་ཀྱང་རུང་བའི་དབང་དུ་བྱས་ནས་ཐིག་ལེས་མགྲིན་པའི་ཡས་མཐའ་ཡན་ཆད་གང་བས་བདེ་བའི་ཏིང་ངེ་འཛིན་རྒྱུན་མི་འཆད། ཡུལ་ཅན་ཐམས་ཅད་བདེ་བར་མཐོང་ཡང་མི་གསལ་ཙམ་འབྱུང་ངོ༌། །ལྷ་ཡི་བུའི་བདུད་བཏུལ་བ་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཕྱོགས་མཐུན་དང་གླང་པོ་ལྟ་བུའི་སྟོབས་སུ་འགྱུར། ཁ་ཟས་ཀྱི་བྱ་བ་ལས་གྲོལ། མགྲིན་པ་གང་བས་དགའ་བ་སྟེ་ཡུལ་ཡུལ་ཅན་གཉིས་ཆར་བདེ་བར་མཐོང༌། ཉོན་མོངས་པའི་བདུད་བཏུལ་བ་ཕྱོགས་མཐུན། འདུ་བ་རྣམ་བཞིའི་ནད་མི་འབྱུང༌། དགའ་བའི་ཐིག་ལེ་བརྟན་པའོ། །སྙིང་ག་ཡན་ཆད་གང༌། ལུས་ལ་བདེ་བ་རྒྱུན་མི་འཆད། རྣམ་རྟོག་ཅི་འབྱུང་བ་ཡང་བདེ་བ་བསྐྱེད་པའི་གྲོགས་སུ་འགྱུར་ཕུང་པོའི་བདུད་བཏུལ་བ་ཕྱོགས་མཐུན། ཕྱིའི་འབྱུང་བཞིའི་གནོད་པ་ལས་གྲོལ། མཆོག་དགའི་ཐིག་ལེ་བརྟན་པའོ། །བདེ་བ་ཆེན་པོས་དྲངས་པའི་མངོན་ཤེས་ཅི་རིགས་པ་ཡང་འདིར་ཐོབ་པ་ཡིན་ནོ། །ལྟེ་བ་ཡན་ཆད་གང་གང་སྣང་ཐམས་ཅད་བདེ་སྟོང་དུ་རང་ཤར་དུ་འགྱུར། འཆི་བདག་གི་བདུད་བཏུལ་བ་ཕྱོགས་མཐུན། ཚེ་ལ་ཅི་རིགས་པར་དབང་ཐོབ། དངོས་གྲུབ་བརྒྱད་སོགས་མ་བསྒྲུབས་པར་འབྱུང་སྟེ། ཁྱད་དགའི་ཐིག་ལེ་བརྟན་པའོ། །ཐིག་ལས་གསང་གནས་ཡན་ཆད་གང༌། སྤྲུལ་སྐུ་མང་པོ་
ལ་དངོས་སུ་ཆོས་ཉན་པ་དང༌། ཞིང་ཁམས་དཔག་ཏུ་མེད་པར་འགྲོ་བ་དང༌། འོད་ཟེར་འཁོར་ལོ་སྤྲོ་བསྡུ་མང་པོ་དང༌། གར་བྱེད་པ་སོགས་སྤྱོད་ལམ་འཁྲུལ་པ་སྣ་ཚོགས་འབྱུང་སྟེ། ལྷན་སྐྱེས་ཀྱི་ཐིག་ལེ་བརྟན་པའོ། །དེ་ཡན་ཆད་དུ་དབུ་མའི་ནང་དུ་མས་བརྟན་འདྲེན་ནུས་ཀྱང༌། ཡས་བརྟན་གྱི་སྐབས་མ་གཏོགས་རེ་རེ་བརྟན་པར་བྱེད་མི་ནུས་སོ། །གཉིས་པ་ནི། དེ་དག་ཏུ་ལེགས་པར་བྱང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེའི་སྣང་བ་ལ་འོད་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་འབྱུང་བ་འདི་ནི་རྗེས་དྲན་ནོ། །དེ་ནས་མས་བརྟན་གྱི་དུས་སུ་ནོར་བུར་ཐིག་ལེ་གཅིག་བརྟན་པ་ན། གཏུམ་མོའི་མེ་ལྕེའི་སྣང་བ་དཀྱིལ་འཁོར་གྱྀ་གཟུགས་བརྙན་དཔག་ཏུ་མེད་པ་སྤྲོ་བ་འབྱུང་སྟེ་རྗེས་དྲན་དང་པོའོ། །དེ་བཞིན་དུ་སྤྱི་བོའི་བར་དུ་ཡོན་ཏན་སྔ་མ་ཡར་ལྡན་དུ་ཡོད་ཅིང༌། ཕྱི་མ་ཕྱི་མ་བརྟན་པ་ན་གཏུམ་མོའི་སྣང་བ་གོང་འཕེལ་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོ་བའི་རྗེས་དྲན་ལྷག་པོ་རེ་རེ་འབྱུང་སྟེ། སྣང་བ་དེ་ཉིད་འཆར་གཞིའམ་རྗེས་སུ་དྲན་པ་པོ་བདེ་སྟོང་གི་ཡེ་ཤེས་དེ་ཉིད་ལ་རྗེས་དྲན་ཞེས་བྱ་བ་ཡིན་ནོ། །དེ་ཡང་གསང་བའི་དེ་ཉིད་རབ་ཏུ་གསལ་བར་སམྤུ་ཊིའི་ཚིག་དོན་དྲངས་པ། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཐོག་མ་དབུས་མཐར་དྲི་མེད་པའི། །ཡེ་ཤེས་ཅི་
ཞིག་སྐྱེ་འགྱུར་ཏེ། །ཡེ་ཤེས་དེ་ནི་རང་རིག་པས། །གཞན་གྱིས་བརྗོད་པར་ནུས་མ་ཡིན། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་སྒོམ་པར་བྱ། །དེ་ལ་སོགས་པས་དེ་ཉིད་གསུངས། །རྗེས་སུ་དྲན་པ་བཅུ་དྲུག་གནས། །བདེ་ཆེན་ནམ་མཁའི་ཁམས་གནས་པ། །བདེ་བ་ཅན་ཞེས་མངོན་པར་བརྗོད། །ཅེས་གསུངས་ཏེ། འདི་ལ་འདུས་པར་བཤད་པའི་རྗེས་དྲན་བཅུ་དྲུག་གི་དོན་ཚང་ཡང༌། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དཔག་ཏུ་མེད་པ་ཉམས་ཀྱི་སྣང་བ་ལ་འཕྲོ་བ་འབྱུང་བས། སངས་རྒྱས་རྗེས་དྲན་ཞེས་ཐམས་ཅད་ལ་འདོགས་ཏེ། ཕྱག་རྒྱ་དང་མཉམ་པར་སྦྱར་བའི་རྐྱེན་གྱིས་ཆ་ཤས་བཞི་པའི་ཚུལ་གྱིས་འབབ་པའི་ཐིག་ལེ། ནམ་མཁའི་ཁམས་ཀྱི་དབུས་ཏེ། བྷ་གར་ཐབས་ཤེས་ཀྱི་རྩ་ཕྲད་པའི་མཚམས་སུ་ཟླ་བའི་དཀྱིལ་འཁོར་ཏེ་ཐིག་ལེ་བདེ་བར་བཅས་པ་ལ་སེམས་གཞུག་གོ །རང་ལུས་ཀྱི་དབང་དུ་བྱས་ན། ནམ་མཁའི་ཁམས་རྩ་དབུ་མ། ཟླ་བ་ཐིག་ལེའི་གཟུགས་ཡིན་ནོ། །དེ་ལས་ཡེ་ཤེས་བརྗོད་བྲལ་རང་བཞིན་དག་པའི་མཚན་ཉིད་ཅན་རང་རིག་བདེ་བ་ཆེན་པོར་འཆར་ཞིང༌། རྗེས་དྲན་བཅུ་དྲུག་གི་འཆར་ས་བདེ་ཆེན་ནམ་མཁའི་ཁམས་ནི་དབུ་མའི་ནང་དུ་སྟེ། དེ་ལ་བདེ་བ་ཅན་ཞེས་ཀྱང་བྱའོ། །གསུམ་པ་ནི། ནུས་པ་
འཇོག་པའི་ཁྱད་པར་དང༌། དེ་དང་དེའི་རྟོགས་པ་ཆེད་དུ་ཕྱིན་མ་ཕྱིན་མ་གཏོགས། ཡེ་ཤེས་རིམས་པའི་སྐབས་ཐམས་ཅད་དུ་མཉམ་བཞག་ཐུན་རེ་ལ་དགའ་བ་བཅུ་དྲུག་ལུགས་འབྱུང་ལུགས་ལྡོག་ཚང་བར་འཆར་རོ། །དེ་ཡང་སོ་སོའི་རྟོགས་པ་མ་སྐྱེས་ཕན་ཆད་ཀྱི་དེ་རྣམས་འཆར་བ་ནི། རྩོལ་བ་ལ་ལྟོས་སོ། །དེ་ལ་འཁོར་ལོ་དེ་དང་དེ་ཐིག་ལེས་གང་ཞེས་པ། དངོས་སུ་ལུགས་འབྱུང་ལུགས་ཟློག་ལ་དེ་གང་བའི་རིམ་པ་ནི་འབྱུང་ལ། འོན་ཀྱང་དེར་ནུས་པ་བཞག་པས་རྩ་ཁམས་དེ་རྣམས་བདེ་བ་བསྐྱེད་པའི་མཐུ་ཅན་དུ་སོང་བ་ནི། དེ་གང་ནས་གནས་པའི་དོན་ཏེ། བདེ་བའི་ཏིང་ངེ་འཛིན་རྐྱེན་གྱིས་མི་འཕྲོག་པ་རེ་རེ་སར་ཐོབ་འབྱུང་བ་ལ་ཀུན་རྫོབ་བྱང་སེམས་ཀྱིས་གང་བ་དང༌། ལམ་དེ་བསྒོམས་པས་རྩ་ཁམས་དེ་དང་དེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་མཐུ་ཅན་དུ་སོང་བས། སྟོང་ཉིད་ཀྱི་ཡེ་ཤེས་མཆོག་གང་གི་ཁྱད་པར་ཐོབ་པ་ལ། དེ་དང་དེ་དོན་དམ་བྱང་སེམས་ཀྱིས་གང་ཞེས་གསུངས་པ་དང༌། མཁས་གྲུབ་རྣམས་དེ་ལྟར་ཐ་སྙད་འདོགས་པའོ། །བཞི་པ་ནི། སཾ་པུ་ཊི་དཔྱིད་ཐིག་ཏུ་དྲངས་པ་ལས། གང་ཚེ་མགྲིན་པར་ཆགས་ཆེན་གྱི། །གཟུགས་ཀྱི་ཟླ་བ་གནས་པ་ན། །སངས་རྒྱས་རྣམས་ནི་དམ་པའི་སྐུ། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །ཅེས་ནོར་བུའི་མགྲིན་པར་ཐིག་ལེ་ཕྱིན་པ་ཚུན་ཆད་ཞུ་བདེ་སྒྲུབ་པའི་
ཕྱིར་ལོངས་སྐུ། གང་ཚེ་རྡོ་རྗེ་རྩེར་གནས་པ། །དེ་ཡི་ཚེ་ཡང་སྣ་རྩེ་རུའོ། །ཞེས་མས་བརྟན་ནོར་བུར་གནས་པ་ནི། སྤྲོས་པ་ནུས་པས་ཆོས་སྐུའོ། །གང་ཚེ་ལོངས་སྤྱོད་རྫོགས་གྱུར་པ། །ནུབ་པར་གྱུར་པ་དེ་ཡི་ཚེ། །བྷ་གའི་ནང་དུ་སོན་དེ་དང༌། །ཉུང་ཀར་ཙམ་དུ་རྣམ་པར་བརྗོད། །སྤྲོས་ཞེས་ཐ་མལ་པའི་འཛག་པ་དང༌། འདིར་མཁའ་ནང་གཙོ་བོར་གྱུར་པར་རྗེས་དྲན་སྤྲོ་བ་ནི་སྣང་བ་མ་ངེས་པར་སྣ་ཚོགས་པས་སྤྲུལ་སྐུའི་ཡེ་ཤེས་ཏེ། ཡེ་ཤེས་ཀྱི་རིམ་པའི་སྐུ་གསུམ་མོ། །ལྔ་པ་ནི། ཐིག་ལེ་ལུགས་འབྱུང་ལུགས་ཟློག་འདི་ལྟར་བརྟན་ཐུབ་ཀྱང༌། ཇི་སྲིད་དུ་ཁམས་ཐམས་ཅད་ཀྱི་ཐིམ་རིམ་དངོས་སུ་འབྱུང་བའི་འགོ་མི་རྩོམ་པ་དེ་སྲིད་དུ་ཡེ་ཤེས་ཀྱི་རིམ་པ་ཡིན་ལ། དེ་ཕན་ཆད་གསང་རིམ་མོ། །དེ་ཡང་རྡོར་བཟླས་དང་སྙིང་གའི་འཁོར་ལོ་རྗེས་ཞིག་སོགས་ཀྱིས། ཐིམ་རིམ་འབྱུང་བའང་ཐོགས་ཡུན་ཡུན་རིང་ཞིང་རེ་རེའི་བར་དུའང་རིང་དུ་ཐོགས་ཀྱང་ཁྱད་པར་སྣང་བ་སོ་སོའི་རྟོགས་པ་ལ་རིང་དུ་འགོར་ཏེ། སྣང་བ་ཐོབ་ནས། མཆེད་པ་ཐོབ་པ་ལ་རིང་དུ་འགོར་བ་བཞིན་ཡིན་ལ། འདིར་ནི་ཐིག་ལེ་ལུགས་འབྱུང་ལུགས་ཟློག་གོམས་པས་སྣང་གསུམ་ཡང་ཡང་དྲངས་ཤིང༌། དེ་དང་དེའི་རྟོགས་པའང་བརྟན་ཟིན་པས། ཐིམ་རིམ་དངོས་ཡུད་ཙམ་གྱིས་འགྲུབ་པ་དང༌། སྣང་གསུམ་
ཡང་སྔ་མ་ལས་ཆེས་མྱུར་བར་རྟོག་པ་ན་འཕོ་སྟེ། རྟེན་ཐིག་ལེ་འཆིང་ཟློག་གི་ཟབ་ཁྱད་དོ། །གཉིས་པ་གཞུང་དོན་ནི། །ཡས་བརྟན་སོགས་ཏེ་ཡས་བརྟན་དགའ་བ་བཅུ་དྲུག་ལེགས་པར་མཚོན་པའི་རིམ་པས་ནོར་བུར་བྱང་སེམས་བརྟན་པའི་བདེ་བ་ཐོབ་པ་ན་ཡས་བརྟན་གྱི་རྟོགས་པ་རྫོགས། མས་བརྟན་གྱི་སྐབས་རྗེས་དྲན་འཆར་བས་མས་བརྟན་རྗེས་དྲན་བཅུ་དྲུག་གི་རིམ་པས་ཐིག་ལེ་བརྟན་པས་མས་བརྟན་གྱི་རྟོགས་པ་རྫོགས་ཏེ། ཡེ་ཤེས་ཀྱི་རིམ་པ་མངོན་དུ་གྱུར་པར་ཤོགཅེས་པའོ། །ཡས་བརྟན་མས་བརྟན་གྱི་རྟོགས་པ་རྫོགས་པ་ཞེས་པའང་དེ་དང་དེའི་ཐིག་ལེ་བརྟན་པ་སྟེ། ཡེ་ཤེས་ཀྱི་རིམ་པ་ལ་ལྟོས་པའི་ཡིན་གྱི། སྤྱིར་ཡས་བབས་མས་བརྟན་གྱི་རྟོགས་པ་རྒྱུན་མཐའི་བར་དུ་གོང་འཕེལ་དུ་འབྱུང་ངོ༌། །དེར་མ་ཟད། དཔེར་ན་ནོར་བུར་དང་པོར་ཐིག་ལེ་བརྟན་པ་དེ། རྡོ་རྗེ་སྐེད་པར་བརྟན་པའི་ཚེ་རྡོ་རྗེའི་སྐེད་པའི་དེ་སར་ཐོབ་ཡིན་པས་སྨོས་ཀྱི། ནོར་བུའི་དེ་ཡང་སྔ་མ་ལས་ལྷག་པའི་བརྟན་ཚུལ་ཡོད་དོ། །བཞི་པ་གསང་བའི་རིམ་པ་ལ། སྤྱི་དོན་དང་གཞུང་དོན་གཉིས། དང་པོ་ལ། གསང་རིམ་འཆར་ཚུལ། ངོ་བོ་ངོས་འཛིན་ནི། ས་མཚམས་འབྲས་བུ་དང་བཅས་པའོ། །དང་པོ་ནི། ཕྱིའི་འབྱུང་བ་སོགས་ཁམས་ཕྲ་རགས་རིམ་པས་རིམ་པ་འབྱུང་སྟེ། དེར་དཔེའི་ཡེ་ཤེས་མཐར་
ཐུག་སྐྱེ། དེའི་རྗེས་ཐོག་ཁོ་ནར་རླུང་སེམས་ཀྱི་སྐུ་འགྲུབ། དེ་ནས་རང་ལུས་གཏུམ་མོའི་གཙོ་བོ་ལས་རྒྱ་ལ་བརྟེན་པའི་བདེ་ཆེན་ཡང་ཡང་དྲངས་པས་ལས་རླུང་འགགས་ཏེ། ཁམས་དཀར་དམར་གྱི་བགྲོད་པ་དཀར་པོའི་ཤིན་ཏུ་དྭངས་མ་མས་བརྟེན་གྱི་རིམ་པས་བརྟེན། དམར་པོ་སྤྱི་བོ་ནས་མར་ནོར་བུ་དང་རྐང་མཐིལ་བར་དུ་བརྟན་པས་ལུས་འཇའ་ལུས་དང༌། སེམས་རྟོག་མེད་དུ་འགྱུར་ཏེ། ལྟེ་བ་མན་ཆད་དོན་དམ་གྱི་བྱང་སེམས་ཀྱིས་གང༌། ཡུལ་ཅན་སྟོང་པར་མཐོང༌། ལམ་དུས་ཀྱི་སྤྲུལ་སྐུ་ཐོབ་ཟེར་ཏེ། འཁོར་ལོ་སྡོམ་པའི་དཔའ་བོ་དཔའ་མོ་མང་པོ་སྤྲུལ་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་འཆད། བ་སྤུ་རེ་རེ་ནས་སྤྲུལ་པ་བརྒྱ་ཕྲག་སོགས་འགྱེད་དེ་རྟོག་མེད་ཀྱི་དགའ་བ་ཞེས་བྱ། སྙིང་ག་མན་ཆད་གང་བས་ཡུལ་ཡུན་ཅན་སྟོང་པར་མཐོང་བ་སྔར་བས་ཀྱང་གསལ་བ་དང༌། ལམ་དུས་ཆོས་སྐུ་ཏེ་འོད་གསལ་ཤིན་ཏུ་བརྟན་པ་དང༌། འོད་ཟེར་དང་སྤྲུལ་པ་དང་ཆོས་འཆད་པ་དང༌། ཞིང་ཁམས་བགྲོད་པ་སོགས་སྔ་མ་བཅུ་གྱུར་ཏེ། ཕྱི་མ་རྣམས་ལའང་བཅུ་འགྱུར་བཅུ་འགྱུར་བསྒྲེ་བར་བྱ་སྟེ། རྟོག་མེད་ཀྱི་མཆོག་དགའ་འོ། །མགྲིན་པ་མན་ཆད་གང་བས་སྟོང་པའི་ཡེ་ཤེས་སྔར་བས་ཀྱང་གསལ། ལམ་དུས་ཀྱི་ལོངས་སྐུ་སྟེ། ལྷ་སྐུའི་སྣང་བ་དང་མི་
འབྲལ། མཚན་དཔེ་ཅི་རིགས་པ་འབྱུང་སྟེ། རྟོག་མེད་ཀྱི་དགའ་བྲལ་ལོ། །སྤྱི་བོའི་བར་དུ་གང་བས་སྟོང་པའི་ཡེ་ཤེས་ཆེས་གསལ་བར་སོང་སྟེ། འཕྲལ་ཉིད་དུ་མངོན་སུམ་གྱིས་མཐོང་བར་ཉེ་བ་ཡིན། ལམ་དུས་ཀྱི་བདེ་ཆེན་ཀྱི་སྐུ་སྟེ། ཕྱིན་ཆད་མཉམ་རྗེས་ཐམས་ཅད་དུ་བདེ་བ་རྒྱུན་ཆད་པར་མི་འགྱུར་བ་ཐོབ། བདེ་ཆེན་གྱིས་དྲངས་པའི་མངོན་ཤེས་དྲུག་ཁྱད་པར་ཅན་རྣམས་དང༌། ཐ་མལ་གྱི་ལུས་གནས་འགྱུར་ཏེ་སོ་སོ་སྐྱེ་བོས་མི་མཐོང་བར་འཇའ་ལུས་སུ་འགྱུར་བ་ནི་ཅི་རིགས་པར་འབྱུང་ལ། གལ་ཏེ་དེ་དག་ཏུ་གནས་མ་འགྱུར་ན་འདིའི་རྗེས་སུ་མཐོང་ལམ་སྐྱེ་སྟེ། འདིར་གནས་མི་འགྱུར་བ་མི་སྲིད་དོ། །དེ་ཡང་གསང་རིམ་གྱི་རྟོགས་པ་དང་པོ་སྐྱེས་པ་ནས། རླུང་སེམས་ཀྱི་སྐུ་གྲུབ་ཟིན་པའི་གནས་སྐབས་ཅི་རིགས་པ་རྣམས་སུ་རྒྱུད་ནས་བཤད་པ་ལྟར་མཁའ་འགྲོ་མ་རྣམས་ཀྱིས་ཉམས་ཟས་པའི་ཕྱིར། འཇིགས་པ་བྱེད་པ་དང༌། བརྡ་སྟོན་པ་འབྱུང་སྟེ། དེ་ལ་འཇིགས་པར་མི་བྱ་ཞིང༌། ཤེས་ན་བརྡའི་ལན་བྱ། ཇི་སྲིད་དུ་མངོན་ཤེས་རྒྱ་ཆེན་པོ་མ་ཐོབ་པ་དེ་སྲིད་དུ་བརྡའི་མཐའ་ཐམས་ཅད་ཀྱང་མི་རྟོགས་པས། གཡོན་ནས་ལན་གསུམ་བསྐོར་བ་སོགས་བྱས་ཏེ། ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱའོ། །གང་ལྟར་ཡང་ཏིང་ངེ་འཛིན་ལས་མ་གཡོས་ཤིང་ཡིད་གཞན་དུ་མ་གྱུར་ན། དེ་རྣམས་མཉེས་ནས་འཇིག་རྟེན་ལས་འདས་པ་
རྣམས་ལ་བསྐུལ་ཏེ། སྤྱོད་པའི་ཕྱག་རྒྱ་ལུང་སྟོན་པ་འབྱུང་བ་ཤས་ཆེའོ། །གསང་རིམ་གྱི་རྟོགས་པ་དང་པོར་སྐྱེས་པ་ནི། སྤྱོད་པ་སྤྱོད་དམ་མི་སྤྱོད་ཀྱང་རུང༌། ལས་རྒྱ་ལ་ངེས་པར་ལྟོས་ཏེ། དེ་མན་ཆད་ཡེ་རྒྱས་ཀྱང་འགྲུབ་ལ། མཐོང་ལམ་ཐོབ་པ་ནས་ངེས་པར་སྤྱོད་པ་ལ་ལྟོས་མོད་ཀྱི། ལེ་ལོ་ཅན་བར་དོར་འདའ་བའི་རིགས་རྣམས་ནི་མ་གཏོགས་སོ། །རིམ་པ་དང་པོ་གསུམ་དང་གསང་རིམ་གྱི་ཐོག་མ་འགའ་ཞིག་ཏུ་རླུང་སེམས་ཀྱི་བྱེད་པས། བདེ་བས་རང་དབང་མེད་པར་འགྱུར་ཏེ། ཀུ་ཅོ་འདོན་པ་སོགས་བྱུང་ན་རྩོལ་བ་ཀློད་དེ་དམིགས་པར་སྒོམ། དེ་ལྟར་སྒོམ་པས་རྨོངས་ན་ཞི་གནས་ཆེས་རྒྱས་པ་ཡིན་ཏེ། ཡུལ་སྣ་ཚོགས་བསྟན་ཞིང་སྒྱུ་མ་ལྟ་བུར་བསམ། སྔར་ཞི་ལྷག་ཟུང་སྦྱོར་ཤིན་ཏུ་བྱང་ཞིང་བརྟན་པ་ཞིག་ཡིན་ན་ཡང༌། འདི་དག་ཏུ་རླུང་སེམས་ཀྱི་བྱེད་པའི་ཤུགས་ཀྱིས་མཐོ་དམན་མང་དུ་འབྱུང་སྟེ། དེ་རྣམས་ཉིད་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་ནོ། །གཉིས་པ་ནི། སེམས་སྣང་བ་བཞིན་མཐར་ཐུག་ཡེ་ཤེས་དང༌། ལུས་རྫོགས་རིམ་གྱི་འཇའ་ལུས་ཕལ་པའི་སོ་སྐྱེའི་ཡེ་ཤེས་ཀྱི་སྐུའོ། །འདྀའི་སྐབས་ཀྱི་མས་བརྟན་ལ། གསང་བར་ལས་རླུང་སུམ་སྟོང་དྲུག་བརྒྱ་འགགས་པ་གཉིས་ཐོབ་བོ། །ལྟེ་སྙིང་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་སྤྱི་བོའི་སྟེང་གི་འཁོར་ལོ་སྟེ་ལྔ་པོ་རེ་རེར་ཡང་ས་གཉིས་གཉིས་ཐོབ་པ་སྟེ། ལས་
རླུང་སྟོང་བརྒྱད་བརྒྱ་འགགས་པའི་ས་རེ་རེའོ། །ཞེས་གོང་མ་རྣམས་དུས་འཁོར་དང་མཐུན་པ་ཞིག་བཞེད་དོ། །འདི་ཡང་རྩེ་མོ་ནས་ཆོས་མཆོག་བར་གྱི་ས་བཅུ་གཉིས་ཏེ་གོང་མ་རྣམས་ཀྱང་འཕགས་ལམ་གྱི་སར་མི་བཞེད་དེ། གསང་རིམ་ཐོབ་པའི་ཚད་བདེ་ཆེན་གྱི་མངོན་ཤེས་ཐོབ་པ་ལ་མཛད་པས་སོ། །དེ་ཉིད་དངོས་སུ་སྒྲུབ་པར་བྱེད་པའི་ལམ་ཡང་གསང་རིམ་དངོས་ཡིན་ལ། དེ་དག་གི་སྤྱོད་པ་ནི་གསང་རིམ་གྱི་ཡན་ལག་གོ །གསུམ་པ་ལ། མཐོང་ལམ་སྐྱེ་བའི་ལྔ་ལོག་ཡན་ཆད་ལམ་གྱི་གསང་རིམ་དང༌། དེ་ནས་སངས་རྒྱས་ཀྱི་བར་ནི་འབྲས་བུའི་གསང་རིམ་མམ་གཉིས་སུ་མེད་པའི་རིམ་པ་ཞེས་བྱའོ། །འོན་ཀྱང་གསང་རིམ་དངོས་ནི་སྔ་མ་ཡིན་ནོ། །ཨོ་ལ་པ་ཏི་ལས། དེ་ནི་སྔགས་རྒྱུད་དང་ཡེ་ཤེས་སྤངས་པ། སྒོ་གཉིས་འགགས་པ། འགྲོ་བ་འོང་བ་ལས་གྲོལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ། ཡུལ་རྣམས་ལས་ངེས་པར་འདས་ནས། མུན་ནག་འཐུག་པོ་ལ་ཟླ་བ་ཆུ་ཤེལ་ལྟར་འོད་གསལ་བ། རྡུལ་དང་བྲལ་བ། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཡེ་ཤེས་རང་གཞན་རིག་པ་དང་བྲལ་བ། མཆོག་ཏུ་ཞི་བ་འདོད་ཆགས་དང་བྲལ་བ། འབྲེལ་བ་མར་ལ་མར་བཞག་པ་ལྟར་མྱ་ངན་ལས་འདས་པ་བདག་མེད་པའོ། །བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཏེ། རྣམ་ཐར་སྒོ་གསུམ་
གྱི་རང་བཞིན་དང༌། རྡུལ་ཏེ་རྣམ་རྟོག་ཐམས་ཅད་དང་བྲལ་བ། རང་གཞན་རིག་པ་དང་བྲལ་བ་སྟེ་གཉིས་སྣང་ནུབ་པ་དང༌། མཆོག་ཏུ་ཞི་བ་སྟེ་གདོད་མ་ནས་སྟོང་པ་ཉིད་དུ་མཐོང་བ་དང༌། འདོད་ཆགས་རང་བཞིན་མི་དམིགས་པར་མཐོང་བས་འདོད་ཆགས་དང་བྲལ་བ་སྟེ། བདག་མེད་པའི་བྱང་ཆུབ་ཀྱི་སེམས་སྣང་བ་བཞིའི་རང་བཞིན་ཅན་རྣམས་ཀྱི་སྤྱིའི་མཚན་ཉིད་བཤད་པའོ། །རོ་རྐྱང་གི་སྒོ་གཉིས་འགགས་པ་དང༌། སྔགས་ཏེ་ཁམས་དཀར་དམར་གྱི་འགྲོས་དང༌། རྒྱུ་སྟེ་ཐ་མལ་གྱི་རྩ་དང༌། ཡེ་ཤེས་ཏེ་ཐ་མལ་ཀྱྀ་ཐིག་ལེ་སྤངས་པ། ངག་རླུང་འགྲོ་འོང་དང་བྲལ་བ། ལུས་ཕུང་པོ་རགས་པ་དང༌། ཡུལ་དུ་ཞེན་པ་དང་བྲལ་བའོ། །ཞེན་པ་ལས་འདས་པ། རླུང་སེམས་ཙམ་མམ་ཡེ་ཤེས་ལས་གྲུབ་པའི་ལྷ་སྐུའི་འོད་ཟེར་ཤིན་ཏུ་གསལ་བ། ལྷ་སྐུ་དང་ཡེ་ཤེས་ངོ་བོ་དབྱེར་མེད་དུ་སྒྲུབ་པའི་ཕྱིར། ཉམས་སུ་ལེན་པ་ཞེས་སྐུ་སྣང་ཕྱོགས་ཀྱི་མཚན་ཉིད་གསུངས་སོ། །དེ་སྒྲུབ་བྱེད་ཀྱི་ཐབས་ཀྱང༌། ཨོ་ལ་པ་ཏི་ལས། རྡོ་རྗཻ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་བཙུན་མོ་ནི་མ་ལ་སོགས་པའི་གཟུགས་སུ་གནས་པའོ། །དེའི་བྷ་ག་དེ་ལ་ཞེས་བྱ་བའི་དོན་ནོ། །ཨེ་ཡིག་ཆ་བྱད་བཟང་པོ་གང༌། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །ཞེས་སོགས་དངོས་བསྟན་ལས་ཀྱི་ཕྱག་
རྒྱས་འདྲེན་ཚུལ་ཁོ་ན་གསུངས་ལ། ཤུགས་ལ་གཞན་རྣམས་འཕངས་སོ། །གསང་བའི་དེ་ཉིད་ལས་ཀྱང་རྒྱས་པར་གསུངས་སོ། །སྐབས་འདིར་དུས་གཉིས་ཞེས་བྱ་བའི་ཐ་སྙད་ཡོད་པ། འགོག་པའི་དུས་དང་དཔྱིད་ཀྱི་དུས་ཏེ། དང་པོ་ནི། རིམ་པ་གོང་མ་གསུམ་ལ་རླུང་དབུ་མར་འགགས་ཤིང་ཐིམ་པ་དང༌། འདིར་ཕུང་ཁམས་སྐྱེ་མཆེད་རྣམས་དཔེའམ་དོན་གྱི་འོད་གསལ་ཐིམ་པའི་སྐབས་སོ། །གཉིས་པ་ནི། དང་པོ་གསུམ་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་ཞི་བའི་བདེ་བ་དང༌། ཁྱད་པར་ཡེ་ཤེས་ཀྱི་རིམ་པའི་སྐབས། ཤེས་རབ་ཐབས་ཀྱི་གསང་བའི་སྣ་རྩེ་གཉིས་སུ་ཀུནྡའི་རྒྱུན་འོང་བ་སྟེ། འདིར་ནི་རླུང་སེམས་ཀྱི་སྐུ་འགྲུབ་ནས་བདེ་བ་ཆེན་པོ་རོལ་པའོ། །ཡང་དུས་བཟང་དང་དུས་ངན་དང་བསམ་གྱི་མི་ཁྱབ་པའི་དུས་གསུམ་དུ་བཤད་དེ། འདི་ནི་དབུགས་འགྲོ་འོང་གནས་གསུམ་ལ་ཡང་འཇོག་ལ། གོང་གི་དཔྱིད་ཀྱི་དུས་དང༌། འགོག་པའི་དུས་དང་། དེའི་བདེ་བ་ལས་བསམ་མི་ཁྱབ་པའི་ཡེ་ཤེས་ཐོབ་པ་རྣམས་རིམ་པ་བཞིན་དུ་སྦྱར་རོ། །འབྲས་བུ་ནི་གནས་སྐབས་ཀྱི་སྐུ་དང༌། ཡེ་ཤེས་ནི་འོད་གསལ་ཆོས་སྐུ་དང༌། སྤྲུལ་པས་སེམས་ཅན་གི་དོན་བྱེད་པ་སྤྲུལ་སྐུའོ། །ཡེ་ཤེས། ནི་དམར་ཆའི་སྣང་བ་ནོར་བུར་བརྟན་པ་མཉམ་ཉིད་ཡེ་ཤེས། དཀར་ཆ་གཙུག་ཏོར་དུ་བརྟན་པ་མེ་ལོང་ཡེ་ཤེས་
གོང་གི་སྐུ་གསུམ་ངོ་བོ་གཅིག་པ་སོར་རྟོག་ཡེ་ཤེས། སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཅན་ནི་བྱ་སྒྲུབ་ཡེ་ཤེས། དབྱིངས་རང་བཞིན་སྟོང་པར་མཐོང་བ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། འདི་ནི་སློབ་པའི་ཟུང་འཇུག་ཡིན་ནོ། །མཐར་ཐུག་གི་འབྲས་བུ་ནི། དེ་ཐོབ་ནས་སྤྱོད་པ་སྤྱད་པས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སའི་སྐུ་གསུམ་འགྲུབ་པར་འགྱུར་ཏེ། །གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། ཐོག་མ་ཐ་མ་ལ་སོགས་རབ་ཏུ་དབྱེ་བ་སྤངས་ཤིང་དཔེ་མེད་ཀུན་འགྲོ་ནམ་མཁའི་དངོས་ཞེས་ཆོས་སྐུ་སྟེ། ཞེས་ཀུན་འགྲོས་ཁྱབ་པ་དང་གཞན་རྣམས་ཀྱིས་རྟག་པ་བསྟན་ནོ། །བསོད་ནམས་ཡེ་ཤེས་བདག་ཉིད་སྦྱོར་བ་གཉིས་ཀས་རྣམ་སྤྲས་རང་གི་རང་བཞིན་ཤར་གང་ཡིན། ཞེས་ལོངས་སྐུ་སྟེ། བསོད་ནམས་ཀྱིས་གཞན་སྣང་དང༌། རང་གི་སོགས་ཀྱིས་སངས་རྒྱས་རང་སྣང་ངོ༌། །རྒྱལ་བ་ཁྱུ་མཆོག་སྐུ་རྣམ་གསུམ་པོ་དེ་ལ་བཏུད་ནས་གསང་བའི་དེ་ཉིད་རབ་གསལ་བ། ཞེས་པའི་རྒྱལ་བ་ཁྱུ་མཆོག་ནི་སྤྲུལ་སྐུའོ། །དེ་རྣམས་ཀྱི་རང་བཞིན་གོང་དུ་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ནི། ཕྲ་རགས་སོགས་ཏེ། ཁམས་ཕྲ་རགས་དབུ་མར་ཐིམ་པས། རླུང་སེམས་ཀྱི་སྐུ་འགྲུབ་ཅིང༌། དེ་ནས་ལུས་ཀྱི་ཆོས་རླུང་དང་ཐིག་ལེ་ཕྲ་མོའི་འགྲོས་རྣམས་དང༌། སེམས་ཀྱི་
ཆོས་གཉིས་སྣང་རང་བཞིན་བརྒྱད་ཅུ་སྟོང་པར་ཐིམ། སེམས་གསུམ་ཡང་ཐིམ་རིམ་གྱི་འོད་གསལ་དུ་ཐིམ་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་སྣང་སྟོང་བདེ་ཆེན་ལྷན་ཅིག་སྐྱེས་པའི་སྐུ་འབྲས་བུའི་གསང་རིམ་ཐོབ་པར་གྱུར་ཅིག་ཅེས་པའོ། །རིམ་པ་བཞི་པོ་དེ་རྣམས་ཀྱི་མངོན་རྟོགས་བསྡུས་པ་ནི་འདི་ལྟར་བཤད་ཀྱང་རུང་སྟེ། རིམ་བཞི་སོ་སོའི་ངོ་བོ། སྒྲ་དོན། ས་མཚམས་དམིགས་པ། ཉམས་རྟགས་ཞེས་སྦྱར་ན་རུང་བ་ལ་གཞན་རྣམས་ནི་བཤད་ཟིན་ཞིང༌། དམིགས་པ་གེགས་སེལ་བོགས་འབྱིན་པ་དང་བཅས་པ་ནི་མན་ངག་ཏུ་ཤེས་པར་བྱ་ཞིང༌། སྒྲ་དོན་ནི་རྒྱུད་ནི་རྩ་གསུམ་འཁོར་ལོ་བཞི་ཡི་གེ་དང་བཅས་པ་ཡིན་ལ། སྔགས་ནི་ལྟེ་བའི་གཏུམ་མོ། །ཡེ་ཤེས་ནི་ཐིག་ལེ་བརྟན་བྱེད་ཀྱི་དགའ་བཞི། གསང་བ་ནི་རླུང་སེམས་འོད་གསལ་དུ་འཇུག་པ། རིམ་པ་ནི་དེ་དག་སྒོམ་པའི་རིམ་པའོ། །གཉིས་པ་འབྲས་བུ་འགྲུབ་ཚུལ་ལ། ལམ་བགྲོད་ཡུལ་སྤྱིར་བཤད་པ་དང༌། སའི་བགྲོད་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། བཞི་ཚན་དུ་སྦྱར་བའི་ལས་འབྲས་དང༌། གསུམ་ཚན་དུ་སྦྱར་བའི་ལམ་འབྲས་སོ། །དང་པོ་ནི་དགའ་བ་སོགས་ཏེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དགའ་བཞིའི་རིམ་པས་ཐིག་ལེའི་མཆོག་བཞི་པོ་བསྒོམས་པས། དེའི་སྟེང་གི་སྒྲིབ་བཞི་དག་ནས་སྐུ་བཞི་མངོན་དུ་འགྱུར་ཞེས་པ་སྟེ། དེ་ལ་ཐིག་ལེ་
བཞི་ལུས་ཀྱི་ཐིག་ལེ་ནི། རགས་པ་ཁུ་བའི་ཁམས་དང༌། ངག་གི་ཐིག་ལེ་ནི་བར་མའི་ཁུ་བའི་ཁམས་དང༌། ཡིད་ཀྱི་ཐིག་ལེ་ནི་མུན་པའི་ཁམས་དང༌། ཡེ་ཤེས་ཀྱི་ཐིག་ལེ་ནི། དེ་རྣམས་ཀྱི་འཛག་བཅས་ཀྱི་སེམས་སོ། །སྒྲིབ་པ་ལ་ནི་གནས་སྐབས་བཞིའི་སྒྲིབ་པ་སྟེ། འཁྲུལ་པ་རགས་པའི་སྣང་བ་ནི་སད་དུས་དང༌། རླུང་སེམས་ཙམ་གྱི་འཁྲུལ་པ་ནི་རྨི་ལམ་དང༌། འཁྲུལ་སྣང་གི་རྒྱུ་རྨོངས་པ་ནི་གཉིད་འཐུགཐིག་ལེ་འགྱུར་བཅས་ལ་ཆགས་པ་ནི་བཞི་པའི་གནས་སྐབས་ཞེས་བཏགས་ཏེ། འགྲོ་བ་ཐམས་ཅད་རྟག་ཏུ་འཁྲུལ་པ་བཞི་པོ་འདི་ལ་སྤྱོད་པ་ཡིན་མོད་ཀྱང༌། གནས་སྐབས་དེ་དག་ཏུ་བག་ཆགས་འཇོག་ཚབ་ཆེ་བས་དེ་ལྟར་བརྟགས་པ་ཡིན་ནོ། །དེ་ན་དགའ་བའི་ཡེ་ཤེས་ཀྱིས་ལུས་ཀྱི་ཐིག་ལེ་སྨིན་མཚམས་དང་ལྟེ་བ་བརྟན་པར་བྱས་པས་སད་དུས་ཀྱི་སྒྲིབ་པ་སྦྱོང་ཞིང༌། སྤྲུལ་སྐུ་མངོན་དུ་བྱེད། མཆོག་དགས་ངག་གི་ཐིག་ལེ་མགྲིན་པ་དང་གསང་བར་བཅིངས་པས་རྨི་ལམ་གྱི་གནས་སྐབས་དག་སྟེ་ལོངས་སྐུ་མངོན་དུ་བྱེད། ཁྱད་དགས་ཡིད་ཀྱི་ཐིག་ལེ་སྙིང་ག་དང་ནོར་བུར་བཅིངས་པས་གཉིད་འཐུག་གི་གནས་སྐབས་དག་སྟེ། ཆོས་སྐུ་མངོན་དུ་བྱེད། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ་ལྟེ་བ་དང་རྩ་ཁ་སྦྱོར་གྱི་གནས་སུ་བཅིངས་པས་བཞི་པའི་གནས་སྐབས་འགག་ཅིང༌། བདེ་ཆེན་གྱི་སྐུ་མངོན་དུ་བྱེད་དོ། །
གཉིས་པ་ནི། བསྒོམ་བྱ་བདེན་པ་གཉིས་དང་ཟུང་འཇུག་སྟེ་གསུམ་མོ། །སྒོམ་ཚུལ་རྣལ་འབྱོར་གསུམ་གྱི་རིམ་པས་བསྒོམ་པའི་ཡེ་ཤེས་བོགས་འབྱིན་སྤྱོད་པ་གསུམ་གྱིས་མཐར་ཕྱུང་བས། བདག་ཉིད་གང་ཟག་གསུམ་དུ་ན་འཕོས་ཤིང༌། མཐར་འབྲས་བུ་སྐུ་གསུམ་མངོན་དུ་གྱུར་ཞེས་པའི་སྟོན་པ་ནི་བདེན་གཉིས་སོགས་སོ། །ཀུན་རྫོབ་བདེན་པ་ནི་སྣང་ཕྱོགས་དང་དོན་དམ་བདེན་པ་ནི་སྟོང་ཕྱོགས་དང༌། ཟུང་འཇུག་ནི་ཟུང་འཇུག་གི་རིམ་པ་སྟེ། དེ་རྣམས་དངོས་བརྒྱུད་ཀྱི་ལམ་དང་བཅས་པའི་བསྐྱེད་རྫོགས་ཐམས་ཅད་དེ། སྒོམ་ཚུལ་རྣལ་འབྱོར་གསུམ་ནི། རྣམ་སྣང་སྒྱུ་དྲ་སོགས་རྒྱུད་མང་པོ་ལས་གསུངས་པ་དང༌། གྲུབ་ཆེན་གྱི་བསྟན་བཅོས་མང་པོ་ཡང་དྲངས་ཏེ། ཇི་སྐད་དུ། རྣལ་འབྱོར་གསུམ་དུ་ཤེས་བྱ་སྟེ། བྱིན་གྱིས་རླབས་དང་ཡོངས་རྟགས་དང༌། །བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་གསུངས་ཏེ། རྣལ་འབྱོར་གསུམ་གྱི་རང་བཞིན། བཅོས་མ་བཅོས་ཀྱི་རྣམ་དབྱེ། དེ་ཉིད་བསྟན་ཚུལ་གྱི་མཐའ་བཅད་པ་སྟེ་གསུམ་ལས། དང་པོ་ནི། རྣམ་རྟཽག་སྒོམ་པའི་རྣལ་འབྱོར་རྣམས་རབ་རྟགས་སམ། ཡོངས་རྟགས་ཀྱི་རྣལ་འབྱོར། དེ་གོམས་པའི་མཐུ་ལས་ཕྱིས་རྣམ་རྟོག་མེད་ཀྱང་གསལ་བར་སྣང་བ་ནི་བྱིན་གྱི་རླབས་པའི་རྣལ་འབྱོར། རང་བཞིན་བརྗོད་བྲལ་ལས་སེམས་གཡོ་བ་
མེད་པ་བཞིན་དུ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ལམ་གྱི་ཆོས་སྣ་ཚོགས་པར་སྣང་བ་བསམ་མི་ཁྱབ་ཀྱི་རྣམ་འབྱོར་ཏེ། སྟོང་པ་དང་ལྷའི་རྣམ་པ་དང་རྩ་རླུང་ཐིག་ལེ་ཐམས་ཅད་ལ་གསུམ་པོ་འདིའི་དབྱེ་བ་འབྱུང་ལ། ཁ་ཅིག་ལྷ་སྐུའི་རྣལ་འབྱོར་ཁོ་ན་ལ་འདོད་པ་མི་འཐད་དེ། ལྷའི་རྣལ་འབྱོར་གྱི་དབྱེ་བ་མ་ཡིན། རྣལ་འབྱོར་སྤྱིའི་དབྱེ་བ་ཡིན་པས་སོ། །གཉིས་པ་ནི་བྱིན་རླབས་དང་ཡོངས་རྟགས་གཉིས་བཅོས་མ་དང༌། བསམ་མི་ཁྱབ་མ་བཅོས་པའོ། །སྤྱིར་རྫོགས་རིམ་ཐམས་ཅད་ལ་ཡང་མ་བཅོས་པའི་ཐ་སྙད་འཇུག་མོད་ཀྱང༌། རྣལ་འབྱོར་གསུམ་གྱི་རིམ་པའི་ཟླས་བྱེད་པའི་རིམ་པ་ནི་འདིའོ། །གསུམ་པ་ནི། རྒྱུད་མང་པོ་ལས་དབྱངས་གཅིག་གིས་གསུངས་པ་དཔྱིད་ཀྱི་ཐིག་ལེར་དྲངས་པ། ཇི་ལྟར་ཕ་རོལ་དོན་གཉེར་དགའ། །གཟིངས་ལ་ལེགས་པར་སྦྱོར་གྱུར་པ། །ཕ་རོལ་སོན་ནས་འདོར་བར་འགྱུར། །རབ་ཏུ་དབྱེ་བའང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ཞིག །བཅོས་མ་སེམས་པར་བྱེད་པ་དག །ཐམས་ཅད་ལེགས་ཏེ་མི་ལེགས་མིན། །ཞེས་སོགས་གསུངས་པ་བཞིན་ཏེ་མ་བཅོས་པའི་སྣོད་དུ་གྱུར་པ་རྣམས་ལ་བཅོས་མའི་རྣལ་འབྱོར་བསྟན་ཏེ། ནམ་ཞིག་དེ་ལ་བརྟེན་ཏེ་མ་བཅོས་པ་སྒོམ་ཐུབ་པའི་ཚེ། བཅོས་མ་བོར་བར་བྱ་སྟེ་དེ་ལ་འབད་པས་ལུས་སེམས་ངལ་བར་འགྱུར་བ་དང༌། ངལ་བ་དེས་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་སྒྲུབ་པ་ལ་གནོད་པའི་ཕྱིར་རོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། བྱ་བའི་ལས་ནི་དཀྱིལ་འཁོར་དང༌། བྱ་བའི་ལས་ནི་གཏོར་མ་དང༌། །བྱ་བའི་ལས་ནི་སྦྱིན་སྲེག་དང༌། །བྱ་བའི་ལས་ནི་བགྲང་ཕྲེང་དང༌། །བྱ་བའི་ལས་ནི་སྐྱིལ་ཀྲུང་སོགས། །ངལ་བྱེད་པས་ནི་ཅི་ཞིག་བྱ། །དང་པོ་པ་རྣམས་འདྲིད་བྱེད་པའོ། །དངོས་པོའི་དེ་ཉིད་རྟོགས་བྱས་ནས། །རྟོག་བཅས་ཆོས་རྣམས་སྤངས་བྱས་ལ། །བྱང་ཆུབ་བདེ་བ་ཐོབ་པའོ། །དེ་ཕྱིར་རྣམ་རྟོག་རྣམ་སྤངས་པ། །ཟབ་གསལ་གཉིས་མེད་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པའི་གསུང་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །ཞེས་གསུངས་སོ། །དབང་པོ་རྣོན་པོར་གྱུར་པ་ལས་དང་པོ་པ་ལ་ཡང་མ་བཅོས་པའི་རྣལ་འབྱོར་ཉིད་ནས་ཞུགས་པའི་ཆོག་པ་ཡང་ཡོད་དོ། །ལུང་འདི་ནི་རྣམ་སྣང་སྒྱུ་དྲ་དང༌། རྡོ་རྗེ་སྙིང་པོ་རྒྱན་དང༌། སཾ་པུ་ཊི་སོགས་མང་པོར་དགོངས་པ་གཅིག་དང་གསུངས་གཅིག་གིས་གསུངས་པ་ལུང་དྲངས་པ་སྟེ། སངས་རྒྱས་ཀྱིས་གསུངས་པའི་གསང་སྔགས་ཀྱི་ལམ་ལ་རྣམ་རྟོག་ལྷུར་ལེན་པར་མ་བྱེད་ཅིག །ཅེས་གསུངས་པ་ཡང་བསམ་པར་བྱའོ། །གང་ཟག་གསུམ་ནི། ཏིང་ངེ་འཛིན་ཅུང་ཟད་ཐོབ་ནས་ནུས་པ་མ་རྙེད་བར་དུ་ལས་དང་པོ་པ་དང༌། ནུས་པ་ཐོབ་ནས་དངོས་གྲུབ་མ་ཐོབ་པར་ནི་རྣལ་འབྱོར་པ་དང༌། མཆོག་
གམ་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐོབ་ནས་ནི་གྲུབ་པའོ། །གྲུབ་པ་དེ་ཡང་གཉིས་ཏེ་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པ་གཉིས་སོ། །མཆོག་གི་དངོས་གྲུབ་ཀྱང༌། མ་དག་ས་བདུན་གྱི་སྐབས་ཆུང་ངུ་དང༌། སངས་རྒྱས་ཀྱི་ས་ཆེན་པོའོ། ཁ་ཅིག་སངས་རྒྱས་ལ་གྲུབ་པའི་ཐ་སྙད་འཇུག་རུང་ཡིན་དུ་ཆུག་ཀྱང༌། དེ་བཤད་པ་མེད་ཅེས་ཟེར་བ་ནི། དངོས་གྲུབ་དང་གྲུབ་པ་གཉིས་མིང་དོན་གཉིས་ཆར་གཅིག་པ་མ་ཤེས་པའི་བབ་ཅོལ་ལོ། །གཉིས་པ་ལ། སོ་སྐྱེའི་ས་བཅུ་གཉིས་དང༌། འཕགས་ལམ་གྱི་ས་བཅུ་གཉིས་ལས། དང་པོ་ནི། སུམ་ཅུ་བདུན་པའི་སོགས་ཏེ་རྩ་སུམ་ཅུ་རྩ་བདུན་ཁམས་དང་རླུང་དུ་བཅས་པ་རགས་པ་རྣམས་སྦྱོར་ལམ་དྲོད་ཀྱི་དུས་སུ་ཐིམ་པས། དེ་ཉིད་ཀྱི་ས་བཅུ་གཉིས་དང༌། རྩེ་མོ་ནས་ཆོས་མཆོག་གི་བར་རླུང་ཕྲ་བ་རྣམས་འགགས་པ་ལ། སྔ་མ་བཞིན་དུ་ས་བཅུ་གཉིས་སུ་འཇོག་སྟེ། འདི་ལ་རྩ་ཁམས་རླུང་རྣམས་རྩ་བ་ནས་ཐིམ་པ་ཞེས་མི་བྱ་སྟེ། ཐོག་མར་ནུས་པ་བཞག་སྟེ་དངོས་སུ་རྩ་བ་ནས་ཐིམ་པ་ནི་མཐོང་ལམ་གྱི་སྐབས་ཡིན་ནོ། །འདི་ནི་རྩ་རླུང་ཐིག་ལེ་རང་མཚན་པ་ཕྱིན་ཆད་མི་འབྱུང་བར་གཏན་ནས་ཐིམ་པ་ཡིན་ཏེ། དེར་ཡེ་ཤེས་ཀྱི་སྐུ་དངོས་སུ་འགྲུབ་པའི་ཕྱིར་རོ། །དེས་མོས་སྤྱོད་ཀྱི་ས་རྣམས་ཡོངས་སུ་རྫོགས་ཏེ་མཐོང་བའི་ལམ་ཐོབ་པར་འགྱུར་བས། མོས་སྤྱོད་ཀྱི་ས་ལ་ལྟོས་ནས་བཞག་པ་སྟེ། མཐོང་
བའི་ལམ་ལ་རྡོ་རྗེ་འཛིན་པའི་ས་ཞེས་མིང་འདོགས་སོ། །གཉིས་པ་ནི། ཉི་ཤུ་རྩ་བཞི་སོགས་ཏེ། ཞིང་ཉི་ཤུ་རྩ་བཞིར་བགྲོད་ནས། དེ་དག་གི་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ལ་བརྟེན་ནས་རྩ་ཁམས་དག་ཅིང་ཡེ་ཤེས་ཁྱད་པར་ཅན་གོང་འཕེལ་དུ་བསྐྱེད་ཅེས་པ་ནི། སྦྱོར་ལམ་གྱི་སྤྱོད་པ་དང་འདི་གཉིས་ཆར་དུ་ཡིན་ལ། འོན་ཀྱང་དོན་ནི་ཅུང་ཟད་མི་འདྲ་སྟེ། སྔ་མར་ནི་འཛམ་བུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི་སོགས་སུ་དངོས་སུ་བགྲོད་པས། ཞིང་སྐྱེས་མའི་འདུ་བ་ཁྱད་པར་ཅན་ཐོབ་ནས་རྩ་ཁམས་དངོས་རྣམས་ཐིམ་པ་ཡིན་ལ། འདིར་ནི་རྫུ་འཕྲུལ་གྱི་སྐད་ཅིག་གཅིག་ལ་ཡང་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་ཞིང་རྣམས་སུ་སོང་སྟེ། ས་བཅུ་གཉིས་ལ་གནས་པའི་ལྷན་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ཐོབ་པས་རྩ་ཁམས་དངོས་མེད་ཀྱང་གཉིས་སྣང་ཕྲ་མོ་བསྐྱེད་པ། ཡེ་ཤེས་ཀྱི་རང་སྣང་ཙམ་གྱི་རྩ་ཁམས་དག་ཡོད་པས། དེ་དག་རིམ་པས་དབྱིངས་སུ་ཐིམ་པས་ཟུང་འཇུག་བདེ་སྟོང་གི་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་ནི་ས་སྟེ། སྤྱིར་སྐད་ཅིག་རེ་རེར་ཡང་ཡོན་ཏན་གོང་འཕེལ་ཡོད་མོད་དེ་དག་གི་ནུས་པ་བསགས་པས། སྐད་ཅིག་གཅིག་ཁོ་ནར་ཆེས་ཁྱད་པར་དུ་གྱུར་པ་རེ་ཐོབ་པ་ལ་ས་རེ་ཐོབ་པར་བཏགས་པ་སྟེ། ཡེ་ཤེས་ཀྱི་སྐུའི་རིག་པ་འཛིན་པ་རྣམས་ཀྱི་སྤྱོད་པ་སྤྱོད་ཚུལ་རྣམས་ནི། སོ་སོ་སྐྱེ་བོ་རྣམས་ཀྱིས་ངོ་མི་ཤེས་པས་བཤད་ཀྱང་བློར་ཤོང་དཀའ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསང་བ་
འདུས་པ་ལས། རི་རབ་སུམ་ཅུ་རྩ་དྲུག་ནི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡིས། །དེ་སྙེད་ཀྱི་ནི་བུ་མེད་དག །ཡོན་ཏན་ཅན་དེའི་གནས་སུ་འགྱུར། །དྲག་པོ་དག་གིས་ཕྱག་བྱས་ལ། ཁམས་གསུམ་རྡོ་རྗེ་ཆེན་པོར་འགྱུར། །ཞེས་སོགས་གསུངས་ཏེ། སྐད་ཅིག་སྐད་ཅིག་ལ་རི་རབ་སོ་དྲུག་གི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་ཞིང་ཁམས་སུ་ཕོ་ཉ་མོའི་འདུ་བ་ཐོབ་པས། བདེ་བའི་ཡེ་ཤེས་ཀྱང་དེ་ཙམ་གྱིས་འཕེལ། དེ་འཕེལ་བས་སྟོང་པ་ཉིད་རྟོགས་ཚུལ་དང༌། མངོན་ཤེས་དང་རྫུ་འཕྲུལ་ཡང་འགྱུར་ཏེ། དེ་སྙེད་ཅིག་ལྷག་པོར་འགྱུར་ཏེ། དེ་འདྲས་སེམས་ཅན་གྱི་དོན་སྤྱོད་པས་ཡུད་ཙམ་གྱིས་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པར་བྱེད་དོ། །འདིར་ཁ་ཅིག་འདི་ལྟར་སེམས་ཏེ། གྲངས་དེ་ལྟར་གསུངས་པ་སོགས་དངོས་སུ་མེད་ཀྱང༌། །ཕུལ་བྱུང་རབ་ཏུ་བརྗོད་པ་ཡིན་སྙམ་དུ་སེམས་པ་དང༌། བོད་ཕྱི་མ་རྣམས། དེ་བསྐྱེད་རིམ་གྱི་འབྲས་བུར་འདོད་ལ། ཡང་ཕར་ཕྱིན་ལམ་པའི་བྱང་སེམས་ཀྱིས་དངོས་སུ་སེམས་ཅན་སྨིན་པར་བྱེད་པ་ཙམ་སྔགས་པས་མི་བྱེད་པར་འདུག་པས། བདེ་བས་སྦྱིན་སོགས་བསོད་ནམས་ཀྱི་དོད་ཐུབ་ཅེས་ཟེར་བར་སྣང་སྟེ། ཡོངས་དེ་ལྟར་སྣང་མོད་འོན་ཀྱང་ཞེ་འདོད་དེ་ཤིན་ཏུ་འཁྲུལ་ཏེ། མིའི་ཚེ་ཅིག་ལ་མ་ཤི་གོང་དུ་སངས་རྒྱས་པ་གཅིག་ཡོང་དགོས་པ་དེ་དངོས་གནས་ལ། མདོའི་ལམ་པས་སེམས་ཅན་
སྨིན་པར་བྱེད་པ་ཙམ་མི་བྱེད་པར་འདུག་པས། འོན་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པ་ཞིག་ནི་དགོས་པས་སོ་སྙམ་པའོ། །དེ་ལྟར་མི་བསམ་སྟེ། དེ་འདྲའི་གང་ཟག་དེས་རྫུ་འཕྲུལ་རྒྱ་ཆེན་པོ་མ་ཐོབ་བར་དུ་ཐབས་མཁས་མང་པོ་གཞན་དམིགས་པ་སྔགས་བཟླས་སོགས་ཀྱིས་བསོད་ནམས་གསོག་པའི་ཐབས་བྱེད་དགོས་མོད། གང་བདེ་ཆེན་གྱི་ཡེ་ཤེས་ཀྱི་རྫུ་འཕྲུལ་ཐོབ་པ་རྣམས་ལ་སྤྱིར་ཐབས་མཁས་ཀྱི་ཁྱད་པར་རེ་རེས་ཚོགས་མང་པོ་རྫོགས་ཚུལ་མདོ་ལས་ཆེས་ལྷག་པ་མང་དུ་ཡོད་མོད། མདོའི་ལམ་པ་རྣམས་ཀྱིས་ཇི་ལྟར་སྤྱོད་པ་ལྟར་སྤྱོད་མི་ཐུབ་པ་ནི་མ་ཡིན་ཏེ། མདོའི་ལམ་པས་བསྐལ་པ་བརྒྱ་སྟོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དགོས་པ་རྣམས། ལམ་འདི་ལ་ཞུགས་པ་རྣམས་ཆེས་རྫུ་འཕྲུལ་དང་མངོན་ཤེས་བཟང་བས་ཉིན་ཞག་རེ་རེར་སྤྱོད་ནུས་པ་ཡིན་པར་རིག་གོ །བསྐྱེད་རིམ་གྱི་འབྲས་བུ་ཡིན་ཞཻས་པ་ཡང་ཡིན་མོད། བསྐྱེད་རིམ་རྐྱང་པས་ཐོབ་པ་ནི་མ་ཡིན་ཏེ། བསྐྱེད་རིམ་ཉིད་ཀྱི་ནུས་པ་མཐར་ཕྱུང་བའི་ཤིན་ཏུ་ཕྲ་བའི་སྤྲོ་བསྡུ་སོགས་ཀྱང་ནུས་པ་ཅིག་གིས་སྤྱོད་པ་སྤྱད་པས་དེ་འགྲུབ་པ་ཡིན་ལ། དེ་ལ་ནི་བསྐྱེད་རིམ་གྱི་ལམ་རྫོགས་པ་དང༌། རྫོགས་རིམ་པའི་རྟོགས་པ་བཟང་པོ་ཡོད་པ་གཉིས་ཚོགས་པ་གཅིག་དགོས་ཏེ། ཡེ་ཤེས་ལ་ཆེས་དབང་བའི་སྐབས་ཡིན་པས་སོ། །འདིར་སྨྲས་པ། བདེ་བ་མཆོག་གིས་སྒྲུབ་པའི་མངོན་ཤེས་ལྔས། །བྱེད་པ་
ལྷག་པོ་མེད་ན་དེ་དེ་ཡི། །ལས་ལ་ཕ་རོལ་ཕྱིན་ལས་ལྷག་ཅེས་པའང༌། །ཚིག་ཙམ་སྐྱབས་སུ་སོང་བ་མ་ཡིན་ནམ། སྤྲུལ་པས་ཕྱག་རྒྱ་བསྟེན་ལ་བདེན་མེད་སྙམ། འདི་ཡང་བླུན་པོའི་རྒྱས་བཀའ་ཁོ་ན་ཏེ། གཞན་འཕྲུལ་དབང་བྱེད་བདག་དང་དབང་པོ་དང༌། །སྒྲ་གཅན་ཐག་བཟང་རིས་ལ་སོགས་པས་མཚོན། །ལྷ་མོ་དགུ་བཅུ་ཅིག་ཅར་དབང་པོ་ཡིས། །སྤྲུལ་པས་སྤྱོད་ཕྱིར་བདེ་བ་ལྷག་ཅེས་གསུངས། །འཁོར་བ་རྫུ་འཕྲུལ་ལྡན་པའང་དེ་འདྲ་ན། །རྣལ་འབྱོར་མཆོག་ཐོབ་རྣམས་ལ་ལྟ་ཅི་སྨོས། །དེས་ན་སོ་སོའི་སྐྱེ་བོའི་དབང་ཡིད་ཀྱི་མངོན་སུམ་གྱིས་འཕགས་པའི་སྤྱོད་པ་དེ་ལ་ཚད་གཞན་ན་ཉམས་པར་འགྱུར་ཏ་རེ། གསུམ་པ་འབྲས་བུ་འགྲུབ་བྱེད་སྤྱོད་པའི་རྣམ་གཞག་ལ། སྤྱི་དོན་དང༌། གཞུང་དོན་གཉིས་ལས། དང་པོ་ལ། རྒྱུད་སོ་སོ་ནས་གསུངས་པའི་སྤྱོད་པའི་རྣམ་གྲངས་དང༌། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཀྱི། དང་པོ་རྒྱུད་ནས་གསུང་ཚུལ་ནི། གསང་བ་འདུས་པ་ལས། སྤྱོད་པ་གསུམ་གྱི་སྒོམ་བསམ་མང་པོ་དང༌། ཚོགས་སྤྱོད་མདོར་བསྡུས་ཙམ་གསུངས། བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ལས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། སངས་རྒྱས་མཉམ་སྦྱོར་ལས་སྤྲོས་བཅས་ཀྱི་ཚོགས་སྤྱོད་རྒྱས་པ་དང༌། འཁོར་ལོ་བདེ་མཆོག་
རྩ་རྒྱུད་ལེའུ་ཉེར་བདུན་པ་སོགས་གསུམ་དང༌། སོ་བརྒྱད་པ་དང༌། སཾ་པུ་ཊི་བརྟག་པ་ལྔ་པའི་རབ་བྱེད་ཕྱི་མ་གཉིས་དང༌། སྡོམ་འབྱུང་ལེའུ་ཉེར་གཅིག་པ་དང༌། ཀྱཻ་རྡོ་རྗེའི་བརྟག་པ་དང་པོའི་དྲུག་པ་དང༌། གཉིས་པའི་གཉིས་པ་སྟེ། རྒྱུད་བཞི་པོ་དེ་དག་ཏུ་ཤིན་ཏུ་རྒྱས་པར་འབྱུང༌། བདེན་བཞིའི་བཤད་རྒྱུད་མནྡ་ཨཾ་པའི། བརྟུལ་ཞུགས་སྤྱོད་པའི་ལེའུར་ཡང༌། སྤྲོས་མེད་གཙོ་བོར་མཛད་ནས་རྒྱས་པར་གསུངས། གཞན་ཡང་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནས་ཕྱོགས་རེ་ཙམ་གསུངས་ཏེ། དེ་དག་སྤྱོད་བསྡུས་སྒྲོན་མེ་ལ་མ་བརྟེན་ན། སྤྱོད་པའི་རྣམ་གཞག་མི་ཤེས་ཞེས་སྨྲ་བ་ནི། རང་གིས་སྤྱོད་པའི་རྣམ་གཞག་ཞིབ་མོའི་གནད་མ་ལོངས་པས་སྤྱོད་བསྡུས་ནས་འབྱུང་བ་ལྟ་བུའི་ཚོགས་སྤྱཽད་གཞན་ནས་ཧ་ཅང་མི་གསལ་བས་མཉམ་སྦྱོར་མ་ཡིན་པའི་རྒྱུད་རྣམས་ན་སྤྱོད་པ་ཡོངས་སུ་རྫོགས་པ་མ་བྱུང་ངོ་སྙམ་པ་སྟེ། དངོས་གནས་ལ་ནི་དེ་ཕྱིན་ཅི་ལོག་སྟེ། བདེ་དགྱེས་ཀྱི་རྒྱུད་སྡེ་རྣམས་ལས་སྤྱོད་པ་ཐམས་ཅད་ཀྱང་བཤད་ལ། སྤྱོད་བསྡུས་ལས་ནི་སྤྲོས་བཅས་སྤྲོས་མེད་ཚོགས་སྤྱོད་མ་ཡིན་པ་གཞན་མ་གསུངས་པའོ། །གཞན་ཡང་བདེ་དགྱེས་ཀྱི་རྒྱུད་དུ་ཚོགས་སྤྱོད་ཀྱི་ཆོ་ག་རྒྱས་པོ་མ་བྱུང་བས། སྤྱོད་པའི་རྣམ་གཞག་རྫོགས་པར་མ་བྱུང་བར་འགྲོ་ན། སྤྱོད་བསྡུས་ནས་གསང་བའི་སྤྱོད་པ་དང༌། ཡུལ་ཆེན་རྣམས་སུ་རྒྱུ་བའི་སྤྱོད་པ་དང༌། ཀུན་འདར་ཀུན་བཟང་སོགས་ཀྱི་དོན་ལྟ་ཅི་སྨོས། མིང་
ཙམ་ཡང་མ་བཤད་པས། སྤྱོད་པའི་རྣམ་གཞག་རྫོགས་པར་ག་ལ་འགྲོ། དེས་ན་རང་གང་ལ་གཙོ་བོར་བྱེད་ཅིང་ཅུང་ཟད་སྦྱངས་པའི་བསྟན་བཅོས་གཅིག་ལ་བསྔགས་བརྗོད་བྱེད་འདོད་ནས། རྡོ་རྗེ་འཆང་གིས་དངོས་སུ་ཞལ་ནས་གསུངས་པའི་རྒྱུད་ལ་བསྐུར་བ་མ་འདེབས་ཤིགཁོ་བོ་ཅག་ནི་སྤྱོད་པའི་རྣམ་གཞག་འཆད་པ་ལ༌། སྤྱོད་བསྡུས་དང་གསང་བ་གྲུབ་པ་སོགས་ཤིན་ཏུ་གལ་ཆེ་བར་སྨྲ་མོད། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ག་ལ་འདོད། གཉིས་པ་སྤྱོད་པའི་རྣམ་གྲངས་ནི། རྒྱུད་ཐམས་ཅད་ལས་གསུངས་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་བ་ཡིན་ལ། སྡོམ་འབྱུང་ལས། རང་གི་ཁྱིམ་དུ་སྤྱོད་པ་དང༌། དུར་ཁྲོད་དུ་སྤྱོད་པ་དང༌། ཞིང་རྣམས་སུ་རྒྱུ་བ་སྟེ་གསུམ་དང༌། དཔལ་གསང་བ་གྲུབ་པར་ཡང༌། ཇི་སྐད་དུ། དམ་ཚིག་སྤྱོད་པ་དེར་བཏང་བས། ཁྱིམ་དུ་ཡང་ནི་འགྲུབ་པར་འགྱུར། །དམ་ཚིག་སྤྱོད་པ་དམན་གྱུར་ན། །སྤྱོད་པས་མིན་ཞིང་ཁྱིམ་དུའང་མིན། ཞེས་ཞིང་དུ་སྤྱོད་པ་དང༌། ཁྱིམ་དུ་སྤྱོད་པ་གཉིས་བཤད་པ་ནི། གནས་ཀྱི་སྒོ་ནས་ཕྱེ་བ་དང༌། བདེ་དགྱེས་སཾ་པུ་ཊི་སོགས་སུ། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། ཀུན་བཟང་གི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་གསུམ་གྱི་ཐ་སྙད་གསུངས་པ། སྤྱོད་ཚུལ་གྱི་དབྱེ་བ་ཡིན་ཞིང༌། གསང་བ་གྲུབ་
པའི་ལེའུ་དྲུག་པར་གསང་སྤྱོད་དང༌། བདུན་པར་རིག་སྤྱོད་དང༌། བརྒྱད་པར་ཚོགས་སྤྱོད་དང༌། དགུ་པའི་སྟོད་དུ་སྨྱོན་སྤྱོད་རྣམས་བཤད་དེ། དང་པོ་གཉིས་ནི་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ལས་ཕྱེ་བ་དང༌། ཕྱི་མ་ཤིན་ཏུ་སྤྲོས་མེད་དེ། འདི་ཡང་སྤྱོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །ཆགས་བྲལ་ལ་མོས་པ་ལ་ཉན་ཐོས་ཀྱི་སྤྱོད་པ་དང༌། ཆེན་པོ་ལ་མོས་པ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཟབ་མོ་ལ་མོས་པ་ལ་འདོད་ཆགས་ཆེན་པོའི་སྤྱོད་པ་རྣམས་བསྟན་པར་སྤྱོད་བསྡུས་སྒྲོན་མེ་ནས་གསུངས་པ་ནི། ཐེག་པ་གསུམ་ཀའི་སྤྱོད་པ་བསྟན་པ་ཡིན་གྱི། འདི་སྐབས་ཀྱི་སྤྱོད་པའི་དབྱེ་བ་ནི་མ་ཡིན་ནོ། །འདིར་ངེས་པར་བྱ་བ་ནི། མགོན་པོ་ཀུན་ཏུ་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་གཉིས་དོན་གཅིགརྒྱལ་པོ་གཞོན་ནུའི་སྤྱོད་པ་དང༌། དཔལ་ལྡན་རྒྱལ་ཚབ་ཀྱི་སྤྱོད་པ་དང༌། ཀུན་བཟང་རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་དོན་གཅིགསྔགས་ཀྱི་སྤྱོད་པ་ཞེས་པ་སྤྱིར་ཐུན་མོང་གི་སྤྱོད་པ་ཡན་ཆད་ཐམས་ཅད་ལ་འཇུག་མོད་ཀྱི། བྱེ་བྲག་ཏུ་འདི་ལའང་འཇུག་གོ །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པའང༌། སྤྱོད་པ་སྤྱོད་པ་ཐམས་ཅད་དང༌། ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཁོ་ན་ལ་འཇུག་པའི་སྐབས་གཉིས་ཡོད་དོ། །གསང་བའི་སྤྱོད་པ་ཡང་སྔགས་སྤྱོད་ཐམས་ཅད་དང༌། ཀུན་འདར་གསང་ཏེ་སྤྱོད་པ་ཁོ་ན་ལ་འཇུག་པའི་སྐབས་གཉིས་
འབྱུང་ངོ༌། །གཉིས་པ་ལ། ཐུན་མོང་གི་སྤྱོད་པ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །དང་པོ་ལ། ལས་དང་པོ་པའི་སྤྱོད་པ་དང༌། བསྟེན་སློབ་ཀྱི་སྤྱོད་པའོ། །དང་པོ་ནི། འདོད་འཇུག་ཐུན་མོང་པ་ཞེས་ཀྱང་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་ཀྱིས་མ་ཟིན་པས། ཀུན་སློང་འདོད་པ་དང༌། དངོས་གཞི་འདོད་པའི་སེམས་གཉིས་ཆར་འཇིག་རྟེན་པ་དང་ཐུན་མོང་མིན་པའི་ཕྱིར། འདོད་འཇུག་ཐུན་མོང་བའོ། །ངོ་བོ་ནི་རྗེས་ཆགས་བཟའ་བཏུང་སོགས་ལོངས་སྤྱོད་ཅི་རིགས་པ་བསྟེན་པ་དང༌། སཱ་ཚ་འདེབས་པ་དང༌། ཕྱག་མཆོད་སོགས་ཐུན་མཚམས་ཀྱི་དགེ་བའི་བྱ་བ་ལྷའི་རྣལ་འབྱོར་གྱིས་ཟིན་པར་བྱེད་པའོ། །གཉིས་པའི་རྣལ་འབྱོར་ཅུང་ཟད་བསྟེན་ནས་སྤྱོད་པ་སྟེ། དབྱེ་བ་དང་སྒོམ་ཚུལ་གཉིས་ལས། དང་པོ་ནི། སྤྲོས་བཅས་གསུམ་ཏེ། སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་རྟོག་པས་བསྒོམ་ཏེ། ཇི་ལྟར་མཐུན་པའི་འདོད་ཡོན་རྣམས་བསྟེན་པར་བསྐྱེད་རིམ་སྒྲུབ་པའི་སྐབས་ཐམས་ཅད་དུ་འབྱུང་སྟེ། སྤྲོས་བཅས་སོ། །འདི་ལ་ལྷ་སྣང་ལ་སློབ་ཅིང༌། ལྷར་ཤེས་པར་འབྱུང་བས། བསླབ་བྱ་གཅིག་རིམ་དང་ཤེས་བྱ་གཅིག་རིམ་ཞེས་བྱའོ། །རྣམ་རྟོག་གི་གཙོ་བོར་མ་བཏགས་ཀྱང་དབང་ཡུལ་ལྷ་སྐུར་སྣང་བས་འདོད་ཡོན་ལ་སྤྱོད་པ་སྤྲོས་མེད་དེ། སྣང་བའི་རྟོགས་པ་མ་སྐྱེས་གོང་གི་རྫོགས་རིམ་གྱི་སྐབས་
ཡིན་ལ། ལྷ་སྐུ་དང་སེམས་ཀྱི་སྣང་བ་ཙམ་དུ་སློབ་ཅིང་ཤེས་པས། བསླབ་བྱ་དང་ཤེས་བྱ་ཉིས་རིམ་མོ། །བདེ་སྟོང་གི་རང་སྣང་ལྷ་སྐུར་སྣང་བའི་དབང་ཡུལ་གྱི་འདོད་ཡོན་བསྟེན་པ་ལྷ་དང་བདེ་བ་རང་བཞིན་མེད་པའི་ཚུལ་ལ་འཇུག་པ་ཤིན་ཏུ་སྤྲོས་མེད་དེ། ལྷ་སེམས་སྒྱུ་མ་གསུམ་སྟེ། བསླབ་བྱ་དང་ཤེས་བྱ་གསུམ་རིམ་མོ། །འདི་ནི་སྣང་བའི་རྟོག་པ་ཤར་བ་ནས། མཐོང་ལམ་མ་ཐོབ་པ་ཚུན་ཆད་ལ་ཅི་རིགས་པ་ཡོད་དེ། དེ་གསུམ་ཆར་ལ་རེས་འཇོག་གི་སྤྱོད་པ་དང༌། མཉམ་པར་སྤྱོད་པ་གཉིས་གཉིས་ཡོད་དེ། བསླབ་བྱ་གསུམ་པོ་དེ་དང་འདོད་ཡོན་ལ་འཇུག་པ་ལྷན་ཅིག་ཏུ་འབྱུང་མི་འབྱུང་ངོ༌། །དེ་ཡང་ལྷར་གསལ་བའི་ཚེ་འདོད་ཡོན་ལ་སྤྱོད་པའི་བདེ་བ་ཇི་བཞིན་མི་མྱོང༌། དེ་མྱོང་བའི་ཚེ་ལྷ་མི་གསལ་བས་སྐད་ཅིག་རེ་རེར་དེ་གཉིས་སྤེལ་ཞིང་སྤྱོད་པ་ནི་རེས་འཇོག་གི་སྤྱོད་པའོ། །དེ་གོམས་པས་ལྷན་ཅིག་གི་འཇུག་པ་ནི། མཉམ་སྤྱོད་དེ་བསྟེན་སློབ་སྤྲོས་བཅས་སོ། །དེས་གཞན་གཉིས་ལའང་འགྲཻ་སྟེ། འདོད་ཡོན་བསྟེན་ཞིང་དེ་ལྟར་སློབ་པས་བསྟེན་སློབ་ཅེས་བྱའོ། །གཉིས་པ་ནི་སྤྱོད་བསྡུས་ལྟར་བཤད་ན་ཐུན་གྱི་སྐབས་སུ་འཇིག་རྟེན་ཁམས་ཀྱི་གཟུགས་ཀྱི་སྐྱེ་མཆེད་མཆོག་དམན་འབྲིང་གསུམ་ཐམས་ཅད་གཅིག་ཏུ་འདུས་པ་ལས་གཟུགས་རྡོ་རྗེ་མ་ལག་པའི་པདྨ་འཇམ་པས་མེ་ལོང་བཟུང་ནས་ཞི་བའི་མིག་གིས་བལྟ་ཞིང༌། མུ་ཏིག་གི་ཆུན་པོ་འཆང་བ་ནུ་མ་
རྒྱས་ཞིང་འབུར་ལ་བར་དོག་པ། གོས་ཅུང་ཟད་གྲོལ་ཞིང་རོ་སྨད་མཛེས་པར་སྟོན་པར་བསམ་ནས། དེ་མཐོང་བའི་མཚན་མ་རྙེད་གྱི་བར་དུ་སྒོམ་པ་སྟེ། མཐོང་བའི་མཚན་མ་ཅུང་ཟད་རྙེད་ན་བདེ་བ་ཆེན་པོ་འདྲེན་པར་བྱེད་དོ། །སྒྲ་རྣམས་སྒྲ་རྡོ་རྗེ་མ་གླུ་སྙན་པར་ལེན་ཞིང་པི་ཝཾ་གི་སྒྲ་སྒྲོག་པར་བྱེད་པ་དང༌། དྲི་རྣམས་དྲི་རྡོ་རྗེ་མ་གར་བྱེད་ཅིང་ནོར་བུའི་སྣོད་དུ་གུར་གུམ་དང་ཨ་ཀ་རུ་དང་ཙནྡན་སྦྲུལ་གྱི་སྙིང་པོ་དང་ག་བུར་ལ་སོགས་པའི་དྲིས་བཀང་པས་ཕྱོགས་བཅུར་དྲི་བཟང་པོས་ཁྱབ་པར་བྱེད་པ་དང༌། རོ་རྣམས་རོ་རྡོ་རྗེ་མ་གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་སྣོད་རོ་སྣ་ཚོགས་པ་དང་ལྷའི་བདུད་རྩི་གང་བ་བཟུང་བ་དང༌། རེག་རྣམས་རེག་རྡོ་རྗེ་མ་མཚན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་གཉེར་གསུམ་གྱིས་མཛེས་པ་སྐེད་པ་ཤིན་ཏུ་ཕྲ་བ་ལྟེ་བ་ཡང་ཞིང་གཡས་སུ་འཁྱིལ་བ་འདོམ་སྟུག་པ། འགྲོས་དལ་ཞིང་སྒེག་པ། ཐམས་ཅད་ཀྱང་སྒྱུ་རྩལ་དང་ལྡན་པར་བསྐྱེད་ནས། འདོད་ཡོན་དེ་རྣམས་ལ་སྤྱོད་པར་བསྒོམ་པ་སྟེ། འདི་རྣམས་ལ་ཕྱག་འཚལ་མཚན་འདི་ཁོ་ན་དགོས་པའི་ངེས་པ་མེད་ལ། ལྔ་པ་ལ་གོས་ཟུང་འཛིན་པ་དགོས་ཟེར་ཏེ་མི་དགོས་སོ། །འདི་རྣམས་ཀྱྀས་ཡིད་བདེ་བ་ཁྱད་པར་ཅན་བསྐྱེད་ལ། དེས་དབང་པོ་རྟེན་བཅས་བརྟས་པར་བྱས་པས་ཡེ་ཤེས་གྱི་བརྒྱུད་པའི་རྒྱུར་འགྱུར་བའོ། །ཐུན་མཚམས་སྤྱོད་པའི་སྐབས་སུ་ཕྱིའི་འདོད་ཡོན་དང་དབང་པོ་གང་དང་གང་ཕྲད་པ་ན་དབང་པོ་ལྷ་
དང་ཡུལ་ལྷ་མོར་སྒོམ་པས་དངོས་སུ་ལོངས་སྤྱོད་ཅིང་བསྟན་པའོ། །དེ་ཡན་ཆད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ནུས་པའི་རྒྱུར་འགྱུར་བ་དང༌། སྔགས་ཀྱི་སྤྱོད་པ་ཡིན་པས་ཕྱོགས་མཐུན་དུ་འདིར་བསྡུས་ཏེ། འདིར་བསྟན་གྱི་སྤྱོད་པ་ནི་མ་ཡིན་ནོ། །དེ་ཡང་འདི་ནི་བོགས་འབྱིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི་མ་ཡིན་ཏེ། འདི་དག་ལ་རིམ་གཉིས་ཐོག་མར་སྒོམ་པ་ཉིད་ནས་འཇུག་དགོས་པའི་ཕྱིར་རོ། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཉེ་རྒྱུ་ཞེས་པ་ཡང་ཕལ་ཆེར་དུ་མིང་གི་རྣམ་གྲངས་ཡིན་ལ། སྐབས་འགའ་ཞིག་ཏུ་སྤྱོད་པ་དང་ཉེ་རྒྱུ་སོ་སོར་བཤད་པ་ནི་མངོན་པར་བྱང་ཆུབ་པའི་སྐབས་སུ་བཤད་ཟིན་པ་ལྟར། དབང་བསྐུར་བ་དང་འབྲེལ་བའི་སྤྱོད་པ་དེ་ཉིད་ཤིན་ཏུ་ཉེ་བའི་རྒྱུ་ཡིན་པས་ཉེ་རྒྱུར་བཏགས་ལ། དེ་ལ་ལྟོས་ནས་སྤྱོད་པ་འཕེལ་བ་རྣམས་ཅུང་ཟད་རིང་བའི་རྒྱུ་ཡིན་པས་ཉེ་རྒྱུར་མིང་མི་འདོགས་པའི་སྐབས་ཀྱང་ཡོད་དོ། །དེས་ན་སྐབས་ཐོབ་སོ་སོར་གོ་དགོས་ཀྱི། རྒྱུད་དོན་ཐམས་ཅད་ལ་འཕགས་སྐོར་ཁོ་ནས་རྒྱས་བཀབ་སྟེ། མ་རྒྱུད་གྱི་སྲོལ་འཛིན་དམ་པ་ཐུན་མོང་མ་ཡིན་པའི་ལུགས་མ་འདྲེས་པར་འཆད་ཅིང་མཁྱེན་པ་རྣམས་ལ་སྡང་ཤུགས་ཀྱིས་ཀུན་ནས་བསླང་སྟེ། བྱུང་རྒྱལ་དུ་སྨྲ་བའི་དགག་པ་ལྟར་སྣང་རེ་བཀོད་ནས། ཚིག་རྣམ་པ་དུ་མས་བསྐུར་བ་འདེབས་པའི་སྡིག་པ་རྔམ་པོ་ཆེ་སོགས་ནི། མཁས་པའི་བྱ་བ་ག་ལ་ཞིག །དེས་ན་ཁ་ཅིག་སྤྱོད་པ་ལས་གཞན་པའི་ཉེ་རྒྱུ་བྱེད་པ་ནི་མི་འཐད་དེ། སྤྱོད་པ་
དེ་ཉིད་དངོས་གྲུབ་མཐར་འབྱིན་བྱེད་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་རང་ལུགས་གཏིང་མ་ཚུགས་ཤིང་ཕྱོགས་སྔ་མ་ལོང་པ་ནས་བརྒྱུད་པའི་བླ་མ་རྣམས་ལ་དགག་པ་བྱེད་པ་རིང་བ་ཡིན་ཏེ། སྤྱོད་པ་དངོས་གྲུབ་མཐར་འབྱིན་བྱེད་ཡིན་པའི་རྒྱུ་མཚན་གྱིས། སྤྱོད་པ་མ་ཡིན་པའི་ཉེ་རྒྱུ་མི་རུང་ན། ཁྱེད་ཉིད་ཀྱི་ལུགས་ལ་ནི། ས་བཅུའི་མཐའ་མར་སྔགས་ལ་འཇུག་པའི་དབང་བསྐུར་དེས་སྤྱོད་པའི་དོད་ཐུབ་ནས་སྤྱོད་པ་མི་དགོས་ཞེས་སྨྲ་བ་དང༌། མངོན་པར་བྱང་ཆུབ་པའི་དུས་སུ་དབང་བསྐུར་བའི་རྐྱེན་གྱིས་དངོས་སུ་མཆོག་འགྲུབ་པ་དང༌། དབང་བསྐུར་བ་སྟེ་སྤྱོད་པ་མ་ཡིན་པར་འདོད་པ་ཤིན་ཏུ་ནང་འགལ་ལ། གཞན་ཡང་ཐུན་མོང་གི་དངོས་གྲུབ་ཀྱི་སྐབས་སུ་རྫས་སྔགས་ལ་སོགས་པའི་ཆོ་ག་དང༌། མཆོག་འགྲུབ་པའི་སྔ་ལོགས་སུ་འབྱུང་བའི་བདེ་སྟོང་གི་ཡེ་ཤེས་དེ་དངོས་གྲུབ་དེ་དག་ལ་དངོས་སུ་སྦྱོར་བའི་ཉེ་རྒྱུ་མ་ཡིན་པར་འགྱུར་ཏེ། སྤྱོད་པ་ལས་གཞན་པའི་ཉེ་རྒྱུ་མེད་པའི་ཕྱིར། ཡང་སྤྱོད་པ་ལས་གཞན་པའི་ཉེ་རྒྱུ་མ་བཤད་པས་སོ་སྙམ་ན། མ་བཤད་པ་ཙམ་གྱིས་མི་རུང་ན། ཀྱཻ་རྡོར་གྱི་སྐབས་སྤྲོས་བཅས་སོགས་སྤྱོད་པ་གསུམ་གྱི་ཐ་སྙད་ཁྱེད་ཉིད་ཀྱིས་བྱས་པ་ཡང་མི་རུང་སྟེ། དེའི་རྒྱུད་གཞུང་གང་ནས་ཀྱང་དེ་འདྲའི་ཐ་སྙད་མ་བྱུང་བའི་ཕྱིར་རོ། །དོན་ཡོད་པས་སོ་སྙམ་ན། ཉེ་རྒྱུ་དབང་བསྐུར་བ་ཡང་སྤྱོད་པ་ལས་ལོགས་སུ་བཀར་ཏེ། འདུས་པ་དང་རྡོ་རྗེ་
གུར་གཉིས་ཆར་ནས་མ་གསུངས་སམ། ཡང་འདིར་མཆོད་པ་གསང་འདུས་འཕགས་སྐོར་ནས་ཁ་བསྐོང་དུ་རུང་བ་ཡིན་སྙམ་ན། མངོན་བྱང་གཉིས་ཉེ་རྒྱུར་མ་རྒྱུད་པའི་ལུགས་ལ་འཇོག་པ་འདིས་འཕགས་སྐོར་ལ་ཡང་ཁ་བསྐང་སྟེ། དེའི་ལུགས་ལ་ཡང་རྣམ་གཞག་འདི་བྱེད་པ་ཅི་ཕྱིར་མི་རུང༌། རྒྱུད་ཀྱི་དོན་ལ་སློབ་དཔོན་དག་གི་གཞུང་གིས་མ་ཚང་བ་ཁ་སྐོང་དུ་མི་རུང་ལ། དེ་ལ་རྒྱུད་ཀྱི་ཁ་སྐོང་དུ་མི་རུང་བར་འདོད་པ་ནི། སངས་རྒྱས་ཀྱི་བཀའ་ལས་སློབ་དཔོན་གྱི་གཞུང་ལྷག་པར་སྨྲས་པ་སྟེ། ཁྱེད་དག་གང་ཟག་ལ་ཡིད་རྟོན་བྱེད་ཅིང༌། སངས་རྒྱས་ཀྱི་བཀའ་ལ་མི་རྟོན་པ་དང༌། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ཅིང༌། མེད་ན་མེད་གོ་ཡང་ཆོད་ལ། དོན་དམ་དུ་མེད་པས་མེད་གོ་མི་ཆོད་པའི་ཀུན་རྫོབ་ལ་ལྟོས་པ་གཙོ་བོར་བྱས་པའི་ཕྱིར། དོན་དམ་ལ་མི་རྟོན་ཀུན་རྫོབ་ལ་རྟོན་པ་དང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངེས་དོན་མེད་པས་མེད་གོ་མི་ཆོད་ཅིང༌། སོ་སོ་སྐྱེ་བོའི་སེམས་སེམས་བྱུང་གི་སྣང་ངོ་ན་ཡོད་པས་ཡོད་གོ་ཆོད་པ་ནི། ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན་པར་སོང་བ་དང༌། སྟོང་པ་ཉིད་སྟོན་པ་རྣམས་ལ་ཚིག་གིས་གུས་པར་ལྟར་བྱས་ཀྱང༌། དོན་ཇི་བཞིན་དུ་ཁས་བླང་ན་ཆད་མཐར་འགྱུར་ཞེས་ཟེར་ཞིང༌། དངོས་པོ་རྣམས་ཚད་གྲུབ་ཏུ་ཁས་བླངས་པས། དྲང་དོན་གྱི་མདོ་རྣམས་ཀྱི་དགོངས་པ་ཕལ་ཆེར་སྒྲ་ཇི་བཞིན་པར་ཁས་ལེན་ཞིང༌། ངེས་དོན་གྱི་མདོའི་དགོངས་པ་ཕལ་
ཆེར་སྒྲ་ཇི་བཞིན་མ་ཡིན་པར་ཁས་བླངས་པར་སོང་བས། ངེས་དོན་ལ་མི་རྟོན་དྲང་དོན་ལ་རྟོན་པ་སོང་བས། ཁྱེད་རྣམས་ལ་ནི་རྟོན་པ་བཞི་པོ་དེ་ཡང་ཕྱིན་ཅི་ལོག་ཏུ་འདུག་གོ །དངོས་གྲུབ་གཉིས་སྒྲུབ་བྱེད་ཀྱི་ཆོ་ག་དང༌། བདེ་སྟོང་གི་ཡེ་ཤེས་དེ་ཉིད་སྤྱོད་པའོ། །སྙམ་ན། དེ་ཡང་མི་རུང་སྟེ། སྤྱོད་པ་ནི་བོགས་འབྱིན་ཡིན་གྱི་ལམ་དངོས་མ་ཡིན། དེ་ནི་ལམ་དངོས་ཡིན་པ་དང༌། སྤྱོད་པ་དང་སྒོམ་པ་ཡང་སོ་སོར་དབྱེ་བ་ཕྱེད་དགོས་པ་ཡིན་ནོ། །ཕྱོགས་སྔ་ཡང་མ་ལོངས་ཏེ། སྤྱོད་པ་དང་ཉེ་རྒྱུ་ཞེས་རྣམ་གཞག་སོ་སོར་བྱས་པ་ཙམ་གྱིས་དེ་གཉིས་འགལ་བར་ག་ལ་འགྱུར། ཁྱེད་ལྟར་ན་ལྷ་དང་བཅས་པའི་འཇིག་རྟེན་ཞེས་པས་ཀྱང༌། ལྷ་འཇིག་རྟེན་མ་ཡིན་པ་དང༌། མི་དང་མིའི་རྒྱལ་པོ་ཞེས་པས་ཀྱང༌། མིའི་རྒྱལ་པོ་མི་མ་ཡིན་པར་སྟོན་པར་འགྱུར་ཏེ། ཉེ་རྒྱུ་དང་སྤྱོད་པ་ཞེས་བརྗོད་པ་དང༌། ཁྱད་པར་ཅི་ཡོད་སོམ་ཞིག །དེས་ན་སྤྱོད་པ་གཞན་ལ་མེད་པའི་ཁྱད་པར་དབང་བསྐུར་དང་བཅས་པའི་ཕྱིར། དེར་ཟུར་དུ་སྨོས་ཀྱི། དེ་སྤྱོད་པ་མ་ཡིན་པར་ག་ལ་སྨྲ། སྤྱོད་པ་སྤྱོད་པའི་འོག་ཏུ་དེ་འབྱུང་བར་བཤད་པས། ཐ་དད་དུ་འགྲོའོ་སྙམ་ན་འོད་གསལ་གྱི་རྗེས་སུ་ཟུང་འཇུག་འབྱུང་བར་བཤད་པས། ཟུང་འཇུག་ལ་འོད་གསལ་མེད་པར་འགྱུར་རོ། །ཟུང་འཇུག་གི་སྔོན་གྱི་འོད་གསལ་དེ་རིམ་པ་བཞི་པའི་འོད་གསལ་ཡིན་
པས་སྐྱོན་ཏེ་མེད་སྙམ་ན། ཉེ་རྒྱུའི་སྔོན་གྱི་སྤྱོད་པ་དེ་ཡང་ཕྱོགས་ལས་རྣམ་རྒྱལ་དང་ཀུན་བཟང་གི་སྤྱོད་པ་ཕལ་པ་མིན་ལ། ཉེ་རྒྱུ་མཐར་ཐུག་གི་སྤྱོད་པ་ཡིན་པས་འགལ་བ་མེད་དོ། །དེས་ན་མི་རྣམས་སོང་བའི་རྗེས་ལ་ལྷ་བྱིན་ཡང་སོང་ཞིག་བྱས་པས་ལྷ་བྱིན་མི་མ་ཡིན་པར་མི་སྟོན་པ་བཞིན་ནོ། །སྤྲོས་པས་ཆོག་གོ །གཉིས་པ་ལ་སྤྱོད་པ་གསུམ་གྱི་ངོ་བོ་ངོས་བཟུང་བ་དང༌། སྤྱོད་པའི་རིམ་པ་བསྟན་པ་དང༌། ཚོགས་སྤྱོད་ཁྱད་པར་དུ་བཤད་པའོ། །དང་པོ་ནི་། ལྷའི་ཆེས་སུ་འཇུག་པ་དང༌། ཕྱག་རྒྱའི་གྲངས་ལྷ་དང་མཉམ་པར་ངེས་པ་དང༌། གླུ་གར་དང་ལུས་ངག་གི་བརྡ་ལ་སོགས་པའི་རོལ་རྩེད་ཀྱི་སྤྲོས་པ་ཆེན་པོ་ཡོད་པ་དེ་ནི་སྤྲོས་བཅས་དང༌། དེ་དག་ངེས་པ་མེད་པར་ཅི་རིགས་པར་ཅུང་ཟད་ཅུང་ཟད་སྤྱོད་པ་ནི་སྤྲོས་མེད་དང༌། ཕྱིའི་སྤྲོས་པ་དོར་ཏེ་བསྒོམ་བསམ་འབའ་ཞིག་ལ་བརྟེན་པ་ནི་ཤིན་ཏུ་སྤྲོས་མེད་དོ། །དེ་ལྟར་ཡང་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས། དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང༌། རྡོ་རྗེ་འཆང་ཆེན་པོའི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་རལླི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །དེ་ལ་སྤྲོས་པ་མེད་པ་གང་ཞེ་ན་རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་གིས་འགའ་ཞིག་ཏུ་རོལ་པ་དེ་ནི་སྤྲོས་པ་མེད་
པའོ། །ཤིན་ཏུ་སྤྲོས་པ་མེད་པ་གང་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས་བསམ་གཏན་གྱི་ཟས་དང༌། གནས་པ་འབའ་ཞིག་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམ་པར་འཇུག་པ་ལ་གོམས་པས་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། ཞེས་གསུངས་སོ། །འདི་ལ་སྤྱོད་པ་གསུམ་པོ་དེ་བྱེད་པའི་གང་ཟག་གི་ཁྱད་པར་ནི་སྤྲོས་པ་ལ་དགའ་བའི་སེམས་ཆེ་ཆུང་དང༌། ན་ཚོད་དེ་ལང་ཚོ་ཁྱད་པར་དང༌། ཡོ་བྱད་ཆེ་ཆུང་དང༌། ཤེས་རབ་ཆེ་ཆུང་དང༌། འདོད་ཆགས་ཤས་ཆེ་ཆུང་གསུམ་སྟེ། སྤྲོས་པ་ལ་ཤིན་ཏུ་དགའ་བ་དང༌། ན་ཚོད་གཞོན་པ་དང༌། ཡོ་བྱད་མང་བ་དང༌། འདོད་ཆགས་ཤས་ཆེ་ན་སྤྲོས་བཅས་དེ་དག་འབྲིང་ལ་སྤྲོས་མེད། སྤྲོས་པའི་བསམ་པ་སོགས་ཆུང་བ་དང༌། ན་ཚོད་རྒན་པོ་ལ་ཤིན་ཏུ་སྤྲོས་མེད་དེ་འདིའི་སྦྱོར་ཚུལ་ཡང་གཙོ་བོར་བསམ་པ་སྟེ། ཡང་རང་གི་མོས་པ་གསུམ་པོ་འདྲ་ན། ན་ཚོད་ཡོ་བྱད་སོགས་གང་རུང་རེ་ལ་ལྟོས་ན་དེ་དང་དེ་བྱེད་པ་སྟེ། སྤྱིར་ཡོ་བྱད་མང་བ་ལ་སྤྲོས་བཅས་ཁོ་ན་དགོས་པའི་ངེས་པ་མེད་ཀྱང༌། ཡོ་བྱད་ཀྱི་ངོས་ནས་མང་བ་ལ་སྤྲོས་བཅས་བྱེད་པ་འོས་པ་སོགས་ཀྱིས་ཡིན་ནོ། །དེས་ན་བོད་སྔ་མ་རྣམས་ཀྱི་ཞལ་ནས། དེ་རྣམས་ཐམས་ཅད་འཛོམ་ན་ངེས་པར་དེ་དག་བྱ་ཞིང་གཞན་ཕྱོགས་རེ་རེས་ཀྱང་བྱེད་པ་ཡོད། ཅེས་
གསུངས་སོ། །གཞན་ཡང་གང་ཟག་དེ་དང་དེའི་རིགས་ལ་དེ་རྣམས་ཕལ་ཆེར་དུ་ལེགས་པ་ཡིན་གྱི། ཚུལ་དེ་ལྟར་མཐའ་གཅིག་ཏུ་སྤྱོད་དགོས་པ་ནི་མ་ཡིན་ནོ། །བླ་མ་གོང་མ་རྣམས་དབང་པོ་དམན་འབྲིང་མཆོག་གསུམ་ལ་སྤྲོས་བཅས་སོགས་རིམ་པས་སྦྱོར་བར་མཛད་པ་ལ། དེ་མི་འཐད་དེ། བསྟན་པ་འདི་ལ་སྔགས་ཀྱི་གདུལ་བྱ་དབང་པོ་རྣོ་བའི་མཐར་ཐུག་རྒྱལ་པོ་ཨིནྡྲ་བྷོ་ཏི་སྤྲོས་བཅས་ཀྱི་སྤྱོད་པ་ལ་བརྟེན་ནས་སངས་རྒྱས་པ་སྤྱོད་བསྡུས་ལས་བཤད་པའི་ཕྱིར་རོ། །ཞེས་ཟེར་ཏེ། དེ་ལྟ་ན་ཁྱིམ་པ་རྡོ་རྗེ་འཛིན་པ་ལས། དགེ་སློང་རྡོ་རྗེ་འཛིན་པ་མི་བཟང་བར་འགྱུར་ཏེ། བསྟན་པ་འདི་ལ་རྡོ་རྗེ་འཛིན་པ་རྣམས་ཀྱི་མཆོག་ཨིནྡྲ་བྷཽ་ཏི་ཁྱིམ་པའི་རྟེན་ཅན་ཡིན་པའི་ཕྱིར་རོ། །ཡང་སྤྲོས་བཅས་ཀྱི་སྤྱོད་པ་སྤྱོད་པ་ལས་ཨིནྡྲ་བྷོ་ཏི་ལྟར་ཕུང་པོའི་ཁོག་པ་རྗེ་བར་གསུངས་ཀྱི། ཨིནྡྲ་བྷོ་ཏིས་སྤྲོས་བཅས་ཀྱི་སྤྱོད་པ་ཁོ་ན་མཛད་པར་ནི་སྤྱོད་བསྡུས་ལས་ཀྱང་མ་བཤད། དེ་ཙམ་གསུངས་པས་དེར་འགྱུར་ན། དམ་ཚིག་དང་ལྡན་པ་ལ། པདྨའི་མཚོ་ལ་ངང་པ་བཞིན་དུ་མཁའ་འགྲོ་རྣམས་འདུ་ཞེས་བརྗོད་པའི་ཚེ་ངང་པ་རྣམས་མཁའ་འགྲོ་མ་ཡིན་པར་ཁས་ལེན་ནམ། དཔེ་དོན་མ་བྱེད་པའི་གཏམ་ཚོགས་སུ་དབྱུང་བྱ་མ་ཡིན་པ་འདི་ལྟ་བུ་ཤ་སྟག་རང་ཉིད་ཀྱིས་སྨྲ་ནས། སྔོན་གྱི་མཁས་པ་རྣམས་ཀྱི་མ་ནོར་བར་གསུངས་པ་ལ། འདི་འདྲ་མཁས་པའི་ཚོགས་
སུ་དབྱུང་མི་རུང་ངོ༌། །ཞེས་སྐུར་བ་ཡང་ཡང་འདེབས་པ་ནི། ལོང་བས་མིག་ལྡན་ལ་ཁྱོད་ནི་ལོང་བ་སྟེ། མི་གྲལ་དུ་མི་ཚུད་དོ་ཞེས་ཟེར་བ་དང་འདྲའོ། །དེས་ན་འདིར་རིག་མའི་ཚོགས་དང་ལྷན་ཅིག་ཁོག་པ་རྗེས་པ་སྟེ། ལུས་གནས་འགྱུར་བའི་དཔེར་རྒྱལ་པོ་ཨིནྡྲ་བྷུ་ཏི་བླངས་ཀྱི། སྤྲོས་བཅས་ཀྱི་སྤྱོད་པའི་དཔེར་བླངས་པ་ནི་མ་ཡིན་ནོ། །སྤྱིར་ཡང་འཕགས་པའི་གང་ཟག་དེ་དག་གི་ཚད་འཛིན་པ་ལ་དགའ་བར་ཡང་མ་བྱེད་ཅིགཁྱེད་ཉིད་ཀྱི་ལུགས་ལ་ཡང་ཟུང་འཇུག་གི་སྒོམ་བསམ་ལ་ཤིན་ཏུ་སྤྲོས་མེད་ཀྱི་ཁྱབ་མཐའ་འཆའ་ཞིང༌། དེ་ལ་དབང་པོ་རྣོ་བ་ལ་ཡང་མེད་ལ། སྒྱུ་ལུས་ཀྱི་སྒོམ་བསམ་ལ་སྤྲོས་མེད་དེ། སྐྱེད་རིམ་གྱི་སྒོམ་བསམ་ལ་སྤྲོས་བཅས་ཀྱིས་ཁྱབ་ཅིང༌། དེ་དག་སྔ་མ་ལ་ལྟོས་ནས་དབང་པོ་འབྲིང་དང་རྟུལ་པོ་ཡང་ཡིན་ཞིང༌། ཁྱད་པར་ཁྱེད་ཀྱི་ལུགས་ལ་དབང་པོ་རྣོ་རྟུལ་ཕལ་ཆེར་སྐྱེས་ཐོབ་ལ་མི་འཇོག་པར། སྦྱངས་མ་སྦྱངས་ཁོ་ན་ལ་འཇོག་བཞིན་དུ་དེ་ལྟར་དགག་པ་བྱེད་པ་ནི་ཤིན་ཏུ་དྲན་པ་མ་བཞག་པ་ཡིན་ཏེ། ཁྱེད་ཀྱི་ལུགས་ལ་ཡང་སྒོམ་བསམ་གྱི་སྤྱོད་པ་གསུམ། དབང་པོ་རིམ་པ་གསུམ་ལ་སྦྱོར་དགོས་པའི་ཕྱིར་རོ། །གཞན་ཡང་སྤྲོས་བཅས་ལ་ཡོ་བྱད་མང་པོ་དགོས་པ་དང༌། ལུས་ཀྱི་བྱ་བ་མང་པོ་ཡོད་པ་དང༌། དམིགས་པ་རྒྱ་ཆེ་བ་དང༌། འདོད་ཡོན་དང་རིག་མ་མང་
པོ་དགོས་པས་རིམ་པ་བཞིན་དུ་ཡོ་བྱད་ཆེ་བ་དང༌། ན་ཚོད་གཞོན་པ་དང༌། ཤེས་རབ་ཆེ་བ་དང༌། འདོད་ཆགས་ཆེ་བ་ལ་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་གསུངས་ཏེ། གཞན་གཉིས་ལའང༌། དེས་རིགས་འགྲེ་ཤེས་པར་བྱའོ། །སྤྱོད་པ་གསུམ་པོ་དེ་ལ་དབྱེ་ན། ཆོ་གའམ་བྱ་བ་ལ་ལྟོས་པའི་སྤྱོད་པ་གསུམ་དང༌། སྒོམ་བསམ་ལ་ལྟོས་པའི་སྤྱོད་པ་གསུམ་དང༌། དུས་ལ་ལྟོས་པའི་སྤྱོད་པ་གསུམ་མོ། །དང་པོ་ནི་གོང་དུ་བཤད་པ་དེའོ། །གཉིས་པ་ནི་བསྐྱེད་རིམ་པའི་སྐབས་ཀྱི་སྤྱོད་པ་ཐམས་ཅད་རྣམ་རྟོག་གིས་བསྐྱོད་པའི་སྒོམ་བསམ་འབའ་ཞིག་ཡིན་པའི་ཕྱིར། སྒོམ་བསམ་སྤྲོས་བཅས་ཀྱི་སྤྱོད་པའོ། །འདི་ལ་སྟོང་པ་ཡང་རྣམ་རྟོག་དང་འདྲེ་བ་དང༌། བདེ་བ་ཡང་ཉི་ཚེ་ཙམ་ལས་མེད་དོ། །རྫོགས་རིམ་ཁྱད་པར་ཅན་ཐོབ་པ་ནས་བརྩམ་སྟེ་མཉམ་བཞག་ཏུ་བདེ་སྟོང་སྒོམ་པ་དེས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་སྟེ། རྣམ་རྟོག་ཁོ་ནས་བསྒོམ་པ་ལ་མ་ལྟོས་པའི་ལྷ་སྐུའི་སྣང་བ་ཤར་བའི་སྒོ་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཕྱིར། རྣམ་རྟོག་ཤས་ཆུང་བས་སྤྲོས་མེད་ཅེས་བྱ། སྟོང་པ་མི་རྟོག་པའི་རང་བཞིན་དང༌། བདེ་བ་ཡང་རྩོལ་མེད་དུ་རྒྱ་ཆེ་བར་འབྱུང་བ་ཡིན་ནོ། །ཟུང་འཇུག་གི་སྐབས་ནི། བདེ་སྟོང་ཉིད་ཀྱི་རྣལ་རོལ་ལས་མ་གཡོས་བཞིན་དུ་གང་སྣང་ཐམས་ཅད་དག་པའི་འཁོར་ལོར་རང་ཤར་བའི་འདོད་ཡོན་
ལ་ལོངས་སྤྱོད་པ་སྟེ། འདི་ལ་རྣམ་རྟོག་མངོན་གྱུར་པ་མེད་པས་སྒོམ་བསམ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཞེས་བྱ། སྣང་སྟོང་བདེ་བ་མཁའ་ཁྱབ་ཀྱི་ཚུལ་དུ་འབྱུང་ངོ༌། །འདི་དག་ལ་བྱ་བའི་སྒོ་ནས་སྤྲོས་བཅས་སོགས་གསུམ་ཆར་ཡོད་དོ། །གསུམ་པ་ནི་ཚོགས་སྤྱོད་ལ་དབྱེ་བ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཉིན་རེའང་ཟླ་བ་རེའམ། །དེ་བཞིན་ལོ་ནི་རེ་རེ་ཡང༌། །ཇི་བཞིན་ཆོ་གས་བྱིན་བརླབས་ནས། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པ་ལྟར་ཏེ། ཉིན་རེ་བཞིན་རྟག་ཏུ་སྤྱོད་པ་ནི་སྤྲོས་བཅས། ཟླ་རེ་བཞིན་ལན་རེ་སྤྱོད་པ་ནི་སྤྲོས་མེད། ལོ་དུས་སུ་ལན་རེ་སྤྱོད་པ་ནི་ཤིན་ཏུ་སྤྲོས་མེད་དོ། །དེས་ན་སྒོམ་བསམ་སྤྲོས་བཅས་ལ་བྱ་བ་གསུམ་ཆར་ཡོད་པ་སོགས་སྒོམ་བསམ་གསུམ་ལ་བྱ་བ་གསུམ་གསུམ་གྱི་དབྱེ་བས་དགུ །བྱ་བ་སྤྲོས་བཅས་སྤྲོས་མེད་དྲུག་ལ་ཚོགས་སྤྱོད་ཀྱི་སྐབས་དུས་སྤྲོས་བཅས་སོགས་གསུམ་གསུམ་སྟེ། བཅོ་བརྒྱད། ཤིན་ཏུ་སྤྲོས་མེད་གསུམ་སྟེ་ཉེར་གཅིགདེ་དག་ལ་གནས་གཅིག་ན་འདུག་པ་དང༌། ཡུལ་ཆེན་རྣམས་སུ་རྒྱུ་བའི་དབྱེ་བས་ཞེ་གཉིས། སྒོམ་བསམ་སྤྲོས་བཅས་བཅུ་བཞི་བོར་བ་གཞན་དེ་དག་རེ་རེ་ལ་ཀུན་འདར་ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གསུམ་གསུམ་དུ་དབྱེ་བས་སྤྱོད་པ་བརྒྱ་དང་
བརྒྱད་ཅེས་གུ་རུ་ལྷོ་ཕྱོགས་པ་གསུང་ངོ༌། །འོན་ཀྱང་མིང་གསལ་མ་སྦྱར་བས་སྤྲོས་བཅས་སྤྲོས་མེད་སོགས་ཀྱི་ཐ་སྙད་གཙོ་བོར་བྱ་བ་རྩོལ་བའི་ཆོ་ག་ལ་ལྟོས་པའི་གསུམ་པོ་ལ་འཇོག་ཅིང༌། སྐབས་འགར་སྒོམ་བསམ་ལ་འཇུག་པའང་མང་དུ་ཡོད་དོ། །རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་འདིར་སྤྲོས་བཅས་ནི་ཚོགས་འཁོར་དང་ཆས་སྒྱུར་བ་དང༌། བརྡ་དང་བརྡའི་ལན་དང་ཞིང་དུ་སྦྱོང་ཚུལ་ལེའུ་ཉེར་བདུན་པ་སོགས་གསུམ་དུ་རྒྱས་པར་འགྱུར་བ་དང༌། སྤྲོས་མེད་ནི་ལེའུ་སོ་བརྒྱད་པ་ལས། ཆུ་བོ་རྒྱ་མཚོ་རྫིང་བུ་དང༌། །རི་བོ་དང་ནི་བཞི་མདོ་དང༌། །ལྟེང་ཀ་དང་ནི་ཁྲོན་པ་དང༌། ཁང་སྟོང་དང་ནི་ལམ་སྲང་དང༌། །ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་ཏུ་ཞེན་པ་ལྷ་ལ་གནས། །འཇིགས་པ་ཆེན་པོའི་དུར་ཁྲོད་དང༌། །མཁའ་སྤྱོད་དེ་བཞིན་ས་འོག་དང༌། །རོ་ལངས་ཀྱང་ནི་དུ་མ་ཞིག །འཇིགས་པའི་གཟུགས་དང་སྟོབས་ཆེན་པོས། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །ཅི་བདེ་བ་ནི་རོལ་པར་མཛད། །ཅེས་གསུངས་པ་དང༌། ཤིན་ཏུ་སྤྲོས་མེད་ནི། རི་སུལ་ཚང་ཚིང་གསང་བ་དང༌། །གསང་བའི་མི་མོ་རྣལ་འབྱོར་མ། །ཕྱོགས་ནི་དེ་དང་དེ་དག་ཏུ། །སྒྲུབ་པ་པོ་དང་ས་སྟེང་རོལ། །ཞེས་གསུངས་ཏེ། གསང་བའི་མི་མོ་ནི། ཡེ་ཤེས་ཀྱི་ཕྱག་རྒྱའོ། །གཉིས་པ་ལ། སྤྱོད་པའི་ངོ་བོ། །སྤྱོད་པའི་དུས། སྤྱོད་པའི་དགོས་པ། སྤྱོད་
པའི་དབྱེ་བ། སྤྱོད་པ་ཇི་ལྟར་སྤྱོད་ཚུལ་ལོ། །དང་པོ་ནི་རིམ་གཉིས་ཀྱི་ཏིང་འཛིན་ལེགས་པར་བརྟན་ཟིན་པའི་བོགས་འབྱིན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཁྱད་པར་ཅན་ཏེ། ཁྱད་པར་ཅན་གྱི་དོན་ཡང་ཇི་ལྟར་འདོད་པ་བཞིན་དུ་འདོད་ཡོན་ལ་མ་བཀག་པར་ཅི་བདེར་སྤྱོད་པས་སྔར་གི་བདེ་སྟོང་གི་ཡེ་ཤེས་ལེགས་པར་བརྟན་པ་དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པའི་སྤྱོད་པའོ། །གཉིས་པ་ནི་རྫོགས་རིམ་སྒོམ་མ་སྒོམ་གང་ལྟར་ཀྱང་བསྐྱེད་རིམ་རགས་པ་མཐར་ཕྱིན་པ་སྟེ། ཡེ་ཤེས་ལ་དབང་བའི་རྣལ་འབྱོར་ལ་གནས་པས་དངོས་གྲུབ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་འགྲུབ་པའི་དུས་དང་རྫོགས་རིམ་གྱི་རྟོགས་པ་ཅུང་ཟད་བརྟན་ནས། རྣལ་འབྱོར་བཞི་པར་སླེབ་པའི་ཚེ། འདོད་གཟུགས་ཀྱི་རིག་པ་འཛིན་པ་སྒྲུབ་པའི་དོན་དུ་སྤྱོད་པ་བྱེད་པ་སྟེ། བསྐྱེད་རིམ་པ་དང་རྫོགས་རིམ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དུས་གཉིས་དང༌། རྫོགས་རིམ་པས་དྲོད་ཐོབ་པ་ནས་རླུང་སེམས་ཙམ་གྱི་སྐུ་འགྲུབ་པའི་ཕྱིར་སྤྱོད་པ་བྱེད་པ་དང༌། དེ་གྲུབ་ནས་དོན་གྱི་ཡེ་ཤེས་ཟུང་འཇུག་དང་བཅས་པ་ཐོབ་པའི་ཕྱིར་སྤྱོད་པ་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དུ་སྤྱོད་པ་སྟེ། རྫོགས་རིམ་གྱི་དྲོད་ཐོབ་པ་ཕན་ཆད་སྤྱོད་པ་ཁོ་ན་གཙོ་བོར་བྱེད་པ་ཡིན་མོད་ཀྱི། ས་མཚམས་ལ་ལྟོས་ནས་དེ་ལྟར་
གསུམ་ཏེ་སྤྱིར་ལྔའོ། །རླུང་སེམས་ཙམ་གྱི་སྐུ་འགྲུབ་ཕྱིར་དུ་ངེས་པར་སྤྱོད་མི་དགོས་པ་དང༌། ཐུན་མོང་གི་གཉིས་པོའང་མཐའ་གཅིག་ཏུ་མི་དགོས་པས་ངེས་པར་དགོས་པའི་དུས་ནི་གཉིས་སོ། །འོན་ཀྱང་སྒྱུ་ལུས་འཕྲལ་དུ་འགྲུབ་འདོད་ན། རྫོགས་རིམ་པས་དྲོད་ཐོབ་མ་ཐག་ནས་སྤྱོད་པ་བྱའོ། ཁ་ཅིག་བསྐྱེད་རིམ་ཤིན་ཏུ་ཕྲ་བ་ལ་བརྟན་པ་ཐོབ་ནས་ཐུན་མོང་གི་དངོས་གྲུབ་ཟླ་བ་ཕྱེད་སོགས་དུས་མྱུར་བར་འགྲུབ་པའི་སྤྱོད་པ་བྱེད་པ་ནི། བསྐྱེད་རིམ་པའི་སྤྱོད་པའི་སྐབས་ཡིན་ཞིང༌། རྫོགས་རིམ་པའི་སྤྱོད་པ་ཡིན་ཕྱིན་ཆད་ཐུན་མོང་གི་དངོས་གྲུབ་ཀྱི་ཕྱིར་མ་ཡིན་པས་ཁྱབ་པར་འདོད་པ་དང༌། བསྐྱེད་རིམ་ཤིན་ཏུ་ཕྲ་བ་ལ་དབང་འབྱོར་བ་ཡེ་ཤེས་ལ་ཆེས་དབང་བ་ནི་རྫོགས་རིམ་གྱི་རྟོགས་པ་མཐོན་པོའི་སྐབས་སུ་འབྱུང་བ་ཡིན་ཞེས་སྨྲ་བ་ནི་ཤིན་ཏུ་ནང་འགལ་ཏེ། རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སོང་བའི་སྐབས་ཀྱི་རྣལ་འབྱོར་པ་དེ་བསྐྱེད་རིམ་པ་ཡིན་པ་ག་ལ་སྲིད། ཡང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་བྱེད་པ་ཐམས་ཅད་སྔགས་ཀྱི་གདུལ་བྱ་དབང་པོ་དམན་པ་ཡིན་ཞེས་པ་ཡང་མཐའ་ཅིག་ཏུ་ངེས་པ་མ་ཡིན་ཏེ། རིག་པ་འཛིན་པའི་ལུས་ཁྱད་པར་ཅན་རི་རབ་སུམ་ཅུ་རྩ་དྲུག་གི་རིག་པ་འཛིན་པའི་ཚོགས་རྣམས་རྗེས་སུ་འབྲང་བ་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པའི་རྡོ་རྗེའི་རིག་པ་འཛིན་པ་ལ་སོགས་པར་སྒྲུབ་པར་འདུས་པ་ལ་སོགས་པར་གསུངས་
པ་རྣམས་ཀྱང༌། གང་ཟག་དེའི་རྒྱུད་ལ་ཡོད་པའི་བསྐྱེད་པའི་རིམ་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར། བསྐྱེད་རིམ་གྱི་རིག་འཛིན་དུ་སྨོས་ཀྱི། བསྐྱེད་རིམ་པའི་གང་ཟག་ནི་མ་ཡིན་ཏེ། སྦྱོར་ལམ་ཙམ་ཡང་མ་ཐོབ་པའི་གང་ཟག་ལ་དེ་ལྟ་བུའི་ཡོན་ཏན་མི་འབྱུང་བའི་ཕྱིར། དེ་ལྟ་བུའི་ཡོན་ཏན་ཐོབ་ན། དེ་འདྲ་མ་ཐོབ་བའི་སྒྱུ་ལུས་གྲུབ་པ་ལས་འགྲོ་དོན་སྤྱོད་པ་ལ་མཐུ་ཆེས་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ་གཉེར་བྱ་ཁོ་ན་སྟེ། འགྲོ་དོན་བྱེད་པ་ལ་ལྷག་པར་མཐུ་ཆེ་བའི་ཕྱིར་རོ། །འོ་ན་རྒྱུད་རྣམས་ལས་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་དབང་པོ་རྟུལ་པོར་མ་གསུང་ངམ་ཞེ་ན། འགྲོ་དོན་སྤྱོད་པ་ལ་གསུངས་མོད། དེ་ནི་སྐྱེ་བ་འདི་ལ་དེ་ཉིད་ཐོབ་བྱའི་གཙོ་བོར་བྱེད་པ་ལ་གསུངས་ཀྱི། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ཙམ་ག་ལ་འགལ། ལེགས་ཚོགས་གྲུབ་པ་དོན་གཉེར་དང༌། ཟས་གོས་དོན་གཉེར་ཡང་དབང་པོ་རྟུལ་པོར་གསུངས་མོད་ཀྱི། དབང་པོ་རྣོན་པོས་ལས་ཚོགས་དོན་གཉེར་ཡང་མི་རུང་བ་མ་ཡིན་ལ། ཟས་བཟའ་བ་དང་གོས་བགོར་མི་རུང་བ་མ་ཡིན་པ་བཞིན་ནོ། ཁ་ཅིག་རྫོགས་རིམ་པའི་སྣང་བའི་རྟོགས་པ་ཡན་ཆད་རང་ལུས་ཀྱི་ལམ་ཁོ་ནས་སྒྲུབ་པ་དེ་ངེས་པར་ལས་ཀྱི་རིག་མ་ལ་བརྟེན་ཏེ་སྒྱུ་ལུས་སྒྲུབ་དགོས་པས། སྤྱོད་པ་བྱེད་དགོས་ཞེས་ཀྱང་ཟེར་ལ།
ཡང་སྐབས་གང་དུ་སྤྱོད་པ་གསུམ་གང་སྤྱད་ཀྱང་རུང་བར་སྨྲ་བ་ནང་འགལ་ཞིང༌། སྒྱུ་ལུས་རིག་མ་ལ་བརྟེན་ནས་སྒྲུབ་དགོས་ཀྱང༌། སྤྱོད་པ་དགོས་པས་མ་ཁྱབ་སྟེ་དེས་དྲོད་ཐོབ་ནས་འདོད་ན་སྤྱོད་པ་བྱེད་ཅེས་པས་རེ་ཤིག་དེ་ཙམ་འགྲུབ་པ་ལ་མི་འདོད་ན་སྤྱོད་པ་མ་བྱས་ཀྱང་རུང་བའི་ཚིག་གོ །སྤྱོད་པ་བྱེད་པ་སྤྱིའི་དུས་ནི། དྲོད་ཐོབ་པ་ཞེས་བྱ་བ་སྟེ། དེ་ཡང༌། ཕྱི་ནང་གི་ཉེ་བར་འཚཻ་བས་མི་གནོད་པ་དང༌། རྐྱེན་གང་གིས་ཀྱང་ཏིང་ངེ་འཛིན་ལས་གཡོ་མི་ཐུབ་པ་དང༌། ཆོས་བརྒྱད་མངོན་གྱུར་མགོ་སྙོམས་པ་དང༌། ཡུལ་སྣང་སྤྱི་དང་ཁྱད་པར་འདོད་ཡོན་གྱིས་ཏིང་ངེ་འཛིན་འཕེལ་བའི་གྲོགས་སུ་འགྱུར་བ་ན། དྲོད་ཐོབ་པ་སྟེ། དྲོད་ཀྱི་དོན་ཡང་དངོས་གྲུབ་མེ་ལྟ་བུ་འབྱུང་བའི་སྔ་ལྟས་དྲོད་ལྟ་བུ་ཡིན་པས་ཏེ། དགོས་པ་རྡོ་རྗེ་དང༌། སཾ་པུ་ཊིར་ཡང་ཅུང་ཟད་དྲོད་ནི་ཐོབ་ན། ཞེས་སོགས་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་ལས། ཇི་ལྟར་དྲོ་བའི་བྱ་བ་དང༌། །མངོན་པར་འབད་པས་རྟོགས་པར་བྱ། །ཞེས་གསུངས་སོ། །བསྐྱེད་རིམ་གྱི་དངོས་གྲུབ་འགྲུབ་པ་ལ། འདོད་པའི་ལྷ་མཉེས་ནས་གནང་བ་དངོས་ཐོབ་པ་དགོས་ལ། རྫོགས་རིམ་པའི་དྲོད་ལ་ནི་ཆེ་ཆུང་གསུམ་ཡོད་དེ། ཆུང་ངུ་ནི་གོང་དུ་བཤད་པ་དེ་ཉིད་ཡིད་ཏེ། འོན་ཀྱང་ཁྱད་པར་ནི་རྫོགས་རིམ་ཉིད་ལ་བརྟེན་ཏེ་དེ་དག་ཐོབ་པ་དགོས་ཤིང༌། འབྲིང་གིས་ནི་ཚར་བཅད་ཀྱི་ལྟ་སྟངས་བཞི་ལ་སོགས་པ་
ལེགས་པར་གྲུབ་པ་དང༌། ཆེན་པོ་ནི་རྗེས་སུ་འཛིན་པའི་ལྟ་སྟངས་གྲུབ་པ་ཕན་ཆད་ཀྱི་ནུས་པའི་ཁྱད་པར་མཐའ་ཡས་པ་ཐོབ་པའོ། ཁ་ཅིག་ལྟ་སྟངས་བཞི་བསྐྱེད་རིམ་མཐར་ཕྱིན་པ་ནས་འགྲུབ་པ་དང༌། ཆོས་བརྒྱད་ཀྱི་རྟོགས་པ་མགོ་སྙོམས་པ་ཚོགས་ལམ་ནས་འབྱུང་བས་དྲོད་ཆུང་གི་རྣམ་གཞག་དེ་དག་མི་འཐད་ཅེས་སྨྲ་བ་ནི། རྒྱལ་པོའམ་རང་གི་བླ་མས་དགག་པ་བྱེད་དགོས་པའི་ཁྲལ་བརྡས་པ་ཞིག་ཡིན་ལ་རག་སྟེ། རྒྱུ་མཚན་མེད་པར་མུ་ཅོར་སྨྲ་བ་འདི་ནི་ཅི་ཞིག་བྱ། ལྟ་སྟངས་བཞི་བསྐྱེད་རིམ་འབའ་ཞིག་གི་འབྲས་བུ་ཡིན་པའི་རྒྱུ་མཚན་ཡང་དག་སྣ་ཅིག་ཀྱང་སྟོན་རྒྱུ་མེད་ཅིང༌། གནོད་བྱེད་འདི་ལྟར་ཡོད་དེ། ལྟ་སྟངས་ཉིད་ཀྱི་སྒྲུབ་པ་ལ་བུམ་ཅན་ལ་སོགས་པའི་རླུང་སྦྱོར་ཟླ་བ་དྲུག་པར་རེ་སྒོམ་དགོས་པར་གསུངས་པ། དུས་འཁོར་ལས་བུམ་ཅན་ཟླ་དྲུག་སྒོམ་ན། སྲོག་རྩོལ་གྱི་ལམ་མཐར་ཕྱིན་པར་ཡང་བཤད་པས། གསང་སྔགས་ཀྱི་རིམ་གཉིས་སྒོམ་པའི་སྒྲུབ་པ་པོ་རླུང་སྦྱོར་བ་བཞི་ཟླ་བ་དྲུག་རེ་བསྒོམས་ཀྱང༌། རྫོགས་རིམ་གྱི་རྟོགས་པ་སྣ་ཅིག་ཀྱང་མི་སྐྱེ་བའི་སྔགས་ཀྱི་གདུལ་བྱ་དབང་པོ་རྣོན་པོ་དེ་འདྲ་ཁྱེད་ཁོ་ན་འདོད་པར་བྱེད་མོད་ཀྱི་ཤེས་ལྡན་སུ་ཞིག་འདོད། དེ་ལྟ་བུའི་གང་ཟག་དེ་ཡང་ཁྱེད་ཁོ་ནའོ། །ཞེས་ཀྱང་བཞད་གད་བྱའོ། །འོ་ན་མན་ངག་སྙེ་མ་ལས། གང་ལས་
འདིར་རྣལ་འབྱོར་ལ་དགའ་བས་རབ་ཏུ་མགུ་བར་འགྱུར་བ་དང༌། གླགས་ཚོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་བཟོད་པ་དང༌། ཚར་གཅོད་པ་དང་རྗེས་སུ་འཛིན་པ་ནུས་པ་འདི་རྣམས་འགྱུར་བ་དང་གྲང་བ་རླུང་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའོ། །ཞེས་ཚར་བཅད་རྗེས་བཟུང་ཐམས་ཅད་འགྲུབ་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་དྲོད་ཐོབ་པའི་རྟགས་སུ་བཤད་ཀྱི། དྲོད་ཐོབ་ཚད་ལ་དེ་ཡོད་པས་མ་ཁྱབ་སྟེ། དཔལ་གསང་བ་གྲུབ་པ་ལས་རིག་སྤྱོད་ཀྱི་སྐབས་སུ། ལྷ་རྫས་བཙུན་མོ་དགུག་པ་ཡི། །ནུས་པ་གལ་ཏེ་མེད་གྱུར་ན། །དེས་ནི་མི་ཡི་བུ་མོ་བསྟེན། །ཞེས་དྲོད་ཐོབ་ནས་སྤྱོད་པ་སྤྱོད་པའི་གང་ཟག་ལ་ཚར་བཅད་རྗེས་འཛིན་ཐམས་ཅད་ལྟ་ཅི་སྨོས། ལྷ་མོ་སོགས་འགུགས་པའི་ནུས་པ་ཡང་མེད་པར་འབྱུང་བར་བཤད་པས་སོ། །དྲོད་ཆུང་ངུ་སྦྱོར་ལམ་ཐོབ་པའི་སྔ་ལྟས་ཞེས་པ་དང༌། དྲོད་ཉིད་སྦྱོར་ལམ་དྲོད་དུ་བླ་མ་གོང་མ་རྣམས་བཞེད་པ་ལ་ནང་འགལ་བསྡེབས་པར་བྱེད་དེ། འདི་ནི་ཚིག་འཁྲི་ཙམ་གྱི་རྩོད་པ་སྟཻ། སྦྱོར་ལམ་ཕྱི་མ་རྣམས་ཀྱི་སྔ་ལྟས་སྦྱོར་ལམ་དྲོད་ནས་འབྱུང་བ་ཅི་ཕྱིར་འགལ། སྦྱོར་ལམ་རྩེ་མོའི་སྔ་ལྟས་དེ་སྦྱོར་ལམ་གྱི་སྔ་ལྟས་མ་ཡིན་ན། ལམ་གཞན་རྣམས་ཀྱི་སྔ་ལྟས་ནི་དེ་བས་ཀྱང་མ་ཡིན་པས། ལམ་སྐྱེ་བའི་སྔ་ལྟས་མ་ཡིན་པ་དང༌། དེ་ཡང་དེ་ལྟ་ན་
དེ་ལམ་མ་ཡིན་པར་འགྱུར་རོ། །དེ་སྦྱོར་ལམ་གྱི་སྔ་ལྟས་མ་ཡིན་ཏེ། སྦྱོར་ལམ་གཞན་སྐྱེས་ཟིན་པའི་ཕྱིར་སྙམ་ན། ཚེས་བཅོ་ལྔའི་ཉི་མ་འཆར་བའི་སྔ་ལྟས་དེ་ཉི་མ་འཆར་བའི་སྔ་ལྟས་མ་ཡིན་པར་འགྱུར་ཏེ། ཚེས་བཅུ་བཞི་ཡན་ཆད་ཉི་མ་ཤར་ཟིན་པའི་ཕྱིར་རོ། །དེས་ན་བོད་ཕྱི་མ་རྣམས་ཀྱི་བརྒལ་བརྟག་འདི་དག་ནི་སྙིང་པོ་མེད་པ་འབའ་ཞིག་གོ །དེས་ན་བསྐྱེད་རིམ་དྲོད་ཐོབ་ནས། ཐུན་མོང་གི་དོན་དུ་སྤྱོད་པ་སྤྱོད། རྫོགས་རིམ་གྱི་དྲོད་ཐོབ་ནས་མཆོག་གི་དོན་དུ་སྤྱོད་པ་སྤྱོད་དོ། །ཞེས་པ་ནི་གྲུབ་པའི་དོན་ཡིན་ནོ། །གསུམ་པ་ནི། དངོས་གྲུབ་གཉིས་དངོས་སུ་སྒྲུབ་པར་བྱེད་པ་དང༌། གྲུབ་པ་དེ་ཉིད་གོང་འཕེལ་དུ་སོང་ནས་མཐར་ཕྱིན་པར་བྱེད་པ་ཡིན་ལ། རང་ལུས་དང་གཞན་ལུས་ཀྱི་ལམ་གྱིས་ཡེ་ཤེས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་བརྟན་པར་བྱས་ཟིན་ཀྱང༌། ད་དུང་རྟེན་ལུས་དག་པར་བྱེད་པ་དང༌། བརྟེན་པ་ཡེ་ཤེས་བོགས་འབྱིན་རྒྱུ་མང་པོ་ཡོད་པ་སྔར་གི་ལམ་གྱི་རྒྱུན་ཙམ་གོམ་པར་བྱས་ཀྱང༌། ཚེ་འདི་ལ་མཐར་ཕྱིན་པར་མི་ནུས་པས། རིག་མའི་ཁ་སྦྱོར་གྱི་འདོད་ཡོན་གཙོ་བོར་གྱུར་པའི་འདོད་པ་ལྔ་ལ་རོལ་པའི་སྤྱོད་ལམ་འཁོར་བཅས་འབའ་ཞིག་ལ་གྲིལ་ཏེ་བོགས་ཕྱུང་ན། ཆེས་བྱང་བར་དུ་ཞུགས་པའི་རིམ་པས་འཕྲལ་
དུ་མཐར་ཕྱིན་པར་འགྱུར་རོ། །རྩ་བའི་རྒྱུད་དུ་ཡང༌། །དེ་ནས་སྤྱོད་དང་བརྟུལ་ཞུགས་དཔལ། །ཕོ་ཉ་མོ་རྣམས་རབ་སྒྲུབ་བྱེད། །མྱུར་དུ་སྒྲུབ་བྱེད་འཇུག་པར་འགྱུར། །ཞེས་དང༌། ཀྱཻ་རྡོར་ལས་ཀྱང༌། སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད། །གང་གི་དངོས་གྲུབ་མཐར་འགྲོ་བ། །ཞེས་དང༌། དཔལ་ཡང་དག་པར་སྦྱོར་བ་ལས་ཀྱང༌། དགའ་བའི་རྦ་ཀློང་འཁྲུགས་པ་ཡི། །སྐྱེ་བའི་རྒྱ་མཚོ་རབ་འཇིགས་ལས། །སེམས་ཅན་ཐམས་ཅད་སྒྲོལ་བྱེད་པ། །ཉམས་མེད་པར་ནི་འགྲོ་བའི་གྲུ། །མྱུར་དུ་དངོས་གྲུབ་བྱེད་པའི་མཆོག །ཅེས་གསུངས་སོ། །སྤྱོད་པའི་ཕྱག་རྒྱ་རྣམས་ཀྱི་ངོ་བོ་དང༌། གྲངས་དང༌། འགྲོ་བ་སོ་སོའི་ཁྱད་པར་དང༌། ནུས་པ་ཆེ་ཆུང་གི་དབྱེ་བ་ལས་ཀྱང༌། བདེ་ཆེན་གྱི་ཡེ་ཤེས་ཀྱི་ཁྱད་པར་མི་འདྲ་བ་དུ་མ་འདྲེན་ནུས་ཤིང༌། དེས་སྟོང་པ་ཉིད་རྟོགས་ཚུལ་ལ་ཡང་རེ་རེས་ཁྱད་པར་དུ་འགྱུར་ཏེ། དཔེར་ན་ལུས་ཀྱི་གནས་སོ་སོར་གནད་དུ་སྣུན་པ་ལས་ཉམས་ཀྱི་ཁྱད་པར་མི་འདྲ་བ་རེ་རེ་སྐྱེ་བ་བཞིན་ནོ། །དེས་ན་རྡོ་རྗེ་མཁའ་འགྲོ་ལས། ཕྱག་རྒྱའི་བྷ་གའི་ཁྱད་པར་སོ་སོའི་བྱང་ཆུབ་ཀྱི་སེམས་འཆིང་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་གསུངས་པ་ཡིན་ནོ། །བཞི་པ་ནི། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། ཀུན་བཟང་གི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའོ། །དང་པོ་ལ་གསང་བའི་སྤྱོད་པ་ཞེས་
ཀྱང་བྱ་ཏེ། གསུམ་ཆར་ཡོད་ཀྱང་སྤྲོས་མེད་ཤས་ཆེ། གཉིས་པ་ལ་སྤྲོས་བཅས་དང་སྤྲོས་མེད་གཉིས་ཆ་མཉམ། གསུམ་པ་ལ་སྤྲོས་བཅས་ཤས་ཆེ་བ་ཡིན་ནོ། །དེ་ལ་ཨ་ཝ་དྷཱུ་ཏཱིའི་དོན་དྷུ་ནོ་ཏི་ཏེ་སྡིག་པ་སྐྲོད་པར་ཞེས་པར་འགྲོ། གཉིས་སྤངས་དང་ཀུན་འདར་ཞེས་པར་འགྲོ་སྟེ། སཾ་བྷུ་ཊི་ལས། སྡིག་བཅོམ་སྤྱོད་པ་འདིས་མྱུར་ཐོབ་ཅེས་ཀྱང་གསུངས། བསམ་གྱིས་མི་ཁྱབ་པ་ཡི་གནས། །རྣལ་འབྱོར་པས་ནི་སྒོམ་བྱེད་པ། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བཤད། །རྟོག་པ་ཐམས་ཅད་རྣམ་སྤངས་པ། །ཞེས་གསུངས་པས་སྡིག་པ་དག་པ་དང༌། གཉིས་སྣང་གི་རྣམ་རྟོག་དང་པོར་འཇོམས་བྱེད་ཡིན་པ་དང༌། མཚན་འཛིན་ནམ་བདེན་འཛིན་ནི་གཡོ་ཞིང་འདར་བ་དང༌། བསྐྱོད་པར་བྱེད་པའི་དོན་ནོ། །ཀུན་བཟང་གི་དོན་ནི། དེས་བྱ་བ་ཅི་བྱེད་ཐམས་ཅད་བཟང་ངན་གང་དུ་སྣང་ཡང་དུས་ཀུན་ཏུ་ངོ་བོ་བཟང་པོ་འབའ་ཞིག་ཡིན་པའོ། །ཕྱོགས་ལས་རྣམ་རྒྱལ་ནི་ཉོན་མོངས་ལས་དངོས་སུ་རྒྱལ་ཞིང་བདུད་བཞི་པོ་རྣམས་བཏུལ་བ་དང༌། སེམས་ཅན་གྱི་དོན་ལ་སྟོབས་དང་ལྡན་པ་དང༌། ཤེས་བྱའི་སྒྲིབ་པའང་འཇོམས་བཞིན་པ་ཡིན་པས་སོ། །འདི་དག་དང་པོ་གཉིས་གཙོ་བོར་སྦྱོར་ལམ་སྐབས་དང་ཕྱི་མ་གཙོ་བོར་འཕགས་ལམ་དུ་སྦྱོར་མོད། གསུམ་ཆར་ལ་སྐྱེས་འཕགས་གཉིས་ཀ་ཡོད་དོ། །ལྔ་པ་ལ།
སྤྱོད་པ་རྒྱུ་བའི་ཡུལ། གྲོགས་ཕྱག་རྒྱ་མ། སྤྱོད་པའི་ཀུན་སློང༌། སེམས་ཀྱི་དམིགས་པ། ཆ་ལུགས་སྒྱུར་བའི་ཁྱད་པར། འགྲོ་བའི་དུས་ཀྱི་བྱ་བ། བསྟེན་བྱ་འདོད་ཡོན། སྤྱོད་པའི་བསླབ་བྱ་སྤྱོད་པའི་ཕན་ཡོན། ཇི་ལྟར་སྤྱོད་པའི་རིམ་པའོ། །དང་པོ་ནི། རྩ་རྒྱུད་ལས། ཡུལ་དང་ཡུལ་དུ་འགྲོ་བ་ཡི། །ཕོ་ཉའི་གཟུགས་ནི་མཚོན་པ་ཡིན། །ཞེས་གསུངས་ཏེ། གཙོ་བོ་ཡོངས་སུ་གྲགས་པ་འཛམ་བུ་གླིང་གི་ཡུལ་སོ་གཉིས་པོ་རྣམས་དང༌། ཕྱོགས་མཐུན་བོད་ལ་སོགས་པའི་རྒྱལ་ཁམས་རེ་རེ་ལ་ཡང་ཡུལ་ཆེན་དེ་དག་ཚང་བར་རྩི་ཞིང༌། གྲོང་ཁྱེར་གཅིག་ཉིད་ལ་ཡང་ཚང་བའོ། །ཚང་བའི་གོ་དོན་ཡང་ས་བཅུ་ཆེ་ཆུང་ལ་གནས་པའི་ཕོ་ཉ་མོ་རྣམས་གནས་པ་ཡིན་པ་དང༌། བདག་ཉིད་ལ་དེ་དག་གི་རྟཽགས་པ་སྐྱེ་བའི་གྲོགས་སུ་འགྱུར་བའོ། །དེའི་ཕྱིར་ཡུལ་ཆེན་རྣམས་གཙོ་བོར་གྱུར་པའི་ཡུལ་ཐམས་ཅད་དུ། གྲུབ་ཆེན་ཛ་ལནྡྷ་རི་པའི་ཞལ་སྔ་ནས་ཀྱང༌། ཡུལ་དང་ཡུལ་འཁོར་ཐམས་ཅད་ས་བཅུ་ཡིན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ། རྫཽགས་རིམ་དང་བསྐྱེད་རིམ་དང་གཉིས་ཀའི་ཐུན་མོང་གསུམ་ལས། དང་པོ་རྩ་རྒྱུད་ལས། རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་ནི་རྣམ་པ་བཞི་རུ་གྲགས། །རིགས་གཅིག་ལ་ནི་ཀུན་སྤྱོད་པ། རྣལ་འབྱོར་གྲུབ་དོན་རབ་ཏུ་མཆོད། །ཅེས་བྲམ་ཟེ་རྗེའུ་རིགས་དམངས་རིགས་གདོལ་བ་ལ་སོགས་བཟང་ངན་ཐམས་ཅད་ལ་རིགས་གཅིག་པའི་ཚུལ་
གྱིས་མཉམ་པ་ཉིད་དུ་བྱེད་པ་དང༌། དེ་བཞིན་དུ་གཟུགས་དང་ལང་ཚོ་འགྲོ་བའི་རིགས་དང༌། མཚན་ཉིད་ཀྱི་ཚང་མ་ཚང་ཇི་ལྟར་རྙེད་པ་ཐམས་ཅད་ཕྱོགས་མེད་དུ་བསྟེན་པ་སྟེ། དུས་ཀྱི་འཁོར་ལོ་ལས་ཀྱང༌། བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མར་བཅས་དང་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣ་མིག་ལག་དང་བྲལ་བ་རྣ་བ་མཆུ་དང་སྣ་ནི་ཆང་མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱས་ཏེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་དང༌། བཅས་པའི་ཐུགས་རྗེས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་ཆགས་པའོ། །ཞེས་གསུངས་སོ། །གཉིས་པ་ནི། སྤྱིར་ཕྱག་རྒྱའི་གཙོ་བོ་རྣམས་རང་གི་རིགས་སོ་སོར་ངེས་པར་བྱེད་པ་དང༌། ཁྱད་པར་རྒྱུད་འདིའི་ལུས་ཀྱི་རྒྱུད་ལས། ཕོ་ཉ་མོ་ཡི་སྒྲུབ་པ་གཉིས། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །རབ་དགའ་ཉིད་དང་དངོས་གྲུབ་ནི། །ཞིང་རྣམས་གནས་སུ་གྲུབ་པ་ཡིན། །མཁའ་འགྲོ་མ་དག་རྣམ་པར་གནས། །ཞེས་གསུངས་ཏེ། ཞིང་སྐྱེས་ཀྱི་རྣལ་འབྱོར་མའི་འདུ་བ་ཐོབ་པར་བྱེད་པའི་སྒྲུབ་པ་ལ་ཞུགས་པའི་ཚེ། སྔགས་སྐྱེས་ཀྱི་ཕོ་ཉ་མོ་འབའ་ཞིག་ལས་གཞན་མི་བསྟེན་ཏེ། དེའི་བར་ཆད་དུ་འགྱུར་བའི་ཕྱིར་ཕོ་ཉ་གཅིག་པུ་ཁོ་ན་ཞེས་གསུངས་སོ། །ཞིང་སྐྱེས་ཀྱི་འདུ་བ་ཐོབ་ནས་ནི། གཉིས་ཆར་བསྟེན་པ་
ཡིན་ཏེ། ཕོ་ཉ་མོའི་སྒྲུབ་པ་ལུགས་གཅིག་གོ །ཡང་ན་དེར་གནས་པ་ཡི་བཟླས་པ་བྱ། །ཟས་རྙེད་པ་ནི་གཉིས་པའོ། །ཞེས་གནོད་སྦྱིན་མོ་ལ་སོགས་ཕྱག་རྒྱར་སྒྲུབ་སྟེ། དེས་རང་ལ་ཁ་ཟས་སྦྱིན་པ་སོགས་བྱེད་པ་གཉིས་པའོ། །གསུམ་པ་ནི་རྩ་རྒྱུད་ལས། ལྕེ་སྦོམ་མིག་ནི་དམར་སེར་ལ། རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །ཞེས་པདྨ་ཅན་སོགས་བཞི་དང༌། སྤྱིའི་མཚན་ཉིད་ཀྱང༌། དངོས་གྲུབ་ཀུན་གྱི་ཐུན་མོང་དུ། བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། དྲན་པ་དང་ནི་ཡང་དག་ལྡན། །ཞེས་དང༌། བླ་མ་བརྒྱུད་པའི་རིམ་ཐོབ་པའི། །དབང་བསྐུར་བ་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་དང༌། །ཆགས་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས། །ཞེས་གསུངས་ཏེ། སྔགས་ལ་མོས་ཤིང་དྲན་པ་དང་ལྡན་པའི་བུད་མེད་བླ་མ་བརྒྱུད་པའི་རིམ་པ་ལས་འབྱུང་བའི་དབང་བསྐུར་བས་དམ་ཚིག་ཐོབ་པར་བྱས་ཤིང་རིམ་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བ་ལེགས་པར་བསྒོམ་པ་དང༌། སྦྱིན་པ་ལ་དགའ་བ་དང༌། འདོད་ཡོན་གྱི་གཡེང་བ་ལ་ཆགས་པ་ཤས་ཆུང་བ་དང༌། ཡུལ་རྣམས་ལ་མ་བཀག་པར་ལོངས་སྤྱོད་པའི་བདེ་བ་ཆེན་པོར་སྒྲུབ་པར་ནུས་པ་སྔགས་ལུགས་ཀྱི་དབང་པོའི་སྒོ་སྡོམ་པའི་ཚུལ་ཁྲིམས་དང་ལྡན་པ། སྒྲུབ་པ་པོ་ལ་ཡེ་ཤེས་རྫོགས་པར་བསྐྱེད་པའི་རྒྱུའི་
ནུས་པ་ཅན་ནི། སྤྱོད་པ་གཉིས་ཀའི་གྲོགས་ཕྱག་རྒྱའི་མཚན་ཉིད། སྦྱངས་པ་ལས་ཐོབ་པའི་ཕོ་ཉ་མོའོ། །ཕོ་ཉ་མོའི་མཚན་ཉིད་རྣམས་ནི་མདོ་ཙམ་དུ་བཤད་ཟིན་ཏོ། །འདིར་ཕྱག་རྒྱ་འཇུག་ལྡོག་གི་ཁྱད་པར་ནི་འདི་ལྟར། རྣལ་འབྱོར་ལམ་བྱང་ཡང༌། མན་ངག་ཐོབ་པ་ཙམ་གྱིས་ཀུནྡ་འཆིང་བར་ནུས་པས་ནི་ལམ་སྒོམ་པའི་དང་པོ་ཉིད་ནས་ཀྱང་བསྟེན་དུ་རུང་མོད། འོན་ཀྱང་སྤྱིར་བཏང་ཏུ་ཐོག་མར་དབང་བསྐུར་བའི་དུས་མ་གཏོགས། རེ་ཞིག་རྣལ་འབྱོར་ལ་བཏེན་ཏེ་འགྱུར་བ་མ་ཁེགས་ཀྱི་བར་དུ་ལས་ཀྱི་ཕྱག་རྒྱ་མི་བསྟེན་པ་དང་པོར་འཇུག །དེ་ནས་ལྡོག་པའོ། །མཚམས་དེ་ནས་ཡེ་ཤེས་མཆོག་ཐོབ་པའི་ཕྱིར་དུ་ཕྱག་རྒྱ་ལ་འཇུག་ལ། འགྱུར་བ་ཁེགས་ནས་འཁོར་ལོར་མ་བསྟེན་པའི་བར་དུ་ཅི་རིགས་ཅི་རིགས་སུ་ལྡོག་པའི་སྐབས་ཀྱང་ཡོད་དོ། །དེ་ནས་སྒྲུབ་པའི་ཕྱག་རྒྱ་ལྡོག་ནས་ཞིང་གི་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ལ་འཇུག་པ་ནི། སྦྱོར་ལམ་གྱི་སྤྱོད་པའི་སྐབས་དང་ངེས་པའི་ཕྱག་རྒྱ་ལྡོག་ནས། སྤྲུལ་པ་སྣ་ཚོགས་པས་འཇུག་པ་ནི་ཟུང་འཇུག་ཕན་ཆད་དོ། །སྦྱོར་ལམ་གྱི་སྤྱོད་པའི་སྐབས་སུ་ཡང་ཞིང་གི་ཕོ་ཉ་མོ་ངེས་པ་ལས་ལྡོག་སྟེ། ཕྱོགས་མེད་དུ་འཇུག་པ་ཡང་ཡོད་ལ། མངོན་པར་བྱང་ཆུབ་པ་གཉིས་ཀྱི་སྐབས་སུ་དེ་དང་དེའི་མཐར་ཐུག་གི་ཕྱག་རྒྱ་ལ་འཇུག་ཅིང་གཞན་ལས་ལྡོག་པའོ། །འཇུག་ལྡོག་ཀྱང་གཙོ་བོར་
འཇུག་ལྡོག་ཡིན་གྱི་གཏན་ནས་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །གསུམ་པ་ནི། རྩ་རྒྱུད་ལས། གྲོལ་བའི་དོན་དང་དེ་དོན་དུ། །དམ་ཚིག་སྤྱོད་པ་ཉིད་དུ་བྱ། །ཞེས་གསུངས་པས། བདག་ཉིད་གྲོལ་བ་དང་སེམས་ཅན་རྣམས་གྲོལ་བའི་དོན་དུ་སྤྱོད་པ་ལ་འཇུག་པ་ཁོ་ནའི་བསམ་པ་དགོས་ཀྱི། བདག་ཉིད་བཟང་པོར་སྟོན་པའམ། བཟའ་བཏུང་གོས་ལ་སོགས་པ་དོན་དུ་གཉེར་བའི་བསམ་པས་སྤྱོད་པ་ལ་འཇུག་པ་ནི་མི་རུང་ངོ༌། །སྡོམ་འབྱུང་ལས། ནོར་དང་ཆུང་མ་དེ་བཞིན་སྲོག །དབུལ་ཞིང་སྦྱིན་པར་བྱ་བ་ཉིད། མདུད་པ་འདི་གསུམ་ལས་གྲོལ་ནས། །རྟག་ཏུ་སྤྱོད་པ་བྱ་བ་ཡིན། ཞེས་གསུངས་ཏེ། ལོངས་སྤྱོད་ལ་ཞེན་པ་མེད་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང༌། རང་གི་ལུས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་སྦྱིན་ཟིན་པའི་སེམས་ཏེ། བསམ་པ་རྣམ་པ་ལྔ་པོ་དེས་ཀུན་ནས་བསླངས་པའོ། །ཀྱཻ་རྡོ་རྗེ་ལས། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྦྱོང་བ་ཡང་དག་སྤྱོད། །ཅེས་གསུངས་ཏེ། འདིར་ལུས་སེམས་ཅན་རྣམས་ལ་སྦྱིན་པའི་དོན་ཡང༌། རྫུ་འཕྲུལ་མཆོག་མ་ཐོབ་བར་དུ་ལུས་བཅད་ཅིང་སྦྱིན་པ་ནི་མ་ཡིན་ལ། ལུས་ཀྱི་བྱ་བ་གང་ཅུང་ཟད་བྱེད་པ། མཐའ་ན་དབུགས་ཕྱི་ནང་དུ་འགྱུར་བ་ཚུན་ཆད་སེམས་ཅན་མཐའ་དག་སྒྲོལ་བའི་དོན་དུ་དམིགས་པ་དེ། ལུས་སེམས་ཅན་ལ་སྦྱིན་པའི་དོན་ནོ། །བཞི་པ་ནི། བསྐྱེད་རིམ་གྱི་སྤྱོད་པ་ཡིན་ན།
ལྷའི་རྣལ་འབྱོར་བསྲུང་བའི་འཁོར་ལོ་གོ་ཆ་དང་བཅས་པ་འབྲལ་བ་མེད་པ་བསྒོམ་པ་དང༌། དག་པ་གསུམ་གྱི་རང་བཞིན་དུ་བརྟན་གཡོ་ཐམས་ཅད་མོས་པས་རྣམ་པར་ལྟ་བ་དང༌། རྫོགས་རིམ་པའི་སྤྱོད་པ་ལ་ནི་ཐུན་དང་ཐུན་མཚམས་ཐམས་ཅད་དུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པ་སྟེ། ཇི་སྐད་དུ། ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང༌། །ཞེས་སོགས་རྫོགས་རིམ་གྱི་སྒོམ་བསམ་དང༌། རྩ་རྒྱུད་ལས། ཡན་ལག་ལས་འདས་མཚོན་ཆ་ནི། །ལུས་ལ་གནས་པ་ཀུན་ཏུ་སྤྱད། །ཅེས་བསྐྱེད་རིམ་པའི་སྒོམ་བསམ་གསུངས་སོ། །ལྔ་པ་ནི། ལྷའི་ཆས་སུ་འཇུག་པ་སྟེ། རྒྱུད་འདིར་ནི་དཔལ་ཧེ་རུ་ཀའི་ཆས་སུ་འཇུག་པ་སྟེ། རྩ་རྒྱུད་ལས། མཚན་མོ་རྟག་པར་ནམ་མཁའི་གོས། །གནག་དང་དམར་བ་རྟག་འགྱུར་བྱ། །སྲོག་ཆགས་ཡན་ལག་ལས་བྱུང་གྱོན། །བདེ་བ་སྤྱོད་པས་བདེ་ཐོབ་འགྱུར། །མཆོད་ཕྱིར་ཐོགས་ནས་ཡོངས་སྤངས་གཙང༌། །ཤྲཱི་ཧེ་རུ་ཀར་བྱིན་གྱིས་བརླབས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །དུས་ཀུན་ཏུ་ནི་ཡང་དག་སྤྱད། །ཞེས་བདག་ཉིད་ཧེ་རུ་ཀ་དང་མཐུན་པའི་ཁ་དོག་ནག་པོ་དང༌། ཕྱག་རྒྱ་ཡུལ་དང་མཐུན་པའི་དམར་པོ་སྒྱུར་ཞིང༌། ཧེ་རུ་ཀའི་སྔགས་ཀྱིས་དེའི་ངོ་བོར་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ལྔ་དང་ཡང་དག་པར་ལྡན་པ་དང་
མཆོད་ཕྱིར་ཐོགས་ཏེ་རིག་བྱེད་ལས་འབྱུང་བའི་སེ་རལ་ཁའི་གཙང་སྦྲ་སྤངས་ཏེ། རྐུན་མའི་སྐྲའི་མཆོད་ཕྱིར་ཐོགས་འཆང་བ་སྟེ། ཕྱག་མཚན་ཀྱང་ཧེ་རུ་ཀའི་ཕྱག་མཚན་གྱི་གཙོ་བོ་ཡིན་པའི་ཕྱིར། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་ཞྀང༌། ཧཱུཾ་ཞེས་བྱ་བ་དང་རྩ་བའི་སྔགས་བཟླ་བར་བྱེད་པ་ཡིན་ནོ། །འདིར་རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ་ལྔའམ་དྲུག་དང་ཅང་ཏེའུ་ཁ་ཊྭཱཾ་ཐོད་པ་ལ་སོགས་པའི་ཕྱག་མཚན་རྣམས་ཀྱི་ཚད་དང་མཚན་ཉིད་དང་རྣམ་གཞག་རྒྱས་པ་གཞན་དུ་བཤད་པར་བྱའོ། །ཀྱཻ་རྡོ་རྗེར་ནི། ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཐབས་ཀྱི་གཟུགས་ཉིད་ཅང་ཏེའུ་ཉིད། །ཅེས་པ་ཁ་ཊྭཱཾ་ག་ཤེས་རབ་དང༌། ཌཱ་མ་རུ་ཐབས་སུ་བསྟན་པའང་ཡོད་མོད་ཀྱི། འདིར་ནི། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། ཞེས་ཁ་ཊྭཱཾ་ག་སྣང་སྟོང་གཉིས་སུ་མེད་པའི་ལྷ་སྐུ་བདེ་བ་ཆེན་པོའི་ཐབས་དང༌། ཌཱ་མ་རུ་ནི་སྤྲོས་པ་ཐམས་དང་བྲལ་བའི་སྟོང་པ་ཉིད་ཤེས་རབ་དང༌། ཐོད་པ་བདེ་བ་ཆེན་པོ་དང༌། ཚངས་པའི་སྐུད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས། དེ་རྣམས་སེམས་གཅིག་ཉིད་ཡེ་ཤེས་དེ་དག་གི་ངོ་བོར་སྣང་བ་མཚོན་ནོ། །དྲུག་པ་ནི། རྩ་རྒྱུད་ལས། བསམ་པའི་བདག་ཉིད་ནང་པར་ལངས། །ལུས་ཀྱི་བྱ་བ་ཀུན་བྱས་ཏེ། །ཞེས་པ་དང༌། དག་བྱེད་བྱས་པའི་ལུས་ངག་ནི། །རྟག་ཏུ་སྔགས་ནི་བརྗོད་པར་བྱ། །རྟག་ཏུ་སྔགས་ནི་བརྗོད་ནས་སུ། །རྣལ་འབྱོར་གནས་ནི་ངེས་སྟོན་ཞིང༌། །ཞེས་དང༌། སཾ་པུ་ཊིར་ཡང༌། དཔལ་ལྡན་རྡོ་རྗེ་སློབ་དཔོན་ཅན། །ཀུན་གྱི་མགོན་ལ་ཕྱག་བྱས་ནས། །བྱ་བ་བྱས་པའི་བློ་ཆེན་གྱིས། །
གསང་བའི་སྤྱོད་པ་བསྟེན་པར་བྱ། །ཞེས་ནངས་པར་སྔ་བར་ལངས་ནས་བསམ་པ་རྣམ་པར་དག་པ་ལ་གནས་པས། སློབ་དཔོན་ལ་སྤྱོད་པ་བྱེད་པར་ཞུས་ཏེ། དེ་ཡང་སྡོམ་འབྱུང་ལས། ཇི་ལྟའི་དེ་སྙེད་བླ་མའི་བཀའ། །ཐོབ་ནས་རྟག་ཏུ་བསྒོམ་པར་བྱ། །ཞེས་གསུངས་ཤིང༌། ཀྱཻ་རྡོ་རྗེར་ཡང༌། མནར་མེད་སྤངས་པའི་རྒྱུ་ཡི་ཕྱིར། །གྲུབ་པའི་བླ་མ་མངོན་ཕྱག་འཚལ། །ཞེས་གསུངས་ཤིང་གནང་བ་ཐོབ་ནས་ལྷའི་རྣལ་འབྱོར་ལ་གནས་པས་ཤ་ལྔ་བདུད་རྩི་ལྔ་ལུས་ལ་བྱུགས་པ་ལ་སོགས་པའི་རྫས་དང༌། གོ་ཆ་གསུམ་སོགས་ལྷ་སྔགས་ཀྱིས་དག་བྱེད་བྱས་ཏེ། སློབ་དཔོན་དང་ཡི་དམ་མཐོང་བ་ན་ཕྱག་འཚལ་ཞིང་རྩ་སྔགས་བརྗོད་པ་ཡིན་ཏེ། བཟང་ངན་ཐ་མལ་དུ་འཛིན་པའི་སེམས་སྤངས་ནས། རྩ་རྒྱུད་ལས། སློབ་དཔོན་དཔའ་བོ་མཐོང་གྱུར་ན། །སྒྲུབ་པ་པོས་ནི་སྔགས་འདི་དག །མཐོང་ཞིང་མཐོང་ཞིང་ཀུན་ཏུ་དགའ། །རྩ་བའི་སྔགས་ཀྱི་གསང་སྔགས་མཆོག །དཔའ་བོའི་ཡི་གེ་བདུན་པོ་ནི། །འཛིན་པར་གང་ཞིག་བྱེད་པ་ནི། །ཨོཾ་དང་ཧཱུཾ་གི་ཁྱད་པར་དབྱེ། །དེ་རྣམས་འབད་དེ་ཕྱག་བྱ་ཞིང༌། །སངས་རྒྱས་ལ་སོགས་ཐམས་ཅད་མཆོད། །ཅེས་གསུངས་སོ། །བདུན་པ་ནི། ཁ་ཅིག་འདོད་ཡོན་མཆོག་དམན་འབྲིང་གསུམ་རྣམས་སྒོམ་བསམ་གྱི་སྒོ་ནས་ལོངས་སྤྱོད་ཀྱང༌།
དངོས་སུ་རྟེན་བྱེད་ནི་ཡུལ་བཟང་པོ་ཁོ་ནའོ། །ཞེས་སྨྲ་བ་ནི། ལེགས་པར་མ་བརྟགས་པ་ཁོ་ན་སྟེ། ཡུལ་ངན་པས་བདེ་བ་འཕེལ་མི་ནུས་སྙམ་པར་འདུག་ན་ཡང༌། གང་སྣང་ཐམས་ཅད་བདེ་བའི་གྲོགས་སུ་འགྲོ་བའི་སྐབས་ཡིན་པའི་གནད་མ་ཤེས་པར་སྣང་སྟེ། གཞན་ཡང་རྒྱུད་སྡེ་རྣམས་ལས་རྣམ་པར་མི་རྟོག་པའི་སེམས་ཀྱིས་བཟང་ངན་ཐམས་ཅད་ལ་རོ་མཉམ་དུ་སྤྱོད་པར་གསུངས་ཤིང༌། རྒྱུད་འདིར་ཡང༌། རིགས་རྣམས་ཀུན་ལ་སྤྱད་བྱ་ཞིང༌། །བཟའ་མིན་བར་ནི་མི་རྟོག་གོ །དེ་ཉིད་དུ་ནི་དབྱེར་དེ་མེད། །ཅེས་དང༌། ཀྱཻ་རྡོ་རྗེར་ཡང་ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །བཟའ་དང་བཟའ་མིན་སྤྱོད་པ་དང༌། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་གསུངས་པ་དང༌། མི་གཙང་བའི་རྫས་ཐམས་ཅད་ཟ་བར་གསུངས་པ་སོགས་ཀྱིས་ཤེས་པར་བྱ་བ་ཡིན་ནོ། །བརྒྱད་པ་ནི། དམ་ཚིག་བརྒྱད་ལ་སོགས་པ་དང༌། གཞན་ཡང༌། རྩ་རྒྱུད་ལས། མཚོན་བྱ་རྣམས་ནི་འགོད་མི་བྱ། །དམ་ཚིག་ཅན་ལ་ཁྲོ་མི་བྱ། །དབང་བསྐུར་བ་ལས་འདའ་མི་བྱ། །དེ་དང་ལྷན་ཅིག་བདེ་བར་བྱ། །ཞེས་གོ་ཆ་ལས་མི་འདའ་བའམ། ཕྱག་འཚན་མི་འགོད་པ་ནི་བསྐྱེད་རིམ་གྱི་སྤྱོད་པའི་སྐབས་དང༌། དམ་ཚིག་ཅན་གྱི་མི་ལ་མི་ཁྲོ་བ་དང༌།
དབང་བསྐུར་གྱི་དམ་ཚིག་རྣམས་ལས་དམིགས་བསལ་མ་གཏོགས་མི་འདའ་བ་དང༌། དུས་བཞིར་ཕྱག་རྒྱ་དང་ལྷན་ཅིག་བདེ་བ་བསྒོམས་པ་སྟེ་གསུམ་དང༌། གོང་དུ་བཤད་པའི་ཚོགས་ཀྱི་གཙང་སྦྲ་གསུམ་དང༌། སྡོམ་འབྱུང་ལས། འདོད་པ་ཁྲོ་བ་འཇིགས་པ་དང༌། །སྲིད་པ་གཏི་མུག་ང་རྒྱལ་སྤངས། །རྟག་ཏུ་རྟག་དང་ཆད་པ་དང༌། །དེ་བཞིན་གཞུང་སྒྲིག་བསྡུ་བ་སྤངས། །ཞེས་དང༌། ཁྲཽ་དང་མངོན་པའི་ང་རྒྱལ་དང༌། །བསྟོད་དང་སྨད་པ་རྣམ་པར་སྤངས། །རྟག་ཏུ་ཆགས་མེད་དགའ་བ་མེད། །ཐམས་ཅད་ཐུན་མོང་དག་ཏུ་གནས། །ཞེས་དང༌། བདག་གཞན་བདག་ཉིད་ཚུལ་གྱིས་ནི། །ཐེ་ཚོམ་མེད་པར་གནས་པར་བྱ། །འདོད་པ་མེད་པའི་ཀུན་སྤྱོད་ནི། །ཅུང་ཟད་འདོད་པ་ཐམས་ཅད་སྤྱད། །ཅེས་འདོད་པ་སོགས་ཉོན་མོངས་བརྒྱད་སྤངས་པ་དང༌། སྒྲིབ་པ་ལྔ་དང་ནམ་ཡང་མི་འགྲོགས་པ་དང༌། རྟག་ཆད་ཀྱི་ལྟ་བ་དང༌། ལུང་རིགས་ལ་རྟོག་གེའི་སྤྱོད་པ་ནམ་ཡང་མི་འཛིན་པ་དང༌། བསྟོད་སྨད་ལ་དགའ་མི་དགའ་སོགས་དང༌། གཞན་ལའང་ཐུན་མོང་མ་ཡིན་པར་གཅེས་འཛིན་གྱི་སེམས་རྣམས་རྟག་ཏུ་མི་འདྲེ་བར་བསྲུང་བ་དང༌། ཐེ་ཚོམ་མི་བྱེད་པ་དང༌། ཞེན་པ་མེད་པའི་སྒོ་ནས་ཅི་འདོད་པ་ཐམས་ཅད་བྱེད་པ་དང༌། སཾ་པུ་ཊི་དང༌། ཀྱཻ་རྡོ་རྗེ་ལས་ཀྱང༌། ངེས་པར་མངོན་དུ་ལྷ་མིན་གང༌། །བརྒྱ་བྱིན་ལྟ་བུ་ཡིན་
ན་ཡང༌། །འཇིག་པ་ཙམ་དུ་མི་བྱེད་དེ། །སེང་གེའི་ཚུལ་དུ་རྒྱུ་བར་བྱ། །ཞེས་པ་དང༌། སྡོམ་འབྱུང་ལས་ཀྱང༌། དགོས་པ་ཐམས་ཅད་རྣམ་སྤངས་ནས། །སེང་གེ་ལྟར་སྤྱོད་རྣལ་འབྱོར་པ། །ཞེས་གསུངས་པ་ལྟར། གང་ལའང་འཇིགས་པ་མེད་པར་འཇུག་པ་དང༌། བཟའ་བཅའ་དེ་བཞིན་བཏུང་བ་རྣམས། ཇི་ལྟར་རྙེད་པ་རབ་ཏུ་ཟ། །ཞེས་པ་དང༌། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་ལྡན། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་ཇི་སྙེད་པ་ཉིད་ལོངས་སྤྱོད་པ་དང༌། །སྦྱིན་སྲེག་སོགས་ཕྱིའི་བྱ་བ་རྣམས་སྤངས་པ་དང༌། ཚེས་གྲངས་དང༌། གཟའ་སྐར་གྱི་རྣམ་རྟོག་མེད་པ་དང༌། བཟའ་བའི་དམ་ཚིག་ལ་སོགས་པ་ངེས་པར་སྤངས་བ་དང༌། ལུས་ངག་གི་སྡོམ་པ་རྣམས་ལས་ངེས་པར་གྲོལ་བ་དང༌། གཞན་ཡང་ངོ་ཚ་དང་ཞུམ་པ་དང་ཐ་མལ་གྱི་གཉིད་སྤོང་བ་ནི་སྤྱོད་པ་ཐམས་ཅད་ཀྱི་དམ་ཚིག་དང༌། ཁྱད་པར་འདིར་གཡོན་པའི་ཀུན་སྤྱོད་ལ་གནས་པ་དང༌། མ་དད་པ་སོགས་གདུག་པ་ཅན་རྣམས་ཚར་གཅོད་པ་དང༌། གསང་སྤྱོད་ཀྱི་སྐབས་སུ། སྔགས་དང་དེ་བཞིན་ཕྱག་རྒྱ་དང༌། །ཡེ་ཤེས་དེར་ནི་བསྟེན་མི་བྱ། །ཞེས་ཤིན་ཏུ་གསང་བ་དང༌། ཞིང་སྐྱེས་ཀྱི་འདུ་བ་ཆེད་དུ་སྒྲུབ་པའི་སྐབས་སུ། ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་ལ་རྨོངས་པས་འགྲོ་མི་བྱེད། །ཕོ་ཉ་མོ་གཞན་རྟག་ཐར་བ། །འབད་
པ་ཡིས་ཀྱང་ལོངས་སྤྱོད་བྱ། །ཞེས་སྔགས་སྐྱེས་ལ་ཞེན་པ་སྟེ། རྟག་ཏུ་བསྟེན་པ་དང༌། སྔགས་སྐྱེས་ལས། གཞན་པ་ལ་ནི་མི་བགྲོད་པའོ། །རྫོགས་རིམ་གྱི་བརྟན་པ་ཐོབ་པའི་སྤྱོད་པ་དམ་ཚིག་ནི། ཟས་ཐམས་ཅད་ནང་གི་སྦྱིན་སྲེག་དང༌། རྟག་ཏུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས་པ་དང༌། གང་ཅི་མཐོང་བ་ཐམས་ཅད་རྡོ་རྗེ་གསུམ་དུ་ཤེས་པས་རབ་གནས་བྱེད་པ་དང༌། ངག་སྔགས་སུ་ཤེས་པས་བཟླས་པ་རྒྱུན་མི་ཆད་པ་དང༌། རྟག་ཏུ་ཡེ་ཤེས་དང་མ་བྲལ་བ་དང༌། མི་དང་མི་མ་ཡིན་པའི་སློབ་མ་རྣམས་ལ་གདམ་ངག་སྟོན་པ་དང༌། ཚར་གཅོད་རྗེས་འཛིན་གྱིས་སེམས་ཅན་གྱི་དོན་བྱེད་པ་དང༌། བདག་ཉིད་མཆོད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་དང༌། འོད་གསལ་གྱི་གཉིད་ནམ་ཡང་མི་སྤོང་བ་དང༌། གྲོང་པའི་ཆོས་མི་སྤོང་བ་དང་དབང་པོ་རྣམས་འདོད་ཡོན་ལ་མི་དགག་པ་རྣམས་སོ། །བརྟན་པ་ཆེར་ཐོབ་ནས་ལག་པའི་ཕྱག་རྒྱ་མི་འཆིང་བ་དང༌། སློབ་དཔོན་དང་བརྒྱུད་པའི་བླ་མ་མ་གཏོགས་སྐུ་གཟུགས་ལ་ཡང་ཕྱག་མི་བྱེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་པ་དང༌། དཀྱིལ་འཁོར་ལས་མི་བྱེད་པ་ལ་སོགས་པའོ། །དགུ་པ་ནི། གཙང་སྦྲ་གསུམ་གྱི་ཕན་ཡོན་དང༌། གཞན་ཡང་རྩ་རྒྱུད་ལས། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལས་འདྲེས་པ། །སྒྲུབ་པ་
པོ་ཡིས་དངོས་གྲུབ་ཐོབ། །བཟླས་བརྗོད་བསམ་གཏན་མེད་པ་ཡང༌། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་དང༌། བདེ་བའི་བསོད་ནམས་ཆུ་འཐུང་བ། །དག་བྱེད་སྡིག་པ་འཇིག་བྱེད་ཡིན། །རེག་པ་དང་ནི་སྨྲ་བས་ཀྱང༌། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཞེས་གསུངས་ཏེ། སྤྱིར་ཕོ་ཉ་མོ་དང༌། ཁྱད་པར་སྤྱོད་པའི་ཕོ་ཉ་ནི། སྒྲིབ་གཉིས་འཕྲལ་དུ་གཅོད་པར་བྱེད་པའི་རལ་གྲིའི་སོ་དང་འདྲ་ཞིང༌། སྡིག་སྒྲིབ་དག་པ་དང༌། བསོད་ནམས་འཕེལ་བར་བྱེད་ཅིང༌། བཟླས་བརྗོད་དང་ཏིང་ངེ་འཛིན་སྣ་ཚོགས་པས་དངོས་གྲུབ་སྒྲུབ་པ་ལ་མི་ལྟོས་པར་ཕོ་ཉ་མོ་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་འཕྲལ་དུ་སྦྱིན་པ་དང༌། ཆུ་འཐུང་བ་སྟེ་ཐིག་ལེ་འཛག་མེད་དུ་འཆིང་བའི་དངོས་གྲུབ་ཐོབ་པས། རང་རྒྱུད་ཀྱི་དྲི་མ་ཐམས་ཅད་དག་ཅིང་འཇོམས་པར་བྱེད་དོ། །སྤྱོད་པ་སྤྱད་པ་འདི་ནི་སྦྱངས་པ་ལས་བྱུང་བའི་ཕྱག་རྒྱ་ཡིན་ཀྱང༌། རྒྱུད་ཅིག་བཞིན་དུ་དེ་ཡང་གྲོལ་བར་འགྱུར་བ་སྟེ། གསང་བ་གྲུབ་པ་ལས་ཀྱང༌། ཚོགས་སྤྱོད་ཀྱི་སྐབས་སུ། ཇི་ལྟར་གསུངས་པའི་ས་ཕྱོགས་སུ། །རིག་པའི་བརྟུལ་ཞུགས་སྤྱད་ན་ནི། །སྡིག་པ་མ་ལུས་བྱང་ནས་ནི། །རིག་མ་དང་བཅས་གྲོལ་བར་འགྱུར། །ཞེས་གསུངས་ཤིང༌། དེར་མ་ཟད། རེག་པ་དང་ནི་གཏམ་འདྲེས་པ་ཙམ་གྱིས་ཀྱང་སེམས་ཅན་གཞན་གྱི་སྡིག་པ་མཐའ་དག་བྱང་བར་འགྱུར་རོ། །རིམ་ལྔ་ལས་ཀྱང༌། རང་བཞིན་སྣང་བའི་
དབྱེ་ཤེས་ཤིང༌། །དེ་ཉིད་བཞི་པ་ལ་བརྟེན་ཏེ། །གང་ཞིག་རྣམ་གསུམ་ལ་སློབ་པ། །དེ་ནི་མྱུར་དུ་འབྲས་ཐོབ་འགྱུར། །ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབ་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་འབྱུང་མི་འགྱུར། ཞེས་རྣམ་གསུམ་ནི་སྤྱོད་པ་གསུམ་ཏེ། བར་འདའ་ཙམ་མ་གཏོགས་མཐོང་ལམ་དང་སངས་རྒྱས་ཐོབ་པའི་མཐར་ཐུག་གི་རྐྱེན་སྤྱོད་པ་ཁོ་ན་ལ་ལྟོས་པ་དང༌། དངོས་གྲུབ་མྱུར་དུ་འགྲུབ་པའང༌། སྤྱོད་པ་ཁོ་ན་ལ་ལྟོས་པ་སྟེ། མ་གཙུབ་ན་འགལ་དུམ་ཙམ་ལ་མེ་མི་སྐྱེ་བ་བཞིན། སྤྱོད་པ་ལ་བསླབ་པ་དང་བྲལ་ན། དཔེའི་འོད་གསལ་མཐར་ཐུག་ཐོབ་ནའང༌། ཚེ་འདི་ལ་མཆོག་མི་འགྲུབ་ལ། དེས་སྤྱོད་པ་སྤྱད་ན་ཚེ་འདིར་མི་འགྲུབ་མི་སྲིད་པའོ། །བཅུ་པ་ནི། དང་པོར་གསང་བའི་སྤྱོད་པ་བྱ་སྟེ། རྩ་རྒྱུད་ལས། མཚན་མོ་རྟག་ཏུ་གསལ་བྱ་ཞིང༌། །ཉིན་པར་གསང་བ་ཉིད་དུ་བྱ། །བྱེད་པའི་ཡེ་ཤེས་ཤིན་ཏུ་སྦ། །ཞེས་དང༌། ཀྱཻ་རྡོ་རྗེར་ཡང༌། ཟླ་བ་གཅིག་ཏུ་གསང་ལ་སྤྱད། ཅེས་གསུངས་ཏེ། རང་གི་སེམས་བརྟན་མི་བརྟན་རྟག་པའི་ཕྱིར་རོ། །མཚན་མོ་དུར་ཁྲོད་ལ་སོགས་པ་ཕྱག་རྒྱ་དང་ལྷན་ཅིག་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་བར་བྱེད་དེ། འཇིག་རྟེན་དང་འགལ་བའི་སྤྱོད་པ་སྣ་ཚོགས་པ་བྱས་ཏེ། དེར་ཡེ་ཤེས་ཅུང་ཟད་མི་
བརྟན་ན། རེ་ཞིག་སྤྱོད་པ་མི་བྱ་བར། རྣལ་འབྱོར་ཉིད་བརྟན་པའི་ཕྱིར་བསྒོམ་མོ། །སཾ་པུ་ཊི་ལས་ཀྱང༌། དེ་ནས་བྱིས་པའི་རོལ་བའི་རྒྱུ། བསྡུས་ཏེ་བསྒོམ་ལ་བཞིན་བར་བྱ། །ཞེས་གསུངས་སོ། །གལ་ཏེ་བརྟན་ན། དེ་ཉིད་ཟླ་བ་གཅིག་ཏུ་གོམ་པར་བྱའོ། །དེར་ཕྱག་རྒྱ་ལུང་སྟོན་པ་ཡང་འབྱུང་སྟེ། དེ་ནས་སློབ་དཔོན་ལ་གནང་བ་ཞུས་ནས། །འཇིག་རྟེན་པའི་མངོན་དུ་སྤྱོད་པ་སྤྱོད་དེ། སྤྲོས་བཅས་སྤྲོས་མེད་ཅི་ལྟར་ཡང༌། འཇིག་རྟེན་ཕལ་པ་རྣམས་ཀྱི་མི་ཤེས་པར་རྫུ་དགོས་པས། སྨྱོན་པའམ། ནལ་བུའམ། གྱ་ཚོམ་པའི་རིགས་ངན་ལ་སོགས་པར་རྫུས་ཏེ་ལུང་བསྟན་ཐོབ་པའི་ཕྱག་རྒྱ་ལེགས་པར་སྦྱངས་ན། ཟླ་བ་གཅིག་གིས་སྐལ་པ་དང་ལྡན་པར་འགྱུར་བས། དེ་དང་ལྷན་ཅིག་སྤྱོད་པའམ། སྔགས་སྐྱེས་དང་ཞིང་སྐྱེས་ཀྱི་མཁའ་འགྲོ་མའི་ཚོགས་དང་ལྷན་ཅིག་སྤྱོད་ཀྱང་རུང་སྟེ། ཇི་སྐད་དུ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། བྱམས་པ་དཀའ་ཐུབ་མཆོག་ནི་ཐོ་རངས་དུས་སུ་ཆང་གི་དོན་དུ་ཆང་འཚོང་ཁྱིམ་དུ་འགྲོ། །ཉིན་མཚན་དུས་སུ་མཆོག་གི་ཐུགས་རྗེས་ཉ་ཡི་དོན་དུ་ཉ་པ་རྣམས་ཀྱི་ཚོང་འདུས་སུ། །དགོང་གྀ་དུས་སུ་བུད་མེད་ལ་འཇུག་ཕྱིར་དུ་དགའ་བས་བྲན་མོ་རྣམས་ཀྱྀ་ཁྱིམ་དུ་འགྲོ། །ཆང་ཉ་བུད་མེད་རྣམས་ཀྱི་དྲི་མ་གསུམ་བྲལ་ཨ་ཝ་དྷཱུ་ཏཱི་དམངས་རིགས་ཅིག་མ་ཡིན། །ཞེས་པ་ལྟར་མ་ངེས་པའི་སྤྱོད་པ་སྣ་ཚོགས་པ། གླུ་གར་དང་ཅ་ཅོ་དང་བཞད་
གད་དང་རྩེད་མོ་དང་ག་ཞ་དང༌། བརྒྱད་བཀག་མཆོད་རྒྱུག་སོགས་ཐ་མལ་པ་རྣམས་ལ་སེམས་ཀྱི་འགྱུར་བ་སྣ་ཚོགས་འབྱུང་བའི་བྱ་བ་ཤེས་དགུ་ཅོག་ལ་འཇུག་ཅིང༌། ཡིད་བཞིན་དུ་མ་འགྱུར་བར་བསྒོམ་པ་དང༌། ཤ་ལྔ་བདུད་རྩི་ལྔ་དང་འབྱུང་པོའི་གཏོར་མ་དང་ལྷག་མ་བོར་བ་སོགས་ཟ་ཞིང༌། མ་སྲིང་སོགས་བགྲོད་བྱ་མ་ཡིན་པ་རྣམས་ལ་བགྲོད་པ་སོགས། སྨད་པའི་ལས་སྣ་ཚོགས་པ་ཡང་ཏིང་ངེ་འཛིན་ཀྱི་གྲོགས་སུ་སྤྱོད་པ་དང༌། འདིར་རྡོ་རྗེའི་གླུ་གར་ལ་སོགས་པ་རྣལ་འབྱོར་པར་ཤིས་པར་འགྱུར་བ་རྣམས་རེ་ཞིག་མི་བྱ་བ་ཡིན་ནོ། །བདེ་བ་ཆེན་པོ་པདྨ་བཛྲ་ཞབས་ཀྱིས། གསང་བ་གྲུབ་པར་གསུངས་པ། རྡོ་རྗེའི་གླུ་ནི་མི་གསལ་བར། ཁམས་གསུམ་དག་ཏུ་གྲགས་པ་ཡི། །གཞན་དག་གསལ་པོ་ཉིད་དུ་ལེན། །སྣ་ཚོགས་སྐད་རེས་གླུ་ལེན་ཞིང༌། །ཤ་ཟ་བཞིན་དུ་ཀུན་ཏུ་ཁྱམས། །ཞེས་དང༌། དམན་པའི་འགྲོ་བ་ཉན་ཐོས་སོགས། །ཇི་ལྟར་གཞན་གྱིས་མི་རིག་པར། །དེ་ལྟར་སྔགས་པས་བྱ་བ་སྟེ། །བདག་ཉིད་སྒྲུབ་ཕྱིར་ཤིན་ཏུ་གསང༌། །ཞེས་གསུངས་སོ། །དེར་རྣམ་པར་རྟོག་པ་མངོན་དུ་གྱུར་པ་རྣམས་ནུབ་ཅིང༌། དྲོད་འབྲིང་པོར་ན་འཕོས་པ་ན་ཀུན་ཏུ་བཟང་པོའི་སྤྱོད་པ་བྱ་སྟེ། སྔ་མ་ལ་ཡུལ་ལ་སོགས་པ་ལ་ལྟོས་ནས་སློབ་དཔོན་ལ་གནང་བ་མ་ཞུས་ན། འདིར་ངེས་པ་ཞུ་སྟེ། འདི་ནི་འཇིག་རྟེན་རྣམས་ཀྱི་མངོན་དུ་རྣལ་འབྱོར་ཅན་དུ་གོ་བར་བྱས་ཏེ། མ་དད་པ་ཟློག་པར་བྱེད་པའི་རྫུ་འཕྲུལ་སྣ་ཚོགས་དང་བཅས་ནས་
ལྟ་སྟངས་བཞི་ལ་སོགས་པའི་བྱ་བས། སེམས་ཅན་འདུལ་བའི་དོན་སྣ་ཚོགས་བྱེད་པ་སྟེ། འདིར་ཞིང་སྐྱེས་འདུ་བ་བསམ་གྱིས་མི་ཁྱབ་པ་རྩོལ་བ་མེད་ཀྱང་ཐོབ་པར་འགྱུར་རོ། །དེ་ནས་དྲོད་ཆེན་པོ་ཐོབ་པ་ན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་འགོ་འཛུགས་པ་ཡིན་ཏེ། སྔ་མ་རྣམས་ལ་ཡུལ་རྐྱེན་གྱིས་ཚུར་ཅུང་ཟད་གནོད་པ་ཡང་ཡོད་ལ། འདི་ཕྱིར་ཆད་ནི་མེད་དོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་པོའི་སྐབས་འདིར་སྔར་བཤད་པའི་ཕྱག་རྒྱ་ལ་བརྟཻེན་ནས་ཀྱང་རུང༌། ནུས་པས་བཀུག་པས་ཀྱང་རུང་སྟེ། སཾ་པུ་ཊི་ལས། རིག་པ་འཛིན་པའི་བུ་མོ་དང༌། །ལྷ་དང་གནོད་སྦྱིན་ཡང་ན་ནི། །ས་འོག་གནས་པའི་ལྷ་མིན་དང༌། །རྣལ་འབྱོར་པས་ནི་དེ་དག་ལས། །གང་འདོད་པ་ཡི་རིག་མ་གཅིག །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །ཉེ་བར་བཀུག་སྟེ་སྒྲུབ་བྱས་ན། །འབད་པ་མེད་པ་ཅི་དགོས་པའི། །ཡོ་བྱད་ཐམས་ཅད་སྟེར་བར་འགྱུར། །རྒ་དང་ནད་ལས་རྣམ་པར་གྲོལ། ཁམས་གསུམ་སྡིག་བྲལ་ཆེན་པོར་འགྱུར། །ཞེས་གསུངས་པས། འདིར་ངེས་པར་ནུས་པ་ཆེན་པོ་རྣམས་ཐོབ་པས། ཆུ་བྱུང་མ་དང༌། ཐིག་ལེ་མཆོག་མ་སོགས་ལྷ་མོ་དགུག་པར་སླ་བ་རྣམས་དང༌། གཞན་ཡང་ལྷ་མོ་ཀླུ་མོ་གནོད་སྦྱིན་མོ་མ་མོ་ཆེན་མོ་རྣམས་འགུག་པར་བྱ་སྟཻ། དེ་ལྟར་ན་སྦྱངས་པ་ལས་བྱུང་བའི་སྔགས་སྐྱེས། ཞིང་སྐྱེས་སམ། གློ་བུར་དུ་དགུག་པ་སྟེ་བཞི་པོ་དེ་དག་གང་རུང་ལ་བརྟེན་ནས་རྡོ་རྗེ་སེམས་དཔའ་བསྐུལ་ཞིང་སྒྲུབ་
པས་འཕྲལ་ཉིད་དུ་མཐོང་ལམ་མངོན་དུ་བྱེད་དོ། །དེ་ནས་འཕགས་པའི་ས་ཐོབ་ནས་ཀྱང༌། གཙོ་བོར་སྤྱོད་པ་འདི་ཉིད་ལ་བརྟེན་པ་སྟེ། སྤྱོད་པ་ཕྱི་མ་འདི་གཉིས་ཚོགས་སྤྱོད་ཤས་ཆེ་བར་འབྱུང་ངོ༌། །འདིར་ཕྱོགས་ལས་རྣམ་རྒྱལ་ཐོག་མ་ནི། སྦྱོར་ལམ་ཆོས་མཆོག་གི་སྐབས་ཀྱི་ཉེ་རྒྱུའི་སྤྱོད་པ་དེ་ཡིན་ཏེ། སོ་སྐྱེའི་སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་དང༌། འཕགས་ལམ་གྱི་རིགས་པའི་སྤང་བྱ་ལ་དམིགས་ནས་བདེ་བ་ཆེན་པོའི་ཡེ་ཤེས་སུ་བསྲེ་བར་བྱེད་ཅིང་ཟིལ་གྱིས་གནོན་པར་མི་ནུས་པའི་སྐབས་ནི། འདི་ཉིད་ལ་ལྟོས་ནས་བཞག་པའི་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་དང༌། མངོན་གྱུར་ཟིལ་གྱིས་གནོན་བྱེད་ཀྱི་སྤྱོད་པ་ནི་ཀུན་བཟང་དང༌། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི། འཕགས་ལམ་གྱི་ནང་ཚན་སྤྱོད་པ་གསུམ་ལ་ལྟོས་པའི་ཕྱོགས་ལས་རྣལ་རྒྱལ་ཡིན་ཞེས་པ་ནི། རྗེ་བཙུན་གུ་རུ་ལྷོ་ཕྱོགས་པའི་ཞལ་ལུང་སྟེ། གྲུབ་བརྙེས་བརྒྱུད་པ་མ་ཆད་པའི་གསུང་ངག་མ་ཉམས་པའོ། །སྤྱིར་འཕགས་པའི་སྤྱོད་པ་རྣམས་ཕྱོགས་ལས་རྣམ་རྒྱལ་དུ་འཇོག་པས། འདི་དང་སྤྱོད་པ་གཞན་གཉིས་ལ་གཞི་མཐུན་པ་ནི་ཡོད་དོ། །ཤེས་རབ་ཀྱི་རྒྱུད་ཀྱི་ལུང་དྲངས་ཡང་རུང་སྟེ། རེ་ཞིག་ཕ་རྒྱུད་ཀྱི་ལམ་གྱི་སྤྱོད་པ་ལ་ནི། ཞིང་རྣམས་སུ་རྒྱུ་བ་མེད་དེ། རྒྱུད་དེ་ནས་རྣལ་འབྱོར་མ་རྣམས་ཀྱི་སྔགས་རྒྱུད་གཙོ་བོར་མི་སྟོན་པའི་ཕྱིར། ཁྱད་པར་གྱི་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཆེད་དུ་སྒྲུབ་པར་མ་
གསུངས་ལ། ཞིང་རྣམས་སུ་རྒྱུ་བའི་དགོས་པ་ནི་དེའི་ཆེད་ཡིན་པའི་ཕྱིར་རོ། །དེས་ན་ཐབས་འདི་ཡོད་པས་ཀྱང་ཤེས་རབ་ཀྱི་རྒྱུད་ཁྱད་པར་དུ་འཕགས་ཏེ། ལམ་མྱུར་བ་ཡིན་ལ། གང་དག་མ་རྒྱུད་རྣམས་སུ་སྒྱུ་ལུས་ཀྱི་རྫོགས་རིམ་སྟོན་ཚུལ་རང་གིས་འབད་པས་སྒྲུབ་ནས། ཡང་སྒྱུ་ལུས་གསང་འདུས་མ་གཏོགས་གཞན་ནས་མ་བཤད་པས། མ་རྒྱུད་ལས་ཀྱང་གསང་འདུས་ཆེས་ལྷག་ཅེས་འགལ་འདུའི་ཚིག་གིས་དེ་མཆོག་ཏུ་སྒྲུབ་པ་དང༌། ལྷ་ཞལ་གསུམ་ཕྱག་དྲུག་པ་ཡིན་པའི་རྒྱུ་མཚན་གྱིས་གསང་འདུས་ཆེས་ཟབ་པར་འདོད་པ་སོགས། རྒྱུ་མཚན་མ་རྙེད་ནས་སྙིང་པོ་མེད་པའི་གཏམ་ཟར་ཟིར་མང་པོ་གང་དྲག་ཅི་དྲག་གི་ཚུལ་དུ་སྨྲས་པ་ཡིན་ནོ། །གཞན་ཡང༌། ཨ་ཝ་དྷཱུ་ཏཱི་དང་ཀུན་བཟང་གི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ་རིམ་པར་སྤྱོད་པའི་རྣམ་གཞག་འདི་ལ། འདི་དག་སཾ་པུ་ཊིའི་རྒྱུད་དོན་འཆད་མ་ཤེས་པ་ཡིན་པས། སྤྱོད་བསྡུས་ལ་སོགས་པའི་གཞུང་དོན་ཆེན་པོ་རྣམས་དང་འགལ་ཞེས་ཟེར་རོ། །གཞུང་ཆེན་པོ་དང་འགལ་ཞེས་ཟེར་བ་ཡང༌། བླ་མ་གོང་མ་རྣམས་ཀྱི་མན་ངག་ལ་ཟུར་ཟ་བའི་ཚིག་སྟེ། གཞུང་ཆེན་པོ་འགའ་ཞིག་དང་མི་མཐུན་པའི་མན་ངག་མི་འཐད་ན། ཐོགས་མེད་སྐུ་མཆེད་ཀྱིས་མཛད་པའི་གཞུང་རྒྱ་མཚོ་ལྟ་བུ་དང་བྱམས་པའི་གཞུང་ཆེན་པོ་དང་མི་མཐུན་པའི་ཟླ་བ་གྲགས་པའི་གཞུང་དུ་ཀླུ་སྒྲུབ་ཀྱི་མན་ངག་བཀོད་པ་ཡང་མི་འཐད་དོ། །དེ་ཀླུ་སྒྲུབ་ཀྱི་གཞུང་དང་མཐུན་
སྙམ་ན། དབུ་མ་རྩ་བ་དེ་རེ་ཞིག་མདོ་སྡེ་རྒྱན་ལས་ཀྱང་ཆེས་པ་མ་ཡིན་ན། རྣལ་འབྱོར་སྤྱོད་པའི་གཞུང་ཤོ་ལོ་ཀ་སྟོང་ཕྲག་ལྔ་བཅུ་པ་ལས་ཅི་ཞིག་ཆེ། དེས་ན་གཞུང་ཆེན་པོ་དེ་དག་ལ་དཔགས་ན་དེ་ཆུང་བས། གཞུང་ཆེན་པོ་རང་ཁྱེད་ལ་དབང་བཙན་དགོས་པས། དེ་ལས་དེ་དབང་བཙན་དགོས་སོ། །འོན་ཀྱང་ལུགས་སྲོལ་དེ་དང་མཐུན་པས་ཆོག་སྙམ་ན། ཁོ་བོ་ཅག་གི་མན་ངག་འདི་ཡང་མ་རྒྱུད་དང་མཐུན་པས་སོ། །ཐེག་ཆེན་གྱི་མདོ་སྣ་ཚོགས་ལ་དགོས་པ་ཐ་དད་ཡོད་པས་དགོངས་འགྲེལ་ཡང་སོ་སོར་འགྱུར་བ་ལ་འགལ་བ་མེད་ན། གསང་འདུས་འཕགས་སྐོར་དང་མ་རྒྱུད་ལ་མི་འདྲ་བ་ཕྲན་ཚེགས་འབྱུང་བ་ཅི་ཞིག་འགལ། ལུགས་སྲོལ་ཐ་དད་ཡིན་ནོ། །ཞེས་བསམ་པར་བྱའོ། ཁྱེད་དག་གཞུང་ལུགས་གདམ་ངག་ཏུ་འཆར་ཟེར་བ་ལ། ཁོ་བོ་ཅག་ཡ་མཚན་སྐྱེ་རྒྱུ་མེད་དེ། སྣང་བ་ཐམས་ཅད་གདམ་ངག་ཏུ་འཆར་བའི་ཕྱིར་དང༌། ཁྱེད་ཀྱི་དེ་ལ་ནི་ཞལ་གདམས་ལ་ཟུར་ཟ་བ་ཙམ་ལས་སྙིང་པོ་མི་སྣང་བས་སོ། །གཞན་ཡང༌། དེས་ན་རང་གིས་སྤྱོད་བསྡུས་དང་སཾ་པུ་ཊིའི་སྤྱོད་པའི་རྣམ་གཞག་སྒྲིག་མ་ཤེས་པར། བདེ་དགེས་ཀྱི་རྒྱུ་གཞུང་ཀུན་ནས། སྤྱོད་པའི་རྣམ་གཞག་རྒྱས་པར་མ་བྱུང་ངོ་ཞེས་མཁས་པ་རྣམས་ཁྲེལ་བར་འགྱུར་བའི་གཏམ་དབྱངས་སུ་བླང་དགོས་པར་བྱུང་བ་ཡིན་ཏེ། སཾ་པུ་ཊིར་གསུངས་པའི་སྤྱོད་པ་གསུམ་པོ་དེའི་རྣམ་གཞག་ལ་བླ་མ་གོང་མ་རྣམས་ཀྱི་ལུགས་དེ་འགོག་པར་
འདོད་ཅིང༌། རང་ལུགས་ཀྱང་འདི་ཡིན་རྐང་ཚུགས་པ་འཇོག་མ་ཤེས་ནས། མན་ངག་སྙེ་མའི་དངོས་བསྟན་ཙམ་ལ་སྣང་ལ་མ་ངེས་ཀྱི་ཟོལ་འཇོག་བྱེད་པར་སྣང་ངོ༌། །དེ་དག་ལ་རང་ལུགས་འདི་ཡིན་འཇོག་རྒྱུ་མི་སྣང་བའི་ཕྱིར། བརྒལ་བརྟག་དངོས་ནི་བྱེད་རྒྱུ་མི་སྣང་ལ། རང་ལུགས་འདི་ལྟར་འཇོག་པ་ནི། སཾ་པུ་ཊིའི་སོགས་རྒྱུད་ཀྱི་དངོས་བསྟན་དང་ཤིན་ཏུ་འབྱོར་ཞིང་མ་རྒྱུད་ལ་མཁས་པའི་རྒྱ་བོད་ཀྱི་སློབ་དཔོན་རྣམས་ཀྱི་བཤད་པ་ཐམས་ཅད་ཀྱང་འདིའི་ཕྱོགས་སུ་གླན་པ་ཤ་སྟག་ཡིན་ཞིང༌། ཁྱད་པར་འདུས་པར་སྤྱོད་པའི་རྣམ་གཞག་མདོར་བསྡུས་ལས་མ་བྱུང་བ། མ་རྒྱུད་རྣམས་ལས་རྒྱས་པར་སྟོན་པས་ཁ་བཀང་བའི་གསང་བ་གྲུབ་པར་ནི་འདི་ཁོ་ན་བཞིན་དུ་བཤད་པ་ཡིན་ནོ། །གཞུང་དེ་ནི་སྤྱོད་བསྡུས་ལས་ཀྱང་ཁུངས་སུ་དྲངས་པས། ཁྱེད་དག་སྤྱོད་བསྡུས་གཞུང་ཆེ་བར་བཞེད་ནས། གསང་བ་གྲུབ་པ་དེ་བས་ཆུང་བ་ནི་མ་ཡིན་ཞིང༌། སཾ་པུ་ཊི་ཡང་སངས་རྒྱས་མཉམ་སྦྱོར་ལས་གཞུང་ཆུང་བ་མ་ཡིན་མོད། ཁྱེད་དག་རིམ་ལྔ་སྤྱོད་བསྡུས་གཞུང་ཆེན་པོར་འདོད་ཅིང་བདེ་དགེས་ཀྱི་རྒྱུད་རྣམས་གཞུང་ཆུང་བ་འདོད་པ་འདི་ལ་དཔལ་ཧེ་རུ་ཀས་ཀྱང་ཐུགས་རྗེའི་འཇུག་པ་སྦས་ན། ཁོ་བོ་ཅག་གིས་ཅི་ཞིག་བགྱིད། ཁོ་བོ་ཅག་གི་ལུགས་ལ་ནི་དེ་དག་ལ་མི་མཐུན་པ་མེད་མོད་ཀྱི། ཁྱེད་ལྟར་ན་སྤྱོད་བསྡུས་ཀྱི་སྤྱོད་པ་གསུམ་གྱི་རྣམ་གཞག་དེ་སཾ་པུ་ཊི་སོགས་རྒྱུད་ཆེན་པོ་རྣམས་དང་མི་མཐུན་པས། མ་དག་ཅེས་བརྗོད་ན་ཡང༌། ལན་ཅི་ཞིག་གདབས་བསམ་
དགོས་སོ། །གཞན་ཡང་རྒྱུད་ལས་གསུངས་པ་ཁོ་ན་གཙོ་ཆེའམ། རྗེས་འཇུག་སློབ་དཔོན་གྱིས་བཤད་པ་རང་གཙོ་ཆེ། གཉིས་པ་ལྟར་ན། རྒྱུད་གསུངས་པ་པོ་ཚད་མའི་སྐྱེས་བུ་མ་ཡིན་པར་སོང་བས། དེའི་དགོངས་འགྲེལ་མཁན་དེ་དག་ཀྱང་རྣམ་པར་དག་པ་ག་ལ་འོང༌། འཐད་ལྡན་མ་ཡིན་པའི་གཞུང་གི་དོན་འགྲེལ་པ་ལ་འཐད་ལྡན་འབྱུང་བ་ཡ་མཚན་ནོ། །དང་པོ་ལྟར་ན། ཁོ་བོ་ཅག་གི་འདི་ཡང་བདེ་དགེས་སོགས་ཀྱི་དགོངས་པར་ཁས་ལེན་ཞིང༌། ཁྱེད་ཀྱིས་ཀྱང༌། སྤྱོད་བསྡུས་སོགས་དང་མཐུན་ཞེས་པ་ལས་རང་གཞུང་དང༌། མ་མཐུན་པ་གཅིག་ཀྱང་སྟོན་རྒྱུ་མི་འདུག་ལ། དངོས་གནས་ལ་ཡང་གཞུང་དགོངས་པར་གསལ་བ་ལ་སྙོན་དུ་མེད་པས་སོ། ཁྱེད་དག་སྤྱོད་པ་གསུམ་གྱི་ཚོགས་ཀྱི་བྱ་བ་སྤྱོད་བསྡུས་ལས་བཤད་པ་དང༌། རིམ་པས་སྤྱོད་པས་རྒྱུ་ཚུལ་བདེ་དགེས་སཾ་པུ་ཊི་སོགས་ནས་བཤད་པ་གཉིས། འབྲུ་སྐྱོག་མང་པོ་འདེབས་པར་བསམ་ཀྱང་སྒྲིག་མ་ཐུབ་པ་ན་རྒྱུད་དེ་དག་ལས་སྤྱོད་པ་རྫོགས་པ་མ་བསྟན་ཞེས་ངོ་ཚ་བོར་བའི་གཏམ་སྨྲ་དགོས་བྱུང་བ་ཡང་སྤྱོད་པ་ཡིན་ན། ཚོགས་སྤྱོད་ཡིན་པས་ཁྱབ་པར་འདོད་པ་དང༌། མ་རྒྱུད་མང་པོ་ལས་དངོས་གྲུབ་འགྲུབ་སླ་བས་དོན་དུ་གསང་སྤྱོད་དང་ཚོགས་སྤྱོད་ཀྱི་ཆོ་ག་ཙམ་ལས་གཞན་པའི་བྱ་བ་ཐམས་ཅད་ཡེ་ཤེས་སུ་བསྲེ་ཚུལ་མང་པོ་བྱུང་བ་ལ་ངེས་པ་མ་རྙེད་པའི་སྐྱོན་ནོ། །སྤྱོད་བསྡུས་
དང་མི་མཐུན་ཞེས་པ་ནི། དེ་ནས་མ་བཤད་པ་ཙམ་ཡིན་ན། དེས་ན་སངས་རྒྱས་མཉམ་སྦྱོར་གྱིས་ལྷའི་སྤྲོས་བཅས་ཀྱི་རིམ་པ་མ་གཏོགས་མ་བཤད་པས་ཁྱེད་དག་གསང་འདུས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་བྱེད་པ་ཡང་མི་རིགས་ཤིང༌། དེར་བྱེད་པར་བཤད་པ་འདིར་ནི་མི་བྱེད་པ་སོགས་འགའ་ཞིག་སྣང་ངོ་སྙམ་ན། དེར་ཁ་ཅིག་ཏུ་ཚོགས་ཁང་བྱེད་པར་བཤད་པས། དེ་ལྟར་མི་བྱེད་པའི་ཡུལ་ཆེན་རྣམས་སུ་རྒྱུ་བའི་སྤྱོད་པ་མ་རྒྱུད་ཕལ་ཆེར་ནས་གསལ་བར་བཤད་པ་འདི་ཡང་སྤྱོད་བསྡུས་སོགས་གཞུང་ཆེན་པོ་དང་འགལ་བས་མི་འཐད་ཅེས་ཟེར་རམ། ཡུལ་ཆེན་གྱིས་ཆ་གང་དུ་སླེབ་པར་ཚོགས་ཁང་ཁོ་ན་བྱེད་ཅེས་སྨྲ། ཚིག་ཟིན་དེ་རྣམས་མི་མཐུན་ཀྱང༌། དོན་ལ་དེ་ཡང་རུང་སྙམ་ན། ཁོ་བོ་ཅག་གི་འདི་ཡང༌། ཚིག་ཟིན་ལ་སྤྱོད་བསྡུས་ནས་མ་བཤད་ཀྱི་དོན་ལ་སྤྱོད་བསྡུས་ཀྱིའང་དགོངས་པ་ཡིན་ནོ། །ཡང་ཁོ་བོ་ཅག་གི་ལུགས་འདི་འགོག་བྱེད་རྒྱ་གར་པའི་ལུང་དང་ཁྱེད་ཉིད་ཀྱི་རིགས་པ་ད་དུང་ཡོད་ན་དྲངས་ཤིག་ཁོ་བོས་ཐེག་པར་བྱའོ། །དེས་ན་རང་གིས་ལེགས་པར་མ་སྦྱངས་པས་རྐང་ནས་ཚུགས་པའི་གཏམ་ཤ་སྟག་སྒྲོགས་པ་ལ་མི་འཛེམ་པར་མ་ཟད། ལུང་རིགས་ཅི་ཡང་མེད་པའི་གཏམ་རང་ཁྱབ་འབའ་ཞིག་གིས་དགག་པ་ལྟར་སྣང་རེ་བྱས་ནས། སྐྱེས་བུ་དམ་པ་རྟགས་མངོན་དུ་གྱུར་པ་གཞུང་ལུགས་ལ་ཤིན་ཏུ་བྱང་བ་རྣམས་ལ་སྐུར་པ་བཏབ་པའི་སྡིག་བསགས་པ་ལ་ཁྱེད་ལ་ཁྱེ་ཅི་ཡོད།
གསུམ་པ་ལ། སྤྲོས་བཅས་སྤྲོས་མེད་ཞར་བྱུང་ཤིན་ཏུ་སྤྲོས་མེད་དེ་གསུམ་ལས། དང་པོ་ལ། ཚོགས་ཀྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པའི་ཚུལ་དང༌། དེར་འདོད་ཡོན་ལ་ཇི་ལྟར་རོལ་པ། ཕོ་ཉ་འདུ་བའི་གྲུབ་ཚུལ་གསུམ་ལས། དང་པོ་ལ་གནས་ནི། མཉམ་སྦྱོར་ལས། ཡང་ན་སྲིད་པ་གསུམ་དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་སྒྲུབ། །དེར་ནི་དང་པོར་གདན་བཤམས་ཏེ། །ཞེས་སོགས་གསུངས་པ་ལྟར། གཉིས་ཀྱི་དང་པོ་གནས་ནི། རང་གི་གནས་ཁང་ངམ་སྐྱེད་མོས་ཚལ་ལ་སོགས་པར་ཚོགས་ཀྱི་ཁང་པ་རིམ་པ་གསུམ་དང་ལྡན་པ། སྒོ་དང་རྟ་བབས་ཀྱིས་མཛེས་པར་བྱས་པ། དེའི་རིམ་པ་དང་པོར་ཚང་བང་གི་ཡོ་བྱད་དང༌། དེར་མི་རྣམས་འདུགགཉིས་པར་གླུ་གར་དང་རོལ་མོའི་ཡོ་བྱད་རྣམས་བཞགགསུམ་པར་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་སྤྱོད་པ་སྤྱོད་པའི་གནས་བྱའོ། །ཡང་ན་སའི་ཁང་པ་རྭ་བས་བསྐོར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ཀྱང་རུང་སྟེ། དེར་ཆུ་ཚོད་ཀྱི་དཀྱིལ་འཁོར་ཆེན་པོ་བྲིས་ཏེ། དཀྱིལ་འཁོར་གྱི་ལྷའི་གནས་རྣམས་སུ། འཇམ་ཞིང་རེག་ན་བདེ་བའི་རས་ལ་སོགས་པ་ལ་སྣ་ཚོགས་པདྨའི་གཟུགས་བྱ་ཞིང༌། མི་རོའི་གཟུགས་བརྙན་ལ་སོགས་པ་གདན་གྱི་ཁྱད་པར་གཞན་ཡང་རུང་སྟེ། ཀྱཻ་རྡོ་རྗེར་ཚོགས་ཀྱི་དཀྱིལ་འཁོར་སྐབས་སུ། དེ་ལ་གདན་དུ་རྟག་པ་ནི། །
རོའི་གཟུགས་བརྙན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་དང༌། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། ཧེ་རུ་ཀའི་དཀྱིལ་འཁོར་ལ་ནི། རོ་རས་སམ་རོ་གདན་དངོས་སམ་སྟག་གི་པགས་པ་ཁོ་ནས་ཀྱང་རུང་ལ། དབུས་དང་ཕྱོགས་ལ་གཡས་བསྐོར་གྱིས་མི་བ་གླང་ཁྱི་རྟ་གླང་པོ་རྣམས་ཀྱི་པགས་གདན་ནམ། དེ་དག་བྲིས་པས་ཀྱང་རུང་ཞིང༌། ཡང་ན་ཀུན་སྤངས་ཀྱི་གནས་དུར་ཁྲོད་ལ་སོགས་པ་རྣམས་ཡང་རུང་སྟེ། ཀྱཻ་རྡོ་རྗེ་ལས། དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་གྲོང་ཁྱེར་དག །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་ཟ། །ཞེས་གསུངས་སོ། །གལ་ཏེ་ཞིང་རྣམས་ངེས་མེད་དུ་སྤྱོད་པ་ཞིག་ཡིན་ན། ཚོགས་ཀྱི་དཀྱིལ་འཁོར་རྒྱས་པ་འདི་ལོ་ཟླར་ལན་རེ་སོགས་ཅི་རིགས་པར་སྤྱོད་ཅིང༌། རྔ་དང་གླུ་གར་ལ་སོགས་བྱ་བའི་སྤྲོས་པ་ཐམས་ཅད་དང་བཅས་བཞིན་དུ་འདོད་ཡོན་ལ་རྒྱ་ཆེར་སྤྱོད་པ་ཡིན་གྱི། ཚོགས་ཁང་དང་གདན་ལ་སོགས་པ་ཇི་ལྟ་བ་བཞིན་རྒྱུན་དུ་སྒྲུབ་མི་དགོས་སོ། །གཉིས་པ་རྣལ་འབྱོར་མའི་ཚོགས་པ་ནི། ཕྱི་མ་འདི་ལ་ཕྱག་རྒྱའི་ཚོགས་དང་བཅས་ཏེ་ཡུལ་དང་ཡུལ་དུ་རྒྱུ་ཞིང༌། བཟའ་བཏུང་ཇི་ལྟར་རྙེད་པ་ཐམས་ཅད་ཚོགས་ཀྱི་འཁོར་ལོར་བྱེད་པ་ཡིན་ནོ། །འདི་ལའང་གང་དུ་སྡོད་པའི་ས་ཕྱོགས་དེར། ལྷ་སོ་སོའི་གནས་སུ་ཕྱག་རྒྱ་རྣམས་འགོད་པ་ཕྱོགས་མཐུན་པར་ནི་
དགོས་ཏེ། ཀྱཻ་རྡོ་རྗེར་ཡང༌། ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང༌། །དེ་ནས་རྣལ་འབྱོར་མ་རྣམས་འགོད། །ཅེས་རྣལ་འབྱོར་མ་བརྒྱད་ཀྱི་ང་རྒྱལ་འཛིན་པའི་རིག་མ་བརྒྱད་འགོད་པར་གསུངས་པ་ལྟ་བུའོ། །དེས་ན་གང་དག་མཉམ་སྦྱོར་མ་གཏོགས་མ་རྒྱུད་ལས་སྤྲོས་བཅས་ཀྱི་དཀྱིལ་འཁོར་མ་བཤད་པར་སེམས་པ་ནི། འདི་ཙམ་ལ་ཡང་མ་བརྟགས་པ་ཡིན་ཏེ། འདི་ཚོགས་ཀྱི་འཁོར་ལོའི་སྐབས་ཡིན་པས། མི་འདྲེན་སྙམ་ན། མཉམ་སྦྱོར་གྱི་དེ་ཡང་ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། ཞེས་ཚོགས་འཁོར་ཁོ་ནའི་སྐབས་ཡིན་གྱིས། ཚོགས་འཁོར་ཕལ་པ་མ་ཡིན་པའི་སྤྱོད་པ་འབའ་ཞིག་གི་སྐབས་སུ་ནི་མ་ཡིན་ནོ། །གནས་དེ་དག་ཏུ་རྣལ་འབྱོར་པ་རིག་མར་བཅས་པ་ལྷའི་ཆས་སུ་འཇུག་དགོས་ཏེ། དེ་ཡང་མཉམ་སྦྱོར་ལས། དེ་ན་རྣམ་པ་འཕྲུལ་པ་མཛད། ཁམས་ཀྱི་རང་བཞིན་ཐམས་ཅད་དང༌། །དེ་བཞིན་སྲོག་དང་རྩ་ལས་བྱུང༌། །རང་གི་ལྷ་ལ་མངོན་ཕྱོགས་པའི། །གྲུབ་པའི་ཕྱག་རྒྱས་རབ་ཏུ་བསྐོར། །ཞེས་གསུངས་པ་ལྟར། ཚོགས་ཀྱི་དཀྱིལ་འཁོར་རྒྱས་པའི་ཚེ། གསེར་དངུལ་ལ་སོགས་པའི་ཁམས་སམ་པགས་པའམ། རྩ་ཤིང་སོགས་ལས་བྱུང་བའི་གདོང་གི་འབག་བྱ་བའམ། ཁ་དོག་བསྒྱུར་བ་སོགས་བྱ་སྟེ། ལྷ་རྣམས་ཀྱི་ཕྱག་མཚན་ཡང་རྒྱས་པར་བྱེད་ན་མ་འཆོལ་པར་འཛིན་
པར་བྱའོ། །མ་གྲུབ་ན་རིགས་མཐུན་བསྡུས་ཏེ། རིགས་ལྔའི་ཕྱག་མཚན་འཛིན་པའམ། ཧེ་རུ་ཀའི་དཀྱིལ་འཁོར་ལ་སྤྱིའི་ཕྱག་མཚན་ཡིན་པས་ཐམས་ཅད་ལ་ཅང་ཏེའུ་ཐོད་པ་ཁ་ཊྭཱཾ་གསུམ་གྱིས་ཀྱང་རུང་ངོ༌། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་དང༌། རྡོ་རྗེ་ཐོད་པ་སོགས་ཀྱིས་རུང་བར་ཡང་མངོན། ལྷ་ཞལ་ཕྱག་མཚན་གྱི་གཙོ་བོ་འཛིན་པ་རྡོ་རྗེ་གུར་གྱི་སངས་རྒྱས་གར་གྱི་སྐབས་སུ་མཁས་གྲུབ་རྣམས་ཀྱིས་བཤད་པ་དེ་ལྟར་ཡང་རྒྱས་པའི་སྐབས་སུའང་བྱའོ། །ཀུན་ཏུ་རྒྱུ་ཞིང་སྤྱོད་པ་ནི། ཕྱག་རྒྱ་ལྔས་བརྒྱན་པ་དང༌། སྟག་ལྤགས་རོ་རས་གྱོན་པ་སོགས་དང༌། དབྱུག་པ་ཅང་ཏེའུ་སོགས་ལྷའི་ཕྱག་མཚན་ཅི་རིགས་པ་བཟུང་བས་ཀྱང་ཆོག་གོ །དེས་ན་གཞན་དང་གཞན་གྱི་དཀྱིལ་འཁོར་གྱི་སྤྱོད་པ་ལ་འཇུག་པ་ཡང་འདིའི་རིམ་པས་ཤེས་པར་འགྱུར་བས། རེ་ཞིག་འཁོར་ལོ་སྡོམ་པའི་དབང་དུ་བྱས་ནས། བདག་ཉིད་ཧེ་རུ་ཀའི་ཆས་ཀྱིས་དབུས་སུ་གནས་པ་དང༌། ཕྱོགས་ཕྱོགས་མཚམས་རྣམས་སུ་པདྨ་ཅན་ལ་སོགས་པའི་ལུས་ཀྱི་དབྱེ་བའམ། ཁ་དོག་གམ། ཉོན་མོངས་སམ། སེམས་ཀྱི་མཐུའི་ཁྱད་པར་རམ། མེ་ཏོག་ཕོག་པའི་ལྷའམ། མོས་པའི་ཁྱད་པར་གྱིས་ལྷའི་གནས་སུ་འགོད་ཚུལ་ཏེ། དཔེར་ན། རྒྱུ་མཚན་ཕྱི་མ་བཞི་པོ་གང་རུང་གིས་རིན་ཆེན་འབྱུང་ལྡན་གྱི་རིགས་བདེ་ཆེན་འཁོར་ལོའི་ལྷ་གནས་དང༌། རྡོ་རྗེ་རིགས་ཐུགས་འཁོར་དང༌།
པདྨའི་རིགས་གསུང་འཁོར་དང༌། འཁོར་ལོའི་རིགས་སྐུ་འཁོར་དང༌། ལས་ཀྱི་རིགས་དམ་ཚིག་འཁོར་ལོའི་གནས་སུ་བཀོད་ནས། ནང་ཚན་དུ་དེ་དག་ལ་རིགས་བཞི་ཚང་ན། པདྨ་ཅན་མ་རྣམས་ཤར་ཕྱོགས་དང༌། གླང་ཆེན་མ་རྣམས་བྱང་ཕྱོགས་དང༌། དུང་ཅན་མ་རྣམས་ནུབ་ཕྱོགས་དང༌། རི་མོ་ཅན་མ་རྣམས་ལྷོ་ཕྱོགས་སུ་འགོད་པ་ལྟ་བུ་སྟེ། རིགས་སོགས་འཇོག་བྱེད་རྣམ་པ་ལྔ་པོ་དེ་དག་སོ་སོ་སོ་སོར་ཐམས་ཅད་ཚང་ན་མཆོག་ཡིན་ཀྱང་དེ་དཀོན་པས། ཆ་ཤས་རེ་རེའི་རྒྱུ་མཚན་དུ་བྱས་ནས་ལྷ་གནས་སོ་སོར་འཇོག་པ་དགོས་སོ། །ལུས་ཀྱི་ཁྱད་པར་གཞན་ཡང༌། བུད་མེད་དང་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །རྣམ་སྣང་མཛད་ཀྱི་འཁོར་ལོས་འགྱུར། །དཔག་མེད་མགོན་གྱི་འདམ་སྐྱེས་ཉིད། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །ལས་ཀྱི་རིགས་ཀྱྀ་རལ་གྲི་ཉིད། །ཅེས་ཤ་མཚན་གྱི་ཁྱད་པར་ཡང་གསུངས་པས། ཁ་དོག་ནི་རྡོ་རྗེ་ལ་ནག་པོ། རྣམ་སྣང་ལ་དཀར་པོ། རིན་ཆེན་ལ་སེར་པོ། པདྨ་ལ་དཀར་དམར། དོན་ཡོད་ལ་སྔོ་སངས་སོགས་སོ། །ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ཤས་ཆེ་བ་མི་བསྐྱོད་པའི་རིགས་ཡིན་པས་སོ། །སེམས་ཀྱི་མཐུའི་ཁྱད་པར་ནི།
བློ་བརྟན་པ་རྣམ་སྣང༌། སྙིང་ཕོད་ཆེ་བ་མི་བསྐྱོད་པ། ལོངས་སྤྱོད་སྤེལ་བའི་འཁོས་ཆེ་བ་རིན་འབྱུང༌། གཞན་གྱིས་ཡིད་སྒྱུར་བ་དང༌། བསླུ་བ་དང༌། འཁྲུལ་པར་བྱེད་པ་ལ་མཁས་པ་ནི་འོད་དཔག་མེད། ཁྱིམ་ལས་དང༌། ཞིང་ལས་དང༌། ཚོང་ལ་སོགས་པ་ལས་ཀྱི་མཐའ་ལ་བརྩོན་པ་ནི་དོན་གྲུབ་གྱི་རིགས་སོ། །དེ་ལྟར་རྣལ་འབྱཽར་མ་སུམ་ཅུ་རྩ་བདུན་དང༌། སྤྱོད་པའི་ཚོགས་ཀྱི་ལམ། བདེ་མཆོག་གི་དཀྱིལ་འཁོར་ཡང་ལྷ་གྲངས་མ་ངེས་པ་མཐའ་ཡས་པ་ཡོད་པའི་ཕྱིར། སྤྲོས་བཅས་ཀྱི་ཚོགས་དཀྱིལ་ལ་གྲངས་ཀྱང་སྣ་ཚོགས་འབྱུང་ངོ༌། །ཡང་ནུས་པ་རྙེད་པའི་རྣལ་འབྱོར་པ་ཡོད་ན། འཁོར་ཀྱི་ལྷ་མོ་རྣམས་ཀྱི་གནས་སུ། རིགས་ཀྱི་དབྱེ་བས་དེ་འགོད་དོ། །ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཉུང་ཞིང་རྣམ་འབྱཽར་མ་མང་ན། ལྷ་རེ་རེའི་གནས་སུ་དེ་དག་དུ་མ་འགོད་དུ་རུང་ཞིང༌། ཡང་ན་ལྷ་མོ་བརྒྱད་ལ་སོགས་པ་མཆོད་པའི་ལྷ་མོའི་ཚུལ་དུ་འགོད་པ་ཡང་རུང་སྟེ། རྩ་བའི་དཀྱིལ་འཁོར་གྱི་གནས་སུ་བུད་མེད་ལྔའམ། དགུའམ། བཅུ་གསུམ་མམ། སོ་བདུན་ནམ། རྣལ་འབྱོར་ཕོ་མོ་དྲུག་ཅུ་རྩ་གཉིས་སམ། ཇི་ལྟར་རིགས་པར་མཐའ་ཡས་པའི་བར་དུ་ཡང་འགྱུར་ཏེ། དཔེར་ན། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དང་མཐུན་པའི་བཀོད་པ་ཡང་ཡོད་དོ། །ཡང་བུད་མེད་ལྷག་པོར་གྱུར་པ་རྣམས་
པི་ཝཾ་དང་གླིང་བུ་དང་རྔ་བོ་ཆེ་དང་རྫ་རྔ་དང་། མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དྲི་ཆབ་རྣམས་ཐོགས་པའི་ལྷ་མོ་བརྒྱད་ཕྱོགས་མཚམས་བརྒྱད་དུ་འགོད་པ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །མ་ལྷག་ན་སྒོ་མཚམས་མ་བརྒྱད་ཀྱིས་མཆོད་པ་དེ་དག་འབུལ་ཞིང༌། དེ་ཡང་ངེས་པར་མ་གྲུབ་ན་ཅི་རིགས་ཅི་རིགས་སུ་སྦྱར་རོ། །དེས་ན་གང་དག་སྤྲོས་བཅས་ལ་ཕྱག་རྒྱ་ལྷ་གྲངས་དང་མཉམ་པར་དགོས་ཞེས་པ་དང༌། ཕྱག་རྒྱ་དགུའི་ལྔ་སྤྱོད་ཀྱི་སྤྱོད་པ་ལ། སྤྲོས་མེད་ཀྱི་ཁྱབ་པ་སོགས་སྨྲ་བ་ནི། ལྷ་དགུ་དང་ལྔའི་དཀྱིལ་འཁོར་མི་སྲིད་པར་འདོད་ན་ནི་མི་རུང་ངོ༌། །འདི་ཡང་སྤྱོད་བསྡུས་ཀྱི་དངོས་བསྟན་རྒྱུད་ཐམས་ཅད་ལ་ཁྱེར་བའི་སྐྱོན་ནོ། །ཡང་སྔོན་རིམ་གཉིས་སྒོམ་པའི་ཚེ། ལྷ་དྲུག་ཅུ་རྩ་གཉིས་པ་བསྒོམས་པས་ཀྱང༌། སྤྲོས་བཅས་སྤྱོད་པའི་སྐབས་ལྷ་ལྔ་ཡན་ཆད་ཀྱི་ཚོགས་དཀྱིལ་དང༌། རང་དང་རྩ་བའི་ཕྱག་རྒྱ་གཅིག་པུ་གཙོ་བོ་ཡབ་ཡུམ་དུ་བསྒོམ་པ། བུད་མེད་ལྷག་མ་མཆོད་པའི་ལྷ་མོར་བསྒོམ་པ། ལྷན་སྐྱེས་ཀྱི་དཀྱིལ་འཁོར་ཀྱང་རུང་བས། ཆོ་ག་ཚོགས་མཆོད་བརྡ་ལན་ཆས་འཇུག་སོགས་ཀྱིས་སྤྲོས་བཅས་སུ་འཇོག་གི་ཚོགས་དཀྱིལ་མང་ཉུང་གིས་ནི་འཇོག་མི་ཐུབ་བོ། །ཀུན་འདར་གྱི་སྤྱོད་པ་ལ་གྲོང་དུ་རྒྱུ་བ་ན་ལྷའི་ཆས་འཇུག་ཀྱང་ཇི་ལྟ་བ་བྱེད་པ་དང༌། སྨྱོན་
པར་བརྫུ་བ་སོགས་བག་ཙམ་མི་འགྲིབ་པས། ངེས་པ་མེད་པའི་ཆས་ཀྱིས་ལྷའི་ཆས་འཇུག་ཏུ་དོན་གྱིས་འགྲོ་བ་ཙམ་བྱེད་དེ། སཾ་པུ་ཊི་ལས། འབྲས་བུ་སྣ་ཚོགས་དོ་ཤལ་སོགས། །འོལ་མ་ཟིལ་ལ་སོགས་པས་སྤྲས། །ཞེས་དང༌། རོ་བསྲེག་ཐལ་བས་རྣམ་པར་བརྒྱན། དུར་ཁྲོད་ཕྲུ་ཆག་ཐོགས་ནས་ནི། །ཞེས་པ་དང༌། གདན་བཞི་དང་གསང་བ་གྲུབ་པ་སོགས་སུ་ཡང་དེ་ལྟར་མང་དུ་གསུངས་སོ། །གཉིས་པ་ནི། གོང་དུ་བཤད་པའི་སྒོམ་བསམ་གསུམ་པོ་གང་རུང་གིས་སྒོ་ནས་བསྐྱེད་པ་ལ། བསྐྱེད་རིམ་གྱི་སྤྱོད་པའི་སྐབས་ནི་གཙོ་འཁོར་ཐམས་ཅད་སྒྲུབ་ཐབས་ཀྱི་རིམ་པས་དམིགས་པ་མཐུན་པས་བསྐྱེད་པ་ཡིན་ཞིང༌། རྫོགས་རིམ་གྱི་སྐབས་སུ་ནི་སྐད་ཅིག་གིས་བསྐྱེད་པ་སྟེ། ལོངས་སྤྱོད་ཐམས་ཅད་བྱིན་གྱིས་བརླབས་ཏེ། ཇི་ལྟར་ཚོགས་ཀྱྀ་འཁོར་ལོའི་ཆོ་ག་བཞིན་དུ་བཟའ་བཏུང་རྣམས་ནང་གི་སྦྱིན་སྲེག་བྱ་ཞིང༌། ལུས་ཀྱི་དཀྱིལ་འཁོར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དུ་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱས་ལ་ལྷན་ཅིག་སྤྱོད་པ་དང་སྤྱོད་པའི་རྗེས་སུ་སྤྱོད་པའི་ལྷ་མོ་རྣམས་ཀྱི་ནང་ནས། འདོད་པའི་སྒྱུ་རྩལ་ལ་མཁས་པ་ཇི་ལྟར་འདོད་པ་བཞིན་བླང་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ། །ཞེས་མོས་པ་བརྟན་པོ་བསྐྱེད་པ་སྟེ། འདུ་ཤེས་གསུམ་དང་
ལྡན་པའི་སྒོ་ནས་ཨ་ལིར་ག་ནཱ་དང༌། ཙུམྤ་ན་དང༌། ཙུ་ཥ་ཎ་དང༌། ན་ག་པྲ་ཧ་ན་དང༌། མ་ར་ད་ན་དང༌། ཀུ་ཅ་གྲ་ཧ་ན་སྟེ། རྣམ་པ་དྲུག་གི་རྗེས་སུ་ཆགས་པ་བསྐྱེད་ཅིང༌། སཱི་ཏ་ཀ་ར་དང༌། ཀོ་ཀི་ལ་དང༌། བུང་བའི་སྒྲ་ཏེ་སི་ཏ་ཀྱི་སྒྲ་བྱུང་བ་དེ་སྲིད་དུ་ཏྱཻ་དེ་གུ་ལི་སྦྱོར་བས། ཨཱ་ལི་ཀཱ་ལི་དང༌། མྱོས་གདུགས་དང༌། རུས་སྦལ་དང༌། དུང་ཅན་དང༌། རྩ་གསུམ་ཡང་དག་པར་བསྐུལ་བའི་བར་དུ་བྱས་ཏེ། རང་གི་ལྷའི་འདུག་སྟེང་སོགས་ལ་གནས་པས་དོ་ལ་དང༌། སཱུ་རྩི་དང་ཀུརྤ་ར་ལ་སོགས་པ་སྦྱོར་ཐབས་དང་བཅས་ཏེ་སྙོམ་པར་ཞུགས་པ་ན། དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས་ཏེ། བདེ་བ་ཆེན་པོ་ལ་མཉམ་པར་འཇོག་ཅིང༌། དེ་ལས་ལངས་པ་ན་སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྒོམ་ཞིང༌། གང་སྣང་ལྷ་སྐུར་འཆར་བར་བྱས་ཏེ། དེ་དག་གི་བར་དུ་ཡིད་གཞན་དུ་འགྱུར་བ་མེད་པར་རོལ་རྩེད་རྒྱ་ཆེན་པོ་དག་བྱེད་པ་ནི། སངས་རྒྱས་གང་ལ་སོགས་པའི་རིགས་དང༌། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་གཙོ་བོས་ཕྱག་རྒྱ་སྟོན་པ་དང༌། རིག་མས་ཕྱག་རྒྱ་དེའི་ལན་སྟོན་པ་དང༌། དེ་བཞིན་དུ་ཕྱག་དང་ཕྱག་གི་ལན་དང༌། མཆོད་པ་དང་མཆོད་པའི་ལན་དང༌། གླུ་དང་གླུའི་ལན་དང༌། གར་དང་གར་གྱི་ལན་དང༌།
ལུས་ཀྱི་བརྡ་དང༌། ངག་གི་བརྡ་ལ་སོགས་པ། གཞན་ཟློས་གར། རོལ་མོ་དང༌། འདུག་སྟེང་དང་གར་གྱི་ཉམས་དགུ་ལ་སོགས་པ་ཇི་ལྟར་འདོད་པ་བསྟེན་པས་དབང་པོ་རྣམས་བརྟས་པར་བྱའོ། །འདི་ནི་རྩ་རྒྱུད་ལས། དེ་བཞིན་བདག་ཉིད་མཆོད་པ་དང༌། །སངས་རྒྱས་ཀུན་སོགས་སྲས་བཅས་དང༌། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །བརྟན་པ་དག་དང་གཡོ་བ་དང༌། །སྤུན་དང་སྡུག་པ་མཆོད་པ་སྟེ། །ལ་གནས་ཟླ་བ་འདུས་པ་ལའོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་ཡིན། །ཞེས་དང༌། སྔགས་དང་ཕྱག་རྒྱ་སྒྲུབ་པ་པོས། །མཆོད་པ་ཉིད་ལ་རབ་ཏུ་འཇུག །འདི་ལས་གཞན་པའི་མཆོག་མ་དེ། །བསྟན་ཆོས་ཉིད་དུ་ངེས་པ་ཡིན། །ཕོ་ཉའི་ལམ་ལ་དགའ་བ་དང༌། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །རིགས་སྔགས་ཕྱག་རྒྱ་ཡང་དག་ལྡན། །ཟས་ལ་རྟག་ཏུ་སྤྱད་པར་བྱ། །རྣལ་འབྱོར་ཀུན་ལ་འཇུག་པ་ཡིས། །སྒྲུབ་པོ་ལགས་པར་མཉམ་བཞག་བྱ། །ཞེས་གསུངས་ཏེ། བདག་ཉིད་མཆོད་པས་འདོད་པའི་ལྷ་ཐམས་ཅད་མཉེས་པ་དང༌། བརྟན་གཡོ་སྟེ་རྩ་ཁམས་རླུང་ཐམས་ཅད་བརྟས་པར་བྱེད་པ་ནི། སྤུན་ཏེ་རྣལ་འབྱོར་པ་དང༌། སྡུག་པ་སྟཻ་རིག་མའི་ཚོགས་དང་བཅས་ཏེ་ཟླ་བ་འདུས་པའི་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་འདི་
ཡིན་ཏེ། ཐམས་ཅད་བདེ་བ་ཆེན་པོ་ལ་ལྷན་ཅིག་སྤྱོད་པ་དང༌། སྡུག་བསྔལ་ཏེ་ལྷན་ཅིག་ཏུ་ཞིང་དུ་འགྲོ་བ་དང༌། བྱ་རྩོལ་གྱིས་ངལ་བར་བྱེད་པའོ། །བླ་མ་གོང་མ་འགའ་ཞིག་གིས་ནི། བདེ་བ་དང་སྡུག་བསྔལ་ཀུན་འབྱུང་གི་དོན་འདི་སྐབས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྐྱིད་མཉམ་སྡུག་མཉམ་གྱི་དོན་ལྟ་བུར་བཞེད་དོ། །རིག་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་པའི་ཟས་ཏེ་ལོངས་སྤྱོད་རྣམས་ལ་རྟག་ཏུ་སྤྱོད་པ་དང༌། རྣལ་འབྱོར་ནི་སྦྱོར་བ་སྟེ། དྲུག་ཅུ་རྩ་བཞི་ལ་སོགས་པ་དང༌། དགའ་བ་སྤེལ་བའི་ཡན་ལག་གླུ་གར་རོམ་མོ་སོགས་ཀུན་ལ་འཇུག་པ་དང༌། བདེ་སྟོང་དང་ལྷ་སྐུ་ལ་ཤིན་ཏུ་མཉམ་པར་བཞག་པས་འཇུག་གོ་ཞེས་པའི་དོན་ཏེ། དེས་ན་བདེ་མཆོག་ཏུ་ཡང་ཚོགས་དཀྱིལ་ཤིན་ཏུ་གསལ་མོད་ཀྱི། ཚོགས་ཁང་ལ་སོགས་པ་གསལ་བར་མ་བསྟན་པ་ནི། རྒྱུད་འདིའི་ལུགས་ཀྱི་སྤྲོས་བཅས་སྤྲོས་མེད་གཉིས་ལ་ཞིང་རྣམས་སུ་རྒྱུ་བ་གཙོ་ཆེ་བས་ཡིན་ནོ། །གསུམ་པ་ནི། གཅིག་ཏུ་གནས་པ་དང༌། ཞིང་དུ་རྒྱུ་བའི་སྤྱོད་པ་གང་ཡིན་ཡང་རུང་སྟེ། རྒྱུད་འདིའི་ལུགས་ཀྱི་ཕོ་ཉ་བསྐུལ་བ་ནི་ངེས་པར་དགོས་སོ། །སྤྱིར་གཉིས་ཆར་ལ་ཡང་དེ་འབྱུང་མོད་ཀྱི། ཡུལ་རྣམས་སུ་རྒྱུ་བ་ཕོ་ཉའི་འདུ་བ་ཐོབ་པ་ཆེས་སླ་བ་ཡིན་ཏེ། ཇི་སྲིད་དུ་ལྷན་སྐྱེས་ཀྱི་
འདུ་བ་མ་ཐོབ་བར་དེ་སྲིད་དུ། ཞིང་སྐྱེས་དང༌། ཁྱད་པར་སྔགས་སྐྱེས་ཀྱི་རྫུ་འཕྲུལ་ལ་རྒྱང་རིང་ཐུང་གི་བྱེ་བྲག་ཡོད་པས་སོ། །རང་སེམས་ཤིན་ཏུ་དག་པ་ལ་ནི། མཁའ་ཁྱབ་ཀྱི་ལུས་ཅན་ལྷན་སྐྱེས་རྣམས་ཀྱི་འདུ་བ་ཐོབ་པའི་ཕྱིར་དེ་ལ་ནི་གནས་པ་དང༌། རྒྱུ་བ་ལ་ཕན་ཡོན་འདྲའོ། །ཕོ་ཉ་གསུམ་བསྐུལ་བའི་ཚུལ་ནི། རྩ་རྒྱུད་ལས། དེ་ནི་རོལ་པར་ཡང་དག་གནས། སྒྲུབ་པ་དག་དང་ཉེ་བའོ། །ཕོ་ཉ་རྣམས་ནི་ཡང་དག་བསྐུལ། །ཞེས་པ་དང༌། མཆོག་དབུས་ཐ་མ་ལྷན་ཅིག་དགུགས། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། །ཞེས་གསུངས་ཏེ། སྤྱོད་པ་ལས་བྱུང་བ་ཡང་དག་པར་བསྟན་པས། སྔགས་སྐྱེས་རྣམས་དེའི་ལུས་ལ་འཇུག་སྟེ་བདེ་བ་ཆེན་པོའི་རྗེས་སུ་མཆོད་པ་ལེན་པར་བྱེད་ཅིང་དེ་མཉེས་ནས་དངོས་སུ་འདུ་བ་སྟེར། དེ་དངོས་སུ་བསྟན་པ་ན། དེས་ཀྱང་གནས་སོགས་རིགས་མཐུན་པའི་ཞིང་སྐྱེས་རྣམས་ལ་གསོལ་བ་འདེབས་ཤིང་སྒྲུབ་པ་པོ་འདི་རྗེས་སུ་བཟུང་བར་མཛོད་ཅིག་ཅེས་སོ། །དེ་ལྟར་བསྐུལ་བ་དེས་སྔགས་སྐྱེས་མའི་ལུས་ལ་ཞིང་སྐྱེས་མ་འཇུག་སྟེ། དེར་བདེ་བ་ཆེན་པོའི་མཆོད་པ་ལེན་ཞིང་མཉེས་པ་ན། རང་གི་འདུ་བ་དངོས་སུ་སྟེར་བར་བྱེད་དོ། །དེ་བསྟེན་པ་ན་དེས་རང་གི་རིགས་ཀྱི་བདག་མོའི་ལྷན་སྐྱེས་མ་རྣམས་བསྐུལ་བར་བྱེད་དོ། །དེའི་ལུས་ལ་ལྷན་སྐྱེས་མས་བྱིན་གྱིས་རློབས་ཤིང་ཞུགས་
ནས་མཆོད་པ་ལེན། མཉེས་པ་ན། ལྷན་སྐྱེས་ཀྱི་འདུ་བ་མངོན་སུམ་དུ་སྟེར་ཏེ། དེ་ཉིད་དུ་གྲོལ་བར་འགྱུར་རོ། །ཕོ་ཉ་གསུམ་གྱི་མཆོད་པ་ལེན་པ་ལས་བདག་ཉིད་ལ་བསོད་ནམས་ཀྱི་ཚོགས་འཕེལ་བ་དང༌། སྒྲིབ་པ་ཟད་པ་ལ་ཕྱི་མ་ཕྱི་མ་སྟོབས་ཆེས་ཆེ་བ་དང༌། ཕོ་ཉ་གསུམ་དང་ཕྲད་ན་དངོས་གྲུབ་ཆེ་ཆུང་གསུམ་དེ་ཉིད་དུ་འགྲུབ་ཀྱང་བསོད་ནམས་དམན་པ་ལ་ལས་ཀྱི་འཆིང་བ་ལས་གཞན་པའི་འདུ་བ་མི་འབྱུང་བས་འཕེལ་ཟད་བྱེད་པའི་ཐབས་དེ་ལྟར་དགོས་པ་ཡིན་ནོ། །དཔེར་ན་བཅུད་ལེན་ཆེན་པོ་ནི་སུས་བསྟེན་ཀྱང་འཇའ་ལུས་སུ་འགྲོ་བ་ཡིན་མོད་ཀྱི། ནུས་པ་དང་སྐལ་པ་མེད་པས་མི་རྙེད་པ་བཞིན་ནོ། །ཕོ་ཉའི་ལམ་ལ་ཞུགས་པ་རྣམས་ནི། སྔགས་སྐྱེས་ཀྱི་འདུ་བ་སྤྱོད་པའི་ཐོག་མ་ནས་འབྱུང་ཞིང༌། རྣལ་འབྱོར་པ་ལམ་འབའ་ཞིག་སྒོམ་པ་རྣམས་ཀྱིས་ནི། སྤྱོད་པའི་ཐོག་མར་སྦྱངས་པའི་རིག་མ་ལ་བརྟེན་ནས་སྔགས་སྐྱེས་བསྐུལ་བས། ཕྱིས་འདུ་བ་ཐོབ་པར་འགྱུར་བ་ལས། ཐོག་མ་ནས་ཐོབ་པ་མྱུར་ཞིང༌། ལུང་བསྟན་པའི་ཕྱག་རྒྱ་ཡིན་ཡང༌། སྔགས་སྐྱེས་སོགས་ཡིན་པས་མ་ཁྱབ་སྟེ། ཕོ་ཉ་གསུམ་ནི་སྦྱངས་མི་དགོས་པ་ལས། དེ་ནི་སྦྱངས་པར་གསུངས་པའི་ཕྱིར་རོ། །དེ་དག་གིས་ནི་རྩ་རྒྱུད་ལས། བདག་གི་ཕོ་ཉ་མོ་ཀུན་འགྲོ། །ཕོ་ཉ་མོ་དེ་ཀུན་འགྲུབ་སྟེ། །མཐོང་བ་དང་ནི་རེག་པ་དང༌། །
ཙུམྤ་ན་དང་རྟག་པ་འཁྱུད། །རྣལ་འབྱོར་གནས་ནི་ཁྱད་པར་ཉིད། །ཇི་སྲིད་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེ་ཅན་ཀུན་ལ་སྦྱིན་བྱ་ཡིན། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་གསུངས་པ་རྣམས་ལེགས་པར་ཕྱེ་ཟིན་ཏོ། །གོང་དུ་བཤད་པའི་དམ་ཚིག་བརྒྱད་པོ་རྣམས་ཀྱང༌། སྤྱོད་པའི་སྐབས་འདིར་ཆེས་གཙོ་བོར་སྤྱོད་པ་ཡིན་ཏེ། དམ་ཚིག་བརྒྱད་པོ་དེ་དག་གི་མི་མཐུན་ཕྱོགས་ཕྲ་མོས་ཀྱང་མ་གོས་པ་དང༌། བསྒྲུབ་པར་བྱ་བ་ཐམས་ཅད་ལ་ཡང་ལྷག་པར་སྦྱངས་པས། ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱིས་སྒྲུབ་པ་པོ་དེ་ལ་གུས་པས་སྟེ་ཤིན་ཏུ་མཉེས་པས། དངོས་སུ་དངོས་གྲུབ་སྟེར་བར་བྱེད་དོ། །རྩ་རྒྱུད་ལས། ཁྭ་གདོང་ལ་སོགས་བརྒྱད་འདི་དག །མོས་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་བསྐྱང་བའོ། །ཞེས་ཏེ། དམ་ཚིག་བརྒྱད་བསྲུང་བ་ནི་མ་མོ་རྣམས་ཀྱི་དངོས་གྲུབ་སྩོལ་བའི་རྒྱུ་ཁྱད་པར་ཅན་ཏེ་འདིའི་དམ་ཚིག་དུ་ཁྭ་མོ་དང༌། འུག་པ་མོ་དང༌། ཁྱི་མོ་དང༌། ཕག་མོ་སོགས་དུད་འགྲོ་མོ་ལ་ཡང་གུས་པར་བྱའོ། །ཞེས་བླ་མ་སྔར་རབས་པ་རྣམས་ཀྱི་མན་ངག་གོ །གཉིས་པ་ནི། ལྷ་གྲངས་དང་མཉམ་པའམ། མང་བའི་ཕྱག་རྒྱ་དང༌། རིག་མ་གཅིག་ཁོ་ན་ཡང་རུང་སྟེ། ཆས་འཇུག་དང་དཀྱིལ་འཁོར་དང༌། ཚོགས་
ཁང་དང༌། ཚོགས་ཀྱི་འཁོར་ལོའི་བྱ་བ་རྣམས་ཅི་རིགས་སུ་སྤྱོད་ཀྱང༌། སྔ་མ་ལས་ཆེས་ཉུང་བ་དང༌། རེས་འགའ་བྱེད་ལ་ཕལ་ཆེར་མི་བྱེད་པ་སོགས་ཀྱི་སྤྲོས་པ་ཉུང་ངུ་ཙམ་བྱེད་པའོ། །འདི་ནི་གནོད་སྦྱིན་མོ་དང་ནགས་ཚལ་གྱི་ལྷ་ལ་སོགས་པ་མངག་གཞུག་ཏུ་སྒྲུབ་སྟེ། དེས་ཡོ་བྱད་སྦྱོར་བའང་ཡོད་དེ། ཇི་སྐད་དུ། སྒྲུབ་པ་པོ་ནི་བློ་བརྟན་པས། ནགས་ཚལ་དག་ཏུ་བསོད་སྙོམས་བསླང༌། ཁ་ཟས་བཟང་པོ་སྟེར་བ་དག །སྐྲག་ནས་དེ་ལ་སྟེར་བར་འགྱུར། །འདས་ན་རྡོ་རྗེ་གསུམ་བདག་ཉིད། །མི་འགྱུར་རྡོ་རྗེ་མ་རུངས་འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མ་ཡིན་ནམ་མི་ཡང་རུང༌། །རྙེད་ནས་རིག་པའི་བརྟུལ་ཞུགས་སྦྱངས། །ཞེས་འདུས་པར་གསུངས་ཤིང༌། རྡོ་རྗེ་གུར་ལས་ཀྱང་དེ་ལྟར་བཤད་པས་སོ། །འདི་ནི་སྤྱོད་པ་གསུམ་ཆར་ལ་འབྱུང་བར་མངོན་ནོ། །སྤྱོད་པ་ཕྱི་མ་གཉིས་ཀྱི་སྐབས་འདིར་ནི། ནགས་ཚལ་གྱི་འབྲས་བུ་སོགས་ཟ་ཞིང་སྤྱོད་པ་སྤྱོད་པའང་ཡོད། འདུས་པ་ལས། སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་དང་བཅས་པ་སྤྱད་པར་བྱ། །འོན་ཏང་མྱུར་དུ་སངས་རྒྱས་འགྱུར། །ཞེས་གསུངས་པས་ཚོགས་ཀྱི་འཁོར་ལོའི་བྱ་བ་ཅུང་ཟད་མ་ཚང་བ་ཡང་ཡོད་དོ། །གསུམ་པ་ལ། སྤྱོད་ཚུལ་ངོས་བཟུང་བ་དང༌། དེའི་དབྱེ་བ་བཤད་པའོ། །དང་པོ་ནི་རི་བོ་དང་ཆུ་ངོགས་དང་དུར་ཁྲོད་དང་
རང་གི་ཁང་པ་སོགས་གང་ཡང་རུང་བ་གནོད་སྦྱྀན་མོ་སོགས་མངག་གཞུག་ཏུ་སྒྲུབ་པའམ། བསོད་སྙོམས་སམ། གཞན་གྱིས་ཁ་ཟས་སྦྱོར་བ་ཡང་རུང་སྟེ། གཡེང་བ་ཐམས་ཅད་སྤངས་ཤིང༌། ཏིལ་འབྲུ་ཙམ་ཡང་ཡོངས་སུ་འཛིན་པའི་བློ་དོར་ནས། རང་གི་སྙིང་ཁ་ནས་ཕྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལྷུར་ལེན་པ་ཡིན་ལ། ཁྱད་པར་རྫོགས་རིམ་པས་ནི་གཉིད་ཀྱི་འོད་གསལ་ཉིད་རྟག་ཏུ་སྒོམ་པ་ཡིན་ནོ། །འདི་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་བྱ་སྟེ། བྷུ་ནི་བྷུཉྫ་ན་སྟེ་ཟ་བ། སུ་ནི་སུ་ཏ་ནེ་ཏ་གཉིད་ལོག་པ། ཀུ་ནི་ཀུ་ཊི་ས་ར་སྟེ་བཤང་གཅིའི་ཕྱིར་འཆག་པ་སྟེ། ལུས་འཚོ་བའི་ཟས་ཙམ་ཟ་བ་དང༌། འོད་གསལ་གྱི་གཉིད་ལོག་པ་དང༌། འཆག་པར་འགྲོ་བ་ཙམ་མ་གཏོགས་གཞན་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་དོན་ནོ། །འདིར་གཉིད་ཀྱི་འོད་གསལ་བསྒོམ་པར་གསུངས་པ་གཉིད་རང་བབས་སུ་བྱུང་བ་ཙམ་འོད་གསལ་དུ་འཇུག་པ་ནི་མ་ཡིན་ཏེ། དེ་ནི་སྐབས་འདིའི་སྤྱོད་པ་གཞན་གཉིས་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་སྤྱོད་པ་གཞན་གཉིས་ལ་ཕྱིའི་ཕྱག་རྒྱ་བསྟེན་པའི་དོད་འདིར་གཉིད་ཀྱི་འོད་གསལ་བསྒོམ་པ་ཡིན་པས་རྟག་ཏུ་གཉིད་ལོག་པར་བྱེད་པ་ཡིན་ནོ། །དེས་ན་བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་ལ་ནི་བྷུ་སུ་ཀུའི་སྤྱོད་པ་ཞེས་མི་བྱའོ། །གཉིས་པ་ནི། ཆགས་ཅན་འདོད་ཆགས་ཀྱི་སྤྱོད་པ་ཙམ་པོ་འདི་ནི། བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་
ཁོ་ན་ཡིན་ལ། བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བའི་སྤྱོད་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་གཉིད་བསྲེ་དང་བཅས་པ་གོང་དུ་བསྟན་པ་སྟེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དངོས་ཉིད་དང༌། བར་དོར་འདའ་བའི་ཚེ་འཆི་བ་འོད་གསལ་མཐོང་བའི་ལམ་ལ་འཇུག་པ་དེ་ཉིད་འཆི་བ་དང་བསྲེ་བ་དང༌། དྲོད་ཐོབ་ནས་གཉིད་ཀྱི་འོད་གསལ་ལ་རྩེ་གཅིག་ཏུ་དྲིལ་བས། ཚེ་འདིར་སྒྱུ་ལུས་མ་ཐོབ་པར། བར་དོར་ཐོབ་ནས་དེའི་རྟེན་ལ་ཟུང་འཇུག་གི་སྐུ་འགྲུབ་པའམ། རིག་པ་འཛིན་པའི་ལུས་ཁྱད་པར་ཅན་ཞིག་གྲུབ་པའི་རྟེན་ལ་འདའ་བའི་ལུགས་ལ་ཡང་རུང་སྟེ། གཉིད་དང་བསྲེ་བ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་སྤྱོད་པ་དང༌། ས་བཅུའི་བར་མདོ་ལུགས་ཀྱིས་བགྲོད་ནས། སྔགས་ལ་འཇུག་པ་ཉེ་རྒྱུ་བཙན་ཐབས་ཀྱི་སྤྱོད་པ་སྟེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་ཕྱོགས་མཐུན་གསུམ་མོ། །བར་པ་དེ་གཉིས་ནི་སྤྱོད་པ་དངོས་མ་ཡིན་ཞིང༌། ཕྱི་མ་ནི། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ཡང་ཤིན་ཏུ་སྤྲོས་མེད་ཀྱི་ཕྱོགས་སུ་བསྡུས་ཏེ་དམིགས་པ་ཡིན་ནོ། །འདི་ནི་མཚོན་བྱེད་ཙམ་སྟེ་འཚང་རྒྱ་བའི་ཉེ་རྒྱུའི་སྤྱོད་པ་ཐམས་ཅད་དོ། །དེ་དག་གི་མཐའ་ཅུང་ཟད་དཔྱད་ན་དེས་ན་སྤྱིར་གོང་དུ་བཤད་པ་ལྟར་འོད་གསལ་མ་ཐོབ་ན། སྒྱུ་ལུས་ཐོབ་ཀྱང་སྐྱེ་བ་ལེན་པར་བཤད་པ། གཙོ་བོར་བར་དོ་སྐྱེ་སྲིད་དང་འདྲ་བ་ལ་དགོངས་པ་ཡིན་ཡང༌། བར་དོ་ཉིད་དུ་
སྒྱུ་ལུས་ཐོབ་པ་ལ། སྐྱེ་སྲིད་ལེན་པའི་རིགས་ཅན་ཡང་ཡོད་པས། འོད་གསལ་མ་ཐོབ་ན་ཞེས་བརྟག་པ་མཐར་བཟུང་ཡིན་གྱི། སྤྱིར་དེ་འདྲ་མི་སྲིད་དེ། སྒྱུ་ལུས་ཐོབ་པ་ཚེ་འདིར་འོད་གསལ་མ་ཐོབ་ཀྱང༌། འཆི་བའི་ཚེ་དོན་གྱི་འོད་གསལ་མི་ཐོབ་མི་སྲིད་པས་སོ། །དེས་ནས་དོན་འགྲུབ་རབ་ཏུ་མི་འབྱུང་བ་མི་སྲིད་ཀྱང༌། རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཞེས་པ་དང་འདྲ་ཞེས་ཟེར་བ་ནི། བར་དོར་སྒྱུ་ལུས་འགྲུབ་པའི་སྐབས་ཡོད་པ་ཙམ་གྱི་དོན་ལ་ཡང་ཞིབ་ཏིག་མ་བྱུང་བ་སྟེ། རང་གིས་ཀྱང་སྣང་བའི་རྟོགས་པ་རྒྱུད་ལ་སྐྱེས་པ་སྤྱོད་པ་སྤྱོད་རྒྱུ་མ་བྱུང་བར་ཤི་བ་དེ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་རྫོགས་རིམ་པར་ངོས་བཟུང་བ་བརྗོད་པའི་གཏམ་སྟེ། སྒྱུ་ལུས་ཐོབ་ན་སྐྱེ་བ་མི་ལེན་པས་ཁྱབ་པ་དང་ཅི་ཕྱིར་མི་འགལ་ལོ། །རང་གི་རྗེས་སུ་འབྲང་བའི་ལུགས་ལ་འགལ་བ་རགས་པ་དེ་ཙམ་ཡོད་པའི་མ་ཚང་ཡང་མ་རིགས་པར། ཁོ་བོས་གསུང་རབ་ལ་ལྟ་རྟོག་དང་ཐོས་བསམ་བྱས་པ་ན། རྒྱ་བོད་དུ་ཉི་ཟླ་ལྟར་གྲགས་པ་རྣམས་ལ་ཡང་གསུང་རབ་ཀྱི་གནད་མ་གོ་བའི་འཁྲུལ་པ་མང་པོ་ཡོད་ཅེས་སེམས་ཙམ་གྱི་ལུགས་འཛིན་པའི་པནྚི་ཏ་ཆེན་པོ་རྣམས་དང༌། དབུ་མ་རང་རྒྱུད་པ་རྣམས་དང༌། ཁྱད་པར་མཻ་ཏྲི་པ་དང༌། ཨ་བྷ་ཡ་སོགས་དང༌། བོད་ཀྱི་སྔ་ཕྱིར་བྱོན་པའི་མཁས་གྲུབ་རྣམས་ལ་སྡང་སྨྲ་མི་བཟད་པ་སྟེ། མདོ་ལས། བྱིས་པ་གང་ཞིག་བྱས་པའོ་ཞེས། །ཤེས་
པ་དེ་འདིར་མཁས་པའོ། །བྱིས་པ་གང་གིས་མཁས་སེམས་པ། །དེ་ནི་ཤིན་ཏུ་བྱིས་པར་བརྗོད། །ཅེས་བླུན་པོ་གང་རང་བླུན་པོར་ཤེས་པ་ནི་ཅུང་ཟད་མཁས་པ་ཡིན་ལ། རང་བླུན་པོ་ཡིན་ཡང་མཁས་པར་ང་རྒྱལ་བྱེད་པ་ནི་ཤིན་ཏུ་བླུན་ནོ། །ཞེས་གསུངས་པའི་དོན་བསམ་དགོས་སོ། །འདིར་སྒྱུ་ལུས་ཐོབ་ཀྱང་སྐྱེ་བ་ལེན་པར་གསུངས་པའི་གཞུང་དོན་དངོས་ནི། བར་སྲིད་ལེན་པ་ཉིད་ཡིན་ཏེ་ཚེ་འདིར་སྒྱུ་ལུས་ཐོབ་པའི་སྐབས་ཀྱི་སྤྱོད་པ་ཡིན་པའི་ཕྱིར་རོ། །རླུང་སེམས་ཙམ་གྱི་སྐུ་འགྲུབ་པའི་གང་ཟག་གིས་སྤྱོད་པ་སྤྱད་པས། ཁམས་ཕྲ་རགས་ཀྱི་ཐིམ་ཚུལ་རེ་རེ་ལ་བརྟེན་ནས་འོད་གསལ་དུ་འཇུག་ལྡང་བྱེད་པ་འཁོར་མོར་འབྱུང་བས་སྤྱོད་བསྡུས་སུ་སྤྱོད་པའི་སྐབས་སུ་ཁམས་ཕྲ་རགས་ཐིམ་ཚུལ་གསུངས་པ་ཡིན་ལ། འདིར་མཆོག་གི་དངོས་གྲུབ་ཐོབ་པའི་ལྟས་ཀྱི་རྨི་ལམ་རྣམས་འབྱུང་བ་དང༌། ལུས་ཕྲ་ཡང་གི་ཡོན་ཏན་བརྒྱད་ལྡན་གྱི་རིག་པ་འཛིན་པའི་གནས་ཐོབ་པ་ཤས་ཆེའོ། །བསྐྱེད་རིམ་གྱི་སྤྱོད་པའི་སྐབས་སུ་དངོས་གྲུབ་དངོས་ལ་སྦྱོར་བ་ནི་ཤིན་ཏུ་སྤྲོས་མེད་ཀྱིས་ཆོག་པ་ཡོད་ཀྱང༌། སྤྲོས་བཅས་དང་སྤྲོས་མེད་གང་རུང་ཞིག་ངེས་པར་སྔོན་དུ་འགྲོ་དགོས་པ་ཡིན། ཤིན་ཏུ་སྤྲོས་མེད་ལ། ལུས་མཚོ་བ་ཙམ་གྱིས་ཟས་ཀྱིས་ཆོག་པར་བཤད་པ་ལ། འགའ་ཞིག་དཀའ་ཐུབ་ལ་བརྟེན་པར་འདོད་པ་དང༌། ཁ་ཅིག་ལུས་བརྟན་པར་
གྱུར་པའི་ཟས་དགོས་ཞེས་སྨྲ་བ་ནི། གཉིས་ཆར་གྱིས་གནད་མ་ལོངས་བར་སྣང་སྟེ། སྤྱོད་པ་སྤྱིའི་མཚན་ཉིད་དུ། འགའ་ཞིག་དཀའ་ཐུབ་སྤངས་ནས་འདོད་ཡོན་བསྟེན་པ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་རྒྱས་འབྱུང་མཆོག་ཐོབ་པའི་སྐབས་ཟས་ཀྱང་ཟ་དགོས་པའི་ངེས་པ་མེད་སོ། །དེས་ན་སྤྱོད་པ་གཞན་གཉིས་ལ་ལོངས་སྤྱོད་མང་པོ་དོན་གཉེར་ཡོད་ཀྱང་འདི་ལ་ལུས་འཚོ་བ་ཙམ་གྱི་ཡོ་བྱད་ལས་ལྷག་པོ་ཆེད་གཉེར་མེད་དོ། །དཔེའི་འོད་གསལ་མཐར་ཐུག་གི་སྒྲུབ་བྱེད་ཀྱི་སྤྱོད་པ་ལ་ཡང༌། གཙོ་བོར་གསུམ་པོ་གང་སྤྱོད་ཀྱང༌། སྤྲོས་བཅས་སྤྲོས་མེད་གང་རིགས་ཤིག་ངེས་པར་སྤྱོད་དགོས་ལ། རླུང་སེམས་ཙམ་གྱི་སྐུ་འགྲུབ་ཕན་ཆད་དུ་ནི། སྤྱོད་པ་གསུམ་གང་ལ་བརྟེན་ཀྱང་རུང་སྟེ། དབང་པོ་རྣོན་པོ་ལ་ཤིན་ཏུ་སྤྲོས་མེད་མྱུར་བ་དང་འབྲིང་པོ་ལ་སྤྲོས་མེད་དང༌། ཐ་མ་ལ་སྤྲོས་བཅས་སོ། །འདི་ལ་དགོངས་ནས་འགོས་ཆེས་པོ། ཤེས་རབ་ཆེ་ཆུང་གསུམ་གོ་ཟློག་ཏུ་སྦྱོར་བར་མཛད་པ་ཡང་འགལ་བ་མེད་དོ། །སྣང་བའི་རྟོགས་པ་སྐྱེས་ནས་སྤྱོད་པ་ལ་མ་བརྟེན་པར་སྒྱུ་ལུས་ཐོབ་པ་ཡང་ཡོད་ན། སྤྱོད་པ་དང་པོ་གཉིས་ངེས་པར་སྤྱོད་དགོས་པ་དང་འགལ་སྙམ་ན་མི་འགལ་ཏེ། སྤྱོད་པ་མ་སྤྱད་ན་ལས་རྒྱ་ལ་བརྟེན་ནས་དེ་འགྲུབ་ཀྱང༌། སྤྱོད་པ་སྤྱད་ཕྱིན་སངས་རྒྱས་པའི་ཉེ་རྒྱུ་ཡིན་ན་མ་གཏོགས་ཤིན་ཏུ་སྤྲོས་མེད་འབའ་ཞིག་ཡིན་ན་ལས་རྒྱ་ངེས་པར་སྤོང་དགོས་པ་ཡིན་པས་སྣང་བ་ཐོབ་
ནས་ཤིན་ཏུ་སྤྲོས་མེད་འབའ་ཞིག་གིས་དེ་སྒྲུབ་པར་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཡང་སྤྱོད་པའི་སྐབས་སུ་དྲག་ཤུལ་སྒྲུབ་པ་འབྱུང་སྟེ། ཕྱག་རྒྱའི་པདྨར་གནས་པའི་ལྷ་ལ་ཕུར་བུས་བཏབ་པས་དངོས་གྲུབ་སྟེར་བའི་དོན་དུ་གནད་ལ་འབོར་ཞིང་བསྐུལ་བའོ། །དེ་ཡང་སྤྱོད་པ་དང་བཅས་པའི་སྒྲུབ་པ་ཤིན་ཏུ་ཟླ་བ་དྲུག་ཏུ་བྱ་ཞིང༌། དེས་མ་འགྲུབ་ན་ལན་གཉིས་དེས་མ་འགྲུབ་ན་ལན་གསུམ་དུ་བསྐྱར་བས་འགྲུབ། དེས་ཀྱང་མ་འགྲུབ་ན་དྲག་ཤུལ་སྒྲུབ་པ་རྡོ་རྗེ་སེམས་དཔའ་བསད་པའི་ཆོ་ག་བྱས་པས་ངེས་པར་འགྲུབ་པར་གསུངས་པ། བོད་ལ་ལ་དག་རྫོགས་རིམ་པར་འདོད། ལ་ལ་དག་བསྐྱེད་རིམ་གྱི་སྤྱོད་པ་བཞེད། ངེས་པར་བྱ་བ་ནི་རྫོགས་རིམ་གྱི་རྟོགས་པ་མཐོན་པོ་བསམ་མི་ཁྱབ་ཀྱི་དགོངས་པ་ཅན་སྔོན་བསྐྱེད་རིམ་མཐར་བྱུང་བ་ཞིག་གིས་ཡི་དམ་གྱི་ལྷ་བསྐུལ་བའི་སྤྱོད་པ་སྟེ། བསྐྱེད་རིམ་ལ་གཙོ་བོར་བརྟེན་པའི་ཁྱད་པར་ཅིག་སྟེ། ལྷ་དེ་དང་མཇལ་བས་འཕྲལ་དུ་མཆོག་འགྲུབ་པ་སྟེ་འདི་ཟུར་པ་ཞིག་གོ །གཉིས་པ་གཞུང་གི་དོན་ལ། སྤྱོད་པའི་གོ་རིམ། འབྲས་བུ། ཆོ་ག་གསུམ་ལས། དང་པོ་ནི། བདེ་བས་གཉིས་སྣང་རགས་པ་འགོག་པ་ལ་བརྩོན་པ་ལ་སྤངས་པ་ཞེས་བརྟགས་པའམ། འཕགས་ལམ་གྱི་ཀུན་འདར་མཉམ་བཞག་ཏུ་རེ་ཞིག་སྤངས་པའང་ཡིན་པས་དེ་ཀུན་འདར་གྱི་སྤྱོད་པ་དམ་པ་སྟེ། བཟང་པོ་ནི་ཐོག་མ་སྤྱོད་ཅིང༌། རྫུན་དང་ལོག་གཡེམ་དང་ཚིག་
རྩུབ་སོགས་ཅི་བྱས་པ་ཐམས་ཅད། རྒྱུའི་དུས་སུ་བྱང་ཆུབ་ཀྱི་སེམས་དང༌། དགོས་པ་ཁྱད་པར་ཅན་རང་གིས་བྱང་ཆུབ་མྱུར་དུ་འགྲུབ་པའི་ཚུལ་མཐོང་བ་དང༌། དངོས་གཞིའི་དུས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་རོལ་དུ་སོང༌། འབྲས་བུའི་དུས་ན་རང་གི་ཡེ་ཤེས་ཆེར་འཕེལ་བ་གཞན་དོན་དུ་འགྱུར་བས་ན། དེ་དག་ཀྱང་སྡིག་པའི་དྲི་མས་མ་གོས་པའི་དགེ་བ་མཆོག་བྱ་བ་བཟང་པོ་འབའ་ཞིག་ཡིན་ན། དེ་ལ་ནམ་ཡང་ཉེས་སྤྱོད་མི་སྲིད་པས། ཡུལ་དུས་གནས་སྐབས་ཀུན་ཏུ་བཟང་པོ་འབའ་ཞིག་ཏུ་སྤྱོད་པས་ཀུན་བཟང་སྤྱོད་པ་སྟེ་བར་དུ་བྱེད་དེ། དེ་ཡང་སངས་རྒྱས་མཉམ་སྦྱོར་ལས། གཡེམ་པ་རྣམས་ལ་གཡེམ་པར་འགྱུར། ཁྲོ་བ་རྣམས་ལ་ཁྲོ་བའི་མཆོག །ཞི་བ་རྣམས་ལ་ཞི་བའི་མཆོག །དྲག་ཤུལ་ཅན་ལ་དྲག་པོས་གནོན། །ཞེས་གང་འདུལ་དུ་སྤྱོད་ཅིང༌། དེ་ནི་དགེ་བ་མཉམ་པ་ཉིད་དུ་མཐོང་བ་ཞེས་བྱ་སྟེ། སཾ་པུ་ཊ་ལས། དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། མཁས་པས་འདི་དག་རྣམ་པར་སྤངས། ཞེས་པས་བླང་དོར་མེད་པའི་གནས་ལུགས་རྟོགས་པའོ། །དེ་དག་སྤྱད་པས་དངོས་གྲུབ་རབ་འབྱམས་ཐོབ་པའོ། །དྲོད་ཆེན་པོ་ཐོབ་ནས་ནི་དོན་དུ་འགྱུར་ན། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱ་སྟེ། བདག་ཉིད་འཇིགས་པ་དང་དོགས་པ་མེད་པས་བདུད་དང་མི་མ་ཡིན་དང་མུ་སྟེགས་སོགས། མི་དང་སྨྲ་བ་དང༌། སྡང་བ་དང་གདུག་པ་ཐམས་ཅད་ཚར་བཅད་པས་ཟིལ་གྱིས་གནོན་པ་དང༌། གཞན་ཡང༌།
དངོས་གྲུབ་དང་རྫུ་འཕྲུལ་གྱི་སྤྲུལ་པས་གཞན་གྱི་དོན་ཟད་མི་ཤེས་པར་སྒྲུབ་པར་བྱེད་པ་ཐ་མར་སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ། སྤྱོད་པ་གསུམ་པོ་དེ་ཡང་ནང་ཚན་སྤྲོས་བཅས་སོགས་གསུམ་གསུམ་དུ་དབྱེ་བས་སོ། །གཉིས་པ་ནི། དེ་དག་སྤྱད་པས་གོང་མའི་ལམ་མཐོང་སྒོམ་སོགས་དང༌། ས་བཅུ་གོང་འོག་རྣམས་ཐོབ་བོ། །གསུམ་པ་ནི། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་རིམ་པ་བཞི་པ་མཐར་ཕྱིན་པ་བྱེད་པ་སྟེ། དངོས་ནི་རིམ་པ་བཞི་པ་མཐར་ཕྱིན་པ་བྱེད་པའོ། །ད་ནི་དེ་དག་ཀུན་གྱྀ་གྲུབ་དོན་བཤད་ན། འདོད་འཇུག་བརྟེན་སློབ་དྲོད་ཚར་ཉུལ་བ་ཡི། །སྤྱོད་པ་འདི་གསུམ་རིག་སྤྱོད་ཕྱོགས་མཐུན་ཡིན། །ཀུན་འདར་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གསུམ། །སྐྱེ་འཕགས་སོ་སོར་བསྟན་ན་ཐ་དད་དེ། །འཕགས་པའི་གསུམ་ཀའང་ཕྱོགས་ལས་རྣམ་རྒྱལ་ཡིན། །སྤྲོས་བཅས་སོགས་གསུམ་བྱ་བའི་ཁྱད་པར་ཏེ། །དབང་པོ་གསུམ་ལ་མཐུ་ཡང་སོ་སོར་ཕྱེ། །རྣལ་འབྱོར་ལམ་པ་དང་པོ་གཉིས་བསྟེན་དགོས། །ཞེས་ཀྱང་སྨྲས་སོ། །འདོད་ཡོན་ཇི་ལྟ་འདོད་པ་ལ་མ་བཀག་པར་ལོངས་སྤྱོད་པས་བདེ་བས། བདེ་སྟོང་གི་ཡེ་ཤེས་བརྟན་པོར་གྱུར་པའི་རྒྱུན་གོང་འཕེལ་དུ་བྱེད་ཅིང༌། གཞན་ཡང་རང་གཞན་གྱི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་སྣ་ཚོགས་པ་དང༌། གནས་དང་ལོངས་སྤྱོད་དང༌། །དུས་མི་འདྲ་བ་སྣ་ཚོགས་པར་དགའ་བ་དང༌། སྐྱོ་བ་དང༌། ངོ་མཚར་དང༌། རྣམ་གཡེང་དང༌། བརྩེ་སེམས་དང༌།
ཆགས་སྡང་སོགས་ཉོན་མོངས་དང༌། སེམས་ཀྱི་འགྱུར་བའི་ཁྱད་པར་སྣ་ཚོགས་སྐྱེ་འགྱུར་གྱི་ཡུལ་ཐམས་ཅད་ངེས་མེད་དུ་སྤྱོད་ལམ་སྣ་ཚོགས་པས་བསྟེན་ཞིང༌། བདེ་སྟོང་དང་ལྷ་སྐུའི་རྣལ་འབྱོར་གྱི་དམིགས་པའི་རྩ་བ་ལས་སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཀྱི་རྩལ་འགྱུར་བ་དེ་དག་ཏུ་ཅུང་ཟད་སྣང་བ་ཇི་སྙེད་བྱུང་བ་ཐམས་ཅད། རིག་མ་དང་མཉམ་པར་སྦྱར་བའི་བདེ་སྟོང་གི་དབྱིངས་སུ་བསྲེ་བའོ། །དྲོད་ཆུང་ངུ་སྐྱེས་པ་དང༌། འདི་སྐབས་ཀྱི་བདེ་སྟོང་ཤིན་ཏུ་བརྟན་པ་དང༌། དགའ་བའམ་སྣང་བའི་རྟོགས་པ་སྐྱེས་པ་རྣམས་དོན་གཅིག་སྟེ། མཆོག་ཁོ་ནའི་དུས་སུ་རྫོགས་རིམ་པའི་སྤྱོད་པ་བྱེད་པའི་སྐབས་ཀྱི་ཐོག་མའོ། །རྟཽགས་པ་དེ་དག་དང་ལྡན་པས་ཕྱག་རྒྱ་སྣ་ཚོགས་པའི་ལོངས་སྤྱོད་བསྟེན་པ་ན། སྔར་ཕོ་ཉའི་ལམ་གྱི་དུས་ལས་ཆེས་ལྷག་པའི་རྩ་ཐིག་ལེ་རླུང་སེམས་ཏེ་བཞི་པོ་དེ་དག་ཚུལ་མཐར་ཕྱིན་པ་འབྱུང་ངོ༌། །རིག་མའི་ཁྱད་པར་མང་པོ་དང༌། སྤྱོད་ལམ་སྣ་ཚོགས་པ་བསྟེན་པ་དག་ནི། སེམས་ཀྱི་དྲི་མ་ཕྲ་མོ་ཞེན་པའི་ཚུལ་གྱི་གནས་པ་རྣམས་མངོན་གྱུར་དུ་སློང་ནས་བདེ་སྟོང་གི་དབྱིངས་སུ་སྤྱད་དེ་དག་པར་བྱེད་པ་ཡིན་ནོ། །ཞེས་པ་འདི་གྲུབ་བོ། །མཐར་ཐུག་པ་ཡང་འདི་ལ་ལྟོས་པས། དམ་པ་ཁ་ཅིག་ཡོངས་སུ་གྲགས་པའི་རིག་སྤྱོད་ཀྱིས་སྤངས་བྱ་རགས་པ་ལས་ཕྲ་མོ་སྤོང་མི་ནུས། རིག་སྤྱོད་ཁྱད་པར་འཕགས་པ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་ཞེས་གསུངས་པ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དགེ་སློང་གི་སྡོམ་པ་ལ་ངོས་འཛིན་པར་མཛད་དོ། །དགོས་པ་གཟིགས་
པས་གསུང་པ་ཡིན་སྣང་བའི་ཕྱིར། སྤྱིར་མི་འགལ་མོད་ཀྱང༌། དོན་ལ་ནི་མི་རུང་སྟེ། དེ་ལྟ་ན་མིའི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་རྣམས་ཀྱང་ཟླ་ཕྱེད་དམ་ཟླ་བ་དྲུག་ཚུན་ཆད་ཀྱིས་སངས་རྒྱས་ཐོབ་དགོས་པར་འགྱུར་ཏེ། འཕགས་ལམ་གྱི་རིག་སྤྱོད་ལ་ཉིན་མཚན་རྟག་ཏུ་གནས་པའི་ཕྱིར། གཞན་ཡང་འདིའི་ལུགས་ལ་དམ་བཅའ་འབའ་ཞིག་ལུ་གུ་རྒྱུད་དུ་བྱེད་པ་མ་གཏོགས། ལུང་རིགས་ཀྱི་སྒྲུབ་བྱེད་སྣ་གཅིག་ཀྱང་མེད་པ་དང༌། རང་ཉིད་ཀྱིས་ཆོས་གཞན་དུ་མི་ཟབ་པ་འདིར་ཟབ་ཅེས་ཐུན་མོང་གི་ལམ་ཐམས་ཅད་ཟབ་པར་མཛད་ཅིང༌། ཐུན་མོང་མ་ཡིན་པ་སྟོང་ཉིད། ཕྲ་ཐིག་ཕྱག་རྒྱའི་ལམ་ལ་སོགས་པ་མི་ཟབ་ཅེས་གསུངས་པས། མདོ་སྔགས་ཀྱི་ཟབ་ཁྱད་ཕྱིན་ཅི་ལོག་ཏུ་ཁས་ལེན་དགོས་ཏེ། ཟབ་ཚད་མདོ་ལུགས་ནས་རྩལ་དུ་བཏོན་པ་དང༌། མི་ཟབ་ཚེ་སྔ་ནས་རྩལ་དུ་བཏོན་པར་སོང་བའི་ཕྱིར་རོ། །དེ་ཡང་དེ་ལྟ་ན་ནི་ཕར་ཕྱིན་ཐེག་པའི་ལམ་སངས་རྒྱས་ཐོབ་པ་ལ་མྱུར་བར་འགྱུར་དགོས་པ་ལས། དེ་ནི་རང་གི་གཞུང་ལས་ཀྱང་བསྐལ་པ་གྲངས་མེད་གསུམ་སོགས་ཐོགས་པར་བཤད་ལ། སྔགས་ལ་ཚེ་གཅིག་ལ་གྲུབ་པ་འོ་སྐོལ་གཉིས་ཀ་ལ་གྲུབ་པ་མ་ཡིན་ནམ། མཐར་གཏུགས་ན་ཐེག་ཆེན་གྱི་མདོ་རྣམས་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཉིད་སྟོན་ལ། དེ་ཙམ་དུ་སོ་སོར་ཐར་པ་རིག་བདུན་མི་སྟོན་པ་དང༌། རིག་སྤྱོད་ནི་སངས་རྒྱས་ཀྱི་ཉེ་རྒྱུ་ཡིན་པར་བཞེད་པས།
ཐེག་ཆེན་ལས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ཟབ་ཅེས་བྱ་བར་སོང་ཞིང༌། དེ་ཟབ་པ་ནི་ལྟ་ཅི་སྨོས། དེ་དག་ཏུ་བྱང་ཆུབ་སེམས་དཔའི་ལམ་ཡང་རྫོགས་པར་མ་བསྟན་པར་གྲུབ་བོ། །གཞན་ཡང༌། དགེ་སློང་མཆོག་འཛིན་ཅན་རིག་སྤྱོད་ཀྱི་ཆོས་ཉན་པའི་སྣོད་ཙམ་ཡང་མ་ཡིན་པར་གསུངས་པ་ཡིན་ཏེ། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་སྤྱོད་པ་བསྡུས་པའི་སྒྲོན་མར་ལུང་དྲངས་པར་ཡང༌། གང་ཞིག་དགེ་སློང་དངོས་གནས་དང༌། །གང་ཡང་རྟོག་ལ་དགའ་བའི་མི། །མི་གང་རྒན་པོར་གནས་གྱུར་པ། །དེ་ལ་དེ་ཉིད་མི་སྟོན་ཞེས་པའི་དེ་ཉིད་ཀྱང་སྤྱོད་པ་ཡིན་པར་གསུངས་ཤིང༌། དེ་ཉིད་ལས། བདེ་བ་ཆེན་པོའི་འབྲས་བུ་མཆོག་ལ་མངོན་པར་དགའ་བ་རྣམས་ལ། ཉན་ཐོས་དང་མདོ་སྡེའི་ཚུལ་དང་ལྡན་པའི་སྤྱོད་པ་མ་གསུངས་ཏེ་ཞེས་པ་ནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའི་སྤྱོད་པ་དཀའ་བ་རྣམས་ཀྱིས་དུས་རིང་པོས་བྱང་ཆུབ་ཚོལ་བར་བྱེད་མོད་ཀྱི། འོན་ཀྱང་ཐོབ་པར་མི་བྱེད་དོ། །ཞེས་གསུངས་པས་ཤིན་ཏུ་གནོད་པ་ཡིན་ཏེ། དེ་འདྲའི་དགེ་སློང་དེ་རིག་སྤྱོད་ཁྱད་པར་དུ་འཕགས་པ་ལ་གནས་བཞིན་པར་སོང་བས། མྱུར་དུ་འཚང་ཡང་རྒྱ་དགོས་ན། དེ་ཁོ་ན་ཉིད་བསྟན་པའི་ཡུལ་མ་ཡིན་པར་མི་འགྱུར་དགོས་པ་ལས། དེ་མ་ཡིན་པར་བཤད་པ་དང༌། དེ་ཙམ་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཀྱང་མི་ཐོབ་ན། བླ་ན་མེད་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཇི་སྐད་དུ། ཐབས་དང་མི་ལྡན་ཡེ་ཤེས་དང༌། བསླབ་པ་དག་ཀྱང་གསུང་པ་ནི། དཔའ་བོ་ཆེན་པོས་
ཉན་ཐོས་རྣམས། དེ་ལ་ཞུགས་པའི་ཕྱིར་གསུངས་སོ། །ཞེས་ཐབས་དང་མི་ལྡན་པའི་ཡེ་ཤེས་ཏེ། སྙིང་རྗེ་ཆེན་པོ་འཁོར་བཅས་དང༌། ལྷའི་རྣལ་འབྱོར་དང་བདེ་ཆེན་འཁོར་བཅས་ཀྱིས་མ་ཟིན་པའི་སྤྲོས་བྲལ་ཙམ་གྱི་སྟོང་ཉིད་དང༌། ཉེས་སྤྱོད་སྡོམ་པའི་བསླབ་བྱ་རབ་འབྱམས་གསུངས་པ་ཙམ་ནི། ཉན་ཐོས་ཀྱི་གདུལ་བྱ་རྣམས་རེ་ཞིག་དེ་ཙམ་ལ་བཀོད་དེ། དེའི་དགྲ་བཅོམ་སོགས་ཐོབ་ན། སླར་ཡང་ཐེག་པ་ཆེན་པོ་ལ་འཇུག་པའི་དོན་ཙམ་ཡིན་ཞེས་གསུངས་ན། ཁྱེད་ཀྱི་ལུགས་ཀྱི་རིག་སྤྱོད་པ་དེ་ལ་ནི། རེ་ཞིག་ཐེག་ཆེན་ལ་འཇུག་པའི་སྐལ་པ་མེད་པ་ཡང་མང་དུ་སྣང་བས། འདི་ཅི་ཞིག་བྱ། དགེ་སློང་སྔགས་ཀྱི་རྟེན་མཆོག་ཡིན་པས་སོ་སྙམ་ན། ཡིན་མོད་དེ་ནི་ཤིན་ཏུ་མ་ངེས་ཏེ། དེ་ལྟ་ན་ཉིད་དག་རིག་སྤྱོད་ཁྱད་པར་དུ་འཕགས་པ་མི་ལུས་རིན་པོ་ཆེ་ཅིས་ཀྱང་ཅི་ཕྱིར་མི་འཆད། ཉེས་པར་སྤྱོད་པ་མཐའ་དག་སྡོམ་ཞིང་དགེ་བའི་ཆོས་ལ་རྩེ་གཅིག་ཏུ་སྤྱོད་པ་སེམས་ཅན་མ་ལུས་པ་སྒྲོལ་བའི་རླབས་ཆེན་གྱི་སྤྱོད་པ་དང་འབྲེལ་བ་བྱང་ཆུབ་སེམས་པའི་སྡོམ་པས་ཀྱང༌། མཐར་ཐུག་གི་སྤྱོད་པར་མི་འགྱུར་ན། ཉེས་སྤྱོད་ཀྱི་ཆ་ཤས་སྡོམ་པ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སོགས། ཉེ་ཚེ་ཙམ་ལ་གནས་པ་འདིས་མཐར་ཐུག་གི་སྤྱོད་པར་ག་ལ་འགྱུར། སྤྲོས་པས་ཆོག་གོ །སྤྱོད་པའི་སྐབས་ཀྱི་བདེ་ཆེན་གྱི་ཚུལ་ནི་བོགས་འབྱིན་ཡིན་ལ། ཕོ་ཉའི་ལམ་ལ་ནི་གཉིས་ཡོད་དེ། མི་རྟོག་པ་ཁྱད་པར་ཅན་བདེ་སྟོང་གི་ཡེ་ཤེས་མ་སྐྱེད་པ་བསྐྱེད་པའི་དོན་དུ་ཕྱག་རྒྱའི་
ལམ་ལ་བརྟེན་ནས་བདེ་བ་སྔོན་སོང་གི་སྟོང་པ་ཉིད་ཁྱད་པར་ཅན་བསྒོམ་པ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་དང༌། རྣལ་འབྱོར་ལམ་དང་ཕོ་ཉའི་ལམ་གང་ལ་བརྟེན་ནས་འབྱུང་བ་ཡིན་ཡང༌། ཡེ་ཤེས་དེའི་རྒྱུན་འཕེལ་བ་དང་བརྟན་པར་བྱ་བའི་ཕྱིར་ཕྱག་རྒྱ་བསྟེན་པ་སྟེ། ཕྱག་རྒྱའི་རྣལ་འབྱོར་དུས་ཐ་དད་པའི་དབྱེ་བས་གསུམ་མོ། །དང་པོ་ལ་ཡང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་རིམ་པས་སྒྲུབ་བྱེད་ཀྱི་ཕྱག་རྒྱའི་སྦྱོར་བ་དང༌། བཙན་ཐབས་སུ་སྒྲུབ་བྱེད་དེ་གཉིས་ཡོད་དོ། །བདེ་སྟོང་སྒྲུབ་པ་དང་བརྟན་འཕེལ་བྱེད་པ་ལ། རང་ལུས་འབའ་ཞིག་གིས་ཀྱང་འགྲུབ་པར་བྱར་ཡོད་མོད་ཀྱི། བོགས་འབྱིན་ནི་ངེས་པར་ཕྱག་རྒྱ་ལ་རག་ལས་སོ། །བོགས་འབྱིན་གྱི་དེ་ཡིན་ཡང༌། སྤྱོད་པ་ཡིན་པས་ནི་མ་ཁྱབ་སྟེ། འདོད་ཡོན་གཞན་སྣ་ཚོགས་དང་སྤྱོད་ལམ་སྣ་ཚོགས་པ་མེད་པར་ཚོགས་ཀྱི་ཆོ་གའི་རིམ་པ་ཡང་མེད་ཅིང༌། གཉིད་ཀྱི་འོད་གསལ་གཙོ་བོར་སྒོམ་པ་ཡང་མེད་པར། སྣང་བའི་རྟོགས་པ་སྐྱེས་ནས་དཔེའི་འོད་གསལ་མཐར་ཐུག་གི་ཕྱིར་དུ་ཕོ་ཉའི་ལམ་ཙམ་སྒོམ་པ་ཡོད་ལ། དེ་ལ་རིག་སྤྱོད་ཀྱི་དོན་གང་ཡང་མ་ཚང་བས་སོ། །དེའི་ཕྱིར་ཕོ་ཉའི་ལམ་ལ་རིག་སྤྱོད་ཀྱིས་ཁྱབ་པར་སྨྲ་བ་ནི་ཤིན་ཏུ་མ་བརྟགས་པའོ། །ཕོ་ཉའི་གསུམ་བསྐུལ་བའི་ཚུལ་ནི། འཁོར་ལོ་སྡོམ་པ་ཉིད་ནས་བཤད་པའི་ཐུན་མོང་མ་ཡིན་པའི་རྣམ་གཞག་གོ །ལཱུ་དྲིལ་གྱི་རྫོགས་རིམ་གཉིས་ལ་ཡང༌། གཞི་དུས་ཀྱི་རྣམ་གཞག །ལམ་དང་ཡེ་
ཤེས་ཀྱི་སྤྱི་ཆིངས༌། སྤྱོད་པའི་རྣམ་གཞག་ལ་སོགས་པ་ཐུན་མོང་གི་རིམ་པ་ཐམས་ཅད་དེ་ལྟར་ངེས་པར་བྱས་ནས། ནང་སེལ་མི་འདྲ་བ་དམིགས་པའི་ཁྱད་པར་དག་བཤད་པ་ལ། གཉིས་པ་ལཱུ་ཡི་པའི་གཞུང་ལས་བྱུང་བའི་རྫོགས་རིམ་བཤད་པ་ལ། སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ལ། སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ནི། རྒྱུད་འདིར། རྡོ་རྗེའི་བཟླས་པའི་རྣམ་གཞག་མདོར་བསྡུས་ཙམ་ལས་མ་གསུངས་ཀྱང་རྒྱུད་སྡེ་གཞན་ནས་འབྱུང་བའི་ཅུང་ཟད་ཁ་བཀང་སྟེ་བཤད་ན་གོ་བ་ཆགས་པར་འགྱུར་བས། འདི་ལ་ཤེས་བྱ་རླུང་གི་དེ་ཉིད། མཚོན་བྱ་སྔགས་ཀྱི་དེ་ཉིད། བསྒོམ་བྱ་སྲོག་རྩོལ་གྱི་རང་བཞིན་གསུམ་ལས། དང་པོ་ནི། གཡོ་བ་རླུང་གི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ལ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དོན་དམ། སྔགས་ཀྱི་རྩ་བ་སྟེ་ལྔ་ལས། དང་པོ་ལ། སྔགས་བཏུ་གཞི། ཇི་ལྟར་འཐུ་བའི་ཚུལ། སྔགས་ཀྱི་ངོ་བོ། །དེའི་བྱེད་ལས་ཏེ་བཞི་ལས། དང་པོ་ནི་གཤིན་རྗེ་གཤེད་ཀྱི་བཤད་རྒྱུད་རྟོག་པ་གསུམ་པ་ལས། ཨཱ་ལི་ཀཱ་ལྀ་གྲོང་ཁྱེར་ནི། གསང་སྔགས་འབྱུང་བའི་རྩ་བ་སྟེ། །ཞེས་ཨཱ་ལི་ཀཱ་ལི་རྣམས་སོ། །གཉིས་པ་ནི། དབྱངས་ནས་ཨ་ཡིག་དང༌། ཨུ་ཡིག་གཉིས། གསལ་བྱེད་ནས་མ་སྲོག་མེད་དེ། ཡི་གེ་གསུམ་བཏུས་པ་ལས་ཨོཾ་སྟེ། ཨའི་ཡི་གེ་
ཨུའི་ཡི་གེ་ལ་ཨོ་ཏེ་ཕ་རོལ་ལའང་ཡང་བྱའོ། །ཞེས་ཨ་དང་ཨུ་ཕྲད་པས་ཨོ་རུ་གྱུར་པ། མ་སྲོག་མེད་རྗེས་སུ་ང་རོ་ཐིག་ལེར་གྱུར་པ་སྟེང་དུ་བཞག་པས་ཨོཾ་མོ། །དེ་བཞིན་དུ་ཨ་ཡིག་གཉིས་དང༌། ཧ་སྲོག་མེད་བཞག་པ་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཕ་རོལ་ཡང་དབྱེའོ། །ཞེས་པས་ཨ་ཐུང་གཉིས་རིང་པོ་གཅིག་ཏུ་གྱུར་པ་དང༌། ཧ་སྲོག་མེད་རྣམ་བཅད་དུ་གྱུར་པའོ། །རྣམ་བཅད་ཧ་ཡིག་ལས་འབྱུང་བ་ནི། བོད་ན་ཡོད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་རྣམས་ལས་མ་བྱུང་ཡང༌། གཞན་རྣམས་ལས་ཡོད་པར་སྣང་ཞིང༌། རྒྱ་གར་བ་རྣམས་ཀྱི་ངག་རྒྱུན་ལ་རྣམ་བཅད་ཧ་སྒྲ་འབའ་ཞིག་ཏུ་འབྱུང་ངོ༌། །ཧ་སྲོག་མེད་དང༌། ཨུ་དང་མ་སྲོག་མེད་རྣམས་ལས་གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲང་ངོ༌། །ཞེས་པས། ཧ་ཨུ་ལ་སྦྱར་བས་ཧུ་ཡིག་ཏུ་སོང་ཞིང༌། མ་རྗེས་སུ་ང་རོར་སྦྱར་བས་ཧཱུཾ་ངོ༌། །དེ་དག་ནང་དུ་སྦྱར་བ་ནི། སྔགས་བཏུ་གཞི་ཨཱ་ལི་ཀཱ་ལི་ནི་རྩ་ནང་གི་རླུང་ཨཱ་ལི་ཀཱ་ལིའི་གདངས་སུ་གནས་པ་དག་ཡིན་ལ། དེ་ཉིད་འཐུ་བའི་ཚུལ་ཡང་རྡོ་རྗེ་འཕྲེང་བ་ལས་རྒྱས་པར་གསུངས་ཏེ། སྙིང་པོ་བསྡུས་པ་ནི། རྒྱུད་དེ་ཉིད་ལས། ཨ་ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་བསྡུས། །ཞེས་སྙིང་ཁའི་ཨ་ཐུང་ལས་འབྱུང་བའི་སྲོག་འཛིན་གྱི་རླུང་དེའི་གདངས་ཅན་དང༌།
ཨུ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །མགྲིན་པའི་མཐའ་ནས་སྤྱི་གཙུག་བར། ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། ཞེས་གྱེན་རྒྱུའི་རླུང་མགྲིན་པ་ནས་སྤྱིའི་བར་ཏུ་ཨུ་ཡིག་གི་གདངས་ཀྱིས་འགྲོ་བ་དང༌། བདེ་ཆེན་འཁོར་ལོར་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་ཙམ། །མཐེ་བོའི་ཚད་ནི་སོར་བཅུ་གཉིས། །རྒྱལ་པོ་གཙུག་ཏོར་ནང་ན་གནས། །སྨིན་མཚམས་ནས་ལོགས་སུ་སོར་བཅུ་གཉིས་གཞལ་པའི་གནས། གཙུག་ཏོར་གྱི་འཁོར་ལོའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཐིག་ལེ་གནས་པ་སྟེ། སྙིང་ཁའི་རླུང་ཨའི་གདངས་ཅན་ལ་མགྲིན་པའི་རླུང་ཨུའི་གདངས་ཅན་འདྲེས་པས་ཨོ་ཡིག་གདངས་སུ་གྱུར་པ་སྤྱི་བོའི་ཐིག་ལེའི་རླུང་སྙིང་ཁའི་གནས་སུ་ཕྱིན་པས་ཨོཾ་རུ་འགྱུར་ཏེ། དབུགས་ནང་དུ་འོང་བ་ནའོ། །མགྲིན་པར་ཨུ་ཡིག་འབྱུང་བ་ནི། ཡོངས་སུ་གྲགས་པ་མགྲིན་པར་ཡི་གེ་ཨོ་ཡིན་པ་དང་མི་འགལ་ཏེ། ཨོ་ཡིག་གི་ཡོན་ཏན་ཨོ་ཡིག་དང་འཕེལ་པ་ཨཽ་ཡིན་པས་སོ། །དེས་ན་རྡོ་རྗེ་འཕྲེང་བའི་དཔེ་འགའ་ཞིག་ལས། ཨོ་ནི་ལོངས་སྤྱོད་འཁོར་ལོར་གནས། ཞེས་འབྱུང་བའང་མ་དག་པ་མ་ཡིན་ནོ། །ཡི་གེ་ཨ་ནི་སྔར་བཤད་ཟིན། །སྲོག་གི་རླུང་ནི་མཆོག་ཡིན་ནོ། །ཞེས་སྙིང་གའི་རླུང་ཨ་ཡིག་གོང་བཞིན་དང༌། ཨ་ནི་ཆོས་འཁོར་པདྨ་ལས། །མགྲིན་པར་ཡི་གེ་ཨ་གཉིས་འགྱུར། །སྲོག་རྩོལ་ཉིད་དང་ཐུར་སེལ་བ། །ཡི་གེ་ཧ་ཡི་ཀུན་ནས་ནི། །མགྲིན་པའི་
དབུས་ན་གནས་པས་བཅིངས། །ཞེས་གསུངས་ཏེ། མགྲིན་པ་ཡན་ཆད་ཀྱི་རླུང་སྙིང་ཁར་ཕྱིན་ནས་གནས་པ། སྙིང་ཁའི་ཨ་ཐུང་དང་འབྲེལ་བས་ཨའི་གདངས་སུ་སོང་བ་གཞི་གནས་སྲོག་འཛིན་གྱི་རླུང་ཨའི་གདངས་ཅན་དང་འདྲེན་པས་ཨཱ་རིང་པོའི་གདངས་སུ་སོང་ཞིང༌། དེར་ཐུར་སེལ་གྱི་རླུང་གི་ཆ་ཤས་གནས་པ་ཧ་ཡིག་སྒྲ་ཅན་དུ་ཡོད་པས་ཆོག་དྲག་ཏུ་སོང་སྟེ། ཨཱཿཞེས་བྱའི་གདངས་སུ་གྱུར་ཏེ་རླུང་གནས་པའི་ཚེའོ། །ཡང་ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨུ་ནི་སྟེང་འགྲོའི་རླུང༌། །མགྲིན་པའི་པདྨའི་དབུས་གནས་པ། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་པ་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །ཅེས་གསུངས་ཏེ། ཐུར་སེལ་ཧའི་སྒྲ་ཅན་དང༌། སྙིང་ཀ་ནས་སྨིན་མཚམས་སུ་རླུང་གི་འཁོར་ལོའི་བར་ཁྱབ་པ། སྲོག་ནི་མའི་དབྱངས་སུ་འགྱུར་བ་སྟེ། དེའི་དོན་ཡང་སྲོག་འཛིན་གྱི་རླུང་སྤྱི་བོའི་ཐིག་ལེ་ལ་འདྲེས་པ་མ་ཡིག་གི་གདངས་སུ་འགྱུར་ཞིང༌། དེའི་རྒྱུན་སྨིན་མཚམས་ཀྱི་བར་དུ་འགྲོ་བ་ཡིན་ལ། གྱེན་རྒྱུ་ཡང་སྟེང་དུ་འགྲོ་བའི་ཚེ། ཨཱུ་རིང་པོའི་གདངས་ཀྱིས་འགྲོ་བའོ། །དེ་རྣམས་འཛོམས་པས་ཧཱུཾ་ཡིག་སྟེ། ཐུར་སེལ་གྱི་རླུང་མགྲིན་པར་གྱེན་རྒྱུ་དང་འདྲེས་པས། ཧཱུཾ་ཡིག་ཏུ་སོང་བ་སྤྱི་བོར་ཕྱིན་པ་ན། སྲོག་འཛིན་མ་ཡིག་གི་གདངས་དང་འདྲེས་པས་ཧཱུཾ་སྟེ་རླུང་ཕྱིར་འགྲོ་བ་ནའོ། །འདི་ནི་སློབ་དཔོན་ཨ་ལངྐ་ཀ་ལ་ཤས་བཤད་པ་དང༌།
ད་ལྟ་འཕགས་སྐོར་ལ་མཁས་པ་རྣམས་འཆད་པ་བཞིན་ཏེ། བདེ་མཆོག་གི་རྡོར་བཟླས་ཕལ་ཆེར་རླུང་ནང་དུ་འོང་བ་ཨོཾ་དང༌། གནས་པ་ཨཱཿདང་ཕྱིར་འགྲོ་བ་ཧཱུཾ་རིང་པོར་མཛད་པ་འཕགས་སྐོར་བའི་ལུགས་ཇི་ལྟར་བ་བཞིན་སྣང་བས་དེ་ལྟར་བཤད་པའོ། །གུ་རུ་ནི་རྦཱ་ཎ་ཤྲཱི་ཞལ་སྔ་ནས་ལ། རྡོ་རྗེ་འཕྲེང་བའི་སྔགས་བཏུ་སྐབས་འཕགས་སྐོར་གྱི་དངོས་བསྟན་པ་དང་བསྟུན་ནས་འཆད་ཞུས་པས། དེ་ནི་ཡི་གེའི་དོན་ལ་ཤིན་ཏུ་མ་ཞུགས་པ་སྟེ། རླུང་གི་འཁོར་ལོ་ལ་ནི་ཁྱབ། །ཅེས་སོགས་ནི་རླུང་ཕྱིར་འགྲོ་བ་ཁོ་ན་ལ་གསལ་ཞིང༌། དེས་ན། འདིའི་མན་ངག་དུ་འབྱུང་བ་ཨོཾ། འཇུག་པ་ཨཱཿ་གནས་པ་ཧཱུཾ་དང་སྦྱོར་བ་རྒྱུད་དོན་ལ་ཤིན་ཏུ་འབྱོར་ཞིང༌། དེ་དག་གཅིག་གྱུར་སྙིང་ག་ལ། ཞེས་སོགས་ཀྱང་དབུགས་ཕྱིར་འགྲོ་བ་མ་ཡིན་པར་གསལ་ཏེ། ཕྱིར་འགྲོ་བ་རྣམས་ཀྱི་འདོད་པ་ལྟར་ན། གཅིག་གྱུར་ཧཱུཾ་གི་གདངས་སུ་སོང་བ་སྟེ། སྤྱི་བོ་ཡན་ཆད་དུ་འབྱུང་བ་ལས། འདིར་ཐུགས་ཀྱི་ས་བོན་ཧཱུཾ་གི་གདངས་སྙིང་གར་འབྱུང་བས་གསུངས་པས་སོ། །གཞན་ཡང་ཐུགས་ཀྱི་ས་བོན་བསླས་པའི་གཙོ་བོར་འདོད་པ་དབུགས་ཕྱིར་འགྲོ་བ་ལ་སྦྱོར་བ་དང༌། རླུང་གི་དེ་ཉིད་ཀྱི་སྐབས་འཇུག་གནས་ལྡང་གསུམ་གྱི་གཙོ་བོར་གནས་པ་ཡིན་པ་གཉིས་མི་འགྲིག་ཅིང༌། དེས་ན་འཕགས་སྐོར་བའི་ལུགས་ལ་ཡང་མན་ངག་སྦས་པ་ཡིན་ཏེ། ཨཱཿགནས་པ་དང་སྦྱོར་བའི་ཚེ་ཨཱཿཉིད་བཟླས་པའི་གཙོ་བོར་བྱེད་པ་ཡེ་ཤེས་ཞབས་ལུགས་དང་འདྲ་བ་གཅིག་དགོས་པ་ཡིན་ནོ། །དེས་ན་
རྡོ་རྗེ་འཕྲེང་བའི་དོན་ལ་རང་ལུགས་ནི་སྤྱི་བོའི་རླུང་མ་ཡིག་གི་གདངས་ཅན་ལ། མགྲིན་པའི་གྱེན་རྒྱུ་མེ་རླུང་ཨོ་ལམ་ཨོའི་གདངས་ཅན་འདྲེས་པས། ཨུཾ་མཾ་ཨོཾ་དུ་གྱུར་པ་སྙིང་གར་སྲོག་འཛིན་ཨའི་གདངས་ཅན་སྤྱི་བཽར་སོན་པ་དང་འདྲེས་པས་ཨོཾ་མཾ་ཨོཾ་ཀེ་ཤ་ཅན་དུ་འགྱུར། སྙིང་གའི་ཨ་ལ་རླུང་ནང་དུ་འོང་བའི་ཚེ། སྟེང་རླུང་ཨའི་གདངས་ཅན་འདྲེས་པས། ཨཱ་རིང་པོ་དེ་ཉིད་གསང་གནས་སུ་ཐུར་སེལ་ཧ་སྲོག་མེད་ཀྱི་གདངས་ཅན་འདྲེས་པས་ཨཱཿཚེག་དྲག་ཅན་དུ་གྱུར་པ་དང༌། རླུང་གནས་པའི་ཚེ་སྤྱི་བོའི་ཐིག་ལེ་དང་འདྲེས་པའི་རླུང་གི་ཆ་ཤས་ཀླད་ཀོར་གྱི་གདངས་ཅན། མགྲིན་པའི་གྱེན་རྒྱུ། ཨུའི་གདངས་ཅན་དང་འདྲེས་ནས་མར་འོང་བ་ཐུར་སེལ་ཧ་སྲོག་མེད་ཀྱི་གདངས་ཅན་སྟེང་དུ་འོང་བ་དང་འདྲེས་པས་ཧུཾ་དུ་གྱུར་པའོ། །འདི་ཧུཾ་ཐུང་ངོ༌། །དེ་ནས་བཟླས་པའི་གཙོ་བོ་ཧཱུཾ་དང༌། རླུང་གི་གཙོ་བོ་གནས་པ་ཡིན་པས། རླུང་འགགས་པའི་ཚེ་ཡང༌། གནས་པ་ལ་བརྟེན་ནས་འགའ་ཞིག་འཆི་བའི་ཚེ་འགག་པ་ལྟར་དབུགས་དབྱུང་བའི་ཐ་མར་འགག་པ་ནི་འདི་ལ་མ་ཡིན་ནོ། །དེ་ལྟར་གནས་པ་ལ་ཧཱུཾ་སྦྱོར་བ་འདི་ནི་ཁོ་བོའི་བླ་མའི་ཞལ་སྔ་ནས་ཀྱིས་རྩོད་དུས་ཀྱི་གྲུབ་པའི་དབང་ཕྱུག་རྗེ་བཙུན་ཞི་བའི་ཞབས་ཀྱི་ཞལ་ལུང་ལས་རྙེད་པ་ཡིན་གསུངས་ཏེ། ཐུན་མོང་མ་ཡིན་པའི་གསང་བ་ཆེན་པོའོ། །གསུམ་པ་ནི། ལྷ་ཐམས་ཅད་ཀྱི་སྐུའི་སྤྱི་སྔགས་ནི་ཨོཾ་དང༌། གསུང་གི་སྤྱི་སྔགས་ནི་ཨཱཿདང་ཐུགས་ཀྱི་སྤྱི་སྔགས་ནི་ཧཱུཾ་སྟེ། དེ་ལྟར་གསུམ་དང༌། ཨོཾ་སྐྱེས་པ་དང༌། ཨཱཿབུད་མེད་དང༌།
ཧཱུཾ་མ་ནིང་གི་ངོ་བོར་གསུངས་ཏེ། ཇི་སྐད་དུ་སྤྱོད་བསྡུས་ལས། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད། མན་ངག་ཇི་ལྟར་ཐོབ་པ་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ །དེས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། །ཞེས་གསུངས་པའི་དོན་ལྷ་ཕོ་མོ་རེ་དང་གཉིས་ཀའི་སྤྱི་སྔགས་ཡིན་པའམ། ཨོཾ་རྐྱང་མ་དང་འབྲེལ་བས་ཐབས་དཀར་ཆ་ཡིན་པའི་ཕྱིར་སྐྱེས་པ་དང༌། ཨཱཿརོ་མ་དང་འབྲེལ་བའི་ཕྱིར་ཤེས་རབ་དམར་ཆ་ཡིན་པས་བུད་མེད་དང༌། ཧཱུཾ་དབུ་མ་དང་འབྲེལ་བས་མུན་པ་ཐབས་ཤེས་ཆ་མཉམ་པའི་ཕྱིར་མ་ནིང་སྟེ། འབྱུང་འཇུག་གནས་གསུམ་ཐམས་ཅད་ལ་ཡོད་ཀྱང༌། ནང་ཁམས་ཀྱི་བྱེད་པས་སྐྱེས་པ་དང་བུད་མེད་དང་མ་ནིང་རྣམས་ལ་ཡི་གེ་གསུམ་པོ་དེ་དག་ཤས་ཆེ་ཆུང་འབྱུང་བ་ཡིན་ནོ། །དེས་ན་གཞི་འབྲས་ཀྱི་སྔགས་ཐམས་ཅད་འདི་གསུམ་དུ་འདུ་བ་ཡིན་ཞིང༌། ཡང་དབྱངས་བཅུ་གཉིས་བུད་མེད་དང༌། གསལ་བྱེད་རྣམས་སྐྱེས་པ་དང༌། རྀ་ལྀ་བཞི་མ་ནིང་སྟེ་ཡི་གེ་དེ་རྣམས་མཚོན་པ་ཐིག་ལེ་དང༌། ཚེག་དྲག་དང་གཉིས་ཆར་མཚོན་པ་གསུམ་མོ། །བཞི་པ་ནི། ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྐུལ་བ་དང༌། སྔགས་གཞན་གྱི་དངོས་གྲུབ་ཐམས་ཅད་རྫོགས་རིམ་གྱི་སྐབས་སུ་འདིས་འགྲུབ་པ་དང༌། བསྐྱེད་རིམ་པ་སྤྱོད་པ་གསུམ་ཉམ་འོག་ཏུ་ཆུད་པས་ཀྱང༌། དངོས་གྲུབ་མ་གྲུབ་ན། ལྷ་རྣམས་ཀྱི་ཐུགས་རྒྱུད་འདིས་བསྐུལ་བས་དངོས་གྲུབ་འཕྲལ་དུ་སྩོལ་བ་ཐོབ་པའི་
ཕྱིར། བཟླས་པའི་མཐར་ཐུག་ཡིན་པ་དང༌། གཞི་དུས་སུ་ལྡང་འཇུག་གནས་གསུམ་གྱི་ནུས་པས་སྲོག་འཛིན་ཞིང་ལུས་གནས་པ་དང༌། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཁུ་ཁྲག་ཨཱ་ལི་ཀཱ་ལིའི་གདངས་ཅན་དབང་པོ་གཉིས་སྦྱོར་གྱི་དུས་སུ་གསང་བའི་སྣ་རྩེ་ནས་འབྲུ་གསུམ་གྱི་སྒྲ་དང་བཅས་ཏེ་བྱུང་བ་ལ་བརྟེན་ནས་ལུས་ཆགས་པ་དང༌། སྟེང་དུ་སྲོག་དང་འབྲེལ་ནས་མིག་སོགས་དབང་པོ་རྣམས་ཡུལ་ལ་སད་པར་བྱེད་པ་དང༌། ཁུ་ཁྲག་རླུང་དང་འབྲེལ་ནས་འོག་ཏུ་འགྲོ་བ་ན། གསང་སྐོར་འབྱུང་འཇུག་བྱེད་པ་དང༌། འཆི་བའི་མཐར་ཡི་གེ་གསུམ་གྱི་རིམ་པས་མི་ཤིགས་པར་ཐིམ་འགྲོ་བ་དང༌། བསྐྱེད་རིམ་པའི་ལྷ་ཐམས་ཐམས་ཅད་འདི་ལས་བསྐྱེད་ཅིང་འདིས་བྱིན་གྱིས་རློབས་པ་དང༌། ཁ་ཟས་སྦྱང་རྟོགས་སྦར་གསུམ་གྱིས་བྱིན་གྱིས་རློབས་པ་ཡང་འདི་བྱེད་པ་དང༌། རྡོ་རྗེའི་བཟླས་པས་སྔོན་གྱི་ལས་སྒྲིབ་སྦྱོང་ཞིང་རླུང་དབུ་མར་འཇུག་པ་དང༌། འབྱུང་བཞིའི་དཀྱིལ་འཁོར་ལ་བརྟེན་ནས་བཟླས་ན་ལས་བཞི་འགྲུབ་པའོ། །གཉིས་པ་སྔགས་ཀྱི་བརྡ་ནི། ཐོག་མར་ཨོཾ་དང་མཐར་སྭཱཧཱ་ཡོད་པ་སྦྲུལ་དང༌། སྭཱཧཱ་མེད་པ་མཇུག་མེད་དང༌། ཨོཾ་མེད་པ་མགོ་མེད་དང༌། གཉིས་ཀ་མེད་པ་བཏུས་པ་ཞེས་བྱ་ལ། དགོངས་པ་ལུང་སྟོན་ལས། བརྡ་ཡི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་འབྲུ་གསུམ་གྱིས་སྔགས་དེ་རྣམས་མཚོན་པ་དང༌། གཞན་ཡང་འབྱུང་འཇུག་གནས་གསུམ་ཀྱི་བཟླས་པ་ལ་ལག་པའི་ཕྱག་རྒྱའི་འཆིང་བའི་མིང་གསུངས་
པ། དགོངས་པ་ལུང་སྟོན་ལས། མྱུར་བ་ལ་སོགས་གསུམ་ལྡན་པ། །ཕྱག་རྒྱ་སྒྲུབ་པར་བཤད་པ་ཡིན། །ཞེས་མྱུར་བ་དང༌། རྣམ་པར་སྡུད་པ་དང༌། དལ་བ་ཅན་ཞེས་ཀྱང་བཏགས་ལ། ཡང་རིམ་པས་ལྷ་གཤེགས་སུ་གསོལ་བ་དང༌། སྤྱན་འདྲེན་པ་དང༌། བཞུགས་སུ་གསོལ་བ་ཡང་བཏགས་ཏེ། དེ་རྣམས་ལས། ལས་དང་དངོས་གྲུབ་ཀྱི་ཕན་ཡོན་ཇི་ལྟར་འབྱུང་བ་འདི་ལ་དགོངས་སོ། །སྔགས་ཀྱི་བརྡ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །གསུམ་པ་ནི། ཡི་གེ་འབྲུ་གསུམ་པོ་འདིས་མཚོན་པའི་དོན། ལུས་སྐུ་དང༌། ངག་གསུང་དང༌། སེམས་ཐུགས་ཀྱི་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་དབྱེར་མི་ཕྱེད་པའི་ལྷ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའོ། །དགོངས་པ་ལུང་སྟོན་ལས། དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པའོ། །ཞེས་གསུངས་པའི་དོན་ནོ། །བཞི་པ་ནི། དགོངས་པ་ལུང་སྟོན་ལས། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པ། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་རྟོག་པ་ཐམས་ཅད་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དུ་ཐིམ་ཞིང༌། རང་གི་རིག་པའི་མཚན་ཉིད་ཅན་གྱི་སྤྲོས་བྲལ་ནི་དོན་དམ་སྟེ། ངག་ཐམས་ཅད་རྡོ་རྗེའི་བཟླས་པར་སྦྱངས་པས། དེ་ཡང་མི་ཤིགས་པའི་ཐིག་ལེར་ཐིམ་ཞིང་ངག་ཐམས་
ཅད་བརྗོད་བྲལ་ནམ་མཁའ་དང་མཉམ་པར་རྟོགས་པའོ། །སོ་སོ་རང་རིག་གི་མཚན་ཉིད་ཅན་དུ་བཤད་པས། མེད་དགག་གི་མཚན་ཉིད་ཅན་ནི་མ་ཡིན་ནོ། །དེས་ན་སྔགས་བཏུ་བའམ་བརྗོད་པར་བཅས་པའི་སྔགས་དང༌། བརྡར་གྱུར་པའི་སྔགས་ཀྱིས་རྡོར་བཟླས་ཀྱི་ངོ་བོ་དང་བྱེད་ཚུལ་བཤད། སྔགས་ཀྱི་དམིགས་པ་སྟེ། སྔགས་དོན་གྱིས་ཀུན་རྫོབ་བདེན་པ་སྒྱུ་ལུས་དང༌། དོན་དམ་གྱིས་སྔགས་ཀྱི་འོད་གསལ་ཏེ། སྔགས་ཉིད་ལ་བརྟེན་པའི་ཕྱོགས་རྣམས་བསྟན་ནོ། །ལྔ་པ་ནི། ཇི་སྐད་དུ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་ངག་ཐམས་ཅད་ཀྱི་རྩ་བ་ཨ་ཐུང་ཡིན་ཞིང༌། དེ་ཡང་གཅིག་དང་དུ་མ་བྲལ་བའི་སྟོང་ཉིད་དུ་གསུངས་ཏེ། དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པའི་སྔགས་དང༌། བསྟན་བཅོས་ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ལས་འབྱུང་བ་ཡིན་ལ། གསལ་བྱེད་རྣམས་ཀྱང་དབྱངས་ལ་བརྟེན་དགོས་ཤིང༌། དབྱངས་ཐམས་ཅད་ཨའི་འགྱུར་བ་ཡིན་པ་དང༌། ངག་གི་སྨྲ་བ་ཐམས་ཅད་རླུང་གིས་འགྱུར་བར་བྱེད་པ་ལྕེ་རྐན་འཕྲད་པའི་རྐྱེན་ལས་བྱུང་བ་སྟེ། རླུང་དེ་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་གི་གདངས་ཅན་ཡིན་པ་དང༌། སྐྱེ་བའི་ཚེ་ཐིག་ལེ་དེ་ཐོག་མ་ཡིན་པ་དང༌། འཆི་བའི་ཚེ་ཁམས་ཐམས་ཅད་དེ་ལ་ཐིམ་ནས་འཆི་བ་འོད་གསལ་འཆར་བ་དང༌། ལམ་དུས་སུ་རླུང་སེམས་འདུས་པས་ལམ་གྱི་འོད་གསལ་སྐྱེ་ཞིང༌། འོད་གསལ་དེ་སྐྱེ་བ་མེད་པའི་རྣམ་པ་ཅན་ཡིན་པ་དང༌།
ཡི་གེ་ཨ་དང༌། མི་ཤིགས་པའི་ཐིག་ལེའི་ཐ་མ་རྣམ་པར་དཔྱད་ན་སྟོང་པ་ཉིད་ལས་གཞན་བརྗོད་དུ་མེད་པའི་ཕྱིར། ཨ་ནི་སྐྱེ་བ་མེད་པའི་དོན་ཏེ། འདི་ཉིད་རྟོགས་པ་ལས་མངོན་པར་བྱང་ཆུབ་པར་འགྱུར་བས་ན། སྤྱོད་བསྡུས་ལས་སྐབས་འདིར། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་མཚན་ཡང་དག་པའི་ལུང་འདྲེན་པར་མཛད་དེ་ཤིན་ཏུ་འབྱོར་བ་ཡིན་ནོ། །གསུམ་པ། བསྒོམ་བྱ་སྲོག་རྩོལ་གྱི་རང་བཞིན་བཤད་པ་ལ། སྲོག་རྩོལ་གྱི་སྒྲ་དོན། སྲོག་རྩོལ་གྱི་ངོ་བོ། །བྱེ་བྲག་རྡོ་རྗེའི་བཟླས་པ་ལ་སོགས་པའི་བྱེད་ལས་བཤད་པའོ། །དང་པོ་ནི། སྲོག་རྩོལ་གྱི་སྐད་དོད་པྲཱ་ཎཱ་ཨ་ཡ་མ་ཞེས་བྱ་བ་ཡིན་ལ། པྲ་ཎི་ནི་སྲོག་དང༌། ཨ་ཡ་མ་ནི་རྩོལ་བ་དང༌། འགོག་པ་དང༌། རིང་པོར་བྱེད་པ་རྣམས་ལ་འཇུག་པས། སྲོག་སྟེ་རླུང་དབུ་མར་འགགས་པ་དང༌། རིང་དུ་བྱེད་པའི་དོན་ནོ། །ཡང་རླུང་འབྱུང་འཇུག་གཉིས་ལ་སྲོག་དང་རྩོལ་བ་ཞེས་མིང་བཏགས་པའང་ཡོད་དོ། །དེའི་རྣལ་འབྱོར་ཡིན་པས་སྲོག་རྩོལ་ཞེས་མིང་བཏགས་སོ། །གཉིས་པ་ནི། རྡོ་རྗེ་འཕྲེང་བ་ལས། འདོད་ཆགས་ཤས་ཆེ་བས་རྫས་ཀྱི་ཐིག་ལེ་དང༌། ཞེ་སྡང་ཤས་ཆེ་བས་སྔགས་ཀྱི་ཐིག་ལེ་དང༌། གཏི་མུག་ཤས་ཆེ་བས་འོད་ཀྱི་ཐིག་ལེ་སྒོམ་པར་གསུངས་པ་ནི། གཙོ་བོའི་དབང་དུ་བྱས་པ་སྟེ། གང་ཟག་གཅིག་ལ་ཡང་
གསུམ་ཀ་འཇུག་པ་དང༌། གཞན་ཡང་གསུམ་པོ་དེར་མ་ངེས་པར་སྲོག་རྩོལ་མང་དུ་ཡོད་པ་ཡིན་ནོ། ཁ་ཅིག་རླུང་ཐམས་ཅད་ཡི་གེ་འབྲུ་གསུམ་གྱི་གདངས་སུ་གདོད་ནས་ཡོད་པར་འདོད་བཞིན་དུ། ལུས་ལྷ་སྐུ་དང༌། སེམས་ཆོས་སྐུའི་རང་བཞིན་དུ་གདོད་ནས་ཡོངས་གཅོད་དུ་གྲུབ་པར་འདོད་པ་ལ་དགྲ་ལྟར་ལྟ་བ་ནི། དོན་འགལ་བ་ཡིན་ལ། རླུང་ཐམས་ཅད་འབྲུ་གསུམ་གྱི་རང་བཞིན་དུ་ཁས་བླངས་ནས། བུམ་ཅན་ལས་རྡོར་བཟླས་བཟང་སྟེ། དེ་དག་ལ་སྔགས་ཀྱི་དོན་བསྒོམ་པ་མེད་པས་སོ་ཞེས་ཟེར་བ་ནི་བུམ་ཅན་གྱི་རླུང་སྦྱོར་དེ་འབྱུང་འཇུག་གནས་གསུམ་གྱི་རླུང་མ་ཡིན་པར་འདོད་དགོས་པ་སོགས་དེའི་ལུགས་ཀྱི་གྲུབ་མཐའི་མཐའ་དཔྱད་ན། གཞན་ཡང་སྐྱོན་མང་དུ་འཇུག་པ་དག་ཡོད་དོ། །དེ་ལ་འདིར་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་དང༌། གདོང་གི་སྣ་རྩེ་འོད་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་དང༌། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པའོ། །དང་པོ་ནི། ལས་ཀྱི་ཕྱག་རྒྱའི་པདྨའི་སྣ་རྩེ་དང༌། རང་གི་རྡོ་རྗེའི་སྣ་རྩེ་ཕྲད་མཚམས་སུ་བྱང་སེམས་མི་འཕོ་བར་འཛིན་པ་ལ་སེམས་རྩེ་གཅིག་ཏུ་བྱས་པས་དེར་རླུང་སེམས་འགག་པ་དང༌། འདིའི་ཡན་ལག་ཏུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་དམིགས་པ་གཞན་གྱི་ཁྱད་པར་གྱི་དམིགས་པས་ཞུ་བའི་ཐིག་ལེའི་གཟུགས་ཅན་དེར་སྒོམ་པ་ལ་བརྟེན་ནས་རླུང་འགོག་པ་དང༌། ཡང་རྩ་ཕྲད་པའི་སྦྱོར་བས་དབུ་མ་ཁ་ཕྱེ་ནས་རོ་རྐྱང་གི་རླུང་འགག་པའི་ཚུལ་ཏེ་གསུམ་མོ། །བར་པ་ལ་ནི་
དཀྱིལ་འཁོར་ཕྲ་མོ་བསྒོམ་པ་ལ་སོགས་པའི་ལུགས་ཀྱང་ཡོད་དེ། དེ་རྣམས་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་དགོངས་པ་དང་མཐུན་པར། འཇམ་དཔལ་ཞལ་ལུང་ལས་ནི་ནོར་བུར་ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་གསུངས་སོ། །གཉིས་པ་ལ། རླུང་གང་ལ་རྡོར་བཟླས་བྱ་བ་དང༌། རྡོར་བཟླས་ཀྱི་དབྱེ་བ་དང༌། རླུང་སྔགས་སྦྱོར་ཚུལ་ལོ། །དང་པོ་ནི། སྔར་སྙིང་གའམ་ལྟེ་བ་ལ་སོགས་པ་རྩ་འཁོར་གྱི་གནས་རྣམས་སུ་རྣལ་འབྱོར་གཞན་ལ་བརྟེན་ནས་རླུང་དབུ་མར་ཞུགས་ན་ནི་རྡོར་བཟླས་ཁྱད་པར་ཅན་དྷཱུ་ཏཱིའི་ནང་ནས་བྱ་བ་ཉིད་ཆེས་ཟབ་ཅིང༌། དེའི་སྔོན་དུ་ནི་ཐུན་མོང་གི་རྡོར་བཟླས་བྱ་བ་ལ་ཡང་འགལ་བ་མེད་དོ། །དེ་ཡང་རྫོགས་རིམ་པས་ནི་ཞི་རྒྱས་དབང་དྲག་གི་དོན་དུ་རྡོར་བཟླས་བྱེད་ན། རྩ་བའི་རླུང་བཞི་ལ་བྱེད་ཅིང༌། མངོན་ཤེས་ལྔ་སྒྲུབ་པའི་དོན་དུ་བྱེད་ན། ཡན་ལག་གི་རླུང་ལྔ་ལ་བྱེད་པ་དང༌། དཔེའི་འོད་གསལ་མཐར་ཐུག་པ་བསྐྱེད་པའི་དོན་དུ་རྩ་བའི་རླུང་ལྔ་ལ་དང་པོར་བྱེད་ཅིང༌། དེ་ལ་ནུས་པ་རྙེད་པའི་སྐབས་ཤིག་ནས་ཡན་ལག་གི་རླུང་ལྔ་རྣམས་ལ་བྱེད་དེ། གོང་དུ་སྔགས་ཀྱི་དེ་ཉིད་སྐབས་སུ་བཤད་པ་ལྟར། འདུས་པའི་ལུགས་ལ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཉིད་གཙོ་བོ་ཡིན་པས། ཐོག་མར་རྩ་མདུད་གཞན་རྣམས་གྲོལ་བའི་ཕྱིར་རྩ་གནས་གཞན་དུ་བྱེད་པ་ཡོད་ཀྱང༌། མཐར་ཐུག་པ་ནི་སྙིང་ག་ནས་བྱ་དགོས་སོ། །གཉིས་པ་ནི། དམིགས་པའི་ཁྱད་པར་གྱི་དབྱེ་བ་ནི། གདམས་
ངག་རྣམས་ནས་མི་འདྲ་བ་སྣ་ཚོགས་པ་འབྱུང་ལ། ཡི་གེའི་སྒོ་ནས་ཀྱང༌། ཡི་གེ་གསུམ་པ་དང༌། རྡོ་རྗེ་འཕྲེང་བ་ནས་ཧཱུཾ་དང་ཧོ་སྟེ་ཡི་གེ་གཉིས་པ་བཤད་ཅིང༌། སངས་རྒྱས་ཐོད་པ་སོགས་ནས་ཡི་གེ་མང་པོ་དང་སྦྱར་བའི་བཟླས་པའང་འབྱུང་ཞིང༌། དེ་དག་ཐམས་ཅད་ལ་འབྲུ་གསུམ་བཞིན་དུ་ནང་གི་སྔགས་བཏུ་དང༌། བྱེད་ལས་རྣམས་ཀྱང་འབྱུང་དུ་རུང་བས། ཡི་གེ་གསུམ་གྱི་རྡོར་བཟླས་ཀྱི་ཕན་ཡོན་རྣམས་གཞན་དེ་རྣམས་ལ་མེད་པ་ནི་མ་ཡིན་ནོ། །སྤྱིར་བསྐྱེད་རྫོགས་ཀྱི་བཟླས་པ་ཕལ་ཆེར་ལ་རྡོར་བཟླས་ཀྱི་མིང་འཇུག་ཅིང༌། གསང་བ་འདུས་པ་ལས། འབྲུ་གསུམ་གྱི་དེ་ཁོ་ན་ཉིད་ལས་སྤྱད་པའི་གཟུངས་ཀྱི་སྒོ་ལ་སྐུ་གསུང་ཐུགས་ཀྱི་རྡོར་བཟླས་དང༌། མཁའ་འགྲོའི་བཟླས་པ་དང༌། དུག་གསུམ་གྱི་སེམས་ཅན་རྣམས་འོད་གསལ་དུ་འཇུག་པ་དེ་གསུམ་གྱི་རྡོར་བཟླས་དང༌། འོད་གསལ་བསྒོམ་པ་མ་ནིང་གི་བཟླས་པ་སོགས་རྣམ་གྲངས་སུ་བཤད་ནས། སྐབས་དོན་གྱི་རྡོར་བཟླས་ལ་དོན་གྱི་རྗེས་འགྲོའི་བཟླས་པ་ནི། ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམས་དཔྱད་པ། །རིན་ཆེན་བཟླས་པར་དེ་བཤད་དོ། །ཞེས་རྩ་བའི་རླུང་གི་རྡོར་བཟླས་སམ་རིན་ཆེན་བཟླས་པ་དང༌། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ་སྐུ་ཡི་སྤྲིན་རྣམས་སྤྲོས་པ་དང༌། བཞུད་ཅིང་བྱོན་པ་རྡོ་རྗེའི་དོན། དེ་ནི་ཐོགས་མེད་བཟླས་པའང་ཡན་ལག་གི་རླུང་གི་རྡོར་བཟླས་སོ། །དུས་སྐབས་ལས་དབྱེ་ན། རྩལ་མ་སྦྱངས་པ་
དང༌། གཉིད་སད་གཉིས་ཀྱི་དུས་སུ་རླུང་སེམས་སྡུད་པ་དང༌། རྩ་མདུད་གྲོལ་བ་དང༌། དཔེའི་འོད་གསལ་ལ་མཐར་ཐུག་ཐོབ་བྱེད་དང༌། ལས་ཚོགས་སྒྲུབ་པའི་དུས་ཏེ་དྲུག་གོ །གསུམ་པ་ནི། ཇི་སྐད་དུ། སློངས་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་པའི་དོན་བཤད་རྒྱུད་ལས། ཐ་དད་ཡི་གེ་སློངས་མོ་ཡིན། དེ་འདོན་པ་ནི་ཟབ་སྟེ། ཞེས་གསུངས་ཏེ། སློངས་མོའི་སྐད་དོད། བྷིཀྵ་ཞེས་པ་ལ་ཡི་གེ་བསྣན་པས། བྷིནྣ་ཨཀྵ་ར་ཞེས་པ། བོད་སྐད་དུ་ཐ་དད་ཡི་གེ་སྟེ། རླུང་དང་སྔགས་གཅིག་ཏུ་མི་ཤེས་པར་བཟླ་བའོ། །དེས་ན་དེ་གཉིས་གཅིག་ཏུ་བྱེད་པའི་དོན། སྔགས་བཏུའི་སྐབས་སུ་བཤད་པ་ལྟར་གཞི་དུས་སུ་རླུང་ནུས་པའི་ཚུལ་འབྲུ་གསུམ་གྱི་གདངས་སུ་འབྱུང་བ་ནང་གི་ངག་སྟེ། དེ་ལ་དེ་དང་རྣམ་པ་མཐུན་པར་འབྲུ་གསུམ་གྱི་གདངས་བསྒོམ་པ་ཡིན་ཞིང༌། ཁ་ཅིག་འདི་སྐད་ཅེས་འབྲུ་གསུམ་གྱི་སྐད་ཅིག་གདངས་ལ་བྱེད་པ་ནི་མ་ཡིན་ཏེ། དེ་ནི་ཕྱིའི་གདངས་ལ་དམིགས་པ་ཡིན་པས་སོ། །དེས་ན་རླུང་གི་རང་གདངས་སྔགས་དང་དབྱེར་མེད་དུ་སྦྱོར་བ་ཡིན་ཞེས་ཟོལ་འཇོག་ཏུ་བྱས་ནས། དེའི་དོན་ཡི་གེ་གསུམ་གྱི་གདངས་དང་འདྲ་བ་ཞིག་རླུང་གིས་སྒྲོ་བཞིན་པ་ཡོད་པ་ངོ་ཤེས་ནས། མ་ཡེངས་པར་ཡིད་གཏོད་པ་ཡིན། དེས་ན་ཡི་གེའི་གཟུགས་བསྒོམ་པ་རྣམས། རྡོར་བཟླས་ནང་གི་གདངས་སུ་བཤད་པའི་གནད་མ་རྟོགས་པ་སྟེ། དེ་ལྟར་བྱར་མི་རུང་ཞེས་ཟེར་རོ། །ཡི་གེའི་གཟུགས་སུ་
མི་གནས་པའི་རྒྱུ་མཚན་གྱིས་དེར་བསྒོམ་དུ་མི་རུང་ན། རྩ་འདབ་རྣམས་ལ་ཡི་གེ་འགོད་པར་ཡང་མི་རུང་བར་འགྱུར་ཞིང༌། དེ་དག་མཚོན་བྱེད་ཙམ་དང་སེམས་གཟུང་བའི་ཕྱིར་ཡིན་ཞེ་ན། འདིར་ཡང་དེ་ལྟར་ཡིན་པས་ཅི་ཕྱིར་འགལ། དེས་ན་རླུང་སྔགས་དབྱེར་མེད་ཀྱི་བཟླ་ཚུལ་མ་ཚང་ན་རྫོགས་རིམ་པའི་རྡོར་བཟླས་སུ་མི་འགྲོ་བའང་སྲིད་ཀྱི། ཡི་གེའི་རྣམ་པ་བསྒོམ་པ་ལ་སྐྱོན་དུ་འགྱུར་བ་ག་ལ་ཡོད། རླུང་སྔགས་དབྱེར་མེད་ཀྱི་བཟླ་ཚུལ་ཁོ་ན་ལས། གཞན་རྡོར་བཟླས་ཀྱི་སྐབས་སུ་གཏན་བྱེད་དུ་མི་རུང་ན་རྡོར་བཟླས་ཀྱི་སྐབས་སུ་རང་ལྷར་བསྐྱེད་པ་ཡང་མི་རུང་བར་འགྱུར་རོ། །སྙིང་གའི་མི་ཤིགས་ཐིག་ལེ་ལ་ཨ་ཐུང་གི་རྣམ་པར་བསྒོམ་པ་ཡང་མི་འཐད་པར་འགྱུར་ཏེ། ཨའི་གཟུགས་སུ་ཡོད་པ་གང་ནས་ཀྱང་མ་བཤད་ཅིང༌། ཐིག་ལེ་དེ་ལ་ཨ་ཐུང་དུ་བཤད་པ་ནི། སྟོང་པ་ཉིད་མཚོན་དོན་ཡིན་པར་གསུངས་ཤིང་ཁྱེད་ཀྱང་ཁས་ལེན་པའི་ཕྱིར་རོ། །ཡི་གེ་གསུམ་གྱི་གདངས་དང་འདྲ་བར་སྒྲོག་པ་སྟེ། སྒྲ་མ་ཡིན་ན་གང་ཞིག་ཡིན་པ་བརྟག་དགོས་ཏེ། སྒྲའི་རྣམ་པ་ཡིན་ན་ཡི་གེ་གསུམ་གྱི་གདངས་ཅན་རླུང་དེའི་རྣམ་པ་ཡིན་པར་སོང་བའི་ཕྱིར་ཤེས་པར་འགྱུར་ལ། རླུང་ཕྱི་དོན་ཚད་གྲུབ་པ་ཡང་འདོད་པའི་ཕྱིར། བེམ་ཤེས་ཀྱི་གཞི་མཐུན་པར་ཁས་བླངས་པར་མི་འགྱུར་རམ། ཡང་ཡི་གེ་གསུམ་དང་འདྲ་བའི་གདངས་ཏེ་ལྡན་མིན་འདུ་བྱེད་ཀྱི་ཡི་གེར་འདོད་ན་ནི། ལྡན་མིན་འདུ་བྱེད་ཐམས་ཅད་བཏགས་ཡོད་ཡིན་པས། རླུང་རྣམས་བཏགས་ཡོད་
དུ་རྫས་སུ་འདོད་ཅེས་རང་ཚིག་འགལ་བ་འདིར་མི་འགྱུར་རམ། གལ་ཏེ་སྒྲ་ཡིན་ན། འབྲུ་གསུམ་གྱི་སྒྲའི་གདངས་ཚིག་ཏུ་བཏོན་པའི་རྣམ་པ་ཡིད་ལ་བྱས་པ་ཁོ་ན་མ་ཡིན་ནམ། ཡང་རླུང་གདངས་དེ་ལྟར་སྒྲོག་པ་གསལ་དུ་བསྒོམ་པ་མ་ཡིན་ལ། དངོས་གནས་ལ་ཡོད་པ་དེ་ལ་ངོ་ཤེས་བྱས་ནས་ཡིད་གཏོད་པ་ཡིན་ཞེས་པ་འདི་ནི་ཤིན་ཏུ་མི་རུང་སྟེ། དེ་ལྟ་བུའི་གདངས་སུ་ཡོངས་སུ་ཆུག་ཀྱང༌། དངོས་སུ་མི་ཐོས་པས་ངོ་ཤེས་ཇི་ལྟར་བྱེད། ཡིད་གང་ལ་གཏོད་པ་ཕར་རྒྱབ་ཀྱི་གྲོང་ཁྱེར་མིག་གིས་མི་མཐོང་ན་དེ་ལ་མིག་ལྟས་ཏེ་བརྟགས་མི་ཐུབ་པ་བཞིན་ནོ། །ཚིག་གི་ཟོལ་འཇོག་ཙམ་དུ་བྱས་ཟིན་ན་ཡང༌། །དོན་ལ་རང་ལུགས་ཀྱང་རང་གིས་བཀག་པ་དེ་ཉིད་ཁས་ལེན་ཏེ། ཐོག་མར་རླུང་ལ་ཡི་གེའི་གདངས་གསུམ་གྱི་མོས་པ་བྱས་ནས་བསྒོམ་པས། ཕྱིས་མོས་པ་མ་བྱས་ཀྱང་ཡི་གེའི་གདངས་སུ་སྣང་བ་འོང་སྟེ། ལྷའི་ང་རྒྱལ་བཞིན་ནོ་ཞེས་ཟེར་བའི་ཕྱིར་རོ། །འདིས་རླུང་ཡི་གེ་གསུམ་གྱི་གདངས་སུ་གདོད་མ་ནས་གནས་ཞེས་པ་ཡང་ཤིན་ཏུ་བཀག་པ་ཡིན་ཏེ། བསྐྱེད་རིམ་གྱི་ང་རྒྱལ་ལྟར་འདུ་ཤེས་ལོག་པར་ཞུགས་པ་ཁས་བླངས་པའི་ཕྱིར་རོ། །འདིར་སྨྲས་པ། སྐྱོན་མེད་ལུགས་ལ་སྐྱོན་བཏགས་པས། །སྐྱོན་གྱིས་གང་པ་སྐྱོན་ཅན་དུ། །མི་ཤེས་པ་དེ་བླུན་པོ་རྣམས། །ཀུན་གྱི་སྤྱི་ལུགས་ཉིད་དུ་འཁུམས། །དེས་ན་རླུང་སྔགས་དབྱེར་མེད་ཀྱི་ཚུལ་ཤིན་ཏུ་གལ་ཆེ་བ་ཡིན་མོད་ཀྱི། དེ་ནི་ཡི་གེའི་གདངས་
བསྒོམ་པ་ཉིད་ཡིན་ལ། དེའི་མན་ངག་ཏུ་གཟུགས་བསྒོམ་པ་ཡང་མི་འགལ་ཏེ། དེས་དེ་ལ་ཤིན་ཏུ་ཕན་པའི་ཕྱིར་རོ། །ལས་དང་པོ་པ་ལ་ཕན་མི་ཐོགས་པ་ལ། ཟབ་དོན་དུ་འཛིན་པ་འདི་མཚར། དངོས་པོའི་གནས་ཚུལ་ལ་སངས་རྒྱས་ཀྱི་ས་བས་བཟང་བ་མེད་དེ། དེའི་རྣམ་གཞག་བཤད་པ་ཙམ་གྱིས་མན་ངག་མཐར་ཐུག་ཏུ་མི་འགྱུར་ཏེ། དེ་ལས་དད་པ་བསྒོམ་པའི་མན་ངག་བསྟན་ན། ལས་དང་པོ་པ་ལ་ཕན་པར་འགྱུར་བ་ཡིན་ནོ། །དེས་ན་བླ་མ་དམ་པ་འབད་པས་བསྟེན་ནས་མན་ངག་ཚོལ་བའི་དོད། ད་ལྟ་གླེགས་བམ་ལྟ་བ་ཡིན་ཞེས་ཟེར་བ་ནི། རིམ་ལྔ་ལས། བླ་མ་ལ་བརྙས་རྒྱུ་ཅན་དད་པ་མེད། །སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །ཞེས་དང༌། མཁས་པ་རྣམས་ཀྱིས་མངོན་པའི་ང་རྒྱལ་གྱིས་གླེགས་བམ་མཐོང་བ་ཙམ་ལ་བརྟེན་ནས་རྒྱུད་འཆད་པར་བྱས་པ་ཞེས་གསུངས་པའི་སྐྱོན་དེ་དག་རང་ལ་ཚང་བ་ཡིན་པས་ངོ་ཤེས་འཚལ་ལོ། །དངོས་སུ་བླ་མ་ལས་མན་ངག་ཚོལ་བ་ལྟ་ཅི་སྨོས། དམ་པ་སྔ་མ་རྣམས་ཀྱི་ཐུགས་ཀྱི་བཅུད་མན་ངག་བཀོད་པའི་གླེགས་བམ་ཙམ་ཡང་གཞུང་དང་མི་མཐུན་ན་འདོར་བའི་སྤུས་མན་ངག་ལ་ཡོད་ཅེས་སུན་འབྱིན་ཞིང༌། གཞུང་གི་དངོས་བསྟན་དེ་ཉིད་མན་ངག་ཡིན་པར་འདོད་པར་སྣང་བས། གཞུང་དང་མན་ངག་ཅེས་པ་ཡང་མི་འཐད་པར་འགྱུར་ཏེ། དེ་གཉིས་གཅིག་པར་ཁས་བླང་པས་སོ། །དེས་ན་ལྷག་པའི་ལྷ་གསུང་ངོ་ཞེས་པའི་གཏམ་རྒྱུད་མང་པོ་བསྒྲིགས་ཀྱང་
མན་ངག་མཆོག་ལ་སྡང་བའི་ཚིག་མ་རུང་པ་གཞུང་ལུགས་ཉིད་གདམ་ངག་གི་མཆོག་ཡིན་ཞེས་གཞུང་ལ་གུས་པར་རྫུ་བ་འདིས། ཁོ་བོ་ཅག་ཅི་སྟེ་བསླུ་བར་ནུས། འདིར་རླུང་གནས་པ་ནི་བླ་མའི་མན་ངག་གི་ཐོག་མར་མཆོད་བསྟོད་བཟོ་དགོས་ལ། ཕྱིས་རང་ཤུགས་སུ་འབྱུང༌། ཡང་ཐོག་མར་བཟོ་བཅོས་མེད་པར་བཞག་པས་ཆོག་པའི་ལུགས་ཀྱང་འབྱུང་བར་མངོན་ལ། ཡང་དབང་པོ་རབ་ཀྱིས་སྲོག་རྩོལ་རྡོ་རྗེའི་བཟླས་པ་ཟླ་བ་དྲུག་གི་རྩ་མདུད་གྲོལ་བར་འགྱུར་བ་ལ་ཆ་དྲུག་ཏུ་བྱས་ཏེ། དེའི་ཉམས་མྱོང་རྣམས་དང་བསྟུན་ཏེ་བཟླ་ཚུལ་མི་འདྲ་བར་འབྱུང་བ། རྡོ་རྗེ་འཕྲེང་བ་ལས། ཐོག་མར་འབྱུང་དང་རྔུབ་པ་རྣམས། ཉི་ཁྲི་དང་ནི་ཆིག་སྟོང་དང༌། དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཅེས་སོགས་རྒྱས་པར་གསུངས་པ་རྣམས་ཀྱི་སྙིང་པོའི་དོན་ནི། ཟླ་བ་དང་པོ་ལ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཉིན་རེ་བཞིན་དུ་རྡོར་བཟླས་དེ་ཉིད་བྱེད་པ་ཡིན་ལ། ཟླ་བ་གཉིས་པ་ལ་ཐུན་ཚོད་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་ལ་འཇུག་གནས་ལྡང་གསུམ་དུ་དབྱེ་བས། ཉིས་སྟོང་བདུན་བརྒྱར་འགྱུར་བ་ཐམས་ཅད་ངེས་པར་འགྱུར་བ་དང༌། འཁོར་ལོ་སོ་སོ་ལས་འབྱུང་བ་ཙམ་ཤེས་པ་དང༌། དེ་དག་ལ་བརྟེན་ནས་སྔ་མ་ལས་ཕྲ་ཞིང་ཞིབ་པར་རྡོ་རྗེའི་བཟླས་པ་བྱེད་པ་ཡིན་ནོ། །ཟླ་བ་གསུམ་པ་ལ་རླུང་རྣམས་རྩ་འཁོར་སོ་སོ་ནས་གསལ་བར་འབྱུང་བ་དང༌། རྒྱུན་གཅིག་ཉིད་རྩ་འཁོར་ཐ་དད་དུ་རྒྱུ་བའི་ཚུལ་དངོས་སུ་མཐོང་བས། དེ་ལ་བརྟེན་ཏེ་རྡོ་རྗེའི་བཟླས་པ་བྱ། ཟླ་བ་བཞི་པ་ལ། རླུང་བརྒྱ་རྩ་
བརྒྱད་ཀྱི་རྒྱུ་བའི་ཚུལ་ཤེས་ནས་རྡོ་རྗེའི་བཟླས་པ་བྱས་པས། རང་བཞིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་རྒྱུ་བར་རགས་པ་འོད་གསལ་དུ་འཇུག་པའི་མགོ་རྩོམ་མོ། །ཟླ་བ་ལྔ་པ་ལ། རླུང་བརྒྱ་རྩ་བརྒྱད་པོ་ཅུང་ཟད་རེ་ལོག་སྟེ། རྟོག་མེད་ཀྱི་ཡེ་ཤེས་འདྲེན་པའི་རླུང་ཆེན་པོར་སོང་སྟེ། རྩ་འཁོར་གྱི་ལྟེ་བ་རྣམས་སུ་རྒྱུ་བ་མཐོང་ནས་རྡོར་བཟླས་བྱེད་དེ། རླུང་རྣམས་ཕྱི་རོལ་ནས་ལོག་སྟེ་མི་ཤིགས་པའི་ཐིག་ལེའི་གནས་སུ་ཕྱིན་པའོ། །ཟླ་བ་དྲུག་པ་ལ། དེར་ཕྱིན་པ་དེ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་འགྱུར་ཏེ། ཉོན་མོངས་ཀྱི་གཡོ་བ་ལས་ལོག་པ་དང༌། རྣམ་རྟོག་ཡུལ་ལ་གཡེང་བའི་སེམས་དག་པར་འགྱུར། དེ་ཡང་ཞག་ཉི་ཤུ་རྩ་བདུན་རྩ་བདུན་དུ་བསྒོམས་པས་དེ་དག་འགྲུབ་པར་གསུངས་པས། ཞག་ལྷག་མ་གསུམ་གསུམ་སྔ་མ་གྲུབ་ནས། ཕྱི་མ་མགོ་མི་རྩོམ་པའི་བར་རོ། དེ་དྲུག་ལ་བགྲང་བ་དང་རྗེས་འགྲོ་དང་གནས་ཀྱི་དབྱེ་བའི་རྟོག་པ་དང༌། དུས་ཀྱི་དབྱེ་བའི་རྟོག་པ་དང༌། རླུང་བཟློག་པ་དང༌། ཡོངས་དག་ཅེས་བཏགས་སོ། །ཡང་ཡི་གེ་གསུམ་གྱི་བཟླ་ཚུལ། ཧཱུཾ་གིས་སངས་རྒྱས་སོགས་སྤྲོས་པའི་དུས་སུ་བརྟན་པའི་ཆོས་ཀུན་དག་པར་བྱང༌། ཨོཾ་གྱིས་སངས་རྒྱས་སོགས་སྡུད་པའི་དུས་སུ་གཡོ་བའི་ཆོས་ཀུན་འགྲུབ་པར་བྱེད། ཨཱཿཡིས་སངས་རྒྱས་སོགས་བཟུང་བའི་དུས་སུ་བརྟན་གཡོ་གཉིས་མེད་ཀྱི་ཡེ་ཤེས་འཇུག་པར་བྱེད་པ་དང༌། རླུང་ཕྱིར་ལྡང་བའི་ཚེ་ཆོས་ཀུན་དག་པར་བྱས་ནས་བདུད་རྩིར་གྱུར་པ་ནང་དུ་འོངས་པས་རང་རྒྱུད་ཀྱི་བག་ཆགས་བཀྲུས་པ་དང༌།
གནས་པ་ཨཱའི་ངོ་བོས་ཀྱང་རང་རྒྱུད་དག་པ་མཐར་ཕྱིན་པར་བྱེད་པ། འཇམ་དཔལ་ཞལ་ལུང་དང་གྲོལ་ཐིག་སོགས་ཀྱི་དགོངས་པ་སྟེ་ཤིན་ཏུ་གནད་ཆེ་བར་ཡོད་དོ། །གསུམ་པ་ནི། སྙིང་གའི་མི་ཤིགས་པའི་ཨ་ཐུང་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །སྙིང་གའི་དབུས་ན་མི་ཤིགས་པ། །འབའ་ཞིག་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་དང༌། གྲོལ་བའི་ཐིག་ལེ་ལས། བདེ་གསལ་མི་ཤིགས་ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའོ། །ཚུལ་ཅན་རྟག་ཏུ་སྙིང་དབུས་གནས། །དེ་ལ་བལྟས་པས་ཡེ་ཤེས་ཆེ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ། གཟུང་འཛིན་གྱི་རླུང་བཅུ་གཉིས་ཐིག་ལེ་འདི་ལས་འབྱུང་བས། འདི་ལ་མཉམ་པར་བཞག་པ་ན། རླུང་རྣམས་འདིར་ཐིམ་པས་འོད་གསལ་ལ་འཆར་བ་འགྱུར། སྡོམ་འབྱུང་ལས་ཀྱང༌། སྙིང་གའི་ཆུ་སྐྱེས་སོན་པའི་རླུང༌། ཧཱུཾ་ཡིག་དཀར་པོ་དང་མཚུངས་པ། བསམ་བྱ་མཉམ་པར་བཞག་པ་གང༌། དེ་ལས་ཡུལ་སོགས་ཀྱིས་མི་འཆིང༌། །འཁོར་བའི་སྟེང་དུ་འགྲོ་བའི་རླུང༌། །མྱ་ངན་འདས་པའི་འོག་ཏུ་བགྲོད། །རབ་ཏུ་མི་གནས་མྱ་ངན་འདས། །སྙིང་གའི་ཆུ་སྐྱེས་ཟེའི་འབྲུར་གནས། །ཞེས་གསུངས་ཏེ། འདི་ནི་སྟེང་འོག་གི་རླུང་གི་སྣང་བ་དང་མུན་པའི་རླུང་གཉིས་ཏེ། མི་ཤིགས་ཐིག་ལེའི་རྣལ་འབྱོར་འདིའི་ནུས་པ་མཐར་
ཕྱིན་པ་ན། སྣང་བས་མུན་པ་ཕུག་སྟེ་དབྱིངས་སུ་ཐིམ་པས། རླུང་གི་བགྲོད་པ་སྙིང་ག་དང༌། དཀར་པོའི་བགྲོད་པ་སྤྱི་བོར་ཐིམ་པས་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་ཏེ། གྲུབ་ཆེན་ཛ་ལནྡྷ་རི་པས་དྭོ་ཧ་ལས། །ལྷན་ཅིག་སྐྱེས་པའི་དྲི་བྲལ་ཞིང༌། །མུན་པ་ཕུག་ནས་སྣང་བ་ཤར། །སྙིང་དང་སྤྱི་བོ་དེ་དེ་ཐིམ། །ཞེས་གསུངས་ཏེ། འདི་ནི་རྣལ་འབྱོར་མའི་རྒྱུད་ཁོ་ན་ལས་བཤད་པའོ། །དེས་ན་སྙིང་གར་ཐིག་ལེ་བསྒོམ་ཚུལ་མི་འདྲ་བ། སྙིང་གའི་སྔགས་ཀྱི་འཁོར་ལོ་དང༌། ཡི་གེ་དང༌། ཐིག་ལེ་དང༌། ཉི་ཟླ་ཁ་སྦྱོར་དང་རེ་རེ་སོགས་མི་འདྲ་བ་འབྱམས་ཀླས་པའི་བར་དུ་འབྱུང་བ་ཡིན་ནོ། །འདིར་སྙིང་ག་ནི་མཚོན་བྱེད་དེ། རྩ་འཁོར་གཞན་ཐམས་ཅད་ཀྱང་བསྟན་ཏེ། བསྒོམ་ཚུལ་ཡང་དེ་དག་ལ་བསྒོམ་པའི་གནད་ཡོད་པ་གཅིག་དགོས་མོད་ཀྱང༌། དམིགས་བཅས་ཀྱི་རྟེན་མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད་དོ། །གསུམ་པ་ལ། རྡོ་རྗེའི་བཟླས་པའི་བྱེད་ལས་བཤད་པ་དང༌། སྲོག་རྩོལ་གཞན་གཉིས་ཀྱི་བྱེད་ལས་བཤད་པའོ། །དང་པོ་ནི། རྡོ་རྗེ་འཕྲེང་བ་ལས། མཛོད་སྤུའི་དབུས་ན་གནས་པ་ནི། །ཐིག་ལེ་རླུང་དུ་ཡང་དག་བཤད། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིག་པ་དེ། །ཞེས་གསུངས་ཏེ། ཐིག་ལེའི་སྟེང་འོག་གི་སྙིང་ཁའི་རྩ་མདུད་མ་རིག་སྒོ་ངའི་སྦུགས་ཀྱི་མིང་ཅན་འབྱེད་པར་བྱེད་དེ། དཔེར་ན་སྨྱུག་མའི་སྦུག་འགགས་པ་དེར། ལྕགས་ཀྱི་ཐུར་མས་འབྱུང་འཇུག་བྱས་པས་སེལ་བ་བཞིན་ནོ། །མདུད་པས་འགགས་ནས་རླུང་འགྲོ་འོང་མི་བྱེད་
པའི་དོན་ནི། སྤྱིར་ཐུར་སེལ་སྣ་སྒོར་འོང་བ་དང༌། སྲོག་འཛིན་རྟགས་ཀྱི་རྩེར་འགྲོ་བ་དུས་རྟག་ཏུ་འོང་བ་ལ་ཡང༌། ཆ་ཤས་དབུ་མར་འབྱུང་འཇུག་རྟག་ཏུ་བྱེད་མོད་ཀྱང༌། མདུད་པ་དེ་དག་གི་ཐད་དུ་དེ་དེས་བཀག་པས་དབུ་མ་སྤངས་ཏེ་རྩ་གཞན་ལ་བརྟེན་ནས་འབྱུང་འཇུག་བྱེད་དགོས་པའོ། །དེ་གྲོལ་བ་ན་ལམ་དེ་ཉིད་ནས་ཀྱང་དེ་ལྟར་འབྱུང་འཇུག་བྱེད་པ་ཡིན་ནོ། །རྩ་འཁོར་གཞན་གྱྀ་རྡོར་བཟླས་ལ་ཡང་འདི་དང་འདྲའོ། །གཞན་ཡང་རྡོ་རྗེའི་བཟླས་པས། ས་ཆུ་ལ་འཇུག་པ་ནས། ཐོབ་པ་འོད་གསལ་ལ་འཇུག་པའི་བར་དུ་འབྱུང་ཞིང༌། དེའི་རྟགས་རྣམས་ཀྱང༌། རྟགས་ལྔ་དང་ལྔ་པ་ལས་ཕྱེ་བའི་ཟླ་བའི་ཟླ་འོད་ཉིད་འོད་མུན་ནག་སྐྱ་རེངས་ཀྱི་དཔེ་ཅན་རྣམས་འབྱུང་ངོ༌། །རྟགས་འདི་དག་ལ་ས་སོགས་ཟློག་ཏུ་རུང་བ་དང༌། ཅུང་ཟད་ལོག་པ་དང༌། གཏན་ནས་ལོག་པ་དང༌། དེ་དག་ལ་ཡང་ནང་ཚན་དུ་དབྱེ་བས་རྣམ་གྲངས་དུ་མ་འབྱུང་བ་ཡིན་ནོ། ཁ་ཅིག་མི་རྟོག་པ་ཙམ་བསྒོམ་པ་ལ་ཡང༌། རྟགས་འདི་དག་ཕྱོགས་མཐུན་འབྱུང་བ་ཡོད་དེ། དབྱེ་བ་ཕྱེད་དགོས་ཞེས་སྨྲ་བ་ནི། གཞན་དག་རྫོགས་རིམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་བསྒོམ་པ་ལ་རྟགས་འདི་དག་འབྱུང་བར་མཐོང་ནས། དེར་རང་སྐལ་པ་དམན་པའི་སྟོབས་ཀྱིས་ལམ་དང་རྟགས་གཉིས་ཆར་ལ་ཡིད་མ་ཆེས་པའི་གཏམ་སྟེ། རྫོགས་རིམ་མ་ཡིན་པ་བསྒོམ་པས་རྫོགས་རིམ་གྱིས་རྟགས་འབྱུང་བ་ངོ་མཚར་ཆེ། དབྱེ་བ་འབྱེད་རྒྱུ་མེད་ཀྱང་དབྱེ་བ་ཕྱེད་དགོས་ཞེས་གཡོ་སྒྱུའི་ཟོལ་གྱིས་
བསླུ་བ་འདིས་ཅི་ཞིག་བྱ། གཞན་ཡང༌། རླུང་སྔགས་དབྱེར་མེད་དུ་བཟླས་པ་འདིས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཅིང༌། དེར་སེམས་འགོག་པ་དང༌། མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་ཞིང༌། རླུང་ཐིམ་པ་དེས་གཏུམ་མོ་འབར་ཞིང་དགའ་བ་བཞི་དང་སྣང་བ་གསུམ་འདྲེན་པར་བྱེད་དོ། །གཞན་ཡང་རླུང་རགས་པ་ལ་བསླབ་པ་མཐར་ཕྱིན་ན། རྒྱུ་བ་གསལ་བ་སྟེ་ཁ་དོག་དང༌། ཚད་མངོན་སུམ་དུ་མཐོང་བ་དང༌། ཡི་གེའི་སྒྲའི་རང་བཞིན་དུ་གསལ་བ་དང༌། གནས་པ་དང༌། ཕྲ་རགས་དང༌། མྱུར་བུལ་དང༌། ལྕི་ཡང་ཐམས་ཅད་ཤེས་པ་དང༌། རྒྱུ་བ་ངེས་པ་སྟེ་གྲངས་མ་འཁྲུལ་པར་ཤེས་པའོ། །ཕྲ་མོ་མཐར་ཕྱིན་པའི་ཚད་ནི། སྟོང་གསུམ་གྱི་རླུང་ཡང་ལུས་ཀྱི་ནང་དུ་ཤོང་ནུས་པ་དང༌། ནང་གི་རླུང་ཕྱི་རོལ་ཏུ་བསྲེ་བ་དང༌། བ་སྤུའི་ཁུང་བུ་རྣམས་ནས་ཀྱང་ཅི་འདོད་པར་འབྱུང་འཇུག་བྱེད་པ་དང༌། ཕྱི་རླུང་གིས་རེག་པས་བདེ་བ་དང་ཡང་བ་འབྱུང༌། ཁྱད་པར་ཡན་ལག་གི་རླུང་མཐར་ཕྱིན་པ་དབང་པོ་སོ་སོའི་སྒེར་དབང་ཤེས་རིགས་མི་མཐུན་སྤྲོས་པ་དང༌། འབྱུང་བཞི་རྒྱུ་བའི་དུས་སུ་སྒོམ་ན། ནམ་མཁའ་ལ་འཕུར་བ་དང༌། གྲང་རེག་གི་གནོད་པ་མེད་པ་དང༌། གྱད་ལ་སོགས་པས་བསྒུལ་མི་ནུས་པ་དང༌། མེའི་གནོད་པ་མེད་པ་སོགས་འབྱུང་ངོ༌། །གཉིས་པ་ནི། སྤྱིར་གང་དུ་སེམས་གཏད་པ་དེར་རླུང་རྣམས་ཀྱང་ལེགས་པར་འདུ་བ་ཡིན་ཞིང༌། དེ་ཡང་རྩ་འཁོར་དུ་བྱས་པ་རྒྱུན་མ་ཆད་ན་ཞུགས་གནས་ཐིམ་གསུམ་ནི་ངེས་པར་འབྱུང་ངོ༌། །སྤྱིར་འབར་
འཛག་བསྒོམ་པ་ལ་ནི། རླུང་དབུ་མར་གནས་པ་ཟེར་བའང་འདུག །མ་ཞུགས་གོང་དུ་ཡང་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་བདེ་དྲོད་མང་དུ་འབྱུང་བ་ཆེས་སླ་ལ། གཞན་ཐིག་ལེའི་རྣལ་འབྱོར་སོགས་བསྒོམ་པ་ལ་ཡང་དེ་དང་ཕྱོགས་མཐུན་ཙམ་འོང་ཞིང༌། དབང་པོ་གཉིས་སྦྱོར་ལ་ནི་རྣལ་འབྱོར་མེད་ཀྱང་ཞུགས་གནས་ཐིམ་གསུམ་གྱི་ཆ་ཤས་ཅུང་ཟད་རེ་འབྱུང་ལ། རླུང་དྷཱུ་ཏཱིར་ཐིམ་པ་བརྟན་པོར་སོང་ནས་བཟློག་པ་ལ་རྩོལ་བ་མི་དགོས་ཤིང༌། དེའི་སྔོན་དུ་ནི་དགོས་སོ། །དྲོད་འབར་བ་ལ་ཐིག་ལེ་ཞུ་ཐུབ་མི་ཐུབ་གཉིས་ཡོད་ཅིང༌། ཐུབ་པ་ལའང་དྷཱུ་ཏཱིར་ཆུག་མ་ཆུག་གཉིས་དང༌། དེ་ལའང་ཐིམ་མ་ཐིམ་གཉིས་དང༌། ལུས་ཀྱི་བདེ་བ་ཡང་ཞུ་བདེ་ཡིན་མིན་གཉིས་དང༌། དེ་དག་ལ་ཡང་ནང་ཚན་མི་འདྲ་བ་མང་དུ་ཡོད་དོ། །དེས་ན་རྫས་ཀྱི་ཐིག་ལེའམ་ནོར་བུའི་ཐིག་ལེ་བསྒོམ་པའི་ཚེ། ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་པ་ན། ཐུར་སེལ་གྱི་སྒོ་འབྱེད་འཛུམ་གྱི་དབྱེ་བས་རླུང་དྷཱུ་ཏཱིར་འཇུག་པའི་ཐབས་བྱེད་པ་ཡིན་ཏེ། ཕྱག་ཆེན་ཐིག་ལེ་ལས། འཛུམ་པ་དང་ནི་འབྱེད་པ་ཡིས། །རླུང་གི་མེ་ནི་ཁོང་དུ་ཆུད། །ཅེས་དང༌། དཔལ་ལྡན་ཨ་ཏི་ཤའི་རྡོ་རྗེའི་གླུ་ལས་ཀྱང༌། གཞན་དུ་ནམ་མཁའ་ཆེན་པོ་སྐོར། །བེ་རམ་པ་ནི་འཇུག་མི་འགྱུར། །འབྱེད་དང་འཛུམ་པའི་སྦྱོར་བ་ཡིས། །དྲག་མོ་དེ་ནི་བསྐུལ་བར་བྱ། ཞེས་དང༌། རང་སྣང་ཡེ་ཤེས་གཟུགས་ཅན་གྱི། །པདྨའི་ལྟེ་བའི་དབུས་ན་གནས། །ནོར་བུའི་རྩེ་མོར་གནས་པའི་ཚེ། །མར་མེ་ལྟ་བུ་
མྱ་ངན་འདའ། །ཞེས་གསུངས་ཏེ། རང་སྣང་ཡེ་ཤེས་ནི་དེའི་རིག་མའོ། །འདིར་ཕྱི་སྲོག་རྩོལ་གྱི་དང་པོ་རླུང་སེམས་སྡུད་པ་མང་དུ་གསུངས་པས་སོ། །འགའ་ཞིག་སྙིང་ཁའི་ཐིག་ལེ་དང་རྡོར་བཟླས་ཀྱི་རྣལ་འབྱོར་མཐར་ཕྱིན་པའི་ངག་དབེན་མཐར་ཐུག་ལ་གནས་པའི་རྣལ་འབྱོར་བ་ཁྱད་པར་ཆེན་པོ་ཅན། འགའ་ཞིག་ཁོ་ན་ལ་ཕྱག་རྒྱའི་སྲོག་རྩོལ་བཤད་པ་ཡིན། ཞེས་པ་ཡང་རྒྱ་ཆུང་བར་ཤེས་པར་བྱའོ། །གཞན་ཡང་བཙན་ཐབས་སུ་རླུང་འགག་པར་བྱེད་པའི་མན་ངག་ཟབ་མོ་རྣམས་ལ། དེ་འདྲ་གེགས་ཆེ་བས་མི་ལེགས་ཞེས་སྨྲ་བ་ནི། ཉམས་མྱོང་མེད་པར་སློབ་མ་འཁྲིད་དགོས་པ་བྱུང་བའི་གཏམ་ངོ་སོར་བྱས་པའོ། །དཔེར་ན། སྨན་པ་མཁས་པ་ཉམས་མྱོང་ཅན་དག་མངོན་ཤེས་མེད་ཀྱང༌། ནད་པ་མཐོང་མ་ཐག་ཏུ་དེ་ཕན་པའི་ཐབས་འདི་ཡིན་ནོ་ཞེས་ཤེས་པར་འགྱུར་བ་དེ་བཞིན་དུ། བདག་ཉིད་ཉམས་མྱོང་དང་ལྡན་ན་དེའི་ཐབས་ཐམས་ཅད་ཤེས་པར་འགྱུར་བས། དེ་ཙམ་དུ་འཇིགས་པ་བྱ་མི་དགོས། དེ་ལྟར་སྲོག་རྩོལ་དེ་རྣམས་ཀྱི་གཙོ་བཽ་འདུས་པ་ལས་ནི་རྡོ་རྗེའི་བཟླས་པ་མཛད་དོ། །དེ་ཉིད་རྩལ་དུ་བཏོན་ཏེ། གསང་འདུས་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཉུང་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་དང༌། འདུས་པའི་རྒྱུད་ཕྱི་མ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་གསུངས་པའི་རིན་ཆེན་ནི་རླུང་ཁ་དོག་འོད་ཟེར་ལྔའི་རྣམ་པ་
ཐིག་ལེ་ཉུང་ཀར་ལྟ་བུ་སོགས་བསྒོམ་སྟེ། སྣའི་རྩེ་སྟེ་རྩ་འཁོར་གྱི་ལྟེ་བ་རྣམས་སུ་བསྒོམ་པར་བྱ་ལ། དེ་ལ་ཐིག་ལེ་བསྒོམ་པ་ཁོ་ནའམ། དེ་ལས་རྡོར་བཟླས་སོགས་རླུང་གི་སྦྱོར་བས་སྲོག་རྩོལ་བྱའོ་ཞེས་པའོ། །སྲོག་དང་རྩོལ་བ་ཞེས་པ་ལྟར་ན། འོང་བ་དང་འགྲོ་བ་གཉིས་ཏེ་བཟླས་པར་གསལ་ལོ། །མ་རྒྱུད་རྣམས་ལས་ནི་ཕྱག་རྒྱའི་སྲོག་རྩོལ་གཙོ་བོར་རྩལ་དུ་བཏོན་ཞིང་གཏུམ་མོ་འབར་བ་གཙོ་བོར་གྱུར་པ་གཞན་ཡང་ཕྲ་ཐིག་གི་རྣལ་འབྱོར་ཡང་ཇི་སྙེད་ཅིག་གསུངས་སོ། །གཉིས་པ་གཞུང་གི་དོན་ལ། དམིགས་པའི་གཞི་དང༌། དེ་ལ་བརྟེན་པའི་བྱ་བ་གཉིས་ལས་དང་པོ་ནི། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པ་བསྒོམ། །ཡི་གེ་མཆོག་ཏུ་གྱུར་པའི་གནས། །དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་གསུངས་པའི་དོན་ནི། གཞན་ཡང་སོགས་ཏེ། ལུགས་སྔ་མ་ནག་པོ་པའི་ལུགས་ཀྱི་རྫོགས་རིམ་ལས་གཞན་ཡང་ལྟེ་བའི་གནས་སུ་ཟླ་བ་ཡི་གེའི་མཆོག་སྤྲིན་གྱི་སྒྲ་དང་བཅས་པ་ལ་སེམས་བཟུང་བས། རོ་རྐྱང་གི་རླུང་གཉིས་དབུ་མར་ཐིམ་པ་ལས། གཏུམ་མོ་འབར་ཞིང་ཧཾ་ཡིག་ཞུ་བས་དགའ་བ་བཞིས་བདེ་སྟོང་འདྲེན་པ་འཁོར་ལོའི་ལྟེ་བར་རླུང་སེམས་སྡུད་བྱེད་ཀྱི་ཏིང་ངེ་འཛིན་ནོ། །ལྟེ་བ་ཞེས་བྱ་བ་ནི། སྟེང་སྒོ་ལྟར་ན་སྤྲུལ་འཁོར་གྱི་ལྟེ་བ་དང༌། འོག་སྒོ་ལྟར་ན་ཤེས་རབ་ཀྱི་པདྨའི་ལྟེ་བ་དང༌། ཐབས་ཀྱི་རྩ་ཕྲད་པའི་མཚམས་སོ། །ཟླ་བ་ཡང་ཟླ་བའི་གཟུགས་བརྙན་བསྒོམ་པ་དང༌། ཞུ་བའི་ཐིག་ལེ་གཉིས་ལ་འཇུག་ཅིང༌། སྤྲིན་གྱི་སྒྲ་ཡང་ཧཱུཾ་ཡིག་
ཐིག་ལེར་བཅས་པ་དང༌། ཐུར་སེལ་གྱི་རླུང་ནོར་བུར་བསྡུ་བ་གཉིས་ལ་འཇུག་སྟེ། འདི་ནི་ཐིག་ལེ་བསྡུ་བ་ཞེས་གསུངས་སོ། །གཉིས་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་སྔགས། ཡི་གེ་འབྲུ་གསུམ་གྱི་གདངས་རླུང་དང་དབྱེར་མེད་དུ་བྱས་ནས། དྷཱུ་ཏཱིའི་ནང་དུ་འཇུག་གནས་ལྡང་གསུམ་གྱི་རིམ་པས། ཡང་ཡང་བསྒྲགས་པ་ལས། སྔ་མ་ལས་ཀྱང་ལྷག་པའི་ཞུགས་གནས་ཐིམ་གསུམ་གྱི་རིམ་པས་གཏུམ་མོ་འབར་ཏེ་དགའ་བ་བཞིའི་རིམ་པ་ལ་བརྟེན་ནས། རྣལ་འབྱོར་འདི་མཐར་ཕྱུང་བ་ན། དཔེའི་འོད་གསལ་མཐར་ཐུག་སེམས་ལ་དམིགས་པ་འཛིན་པའི་ཡན་ལག་འདྲེན་པར་འགྱུར་ཏེ། འདི་ལའང་རང་ལུས་ལ་བརྟེན་པ་དང༌། གཞན་ལུས་ལ་བརྟེན་པ་གཉིས་ཡོད་དོ། །འདི་སྔོན་འགྲོ་ལམ་སྦྱངས་པ་དང་བཅས་པ་ལ། འོད་ཟེར་བསྡུ་བའམ་ཡི་གེ་བསྡུ་བའི་ཐ་སྙད་མཛད་དོ། །འདི་དག་ནི་རྣལ་འབྱོར་ནོར་བུའི་ཐིག་ལེ་ལ་བརྟེན་པའི་མན་ངག་རྒྱས་པ་མཁས་པ་མར་པ་དོ་པའི་གསུང་རྒྱུན་རྣམས་ལས་འབྱུང་ཞིང༌། ལྟེ་བར་བསྒོམ་པའི་རིམ་པ་ནི། ནཱ་རོ་པའི་མན་ངག་ཐམས་ཅད་ལས་ནི་འབྱུང་ལ། ཇོ་བོ་རྗེའི་གདམ་ངག་ལས་ནི་སྟེང་འོག་གི་སྒོ་ལ་བརྟཻན་པ་གཉིས་ཆར་གྱི་བཤད་པ་གསལ་པོར་འབྱུང་ཞིང༌། རྒྱ་བོད་ཀྱི་གཞུང་དང་མན་ངག་གཞན་རྣམས་ལས་ཅི་རིགས་པར་འབྱུང་ངོ༌། །གཉིས་པ་དངོས་གཞི་ནི། རྗེས་གཞིག་གི་རྣལ་འབྱོར་གྱིས་འོད་གསལ་དུ་ལྡང་འཇུག་བྱེད་པ་ཡིན་ཏེ། འདི་ལ་རྒྱུ་འབྲས་གཉིས། དང་པོ་ནི་ལྟེ་བར་སེམས་དཔའ་གསུམ་
བརྩེགས་སུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སྣོད་བཅུད་ཕྱི་ནང་ཐམས་ཅད་བསྡུས་པའི་རྗེས་གཞིག་བསྒོམ་པས་འོད་གསལ་དུ་འཇུག་ཅིང༌། དེ་ལས་སྒྱུ་ལུས་སུ་ལྡང་བའི་རྫོགས་རིམ་ཆེན་པོ་སྟེ། རྣལ་འབྱོར་ཆེན་པོའོ། །འདི་ལ་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སྣང་བ་ཐམས་ཅད་གཡོ་བ་ནི། རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་བཞིན་དང༌། སྣོད་བཅུད་ནས་བརྩམས་ཏེ་དཀྱིལ་འཁོར་བསྡུ་བའི་རིམ་པས་རང་ལ་སྡུད་པ་ནི། ལྕི་བས་དངུལ་ཆུ་སྡུད་པ་དང༌། རང་གི་ཞལ་ཕྱག་བསྡུ་བ་ནི། རུས་སྦལ་ཡན་ལག་བསྐུམས་པ་དང༌། སེམས་དཔའ་གསུམ་གྱི་བསྡུ་ཚུལ་ནཱ་དའི་བར་དུ་བྱེད་པ་ནི། སྐར་མདའ་གཅིག་ལ་གཅིག་ཐིམ་པ་དང༌། དེ་ལ་ཡང་མི་དམིགས་པ་ནི། ལན་ཚྭ་ཆུ་ལ་ཐིམ་པ་སྟེ་དཔེ་ལྔའོ། །རང་བཞིན་བརྗོད་བྲལ་དེ་ནི་གར་མཁན་དང༌། ཉི་མ་དང་རྒྱ་མཚོ་སྟེ་དཔེ་གསུམ་གྱིས་མཚོན་ཞིང༌། དེ་ཉིད་ལྷ་སྐུར་ཤར་བའི་སྒྱུ་ལུས་ནི་ཆ་ལུགས་དང་ཉི་ཟེར་དང༌། རླངས་གསུམ་གྱིས་མཚོན། གར་མཁན་དང་ཆ་ལུགས། ཉི་མ་དང་ཉི་ཟེར། རླབས་དང་རྒྱ་མཚོ་རྣམས་རང་བཞིན་དབྱེ་བ་མེད་པ་ནི་ཟུང་དུ་འཇུག་པའི་དཔེའོ། །གཉིས་པ་ནི། དེ་ལྟ་བུའི་རྣལ་འབྱོར་དེ་ཉིད་བསྒོམ་པ་མཐར་ཕྱིན་པ་ཕྱག་རྒྱའི་རྣལ་འབྱོར་དང་བཅས་པས་གོང་གི་རྣལ་འབྱོར་མཐར་ཕྱུང་ན། འདིར་དཔེའི་འོད་གསལ་མཐར་ཐུག་འགྲུབ་ཅིང༌། དེའི་སྐད་ཅིག་གཉིས་པར་སྒྱུ་ལུས་ཐོབ། གལ་ཏེ་གོང་དུ་སྟེང་སྒོའི་རྡོར་བཟླས་མཐར་ཕྱུང་བའི་རྗེས་སུ་ངེས་པར་ཕྱག་རྒྱའི་རྣལ་འབྱོར་
འབད་དེ་བསྒོམ་ན། དེར་དེ་གཉིས་འགྲུབ་ཅིང༌། སྒྱུ་ལུས་དེ་ཡང་སྤྱོད་པ་དང་བཅས་ཏེ་འོད་གསལ་ཏུ་བཅུག་པས། མཐར་དོན་གྱི་འོད་གསལ་དུ་ཞུགས་ནས་ཟུང་འཇུག་མངོན་དུ་གྱུར་པ་གོང་དུ་བཤད་པའི་གསང་སྔགས་ཀྱི་སྤྱོད་པས་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སྦྱོར་བའོ། །དེ་ཡང་ཀུན་སྤྱོད་ཀྱི་ལུང་སློབ་དཔོན་ཆེན་པོ་ལཱུ་ཡི་པའི་གཞུང་དུ་དྲངས་པ། ཨཱ་ལི་ཀཱ་ལི་མདུན་བསམ་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་བྱ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམས། །ཡི་གེ་མཆོག་ཏུ་གྱུར་པའི་གནས། །དེ་ཡི་དབུས་སུ་བསམ་པར་བྱ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་སེམས་དཔའ་གསུམ་བརྩེགས་ཀྱི་གདམས་ངག་དངོས་སུ་བསྟན་ཞིང༌། ཐིག་ལེ་དང་ཡི་གེ་བསྡུ་བ་ནི་དེའི་ནང་ཚན་ཆ་ཤས་བསྒོམ་པ་ཡིན་པས་ཤུགས་ལ་བསྟན་པ་ཡིན་ནོ། །དེ་ནི་གཟུགས་ལས་འདས་པ་སྟེ། ཞེས་པ་ནི་རྡོ་རྗེ་སེམས་དཔའ་བསྡུ་བ་སྟེ་རྗེས་གཞིག་དང༌། དངོས་པོ་མེད་པའི་སེམས་ཉིད་ཡིན། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམ་ན། །ཞེས་སྤྱིར་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་ཀྱི་གདམ་ངག་བསྟན་པ་ཡིན་ཀྱང༌། སྐབས་འདིར་དེའི་ནང་ཚན་དཔེའི་འོད་གསལ་ལ་སྦྱར་བ་ཡིན་ནོ། །དེས་ནི་གཟུངས་ནི་ཐོབ་པར་འགྱུར། །ཞེས་པས་སྒྱུ་ལུས་དང༌། མྱ་ངན་འདས་འབྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཞེས་པ་མྱ་ངན་འདས་ཞེས་པས་འོད་གསལ་དང་
དེ་མན་ཆད་ཀྱི་ཟུང་འཇུག་བསྟན་ཏོ། །སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །འཁོར་ལོ་བདེ་མཆོག་སྡོམ་པ་ལ། །བློ་ཆེན་རྣལ་འབྱོར་ལྡན་པས་སྤྱོད། །རིགས་ལྔ་ཀུན་ཏུ་སྤྱོད་པ་ཡིས། །རིགས་གཅིག་ཏུ་ནི་རྣམ་བརྟགས་པས། །རྣམ་རྟོག་མེད་པའི་སེམས་བདག་ཉིད། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །དོགས་པ་ཐམས་ཅད་རྣམ་སྤངས་ནས། །རྣལ་འབྱོར་སེངྒེ་བཞིན་དུ་སྤྱོད། ཅེས་པ་ཚིག་རྐང་དང་པོ་བདུན་གྱིས་སྤྱོད་པ་སྤྱི་དང༌། མཐའ་མ་གཉིས་ཀྱིས་ཕྱོགས་ལས་རྣམ་རྒྱལ་བསྟན་ནོ། །གསུམ་པ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་གཞུང་ལས་བྱུང་བ་རྫོགས་རིམ་རིམ་པ་ལྔ་པའི་རྣམ་པར་བཞག་པ་ལ། སྤྱི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ལ། རྫོགས་རིམ་བསྒོམ་པ་པོའི་གང་ཟགརྫོགས་རིམ་གྱི་ངོ་བོ་དང་དེའི་ཕན་ཡོན། དེ་ཕྱི་རོལ་མེད་ཀྱང་ལམ་གཞན་ཐམས་ཅད་འདུས་ཚུལ། དེ་ཉིད་གང་ལས་ཐོབ་པར་འགྱུར་བའི་རྒྱུའི་གཙོ་བོ། ཇི་ལྟར་འཁྲིད་པའི་རིམ་པའོ། །དང་པོ་ནི། གཞུང་འདི་ཉིད་ལས། རྣམ་པར་རྟོག་མེད་འཇིགས་བྲལ་བའི། སློབ་མ་གུས་ལ་ཀུན་མཁྱེན་གྱི། །སྤྱོད་ཡུལ་ཡེ་ཤེས་གང་ཞིག་ནི། ཞེས་གསུངས་པས། ཐེ་ཚོམ་གྱི་རྣམ་པར་རྟོག་པ་དང༌། ལམ་ཟབ་མོར་བློར་མི་ཤོང་བའི་འཇིགས་པ་དང་བྲལ་བ། སློབ་དཔོན་ལ་གུས་པ་སྟེ་མཚན་ཉིད་གསུམ་ལྡན་དུ་གསུངས་ཤིང༌། དམ་ཚིག་དང་ལྡན་པ་དང༌། རྫོགས་རིམ་གྱི་སྣོད་དུ་རུང་བ་སོགས་ནི་སྤྱི་དང་འདྲའོ། །
ལུས་དཀྱིལ་གྱི་དབང་བསྐུར་ཐོབ་དགོས་པར་གྲགས་ཀྱང༌། དེ་བཞིན་གྱི་ཕྱག་ལེན་དུ་མཛད་པ་ནི་ལེགས་མོད། མཐའ་གཅིག་ཏུ་ལུས་དཀྱིལ་གྱི་དབང་བསྐུར་སྔོན་དུ་མ་སོང་བ་བསྒོམ་དུ་མི་རུང་བ་ནི་མ་ཡིན་ནོ། །གཉིས་པ་ལ། རྫོགས་རིམ་གྱི་ཡེ་ཤེས་དངོས་དང༌། རིམ་པ་ལ་དཔྱད་པའོ། །དང་པོ་ནི། མཁའ་འགྲོ་མ་ཡི་ཚོགས་ཀྱི་ནི། །སྙིང་པོ་སྡོམ་པ་བླ་མ་ཉིད། །ཅེས་བསྟན་ཏེ། མཁའ་འགྲོ་མ་ཡི་ཚོགས་ཐབས་ཀྱི་སྙིང་པོར་སྡོམ་པ་ཡིན་པས་ཏེ། གོང་གི་མཚོན་དོན་གྱི་སྐབས་སུ་བཤད་པ་ལྟར། །དམར་ཆ་གཏུམ་མོའི་མེ་སྤྱི་བོའི་ཧཾ་ལ་སྡོམ་པ་དང༌། རྩ་རྣམས་དབུ་མར་སྡོམ་པ་དང༌། ཤེས་རབ་མོ་སྒྲུབ་པ་པོར་སྡོམ་པ་དང༌། སྤྲོས་པ་ཐམས་ཅད་འོད་གསལ་དུ་སྡོམ་པ་དང༌། ཞུ་བདེ་དང་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་སོ། །གཉིས་པ་ནི། འདི་ལ་ལམ་གྱི་འཆིང་འཆིངས་ཚུལ་བཞེད་པ་སྣ་ཚོགས་པ་དག་བྱུང་སྟེ། འགའ་ཞིག་དང་པོ་བུམ་དབང༌། གཉིས་པ་གསང་དབང༌། གསུམ་པ་དང་བཞི་པ་ཤེས་རབ་ཡེ་ཤེས། ལྔ་པ་དབང་བཞི་པའི་ལམ་དུ་བཞེད་པ་དང༌། འགའ་ཞིག་དང་པོ་རྩའི་རྣལ་འབྱོར། གཉིས་པ་རླུང་གི་རྣལ་འབྱོར། གསུམ་པ་དང་བཞི་པ་ཐིག་ལེའི་རྣལ་འབྱོར། ལྔ་པ་སེམས་ཀྱི་རྣལ་འབྱོར་ཞེས། ཁ་ཅིག་དང་པོ་གཉིས་སྣང་བ་དག་པར་བྱེད་པའི་ལམ། གསུམ་པ་བཞི་པ་གཉིས་སྟོང་པ་དང༌། ལྔ་པ་ཟུང་འཇུག་གི་ལམ་ཡིན་ཞེས་པ་དང༌། འགའ་ཞིག་དང་པོ་གཉིས་སྟོང་པའི་གཟུགས་བརྙན་སྒྲུབ་བྱེད། དེ་ནས་གཉིས་མི་འགྱུར་བའི་བདེ་བ་སྒྲུབ་བྱེད། མཐའ་མ་གཉིས་ཆར་སྒྲུབ་བྱེད་ཅེས་པ་དང༌། གཞན་ཡང་དང་པོས་དབུ་
མའི་དབུས་སྙིང་ཁ་དང༌། གཉིས་པས་སྟེང་འོག་གི་སྣ་རྩེ་སོགས་འཁོར་ལོའི་གནས་ཐམས་ཅད་ལ་གནད་དུ་བསྣུན་པ་དང༌། གསུམ་པས་ཐིག་ལེ་འབྱུང་ཐོག་ཏུ་འཆིང་བ་སྟེ། དེ་གསུམ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་བསྣུན་པ་དང༌། བཞི་པ་གཏུམ་མོ་འབར་བ་དམར་ཆ་ལ་གནད་དུ་བསྣུན་པ་དང༌། དེ་རྣམས་སུ་རྩ་རླུང་ཐིག་ལེ་དུལ་ནས་བསམ་གཏན་གྱི་འོད་གསལ་དུ་ལྡང་འཇུག་བྱེད་པ་བསམ་གྱིས་མི་ཁྱབ་བོ་ཞེས་དང༌། ཡང་དང་པོ་རྡོར་བཟླས། བར་མ་གསུམ་སེམས་དབེན། མཐའ་མ་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་དུ་བཞེད་པ་དང༌། ཡང་ས་བོན་དང་བཅས་པ་སོར་བསམ། ས་བོན་མེད་པའི་བདག་བྱིན་རླབས་དང༌། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེ་སྲོག་རྩོལ། སྣ་ཚོགས་རྡོ་རྗེའི་ལྷག་མ་དང༌། ནོར་བུ་འགེང་པ་འཛིན་པ། ཛ་ལནྡྷ་རའི་རིམ་པ་རྗེས་དྲན། བསམ་མི་ཁྱབ་ཀྱི་རིམ་པ་ཏིང་ངེ་འཛིན་ཏེ་ཡན་ལག་དྲུག་གི་འཆིང་མཛད་པའང་ཡོད་དོ། །དང་པོ་བུམ་དབང་གི་ལམ་དུ་མཛད་པ་མི་བདེ་ལ་གཞན་ཐམས་ཅད་ནི་རུང་བར་མཐོང༌། ཕྱི་མ་འདི་དག་ལ་དོན་གྱི་དབང་དུ་ཅུང་ཟད་དཔྱད་པར་བྱར་ཡོད་ཅིང༌། དེ་དག་ཀྱང་རིམ་པ་ལྔ་ཆར་གང་ཟག་ཅིག་གི་ཆ་རྐྱེན་དུ་སྡེབ་པ་སྟེ། ཡང་རེ་རེ་ལ་འབད་དེ་ནུས་པ་མཐར་ཕྱུང་ནས་སྤྱོད་པས་མཚམ་སྦྱར་བས་ཟུང་འཇུག་གི་བར་དུ་འགྲུབ་པ་ཡིན་ཏེ། རིམ་པ་རེ་རེ་ལ་རྡོ་རྗེ་འཆང་ཉིད་སྒྲུབ་པར་བྱེད་དོ། །ཞེས་གསུངས་པའི་དགོངས་པར་བླ་མ་གོང་མ་རྣམས་བཞེད་པ་ནི། དེ་ཁོ་ན་ལྟར་ཏེ། ལུང་རིགས་གཉིས་ཀྱིས་གྲུབ་པའོ། །ལྔ་ཆར་བསྒོམ་
པའི་དབང་དུ་ན། གོ་རིམ་ནི། དང་པོ་གཉིས་ངག་དག་བྱེད། དེ་ནས་གཉིས་ལུས་དག་བྱེད། ལྔ་པ་སེམས་དག་བྱེད་དོ། །དེས་ན་རླུང་མ་བྱང་བར་ལ་རྣམ་པར་རྒྱལ་བ་མི་ཐོབ། དེ་མ་ཐོབ་པར་ཐིག་ལེ་མི་བརྟན། དེ་མ་བརྟན་པར་གཏུམ་མོ་རང་འབར་མི་བརྟན། དེ་མ་བརྟན་པར་དངོས་སུ་འོད་གསལ་ལ་འཇུག་མི་ཐུབ་པས་སྔ་མ་དེ་དང་དེ་འགྲུབ་ན་ཕྱི་མ་ཕྱི་མ་རྣམས་སྒྲུབ་པ་ལ་དངོས་སུ་འཇུག་ནུས་པས་རིམ་པ་ལྔར་བསྟན་པའམ། ས་བོན་དང་བཅས་པའི་བདག་བྱིན་རླབས་པར་རླུང་སེམས་དབུ་མའི་ནང་སྙིང་ཁར་ཅི་རིགས་པར་འདུས་ནས། ས་བོན་མེད་པའི་བཟླས་པས་རྩ་མདུད་འཇོམས་པར་བྱེད། སྣ་ཚོགས་རྡོ་རྗེའི་རིམ་པས་བུམ་ཅན་གྱི་སྦྱོར་བས་རྩ་འཁོར་ཐམས་ཅད་དུ་གཡས་གཡོན་སྲོག་ཐུར་སྟོང་པར་ཐིམ་ནས། དབུ་མའི་ཐིག་ལེ་ཐིམ་པར་བྱེད། ནོར་བུར་འགེངས་པའི་སྔར་རླུང་ཐིག་ལེར་ཐིམ་པ་དེའི་ནུས་པ་མཐར་ཕྱིན་པའི་ཕྱིར་ཕྱག་རྒྱ་བསྟེན་པས་ཁམས་ཕྲ་རགས་ཀྱི་ཐིམ་ཚུལ་དངོས་སུ་འབྱུང༌། དེའི་ཕྱག་ཆེན་ནི་རང་བྱུང་གི་གཏུམ་མོ་འབར་བ་ཡིན་ལ། དེ་བརྟན་པའི་ཕྱིར་གཏུམ་མོ་བསྒོམ་པ་ནི་འབར་འཛིན་གྱི་རིམ་པ་སྟེ་དེ་བསྒོམ། དེས་ཡེ་ཤེས་ཤིན་ཏུ་གོམས་པས། དངོས་སུ་དོན་གྱི་འོད་གསལ་ལ་འཇུག་པའི་ཕྱིར་དུ་བསམ་མི་ཁྱབ་བསྒོམ་སྟེ་གོ་རིམ་མོ། །རྫོགས་རིམ་ཐམས་ཅད་རླུང་དག་པར་བྱེད་པ་དང༌། ཐིག་ལེ་དག་པར་བྱེད་པ་དང༌། སེམས་དག་པར་བྱེད་པ་གསུམ་དུ་འདུ་བ་ལས་རིམ་པ་དང་པོ་གཉིས་ཀྱིས་རླུང་དག་པར་བྱེད། གསུམ་པ་དང་བཞི་པས་ཐིག་ལེ་དཀར་དམར་དག་
པར་བྱེད། ལྔ་པ་བསམ་མི་ཁྱབ་ཀྱྀས་སེམས་དག་པར་བྱེད་དོ། །ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དངོས་སུ་སྒྲུབ་པ་དང༌། དེའི་རྒྱུ་གཉིས་ལས། དང་པོ་ནི་བསམ་མི་ཁྱབ་བོ། །རྒྱུ་ལ་དངོས་རྒྱུ་ཐིག་ལེ་དཀར་དམར་གྱི་བགྲོད་པ་འགགས་པས་བརྟན་པར་བྱེད་པ་དང༌། བརྒྱུད་རྒྱུ་རླུང་ཐིམ་པར་བྱེད་པ་གཉིས་ལས། དང་པོ་ལ་ཐིག་ལེ་དཀར་པོ་གསུམ་དང༌། དམར་པོ་བཞི་པས་བརྟན་པར་བྱེད་ཅིང༌། རླུང་ལ་དང་པོར་ཞུགས་གནས་ཐིམ་གསུམ་བྱེད་པ་དང༌། ལམ་སྦྱང་བ་དང༌། བརྟན་པར་བྱེད་པ་གསུམ་ལས། དང་པོ་ས་བོན་དང་བཅས་པས་བདག་བྱིན་བརླབས་པ། གཉིས་པས་ས་བོན་མེད་པ། གསུམ་པ་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དེའི་དེ་ལྟར་གྲངས་ངེས་པའོ། །གསུམ་པ་ནི། ཇི་སྐད་དུ། སྐྱེས་པ་ཙམ་གྱིས་མཆོག་ཏུ་ནི། །དགའ་བ་དང་ནི་ལྡན་འགྱུར་ཞིང༌། །མངོན་པར་ཤེས་པ་ལྔ་དང་ལྡན། །མཁའ་ལ་འགྲོ་དང་རྫུ་འཕྲུལ་དང༌། །མི་སྣང་ཁྱད་པར་དུ་ཐོབ་ཅིང༌། །སྐྱེ་བ་དྲན་དང་ཁམས་གསུམ་པའི། །གནས་ཀྱི་ས་ནི་རིགས་པ་དང༌། །འདས་དང་མ་འོངས་པ་དང་ནི། །ད་ལྟ་བྱུང་བ་ཤེས་པའོ། །རྫོགས་རིམ་གྱི་ཡེ་ཤེས་བླ་མའི་དྲིན་ལས་ཐོབ་པས་དགའ་བའི་མཆོག་ལྷན་སྐྱེས་ཀྱི་ཡེ་ཤེས་ངེས་པར་སྐྱེ་བ་དང་མིག་དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་མངོན་ཤེས་ཏེ་དྲུག་ཡོད་པ་ལས། དྲུག་པ་ནི། སྐྱེ་བ་དྲན་པ་དང་གཞན་སེམས་ཤེས་པ་སོགས་ཡིན་པ་ཕྱིས་བཤད་པས་འདི་ལྔའོ། །འདི་དག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་
ཀྱི་ནུས་པས་ཐོབ་པས་ཏེ། དབང་ཤེས་ལྔ་ཆར་བདེ་ཆེན་གྱི་ཡེ་ཤེས་སུ་གྱུར་པ་ན། དེ་ལ་གོམས་པས་འཕྲལ་དུ་ལྐོག་གྱུར་གྱི་གཟུགས་སོགས་ཐམས་ཅད་ཤེས་པའི་མངོན་ཤེས་ལྔ་འབྱུང་སྟེ། ཌོམྦི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ལས། དཔའ་བོ་བདེ་ཆེན་གྲུབ་པ་ཡིས། །དེ་ནས་བདེ་བ་ཅན་དུ་འགྲོ། །དོན་ཆེན་བདེ་བ་ལ་བརྟེན་ནས། །རྣམ་པ་ཀུན་ཏུ་དངོས་གྲུབ་དག །དེ་ལ་ཉེ་བར་གནས་པར་འགྱུར། །མངོན་པར་ཤེས་པ་ལྔ་ཡང་འབྱུང༌། །དེ་ལ་རྡོ་རྗེའི་མིག་དང་ཞེས་སོགས་རྒྱས་བཤད་དུ་དྲུག་ཆར་གསུངས་སོ། །འདི་ལ་ཐུན་མོང་མ་ཡིན་པའི་མངོན་ཤེས་ལྔ་ཞེས་བྱའོ། །ནམ་མཁར་འགྲོ་བ་སོགས་རིག་པ་འཛིན་པའི་ལུས་དང༌། རྫུ་འཕྲུལ་སྣ་ཚོགས་དང༌། མི་སྣང་བ་དང༌། སྐྱེ་བ་དྲན་པ་དང༌། ཁམས་གསུམ་པའི་སེམས་ཅན་གྱི་སེམས་ཤེས་པ་དང༌། དུས་གསུམ་འབྱུང་བ་ཐམས་ཅད་ཤེས་པ་སྟེ། ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་གོང་དུ་བསྟན་ཟིན་པ་སྟེ། མངོན་ཤེས་ཐུན་མོང་བ་ལྔ་ཡང་བསྟན་ནོ། །བཞི་པ་ནི། བགྲང་འཕྲེང་བཟླས་པ་འདིར་མེད་དེ། །བསམ་གཏན་ལྷ་མཆོད་ཡོད་མ་ཡིན། །ཚེས་གྲངས་མེད་ཅིང་ངེས་པ་མེད། །སྦྱིན་སྲེག་ཡང་དག་གནས་པ་མེད། །ཀློག་དང་འདོན་པ་ཡོད་མ་ཡིན། །ཞེས་ཕྱི་རོལ་གྱི་དེ་དག་མེད་དོ། །འོན་ཀྱང་འདི་ལ་དེ་རྣམས་ཚང་སྟེ། རླུང་གི་བཟླས་པ་དང༌། ཡེ་ཤེས་ཀྱི་མཚན་རྟོགས་ལས། སྐྱོབས་པའི་སྔགས་དང༌། བདེ་སྟོང་གི་བསམ་གཏན་དང༌། རང་ཤར་དུ་འབྱུང་བའི་ལྷར་སྣང་དང་
ཡུལ་སྣང་ཐམས་ཅད་མཆོད་པ་དང༌། རླུང་གིས་འཕོ་བའི་ཚེས་གྲངས་དང༌། རང་བཞིན་ཉེས་པས་མ་གོས་པའི་ངེས་པ་སྟེ་སྡོམ་པ་དང༌། ཕུང་ཁམས་འོད་གསལ་དུ་བསྲེག་པས་སྦྱྀན་སྲེག་དང༌། ཇི་ཙམ་སྨྲ་བ་ཐམས་ཅད་སེམས་ཅན་སྒྲོལ་བའི་ཆོས་ཡིན་པས། ཀློག་པ་དང་འདོན་པའོ། །དགྱེས་རྡོར་ལས་ཀྱང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སྔགས་ཀྱི་བཟླས་བརྗོད་དཀའ་ཐུབ་མེ་དང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ། །ཞེས་གསུངས་པའི་དགོངས་པའོ། །ཀུན་སྤྱོད་སོགས་ལས་ཀྱང་འབྱུང་སྟེ། ཕྱིའི་དེ་དག་དང་ནང་གི་དེ་དག་བྱ་བ་མི་མཚུངས་ཤིང༌། ཆེས་ནང་ལྷག་པའོ། །ལྔ་པ་ནི། རང་གི་སྦྱོར་བས་བརྩོན་པ་སོགས་རྒྱུ་ཚོགས་ཇི་སྙེད་པ་ཡོད་ཀྱང༌། རྒྱུ་རྐྱེན་གྱི་གཙོ་བོ་རང་གི་དེ་ཁོ་ན་ཉིད་ཐོབ་པའི་རྩ་བའི་བླ་མའི་བྱིན་རླབས་ཞུགས་པའོ། །ཇི་སྐད་དུ། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །འཁོར་ལོ་སྡོམ་པར་སྦས་པ་ཡི། །བྱིན་རླབས་རིམ་པར་བཤད་པར་བྱ། །སྤྱིར་བླ་མ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་རྐྱེན་དང་ལྷན་ཅིག་བྱེད་པའི་བླ་མའོ། །རྒྱུའི་བླ་མ་ནི་རང་གི་རྒྱུད་ལ་སྐྱེས་པས་ཡེ་ཤེས་སོ། །རྐྱེན་གྱི་བླ་མ་ནི་རིག་མའོ། །ལྷན་ཅིག་བྱེད་པའི་བླ་མ་ནི་རྡོ་རྗེ་
སློབ་དཔོན་ཏེ། གཙོ་བོ་ནི་འདིའོ། །དྲུག་པ་ནི། འདི་ལ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། ཟབ་མོ་བསྐྱེད་པའི་རིམ་པ་ལ་ལེགས་པར་གོམས་པ་དགརྫོགས་པའི་རིམ་པ་འདིར་འཇུག་པར་བྱེད་པ་ནི་གཞུང་གི་དངོས་བསྟན་གྱི་རིམ་པ་ཡིན་ཞིང༌། གང་ཟག་གི་བསམ་པའི་ཁྱད་པར་དང༌། སྐལ་པའི་དབྱེ་བས། དེ་སྔོན་དུ་མ་སོང་བར་ཡང་རྫོགས་རིམ་བསྒོམ་པ་ཡོད་ལ། རྫོགས་རིམ་གྱི་སྔོན་གྱི་ཡེ་ཤེས་འཕོ་བའི་བྱིན་རླབས་བྱས་པ་ན། །ཡེ་ཤེས་ཕེབས་པའི་རྟགས་འཕར་གཡོ་བྱུང་ན། རིམ་པ་དང་པོ་ནས་ཐམས་ཅད་ལ་རིམ་ཅན་དུ་འཇུག་ལ། འདར་སྐྲུག་བྱུང་ན་རིམ་པ་གཉིས་པ་ནས་དང༌། བདེ་གསལ་བྱུང་ན་གསུམ་པ་དང༌། སྨྲ་རྒོད་བྱུང་ན་བཞི་པ་དང༌། སྟོང་གསལ་ཀྱི་ཉམས་བྱུང་ན། ལྔ་པ་ནས་དཀྲི་བར་བཞེད་དོ། །ཁ་ཅིག་དེ་ལྟར་མི་འཐད་དེ། རིམ་པ་སྔ་མ་རྣམས་ཀྱི་རྟོགས་པ་ལ་མི་གནས་པར། ཕྱི་མ་རྣམས་ཀྱི་ཡེ་ཤེས་མཚན་ཉིད་ཚང་བ་མི་སྐྱེ་བའི་ཕྱིར་རོ་སྙམ་དུ་བསམ་པ་ནི། ལེགས་པར་མ་བརྟགས་པ་ཡིན་ཏེ། །དཔེར་ན་རྩ་འཁོར་རྣམས་སུ་བུམ་ཅན་མ་བརྟན་པར། ཕྱག་རྒྱ་བསྟེན་དུ་མི་རུང་བ་མ་ཡིན་ཞིང༌། ཕྱག་རྒྱའི་བདེ་ཆེན་འདྲེན་མི་ཐུབ་པར་གཏུམ་མོ་བསྒོམ་དུ་མི་རུང་བ་ཡང་ག་ལ་ཡིན། དེ་རྣམས་དེ་ལྟ་ན། སྣ་ཚོགས་རྡོ་རྗེའི་རིམ་པ་མ་བརྟན་པར་ནོར་བུ་འགེངས་པའི་རིམ་པ་དང༌། དེའི་རིམ་པའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པར། ཛ་ལནྡྷ་རའི་རིམ་པ་སྒོམ་དུ་མི་རུང་བའི་རྒྱུ་མཚན་ཅི་ཡོད། ཡང་
དེ་དག་རིམ་ཅན་དུ་བསྒོམ་པ་ཡིན་དུ་ཆུག་ཀྱང༌། འདིའི་བྱིན་རླབས་ཀྱི་སྐབས་རྟགས་སོ་སོར་འབྱུང་བ་དེ་རྣམས་དེ་ཡན་ཆད་ཀྱི་ལམ་དངོས་སམ་དེ་དང་མཐུན་པ་དགསྐྱེ་བ་སྔ་མར་གོམས་པའི་རྟགས་ཡིན་པར་བཞེད་པས། དེ་མ་ཡིན་པའི་རྒྱུ་མཚན་ཅི་ཞིག་སྨྲ། དེས་ན་ལུང་དང་རིགས་པས་གྲུབ་པའོ། །འོན་ཀྱང་ཐེ་ཚོམ་ཟའོ་སྙམ་ན། དེ་ལ་ནི་ཁོ་བོས་ཅི་ཞིག་འབད་དེ་འགྲོ་བ་རྣམས་ཀུན་ཏུ་སྦྱོར་བ་གསུམ་གྱིས་བཅིངས་པ་ཡོངས་སུ་སྒྲོལ་བར་མཛད་པ་ནི། རྒྱལ་བ་སྲས་བཅས་འབའ་ཞིག་གི་སྤྱོད་ཡུལ་ལོ། །མཁས་པ་འགའ་ཞིག་སྤྱིར་བྱིན་རླབས་ཀྱི་ཆོ་ག་དེ་ལྟར་བྱེད་པ་མ་བཀག་ཀྱང༌། འདིའི་བྱིན་རླབས་ཀྱི་རིམ་པའི་གཞུང་དོན་མ་ཡིན་ཞེས་གསུངས་ཡང༌། གཞུང་ཉིད་བྱིན་རླབས་ཀྱི་ཆོ་གར་གསལ་ཞིང༌། འདིའི་ལུགས་སྲོལ་འཛིན་པ་ལོ་པཎ་སྔ་ཕྱིར་བྱོན་པ་ཐམས་ཅད་ཀྱི་ལུགས་ལ། འདིའི་བྱིན་རླབས་ཀྱི་ཆོ་ག་བསྟན་པ་ཉག་གཅིག་བཞེད་པར་སྣང་བའི་ཕྱིར། ཁྱེད་ཀྱི་དེ་ནི་དམ་བཅའ་ཙམ་ཞིག་གོ །ཡང་འགའ་ཞིག་གིས་མན་ངག་ཏུ། གཞུང་འདིའི་བྱིན་རླབས་ཀྱི་ཆོ་ག་བསྟན་ཞིང་དེའི་ཉམས་ལེན་དུ་རྣམ་པར་མི་རྟོག་པའི་ལྟ་བ་སྐྱོང་བར་བྱེད་དེ། །བླ་མའི་མན་ངག་གི་རྒྱུན་མ་ཆད་པའི་ཁུངས་ཞིག་ཡོད་ན་ནི་དེ་ཡང་རུང་ངོ༌། །གཉིས་པ་གཞུང་གི་དོན་ལ། བདག་བྱིན་གྱིས་བརླབས་པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུའི་འགེངས་པའི་རིམ་པ། ཛ་ལནྡྷ་རའི་རིམ་པ། བསམ་མི་ཁྱབ་པའི་རིམ་པ་སྟེ་ལྔ་ལས། དང་པོ་ལ་སྒྲ་དོན་དང༌། དབྱེ་བ་དང༌། འབྲས་བུ་གསུམ་མོ། །
དང་པོ་ནི། མི་ཤིགས་ཐིག་ལེར་སོགས་ཏེ། བདག་ཅེས་བྱ་བ་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་སྟེ། དེ་ཉིད་བྱིན་གྱིས་རླབས་པས། འོད་གསལ་འཆར་བར་འགྱུར་བས། བདག་བྱིན་གྱིས་བརླབས་པ་ཞེས་བྱའོ། །གཉིས་པ་ནི། དེ་ལ་དབྱེ་ན། ས་བོན་དང་བཅས་པ་དང༌། ས་བོན་མེད་པ་གཉིས་ཏེ། དང་པོ་ནི། དམིགས་པ་གཞི་གཅིག་ཏུ་ངེས་པ་དང༌། ས་བོན་གྱི་ཡི་གེའམ་ཐིག་ལེ་སྟེ། དེ་ལྟར་བསྒོམ་པ་ཡོད་པས། ས་བོན་དང་བཅས་པ་ཞེས་བྱ་སྟེ། དེ་ཡང་སྙིང་ཁའི་མི་ཤིགས་པའི་ཐིག་ལེར་རྩེ་གཅིག་ཏུ་བསྒོམ་པས། རླུང་ཞུགས་གནས་ཐིམ་གསུམ་གྱི་ཡེ་ཤེས་སྐྱེ་བའོ། །དེ་ལ་མི་ཤིགས་པའི་ཐིག་ལེ་ནི། མི་ཤིགས་པའི་སེམས་ལ་འཇོག་པ་ཡང་ཡོད་དེ། དུས་འཁོར་འགྲེལ་ཆེན་དུ། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ། རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཞེས་རྟེན་ཐིག་ལེ་བརྟེན་པ་སེམས་དང་བཅས་པ་གཉིས་ཆར་བསྟན་ཏེ། འདི་ནི་ལུས་སེམས་ཀྱི་འབྲེལ་བ་ཞེས་ཀྱང་བྱ། ཁུ་རྡུལ་རླུང་གི་ཚོགས་པའི་བདེ་བས་བྱིན་གྱིས་བརླབས་པའི་སེམས་འགྱུར་བཅས་ཀྱི་རྣམ་པ་ཅན་ཏེ། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་གཏོགས་གཞན་གྱིས་འཇིག་པར་མི་ནུས་པས། མི་ཤིགས་པའི་ཐིག་ལེ་དང༌། སྐྱེ་འཆིས་མི་རྫི་ཞིང་འགྱུར་བ་སྟོན་པ་ལས་གྲོལ་བས། གྲོལ་བའི་ཐིག་ལེ་ཞེས་ཀྱང་བྱ་སྟེ། འདིའི་རྟེན་དུ་གྱུར་པ་ནི་ཁམས་དཀར་དམར་གྱི་དབུས་ན་ཚེ་སྲོག་གི་རང་བཞིན། རླུང་དྲོད་ཀྱི་ངོ་བོ་ཉེ་བར་
བརྟེན་པ་ཙ་ན་ཀའི་འབྲུ་ཚད་ཙམ་གྱི་ཐིག་ལེ་སྙིང་གའི་དབུས་ན་གནས་པ་དཔྱིད་ཅེས་བྱ་བ་དེ་ཡིན་ཏེ། འདི་ཡང་འཆི་བའི་ཚེ་མ་གཏོགས་ཞིག་མི་ཐུབ་ཅིང༌། འཕོ་འཇུག་བྱེད་པ་ལས་གྲོལ་བ་དང༌། གོང་གི་དེའི་རྟེན་ཡིན་པའི་ཕྱིར། མི་ཤིགས་པ་དང་གྲོལ་བའི་ཐིག་ལེ་ཞེས་བཏགས་སོ། །གཞུང་འདིར། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། ཞེས་གསུངས་སོ། །གཉིས་པ་ནི། དབུགས་འབྱུང་འཇུག་གནས་གསུམ་སྣ་ཚོགས་ལ་དམིགས་པས། དམིགས་ཡུལ་གཞི་མི་བརྟན་པ་དང། ཐིག་ལེའམ་ཡིག་འབྲུའི་གཟུགས་མི་དམིགས་པས། ས་བོན་མེད་པ་སྟེ། རྡོ་རྗེའི་བཟླས་པ་བྱེད་པའོ། །འདི་གཉིས་ཆར་ལ་བོགས་འདོན་གྱི་ཚུལ་དུ་དབང་པོའི་སྒོར་འགྲོ་བ་ཡིན་ནོ། །གསུམ་པ་ནི། ས་བོན་དང་བཅས་པའི་སྐབས། དང་པོར་ཐིག་ལེ་མཐོང་བ་བསྟན་པ་སྟེ། དངོས་སུ་མཐོང་བ་ལྟ་བུའི་མཚན་མ་འབྱུང༌། དེ་ནས་སྙིང་ཁར་བདེ་བ་རང་བྱུང་དུ་འབྱུང༌། དེ་ནས་ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་འབྱུང༌། དེ་ནས་བདེ་བ་དེ་ལ་ཡོངས་སུ་འཛིན་པ་རང་སར་སངས་ཏེ། བདེ་སྟོང་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །རྟགས་བཞི་པོ་འདི་བརྟན་མི་བརྟན་དང༌། རྒྱ་ཆེ་ཆུང་གི་ཁྱད་པར་མ་གཏོགས། འོག་མ་རྣམས་ལ་ཡང་འདྲའོ། །དང་པོར་བདེ་བ་སྐྱེ་བའི་གནས་ཀྱང་འདིས་བསྒྲེས་ཏེ་ཤེས་པར་བྱའོ། །རྩ་བའི་དམིགས་པ་བརྟན་ནས་ཐིག་ལེ་རྣམས་དབང་པོའི་སྒོར་སྤྲོས་
པས། དབང་ཤེས་རྒྱུ་བའི་རླུང་རྣམས་ལས་སུ་རུང་སྟེ། ཡུལ་གྱི་རྐྱེན་གྱིས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱེད་དོ། །འདི་དག་ལ་བརྟེན་ནས་རླུང་དེ་རྣམས་ནང་དུ་བཟློག་པར་འགྱུར་བས། འཇུག་ཤེས་དྲུག་ཐིག་ལེ་ལ་འཆིང་བར་གསུངས་པའི་གཞུང་དོན་དུ་ངེས་པར་འགྱུར་ཞིང༌། དེ་དག་ཏུ་ཐིག་ལེ་བསྒོམ་ཞེས་བྱ་བའི་ཚིག་གིས་མ་ཟིན་པ་ཡང་མ་ཡིན་ཏེ། ཡིད་སྙིང་ཁར་བཞག་ནས་གནས་པ་ན་ཐིག་ལེའི་གཟུགས་སུ་འགྱུར་རོ། །ཞེས་ཡིད་ཤེས་ཀྱི་དེ་སྙིང་ཁར་ཐིག་ལེའི་གཟུགས་སུ་བསྒོམ་པར་གསུངས་པ། མཐའི་གསལ་བྱེད་ཡིན་པས་སོ། །གལ་ཏེ་གཞུང་ཚིག་གིས་དངོས་སུ་མ་ཟིན་ཀྱང༌། ཁོག་དོན་ལ་རུང་བ་ནི་ཤིན་ཏུ་མང་བ་ཞིག་ཡོད་པས། གཞུང་ཚིག་གི་དོན་ཙམ་ཡིན་མིན་གྱི་དཔྱད་པ་ཙམ་ལ་སྙིང་པོ་མི་སྣང་ངོ༌། །ཡང་གཞུང་ལས། རྟག་ཏུ་སྙིང་ལ་སོགས་ཀྱི་རྗེས་བར་མ་ཆད་པར་འདིའི་དོན་བརྗཽད་པར་བྱ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང༌། པགས་པའི་ཕྱོགགས་ལ་གནས་པའི་ཤེས་པ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ་རྣམ་པར་ཤེས་པ་ལྔ་པོ་དེ་དག་ཡང་དག་པ་བཞག་ཅིང་མི་གཡོ་བར་བྱས་ནས། ཡིད་སྙིང་ཁར་བཞག་ནས་གནས་པ་ནི་ཐིག་ལེའི་གཟུགས་སུ་འགྱུར་རོ། །ཞེས་གསུངས་པ་ལ། ཁ་ཅིག་འདིའི་འཐད་ཀྱི་འགོས་འགྱུར་ལས་ཤེས་པ་རྣམས་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ཀྱིས་བསྡུས་པ་སྟེ། ཞེས་གསུངས་པ་ལྟར་བཤད་དགོས་ཏེ། ཀུན་གཞི་རྣམ་ཤེས་ཡང་དྲུག་པ་ཡིད་ཀྱི་རྣམ་ཤེས་ཡིན་ཞེས་ཟེར་རོ། །
འདིའི་འགོས་འགྱུར་ནི་སྔ་མ་ཡིན་པ་ལས། ཕྱིས་ནག་འཚོའི་འགྱུར་སོགས་སྔ་ཕྱིའི་ལུགས་ཐམས་ཅད་ལ་བརྟགས་ཏེ། རྔོག་འགྱུར་གྱི་ཚིག་དག་པ་བྱས་ཏེ་གཏན་ལ་ཕབ་པ་ཡིན་པས་ཚོགས་བརྒྱད་ཀྱི་ཀུན་གཞི་རང་གི་གྲུབ་མཐའ་ལ་མི་འདོད་པའི་རྒྱུ་མཚན་གྱིས་འགྱུར་མ་དག་པ་ལ་འདམ་དགོས་བྱུང་བར་སྣང་ངོ༌། །འགོས་འགྱུར་ལྟར་ན་ཡང༌། ཚོགས་བརྒྱད་ཀྱི་ཀུན་གཞིར་ཤིན་ཏུ་གསལ་ཏེ། དྲུག་པ་ཡིད་ཀྱིས་དབང་ཤེས་ལྔ་བསྡུས་པའི་རྒྱུ་མཚན་གང་གི་ལུགས་ལ་ཡང་འཐད་ལྡན་མེད་ཅིང༌། ཀུན་གཞི་འདོད་པའི་ལུགས་ལྟར་ན་དེ་རྣམས་ཀུན་གཞིས་བསྡུས་པ་ཡིན་ཏེ། ལངྐར་གཤེགས་པ་ལས། དེ་བཞིན་ཀུན་གཞིའི་ཆུ་བོ་ཡང༌། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་འབྱུང༌། །རྣམ་ཤེས་རྦ་རླབས་སྣ་ཚོགས་ཀྱིས། རབ་ཏུ་གཡོ་བའི་གར་བྱེད་དོ། །ཞེས་ཆུ་དང་རླབས་ཀྱི་དཔེས་བསྟན་ཏེ། རླབས་ཆུས་བསྡུས་པ་བཞིན་ནོ། །ཡང་རྣམ་ཤེས་དྲུག་འདས་མ་ཐག་པའི་ཡིད་དབང་འདིར་འདོད་ན་འདས་པའི་ཆོས་ཐིག་ལེར་བསྒོམ་པར་སོང་བས། སྤྱི་དང་འགལ་བར་མ་ཟད་འདས་པ་ལ་སྦྱངས་གཞི་སོགས་མི་རུང་བའི་རྒྱུ་མཚན་ལུང་རིགས་མང་པོར་རང་གིས་སྒྲུབ་པ་དང་ཡང་འགལ་ལོ། །གཞན་ཡང་རྣམ་ཤེས་ཚོགས་དྲུག་ལས། གཞན་མི་བཞེད་པའི་ལུགས་ལ་སྟོང་པ་ཉིད་ལ་ཀུན་གཞིར་གསུངས་པ་མང་གི དྲུག་པའི་ཡིད་ལ་ཀུན་གཞིར་བཞེད་པ་ཚད་ལྡན་ནི་ཤིན་ཏུ་ཉུང་ངོ༌། །གཞན་ཡང་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཀུན་གཞི་མི་བཞེད་པའི་རྒྱུ་མཚན་ཞིག་འཆད་རྒྱུ་
ཡོད་ན་དེ་ལྟར་སྨྲ་བ་བདེན་ཡང༌། འཕགས་པ་ཡིན་པའི་ཐལ་འགྱུར་བ་ཡིན་ནོ། །ཞེས་པ་ལས་གཞན་རྒྱུ་མཚན་འགོད་རྒྱུ་མེད་ལ། དེ་ནི་རྒྱུ་མཚན་རྣམ་དག་མ་ཡིན་ཏེ། དེ་ལྟར་ན་འཕགས་པ་ཐོགས་མེད་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི། སློབ་དཔོན་མར་མེ་མཛད་བཟང་པོ་སོགས་ཀྱང་རྒྱུ་མཚན་དེའི་ཕྱིར། དེ་དག་གིས་མཛད་པའི་གཞུང་ཐམས་ཅད་ཐལ་འགྱུར་བའི་ལུགས་སུ་འདྲེན་དགོས་པར་འགྱུར་རོ། །གཞན་ཡང་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་སེམས་ཞེས་པ་ཡང༌། སེམས་ཡིད་རྣམ་ཤེས་གསུམ་གྱི་སེམས་ཀུན་གཞི་ལ་འཇོག་པའི་ལུགས་སུ་གསལ་ལོ། །དེ་གསུམ་ཐ་དད་དུ་འཇོག་པ་ཤིན་ཏུ་མང་སྟེ། སྒྲ་དོན་ཡང་འདི་ཉིད་ཁོ་ན་ལེགས་པ་ཡིན་ནོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང༌། ཁ་ཅིག་འདི་སྙམ་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་པ་ནི་དོན་གཅིག་ཁོ་ན་སྟེ། འདིར་ཚིག་འབྲུ་ཐ་དད་དོ་སྙམ་པ་དེ་ཡང་མི་འཐད་དེ། ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་ཐ་དད་དོ་ཞེས་གསུངས་ཤིང༌། ཐེག་པ་ཆེན་པོའི་ཆོས་མངོན་པར་ཀུན་གཞི་ལ་སེམས་དང༌། ཉོན་ཡིད་ལ་ཡིད་དང་ཚོགས་དྲུག་ལ་རྣམ་ཤེས་སུ་བཤད་པ་ནི། ངེས་པར་གཟུང་བར་བྱ་སྟཻ། ཙིཏྟ་ཞེས་པ་བག་ཆགས་སོགས་པའི་གཞི་ཡིན་པ་དང༌། མ་ན་ཞེས་པ་ང་རྒྱལ་འཇུག་པའི་དོན་དང༌། བི་ཛྙཱ་ན་ཞེས་པ་ཡུལ་རྣམས་སོ་སོར་རྣམ་པར་རིག་ཅིང་ཤེས་པའི་དོན་ཡིན་པས་སོ། །དེ་ལ་ཀུན་གཞི་རྣམས་ནི། སེམས་ཀྱི་
སྟེང་དུ་ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བགོ་བའི་གཞིར་གྱུར་པ་སྟེ། ལྡོག་པས་ཕྱེ་ན། ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆ་དང༌། ཟག་པ་མེད་པའི་ཡེ་ཤེས་ཀྱི་ཆའོ། །དང་པོ་ལ་ཉོན་སྒྲིབ་དང༌། ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་གཉིས་ཏེ། དེ་གཉིས་རིམ་པས་དགྲ་བཅོམ་པའམ་སངས་རྒྱས་ཀྱི་ས་ནས་ལྡོག་གོ །གཉིས་པ་ལ་ཤེས་སྒྲིབ་ཀྱི་རྣམ་སྨིན་གྱི་ཆ་མེད་པས། ཉོན་མོངས་ཀྱིས་ཀུན་ནས་བསླང་བའི་རྣམ་སྨིན་ཀྱི་ཆ་སྟེ། དེའི་ཕྱིར་སེམས་ཙམ་པས་ལྷག་མེད་མྱང་འདས་སུ་ཡང་ལྡོག་པར་འདོད་ཀྱང༌། འདིར་སངས་རྒྱས་ཀྱི་ས་འབའ་ཞིག་ཏུ་ལྡོག་ཅེས་བྱའོ། །གསུམ་པ་ནི། འཁོར་འདས་ཀྱི་གནས་སྐབས་ཐམས་ཅད་དུ། ངོ་བོ་ལ་ཁྱད་པར་མེད་པར་འཇུག་པ། བདེ་གཤེགས་སྙིང་པོ་དང༌། དང་པོའི་སངས་རྒྱས་དང༌། རྒྱུའི་རྡོ་རྗེ་འཛིན་པ་དང༌། ཡོངས་གཅོད་དུ་གྲུབ་པའི་ཆོས་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། གནས་སྐབས་ཀྱི་དོན་དམ་བདེན་པ་དང༌། གཞི་དུས་ཀྱི་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་རྣམས་འདི་ཁོ་ནའོ། །དེས་ན་བདེ་གཤེགས་སྙིང་པོ་མེད་དགག་ཏུ་འདོད་པ་རྒྱུད་བླ་མའི་དགོངས་པར་སྨྲ་བ་རྣམས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། ཞེས་པ་དང༌། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་རྩི་དང་འདྲ། ཞེས་གསུངས་པས། དངོས་སུ་བཀག་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ནི། ཀུན་གཞི་ལ་དམིགས་ནས་བདག་ཏུ་
འདོགས་པ་སྟེ། ཇི་སྐད་དུ། མ་རིག་པ་དང་བདག་ལྟ་དང༌། །ང་འོ་ང་རྒྱལ་སྲེད་འདི་བཞིས། །ཀུན་ནས་ཉོན་མོངས་ཅན་འགྱུར་ཡིད། །ཅེས་གསུངས་པ་ལྟར། བདག་མེད་པར་མི་ཤེས་པའི་བདག་ཏུ་རྨོངས་པ་དང༌། བདག་ཏུ་འཛིན་པར་བྱེད་པའི་བདག་ཏུ་ལྟ་བ་དང༌། དེ་ལ་ངའོ་སྙམ་པའི་སེམས་འཇུག་པ་དང༌། བདག་ཏུ་རྒྱལ་བ་དང་དེ་ལ་འཛིན་པ་དམ་པོའི་ཤུགས་ཀྱིས་ཞེན་ཞིང་ཆགས་པ་ནི། བདག་ལ་ཆགས་པ་སྟེ། ངར་འཛིན་བཞིའི་རང་བཞིན་ཅན་ནམ་འཁོར་དང་བཅས་པའོ། །དབང་ཤེས་ལྔ་ནི། ཕྱིའི་ཡུལ་རྣམས་མཐོང་བ་ཙམ་ལས། ཐ་དད་དུ་སྒྲོ་འདོགས་པའི་ལས་ཅན་མ་ཡིན་ལ། དེ་རྣམས་དང་རྣམ་རྟོག་རྣམས་ཀྱི་ཡུལ་ལ་དམིགས་ནས་སྒྲོ་འདོགས་པའི་ལས་ཅན་ནི། ཡིད་ཀྱི་རྣམ་ཤེས་ཁོ་ན་སྟེ། དེས་ན་འདི་ལ་ཡིད་རྟོག་ཅེས་ཀྱང་བཤད་དོ། །དེས་ན་ཀུན་གཞིའི་སྣང་བ་ཁམས་གསུམ་དུ་སྣང་བ་ལ། ཉོན་ཡིད་ཀྱིས་ནང་དུ་ཀུན་གཞི་ལ་དམིགས་ནས་བདག་ཏུ་སྒྲོ་བཏགས། ཡིད་ཤེས་ཀྱིས་ཕྱི་རོལ་ཏུ་སྒྲོ་བཏགས་པས། གཉིས་སྣང་རགས་པས་འཁྲུལ་པ་འདི་འབྱུང་ངོ༌། །ཞེས་དེ་ཉིད་རིག་པ་དག་འདོམ་པར་མཛད་དོ། །དེ་ལྟར་ན་ཡིད་ཕྲ་མ་མཁན་དང་འདྲ་བས་འཁྲུལ་རྒྱུ་བྱས་པའི་མཚང་འཇིག་པར་བྱེད་པ་ནི་སེམས་ཀྱི་རང་ཞལ་ལྟ་བའི་མན་ངག་ཁོ་ན་ལགས་ཏེ། རྗེས་སུ་དཔག་པ་ཙམ་གྱིས་ནི་ཕྱོགས་ཙམ་ཡང་མ་ཡིན་ནོ། །ཀུན་གཞི་མེད་ན་ཡིད་ཀྱི་རྣམ་ཤེས་ཀྱིས་ཉིན་མཚན་མཚམས་སྦྱོར་བ་སོགས་ཀྱང་མི་ནུས་ཏེ། ཐེག་བསྡུས་ལས། རྣམ་པར་ཤེས་པ་
ཡང་མའི་མངལ་དུ་ནུར་ནུར་པོ་ཉིད་བརྒྱལ་ལོ། །ཞེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་མི་རིགས་ཏེ། དུས་རྟག་ཏུ་ཉོན་མོངས་པ་ཅན་གྱི་གནས་ཡིན་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ལ་མི་དམིགས་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་པའི་དོན་གྱི་སྙིང་པོ་ནི། ལྷ་སྦྱིན་མ་ཤི་བར་དེའི་བར་སྲིད་མངལ་དུ་འཇུག་པ་ནི་མི་སྲིད་ལ། ཤི་བ་ན་ཡིད་ཤེས་མ་འགགས་པ་ཡང་མི་སྲིད་པས། བར་དོ་ལེན་པ་པོ་མེད་པར་འགྱུར་བ་དང༌། མངལ་དུ་ཞུགས་མ་ཐག་གི་ཤེས་པ་དེ་ཡང་ཡིད་ཤེས་མ་ཡིན་ཏེ། ཡིད་ཀྱི་དབང་པོ་ལ་མ་བརྟེན་པས་དེའི་དམིགས་པ་ལ་མི་དམིགས་པའི་ཕྱིར། ཞེས་པའི་དོན་ཡིན་ཞིང༌། ཀུན་གཞི་མེད་པར་འདོད་པ་རྣམས་ཀྱིས་ཀྱང༌། ཁ་ཏོན་དང༌། མར་མེ་དང༌། གཟུགས་བརྙན་ལ་སོགས་པའི་དཔེར་རྟེན་ཅིང་འབྲེལ་འབྱུང་ཙམ་གྱི་སྒོ་ནས་འཇོག་ཅེ་ན། དེ་ནི་ཡིན་མོད་ཀྱང༌། དེས་དེ་ཡིད་ཤེས་ཡིན་ཞིང་ཀུན་གཞི་མ་ཡིན་པའི་རྒྱུ་མཚན་ལ་གཅིག་ཀྱང་ཕན་པ་མེད་ལ། རིགས་པ་སྔ་མ་ལ་ཡང་གནོད་བྱེད་འཐད་ལྡན་སྟོན་རྒྱུ་མེད་དོ། །འོ་ན་སྲིད་པ་འཕོ་བའི་མདོ་རྒྱལ་པོ་ལ་གདམས་པར། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་འགགས་པ་གང་ཡིན་པ་དེ་ནི་འཆི་འཕོ་བ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་འགགས་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་སྐྱེས་པའི་ཆར་
རྟོགས་པ་འབྱུང་བའི་ཚེ། གང་ནས་མི་འོང་ཞེས་དང༌། ཁ་དོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་དག །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་བཤད་པ་ཇི་ལྟར་དྲངས་ཤེ་ན། ཁོ་བོ་ཅག་ཡང་འཆི་མཁན་དེ་ཉིད་སྐྱེ་བ་ལེན་པར་མི་འདོད་དེ། འདུས་བྱས་ཐམས་ཅད་སྐད་ཅིག་དུའང་མི་གནས་པས་སོ། །འོན་ཀྱང་རྒྱུན་མི་ཆད་པ་སྔ་མ་ལས་ཕྱི་མ་འབྱུང་ལ། དེ་དེར་འཕོ་བ་ཡང་མ་ཡིན་པ་དཔེ་རྣམས་ཀྱི་དོན་དང༌། འགྲོ་འོང་མེད་པའི་དོན་ཀྱང་དེ་ཡིན་ནོ། །དང་པོ་འབྱུང་ཞེས་པ་ཡང་སྐྱེ་སྲིད་དང་བར་སྲིད་དེ་ལ་ལྟོས་པའོ། །དེས་ན་དབུ་མའི་ཟབ་དོན་འཆད་པ་ན་ཡང༌། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་དོན་སྨྲ་བའི་ལུགས་མངོན་པ་མཛོད་ཀྱི་གཞུང་འདྲེན་པ་རྣམས་ལ་འཆོར་ཆས་སུ་མི་འཚལ་ལོ། །སྐབས་འདིར་རྔོག་འགྱུར་ལྟར་ན་ནི། ཀུན་གཞི་ཡིད་ལ་བཤད་ན་ཡིད་ཀྱི་རྣམ་ཤེས་ལན་གཉིས་སུ་ཟློས་པར་ཡང་འགྱུར་ལ། དེས་ན་རང་ལུགས་ནི་གོང་དུ་བཤད་པའི་མི་ཤིགས་པའི་ཐིག་ལེ་ཤེས་པའི་ཆ་དེ་ནི། ཀུན་གཞི་རྣམ་ཤེས་ཉིད་ཡིན་ལ། དེའི་རྟེན་ཐིག་ལེ་ལ་ཡང་ཀུན་གཞི་རྣམ་ཤེས་བཏགས་པ་སྟེ། དེས་ན་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་ཏེ་རྟེན་དུ་གྱུར་པའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དང༌། དབང་ཤེས་ལྔའི་བཞོན་པར་གྱུར་པའི་རླུང་རྣམས་བཞག་པ་ཏེ་ཐིམ་པར་གྱུར་པའི་ཕྱིར་དུ་རང་རང་གི་གནས་
སུ་ཐིག་ལེ་འགོད་པ་ལ་སེམས་འཇོག་ལ། ཡིད་ཤེས་ལ་སྤྱིར་གནས་པའི་ངེས་པ་མེད་པས། གང་དུ་འགོད་པ་གསལ་བར་སྟོན་དགོས་པ་གཟིགས་པས་ཡིད་སྙིང་ཁར་བཞག་ནས་ཞེས་སྙིང་ཁའི་སྔར་གྱི་ཐིག་ལེའི་གནས་སུ་འགོད་པ་བསྟན་ཏོ། །འོ་ན་འདིའི་དོན་བརྗོད་པར་བྱ་སྟེ། ཞེས་སྙིང་ཁའི་ཐིག་ལེའི་རྒྱས་བཤད་ཡིན་པས་མིག་སོགས་སུ་འགོད་པར་མི་རིགས་སྙམ་ན། མི་འགལ་ཏེ། དེ་ཐམས་ཅད་སྙིང་ཁའི་ཐིག་ལེ་ལ་བརྟན་ནས་བྱ་བ་བྱེད་པ་ཅན་ཡིན་པའི་ཕྱིར། འབྲས་བུ་ཆོས་སྐུའི་རྒྱས་བཤད་དུ་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པ་བཤད་པ་ཡིན་ནོ། །གཞན་ཡང་རྡོ་རྗེའི་བཟླས་པའི་ཕན་ཡོན་ནི་རྒྱས་པར་གོང་ལྟར་ཏེ། འདིར་ཡང་ཇི་སྐད་དུ། བློ་ཡི་གཞིར་རང་ཁྱིམ་དུ་ཁྱེར་རོ་ཞེས། རྩ་བའི་རྡོར་བཟླས་གྱིས་རླུང་སེམས་དབུ་མར་འཇུག་པ་དང༌། དབང་པོའི་སྒོ་རྣམས་ནས་ཡན་ལག་གི་རླུང་ལ་རྡོར་བཟླས་བྱས་པས་མངོན་ཤེས་ལྔ་འགྲུབ་པར་འགྱུར་རོ། །དེས་ན་དེ་དག་ཏུ་དབང་པོ་དྲུག་སོགས་སྣ་ཚོགས་ལ་གནད་དུ་བསྣུན་ཚུལ་བྱུང་ཡང༌། གཙོ་བོ་སྙིང་ཁ་ལ་བསྒོམ་པ་དང༌། དེ་ནས་རྒྱུ་ཞིང་འབྱུང་བའི་གཟུང་འཛིན་གྱི་རླུང་རྣམས་ལ་གནད་དུ་བསྣུན་པས་ཏེ། དེས་ན་སྙིང་ཁའོ། །གཉིས་པ་ལ། སྒྲ་དོན། ངོ་བོ། དབྱེ་བ། འབྲས་བུ་བཞི་ལས། དང་པོ་ནི། དམིགས་པའི་རྣམ་པ་སྣ་ཚོགས་ལ་བརྟེན་པའོ། །རྡོ་རྗེ་ནི་འདིར་རླུང་གཉིས་མི་ཕྱཻད་པར་བྱེད་པ་སྟེ། དེ་ཡང་གནས་སྣ་ཚོགས་སུ་འཆིང་བས་སྣ་ཚོགས་རྡོ་རྗེའི་
རིམ་པའོ། །གཉིས་པ་ནི་བུམ་ཅན་གྱི་སྦྱོར་བས་དྷཱུ་ཏཱིའི་ནང་དུ་ཐིག་ལེར་རླུང་འཆིང་བའི་རིམ་པའོ། །གསུམ་པ་ལ། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ། རྣམ་པ་སྣ་ཚོགས་རྡོ་རྗེའི་རིམ་པ། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དང་པོ་ནི། གཞུང་གི་དངོས་བསྟན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་གསལ་ལ། གང་ལྟར་ནའང༌། ནོར་བུའི་ཐིག་ལེ་ལ་བརྟེན་ནས་དབུ་མའི་མས་སྣར་རླུང་སེམས་སྡུད་པ་སྟེ། དེར་ཞུགས་གནས་ཐིམ་གསུམ་བྱེད་པའོ། །གཉིས་པ་ནི། དབང་པོའི་སྒོ་རྣམས་སུ་སྤྲོས་ཏེ། བུམ་པ་ཅན་གྱི་སྦྱོར་བས་དེ་རྣམས་སུ་རླུང་སེམས་བརྟན་པར་བྱེད་པ་དང༌། རྩ་འཁོར་ལོ་བཞིར་སྲོག་ཐུར་བརྟན་པའི་ཕྱིར། དེ་དག་ཏུ་བུམ་པ་ཅན་གྱི་སྦྱོར་བ་འཆིང་བ་རྣམ་པ་སྣ་ཚོགས་རྡོ་རྗེའི་རིམ་པའོ། །གསུམ་པ་ནི། དབུ་མའི་ཡས་སྣ་སྨིན་མཚམས་ཀྱི་འཁོར་ལོ་རོ་རྐྱང་དབུ་མ་གསུམ་གྱི་རླུང་འདུས་པའི་ཐིག་ལེ་ལ་སེམས་བཞག་པས། དབུ་མའི་ཡས་སྣ་སྨིན་མཚམས་ཀྱི་འཁོར་ལོར་རླུང་སེམས་འདུས་ཏེ་ཞུགས་གནས་ཐིམ་གསུམ་བྱས་པ་ལས། བྱང་ཆུབ་ཀྱི་སེམས་དབྱངས་བཅུ་དྲུག་གི་རྣམ་པས་དཔྲལ་པར་གནས་པས་ཐིག་ལེ་རྣམས་རྒྱས་པར་འགྱུར་བ་ཡིན་ནོ། །འདིར་ས་བོན་ཡོད་མེད་ནི། ཡི་གེ་ཡོད་མེད་ལ་འཆད་པ་ལྟར་ཡིན་ལ། རྣམ་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ནི་ས་བོན་དང་བཅས་པའི་ཡན་ལག་ཡིན་པར་ཤེས་པར་བྱའོ། །བཞི་པ་ནི། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པས་བྱང་
ཆུབ་ཀྱི་སེམས་ནོར་བུར་འཆིང་བའི་མཐུ་ཐོབ་པར་འགྱུར་ཏེ། གང་དུ་སེམས་གནས་པ་དེར་རླུང་ཡང་ཐིམ་པར་འགྱུར་ཏེ། དེར་བྱང་ཆུབ་ཀྱི་སེམས་ཞུ་ནས་གཞན་དུ་མི་འཕོ་བར་ཡུན་རིང་དུ་གནས་པར་འགྱུར་ཏེ། ཐིག་ལེའི་འཕོ་བྱེད་ཀྱི་རླུང་ཐིམ་པའི་རྒྱུ་མཚན་གྱིས་ཡིན་ནོ། །དབང་པོ་ལྔར་སྤྲོས་པས་ནི། རིམ་པ་དང་པོའི་སྐབས་ལས་ཆེས་ལྷག་པའི་ལྷའི་མིག་ནས་ལུས་ཀྱི་མངོན་ཤེས་ཀྱི་བར་དུ་འབྱུང་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་འབའ་ཞིག་གིས་དྲངས་པའི་མངོན་པར་ཤེས་པ་ལྔ་ནི། འདིས་ཅུང་ཟད་ཐོབ་པ་མ་ཡིན་ཏེ། འདི་ནི་རླུང་སྦྱོར་དང་དམིགས་པའི་ཁྱད་པར་གྱིས་ཐོབ་པ་ཡིན་ཞིང༌། བདེ་བས་དྲངས་པའི་མངོན་ཤེས་ལྔ་ནི། བདེ་ཆེན་གྱི་ཡེ་ཤེས་འབའ་ཞིག་གི་ནུས་པས་ཐོབ་པ་ཡིན་ལ། དམིགས་པའི་ཁྱད་པར་གྱིས་ཐོབ་པ་ལས་ཆེས་རྒྱ་ཆེ་ཞིང་མྱུར་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། དེ་སྐད་དུ་མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང༌། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་སྒྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་བསམ་གཏན་གྱི་སེམས་ལ་བརྟེན་ཏེ་རྣམ་གནས་ཡིད་ལ་བྱེད་པ་ལས། མངོན་ཤེས་ལྔ་སྒྲུབ་པ་ཡིན་ལ། འདིར་ནི་དམིགས་པའི་ཁྱད་པར་དེ་དག་གིས་རྩ་རླུང་ཐིག་ལེ་འཕྲལ་དུ་དག་པར་འགྱུར་ཞིང༌། དེ་ལས་མངོན་ཤེས་འབྱུང་བ་ཡིན་ཏེ། རྣམ་སྨིན་གྱི་ཁྱད་པར་ནི། མཁའ་ལྡིང་གི་རྒྱལ་པོའི་མིག་བཞིན་ནོ། །སེམས་ཀྱི་
རྟེན་ཆགས་བྲལ་བྱེད་པ་ལ་སོགས་པས། ས་འཕོ་བ་ནི་དགོས་པ་མ་ཡིན་ཞིང༌། དེ་ལ་བརྟེན་པ་ནི་སྒྲུབ་པ་དཀའ་ལ། འདི་ནི་ཤིན་ཏུ་མྱུར་བ་ཡིན་ཏེ། ལུས་ལ་གནད་དུ་བསྣུན་པའི་ཁྱད་པར་གྱིས་རྣམ་སྨིན་འདོད་དགུར་བསྒྱུར་བ་ནི་ཐེག་པ་འདིའི་ཁྱད་ཆོས་སོ། །མདོ་ལས་ས་ཐོབ་ནས་དབང་པོ་ལྔ་རྣམས་གཞན་དུ་འགྱུར་ཏེ། དེའི་དབང་ཤེས་ལྔ་པོ་དེ་དག་རེ་རེ་བཞིན་དོན་ལྔ་ཆར་ལ་ཤེས་པ་འཇུག་སྟེ། དེ་ཡང་དུས་གསུམ་ཆར་ལ་ཚད་མེད་པར་འཇུག་གོ །དེ་དག་ནི་སྒྲིབ་གཉིས་དག་པའི་སེམས་ཀྱི་རང་སྣང་ལས་སྣང་བ་ཡིན་གྱི། དམིགས་པའི་ཁྱད་ཀྱིས་སྒྲུབ་པ་མ་ཡིན་པ་བཞིན་དུ་འདིའི་བདེ་ཆེན་གིས་དྲངས་པའི་མངོན་ཤེས་ཀྱང་ངོ༌། །འདི་ནི་སོ་སོའི་སྐྱེ་བོའི་ལམ་དུ་ཡང་འགྲུབ་སྟེ། རྫོགས་རིམ་གྱི་དྲོད་ཐོབ་ནས་མཐོང་ལམ་མ་ཐོབ་བར་དུ་ཅི་རིགས་པ་ཐོབ་པའི་ཐོག་མའང༌། འཁོར་ལོ་བཞིར་རླུང་ཐོག་མར་ཐིམ་པའི་ནུས་པ་མཐར་ཕྱུང་བ་ལས། སྤྱི་བོས་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་མཐོང་བ་དང༌། མགྲིན་པས་ནི་བསྟན་ཆོས་བྱུང་བ་དང་མ་བྱུང་བ་ཐམས་ཅད་ཤེས་ཤིང༌། སེམས་ཀྱི་བསམ་པ་དང་མཐུན་པས་ཆོས་སྟོན་ནུས་པ་དང༌། སྙིང་ཁས་ནི་གཟུང་འཛིན་གྱི་མངོན་ཤེས་དྲུག་བླ་ལྷག་ཏུ་ཐོབ་པ་དང༌། ལྟེ་བས་ནི་ལྷ་མཆོག་རྣམས་ཀྱི་བུ་མོ་སོགས་མི་མ་ཡིན་གྱི་བུད་མེད་མཐུ་དང་རྫུ་འཕྲུལ་ཆེ་བ་ཐམས་ཅད་ཀྱི་བདག་པོ་རིག་པ་འཛིན་པར་འགྱུར་རོ། །ས་བོན་མེད་པས་ནི་དབུ་མའི་ཡས་སྣར་རླུང་སེམས་ཐིམ་པ་དེའི་
རྒྱུས་མས་བརྟན་གྱི་ལྷན་སྐྱེས་ཡུན་རིང་དུ་གནས་པ་དང༌། ཞུ་བར་བྱ་བ་བྱང་ཆུབ་ཀྱི་སེམས་རྒྱས་པས་བདེ་བ་ཤས་ཆེ་བར་འགྱུར་བ་ཡིན་ནོ། །གསུམ་པ་ལ། སྒྲ་དོན། ངོ་བོ། །དབྱེ་བ། འབྲས་བུ་བཞི་ལས། དང་པོ་ནི། འདི་ལ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་ཕྱིར། མས་བརྟན་ཏེ་བསྒོམ་པ་ཡོད་ཀྱང༌། གཙོ་བོར་ཡས་བརྟན་བསྒྲུབ་པ་ཡིན་པས་དེའི་གཙོ་བོ་ལྷན་ཅིག་སྐྱེས་པ་ནི་ནོར་བུར་འཆར་བ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་ནོར་བུ་འགེངས་པར་བྱེད་པའི་སྒོམ་རིམ་ཡིན་པས་ན་ནོར་བུ་འགེངས་པའོ། །གཉིས་པ་ནི་ཕྱག་རྒྱའི་ལམ་འཁོར་དང་བཅས་པ་སྟེ། སྤྱིར་ཕྱག་རྒྱ་བཞིར་རྫོགས་རིམ་ཐམས་ཅད་འདུ་ཡང༌། འདིའི་ཕྱག་རྒྱ་བཞིར་ནི་མི་འདུ་སྟེ། འདི་ནི་ལས་ཀྱི་ལམ་འཁོར་བཅས་ལས་ཕྱེ་བའི་ཕྱག་རྒྱ་བཞི་ཡིན་པས་སོ། །གསུམ་པ་ནི། སྔོན་འགྲོ་ཡིད་ཀྱིས་སྒོམ་པས་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་དམ་ཚིག་གི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། དངོས་ཀྱི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་དངོས་དང༌། བདེ་བས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་པས། སྣང་བ་རྣམས་བདེ་ཆེན་འབར་བའི་གྲོགས་སུ་གྱུར་པ་ཆོས་ཀྱི་ཕྱག་རྒྱ་དང༌། བདེ་སྟོང་གི་ཡེ་ཤེས་ཉིད་ལ་བརྟཻན་ནས་ཞུ་བདེའི་བདེ་བ་ཆེན་པོ་འདྲེན་པ་རྣམ་མེད་ཕྱག་ཆེན་ནི། ཕྱག་རྒྱ་ཆེན་པོ་སྟེ། གྲུབ་ཆེན་ཛ་ལནྡྷ་རའི་དོ་ཧ་ལས། བྱ་བ་མེད་པར་བཞག་པ་ན། །བདེ་བ་ལས་ནི་བདེ་བ་འབྱུང༌། །ཞེས་གསུངས་པ་ལྟར་ཏེ། དེ་ལྟར་ཕྱག་རྒྱ་བཞི་ལ་བརྟེན་ནས་
འཁོར་ལོ་བཞི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་དགའ་བཞི་ལུགས་འབྱུང་ལུགས་ལྡོག་བསྒོམ་པའོ། །གསུམ་པའི་མན་ངག་ཏུ་ལས་རྒྱའི་བདེ་བ་ཐུན་མཚམས་ཐམས་ཅད་དུ་སྐྱེ་འབྲི་མི་བྱེད་པ་ཞིག་སྒྲུབ་དགོས་པས། དེའི་མཚམས་སྦྱོར་དུ་གཏུམ་མོའམ་གསང་བ་ཐིག་ལེ་བསྒོམ་པ་སོགས་གང་ལྟར་བྱས་ཀྱང་རུང་ངོ༌། །གུ་རུ་ནིརྦཱ་ཎ་ཤྲཱིའི་ཞལ་སྔ་ནས། དམ་རྒྱ་ལས་ཀྱི་ཕྱག་རྒྱ་དང༌། །གཉིས་པ་ལག་པའི་ཕྱག་རྒྱ་དང༌། གསུམ་པ་དང༌། བཞི་པ་གོང་བཞིན་བཞེད་དོ། །བཞི་པ་ནི། གོང་དུ་རིམ་བཞིའི་སྐབས་སུ་ཤེས་པར་བྱའོ། །པུ་རངས་ལོ་ཆུང་གི་རང་ལུགས་འཛིན་པ་རྣམས་རིམ་པ་འདི་དངོས་གཞིར་བཞེད་དོ། །བཞི་པ་ལ་སྒྲ་དོན་སོགས་གོང་ལྟར་བཞི་ལས། སྒྲ་དོན་ནི་སྣ་ཚོགས་སུ་འཆད་པར་འབྱུང་ཡང༌། ལྟེ་བ་དང་ཆུ་སོའི་མཚམས་ཏེ། ལྟེ་འོག་སོར་བཞིའི་གནས་ནི་གཏུམ་མོ་འབར་བའི་མེ་ཚང་ཡིན་པའམ། གཏུམ་མོ་འབར་བ་ལ་བརྟེན་ནས་བདེ་བ་ཆེན་པོ་འཛིན་པས། འབར་བ་འཛིན་པའམ། ཛ་ལནྡྷ་ར་ནི་རྩརྣམས་ཐམས་ཅད་འདུས་པའི་གནས་སྤྱི་བོའི་བྱང་ཆུབ་ཀྱི་སེམས་གཏུམ་མོ་འབར་བས་ཞུ་བར་བྱེད་པ་ཡིན་པས། དེའི་ལམ་ཡིན་པར་འགའ་ཞིག་བཞེད་དོ། །གཉིས་པ་ནི་རང་ལུས་ལ་བརྟེན་ནས་གཏུམ་མོ་འབར་བའི་ཐབས་ཁྱད་པར་ཅན་ཏེ། རིམ་ལྔ་རིམ་ཅན་ལྟར་ན། གཞན་ལུས་ལ་བརྟེན་ནས་བདེ་ཆེན་ཁྱད་པར་ཅན་གྲུབ་ནས། དེའི་ཡེ་ཤེས་ཀྱི་བོགས་འདོན་དུ་རྣལ་འབྱོར་གྱི་གཏུམ་མོ་བསྒོམ་པའོ། །གསུམ་པ་ལ། གཏུམ་མོ་འབར་བ་བསྒྲུབ་པའི་ཐབས་དང༌། འབར་
བཞིན་པ་སྤེལ་བའི་བྱ་བའོ། །དང་པོ་ནི། འདིའི་འབར་བྱེད་ཀྱི་གཏུམ་མོ་ཚངས་པའི་མེ་ཡིན་གྱི། ལྟེ་བའི་ཨ་ཤད་ནི་མ་ཡིན་ནོ། །འོན་ཀྱང་འདི་འབར་བས་ཕྱིས་ལྟེ་བའི་ཨ་ཤད་ཀྱང་ཞོར་ལ་འབར་བ་ནི་འགྱུར། རིམ་པ་གཞན་རྣམས་སྔོན་སོང་མ་ཡིན་ན། སྔགས་རིམ་གྱི་སྐབས་བཞིན་ཤེས་པར་བྱ་བ་ཡིན་ནོ། །འདི་ནི་ཚངས་པའི་མེའི་གནས་སུ་དམིགས་པ་གཏད་པས་དེར་ཞུགས་གནས་ཐིམ་གསུམ་གྱི་རིམ་པ་ཁྱད་པར་ཅན་གྱི་རླུང་འགགས་པས། དངོས་སུ་གཏུམ་མོ་འབར་བའི་བར་བསྒོམ་མོ། །དེ་ལྟར་གཞུང་ལས། འཁོར་ལོ་གྲུ་གསུམ་དཀར་དམར་ནི། སྲོག་འགོག་དཔལ་ལྡན་བསྒོམ་བྱས་ལ། །སྐད་ཅིག་དེ་ལ་འབར་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། དྷཱུ་ཏཱིའི་ནང་དུ་འབར་འཛག་བྱེད་པ་སྟེ། དེ་བཞིན་གཤེགས་པའི་རྒྱུད་ལས་འགྲོ་འོང་བྱེད་པ་ཅན་ཡིན་ཞིང༌། དེ་ལྟར་བསྒོམ་པ་གཏུམ་མོ་དངོས་སུ་འབར་བའི་ཚུལ་ནི། རིམ་པ་གོང་མ་རྣམས་སྔོན་དུ་སོང་ནས་རོ་རྐྱང་གི་འབར་འཛག་གི་རིམ་པ་དོར་བར་བྱ་སྟེ། ལྷག་མ་སྔགས་ཀྱི་རིམ་པའི་སྐབས་བཞིན་དུ་གོ་བར་བྱའོ། །དེས་ན་ཚངས་པའི་མེ་འབར་བ་ལས་ཞུ་བདེ་བླ་ན་མེད་པ་ཡང་དག་པ་ཐོབ་ཅིང༌། རླུང་རྣམས་རྩའི་འཁོར་ལོ་ལ་ཐིམ་པ་བརྟན་པ་དང༌། གཏུམ་མོ་འབར་བ་ཡང་བརྟན་པར་གྱུར་ནས། སྟེང་དུ་འབར་ཞིང་བདེ་བ་ཆེན་པོ་འཛིན་པའི་རིམ་པའོ། །བཞི་པ་ནི། གཏུམ་མོ་འབར་བའི་རྟགས་འབར་སྣང་དངོས་སུ་འབྱུང་བ་དང༌།
ལྟེ་བར་འབར་འཛག་གི་ཐིག་ལེ་བརྟན་པས། དཀར་ཞིང་ཕྲ་ལ་འཇམ་པ་མེ་ལོང་གི་ངོས་ལྟར་འབྱུང་བ་དང༌། སྙིང་ཁར་བརྟན་པས་དཔུང་པ་རྒྱས་ཤིང་སྲེད་མེད་ཀྱི་བུའི་སྟོབས་སུ་འགྱུར་བ་དང༌། མགྲིན་པར་བརྟན་པས་ལྕེས་གདོང་ཁེབས་པ་དང༌། སྤྱི་བོར་བརྟན་པས་རྫུ་འཕྲུལ་གྱིས་ཀུན་ཏུ་འགྲོ་བ་དང༌། མངོན་ཤེས་ལྔ་པོ་སྔ་མ་རྣམས་ལས་ཀྱང་ཆེས་ལྷག་པར་ཐོབ་པ་ཡིན་ནོ། །ལྔ་པ་ལ། སྒྲ་དོན། ངོ་བོ། །དབྱེ་བ། ཐུན་མཚམས་ཀྱི་རྣལ་འབྱོར། འབྲས་བུ་སྟེ་ལྔ་ལས། དང་པོ་ནི། རྣམ་པར་རྟོག་པའི་བསམ་པའི་ཡུལ་ལས་འདས་པས་བསམ་མི་ཁྱབ་བོ། །གཉིས་པ་ནི། སེམས་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ། སྤྲོས་པའི་རྣམ་པས་མ་བཅོས་པ་སྒོམ་པ་སྟེ། དེ་ལྟར་ཡང་གཞུང་ལས། གཟུང་འཛིན་དང་ནི་བྲལ་བས་ན། །དམིགས་པ་ཀུན་དང་བྲལ་བའི་སེམས། །བསམ་དུ་མེད་པའི་རང་བཞིན་ཕྱིར། །ཅི་ཡང་བསམ་པར་མི་བྱའོ། །ཞེས་དང༌། སྟོང་དང་སྟོང་མིན་ལ་སོགས་ལ། །ཀུན་རྟོག་རགས་སྤངས་མཁའ་མཉམ་འགྱུར། །ཞེས་དམིགས་གཏད་ཐམས་ཅད་དང་བྲལ་བ་གང་དུ་ཡང་མི་འཛིན་ཞིང༌། ཅི་ལྟར་སྣང་ཡང་རང་བཞིན་སྤྲོས་བྲལ་འོད་གསལ་བ་དང༌། གདོད་ནས་སྐྱེ་བ་མེད་པར་མཐོང་བའོ། །འོན་ཀྱང་སྤྲོས་བྲལ་དེའི་སྣང་བ་ཆེད་དུ་མ་བཅོས་ཀྱང༌། དག་པའི་དཀྱིལ་འཁོར་དུ་སྣང་བ་ཡིན་ནོ། །འོ་ན་སྣོད་བཅུད་བསྡུ་བ་དང༌། དེ་ལས་ལྷ་སྐུར་བསྐྱེད་པ་སོགས་མི་འཐད་དེ། སེམས་ཀྱི་རང་བཞིན་
སྤྲོས་པ་དང་བྲལ་བ་དེ་ལ་མ་བཅོས་པར་འཇོག་དགོས་པས་སོ་སྙམ་ན། སྤྱིར་བསམ་མི་ཁྱབ་ཀྱི་རིམ་པ་ལ་དེ་དག་བསྒོམ་དགོས་པའི་ངེས་པ་མེད་ཀྱང༌། ལས་དང་པོ་པས་བསམ་མི་ཁྱབ་ཐོབ་པའི་ཕྱིར་དེ་ལྟར་བསྒོམ་པ་དང༌། ཕྱིས་རྣལ་འབྱོར་གོམ་པས་འོད་གསལ་དང་སྒྱུ་ལུས་ཀྱི་བསམ་མི་ཁྱབ་མཐར་ཕྱིན་པའི་ཕྱིར་དུ་རླུང་དང་ཁམས་རྣམས་སྡུད་དགོས་པས་དེ་ལྟར་བསྒོམ་པ་ཡིན་ལ་དེ་ཡང་བསམ་མི་ཁྱབ་མ་ཡིན་པར་མི་འགྱུར་ཏེ། ཇི་ལྟར་བསྒོམ་ཀྱང་གོང་དུ་བཤད་པའི་མཚན་ཉིད་དེ་ལས་མི་འདའ་བའི་ཕྱིར་ཏེ། སྡུད་པར་སྣང་བ་རང་ཤར་གྱི་ཚུལ་དུ་བྱུང་བ་ལ་བཟོ་བཅོས་མེད་པ་དང་ལྷ་སྐུར་རང་ཤར་དུ་སྣང་བ་ལའང་བཟོ་བཅོས་མེད་པར་སྐྱོང་བའི་ཕྱིར་རོ། །གལ་ཏེ་རིམ་པ་ལྔ་པའི་རྟོགས་པ་བསྐྱེས་པའི་ཚེ་ན་ནི་དེ་དག་དངོས་སུ་འབྱུང་བ་ཡིན་པས། དེ་ལ་རྣམ་པར་རྟོག་པའི་འབད་རྩོལ་ཡང་ག་ལ་དགོས། ཁ་ཅིག་ཤེས་པ་བཟོ་མེད་དུ་འཇོག་པ་དང༌། བཟའ་གཏད་དང་བྲལ་བ་ཞེས་བྱ་བའི་ཚིག་ཙམ་ཡང་མཁས་པ་དག་མི་བཞེད་དེ། བོད་སྒོམ་བླུན་པོ་རྣམས་ཀྱིས་བྱས་པའོ། །ཞེས་ཟེར་བ་ནི་མཁས་པ་རྣམས་ངེས་པའི་དོན་འཆད་པ་ལ། བབ་ཅོལ་བློས་མི་ཁྱུད་པ་ཡིན་ཟེར་ཞིང༌། རང་ཉིད་བབ་ཅོལ་རྔམ་པོ་ཆེ་རྟག་ཏུ་བྱེད་པར་སྣང་སྟེ། རྗེ་བཙུན་བྱམས་པས། དེ་ནི་རྒྱལ་པོ་བཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཞེས་པ་དང༌། གྲུབ་ཆེན་ས་ར་ཧས། བདེ་ཆེན་བཟའ་གཏད་བྲལ་བའི་ངང་ལ་མཉམ་པར་བཞག་གྱུར་ན། །ཞེས་གསུངས་པས།
རྒྱལ་ཚབ་བྱམས་པ་དང༌། གྲུབ་ཆེན་ས་ར་ཧ་ཡང་བོད་སྒོམ་བླུན་པོ་ཡིན་ཞེས་ཟེར་རམ་ཅི། ཡོངས་ཡེ་དོན་མ་འཁྲུལ་བར་སྟོན་མི་སྟོན་ལས། ཚིག་གི་བརྡ་ལ་ནི་ཁོ་བོ་ཅག་དོན་ལ་རྟོན་པ་རྣམས་གཙོ་བོར་མི་བྱེད་དེ། ཡུལ་གྱི་སྒྲ་ཡི་དོན་རྙེད་པ། །དེ་ལ་བསྟན་ཆོས་སྒྲ་ཡི་ཅི། །ཞེས་པ་དང༌། དུས་འཁོར་བསྡུས་པའི་རྒྱུད་ལས་ཀྱང༌། དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བསྐྱེད་ཅིང་འཇིག་རྟེན་པ་དེ་ལ་རྗེས་སུ་ཆགས། ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས་ཀྱང༌། །ཡུལ་གྱི་སྐད་དང་ཟུར་ཆགས་སྒྲ་ལས་ཀྱང༌། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དང༌། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམས་ནི་ཚིག་ལ་སྟོན་པ་མིན། །ཞེས་གསུངས་པས། རྩོམ་ན་བླུན་པོའི་གྲོང་ཚིག་བརྒྱུད་མར་རྩོམ། །ཞེས་རྣལ་འབྱོར་ལྷུར་ལེན་པའི་གང་ཟག་རྣམས་ལ་བསྐུར་བ་འདེབས་པ་ནི། རང་ཉིད་ལས་ངན་གྱི་ཁུར་ཆེན་པོ་ཁུར་བ་ཙམ་མོ། །གཞན་ཡང་རང་གིས་དབུ་མ་ ཐལ་འགྱུར་བའི་རིགས་པས་ཕུ་ཐག་ཆོད་པ་དགོས་ཞེས་དང ༌། ག་གེ་མོ་ཞིག་དེའི་ལག་རྗེས་ཡིན་ཞེས་སོགས་ཡང་ཡང་བསྐྱར་ཟློས་བྱེད་པའི་ཚིག་མང་པོ་ཞིག་ཡུལ་སྐད་གྲོང་ཚིག་གིས་བྱས་ནས། གཞན་ལ་ཟུར་ཟ་བ་ཡིད་མི་མཁས་པའི་རྣམ་ཐར་ཁོ་ན་ཡིན་ཏེ། ས་ཡི་དངོས་གཞི་ལས། མཐའ་འཁོབ་དང་གྲོང་ཁྱེར་ངན་པའི་སྐད་ཀྱི་ཆོས་མི་སྨྲ་བར་གསུངས་པས་སོ་སྙམས་ན། འོ་ན་ཁྱེད་དག་མཐའ་འཁོབ་ཡུལ་འཁོར་ངན་པ་བོད་ཀྱི་སྐད་
ཀྱིས་མི་སྨྲ་ན། གཞན་གང་ཞིག་གིས་སྨྲ། དེས་ན་ཁྱེད་ཀྱི་ཟུར་ཟའི་ཚིག་དེ་དག་ནི། རང་ཆགས་སྡང་ཕྲག་དོག་མ་རུངས་པ་ཅན་ཡིན་པ་དང༌། དམ་པའི་ཁྱུ་ནས་བུད་པ་ཙམ་མཚོན་པ་མ་གཏོགས་སྙིང་པོ་ནི་ཅུང་ཟད་ཀྱང་མེད་དོ། །གསུམ་པ་ནི། རྗེས་གཞིག་གི་རིམ་པས་འཇུག་པ་སེམས་སྟོང་པ་ཉིད་ལ་འཇུག་པ་དང༌། དེ་ལས་ལྷ་སྐུར་ལྡང་བའི་སྟོང་པ་ཉིད་སེམས་སུ་ཞུགས་པ་གཉིས་ཏེ། དང་པོ་ལ། དཔེའི་ཡེ་ཤེས་མཐར་ཐུག་སྒྲུབ་བྱེད་དང༌། དོན་གྱི་ཡེ་ཤེས་སྒྲུབ་བྱེད་གཉིས། གཉིས་པ་ནི། སྣང་ཕྱོགས་རྫོགས་རིམ་སྟེ། དེ་ལ་མ་དག་པའི་ཡེ་ཤེས་ཀྱི་སྐུ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དག་པའི་སྒྱུ་ལུས་ཀྱི་དབྱེ་བས་གཉིས་ཏེ། དེ་དག་ནི། རིམ་པ་བཞི་སྔོན་དུ་སོང་བ་སྟེ། རིམ་པ་ལྔ་པའི་བསམ་མི་ཁྱབ་ཀྱི་དབྱེ་བའོ། །སྤྱིར་དེ་བཞི་དང༌། ཐུན་མོང་གི་བསམ་མི་ཁྱབ་ཀྱི་རྣལ་འབྱོར་དང༌། དེའི་རྒྱུར་སྣོད་བཅུད་འོད་གསལ་དུ་ལྡང་འཇུག་བྱེད་པའི་རྣལ་འབྱོར་བསྒོམ་པ་དང༌། ཐུན་མཚམས་ཀྱི་རྣལ་འབྱོར་ཏེ། དེ་ལྟར་ན་བསམ་མི་ཁྱབ་ཀྱི་རིམ་པ་བདུན་ནོ། །བཞི་པ་ནི། ཤིང་དང་ཚེར་མ་ལྕུག་མ་སོགས། ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། །དེ་ཀུན་བདག་གི་དེ་ཉིད་དང༌། །རྗེས་སུ་མཐུན་པས་མདོར་བསྒོམ་བྱེད། །ཅེས་གསུངས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དང༌། བདེ་སྟོང་གཉིས་སུ་མེད་པ་བདག་ཉིད་ཀྱིས་བསྒོམ་པའི་དེ་ཁོ་ན་ཉིད་གང་ཡིན་པ་དེ། ཇི་ལྟར་སྣང་བ་འདི་ཐམས་ཅད་དང་དབྱེར་མེད་པར་བསྒོམ་སྟེ། དེས་བོགས་འབྱིན་པར་བྱེད་དོ། །གཞུང་འདིས་
ནི་སྤྱོད་པ་ཡང་དོན་གྱིས་འཕངས་པ་ཡིན་ནོ། །ལྔ་པ་ནི། རིམ་པ་ལྔ་པའི་བསམ་མི་ཁྱབ་པའི་ཡེ་ཤེས་དང༌། མ་དག་པའི་སྐུ་གཉིས་ཐོབ་པ་ལ་ནི་ངེས་པར་ལས་རྒྱ་ལ་ལྟོས་ཤིང༌། སྤྱོད་པ་འདི་ནི་བྱེད་མི་བྱེད་གཉིས་ཀ་ལ་ཡོད་དོ། །དོན་གྱི་ཡེ་ཤེས་དང་དག་པའི་སྐུ་འགྲུབ་པ་ནི་སྤྱོད་པ་ལ་ངེས་པར་ལྟོས་ལ། ལས་རྒྱ་ལ་ལྟོས་པའི་ངེས་པ་ནི་མེད་དོ། །གང་ལྟར་ཡང་མཐར་ཕྱིན་བྱེད་དེ་དག་བྱུང་བས། དངོས་འབྲས་ནི་དེ་དང་དེ་དག་ཡིན་ལ། །གཙོ་བོ་ནི་བརྒྱུད་པའི་འབྲས་བུ་སྟེ། །གལ་ཏེ་ཀུན་ཏུ་རབ་རྟོགས་ན། །འགྲོ་བ་སྤྱོད་པ་འཇིག་པར་འགྱུར། །ཞེས་དང༌། དེས་ན་རང་བྱུང་རང་ཉིད་ནི། །རྫོགས་སངས་རྒྱས་ཞེས་བརྗོད་པ་ཡིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དུས་གསུམ་སངས་རྒྱས་རང་བཞིན་ཏེ། །སྒོམ་པ་དེ་ནི་རིང་པོ་ཉིད། །མི་ཐོགས་རྡོ་རྗེ་སེམས་དཔར་འགྱུར། །ཞེས་གསུངས་ཏེ། ཡེ་ཤེས་རྟོགས་ན་བླང་དོར་དང་བྲལ་བའི་དོན་རྟོགས་པར་འགྱུར་བ་དང༌། རང་བྱུང་གི་སེམས་རང་བཞིན་གྱི་འོད་གསལ་བ་མཐའ་བཞི་ལས་རྣམ་པར་གྲོལ་བ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་རིགས་སུ་གྱུར་ཞིང་ངོ་བོ་རྣམ་དབྱེར་མེད་པས་ན། སངས་རྒྱས་ཀྱི་རང་བཞིན་ཏེ། གསེར་རྡོ་གསེར་གྱི་རང་བཞིན་ཅན་ནོ། །ཞེས་པ་ལྟར་རོ། །དེས་ན་རང་བཞིན་གྱི་རྣམ་པར་དག་པ་སྟེ། ལམ་བསྒོམ་པའི་རྐྱེན་གྱིས་ཤེས་བྱའི་ཡུལ་ཡོངས་སུ་རྫོགས་པ་ལ། སྒྲིབ་གཡོགས་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཞིང༌། ཡེ་ཤེས་ཀྱི་འཇུག་པ་དང་བློ་གྲོས་ཀྱི་སྣང་བ་རྒྱས་པ་ནི་གློ་བུར་རྣམ་དག་སྟེ། དག་
པ་གཉིས་ལྡན་གྱི་ཆོས་སྐུ་དང༌། རྡོ་རྗེ་སེམས་དཔའ་ནི་གཟུགས་ཀྱི་སྐུ་སྟེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་སྐུ་དེ་གཉིས་འགྲུབ་པ་ཡིན་ནོ། །དེས་ན་གང་དག་བདེ་མཆོག་དང་འདུས་པའི་རིམ་ལྔ་དང༌། སེམས་འགྲེལ་བའི་སྦྱོར་དྲུག་ལྟ་བུ་རྫོགས་རིམ་ཟབ་མོ་ཡིན་གྱི། འབྲས་བུའི་རྣམ་གཞག་མ་བསྟན་པས། ལམ་འབྲས་བུར་བཅས་པའི་ཐ་སྙད་མེད་དོ་ཞེས་ཟེར་བ་ནི། ལེགས་པར་མ་བསླབ་བཞིན་དུ་ཁ་ཚོན་གཅོད་སྔས་པ་ཡིན་ཏེ། ཐ་སྙད་ནི་བརྗོད་འདོད་ལ་རག་ལས་ཤིང༌། མིང་དེ་ཙམ་གྱིས་ཁོ་བོ་ཅག་མཆོག་ཏུ་ཚིམ་པ་ཐོབ་པ་ཡང་མེད་ལ། དོན་ལ་འབྲས་བུ་མེད་པའི་རྫོགས་རིམ་རྣམ་དག་དེ་འདྲ་ག་ལ་སྲིད། འོན་ཀྱང་གཞུང་དུ་མ་བཤད་པས་སོ་སྙམ་ན། འདིར་འབྲས་བུ་སྐུ་གཉིས་དང༌། རྡོ་རྗེ་འཆང་འགྲུབ་ཚུལ་ཡང་ཡང་བྱུང་ཞིང༌། གསང་འདུས་རིམ་ལྔར་ཡང༌། རིམ་པ་དང་ལྔ་སོགས་སུ་འབྲས་བུ་འགྲུབ་ཚུལ་མང་དུ་བཤད་ཅིང༌། སྤྱོད་བསྡུས་ལས་ཀྱང་རྒྱས་པར་འབྱུང་བ་དང༌། སེམས་འགྲེལ་པའི་ལུགས་ཀྱི་སྦྱོར་དྲུག་གི་གཞུང་དེ་ཙམ། རྩ་བའི་གཞུང་ནི་རྒྱུད་རྣམས་ཡིན་པས། འབྲས་བུའི་རྣམ་གཞག་ཆེས་ཞིབ་ཅིང་གཏན་ལ་འབེབས་པའི་དུས་ཀྱི་འཁོར་ལོའི་རྒྱུད་ལས་འབྲས་བུའི་རྣམ་གཞག་མ་བསྟན་ཞེས་སམ་དེའི་གཞུང་ཕྲན་འགའ་ཞིག་ལས་མ་བཤད་པས་སོ། །ཞེས་པ་ལས། གཞན་སྨྲ་རྒྱུ་མེད་ལ། འདི་ལས་སྙིང་པོ་མེད་པའི་གཏམ་ཅི་ཞིག་སྨྲ། ཏིང་ངེ་འཛིན་གྱི་ཡན་ལག་གི་སྐབས་སུ། ས་བཅུ་གཉིས་ལ་སོགས་པ་བགྲོད་ཚུལ་ནི་དེའི་ཡི་གེ་ཕལ་ཆེར་ལས་འབྱུང་
ལ། ལམ་སྐོར་ལས་ཉམས་ཀྱི་རྣམ་གཞག་མང་མོད་ཀྱི། འབྲས་བུ་ཉིད་ཀྱི་རྣམ་གཞག་ནི་ལམ་སྐོར་ལས་ཀྱང་འདི་དག་རྒྱས་ན། ཆ་མེད་པའི་རྒྱུས་གཏམ་མ་སྒྲོག་ཅིགམཆོག་ཏུ་གྱུར་པའི་ལམ། རྒྱལ་བའི་དགོངས་པ། གྲུབ་པ་རྣམས་ཀྱི་མན་ངགདུས་གསུམ་དུ་འགྲོ་བ་མཐའ་ཡས་པ་སྒྲོལ་བར་བྱེད་པའི་ལམ་འདི་དག་ལ། གུས་པ་ལྷོད་པར་འགྱུར་བའི་གཏམ་དེ་ལྟ་བུ་སྨྲ་བ་ནི་བདུད་ཀྱི་འཇུག་པ་སྟེ། གཏམ་དེ་བོར་ལ་མཆོག་ཏུ་གུས་པ་བསྐྱེད་པར་བྱའོ། །གསུམ་པ་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་འགྱུར་ཚུལ་ལ། གནས་སྐབས་ཀྱི་འབྲས་བུའི་རྣམ་གཞག་དང༌། མཐར་ཐུག་གི་འབྲས་བུའི་རྣམ་གཞག་གོ །དང་པོ་ལ། འབྲས་བུའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་དང༌། འབྲས་བུའི་ངོ་བོ་རྡོ་རྗེ་གསུམ་གྱི་རང་བཞིན་བཤད་པའོ། །དང་པོ་ནི། འདི་སྒྲུབ་སོགས་ཏེ། འདི་ཞེས་བྱ་བའི་ཚིག་ནི། བཤད་མ་ཐག་པའི་དཔེ་དོན་གྱི་ཡེ་ཤེས་དང༌། དག་པ་དང་མ་དག་པའི་སྐུ་སྟེ་བཞི་པོ་འདིའོ། །དཔེའི་འོད་གསལ་མཐར་ཐུག་པའི་འདི་ཕན་ཆད་ནི། ཐེག་པ་བླ་ན་མེད་པ་འདིར་ཞུགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ལ། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་གནས་པ་རྣམས། ས་བདུན་པ་ནས་བགྲཽད་པ་གཅིག་པའི་ལམ་ཐོབ་པ་བཞིན་ཏེ། དཔེར་ན་སོ་སོའི་ལམ་ཉིད་ལ་ལྟོས་པའི་བགྲོད་པ་གཅིག་པའོ། །ཡོངས་ཡེ་ཐམས་ཅད་གྱི་བགྲོད་པ་གཅིག་པ་ནི། ས་བཅུ་རྒྱུན་གྱི་མཐའ་མ་ལས་སྔ་རོལ་ཏུ་ཐོབ་པ་མེད་དོ། །ལམ་དེ་དག་བསྒྲུབ་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པའི་
ཡེ་ཤེས་བསྐྱེད་པར་མཛད་པ། ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་དེ། སུམ་ཅུ་རྩ་གཉིས་ཀྱི་ཡུལ་མཆོག་གི་དཔའ་བོ་དང༌། ལྷ་མོ་འཁོར་བཅས་སྤྱི་དང་ཁྱད་པར་རྣམས་ཀྱིས་གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་པར་ཤོག་ཅིག་ཅེས་པའོ། །གཉིས་པ་ལ། གནས་སྐབས་ཀྱི་འབྲས་བུ་རྡོ་རྗེ་གསུམ་ནི་ལམ་དུས་ཀྱི་རྡོ་རྗེ་གསུམ་སྟེ། དེ་ལ་ཐུགས་དང་གསུང་དང་སྐུ་གསུམ་ལས། དང་པོ་ནི། སྙིང་ཁའི་དབུས་ཏེ་སེམས་ཀྱི་ངོ་བོ་ལ་འོད་གསལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟག་ཏུ་ཤར་བས། གཟུང་འཛིན་གྱི་ཆོས་ཀུན་དང༌། དེ་ཀུན་གྱི་འཆར་གཞི་རང་སེམས་གདོད་མ་ནས་སྐྱེ་བ་མེད་པར་མངོན་དུ་གྱུར་པ་ཐོབ་ནས། སྒྲ་དོན་ཅན་གྱི་རྣམ་པར་རྟོག་པ་མེད་བཞིན་དུ། ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཐུགས་ཀྱི་རྡོ་རྗེ་སྟེ། མཐོང་ལམ་ཐོབ་པ་ན་མངོན་དུ་འགྱུར་རོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ་བ་ནི། ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་ཏུ་འཆར་བའི་ཡེ་ཤེས་དམ་པ་སྟོང་ཉིད་མངོན་སུམ་དུ་མཐོང་བ་ཞིག་ལ་འཇོག་ཅིང༌། དེ་ཡང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཤེས་རབ་དམ་པ་ཡིན་གྱི། སྟོང་རྐྱང་བསྒོམ་པ་ལས་མི་འབྱུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་གང་མ་ཚང་ཡང༌། དེ་མི་འགྲུབ་པར་རི་མོ་མཁན་དྲུག་གིས་རྒྱལ་པོའི་གཟུགས་འབྲི་བའི་དཔེ་དང་འདྲ་བར་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་གསུངས་སོ། །དེས་ན་འདིར་ཡང་མཐར་ཐུག་པ་ནི་སངས་རྒྱས་ཀྱི་ས་འབའ་ཞིག་ལའོ། །ཞུ་བདེ་རེག་བྱའི་བདེ་བས་ཡིད་ཀྱི་འཁོར་
དུ་ཚོར་བ་བདེ་བ་ཁྱད་པར་ཅན་སྐྱེ་ཞིང་ཡིད་བདེ་བར་འགྱུར་བས། དབང་ཤེས་ལྔ་ཡང་བདེ་བའི་ངོ་བོར་འགྱུར་ཏེ། ཇི་སྐད་དུ། རིགས་པའི་དབང་ཕྱུག་གི་ཞལ་སྔ་ནས། འདི་འགྱུར་ན་ནི་གཞན་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན། ཞེས་གསུངས་པ་ལྟར་རོ། །འཇུག་ཤེས་དྲུག་པོ་བདེ་བར་འགྱུར་བ་ཞུ་བདེའི་ཡེ་ཤེས་དེ་ཡིས། སེམས་ཀྱྀ་རང་བཞིན་བདེ་བ་ཉིད་མངོན་དུ་གྱུར་ཏེ། ཐིག་ལེ་འགྱུར་བཅས་ཀྱི་སྒྲིབ་པ་ཀུན་སྤངས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ། འདི་ཡང་ཕྱོགས་མཐུན་ལམ་དུས་ཀྱི་དབང་དུ་བྱས་ན། མཐོང་ལམ་ཐོབ་པ་སྟེ། འོན་ཀྱང་འཛག་བདེའི་དྲི་མ་བག་ཆགས་དང་བཅས་པ་སྤངས་པ་ནི། སངས་རྒྱས་པ་ཁོ་ནའོ། །སྔ་མ་སྟོང་པ་དང༌། འདི་བདེ་བའི་ཆ་ནས་བཞག་སྟེ། ཐུགས་རྡོ་རྗེ་ཆོས་སྐུ་ཡོངས་སུ་རྫོགས་པའོ། །འདི་ཉིད་སོ་སོར་ཕྱེ་ན་རྡོ་རྗེ་བཞི་སྟེ། དེའི་ཚེ་ཆོས་སྐུ་བདེ་བ་ཆེན་པོའི་སྐུ་གཉིས་སུ་སྦྱར་ཏེ་སྐུ་ཡང་བཞིའོ། །གཉིས་པ་ནི། ནམ་མཁའ་ལྟ་བུའི་སྟོང་ཉིད་ལས་བྱུང་ཞིང༌། ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངོ་བོར་གྱུར་པའི་སྒྲ་དབྱངས་རྒྱ་མཚོ་དང༌། དེ་ཀུན་གྱི་དོན་ཡང་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང༌། རང་བཞིན་སྟོང་པར་མཉམ་པ་ཉིད་དུ་གནས་པ་ལས། གསུངས་གཅིག་ཁོ་ནས་ཀྱང༌། སེམས་ཅན་རྣམས་ཀྱི་བསམ་པ་སོ་སོ་དང་མཐུན་པར། སོ་སོའི་སྐད་དུ་སྣང་བ་སྐད་ཅིག་རེ་རེ་འབྱུང་བ་རྒྱུན་ཆད་པ་མེད་པས་སྣ་ཚོགས་པའི་དམ་པའི་ཆོས་ཐམས་ཅད་ལ་རྫོགས་པར་ལོངས་སྤྱོད་པ་གསུང་གི་རྡོ་རྗེའོ། །གསུམ་པ་ནི། རྣམ་པ་མཚན་དཔེས་སྤྲས་པ། ངོ་བོ་རླུང་སེམས་ཀྱི་སྐུ་མཆོག །ཡོན་
ཏན་གྱི་ཁྱད་པར་དབང་ཕྱུག་བརྒྱད་དང་ལྡན་པ། འཇུག་པའི་ཁྱད་པར་དངོས་པོ་ཀུན་ལ་ཁྱབ་ཅིང་གང་ཡང་ཕྱིན་པའི་སྐུ་རྡོ་རྗེའོ། །འདི་དངོས་ནི་ཟུང་འཇུག་ཡིན་པས། རླུང་སེམས་ཞེས་པའི་སྐབས་ཀྱི་རླུང་བདེ་བ་ཆེན་པོའི་རང་སྣང་ལྷ་སྐུ་སོགས་སྣང་བ་མ་འགགས་པའི་ཆ་ལ་འཇོག་གོ །སྤྱིར་སོ་སོ་སྐྱེ་བོའི་དུས་ཀྱི་དཔེའི་འོད་གསལ་དང་བདེ་བ་ཆེན་པོ་ལ་སོགས་པ་ལམ་དུས་ཀྱི་སྐུ་གསུམ་དང༌། རྡོ་རྗེ་གསུམ་ཙམ་དུ་འཇོག་མོད་ཀྱི། དེ་དག་ལ་འབྲས་བུའི་རྫོགས་རིམ་ཞེས་བྱ་བའི་མིང་འདོགས་ཀྱང༌། གནས་སྐབས་ཀྱི་འབྲས་བུ་ཞེས་གཙོ་བོར་འདོགས་པའི་གཞི་ནི་མ་ཡིན་པས། འདིར་ཟུང་འཇུག་ལྟར་བརྗོད་པའོ། །གཉིས་པ་ལ། གང་ཟག་གསུམ་གྱི་འཚང་རྒྱ་བའི་ཚུལ་སོ་སོའི་རྣམ་གཞག །སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཐབས་མཁས་བཤད་པ། ཐོབ་བྱ་འབྲས་བུའི་རང་བཞིན་ནོ། །དང་པོ་ལ་བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་ཚུལ། ལེ་ལོ་ཅན་བར་དོར་འཚང་རྒྱ་ཚུལ། བར་ཆད་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་ཚུལ་ལོ། །དང་པོ་ནི། ཚེ་འདི་ཉིད་ལ་རིམ་གཉིས་ཀྱི་རྟོགས་པ་བརྟན་ཞིང་བརྩོན་འགྲུས་ཆེན་པོས་སྤྱོད་པ་སྤྱོད་པ་སྟེ། དེ་ལས་གཞན་ཡང་ཞེས་པ་ནི། གོང་དུ་རྒྱས་པ་བསྟན་པ་ལས། གཞན་ཡང་མདོར་བསྡུ་ན་ཞེས་པའོ། །དགེ་བའི་རྩ་བ་དེས་བདག་ཅག་རྣམས་དམ་ཚིག་ཀུན་ལ་གུས་པར་གནས་ཤིང༌། སྐྱོན་མེད་པ་དང༌། རིམ་གཉིས་རྟག་ཏུ་སྟེ་རྒྱུན་མ་འཆད་པར་བསྒོམ་པའི་ཡེ་ཤེས་སྐྱེས་ཤིང་བརྟན་ལ་མཐུ་དང་ལྡན་པར་སོང་བ་དང༌། རིམ་པ་གཉིས་ཀྱི་རྡོ་རྗེའི་བཟླས་པ་ལ་ཡང་
དག་པར་གནས་ཤིང༌། བརྩོན་པ་དང་གཞོལ་བའི་སྤྱོད་པས་ཐུན་མོང་གི་དངོས་གྲུབ་དང༌། ནང་ལ་གཞོལ་བའི་སྤྱོད་པས་མཆོག་གི་དངོས་གྲུབ་སྒྲུབ་སྟེ། ཚེ་འདི་ཉིད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་ནས། སངས་རྒྱས་འགྲུབ་པར་ཤོག་ཅེས་པའོ། །གཉིས་པ་ནི། དྲོད་ཐོབ་ཀྱང་བྱ་བ་གཞན་གྱིས་གཡེངས་ཏེ་ལེ་ལོས་སྤྱོད་པ་མ་སྤྱད་པ་སྟེ། གལ་ཏེ་བདག་གིས་ལེ་ལོའི་སྐྱོན་ཉིད་ཀྱིས་སྤྱོད་པ་འཁོམ་མ་བྱུང་བར་ཚེ་འདིར་སངས་རྒྱས་མ་ཐོབ་ན། བླ་མ་དང་ཡི་དམ་ལྷའི་ཐུགས་རྗེས་འཆི་འཕོ་བའི་ཚེ་དངོས་གྲུབ་ཐོབ་པ་སྟེ། འཆི་བ་དོན་གྱི་འོད་གསལ་དུ་གྱུར་ཞིང༌། དེ་ལས་ལངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་དེའི་ཚེ། བཅོམ་ལྡན་ཁྲག་འཐུང་དཔལ་འཁོར་ལོ་བདེ་མཆོག་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་པས་མེ་ཏོག་རྒྱལ་མཚན་བ་དན་སོགས་མཆོད་པའི་བཀོད་པ་ཐམས་ཅད་དང༌། རོལ་མོ་གླུ་གར་གྱི་སྤྱོད་པ་དང་བཅས་པས་མཁའ་སྤྱོད་དག་པའི་གནས་སུ་འཁྲིད་པ་དང༌། འཆི་བ་འོད་གསལ་ལས་ལངས་ནས་དེ་མ་ཐག་ཏུ་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ཐོབ་པ་དང༌། ཉོན་སྒྲིབ་དེར་སྤངས་ཟིན་ཞིང༌། ཤེས་སྒྲིབ་སྤོང་བ་དང༌། རྟོགས་པའི་ཡོན་ཏན་རིམ་གྱིས་ཡང་དག་པར་རྫོགས་པ་དང༌། འཇིག་རྟེན་ལས་འདས་པའི་རིག་པ་འཛིན་པའི་ལུས་ཡེ་ཤེས་ཀྱི་སྐུ་གོང་ནས་གོང་དུ་འགྱུར་ཁྱད་ཐོབ་ནས། ས་བཅུ་རྣམས་མཐར་ཕྱིན་ཏེ་འཚང་རྒྱ་བའོ། །ཚེ་འདིར་སྦྱོར་ལམ་དྲོད་ཆེན་པོ་ཐོབ་ན་དེ་ལྟ་བུར་འགྱུར་ཞིང༌། དྲོད་ཆུང་ངུ་ཐོབ་པ་ཙམ་ཡིན་ན། བར་དོར་སྒྱུ་ལུས་ཀྱི་སྐུ་ཐོབ་
སྟེ། དེའི་རྟེན་ལ་འདའ་བ་སྲིད། །ཡང་ན་རིག་པ་འཛིན་པའི་གནས་སུ་སྐྱེ་བ་བླངས་ཏེ། དེའི་རྟེན་ལ་འདའ་བའང་སྲིད་དོ། །གསུམ་པ་ནི། དྲོད་ཆུང་ངུ་མ་ཐོབ་པའམ། སྣང་བའི་རྟོག་པ་མ་སྐྱེས་པ་སྟེ་ཤིན་ཏུ་སྐལ་པ་དམན་པར་གྱུར་པས། རིམ་གཉིས་ལ་མི་བརྩོན་པའམ། བརྩོན་ཡང་དམ་ཚིག་གི་ཡན་ལག་རྣམས་མ་དག་པས། ཚེ་འདིར་དྲོད་ཆུང་ངུ་མ་ཐོབ་པས་བར་དོ་དེར་སྒྱུ་ལུས་གྱི་གཟུགས་མ་གྲུབ་ཅིང༌། རིག་པ་འཛིན་པའི་ལུས་སུ་སྐྱེ་བ་ཡང་མ་ཐོབ་ན། སྐྱེ་བ་དང་སྐྱེ་བ་ཐམས་ཅད་དུ་ཆོས་དང་ལྡན་པ་བདེ་གཤེགས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི། ལྷའམ་མིའི་རྒྱལ་པོ་གསང་སྔགས་སྤྱོད་པར་གྱུར་ཏེ། ཤིན་ཏུ་ཐོགས་ཀྱང་སྐྱེ་བ་བདུན་གྱིས་ངེས་པར་འགྲུབ་ལ། སྐྱེ་བ་དང་སྐྱེ་བ་དེ་ཐམས་ཅད་དུ། ཐོས་བསམ་སྒོམ་གསུམ་གྱིས་སྒོ་ནས་ངེས་པའི་དོན་ཕྱིན་ཅི་མ་ལོག་པའི་བློ་དང་ལྡན་ཞིང༌། རིགས་མཐོན་པོར་སྐྱེ་བས་བཟང་བ་དང༌། ང་རྒྱལ་མེད་པ་དང༌། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་པ་དང༌། གོང་དུ་བཤད་པ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པས་བསྡུས་པའི་འཁོར་ལོ་བདེ་མཆོག་གི་དམ་ཚིག་རྣམས་ལ་གནས་པ་དང༌། མགོ་བོར་བླ་མའི་ཅོད་པན་འཆང་བ་སྟེ། རྡོ་རྗེ་སློབ་དཔོན་བསྟེན་ཚུལ་ཇི་ལྟ་བས་བསྟེན་པ་དང༌། ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན་པ་སོགས་མི་འབྲལ་བའི་དམ་ཚིག་ཐམས་ཅད་འཆང་བ་དང༌། ངག་དུ་གསང་སྔགས་ཀྱི་རྒྱལ་པོ་རིན་ཆེན་བཞིའམ། རྡོ་རྗེའི་བཟླས་པ་སོགས་བཟླ་བ་དང༌། ཡིད་བདེ་སྟོང་ཟུང་འཇུག་བསྒོམ་པ་སྟེ། ཚེ་འདི་དང་བར་དོར་མ་
གྲུབ་ན་སྐྱེ་བ་གཞན་དུ་ཡང་གསང་སྔགས་སྤྱད་པར་གྱུར་ཅིག་ཅེས་པའོ། །གཉིས་པ་ལ་རྒྱས་བཤད་དང༌། དོན་བསྡུ་གཉིས་ལས། དང་པོ་ལ་གཞན་རྒྱུད་ཀྱིས་བྱིན་གྱིས་རློབས་པ་དང༌། འདོད་པའི་ལྷ་ལ་ཐེ་ཚོམ་གཅོད་པ་དང༌། བསྔོ་བའི་ཁྱད་པར་དང༌། བདག་གཞན་བརྗེ་བའི་བསམ་པ་དང༌། ཁྱད་པར་གདུལ་དཀའ་འདུལ་བའི་ཚུལ་ལོ། །འདི་རྣམས་ཀྱི་ཚིག་དོན་ནི་གོ་སླ་སྟེ། དང་པོ་ནི་བླ་མ་རྡོ་རྗེ་སློབ་དཔོན་དང༌། འཁོར་ལོ་བདེ་མཆོག་ཧེ་རུ་ཀ་འཁོར་དང་བཅས་པ་སྟེ། ཡི་དམ་ལྷ་རྣམས་དང༌། ཆོས་རྡོ་རྗེ་ཐེག་པ་དང་འབྲལ་བ་མེད་ཅིང༌། རྡོ་རྗེ་སློབ་དཔོན་དང་ཧེ་རུ་ཀའི་ཞབས་པད་སྤྱི་བོར་གནས་པ་སྟེ། དེས་རང་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རླབས་ཤིང་ཞུགས་ན། རང་གིས་ཀྱང་སེམས་གཏད་པ་དང་དམིགས་པ་ཙམ་གྱིས་ཚད་མེད་པའི་འགྲོ་བ་ཡོངས་སུ་སྨིན་ཞིང་བྱིན་གྱིས་རློབས་པར་ནུས་པ་སྟེ། ཐབས་ཀྱི་ཁྱད་པར་རོ། །གཉིས་པ་ནི། གང་གི་ཚེ་རྗེ་བཙུན་ཧེ་རུ་ཀ་ལྟ་བར་འདོད་པ་དང༌། ཅུང་ཟད་ཐེ་ཚོམ་གཅོད་པའི་དྲི་བ་བྱ་བར་འདོད་ན་ཡང༌། མགོན་པོ་རྡོ་རྗེ་སློབ་དཔོན་དང༌། དཔལ་ཁྲག་འཐུང་འཁོར་ལོ་བདེ་མཆོག་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་གེགས་མེད་པར་མཐོང་བར་ཤོག་ཅིག །ཅེས་སངས་རྒྱས་རྣམས་རྟག་ཏུ་མཐོང་སྟེ། དེ་དག་གི་བྱིན་རླབས་ཀྱིས་རྫུ་འཕྲུལ་སྣ་ཚོགས་པ་དང༌། དེ་རྣམས་ཀྱི་བཀའ་བཞིན་བསྒྲུབ་པས་འགྲོ་དོན་སྤྱོད་པ་རྣམས་ཀྱང་དོན་མེད་དུ་མི་འགྱུར་བ་དང༌། གཞན་གྱི་མཐུ་ལ་བརྟེན་ནས། སེམས་ཅན་གྱི་བསམ་
པ་དང་མཐུན་པས་ཆོས་སྟོན་ནུས་པ་རྣམས་རྣལ་འབྱོར་ཤིན་ཏུ་མཐུ་དང་ལྡན་པ་ཡིན་པས་ཀྱང་འགྲུབ་སྟེ། འགྲོ་བའི་དོན་ཕུལ་དུ་ཕྱིན་པ་བསྒྲུབ་ནུས་པ་ཡང་ཐབས་ཀྱི་ཁྱད་པར་རོ། །གསུམ་པ་ནི། ཆེད་དུ་བྱ་བ་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་ནུས་པའི་སེམས་ཅན་ཀུན་གནས་སྐབས་ཀྱི་བདེ་བ་དང༌། མཐར་ཐུག་ཏུ་ཕན་པ་བྱང་ཆུབ་ཀྱི་དོན་སྒྲུབ་ཕྱིར་དུ་ཡོངས་སུ་བསྔོ་བའི་ཚུལ་ནི་འཁོར་ལོ་སྡོམ་པ་དཔལ་ཧེ་རུ་ཀ་ཉིད་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་མཛད་པ་ཇི་ལྟ་བ་བཞིན་དུ་བདག་གི་སྤྱོད་པའང་དེ་འདྲར་གྱུར་ཅིག་ཅེས་པ་དང༌། བདག་ནི་མཐོང་བ་དང༌། ཐོས་པ་དང༌། དྲན་པ་དང༌། རེག་པའི་སེམས་ཅན་དེ་རྣམས་ཐམས་ཅད་ཀྱང་མྱུར་དུ་བྱང་ཆུབ་མཆོག་ལ་ངེས་པར་འཁོད་པར་ཤོག་ཅེས་སོགས་སངས་རྒྱས་དང་བྱང་སེམས་ཀྱི་མཛད་པ་ཐམས་ཅད་བདག་གིས་བྱེད་པ་དང༌། སྨོན་ལམ་ཐམས་ཅད་བདག་གིས་བསྒྲུབ་པ་དང༌། སེམས་ཅན་གཅིག་ཀྱང་མ་ལུས་པར་བདག་གིས་འཁོར་བ་ལས་འདྲེན་པར་བསྔོ་ཞིང། དེའི་འཁོར་གསུམ་མི་དམིགས་པ་འདི་ཡང་ཐབས་ཀྱི་ཁྱད་པར་རོ། །བཞི་པ་ནི། བདག་གིས་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱྀ་དགེ་བའི་རྩ་བ་ཐམས་ཅད་དང༌། བདེ་བ་ཅུང་ཟད་ཡོད་པ་ཐམས་ཅད་འགྲོ་བ་ཀུན་ལ་བསམ་སྦྱོར་གཉིས་ཀས་སྦྱིན་པས་སེམས་ཅན་རེ་རེ་བཞིན་ཡང་ཕན་བདེ་ཟད་མི་ཤེས་པ་ཐོབ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འབྱོར་བར་སྨོན་པ་དང༌། འགྲོ་བ་རྣམས་ཀྱི་མི་དགེ་བ་དང༌། སྡུག་
བསྔལ་དང༌། ཡུལ་ཡིད་དུ་མི་འོང་བ་ཅི་ཡོད་པ་དེ་ཀུན་ཐམས་ཅད་བདག་གིས་ལུས་སེམས་ལ་སྨིན་པར་གྱུར་ནས། སྐྱེ་བོ་ཀུན་སྡིག་ཀུན་དང་བྲལ་བར་སྨོན་པ་སྟེ། གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་ཡང་འདིའི་ཞོར་ལ་འབྱུང་བས། རྩ་བ་ནི་བདག་གཞན་བརྗེ་བ་སྟེ། དེའི་བསམ་སྦྱོར་གྱི་ཡི་རང་དང་བཅས་པ་འདི་ཡང་ཐབས་མཁས་ཆེན་པོའོ། །ལྔ་པ་ནི། སེམས་ཅན་གྱི་ཁམས་ན་སྦྱོར་བས་གནོད་ཅིང༌། བསམ་པས་ཞེ་གདུག་པར་བྱེད་པ་ཀུན་ཐོག་མ་ཉིད་དུ་མྱུར་བར་རྡོ་རྗེ་འཛིན་པའི་གོ་འཕང་ལ་འགོད་པའི་བསམ་པ་དང་སྦྱོར་བའི་ཐབས་བྱེད་པ་དང༌། ཁྱད་པར་འཁོར་ལོ་སྡོམ་པའི་ལམ་ལ་མ་དད་ཅིང་སྐུར་བ་འདེབས་པ་ལ་སོགས་པའི་སྡིག་པ་གསོག་པའི་བསོད་ནམས་དམན་པ་རྣམས་ཇི་ལྟར་འདུལ་བ་ལྟར། དབང་དང་མངོན་སྤྱཽད་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་རབ་ཏུ་བཏུལ་ནས། ཐར་ལམ་འདི་ལ་བརྟེན་ནས་རྡོ་རྗེ་འཛིན་པའི་ས་ལ་འགོད་པར་བྱེད་པ་སྟེ། མ་རུངས་པ་གདུལ་དཀའ་བ་རྣམས་དྲག་པོ་ལ་སོགས་པའི་ཐབས་སྣ་ཚོགས་པས་གདུལ་བ་འདི་ཡང་ཐབས་མཁས་པའོ། །གཉིས་པ་དོན་བསྡུ་བ་ནི། མདོར་བསྡུ་ན་སྐྱེ་བ་ཐམས་ཅད་དུ་བླ་མ་མཆོག་གིས་རྗེས་སུ་བཟུང་ནས། རིམ་གཉིས་བསྒོམ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཐོབ་ནས། ཚད་མེད་པའི་ཞིང་རྣམས་སུ་སྤྲུལ་པ་བགྲངས་བ་ལས་འདས་པ་སྤྲོས་ཏེ། མུ་མཐའ་མེད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་བླ་མ་མཆོག་དེ་ཡང་གང་ཞེ་ན། སྤྱིར་རྒྱུད་ནས་མཚན་ཉིད་རྒྱས་པར་བཤད་པ། སྙིང་རྗེ་
མེད་ཅིང་ཁྲོ་ལ་གདུག ཁེངས་ཤིང་ཆགས་ལ་མ་བསྡམས་པ། །རང་བསྟོད་བླ་མ་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་པའི་སྐྱོན་སྤངས་ཤིང༌། བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དད་པའི་བདག་ཉིད་དབང་པོ་ཐུལ། །ཞེས་གསུངས་པའི་མཚན་ཉིད་ཐམས་ཅད་ཚང་བ་སྟེ། རྩོད་དུས་ཀྱི་མཚན་ཉིད་ཐམས་ཅད་ཚང་བའང་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་བློས་སྐྱོན་དང་ལྡན་པར་མཐོང་བས་ན། དེ་ལྟ་བུ་མ་རྙེད་ན་ཡོན་ཏན་ཤས་ཆེ་བ་རྣམས་བླང་ངོ༌། །ཚེ་འདི་ལ་མཆོག་འདོད་པ་རྣམས་ཀྱིས་བསྙེན་པར་བྱ་བའི་སློབ་དཔོན་གྱི་མཚན་ཉིད་ནི། གཞན་དག་ཡོད་དམ་མེད་ཀྱང་སླ་སྟེ། རང་བཞིན་སྤྲོས་པ་དང་བྲལ་བ་མངོན་སུམ་དུ་གཟིགས་པ་དང༌། ཐིག་ལེ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བརྙེས་ཤིང༌། བདེ་སྟོང་གི་ལམ་དེས་སློབ་མ་འཁྲིད་པ་ལ་ཡང་མཁས་པ་སྟེ། སློབ་དཔོན་གྱི་མཚན་ཉིད་འདི་ངེས་པར་གལ་ཆེའོ། །རང་ཉིད་ཚེ་འདིར་འཚང་རྒྱ་བ་ལ་དེ་ལྟ་བུའི་བླ་མ་མེད་ན་མི་འབྱུང་གི་རྒྱུ་ཡིན་ནོ། །དུས་འཁོར་ལས་ཀྱང༌། སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་འགྱུར་བ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པའི་སངས་རྒྱས་ཀྱི་ཞལ་ལམ་སྒོ་ནི། དཔལ་དོན་དམ་བསྙེན་པ་ལས།
ཆགས་ཆེན་འདོད་ཆགས་ཆེན་པོ་ལས་ནི་ཐུགས་བཅིངས་པ། །དབང་པོའི་བདེ་བ་གཉིས་སྦྱོར་བརྟུལ་ཞུགས་ཆེན་པོ་ཅན། །ཕྱག་རྒྱ་དག་ལ་སྦྱར་ཡང་ཆགས་པ་ཉམས་མི་མངའ། །ཉི་ཟླ་དག་གི་ལམ་ལ་རྣལ་འབྱོར་རབ་ཏུ་ཉམས། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ཀྱིས་རབ་ཏུ་ཞུགས། །དཔག་མེད་བདེ་བའི་བདུད་རྩི་ཉིད་ལ་ཆགས་པ་སྟེ། །སྡིག་འཕྲོག་རྡོ་རྗེ་འཛིན་པ་དེ་ནི་བླ་མ་དཔལ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་བདེ་བ་ཐོབ་པ་དང༌། ཉི་ཟླ་རོ་རྐྱང་གི་རྒྱུ་བ་འགགས་པས་གཟུང་འཛིན་གྱི་འཁྲུལ་པ་གཞིག་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་མེ་ལྟ་བུ་མངོན་དུ་གྱུར་པ་རྣམས་དགོས་པར་གསུངས་པ་ལྟར་ཏེ། དེ་ལྟར་ཐུགས་ལ་གནས་པར་མ་ཟད་ཞལ་ལའང་གནས་པ་སྟེ། ལེགས་པར་སྟོན་མཁྱེན་པ་ཞིག་དགོས་པ་ཡིན་ནོ། །ལམ་གཞན་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཚུལ་བསྟན་ནས་དེ་གལ་ཆེ་བར་བཤད་མོད། བླ་མ་དེ་བསྒོམ་ཤིང་དེའི་མོས་གུས་ཁོ་ནས་ལམ་བགྲོད་པ་ནི་མ་བཤད་ལ། ཐེག་པ་འདིར་ནི་དེ་ཡང་གསུངས་ཏེ། གང་ཟག་དབང་པོ་རྣོན་པོ་མཆོག་རབ་ཏུ་གྱུར་པ་དག་གི་སྤྱོད་ཡུལ་ཅན་ནོ། །གསུམ་པ་ཐོབ་བྱ་འབྲས་བུའི་རྣམ་གཞག་ལ། འགྱུར་བ་མེད་པའི་ཡེ་ཤེས་ངོས་བཟུང༌། དེ་ཉིད་རིགས་དྲུག་གི་ངོ་བོར་གཏན་ལ་དབབ་པའོ། །དང་པོ་ནི། རྟེན་ཁུ་བ་ནོར་བུ་ནས་སྤྱི་བོའི་བར་དུ་བརྟན་པ་དང༌། རྡུལ་གྱྀ་ཁམས་སྤྱི་བོ་ནས་ནོར་བུར་བརྟན་པས་རྣམ་སྨིན་གྱི་ལས་
ཟད་ནས་རྡོ་རྗེའི་སྐུར་འགྱུར་ཏེ། དཔེར་ན། དངུལ་ཆུའི་བཅུད་ལེན་པ་དང༌། མེ་དང་དུ་བ་སོགས་ཀྱི་སྦྱོར་བས་བཅོས་པའི་ལྕགས་ནི་གསེར་དུ་འགྱུར་ཏེ་བཅུད་ལེན་གྱི་ནུས་པ་ལྕགས་ལ་བརྟེན་པའོ། ཁ་ཅིག་འདི་ནི་དུས་འཁོར་གྱི་ལུགས་ཁོ་ན་སྟེ། དེའི་ལུགས་ལ་རགས་པའི་ལུས་མ་འགྱུར་བར་རླུང་སེམས་ཀྱི་སྐུ་འགྲུབ་པ་མེད་ཅེས་སྨྲ་ཞིང༌། འདུས་པ་བདེ་དགྱེས་སོགས་ལ་ཁམས་དཀར་དམར་བཅིངས་པས་དེ་ལྟར་འགྱུར་བའི་རྣམ་གཞག་མི་བྱེད། ཟུང་འཇུག་གི་སྐུ་ཡང་རླུང་སེམས་ལྷར་སོང་བ་ཡིན་གྱི། ཤ་ཁྲག་གི་ལུས་གནས་འགྱུར་བ་མ་ཡིན་ཞེས་སྨྲ་བ་ནི། ཤིན་ཏུ་རྣམ་པར་མ་བརྟགས་པ་རྒྱུད་རྣམས་ལ་སྐུར་བ་འདེབས་པ་སྟེ། སྤྱིར་བདེ་དགྱེས་གསང་འདུས་སྐོར་ཐམས་ཅད་ནས་ཐིག་ལེ་བཅིངས་པས། རྡོ་རྗེའི་སྐུ་འགྲུབ་པ་ཁོ་ནར་བཤད་པ་དང༌། མན་ངག་ལུགས་ཐ་དད་པ་ཀུན་ལས་མགྲིན་གཅིག་ཏུ་འབྱུང་ལ། དེ་ཐམས་ཅད་ཕར་ཞག་གི་གསང་འདུས་རྡོ་རྗེ་འཕྲེང་བར། མངོན་པར་བྱང་ཆུབ་པའི་རིམ་པ་རིམ་ལྔར་དྲངས་པ་རྣམས་གསུངས་ནས་ཟུང་འཇུག་འགྲུབ་པའི་རྒྱུ་དང་འགྲུབ་ཚུལ་འཆད་པ་ན། རྡོ་རྗེ་རྩེ་མོར་བྱང་སེམས་ནི། །འཛིན་པའི་ལུས་ཀྱི་བརྟན་པ་ཉིད། །དེ་ཡིས་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིག་པས་སྟེང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུཾ་ཧོ་རིམ་བཞིན་ཞེས་པ་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། །སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱི་ལེན་དུ་བརྗོད། །འདི་ཉིད་
ཀྱིས་ནི་འགྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་བྱས་ནས་ནི། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པ་ཐོབ་པར་འགྱུར། །ཞེས་རྡོ་རྗེའི་རྩེ་མོ་ནས་ཐིག་ལེ་སྟེང་དུ་རླུང་གི་སྦྱོར་བས་བརྟན་པ་དང༌། འཛིན་པ་དང༌། སྟེང་དུ་བཅིངས་པས་བདུད་རྩི་ལྔའི་བཅུད་ལེན་ཏེ་དྭངས་མ་བཅིངས་པར་རབ་མཐར་ཐུག་པས་ཟུང་འཇུག་འགྲུབ་ཅེས་གསུངས་པས་རིམ་ལྔར་ལུང་དྲངས་པའི་བསྐྱེད་རྫོགས་ཟུང་འཇུག་དང༌། བདེན་གཉིས་ཟུང་འཇུག་སོགས་གསུངས་པའི་འདི་ཁོ་ན་ཡང་ལྟ་དགོས་སོ། །དེས་ན་དེ་ནི་སྐུའི་ཆོས་དང༌། ཐུགས་མི་འགྱུར་བའི་བདེ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དབྱེར་མེད་པས་ཟུང་དུ་འཇུག་པ། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས། ཚེ་འདིར་སྐུ་གཉིས་ཐོབ་པ་སྟེ། སྐུ་ཕྱག་རྒྱ་ཆེན་པོ་གཞན་དོན་གྱི་སྐུའམ་ཀུན་རྫོབ་ཀྱི་སྐུའོ། །ཐུགས་རང་དོན་གྱི་སྐུའམ་དོན་དམ་གྱི་སྐུའོ། །གཉིས་པ་ནི། རང་བཞིན་འོད་གསལ་བའི་སེམས། རྣམ་ཤེས་ལས་འདས་པ་སྟེ། ཀུན་གཞི་གནས་འགྱུར་བ་སྤྲོས་པའི་ཆོས་ཀུན་དེའི་རང་བཞིན་ཅན་ཡིན་ཀྱང༌། དེ་ཉིད་སྤྲོས་པའི་མ་གོས་པ་ནི་མི་བསྐྱོད་པ་དཔལ་ཧེ་རུ་ཀ་དང༌། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་སྟོང་ཉིད། སངས་རྒྱས་སེམས་ཅན་སོགས་འཁོར་འདས་ཀྱི་དབྱེ་བ་དང་བྲལ་བའི་མཉམ་ཉིད་ལས་མ་གཡོས་ཀྱང༌། འདུ་བྱེད་ཐམས་ཅད་དང་བྲལ་ཞིང་ལྷུན་གྱིས་གྲུབ་པར་ཅི་བཞེད་པ་ལ་དགྱེས་དགུར་རོལ་པ་དང༌། སེམས་ཅན་རྣམས་ཀྱི་སྐལ་པ་དང་འཚམ་པར་དུས་ལས་ཡོལ་བ་མེད་
པར་འགྲོ་བའི་དོན་ཐོགས་མེད་དུ་འབྱུང་བ། དོན་ཡོད་གྲུབ་པ་ལྟར། གཞན་དོན་སྤྱོད་པ་མྱུར་དུ་འཇུག་པས་རྟ་མཆོག་སྟེ་རྟའི་རྒྱལ་པོ་ཞེས་བྱའོ། །རྟག་ཆད་ལས་གྲོལ་བ་མཉམ་པ་ཉིད་གཟིགས་པས་འགྱུར་བ་སྟེ་ཕྱིན་ཅི་ལོག་དུ་གཡོ་བ་མེད་པ་རིན་འབྱུང་སྟེ། རྡོ་རྗེ་ཉི་མའམ་གཟི་བརྗིད་རྒྱལ་པོའོ། །རླུང་མི་འགྱུར་བ་སྒྲ་ཐམས་ཅད་ནམ་མཁའ་དང་མཉམ་པ་ཨ་ཡིག་སྟེ་སྐྱེ་བ་མེད་པའི་མིང་ཚིག་གི་ཡི་གེ་ཐམས་ཅད་དང་བྲལ་བའི་ཡེ་ཤེས། འགྲོ་བ་ཐམས་ཅད་ལ་ཞིང་ཐམས་ཅད་དུ་དུས་ཀུན་ཏུ་སྐད་ཐམས་ཅད་པས་གང་ལ་གང་འདུལ་དུ་དོན་དུ་གང་འགྱུར་བ་དེ་ཉིད་གྲག་སྟོང་དུ་སྟོན་པའི་མཚན་ཉིད་ཅན་ནི་པདྨ་གར་གྱི་དབང་ཕྱུག་སྟེ། འོད་དཔག་མེད་དོ། །རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྤྲ་ཕབ་པའི་གཟུགས་བརྙན་གྱི་རང་བཞིན་ཏེ་དེ་དང་མཚུངས་པ་སེམས་དག་པའི་སྣང་ཆ་ཙམ་དུ་ཤར་བའི་ཞིང་དང༌། སྐུ་དང་འབྱོར་པ་སོགས་ཚད་མེད་མུ་མེད་ཅིང་འབྱམས་ཀླས་པ་ཡེ་ཤེས་གཅིག་ཉིད་ཀྱི་རྣལ་རོལ་དུ་སྣང་བ་ནི། རྒྱལ་བ་རྟག་པ་སྟེ་རྣམ་པར་སྣང་མཛད་དོ། །རྟག་པ་མཆོག་ཏུ་ཁྱབ་པའི་བདག་ཉིད་ཁྱབ་པ་དང་རྟག་པ་གཉིས་སུ་མེད་པ་ནི་ཁྱབ་བདག་སྟེ། ཤེས་བྱ་ཀུན་ནས་སྒྱུ་མ་ལྟ་བུར་མཐོང་བ་ནི་སྟོང་པའི་ཡེ་ཤེས་དང་རང་བཞིན་བདེ་བ་ཆེན་པོ་མངོན་དུ་གྱུར་པ་བདེ་སྟོང་གཉིས་སུ་མེད་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་སྟེ། དག་པ་གཉིས་ལྡན་འདི་ལ་འབྲས་བུ་རྡོ་རྗེ་འཛིན་ཞེས་བྱའོ། །དེ་དག་གི་རྣམ་པར་བཞག་པ་ནི་རྒྱས་པར་བཤད་ན་
འབྱམས་ཀླས་པར་འགྱུར་མོད་ཀྱི། ཅི་རིགས་པ་ཉེ་བར་ཕན་པ་རྒྱ་ཆེ་བ་དག་བརྗོད་ན། ཐུན་མོང་མ་ཡིན་པ་སྔགས་ལས་གསུངས་པའི་འབྲས་བུའི་ཚུལ་དང༌། ཐུན་མོང་བ་མདོ་ལས་ཀྱང་གསལ་བ་འབྱུང་བ་རྣམས་སོ། །དང་པོ་ལ་རྟེན་སྐུའི་རྣམ་གཞགཁྱད་པར་རིགས་ཀྱི་དབྱེ་བ། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་གསུམ་ལས། དང་པོ་ནི་བཤད་ཟིན་ཏོ། །གཉིས་པ་ལ་རྣམ་འགྱུར་དང་རང་བཞིན་གཉིས་ལས། དང་པོ་ལ་དབྱེ་བ་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་ནི། ཀྱཻ་རྡོ་རྗེ་ལས། དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཅན་ཉིད། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་གསུངས་པ་ལྟར། རང་བཞིན་དོན་དམ་པའི་སྟེང་ནས་ནི་དབྱེ་བ་མེད་ཀྱང༌། ཀུན་རྫོབ་ཀྱི་ཆ་ཤས་ལ་ལྟོས་ནས་ཕྱེ་བའི་ཕྱིར། རིགས་ཀྱི་དབྱེ་བའི་མཐའ་བགྲང་བར་མི་སྤྱོད་མོད། མདོ་ཙམ་དུ་བསྟན་པ་ནི་བླ་མེད་སྤྱི་དབང་དུ་བྱས་ནས། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། སངས་རྒྱས་ལྔར་ནི་རབ་ཏུ་སྒྲགས། །རྡོ་རྗེ་སྐྱེ་མཆེད་གཉིས་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུའི་ཁམས་ནི་མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །ཞེས་དང༌། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་སྒོམས། །ཞེས་གསུངས་ཏེ། གཟུགས་ཕུང་རྣམ་སྣང་ཞེས་འཇོག་པ། འཁོར་བའི་དུས་སུ་གཟུགས་ཕུང་དུ་སྣང་བའི་
རྣམ་པར་རིག་པ་དེ་གནས་འགྱུར་བ་ནི། ཡེ་ཤེས་ཉིད་རང་སྣང་རྣམ་པར་སྣང་མཛད་ཀྱི་སྐུ་མཚན་དཔེས་སྤྲས་པ་དང༌། དེའི་ཞིང་དང་འབྱོར་བའི་བཀོད་པ་མུ་མཐའ་མེད་པ་དང་བཅས་པ་སྟེ། རྣམ་སྣང་གི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ལ། དེ་ལ་བླ་མ་སྔ་རབས་པ་རྣམས་ཀྱིས་གཟུགས་ཕུང་གནས་གྱུར་རྣམ་པར་སྣང་མཛད་ཅེས་དང༌། གཟུགས་ཕུང་རྣམ་སྣང་གི་ངོ་བོར་སངས་རྒྱས་ཞེས་ཐ་སྙད་མཛད་དོ། །དེ་བཞིན་དུ་གཞན་རྣམས་ལ་སྦྱར་ཏེ། ཚོར་བ་ནི་རིན་འབྱུང་དང༌། འདུ་ཤེས་འོད་དཔག་མེད་དང༌། འདུ་བྱེད་དོན་ཡོད་གྲུབ་པ་དང༌། རྣམ་ཤེས་མི་བསྐྱོད་པ་དང༌། མིག་སའི་སྙིང་པོ་དང༌། རྣ་བ་ཕྱག་ན་རྡོ་རྗེ་དང༌། སྣ་ནམ་མཁའི་སྙིང་པོ་སྟེ། ལྕེ་འཇིག་རྟེན་དབང་ཕྱུག་དང༌། ལུས་སྒྲིབ་པ་རྣམ་སེལ་དང༌། ཡིད་ཀུན་ཏུ་བཟང་པོའོ། །ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀི མེ་གོས་དཀར་པོ། རླུང་སྒྲོམ་མ། གཟུགས་གཟུགས་རྡོ་རྗེ་མ། སྒྲ་སྒྲ་རྡོ་རྗེ་མ། དྲི་དྲི་རྡོ་རྗེ་མ། རོ་རོ་རྡོ་རྗེ་མ། རེག་རེག་རྡོ་རྗེ་མ། ཆོས་ཁམས་ནམ་མཁའི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། ཕུང་ལྔ་ཁམས་བཞི་སྐྱེ་མཆེད་བཅུ་གཉིས་རྣམས་ཏེ་ཕུང་ཁམས་ཉེར་གཅིག་ཏུ་སྣང་བའི་སེམས་གནས་གྱུར་པ་ལས། དེ་རྣམས་ཀྱི་དཀྱིལ་འཁོར་ཉེར་གཅིག་ཏུ་གྱུར་ཏེ་འཚང་རྒྱ་བའི་ཚུལ་བྱུང་བས། གང་ཟག་གཅིག་སངས་རྒྱས་པ་ན། རང་སྣང་གིས་བསྡུས་པའི་དཀྱིལ་འཁོར་མཐའ་ཡས་པའི་བར་དུ་འབྱུང་ངོ། །དེ་རྣམས་ལ་རྣམ་པར་དབྱེ་ན། རིགས་བརྒྱའི་བར་དུ་འབྱུང་བ་ཡིན་ཏེ། སྔར་བཤད་པའི་ཕུང་ཁམས་ཉེར་
གཅིག་པོ་དེ་ལས། ཆོས་ཁམས་དང་ཡིད་གཉིས་སྤྱྀ་ཁྱབ་ཏུ་བཏང་ནས། བཅུ་དགུ་པོ་ལ་གཞིའི་དུས་ཀྱི་རིགས་ལྔ་དང་རིགས་མཐུན་པར་སྦྱར་ཏེ་ཆ་ཤས་ལྔ་ལྔ་སོ་སོར་ཕྱེ་སྟེ། བསྡུ་བྱ་རིགས་ཆུང་དགུ་བཅུ་རྩ་ལྔ་དང༌། བསྡུ་བྱེད་གཞི་དུས་ཀྱི་ཡེ་ཤེས་ལྔ། རིགས་ཆེན་རྒྱལ་བ་རིགས་ལྔ་སྟེ། རིགས་བརྒྱའོ། །དེ་དག་ཀྱང་སྤྱོད་བསྡུས་སྒྲོན་མེ་ལས་ཀྱང་རྒྱས་པར་གསུང༌། མདོར་བསྡུས་ཙམ་བརྗོད་ན། གཟུགས་ལས་ཕྱེ་བའི་རྣམ་སྣང་གི་སོགས་རིགས་ལྔ་སྟེ། དབྱིབས་ཀྱི་གཟུགས་རྣམ་སྣང༌། རྣམ་པའི་གཟུགས་རིན་འབྱུང༌། ཁ་དོག་སྣང་མཐའ། འོད་ཀྱི་སྣང་བ་དོན་གྲུབ། རིག་བྱེད་མ་ཡིན་པའི་གཟུགས་མི་བསྐྱོད་པ། འདིའི་ངོས་འཛིན་ནི་མངོན་པ་ལྟར་མི་བྱེད་ཀྱི། གཟུགས་ཀྱི་རྣམ་པ་ཡིད་ཡུལ་དུ་ཤར་བ་དེ་ཡིན་ཏེ། རང་རིག་པའི་གཟུགས་ཞེས་གསུང་ངོ༌། །མཁྲིས་པ་ལ་སོགས་པ་ལས་སྐྱེས་པའི་ཚོར་བ་མི་བསྐྱོད་པ། བད་ཀན་དང་རླུང་ལས་སྐྱེས་པ་རིན་འབྱུང༌། བདེ་བ་འོད་དཔག་མེད། སྡུག་བསྔལ་དོན་གྲུབ། བཏང་སྙོམས་རྣམ་སྣང༌། རྐང་གཉིས་པ་ཡི་འདུ་ཤེས་མི་བསྐྱོད་པ། རྐང་བཞི་པའི་རིན་འབྱུང༌། རྐང་མེད་ཀྱི་སྣང་མཐའ། རྐང་མང་གི་དོན་གྲུབ། མི་གཡོ་ཞིང་མི་རྒྱུ་བའི་འདུ་ཤེས་རྣམ་སྣང་ངོ༌། །འདིའི་ལྔ་པ་གཟུགས་མེད་ཁམས་ཀྱི་ལྷ་དང༌། གཞན་རྣམས་དངོས་སུ་བསྟན་པའི་སེམས་ཅན་དེ་རྣམས་ཀྱི་འདུ་ཤེས་ལ་འཆད་པ་དང༌། ཡང་རིམ་པས་རྟག་མཐའ་ལྟ་བུ་མཐའ་གཉིས་ཆར་ལ་བརྟེན་པ་དང༌། མཐའ་བཞི་ཆར་ལ་བརྟེན་
པ་དང༌། མཚན་མ་རེ་རེར་གཅིག་ཏུ་ཞེན་པ་དང༌། ཡུལ་སྣ་ཚོགས་པ་ལ་དངོས་པོ་གཅིག་ཏུ་འཛིན་པ་དང༌། སྟོང་པ་ཉིད་ལ་མཚན་མར་འཛིན་པའོ། །ཞེས་ཀྱང་དམ་པ་འགའ་ཞིག་བཞེད་དོ། །འདུ་བྱེད་ཀྱི་ཕུང་པོའི་ལུས་ཀྱི་འདུ་བྱེད་ནི་རྣམ་སྣང༌། ངག་གི་འོད་དཔག་མེད། ཡིད་ཀྱི་མི་བསྐྱོད་པ། ཁམས་གསུམ་གྱི་རིན་འབྱུང༌། ཐར་པའི་འདུ་བྱེད་དོན་འགྲུབ་བོ། མིག་གི་རྣམ་ཤེས་རྣམ་སྣང༌། རྣ་བའི་རིམ་འབྱུང༌། སྣའི་སྣང་མཐའ། ལྕེའི་དོན་གྲུབ། ལུས་ཀྱི་མི་བསྐྱོད་པ་སྟེ། རྒྱལ་བ་ཉེར་ལྔའོ། །སྐྲ་དང༌། རུས་པ་དང༌། ཕྱི་ས་དང༌། མཆིན་པ་དང༌། སྙིང་སྟེ་ནང་དང༌། རི་རབ་སྟེ་ཕྱིའི་ཁམས་དེ་རྣམས་སུ་སྣང་བ་ནི། རྣམ་སྣང་གི་སྤྱན་མ། དེ་བཞིན་དུ་སྦྱར་ཏེ། ནང་སྤུ་དང་སེན་མོ། རྣག་དང་སྙིང་དང༌། ཕྱི་འཛམ་བུ་གླིང་ནི་རིན་འབྱུང༌། ནང་སོ་དང་པགས་པ། ཤ་དང་སྙིང༌། ཕྱི་བ་གླང་སྤྱོད་ནི་སྣང་མཐའ། ནང་རྒྱུས་པ་ཤ་རྩིབ་མ་སྙིང༌། ཕྱི་སྒྲ་མི་སྙན་དོན་གྲུབ། ནང་དྲི་མ་རྒྱུ་མ་མཁྲིས་པ་སྙིང༌། ཕྱི་ལུས་འཕགས་པོ་མི་བསྐྱོད་པ་སྟེ། ཁམས་རྣམས་སོ། །ཕྱི་ནང་གི་རིམ་པ་དེ་བཞིན་དུ་འབྱུང་བ་ཐམས་ཅད་ལ་སྦྱར་ཏེ། ནང་བད་ཀན་མཆི་མ། ཕྱི་འབབ་ཆུ་རྣམ་སྣང༌། ནང་དྲི་ཆུ་ཕྱི་རྒྱ་མཚོ་མི་བསྐྱོད་པ། རྡུལ་དང་ཆུ་བོ་རིན་འབྱུང༌། ཁྲག་དང་བཀོད་མའི་ཆུ་སྣང་མཐའ། ཁ་ཆུ་དང་ལྟེང་ཀ་དོན་འགྲུབ། མགོ་བོའི་དྲོད་དང་རྡོ་ལས་བྱུང་བའི་མེ་རྣམ་སྣང༌། སྙིང་ཁའི་དྲོད་དང་རྒྱུན་བཞག་གི་མེ་མི་བསྐྱོད་པ། ལྟེ་བའི་
གཏུམ་མོ་དང་མེ་ཤེལ་སོགས་ཀྱི་མེ་རིན་འབྱུང༌། ཡན་ལག་གི་དྲོད་དང་ཤིང་གི་མེ་སྣང་མཐའ། ལྟོ་བའི་དྲོད་དེ་ཟས་འཇུ་བར་བྱེད་པ་དང་ནགས་ཀྱི་མེ་དོན་གྲུབ། སྲོག་རླུང་དང་ཤར་གྱི་རླུང་མི་བསྐྱོད་པ། ཐུར་སེལ་དང་ལྷོའི་རླུང་རིན་འབྱུང༌། གྱེན་རྒྱུ་དང་ནུབ་ཀྱི་སྣང་མཐའ། མེ་མཉམ་དང་བྱང་གི་དོན་གྲུབ། ཁྱབ་བྱེད་དང་སྟེང་གི་རླུང་རྣམ་སྣང་སྟེ་ཡུལ་ཉི་ཤུའོ། །མིག་གི་དབང་པོ་ས་སྙིང་གི་མི་བསྐྱོད་པ། མིག་འབྲས་དཀར་པོ་དབང་རྟེན་རིན་འབྱུང༌། ཟུར་གྱིས་བལྟ་བ་སྣང་མཐའ། མིག་གཡོ་བ་དོན་གྲུབ། གཟུགས་མཆོག་དམན་འབྲིང་གསུམ་འཛིན་པ་རྣམ་སྣང་ངོ༌། །རྣ་བའི་དབང་པོ་མི་བསྐྱོད་པ། རྣ་བའི་རྟེན་ཁོག་པ་རྣམ་སྣང༌། བུ་ག་སྣང་མཐའ། རྩ་བ་དོན་གྲུབ། སྒྲ་གསུམ་འཛིན་པ་རིན་འབྱུང་ངོ༌། །སྣའི་དབང་པོ་མི་བསྐྱོད་པ། སྣའི་རང་བཞིན་དབང་རྟེན་རྣམ་སྣང༌། སྣའི་བུ་ག་རིན་འབྱུང༌། སྦུ་གུ་དོན་གྲུབ། དྲི་གསུམ་འཛིན་པ་སྣང་མཐའ། ལྕེའི་དབང་པོ་མི་བསྐྱོད་པ། དབང་རྟེན་རྣམ་སྣང༌། རྩ་བ་རིན་འབྱུང༌། རྩེ་མོ་སྣང་མཐའ། རོ་གསུམ་འཛིན་པ་དོན་གྲུབ་ལུས་ཀྱི་དབང་པོ་རྣམ་སྣང༌། རུས་པ་རིན་འབྱུང༌། ཤ་སྣང་མཐའ། པགས་པ་དོན་གྲུབ། རེག་བྱ་གསུམ་འཛིན་པ་མི་བསྐྱོད་པ་སྟེ། སེམས་དཔའ་ཉེར་ལྔའོ། །སྣང་བ་དང་སྒྲིབ་གཡོགས་མེད་པ་དང༌། ཡིད་ལ་བྱེད་པ་དང༌། མིག་གི་དབང་པོའི་ཚོགས་པ་དང་ལྡན་པའི་རྒྱུ་ལས། གཟུགས་མཐོང་བ་ནི་རྣམ་སྣང༌། འགྱིང་བག་དང་རོལ་རྩེད་དང༌། སྒེག་པའི་གཟུགས་མི་བསྐྱོད་པ་དང༌། རྗེས་ཆགས་ཀྱི་
གཟུགས་ཀྱི་རིན་འབྱུང༌། མཛེས་མི་མཛེས་བར་མ་གསུམ་གྱི་འདུ་ཤེས་ཅན་གྱི་གཟུགས་སྣང་མཐའ། བྱ་བ་བྱེད་པའི་གཟུགས་དོན་གྲུབ། རྣ་བའི་ནང་གི་སྒྲ་སོགས་རྣམ་སྣང༌། གླུའི་སྒྲ་སོགས་རིན་འབྱུང༌། མགྲིན་པའི་ངག་གི་སྒྲ་སྣང་མཐའ། ཆུ་དང་ནགས་ཚལ་དང་ཡན་ལག་དང་རོལ་མོའི་སྒྲ་དོན་གྲུབ། ཡི་གེ་ཧཱུཾ་ཞི་དྲག་སོགས་མི་བསྐྱོད་པ། དྲི་མ་འདུས་པའི་ཚོགས་པ་རྣམ་སྣང༌། ཡན་ལག་གི་དྲི་རིན་འབྱུང༌། དྲི་གསུམ་གྱི་བྱེ་བྲག་ཕྱེད་པ་སྣང་མཐའ། རོའི་དྲི་དོན་གྲུབ། དྲིའི་ངོ་བོ་མི་བསྐྱོད་པ། མངར་བ་རྣམ་སྣང༌། བསྐ་བ་རིན་འབྱུང༌། ལན་ཚ་བ་སྣང་མཐའ། ཁ་བ་མི་བསྐྱོད་པ། ཚ་བ་དང་སྐྱུར་བ་སོགས་ཕྱེད་པ་དོན་གྲུབ། ལྷན་གཅིག་ལ་གནས་པའི་རེག་བྱ་རྣམ་སྣང༌། ཁྱུད་པའི་རིན་འབྱུང༌། འོ་བྱེད་པའི་སྣང་མཐའ། རྔུབ་པའི་དོན་གྲུབ། བྷ་ག་དང་ལིང་ག་སྦྱོར་བའི་རེག་བྱ་མི་བསྐྱོད་པ་སྟེ་ལྷ་ཉེར་ལྔའོ། །གཉིས་པ་ནི། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་སྣང༌། མཉམ་ཉིད་ཡེ་ཤེས་རིན་འབྱུང༌། །སོར་རྟོག་ཡེ་ཤེས་འོད་དཔག་མེད། བྱ་གྲུབ་ཡེ་ཤེས་དོན་གྲུབ། ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པའོ། །དེ་ལྟར་ན་ཕུང་ཁམས་སྐྱེ་མཆེད་བརྒྱད་པོ་དེ་དག་གནས་འགྱུར་བ་ནི། དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ་འགྱུར་རོ། །ཡང་རྒྱལ་བ་རིགས་ལྔ་ལ་རིགས་ཆུང་ལྔ་ལྔས་ཕྱེ་བས་ཉི་ཤུ་རྩ་ལྔའོ། །དེ་ལ་ཡུམ་བཞི་བཞིས་ཕྱེ་བས་རིགས་བརྒྱ་སྟེ། ཡིད་གསུམ་སྤྱི་ཁྱབ་ཏུ་བཏང་ནས། རྣམ་ཤེས་ལྔའི་འཁོར་དུ་གྱུར་པའི་འདུ་བྱེད་ལྔ། རྒྱ་ཆུང་བ་དང༌། ཆེ་བ་དང་
ཚད་མེད་པ་དང༌། ཅི་ཡང་མེད་པ་དང༌། སྲིད་རྩེའི་འདུ་ཤེས་ཏེ། འདུ་ཤེས་ལྔ་འདུས་ཏེ་རེག་པའི་ཚོར་བ་ལྔ། དབྱིབས་དང༌། ཁ་དོག་དང༌། རྣམ་འགྱུར་གྱི་གཟུགས་དང་བུ་ག་ནམ་མཁའ་དང༌། རང་རིག་པའི་གཟུགས་ཕུང་ལྔ། དེ་རྣམས་འབྱུང་བ་བཞི་བཞིའི་རང་བཞིན་ལས་གྲུབ་པའི་ཕྱིར་བརྒྱ་ཐམ་པའོ། །དུས་ཀྱི་འཁོར་ལོ་ལས་ནི། དམ་པའི་རིགས་བརྒྱའི་རྩི་ཚུལ་གཞན་གསུངས་སོ། །དེས་ན་སྤྱོད་བསྡུས་སྒྲོན་མེ་ལས། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་དབྱེ་བ་ལྔ་རུ་བྱས་པ་ལས། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་བརླབས་ནས། །འཁོར་བའི་སྡུག་བསྔལ་འདི་དག་གང་ལས་འབྱུང༌། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་བཞིན་ཡང་བདེ་གཤེགགས་ལྔ་རྣམས་ཀྱིས། །དེ་ལ་རྟག་ཏུ་བྱིན་གྱིས་རློབས་བྱེད་ཅིང༌། ཡེ་ཤེས་ལྔ་དང་གསུམ་དུ་བྱིན་གྱིས་རློབས། །ཞེས་གསུངས་ཏེ། ཆོས་འདི་རྣམས་ཀྱི་རང་བཞིན་མངོན་པར་རྟོགས་ན། འཁོར་བ་ཐམས་ཅད་རྩ་བ་ནས་མེད་པ་ཡིན་ཞེས་པའོ། །གཉིས་པ་ནི། འདིའི་རྣམ་སྣང་གི་རིགས་ཉི་ཤུ་རྣམ་པར་སྣང་མཛད་ནས། མི་བསྐྱོད་པའི་རིགས་ཉི་ཤུ་རིགས་ཆེན་མི་བསྐྱོད་པར་འདུ་བའི་བར་རིགས་ལྔ་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ལས། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང༌། །གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུ་རྣམས་ནི་དུ་མའི་གར་མཛད་དོ། །ཞེས་གསུངས་སོ། །གསུམ་པ་ནི། གཞི་དུས་སུ་ཕུང་པོ་ལྔ་ལུས་ངག་ཡིད་
གསུམ་དུ་འདུས་ཤིང༌། དོན་ཡོད་གྲུབ་པ་ནི། འོད་དཔག་མེད་དང༌། རིན་ཆེན་འབྱུང་ལྡན་ནི་སྐུ་རྡོ་རྗེ་འདུས་པས། རིགས་ལྔ་པོ་ཡང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་འདུའོ། །ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བཤད་དེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། ཞེས་གསུངས་པའི་དོན་བསྟན་ཟིན་ཏོ། །གཉིས་པ་རང་བཞིན་ནི། གཞི་དུས་སུ་ལུས་ངག་གཉིས་ཀྱང་སེམས་ཀྱི་རང་སྣང་ཡིན་པ་དང༌། འབྲས་བུའི་དུས་སུ་རིགས་ཇི་སྙེད་པ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རང་སྣང་གཅིག་ཏུ་འདུས་པ་ཡིན་ཏེ། གསང་འདུས་ལས། ཁྱོད་ཀྱིས་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག །ཅེས་གསུངས་སོ། །གསུམ་པ་ནི་ཟུང་འཇུག་ཡོན་ཏན་སུམ་ཅུ་རྩ་དགུ་སྟེ། ཡན་ལག་བདུན་དང་ཡོན་ཏན་བརྒྱད་དང་ཕྲ་ཡང་ལ་སོགས་པ་བརྒྱད་དང༌། རོ་མྱང་བརྒྱད་དང༌། དབང་ཕྱུག་བརྒྱད་དོ། །འདིའི་ཡོན་ཏན་བརྒྱད་ནི་སའི་ཁམས་རང་སར་དག་པས། སྟོབས་མཐའ་ཡས་པར་འགྱུར་བ་དང༌། ཆུ་ཁམས་དག་པས་ནད་ལ་སོགས་པའི་སྐྱོན་ནམ་ཡང་མེད་པ་དང༌། མེ་ཁམས་དག་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱེད་པ་དང༌། རླུང་ཁམས་དག་པས་རྫུ་འཕྲུལ་ཡིད་ལྟར་མགྱོགས་པས་འགྲོ་བ་དང༌། ནམ་མཁའི་ཁམས་དག་པས་གར་ཡང་ཕྱིན་པ་དང༌། ཉི་མ་སྟེ་དམར་ཆ་དག་པས་སྤྲུལ་
པ་སྣ་ཚོགས་པ་སྟོན་པ་དང༌། ཟླ་བ་སྟེ་ཁུ་བ་དག་པས་བདེ་བ་ཆེན་པོས་ཐུགས་རྒྱུད་གང་བ་དང༌། རྣམ་ཤེས་ཀྱི་ཁམས་དག་པས་དུས་ཐམས་ཅད་དུ་བདེ་སྟོང་གི་ཡེ་ཤེས་མ་གཡོས་ཤིང༌། དུས་གསུམ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་གོ །འདི་ནི་ཟུང་འཇུག་གི་ཡོན་ཏན་ཡིན་ལ། སྲེད་མེད་ཀྱི་བུའི་སྟོབས་དང༌། ཟོ་མདོག་བདེ་བ་དང༌། གཟི་བརྗིད་ཆེ་བ་དང༌། གཡང་ས་ལ་སོགས་པས་མི་གནོད་པ་དང༌། མི་སྣང་བ་དང༌། སྤྲུལ་པ་ཅི་རིགས་པ་སྟོན་པ་དང༌། གྲིབ་མ་མེད་པ་དང༌། མངོན་ཤེས་ལྔ་ཅི་རིགས་པ་ཐོབ་པ་རྣམས་ས་སོགས་ཀྱི་ཡོན་ཏན་དུ་བཤད་པ་ནི། ཐུན་མོང་གི་དངོས་གྲུབ་ཀྱི་ཡོན་ཏན་དུ་བཤད་དོ། །རོ་མྱང་བརྒྱད་ནི། འཇམ་དཔལ་ཞལ་ལུང་ལས། དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུག་དང༌། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡི་རང་བ། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །ཅེས་གསུངས་པས། འཁོར་བ་ཇི་སྲིད་བར་གནས་པའི་ཕྱིར་རྟག་པ། གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན་གདུང་བ་མེད་པ། མི་སློབ་པའི་ཟུང་འཇུག་ལ་ཤེས་སྒྲྀབ་ཀྱི་ཚ་གདུང་མེད་པ་དང༌། སློབ་པའི་ཟུང་འཇུག་ལ་ཡང༌། གཉིས་སྣང་རགས་པ་འགགས་པས་ན་བསིལ་བ་དང༌། བདེན་གཉིས་དབྱེར་མེད་དང༌། སྲིད་ཞི་མཉམ་ཉིད་དུ་གྱུར་པས་གཅིག་པ་དང༌། སེམས་འགྱུར་བ་མེད་པས་བདེ་བ་དང༌། ཕྱིན་ཅི་ལོག་གི་འཁྲུལ་པ་དང་བྲལ་བས་དྲི་མ་མེད་པ་དང༌། ཟབ་གསལ་དབྱེར་མེད་
ལས་མི་འདའ་བས་འགྲོ་དོན་མཛད་པའི་ཕྱིར་དགའ་བ་དང༌། ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པས་ཆོས་ཉིད་དང༌། སེམས་ཅན་ལ་རྟག་ཏུ་མཉམ་པར་འཇོག་པས་ཡིད་དང་བའམ་ཡིད་དགའ་བའོ། །དབང་ཕྱུག་བརྒྱད་ནི། སྒྲོན་གསལ་དུ། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་ལུང་དྲངས་ཏེ། སྐུ་དཔག་མེད་ཏུ་མེད་པ་ཅིག་ཅར་སྟོན་པ་སྐུའི་དབང་ཕྱུག་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་ཅིག་ཅར་སྟོན་པ་གསུང་གི་དབང་ཕྱུག་དང༌། རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པ་ཐུགས་ཀྱི་དབང་ཕྱུག་དང༌། ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་མཐའ་ཡས་པ་སྟོན་པ་རྫུ་འཕྲུལ་གྱི་དབང་ཕྱུག་དང༌། ཡུལ་དུས་གནས་སྐབས་ཐམས་ཅད་དུ་རྒྱལ་བ་ཁྱབ་པ་ཀུན་འགྲོའི་དབང་ཕྱུག་དང༌། སྟོབས་སོགས་ཡོན་ཏན་ཐམས་ཅད་ཀྱི་གནས་སུ་གྱུར་པས་གནས་ཀྱི་དབང་ཕྱུག་དང༌། བཞེད་པ་ཙམ་གྱིས་དོན་ཐམས་ཅད་རྫོགས་པར་འགྲུབ་པ་ནི་འདོད་པའི་དབང་ཕྱུག་དང༌། གདུལ་བྱ་མུ་མེད་པ་རྣམས་ལ་བྱང་ཆུབ་གསུམ་པོ་རྒྱུད་ལ་བསྐྱེད་པར་མཛད་པ་ནི་བསྐྱེད་པའི་དབང་ཕྱུག་སྟེ། དེ་རྣམས་ལ་དབང་འབྱོར་བས་དབང་ཕྱུག་གོ །འགའ་ཞིག་གནས་ཀྱི་དབང་ཕྱུག་མི་བགྲང་ཞིང༌། ཡོན་ཏན་གྱི་དབང་ཕྱུག་ཅེས་ཟུར་དུ་བྱེད་པ་ནི། རྩ་བ་དང་དངོས་སུ་འགལ་ལོ། །དེས་ན་ཅི་འདོད་བསྐྱེད་དེ་ཡོན་ཏན་བརྒྱད་པའོ། །ཞེས་པའི་དོན་
ཡིན་པར་གུ་རུ་ལྷོ་ཕྱོགས་པས་གསུང་ངོ༌། །ཡན་ལག་བདུན་དང་ཕྲ་ཡང་བརྒྱད་ནི་གོང་དུ་བཤད་ཟིན་ཅིང༌། ཡེ་ཤེས་དེ་ཁོ་ན་ཉིད་བདུན་ནི། རིན་ཆེན་སྙེ་མར་གཏན་ལ་ཕབ་ཟིན་ཏོ། །འདིར་གཞན་འདོད་དང་བརྡ་ཆད་ཐུན་མོང་བ་ཡིན་ལ། ངོ་བོ་འཇོག་ཚུལ་མི་འདྲ་བ་འདི་ལྟ་བུ་དག་ཡོད་དོ། །ཤེས་པ་བཅུ་ལ་ཀུན་རྫོབ་ཤེས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ཡོད་པ་ཐམས་ཅད་ཇི་ལྟ་བ་ཐམས་ཅད་མཁྱེན་ཞིང་སྒྱུར་མ་ལྟར་རང་བཞིན་མེད་པར་གཟིགས་པའོ། །ཆོས་ཤེས་པས་ཐབས་ཀྱི་ཆ་མཁྱེན་པ་སྟེ། དེ་ལ་བཞི་ལས། སྡུག་བསྔལ་ཆོས་ཤེས་ནི་སྡུག་བསྔལ་བདེན་པའི་རྣམ་པ་ལོག་སྟེ། རང་བཞིན་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་གཟིགས་པའོ། །ཀུན་འབྱུང་ཆོས་ཤེས་ནི་ཉོན་མོངས་རྣམས་ཀྱི་རང་བཞིན་ཡེ་ཤེས་དང༌། བསོད་ནམས་དང་བསོད་ནམས་མ་ཡིན་པ་གང་ཡིན་པ་དང༌། མི་གཡོ་བའི་ཡན་ལས་སུ་སྣང་བ་གང་ཡིན་པ་དེའང༌། གདོད་མ་ནས་རང་བཞིན་གྱིས་འོད་གསལ་བའི་ཆ་ཤས། ལྷུན་གྱིས་གྲུབ་པའི་མཛད་པ་དང་རང་བཞིན་དབྱེར་མེད་དུ་མཐོང་བའོ། །འགོག་པ་ཆོས་ཤེས་ནི། སྤང་བྱ་གློ་བུར་བ་གསར་དུ་འགགས་ཤིང༌། འགགས་པའི་དབྱིངས་དེ་ཡང་བདེ་བ་ཆེན་པོར་མཐོང་བའོ། །ལམ་ཆོས་ཤེས་ནི་ལམ་གྱི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་གདོད་མ་ནས་བདེ་བ་ཆེན་པོ་རང་རིག་རང་གསལ་བར་གནས་པ་དེ་ཉིད་ཀྱི་ངོ་བོར་གདོད་མའི་ཚུལ་གྱིས་རང་བཞིན་དབྱེར་མེད་དུ་མཐོང་བའོ། །རྗེས་སུ་
ཤེས་པ་ནི། ཤེས་རབ་ཀྱི་ཕྱོགས་ཏེ། དེ་ལ་བཞི་ལས། སྡུག་བསྔལ་རྗེས་ཤེས་ནི། ཆོས་ཤེས་ཀྱི་ཡུལ་དེ་ཉིད་ལ་དམིགས་ནས་བདེ་བ་ཆེན་པོར་གཟིགས་པའོ། །ཀུན་འབྱུང་རྗེས་ཤེས་ནི། ཆོས་ཤེས་ཀྱི་ཡུལ་ལ་དམིགས་ནས་རང་བཞིན་མེད་པ་གཟིགས་པའོ། །འགོག་པ་རྗེས་ཤེས་ནི། སྤང་བྱ་ཐམས་ཅད་གདོད་མ་ནས་འགགས་པར་གཟིགས་པའོ། །ལམ་རྗེས་ཤེས་ནི་གཞི་ལམ་དབྱེར་མེད་དེ་ཡང་གདོད་མ་ནས་སྟོང་པའི་རང་བཞིན་དུ་གཟིགས་པའོ། །བདེན་བཞི་ཤེས་པ་ནི། ཆོས་ཤེས་རྗེས་ཤེས་གཉིས་ལས་ལོགས་སུ་མེད་ཀྱང༌། རེ་རེ་བཞིན་ངོ་བོ་ཙམ་ངོས་བཟུང་ན། སྡུག་བསྔལ་རྣམ་པ་དཀྱིལ་འཁོར་དང་ངོ་བོ་བདེ་བ་ཆེན་པོར་མཐོང་བ་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་གི་རང་བཞིན་ཡེ་ཤེས་འཕྲིན་ལས་དང་བཅས་པར་ཤེས་པ་ཡང་རང་བཞིན་མེད་པའི་ཚུལ་གྱིས་གཟིགས་པར་ཡོད་པ་ནི། ཀུན་འབྱུང་ཤེས་པའོ། །རང་བཞིན་གདོད་མ་ནས་འགགས་པ་གློ་བུར་དུ་ཡང་བྲལ་བར་གཟིགས་པ་ནི། འགོག་པ་ཤེས་པའོ། །གཞི་འབྲས་དབྱེར་མེད་པ་ལམ་གྱི་ངོ་བོར་གནས་པ་དེ་ཡང་གདོད་མ་ནས་སྟོང་པར་མཐོང་བ་ནི། ལམ་ཤེས་པའོ། །འདི་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང༌། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་ཏུ་གནས་པ་མངོན་སུམ་དུ་མཐོང་བ་ཡིན་ཞེས་པ་འདིའི་དོན་ཤེས་པ་གནད་ཆེའོ། །ཕ་རོལ་སེམས་ཤེས་ནི། ཆོས་ཐམས་ཅད་མཉམ་ཉིད་དུ་མཐོང་བའི་ཡེ་ཤེས་ཀྱིས་དྲངས་པའི་མངོན་ཤེས་
ཀྱིས་སྲིད་པ་དང་ཞི་བས་བསྡུས་པའི་སེམས་ཅན་སྐྱེ་འགགས་ཐམས་ཅད་ཀྱི་ཀུན་སྤྱོད་ཐམས་ཅད་ཤེས་པའོ། །ཟད་པ་ཤེས་པ་ནི། སྤང་བྱའི་ཆོས་ཐམས་ཅད་རང་བཞིན་ལ་གདོད་མ་ནས་ཟད་པར་ཤེས་པའོ། །མི་སྐྱེ་བ་ཤེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་དེ། སྤང་བྱ་ཐམས་ཅད་ལམ་གྱིས་སྤངས་པས་གློ་བུར་གྱི་སྐྱེ་བའང་ཕྱིན་ཆད་གཏན་མི་འབྱུང་བར་མཐོང་བའོ། །འདི་དག་ནི་སངས་རྒྱས་ཀྱི་ཤེས་པ་བཅུའི་དབང་དུ་བྱས་པའོ། །མཐོང་ལམ་གྱི་ཆོས་ཤེས་རྗེས་ཤེས་རྣམས་ཀྱང་ཉོན་སྒྲིབ་ཀྱི་དབང་དུ་བྱས་ནས་འདིའི་རིགས་པས་ཤེས་པར་བྱ་ཞིང༌། སྡུག་བསྔལ་ཆོས་བཟོད་དང༌། རྗེས་བཟོད་ལ་སོགས་པ་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་བརྒྱད་ཀྱིས་ཤེས་ཤིང༌། མཐོང་བའི་དོན་བཟོད་པར་བྱས་ཏེ་བསྒོམ་པའོ། །འོ་ན་མཐོང་ལམ་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་རང་བཞིན་དེ་རྣམས་སྐད་ཅིག་བཅུ་དྲུག་ཏུ་འཆད་པའི་ཕྱིར། ཤེས་བཟོད་བཅུ་དྲུག་རེ་རེ་དང་སྦྱོར་བ་བྱེད་དམ་ཞེ་ན། མི་སྦྱོར་ཏེ། སྔགས་ལུགས་ཀྱི་ཤེས་བཟོད་བཅུ་དྲུག་པོ་འདི་དག་ནི། ཐོག་མར་རྟོགས་ཚུལ་ཀྱི་དབྱེ་བས། ཤེས་བཟོད་གཉིས་ཐོབ་པ་ལ་སྔ་ཕྱི་ཅུང་ཟད་ཡོད་མོད་ཀྱི། ལྷ་མ་མཉམ་བཞག་གི་ཐུན་དེ་ཕལ་ཆེར་བཅུ་དྲུག་པོ་ཐམས་ཅད་དུས་གཅིག་ཏུ་བསྒོམ་པ་ཡིན་ཏེ། དམིགས་ཡུལ་གྱི་ལྡོག་ཆས་ཕྱེ་བ་མ་རྟོགས་ཡེ་ཤེས་ཀྱི་ངོ་བོ་གཅིག་ཡིན་ནོ། །དགའ་བ་བཅུ་དྲུག་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟེང་དུ་བགྲོད་དབྱེ་བས་སྔ་ཕྱིའི་གོ་རིམ་སྟེ། མཐོང་ལམ་དགའ་བའི་སྐད་
ཅིག་མ་བཅུ་དྲུག་ཅེས་བརྗོད་པས། ཤེས་བཟོད་བཅུ་དྲུག་ཡིན་པར་མི་འགྲོའོ། །དེ་དག་ནི་མཚན་ཡང་དག་པར་བརྗོད་པ་ལས། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་པ་དང༌། ཤེས་བཅུ་རྣམ་དག་འཆང་བའོ། །ཞེས་སོགས་གསུངས་པའི་ངེས་དོན། གྲུབ་ཆེན་ཞི་བའི་ཞལ་སྔ་ནས་ཀྱི་མན་ངག་གུ་རུ་ཤར་ཕྱོགས་པ་ལས་ཁོ་བོས་འབད་པས་ཐོབ་པ་སྟེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྐྱེས་སྔོན་ཆད་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་འདི། ཁོ་བོས་གངས་རིའི་ཁྲོད་དུ་ཡོངས་སུ་བསྒྲགས་ཀྱི། ཟང་ཟིང་ཙམ་དོན་དུ་གཉེར་བ་མ་ཡིན་པའི། མཁས་པ་རྣམས་ཀྱིས་ཡི་རང་བ་དང་བཅས་པས་ཁས་ལེན་པའི་འོས་སོ། །གསང་སྔགས་ནང་གི་ངེས་དོན་གྱི་ཞུགས་འབྲས་བརྒྱུད་ལ་སོགས་པའི་རྣམ་གཞག་དང༌། བདེན་པ་བཞིའི་དོན་རྣམ་པ་བཅུ་གཉིས་ལ་སོགས་པའང༌། ཨོ་རྒྱན་གྱི་ཡུལ་ནས་གྲུབ་ཆེན་ཞི་བའི་ཞལ་སྔ་ནས་ཀྱིས་མཁའ་འགྲོ་མ་རྣམས་ལས་ལེགས་པར་རྙེད་པའི་རྣམ་གཞག་དང༌། དེའི་མན་ངག་ཀྱང་ཡོད་མོད་ཀྱི་སྐལ་བ་དང་ལྡན་པ་རྣམས་ཀྱི་རྣ་དྲུང་དུ་ཤུབ་བུའི་ངག་གིས་བརྗོད་པར་བསམ་སྟེ། འདིར་མི་འབྲིའོ། །ཤེས་བཅུ་ལ་སོགས་པ་དེ་ཀུན་ཡང༌། ཨོ་ཊི་ཡ་ན་ལས་བྱུང་བ་རྒྱུད་ཀུན་ལས་བཏུས་པ་ཞེས་བྱ་བ་ནས་འབྱུང་བ་ཡིན་ཞེས་གསུང་ངོ༌། །རྒྱུད་དེ་ནི་དུམ་བུ་དུམ་བུའི་ཚུལ་གྱིས་འཕགས་པའི་ཡུལ་ལ་ཡང་མང་དུ་ཡོད་པར་སྣང་ཞིང༌། ཕྱོགས་འདི་ན་ཨོ་རྒྱན་ལས་བྱུང་བའམ་གདན་དྲངས་པ་ཡིན་ཞེས་པའི་སྒྲུབ་ཐབས་དང་མན་ངག་ཐོར་བུ་སྣ་ཚོགས་པ་འདི་ཀུན་ཡང་རྒྱུད་དེ་ལས་བྱུང་བར་
ཡིད་ཆེས་ཤིང༌། གྲུབ་ཆེན་ཞི་བའི་ཞལ་སྔ་ནས། རྒྱུད་དེ་ལ་དུམ་བུ་སྟོང་ཕྲག་བརྒྱད་ཡོད་ཅེས་གསུང་སྐད། བླ་མ་རྗེ་བཙུན་གྱི་ཞལ་སྔ་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སྐད་ཅིག་མར་མཐོང་བ་འདི། མཐོང་ལམ་གྱི་ངོ་བོ་ཡིན་ནོ་ཞེས་གསུངས་ཏེ། འདི་ནི་ཤིན་ཏུ་སྙིང་པོ་ལས་ཀྱང་སྙིང་པོ་སྟེ་གནད་དམ་པར་བཟུང་ངོ༌། །གཉིས་པ་ལ། སྐུའི་རྣམ་གཞག་ནི་མདོ་ཙམ་བཤད་ཟིན་པས་ཡོན་ཏན་དང་འཕྲིན་ལས་གཉིས་ཀྱི་དང་པོ་ཡོན་ཏན་ནི། རང་དོན་གྱི་སྐུའི་ཡོན་ཏན་དང༌། གཞན་དོན་གྱི་སྐུའི་ཡོན་ཏན་གཉིས་སོ། །དང་པོ་ནི་ཆོས་སྐུའི་ཡོན་ཏན་ཏེ། ཟག་མེད་ཀྱི་སྡེ་ཚན་ཉཻར་གཅིག་ལ་སོགས་པ་རྒྱས་པར་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་ཤེས་པར་བྱ་ལ། ཉེ་བར་མཁོ་བ་ཅུང་ཟད་ཅིག་བརྗོད་ན། སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་ཐུགས་རྗེ་ཆེན་པོའོ། །དང་པོ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་གཅིག་ཉིད་ལས། མཁྱེན་ཡུལ་གྱི་སྒོ་ནས་སྟོབས་བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི་རྒྱུ་དང་རྒྱུ་མ་ཡིན་པ་མཁྱེན་པ་སྟེ། དཔེར་ན་མཐོ་རིས་དང་ངན་སོང་གི་རྒྱུ་ནི། ལས་དགེ་སྡིག་ཡིན་པ་འདི་ནི་གནས་ཡིན་ལ། བདག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་ནི། མཐོ་རིས་དང་ངན་སོང་གི་གནས་དང་རྒྱུ་མ་ཡིན་པ་དང་ལྟ་བུ་སྟེ་དེས་མཚོན་པའི་འཁོར་འདས་ཀྱི་ཆོས་གང་དང་གང་ཐམས་ཅད་ཀྱི་རྒྱུ་དང་རྒྱུ་མ་ཡིན་པ་ཐམས་ཅད་མཁྱེན་པའོ། །གནས་དང་གནས་མིན་གྱི་རྣམ་གཞག་རྒྱས་པ་གཏན་ལ་དབབ་པ་བསྡུ་བ་ལས་ཤེས་
པར་བྱའོ། །ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་ནི། དགེ་སྡིག་གིས་ལས་གང་དང་གང་གིས་འབྲས་བུ་འདི་འབྱིན་ཞེས་ཐམས་ཅད་ཅིག་ཅར་མཁྱེན་པའོ། །བསམ་གཏན་དང་རྣམ་ཐར་དང་ཏིང་ངེ་འཛིན་དང་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ཤེས་སམ། ཀུན་བྱང་མཁྱེན་པའི་སྟོབས་ཞེས་བྱ་བ་ནི། བསམ་གཏན་བཞི། རྣམ་ཐར་བརྒྱད། ཟད་པར་བཅུ་ལ་སོགས་པའམ་ཐེག་པ་ཆེན་པོ་ལྟར་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་རྒྱ་མཚོའི་ཚོགས་རྣམས་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་བར་དུ་གཅོད་པའི་ཆོས་ཀུན་ནས་ཉོན་མོངས་དང༌། གཉེན་པོ་འཕེལ་བའི་ཆོས་རྣམ་བྱང་ཐམས་ཅད་མཁྱེན་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། སེམས་ཅན་དབང་པོ་རྣོ་འབྲིང་རྟུལ་གསུམ་དང༌། དེའི་རབ་དབྱེ་མཐའ་ཡས་པ་དང༌། དེ་དག་སྨིན་པ་དང་སད་པར་བྱེད་པའི་ཆོས་ཐམས་ཅད་མཁྱེན་པའོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། སེམས་ཅན་གང་དག་ཐེག་གསུམ་སོ་སོ་ལ་མོས་པ་དང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་རྣམ་པར་ཕྱེ་བའི་ཆོས་ཐ་དད་ལ་མོས་པ་དང༌། མོས་པ་དེ་དག་གི་མཐུ་ཆེ་ཆུང་དང༌། རང་བཞིན་བཟང་ངན་ཐམས་ཅད་མཁྱེན་པའོ། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི། ཁམས་དང་རིགས་ནི་དོན་གཅིག་སྟེ། ཐེག་པ་གསུམ་གྱི་རིགས་སོ་སོ་དང༌། ངེས་པ་དང༌། མ་ངེས་པ་དང༌། རེ་ཞིག་རིགས་
ཚད་དུ་གྱུར་པ་དང༌། སྐལ་བ་དང་བག་ཆགས་ཤས་ཆེ་ཆུང་ཐམས་ཅད་དེ་མདོར་ན་རང་བཞིན་དང་རྒྱས་འགྱུར་ཐམས་ཅད་མཁྱེན་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། འཁོར་བའི་ལམ་འགྲོ་བ་རྒྱུད་ལྔར་སྐྱཻ་བའི་ལས་ཉོན་རྣམས་ཁམས་གསུམ་དུ་སྐྱེ་བའི་ལས་ཐམས་ཅད་མཁྱེན་ཞིང་ཞི་བའི་ལམ་ཐེག་པ་གསུམ་གྱི་བྱང་ཆུབ་ཐོབ་པར་འགྱུར་བའི་དམིགས་པ་ཐམས་ཅད་མཁྱེན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི། བདག་ཉིད་ཀྱི་སྔོན་གྱི་ཚེ་རབས་ཐམས་ཅད་དུ་གང་ཅུང་ཟད་ཡོད་པ་ཐམས་ཅད་ཅིག་ཅར་མཁྱེན་པའོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཕྱི་མའི་མུ་མཐར་ཐུག་པའི་སྐྱེ་བ་གཞན་དུ་མེད་པ་ཐམས་ཅད་ཅིག་ཅར་མཁྱེན་པ་སྟེ། འདིས་དེ་རྣམས་ཀྱི་སྔོན་གྱི་ཚེ་རབས་ཐམས་ཅད་མ་ལུས་པར་མཁྱེན་པའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། བདག་ཉིད་ཀྱི་སྤང་བྱ་ཐམས་ཅད་ཟད་དེ་སླར་མི་སྐྱེ་བ་དང༌། སེམས་ཅན་གཞན་རྣམས་ཀྱི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དང༌། ཟག་པ་ཟད་པ་རྣམས་ལའང་དེ་བཞིན་དུ་སྟེ་ཐམས་ཅད་ཅིག་ཅར་མཁྱེན་པའོ། །དེ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་རྟོག་པ་མི་མངའ་བས། གཟིགས་པ་མེད་པའི་ཚུལ་གྱིས་གཟིགས་པ་སྟེ། ཅིའི་ཕྱིར་སྟོབས་ཞེས་བྱ་ན་རང་རྒྱུད་ཀྱི་མ་རིག་པའི་སྒྲིབ་པ་ཐམས་ཅད་བཅོམ་ཞིང༌། གཞན་གྱིའང་ཐམས་ཅད་འཇོམས་པས་ཏེ། ཐེག་པ་ཆེན་པོའི་རྒྱུད་བླ་མ་ལས། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗཻ་བཞིན། །
ཞེས་གསུངས་སོ། །ཡང་འདི་དག་བདུད་བཞི་འཇོམས་པའི་ཕྱིར་སྟོབས་ཏེ། མདོ་སྡེ་རྒྱན་ལས། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐབས་ལ་བསླུ་བའི་བདུད་ནི། མཆོད་སྦྱིན་བྱས་པས། བྱེད་པ་པོ་དང་བསད་པའི་དུད་འགྲོ་རྣམས་ཀྱང་མཐོ་རིས་སུ་འགྲོ་ཞེས་བྱ་བ་ལ་སོགས་པ། མཐོ་རིས་དང་ཐར་པའི་ཐབས་ལ་སོགས་པ་སྟོན་པ་སྟེ། དེ་ནི་སྟོབས་དང་པོས་འཇོམས་སོ། །ལས་དགེ་སྡིག་གིས་མཐོ་རིས་དང་ངན་སོང་དུ་འགྲོ་བ་ཡིན་པ་ལ། དབང་ཕྱུག་ལ་སོགས་པ་ལ་སྐྱབས་སུ་སོང་མ་སོང་དང་མཉེས་མ་མཉེས་ཀྱིས་དེ་དང་དེར་འགྲཽ་བར་འདོད་པ་ནི། སྐྱབས་ལ་བསླུ་བའི་བདུད་དེ། སྟོབས་གཉིས་པས་འཇོམས་སོ། །བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐར་བ་ཡིན་པར་འདོད་པ་སོགས་ནི། དག་པ་ལ་བསླུ་བའི་བདུད་དེ། སྟོབས་གསུམ་པས་འཇོམས་ཏེ། དེས་དེ་དག་གི་ས་བོན་སྤོངས་པའི་ནུས་པ་མཁྱེན་ཞིང་སྟོན་པས་སོ། །ཐེག་ཆེན་གྱི་རིགས་ཅན་ཐེག་དམན་ལ་སྦྱོར་བ་ནི། ཐེག་པ་ཆེན་པོ་ལ་ངེས་པར་བསླུ་བའི་བདུད་དེ། དེ་ནི་སྟོབས་ལྷག་མ་བདུན་གྱིས་འཇོམས་སོ། །གཉིས་པ་ནི། དང་པོ་གཉིས་རང་དོན་ཕུན་སུམ་ཚོགས་པར་མཛད་པ་ལ་མི་འཇིགས་པ་དང༌། ཕྱི་མ་གཉིས་གཞན་དོན་ཕུན་སུམ་ཚོགས་པ་ལ་མི་འཇིགས་པའོ་ཞེས་ངེས་པར་བྱའོ། །དེ་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་མི་འཇིགས་
པ་ནི། ཆོས་ཐམས་ཅད་མཁྱེན་ཞིང་ཐུགས་སུ་ཆུད་པ་ཡིན་པས་དེ་ལ་འཇིག་རྟེན་ན་མཐུ་ཆེ་བ་སུས་ཀྱང་དེ་ལྟར་མ་ཡིན་ཞེས་རྒོལ་བའི་གནས་མེད་པའོ། །འདི་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ལ་མི་འཇིགས་པ་ནི། འདོད་ཆགས་ལ་སོགས་པ་ཟག་པ་ཐམས་ཅད་ཟད་པ་ཡིན་པའི་ཕྱིར། དེ་ལྟར་ཞལ་གྱིས་བཞེས་པ་ལ་རྒོལ་བའི་གནས་མེད་པ་སྟེ། སྤངས་པ་ཕུན་སུམ་ཚོགས་པའོ། །བར་དུ་གཅོད་པའི་ཆོས་ལུང་སྟོན་པ་ལ་མི་འཇིགས་པ་ནི། འདོད་ཡོན་དང་ཆགས་སོགས་ཐར་པ་ལ་བར་དུ་གཅོད་པར་མངོན་སུམ་དུ་གཟིགས་པས། དེ་ལྟར་སྟོན་པ་ལ་རྒོལ་བའི་གནས་མེད་པའོ། །ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་གྲོལ་བ་ཐོབ་ཅིང༌། གཞན་གྱིས་ནམ་ཡང་མ་ཡིན་པ་མངོན་སུམ་དུ་གཟིགས་པའི་ཕྱིར། དེ་ལྟར་སྟོན་པ་ལ་སུས་ཀྱང་རྒོལ་བའི་གནས་མེད་པའོ། །གསུམ་པ་ནི། མདོ་སྡེའི་རྒྱན་ལས། རྟོགས་པ་དང་ནི་སྤྱོད་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཞེས་གསུང་པ་ལྟར། དང་པོ་རྟོགས་པས་བསྡུས་པ་དྲུག་གི་སྐུ་ལ་འཁྲུལ་པ་མི་མངའ་བ་ནི་བསྟབས་པ་དང༌། བརྡེག་འཆོས་པ་ལ་སོགས་པ་སྐུའི་སྤྱོད་པ་འཁྲུལ་བའི་རིགས་ནམ་ཡང་མི་མངའ་བའོ། །གསུངས་ལ་ཅ་ཅོ་མི་མངའ་བ་ནི། ཉན་ཐོས་དང་རང་རྒྱལ་དག་གྲོང་སྟོང་པར་སུ་ཡོད་ཅེས་སྨོད་པ་སོགས་ཡོད་ཅིང༌། དེ་བཞིན་གཤེགས་པ་ལ་གསུང་དོན་མེད་པ་མི་མངའ་བའོ། །ཐུགས་ལ་བསྙེལ་
བ་མི་མངའ་བ་ནི། མཉམ་པར་བཞག་པའི་རྗེས་སུ་སླར་མངོན་ཤེས་འཇུག་པ་ལྟ་བུ་མ་ཡིན་གྱི། དུས་ཐམས་ཅད་དུ་རྩོལ་བ་མེད་པར་མཁྱེན་པའོ། །གཡོ་བ་མི་མངའ་བ་ནི། མཉམ་རྗེས་སོ་སོ་མེད་པས་དུས་རྟག་ཏུ་མཉམ་པར་བཞག་པའོ། །ཐ་དད་པའི་འདུ་ཤེས་མི་མངའ་བ་ནི། འཁོར་བའི་རང་བཞིན་མྱ་ངན་ལས་འདས་པ་དང༌། ཉོན་མོངས་ཀྱི་རང་བཞིན་རྣམ་བྱང་དུ་གཟིགས་པ་སོགས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི། གང་ཅུང་ཟད་སེམས་ཅན་འདུལ་བའི་སྐལ་བ་ཡོད་པ་ཐམས་ཅད་ལ། དུས་ལས་ཡོལ་བ་སོགས་བཏང་སྙོམས་གཏན་མི་སྲིད་དེ། རྣམ་པར་མི་རྟོག་བཞིན་དུ་དུས་ལས་མ་གཡོ་བར་འགྲོ་དོན་མཛད་པ་ལ་རྒྱང་རིང་ཐུང་མི་མངའ་བའོ། །གཉིས་པ་སྤྱོད་པས་བསྡུས་པ་དྲུག་ལ། འདུན་པ་ཉམས་པ་མེད་པ་ནི་སེམས་ཅན་མ་ལུས་པའི་དོན་ལ་མོས་པས། འདུན་པ་ཉམས་པ་མི་མངའ་བའོ། །བརྩོན་འགྲུས་ཉམས་པ་མེད་པ་ནི། སེམས་ཅན་གཅིག་ཁོ་ནའི་ཕྱིར་དུ་ཡང་བསྐལ་པ་མཐའ་ཡས་པར་བརྩོན་པར་མཛད་པ་སྟེ། འབད་རྩོལ་མེད་པའི་བརྩོན་འགྲུས་ཀྱིས། སྐུ་གསུང་ཐུགས་ངལ་བ་མི་མངའ་བའོ། །དྲན་པ་ཉམས་པ་མེད་པ་ནི། སེམས་ཅན་གྱི་སྤྱོད་པ་དང༌། བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་གང་གིས་འདུལ་བ་སོགས་སྔོན་གནས་མཁྱེན་ཞིང་དྲན་པའི་ཡེ་ཤེས་ཀྱིས་ཟིན་པའོ། །ཤེས་རབ་ཉམས་པ་མེད་པ་ནི། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་ཆོས་སྒོ་སྟོན་པ་ལ་ཟད་པ་མི་མངའ་
བའོ། །ཏིང་ངེ་འཛིན་ཉམས་པ་མེད་པ་ནི། ཇི་ལྟར་བརྙེས་པའི་ཏིང་ངེ་འཛིན་གྱི་གྲངས་ཚད་བཟུང་མེད་པ་ཐམས་ཅད་ལ་དུས་ཐམས་ཅད་དུ་མཉམ་པར་བཞག་པའོ། །རྣམ་པར་གྲཽལ་བ་ཉམས་པ་མེད་པ་ནི་ཕྱོགས་རེས་ཙམ་ལས་རྣམ་པར་གྲཽལ་བ་མ་ཡིན་པར་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་པོ་ལས་རྫོགས་པར་གྲོལ་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའོ། །གསུམ་པ་ཡེ་ཤེས་ཀྱིས་བསྡུས་པ་གསུམ་ལ། འདས་པའི་དུས་ལ་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་ནི། ཐོག་མ་མེད་པའི་དུས་ཀྱི་བསྐལ་པར་ཆོས་ཅི་བྱུང་བ་ཐམས་ཅད་མ་ནོར་བར་མཁྱེན་པའོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་གཉིས་ཀྱང་ཐ་མ་མེད་པའི་བསྐལ་པ་རྣམས་སུ་ཆོས་ཅི་བྱུང་བ་ཐམས་ཅད་དང༌། ད་ལྟ་ཕྱོགས་བཅུ་ན་ཅི་ཡོད་པ་ཐམས་ཅད་དུས་གཅིག་ཏུ་མ་འཁྲུལ་ཞིང་མ་འཛིང་པར་མཁྱེན་པའོ། །བཞི་པ་འཕྲིན་ལས་ཀྱིས་བསྡུས་པ་གསུམ་ལ། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ནི། རང་ཉིད་ཀྱིས་སྔོན་མཛད་དོ་ཅོག་ཐམས་ཅད་ཀྱང་སྐད་ཅིག་གཅིག་ལ་དགོངས་པ་ལ་བཞག་ནས་ཕྱིས་ཅི་མཛད་པ་ཐམས་ཅད་ཀྱང་ཅིག་ཅར་ཡེ་ཤེས་དེས་མཁྱེན་ཞིང༌། རྫུ་འཕྲུལ་ལ་སོགས་པ་སྐུའི་འཕྲིན་ལས་མཛད་པ་རྒྱུན་མི་ཆད་པའོ། །ངག་གི་ལས་ཐམས་ཅད། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ནི། འཇུག་ཚུལ་འདྲ་བ་ལ། སེམས་ཅན་གྱི་བསམ་
པ་དང་མཐུན་པར་ཡན་ལག་དྲུག་ཅུའི་གསུང་གིས་ཆོས་སྟོན་པའོ། །ཡིད་ཀྱི་འཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཡང་འཇུག་ཚུལ་འདྲ་བ་ལས་རྟོག་པ་དང་སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། དོན་དམ་པར་ཆོས་ཀྱི་དབྱིངས་ལ་མཉམ་པར་འཇོག་པའོ། །འདི་དག་རྒྱས་པར་དེ་བཞིན་གཤེགས་པའི་ཐུགས་རྗེས་ཆེན་པོ་བསྟན་པའི་མདོའམ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་འབྱུང་ཞིང༌། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས་ཀྱང༌། ཡོན་ཏན་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་རྒྱུ་དང་བཅས་ཤིན་ཏུ་རྒྱས་པར་གསུངས་ཤིང༌། མ་འདྲེས་པ་བཅོ་བརྒྱད་ལ་འགའ་ཞིག་འདི་དང་འདྲ་མིན་ལ་རེ་རེ་བཞིན་ཏིང་ངེ་འཛིན་དང་གཟུངས་རེ་བཤད་ལ། ངོ་བོ་ཡང་གཟུང་དབང་གིས་ཞུས་པའི་ལུགས་ཀྱང་འདི་དང་ཅུང་ཟད་མི་འདྲ་བར་གསུངས་ཏེ། རྒྱས་པར་མདོ་སྡེ་དེ་དག་ཉིད་དོན་ཟབ་ཅིང་རྒྱ་ཆེ་ལ་ཞལ་གསལ་བར་ཡོད་པས་ངེས་པར་བལྟ་བར་བྱ་ལ། དེ་ཙམ་མི་ནུས་ན་ཐེག་ཆེན་རྒྱུད་བླ་སོགས་དགོངས་འགྲེལ་གྱི་གཞུང་རྒྱས་པ་རྣམས་ལས་ཤེས་པར་བྱའོ། །བཞི་པ་ཐུགས་རྗེ་ཆེན་པོ་ནི། རྒྱས་པར་མདོ་སྡེ་རྣམས་སུ་ཤེས་པར་བྱའོ། །ཇི་སྐད་དུ། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཉིན་མཚན་ལན་དྲུག་ཏུ་གཟིགས་པར་བཤད་པ་ནི། ཉན་ཐོས་དང་ཐུན་མོང་གི་མདོ་རྣམས་ཀྱི་རྗེས་སུ་འབྲང་བ་སྟཻ། དོན་ལ་ནི། དམིགས་པ་མེད་
པའི་ཐུགས་རྗེ་ཆེན་པོས་དུས་རྟག་ཏུ་སེམས་ཅན་རྣམས་ཀྱི་བདེ་སྡུག་ཐམས་ཅད་གཟིགས་ཤིང༌། སྡུག་བསྔལ་དང་ཀུན་འབྱུང་ལས་སྒྲོལ་བའི་དགོངས་པ་མངའ་བའོ། །གཉིས་པ་ལ། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། གསུང་དབྱངས་ཡན་ལག་དྲུག་ཅུའོ། །དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུང་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེངྒེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེངྒེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐབས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་པ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་སོ། །ཞབས་མཐིལ་མཉམ་པར་ས་ལ་ཕབས་པ་རུས་སྦལ་གྱི་ལྟོ་བ་འདྲ་བ་ནི། རུས་སྦས་གྱི་ཞབས། ཕྱག་
ཞབས་གཉིས་ཀྱི་མཐིལ་བཞི་དང་ཕྲག་པ་གཉིས་ལྟག་པའི་ཕྱོགས་རྒྱས་པས་བདུན་མཐོ་བའོ། །ཞབས་འབུར་མི་མངོན་པ་ནི་བོལ་ཚིགས་འབུར་མི་མངོན་པའོ། །བྱིན་པ་ཨེ་ན་ཡའི་འདྲ་བ་ནི། མཁྲེམས་ཤིང་རིམ་གྱིས་འཕྲ་བའོ། །ཐལ་གོང་རྒྱས་པ་ནི་སྒྲོག་རུས་ཤས་རྒྱས་ཤིང་ཀྱོག་མོ་མེད་པའོ། །རྫི་མ་བ་མཆོག་འདྲ་བ་ནི། མཐུག་ཅིང་རིང་ལ་གཞོལ་བའོ། །གཞན་རྣམས་གོ་སླའོ། །གཉིས་པ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེངྒེ་གླང་ཆེན་བྱ་དང་ནི། ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་སྒྲུབ་མེད་དག་པ་དང༌། །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་ལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །རྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་
རིང་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེམ་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདམ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་བ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིང་དང༌། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་སོ། །སེན་མོ་མཐོ་བ་ནི་མ་ཞོམ་པའོ། །ལོང་བུའི་ཚིགས་སྤོབ་པར་མི་མངོན་པ་དང༌། ཞབས་གཉིས་རིང་ཐུང་ཕྲ་སྦོམ་མཉམ་པའོ། །མི་ལ་སོགས་པས་སྟེང་གི་འགྲོ་བ་ཟིལ་གྱིས་གནོན་པས་སེངྒེའི་སྟབས་དང༌། ཀླུ་ལ་སོགས་པ་ས་འོག་གི་འགྲོ་བ་ཟིལ་གྱིས་གནོན་པས་གླང་པོ་ཆེའི་སྟབས་དང་ནམ་མཁའ་ལ་རྒྱུ་བའི་སེམས་ཅན་དང༌། སྟེང་གི་འགྲོ་བ་རྣམས་ཟིལ་གྱིས་གནོན་པས། བྱ་ངང་པའམ་མཁའ་ལྡིང་གི་སྟབས་དང༌། འཁོར་རྣམས་ཀྱི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་
གཤེགས་པའོ། །མཚན་ཐམས་ཅད་དོད་ཅིང་གསལ་བས་ཡོངས་སུ་རྫོགས་པའོ། །ཕྱག་གི་དབྱིབས་ཡང་ཤིང་མཛེས་པས་ཕྱང་ངེ་བའོ། །ལྟེ་བའི་ཁུང་ཟབ་ཅིང་རི་མོ་གཡས་སུ་འཁྱིལ་བའོ། །ཞལ་གྱི་སྒོ་ཧ་ཅང་ཆེས་པའི་སྐྱོན་དང་གསུང་ཐག་ཧ་ཅང་རིང་བ་མེད་པའོ། །སྨིན་མ་གཉིས་འབྲེལ་བས་ཚུགས་རིང་པའོ། །དཔྲལ་པ་ལེགས་པར་རྒྱས་ཤིང་འབུར་དུ་དོད་པས་དབྱེས་པ་དང༌། སྐྲ་མཚམས་མཉམ་པར་ཕྱེད་པའོ། །ཕྱག་ཞབས་ལ་དཔལ་གྱི་བེའུ་དང༌། འཁོར་ལོའི་མུ་ཁྱུད་ལ་བཀྲ་ཤིས་པའི་རི་མོ་བར་མ་ཆད་པ་བདུན་རིམ་དང༌། གཡུང་དྲུང་འཁྱིལ་བའི་དབྱིབས་ཅན་གྲུ་བཞིའི་རི་མོས་བསྐོར་བའོ། །གཞན་རྣམས་ནི་གོ་སླའོ། །གསུམ་པ་གསུང་དབྱངས་ཡན་ལག་དྲུག་ཅུ་ནི། སྡོམས་སུ་བསྡུ་ན། ༡མཉེན་འཇམ་༢ཡིད་འོང་༣ཡིད་དུ་༤འཐད། །དག་པ་༥དྲི་མེད་༦རབ་ཏུ་༧གསལ། །སྙན་ཞིང་འཇེབས་༨ལ་མཉམ་པར་༩འོས། །མི་ཚུགས་༡༠སྙོན་པ་༡༡དུལ་༡༢མི་རྩུབ༡༣། །མི་བརླང་༡༤རབ་དུལ་༡༥རྣ་བར་སྙན༡༦། །ལུས་ཚིམ་༡༧བྱེད་དང་སེམས་ཚིམ་༡༨བྱེད། །སྙིང་དགར་བྱེད་༡༩དང་དགའ་བདེ་༢༠བསྐྱེད། །ཡོངས་སུ་གདུང་མེད་༢༡ཀུན་ཤེས་༢༢བྱ། རྣམ་པར་རིག་བྱ་༢༣རྣམ་གསལ་བ༢༤། །དགའ་བར་༢༥བྱེད་དང་མངོན་དགའ་༢༦བྱེད། །ཀུན་ཤེས་༢༧བྱེད་དང་རྣམ་རིག་༢༨བྱེད། །རིགས་༢༩པ་འབྲེལ་བ་༣༠ཟློས་སྐྱོན་༣༡ མེད། །སེངྒེའི་སྒྲ་ཡི་ཤུགས་༣༢ཅན་དང༌། །གླང་ཆེན་སྒྲ་སྐད་༣༣འབྲུག་སྒྲའི་དབྱངས༣༤། །ཀླུ་དབང་༣༥སྒྲ་དང་དྲི་ཟའི་༣༦གླུ། །ཀ་ལ་པིངྐའི་སྒྲ་༣༧དབྱངས་དང༌། །ཚངས་
པའི་༣༨སྒྲ་དབྱངས་བསྒྲིགས་པ་དང༌། །ཤང་ཤང་ཏེའུའི་༣༩སྒྲ་དབྱངས་གྲགས། །ལྷ་ཡི་དབང་པོའི་༤༠དབྱངས་ལྟར་སྙན། །རྔ་སྒྲ་༤༡མི་ཁེངས་༤༢མི་མངའ་༤༣བ། །སྒྲ་ཀུན་གྱི་ནི་རྗེས་སུ་༤༤ཞུགས། །ཚིག་ཟུར་མ་༤༥ཆག་མ་ཚང་༤༦མེད། །མ་ཞུམ་༤༧མི་ཞེན་༤༨རབ་དགའ་༤༩ཁྱབ༥༠། །ཆུབ་དང་༥༡རྒྱུན་ཆགས་༥༢འབྲེལ་བ་༥༣དང༌། །སྒྲ་ཀུན་རྫོགས་པར་བྱེད་པ་༥༤དང༌། དབང་ཀུན་༥༥ཚིམ་བྱེད་མ་༥༦སྨད་པ། །མི་འགྱུར་༥༧མ་བརྟབས་༥༨འཁོར་ཀུན་༥༩གྲགས། །རྣམ་པ་ཀུན་གྱི་མཆོག་༦༠ལྡན་ནོ། །གཉིས་པ་འཕྲིན་ལས་ནི། རྒྱུན་མི་ཆད་པར་གང་ལ་གང་འདུལ་གྱི་བཀོད་པ་ནམ་མཁའ་དང་མཉམ་པར་སྟོན་པ་ནི་ངོ་བོ་སྟེ། གདུལ་བྱ་ལམ་གྱི་རྟེན་དང༌། ལམ་དང་འབྲས་བུ་ལ་འགོད་པ་གསུམ་མོ། །དེ་ལ་གནས་སྐབས་འཁོར་བའི་བདེ་བ་ལ་འགོད་པ་ནི་དང་པོར་གཏོགས་ལ། མཐར་ཐུག་བྱང་ཆུབ་གསུམ་ལ་འགོད་པ་ནི་ཕྱི་མ་གཉིས་སོ། །དང་པོ་ལམ་རྣམ་གཞག་ཉམས་སུ་ལེན་པའི་རྟེན་དལ་འབྱོར་ཚང་བ་ལ་འགོད་པའི་འཕྲིན་ལས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས། ངན་འགྲོ་བ་རྣམས་དང་བ་བསྐྱེད་ནས་མཐོ་རིས་ལ་འཇོག །ལས་ངན་གསོག་པར་འགྱུར་བ་རྣམས་གདམ་ངག་བསྟན་ནས་བཟློག་པར་མཛད། འདོད་ཡོན་ལ་ཞེན་པ་དང༌། བདག་འཛིན་ཤས་ཆེ་བ་རྣམས་ཆོས་ཀྱི་སྡོམ་བཞིས་འདུལ་ཏེ། དད་པ་དང་ངེས་འབྱུང་གི་བློ་བཟང་པོ་བསྐྱེད་པར་མཛད། དེས་ན་བསྡུ་དངོས་བཞིས་བསྡུས་ནས་ཚོགས་ལམ་ལ་འགོད་
སྤངས་གཉེན་བླང་དོར་དང་ཚད་མེད་བཞི་དང༌། ཐབས་ཤེས་ཟུང་འཇུག་ཉམས་ལེན་ལ་འགོད། ཕྱིན་དྲུག་གི་གོ་ཆ་དང༌། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྡིག་སྤོངས་དགེ་སྒྲུབ་ལ་འགོད། དེ་ནས་སྦྱོར་ལམ་དུ་གཟུང་འཛིན་རང་བཞིན་མེད་པར་བསྒོམ་པའི་ཉམས་ལེན་ལ་འགོད། མཐོང་ལམ་དུ་བདག་མེད་མངོན་སུམ་རྟོགས་པ་ལ་འགོད། སྒོམ་ལམ་དུ་སྤངས་རྟོགས་གོང་ནས་གོང་དུ་སྤེལ་བ་ལ་འགོད་པ་དེ། གདུལ་བྱའི་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་སངས་རྒྱས་ཀྱི་འཕྲིན་ལས་ཡིན་ནོ། །དེ་ལྟར་བཀོད་པས་མཐར་ཐུག་རྫཽགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་དམ། སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་སྦྱོར་བར་མཛད་པ་ཡིན་ནོ། །དེ་དག་ལས་རྣམ་པར་ཕྱེ་བ་དང༌། ཡོན་ཏན་གྱི་རྣམ་གྲངས་དང༌། འཕྲིན་ལས་ཀྱི་རབ་ཏུ་དབྱེ་བ་ཞིབ་མོར་བརྗོད་ན་ཤིན་ཏུ་མངས་བར་འགྱུར་རོ། །བཞི་པ་སྨོན་ལམ་གྱི་མཐའ་དག་དགེ་ཞིང་ཤིས་པར་བྱེད་པའི་ཚིགས་བཅད་ནི། དེ་ལྟར་སྨོན་ལམ་དེ་དག་ཀུན། །རྒྱལ་བ་རྣམས་ཀྱིས་འགྲུབ་པར་མཛོད། །འཁོར་ལོ་སྡོམ་པའི་ལམ་བཟང་འདི། །ཕྱོགས་དུས་ཀུན་ཏུ་དར་བར་ཤོག །ཅེས་པའོ། །དེ་ལྟར་རྒྱས་པར་བཤད་པ་ཐམས་ཅད་བསྟན་ཟིན་ནས། དེ་དག་ཉིད་ཀྱིས་དོན་ཐམས་ཅད་ལེགས་པར་བཀྲོལ་བའི་ཕྱིར། གལ་ཏེ་ལཱུ་ཡི་པའི་བཞེད་དོན་དང་སྦྱར་བ་སོགས་ཤེས་པར་འདོད་ན། ཁྱད་པར་ཅུང་ཟད་དབྱེ་བར་བྱ་སྟེ། གཙོ་བོའི་ཞལ་ཕྱག་གི་སྐབས་
རྩ་ཞལ་ནག་ཅིང་གཡོན་ལྗང་བ། རྒྱབ་དམར་གཡས་སེར་སྤྱན་གསུམ་ལྡན། ཞེས་དང༌། ཅང་ཏེའུ་དགྲ་སྟ་གྲི་གུག་དང༌། །མདུང་རྩེ་གསུམ་པ་གཡས་པ་ཡི། །ཞེས་དང༌། ཐོད་ཁྲག་རྡོ་རྗེ་ཞགས་པ་དང༌། །ཞེས་དང༌། སྒོ་གསུམ་གཉིས་སྤངས་རྣམ་རྟོག་གཅོད། །སྲིད་གསུམ་འཇོམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ནི་སོགས་དང༌། བདེ་ཆེན་ཐུགས་རྗེ་སོགས་གོང་འོག་རྗེ། མཁའ་འགྲོ་མ་བཞིའི་སྐབས་སུ། བྷ་ག་ནུ་རྒྱས་གྲི་གུག་དང༌། །ཅང་ཏེའུ་ཁ་ཊྭཱཾ་ཐོད་པ་ན། །ཅེ་སྤྱང་གླང་པོ་སོགས་སྦྱར། འཁོར་གྱི་ལྷ་ལ། ཐམས་ཅད་རྡོ་རྗེ་དྲིལ་བུ་དང༌། །ཅང་ཏེའུ་ཁ་ཊྭཱཾ་འཛིན་ཞིང་འཁྱུད། །ཅེས་དང༌། སྒོ་མཚམས་མ་ལ། ཡུམ་བཞི་ཇི་ལྟ་བ་ཉིད་དེ། རབ་ཁྲོས་མི་རོའི་གདན་ལ་བཞུགས། །གདུལ་དཀའ་འདུལ་ལ་ཕྱག་འཚལ་ལོ། །ཞེས་དང༌། འཁོར་རྣམས་ཉིན་མོར་བྱེད་ལ་གནས། །དྲིལ་བུ་པའི་མདུན་བསྐྱེད་སྐབས། གཙོ་བོ་ལཱུ་ཡིའི་དང་འདྲ། བྷ་ག་ནུ་མ་རྒྱས་ལ་འདུད། །གྲི་གུག་ཁ་ཊཱཾ་ཐོད་པ་ན། །ཐམས་ཅད་ཞལ་གཅིག་སོགས་ནག་པོ་བཞིན་སྒོ་མཚམས་མ་ལ་ཡུམ་བཞི་ཇི་ལྟ་བ་སོགས་དང༌། འཁོར་རྣམས་ལཱུ་ཡི་པ་དང་འདྲའོ། །ཆོས་འཁོར་ཕྱིའི་རྩ་བརྒྱད་པོ། །ཡན་ལག་རླུང་རྣམས་རབ་རྒྱུ་བ། །དབང་པོ་ཡུལ་སོགས་འདོན་པ་པོའོ། །བསྐྱེད་རིམ་གྱི་སྐབས་ལཱུ་ཡི་པ་ལ་བསྲུང་བའི་འཁོར་ལོས་བདུད་བཅོམ་ཞིང༌། སྔོན་འགྲོ་ཚོགས་བསགས་མཐུན་རྐྱེན་སྒྲུབས། །སྟོང་པས་འཆི་བའི་སྲིད་སྦྱོང་པའི། །ཏིང་འཛིན་ཟབ་མོ་
སྒོམ་པར་ཤོག །ནཱ་དས་བར་དོ་སྦྱོང་བ་དང༌། །འབྱུང་བཞི་ལྷུན་པོ་པདྨའི་གདན། །བྷ་ག་མ་བུ་སོགས་སྦྲེལ་ལོ། །མངོན་བྱང་ལྔ་ལས་དཀྱིལ་འཁོར་མཆོག །འདོད་ཆགས་ཅན་རྣམས་སོགས་སྦྱར། ནཱ་ད་ཞུགས་སོགས་སྐྱེ་སྲིད་སྦྱངས། །ལུས་ཀྱི་དཀྱིལ་འཁོར་རྒྱས་གདབ་ཅན། །བྱང་ཆུབ་ཕྱོགས་ཀྱི་དག་པར་ལྡན། །ཕོ་ཉ་གསུམ་བསྲེས་གོ་ཆ་བཅིང༌། །ཡེ་ཤེས་རྒྱས་གདབ་སྒོམ་པར་ཤོག །དབུ་མར་རྫོགས་སངས་རྒྱས་པ་དང༌། །རགས་དང་ཕྲ་དང་སྟོང་པའི་དངོས། །རྡོ་རྗེ་མཆོད་པའི་བཀོག་པར་བཅས། །སྐུ་གསུམ་ལམ་དུ་བྱེད་པར་ཤོག །ཕྲ་ཐིག་འོད་གསལ་བསྡུ་བ་ཡིས། །བདེ་སྟོང་ལྷ་སྐུ་སོགས་སྦྱར་ཏེ། །ནཱ་ད་ཞུགས་པས་རབ་ཏུ་ཞུ། ཞེས་པ་ནས། སྨིན་མའི་ལམ་སྒོམ་ཤོག་གི་བར་བོར་བའོ། །དྲིལ་བུ་ལུགས་ལྟར་ན། ཕྱི་དཀྱིལ་སོགས་ཞར་བྱུང་དུ་སྣང་བས་འདིར་མི་འཆད། ལུས་དཀྱིལ་བསྐྱེད་རིམ་གྱི་དབང་དུ་བྱས་ཏེ། སྔོན་འགྲོ་ཚོགས་བསགས་མཐུན་རྐྱེན་སྒྲུབ། །སྟོང་པས་འཆི་བའི་སྲིད་པ་སྦྱངས། །གཞི་ལུས་བར་དོ་སྦྱོངས་པ་ཡི། །ཏིང་འཛིན་ཟབ་མོ་སྒོམ་པར་ཤོག །སྐད་ཅིག་རྣམ་པས་རང་ལུས་ལ། །རྟེན་དང་བརྟེན་པ་ཀུན་ཚང་བའི། །དཀྱིལ་འཁོར་སྒོམ་པས་སྐྱེ་སྲིད་སྦྱོངས། །ཐུན་མོང་སྐུ་གསུམ་ལས་བསྒོམ་ཤོག །གཞི་ལུས་དཀྱིལ་འཁོར་དག་པ་གསུམ། །སྤྲུལ་པ་ལོངས་སྤྱོད་རྫོགས་པ་དང༌། །ཆོས་སྐུ་ལམ་དུ་བྱེད་པ་སྟེ། །འབྲས་བུ་ལམ་བྱེད་སྒོམ་པར་ཤོག །
ཕོ་ཉ་བསྲེ་དང་གོ་ཆ་དང༌། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་དང༌། །མཆོད་བསྟོད་ཕྲ་ཐིག་སྒོམ་པ་དང༌། །བཟླས་པས་རང་རྒྱུད་སྦྱོངས་པར་ཤོག །བདེ་སྟོང་ལྷ་སྣང་སོགས་ཤླཽ་ཀ་གཅིག །དེ་ནས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་དམ་པ་སྟེ། །སྙིང་ཁར་དཔའ་བོ་ཡབ་ཡུམ་སོགས། །བུ་གའི་རྩ་ལ་ཞེས་པ་ཆོས་འཁོར་ཕྱི་ལ་མ་མོ་བརྒྱད། ཅེས་འདོན་པ་སྒྱུར། ནཱ་དས་བར་དོ་ཞེས་པ་ནས། དྲན་པ་གཅིག་པ་མངོན་གྱུར་ཤོག་གི་བར་བོར་བའོ། །འདི་ལྟ་བུས་རིགས་འགྲེ་སྟེ། བདེ་མཆོག་གི་དཀྱིལ་འཁོར་མཐའ་ཡས་པའི་བར་དུ་རྒྱས་བསྡུས་སྦྱར་བར་བྱ་སྟེ། དྲིལ་བུ་ཕྱི་དཀྱིལ་དང༌། ལཱ་བ་པའི་ལུགས། མེ་ཏྲིའི་ལུགས་དང༌། སྡོམ་འབྱུང༌། རྡོ་རྗེ་མཁའ་འགྲཽ། མཁའ་འགྲོ་རྒྱ་མཚོ། ཕག་མོ་ལྷ་སོ་བདུན་མ་སོགས་ཡུམ་གྱི་དཀྱིལ་འཁོར་མང་པོ་རྣམས་ལ་རིགས་འགྲེ་སྟེ། འདོན་བསྒྱུར་བས་རྒྱ་ཆེར་འགྱུར་རོ། །ད་ནི་ལཱུ་ཡི་ལུགས་བཤད་དེ། ཁྱད་པར་ནི་འདི་ལྟར་རོ། །སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། དག་པ་གསུམ་དྲན་པ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བྱིན་གྱིས་རློབས་པ་གཉིས་ནི། རྟེན་ཡོངས་སུ་སྦྱོངས་ཞིང་བྱིན་གྱིས་རློབས་པའོ། །དེ་ནས་བསྲུང་བའི་འཁོར་ལོ་སྒོམ་སྟེ། འདི་ལ་རཱ་གུར་སྔོན་དུ་བསྐྱེད་ནས། ཕྱིས་ཕུར་བཏབ་བྱེད་པ་ཡིན་ཏེ། འགལ་རྐྱེན་སྤོང་བའོ། །དེ་ནས་བསོད་ནམས་ཚོགས་གསོག་རྒྱས་པར་བྱེད་དེ་མཐུན་རྐྱེན་སྒྲུབ་པའོ། །གཉིས་
པ་དངོས་གཞི་ལ། འཆི་བ་ཆོས་སྐུར་ལམ་དུ་འཁྱེར་བ་དང༌། བར་དོ་ལོངས་སྐུར་ལམ་དུ་འཁྱེར་བ་དང༌། སྐྱེ་བ་སྤྲུལ་སྐུར་ལམ་དུ་འཁྱེར་བ་འཁོར་དང་བཅས་པའོ། །དང་པོ་ལ་སྟོང་ཉིད་སྒོམ་པའི་དགོས་པ། ཇི་ལྟར་སྒོམ་པའི་ཚུལ། སྔགས་དོན། སྦྱངས་བ་གཞི་དང་སྦྱར་བའོ། །དང་པོ་ནི་སྟོང་ཉིད་རྟོགས་ནུས་པ་དང༌། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང༌།གནས་པ་བརྟན་པ་དང༌།ཡེ་ཤེས་ཀྱི་ཚོགས་རྫོགས་པའི་རྒྱུདང༌། ཐ་མལ་པའི་སྒོ་གསུམ་གྱི་རྟོགས་པ་སྤོངས་བ་དང༌། དཀྱིལ་འཁོར་ཐམས་ཅད་སྟོང་པའི་རྣམ་འཕྲུལ་ཏུ་རྟོགས་པའི་ཕྱིར། ཕན་ཡོན་དྲུག་པོ་དེ་ཉིད་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱི་འགྲེལ་པར་གསུངས་སོ། །དེའི་དང་པོ་དབང་པོ་རྣོན་པོ་དང༌། གཉིས་པ་འབྲིང་པོ་དང༌། ཕྱི་མ་བཞི་རྟུལ་པོའི་དབང་དུ་བྱས་པར་སྐྱེས་མཆོག་རིན་ཆེན་བཟང་པོས་གསུངས་སོ། །གཉིས་པ་ནི། འདི་ལ་རྒྱས་བསྡུས་ཐམས་ཅད་རུང་མོད་ཀྱི། གཙོ་བོར་སྡུད་རིམས་ཁྱད་པར་ཅན་ཡོད་པའི་རྒྱས་པ་ནི། ལྭ་བ་པའི་འགྲེལ་པའི་དགོངས་པ་ཡིན་ཞིང༌། ནཱ་རོ་པའི་མན་ངག་རྣམས་ལས་འབྱུང་བ། པྲ་ཛྙཱ་རཀྵྀ་ཏ་དང་བྷི་བྷུ་ཏི་ཙནྡྲས་ཀྱང་བཤད་དོ། །དེ་ནི་དཔྲལ་མགྲིན་སྙིང་ཁ་གསུམ་དུ་ཧེ་རུ་ཀ་ཞེས་བྱ་བ་ཡི་གེ་གསུམ་བཀོད་དེ་ནས་སེམས་ཅན་ལ་སྙིང་རྗེ་བསྐྱེད་ལ། གནས་གསུམ་དུ་འབྲུ་གསུམ་བཀོད་དེ། འོད་ཟེར་སྤྲོ་བསྡུས་སྣོད་བཅུད་སྦྱངས། ཨོཾ་ཨཱཿདང་ཨཱཿཧཱུཾ་ལ་ཐིམ། ཧཱུཾ་ཡང་ཆ་ལྔའི་བསྡུ་ཚུལ་བྱས་སྟེ་སྟོང་པ་ཉིད་ལ་འཇུག ཤཱུ་ནྱ་
ཏཱའི་སྔགས་དོན་བསྒོམ་པའོ། །གསུམ་པ་ནི། ཨོཾ་ནི་མགོ་འདྲེན། ཤཱུ་ནྱ་ཏཱ་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ། སྭ་བྷ་ཝ་ནི་རང་བཞིན། ཨཏྨ་ཀོ་ནི་བདག་ཨ་ཧཾ་ནི་ངའོ། །ཞེས་པ་སྟེ། དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མི་འགྱུར་བའི་ཕྱིར། རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་པའོ། །བཞི་པ་ནི་ཧེ་ཡིག་སོགས་ཡི་གེ་གསུམ་འགོད་པ་ནི། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང༌། འབྲུ་གསུམ་འོད་ཀྱི་སྤྲོ་བསྡུ་བྱེད་པ་ནི། སྣང་བ་གསུམ་གྱི་བཞོན་པའི་རླུང་ཐིམ་པར་བྱེད་པ་དང་མཚུངས། ཨོཾ་ཨཱཿལ་ཐིམ་པ་སོགས་ནི། སྣང་བ་གསུམ་ཐིམ་ཚུལ་དང༌། ཧཱུཾ་ཆ་ལྔའི་ཐིམ་ཚུལ་སྒོམ་པ་ནི། ཉེར་ཐོབ་རིམ་གྱིས་འོད་གསལ་ལ་འཇུག་པ་དང་ཚུལ་མཚུངས་སོ། །གཉིས་པ་ནི། ནམ་མཁའ་ནཱ་ད་འཇོག་པ་ཡིན་ཞིང༌། ཟླ་བ་དཀར་པོ་ནི་ཕའི་ཁམས་དཀར་པོ། ཟླ་བ་དམར་པོ་ནི་མའི་རཀྟ་དམར་པོ། དེ་གཉིས་ཀྱི་བར་དུ་ནཱ་ད་ཞུགས་མ་ཐག་པ་ནི་བར་དོ་འགགས་པའོ། །གསུམ་པ་ལ། དོན་དངོས་དང་ཡན་ལག་གཉིས་ལས། དང་པོ་ནི། སྤྲུལ་སྐུ་ལམ་བྱེད། ཆོས་སྐུ་ལམ་བྱེད། ལོངས་སྐུ་ལམ་བྱེད་གསུམ་ལས། དང་པོ་ཧཱུཾ་ཆ་ལྔ་བསྒོམ་པ་ནི། མངལ་གྱི་གནས་སྐབས་ལྔ། འོད་ཟེར་སྤྲོ་བསྡུ་ནི་ཕུང་ཁམས་སྐྱེ་མཆེད་རྣམས་རིམ་གྱིས་འཕེལ་བ་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྐད་ཅིག་ཉིད་ལ་གྲུབ་པ་ན། མངལ་ནས་བྱུང་སྟེ་ལུས་ཡོངས་སུ་རྫོགས་པར་གསལ་བ་དང་འདྲའོ། །མངོན་
སྤྱོད་བླ་མ་ལས། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་གསུངས་པས། ཞུ་བ་གླུས་བསྐུལ་དང་བྲལ་བ་མངོན་བྱང་ལྔ་ལས་རྟེན་བརྟེན་པ་དུས་གཅིག་ཏུ་བསྐྱེད་པ་ནི། སྒོང་སྐྱེས་ལྟ་བུའི་བསྐྱེད་ཚུལ་ཞེས་བྱའོ། །གཉིས་པ་ནི། བྱང་ཕྱོགས་སོ་བདུན་གྱི་དག་པ་དྲན་པར་བྱེད་པའོ། །གསུམ་པ་ནི། ནང་གི་སྒྲ་ཚུལ་ལམ་སྐད་ཅིག་གིས་གོ་ཆ་ཆེན་པོ་ལུས་དཀྱིལ་གསལ་བཏབ་སྟེ་བསྒོམ་པའོ། །གཉིས་པ་ལ། ཕོ་ཉ་གསུམ་བསྲེ་བ་སྐད་ཅིག་རྣམ་པའི་མན་ངག་དང༌། ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་དང་མཆོད་བསྟོད་དང་རྣལ་འབྱོར་ཆེན་པོ་སྒོམ་པའོ། །གསུམ་པ་རྗེས་ནི། བཟླས་པ་དང༌། རྒྱན་སོགས་ཀྱི་དག་པ་དྲན་པའོ། །གོ་ཆ་བཅིང་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་རྣམས་སོ། །བསྐྱེད་པའི་རིམ་པའི་ལུགས་འདི་ནི། བཤད་རྒྱུད་རྣམས་ལས་ཤིན་ཏུ་གསལ་མོད་ཀྱི། རྩ་རྒྱུད་ལས་གང་གིས་བསྟན་ཞེ་ན། དེ་ཉིད་བཅུའི་རྣམ་གཞག་ཡང་ལུགས་འདི་ལ་ཆེས་འགྲིག་ཅིང༌། ཁྱད་པར་རྭ་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བ་ཨཱ་ལི་ཀཱ་ལི་སྐྱེས། །དབུ་མའི་བདག་པོ་རྣམ་གནོན་ཞིང༌། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིའི་ཕྱད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་བསྐོར། །ཤྲཱི་ཧེ་རུ་ཀ་རྒྱལ་ཆེན་པོ། །གོ་འཕང་མཆོག་གི་བསྒོམ་པར་བྱ། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །འཁོར་བཅས་དབུས་སུ་འབྱོར་ལྡན་པ། །ཐམས་ཅད་དགེས་ཤིང་
གཉིས་མེད་གྱུར། །འབྱིན་དང་སྡུད་པར་བྱེད་པ་ཡིན། །ཞེས་པས་གསལ་བར་བསྟན་པ་ཡིན་ནོ། །དྲིལ་བུ་ལུགས་ཀྱི་ལྟར་ན། །འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེའི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་ཡིན། །ཞེས་གསུངས་ཏེ། ལུས་ཉིད་རྟེན་དང་བརྟཻན་པའི་དཀྱིལ་འཁོར་གྱྀ་དག་པར་གནས་ཏེ། ལུས་ཀྱི་རྟེན་གནས་ཉི་ཤུ་རྩ་བཞི་ནི། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་དང༌། རྩ་དང་ཁམས་རྣམས་ཀྱི་དཀྱིལ་འཁོར་ཀྱི་ལྷ་རྣམས་གྲུབ་པའོ། །དེ་ལྟར་གཞིའི་དག་པའི་ཚུལ་དུ་གནས་ཀྱང༌། དེའི་རང་བཞིན་མི་ཤེས་པ་རྣམས་སྣོད་དུ་བྱ་བའི་ཕྱིར། དབང་བསྐུར་བ་ལ་སོགས་པ་རྣམས་ངེས་པར་བྱའོ། །ཞེས་པའི་དོན་ནོ། །འདིའི་དོན་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང༌། དངོས་གཞི་རྗེས་གསུམ་ལས། དང་པོ་ནི་རྟེན་བྱིན་གྱིས་རློབས་པ་དང༌། བསོད་ནམས་ཀྱི་ཚོགས་བསག་པའོ། །གཉིས་པ་ལ། ཐུན་མོང་གི་སྐུ་གསུམ་ལམ་བྱེད་སྦྱར་ཚུལ་དང༌། ཐུན་མོང་མ་ཡིན་པའི་སྐུ་གསུམ་ལམ་བྱེད་སྦྱར་ཚུལ་ལོ། །དང་པོ་ནི། སྦྱར་ཡུལ་སྟིམ་པའི་རྗེས་སུ་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་ངོ་བོར་མོས་ནས། སྟོང་པ་ཉིད་བསྒོམ་པ་ནི་འཆི་བ་སྦྱོང་བ་ཡིན་ལ། དེ་ལས་སྐད་ཅིག་གིས་གཞི་ལུས་གསལ་བཏབ་པ་ནི། བར་དོའི་ལུས་བཞིན་ལག་ཐམས་ཅད་སྐད་ཅིག་གིས་གྲུབ་པ་དང་མཚུངས་ལ། དེ་ནས་ལུས་དཀྱིལ་གསལ་གདབ་པ་ནི། སྔར་རྩ་
རླུང་ཐིག་ལེ་འགྲོས་མངོན་འགྱུར་མེད་པ། སྐྱེ་བ་བླངས་ནས་རགས་པའི་ཆ་ཤས་ཐམས་ཅད་འགྲུབ་པ་ནི། དེ་དང་རྣམ་པ་མཐུན་པ་ལུས་ཀྱི་དཀྱིལ་འཁོར་སྒོམ་པས་སྦྱོང་བ་ཡིན་ནོ། །གཉིས་པ་ནི། སྔ་མ་རྣམས་དང་འདྲ་མོད་ཀྱི། འོན་ཀྱང་ཕྱི་དཀྱིལ་མེད་པས། གཞི་ལུས་སྒོམ་པ་སྤྲུལ་སྐུ་དང༌། ལུས་དཀྱིལ་ལོངས་སྐུ་དང༌། བྱང་ཕྱོགས་ཀྱི་དག་པ་ནི་ཆོས་སྐུ་ལམ་བྱེད་དེ། འདིའི་ལུས་དཀྱིལ་འགའ་ཞིག་ནང་གི་སྒྲ་ཚུལ་གྱི་སྐྱེད་པའང་མཛད་དེ། འགལ་བ་མེད་པར་མཐོང་ངོ༌། །དེ་ལ་ནང་གི་སྒྲ་ཚུལ་ནི་སྤྱི་བོའི་ཐིག་ལེ་དང༌། ལྟེ་བའི་གཏུམ་མོ་སྙིང་ཁར་ཕྲད་པའི་དོན་ཏེ། ལུས་ནང་གི་མངོན་བྱང་ཞེས་ཀྱང་བྱའོ། །ཡན་ལག་ནི་ཕོ་ཉ་གསུམ་བསྲེ་བ་མན་ཆད་ལྟ་བུ་ལཱུ་ཡི་པ་དང་མཚུངས་སོ། །གསུམ་པ་ནི། བཟླས་པ་དང་དཀྱིལ་འཁོར་བསྡུ་བ་དང༌། གོ་ཆ་བཅིངས་པ་དང༌། དག་པ་གསུམ་དྲན་པས་ཐུན་མཚམས་ལ་འཇུག་པ་ཡིན་ནོ། །དེ་ལྟར་ན་བརྩོན་འགྲུས་དང་ལྡན་པ་དག་གིས་ལམ་འདི་ལ་འབད་པར་བྱ་བ་ཡིན་མོད་ཀྱི། དེ་ལྟར་ན་ཡང་ཐེག་པའི་མཆོག་འདི་ནི། རིགས་དང་གཟུགས་དང་ཐོས་པ་དང༌། བརྩོན་འགྲུས་དང༌། སྒྲིབ་པའི་བློ་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་བ་ནི་མ་ངེས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ངེས་པར་ཤིན་ཏུ་མྱུར་བའི་ལམ་བཟང་པོ་རྣམས་དང་ཕྲད་པར་སྨོན་ལམ་བཏབ་པའི་བསོད་ནམས་ཀྱི་འབྲས་བུ་ཡོངས་སུ་སྨིན་པ་གང་ཡིན་པ་དེ་ཁོ་ནའི་སྤྱོད་ཡུལ་ཏེ། སྐལ་པ་དང་བྲལ་བ་བློ་གྲོས་ཆེན་པོར་རློམ་པ་
དག་གིས་ནི་ཐེག་པ་འདི་རིང་དུ་སྤངས་པ་ཤ་སྟག་སྟེ། ཁ་ཅིག་ནི། རིག་པ་འཛིན་པའི་སྡེ་སྣོད་ཡོངས་སུ་སྤོངས་བར་ཡང་བྱེད་ལ། ཕལ་ཆེར་ནི་ཚིག་ཙམ་ལ་གུས་པར་ཟད་དེ། ཐེག་པ་འདིར་དང་པོར་དབང་བསྐུར་བ་ནས་བརྩམས་ནས། མཐའ་མ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཐབས་ལ་མཁས་པའི་ཁྱད་པར་འགལ་བའི་སྤྱོད་པ་སྣང་བ་མང་དུ་བྱུང་བས། འཕགས་པ་འབའ་ཞིག་གི་སྤྱོད་ཡུལ་ཡིན་ནོ་སྙམས་ཏེ་དོན་སྤངས་པར་བྱེད་ལ། གཞན་ཡང་མང་པོ་དག་ནི། དེ་ཁོ་ན་ཉིད་མེད་བཞིན་དུ་འགལ་བའི་སྤྱོད་པ་དག་བྱས་ནས་གཡང་སར་འཁྲྀད་པ་དག་ཀྱང་མཐོང་ངོ༌། །མ་ལུས་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་ནི། །རྒྱལ་བ་སྲས་བཅས་ཀུན་གྱི་བགྲོད་གཅིག་ལམ། །སྡོམ་པའི་རྒྱུད་སྡེ་མ་རྒྱུད་བྱེ་བ་ཕྲག །བཅུ་དྲུག་རྒྱལ་ཕྲན་རྣམས་ཀྱིས་ཡོངས་སུ་བསྐོར། །དེས་ན་ཟབ་པ་དང་རྒྱ་ཆཻ་བའི་ལམ་འདི་ཉིད་དགེ་བའི་རྩ་བ་ཡོངས་སུ་གོམས་པར་བྱེད་པ་རྣམས་ལ་རྣམ་པར་འཕེལ་བ་ཡིན་ནོ། །འདིར་སྨྲས་པ། ཞིང་ཁམས་རྒྱ་མཚོ་དག་ན་དགེས་རོལ་པ། །འདྲེན་པའི་མཆོག་གྱུར་རྒྱལ་བ་སྲས་བཅས་དང༌། །རྣལ་འབྱོར་མ་ཚོགས་རྣལ་འབྱོར་དབང་མོར་བཅས། །ཕྱོགས་བཅུའི་ཞིང་རྡུལ་ཀུན་གྱི་གྲངས་སྙེད་པ། །དེ་དག་ཀུན་གྱི་འཇུག་ངོགས་གཅིག་པུ་ནི། །ཟབ་མོའི་མཐར་ཐུག་བདེ་སྟོང་ཟུང་འཇུག་དང༌། །རྒྱ་ཆེན་རང་སེམས་དག་པའི་དཀྱིལ་འཁོར་ཏེ། །ཟབ་དང་རྒྱ་ཆེ་ཟུང་འཇུག་ལྷན་ཅིག་སྐྱེས། །བླ་མེད་ཐེག་པའི་ལམ་གྱི་སྙིང་པོ་མཆོག །སེམས་ཅན་
རྣམས་ལ་སངས་རྒྱས་འབྲས་སྩོལ་བ། །སྐལ་ལྡན་བླ་མར་གུས་རྣམས་སྐྱེ་བ་འདིར། །དངོས་གྲུབ་གཉིས་ཀྱི་འབྱོར་བས་སྐལ་བཟང་བྱེད། །གྲངས་མེད་གསུམ་དུ་དཀའ་སྤྱད་ངལ་བསྟེན་ཀྱང༌། །འབྲས་བུའི་མཐར་ཐུག་རྫོགས་པར་མི་ཐོབ་ཅིང༌། །གཞན་ནི་བདག་ཉིད་འབའ་ཞིག་གྲོལ་འདོད་པས། སྟོང་ཉིད་བསྒོམ་པས་བྱང་ཆུབ་ཉི་ཚེ་སྒྲུབ། །རང་གི་བུ་ལའང་བྱམས་པ་དང་བྲལ་བ། །སྙིང་རྗེ་དམ་པའི་འཕགས་པ་དེ་དག་ནི། །བདག་ཉིད་བདེ་མེད་གཞན་ཡང་མི་གྲོལ་བས། །བྱིས་པ་བཞིན་དུ་ཤིན་ཏུ་ཁྲེལ་པོར་ཡིན། །འགྲོ་བ་ཀུན་གྱི་ཁུར་འཛིན་བློ་ཆེན་དག །ངེས་པར་རྡོ་རྗེའི་ཐེག་འདིར་འབད་པར་བྱོས། །ཐམས་ཅད་མཁྱེན་པ་མངོན་དུ་མ་གྱུར་ན། །འགྲོ་བའི་དོན་ཡང་ཆ་ཤས་ཙམ་ཞིག་ཡིན། །ཕ་མར་གྱུར་པ་ཉིན་གཅིག་སྡུག་བསྔལ་ཡང༌། །བྱང་ཆུབ་སེམས་དཔས་བཟོད་པར་མི་བྱེད་ན། །ད་ལྟ་སངས་རྒྱས་སྒྲུབ་ཏུ་ཡོད་བཞིན་དུ། །མཐའ་ཡས་བསྐལ་པར་ཅིའི་ཕྱིར་ཐོགས་པར་བྱེད། །བདག་ཉིད་བདེ་བ་དོན་དུ་གཉེར་བཞིན་དུ། །ཚེ་འདིར་བླ་མེད་བྱང་ཆུབ་བདེ་བའི་ལམ། །ངེས་པར་སྒྲུབ་པ་འདི་ལ་ཡིད་སྐྲག་ནས། །ལྷག་མེད་དབྱིངས་སུ་འཇུག་པར་མོས་འདི་མཚར། །དེ་ལྟར་ཐུབ་པ་རྣམས་ཀྱི་འབྱུང་གནས་རྡོ་རྗེ་ཐེག་གང་རབ་ཏུ་གསལ་བྱེད་རྣམ་པར་བཤད་པ་ནི། །འགྲོ་རྣམས་རྨོངས་པས་རྣམ་པར་འཁོར་བྱེད་མ་རིག་ཐིབ་པོ་བཅད་ནས་དམ་པའི་ལམ་མཆོག་རབ་གསལ་བར། །བྱེད་པ་
འདི་ལ་ཡ་མཚན་ཅི་ཡང་སྐྱེས་ཏེ་རབ་དགའ་ཟློས་གར་བསྒྱུར་མཁས་ཆུ་ཁུར་གཞོན་ནུ་དག །ཕྱོགས་ཀྱི་རྔ་ཆེན་ཡང་ཡང་རྡུང་བར་བྱེད་ཅིང་ཀུན་གསལ་བུ་མོ་མེ་ཏོག་འཕྲེང་མཛེས་ཅི་ཡང་འཛིན། །དུས་གཞན་ཞིག་ན་ཤིན་ཏུ་ཉལ་བའི་ཡིད་ཀྱི་ཆུ་གཏེར་དག་ལ་ཡང་ཡང་འཇུག་བྱེད་རྨི་ལམ་གྱི། །གྲུ་ཆེན་གང་ཞིག་རྡོ་རྗེ་ལྷ་མོའི་ལམ་དུ་རབ་དཀར་དགེ་མཚན་བ་དན་མངོན་གཡོ་བ། །འགྲོ་ལ་འདོད་དགུ་སྦྱིན་བྱེད་དཀའ་ཡི་ནོར་བུས་ཡོངས་བཀང་འདི་ཀོ་སྲིད་གསུམ་དབུལ་བ་ཡོངས་སེལ་ཞིང༌། །མཐའ་དག་ཡོན་ཏན་ཚོགས་ཀྱི་ཕྱོགས་ཀུན་རབ་བརྡལ་ཡེ་ཤེས་བླ་མེད་མཆོག་གི་དཔལ་འབྱོར་རྒྱས་བྱེད་ཡིན། །ཡེ་ཤེས་ཉི་ཟེར་མཆོག་གི་དམན་ཡང་སྔོན་རབ་འཛིན་མ་ལས་འཐོན་བསོད་ནམས་མཆོག་གི་དབྱར་སྐྱེས་འཕྲེང༌། སྐལ་བཟང་བསིལ་འཛིན་ཐིག་ལེས་དགེ་ལེགས་བྱིན་པའི་བདག་བློ་འདི་ནི་ངེས་པར་ཐར་པར་འདོད་རྣམས་ཀྱི། མཆོག་ཏུ་དག་པའི་ཀུན་གཞིའི་ཞིང་སར་ཁྱབ་བདག་ལོ་ཏོག་ངེས་པར་བསྐྲུན་བྱེད་ཟབ་དང་རྒྱ་ཆེ་ཡི། །མན་ངག་ཚུལ་བཞིན་ལེགས་པར་བཤད་པའི་ཆར་རྒྱུན་ཀུན་གྱི་འབྱུང་གནས་གྱུར་པ་འདི་ལས་རྨད་བྱུང་ཅི། །གྲུབ་པ་ཀུན་གྱིས་རབ་ཏུ་བསྟེན། །དམ་པ་དུ་མས་དགྱེས་པར་རོལ། །ཆོ་འཕྲུལ་རྒྱུན་མི་ཆད་པའི་གནས། །དཔལ་ལྡན་སྟག་ལུང་ཐང་དུ་བཤད། །ཐེག་པ་མཆོག་གི་དོན་ཀུན་ཡང་བཤད་ན། །གཞི་དང་ལམ་དང་འབྲས་བུ་ཞེས་པར་འདུས། །ཆོས་ཀུན་རང་སེམས་རྩ་བ་སྟོང་པ་ཉིད། །སེམས་ནི་གསལ་སྟོང་བདེ་བ་རྒྱུན་མི་ཆད། །སེམས་ཀྱི་སྣང་བ་
སྣོད་དང་ལུས་སུ་སྣང༌། །ཕུང་ཁམས་སྐྱེ་མཆེད་སོགས་སུ་ཅི་སྣང་བ། །རང་བཞིན་བདེ་སྟོང་ཆོས་སྐུའི་ཉེར་ལེན་རིགས། །སྣང་བ་སྣ་ཚོགས་དཀྱིལ་འཁོར་འཁོར་ལོའི་རྒྱུ། །ངོ་བོ་རང་བཞིན་འགྱུར་བ་མི་བརྟན་པ། །འདི་ནི་རྒྱུ་ཡི་རྒྱུད་དུ་ཁོ་བོས་འདོད། །དབང་གི་ཡེ་ཤེས་ཐུན་མོང་མིན་པའི་སྒོ། །ཚེ་འདི་དང་ནི་འཁོར་བའི་བདེ་བ་ཡང༌། །རང་བཞིན་མི་ཤེས་བྱིས་པ་འབྲིང་མཐོང་བཞིན། །རང་དོན་དོན་གཉེར་བློ་ཆུང་ཁྲེལ་མེད་དུ། །མཐོང་ནས་འཁོར་འདས་གཉིས་ལས་ངེས་པར་འབྱུང༌། །འདི་ནི་མདོ་སྔགས་ཐུན་མོང་ལམ་གྱི་སྒོ། །དབང་བསྐུར་བས་ནི་རིགས་ལ་སོས་བཏབ་སྟེ། །ཐ་མལ་སྣང་བ་རགས་པ་སྤྱོད་བྱེད་པའི། །སྣང་སྟོང་བདེ་བ་བསྐྱེད་པའི་རིམ་པ་བསྟན། །སྣང་བ་རྟོག་བཅས་སྟོང་པའམ་བློས་བྱས་དང༌། །བདེ་བའང་མི་བརྟེན་ཞེན་པ་བཅས་ཕྱིར་དམན། །རྩ་རླུང་ཕྲ་ཐིག་ནང་གི་སྲོག་རྩོལ་དང༌། །མཚན་ལྡན་དགའ་བའི་ས་གཞི་ཕྱི་ཡི་སྟེ། །སྤྲོས་བཅས་གཙོར་གྱུར་གཞི་དང་ཕྱག་ཆེན་ཏེ། །ལྔ་པའི་མཚན་ཉིད་གཏུམ་མོ་འབར་བར་བཅས། །རྣམ་བཅས་རྣམ་མེད་གཙོ་བོར་སྤྲོས་མེད་དེ། །རང་བཞིན་ཡོད་མེད་ཡིན་མིན་ཀུན་བྲལ་ཞིང༌། །འཛིན་མེད་ཅི་ཡང་འཆར་བ་ལྟ་བའི་གནད། །ལྟ་བར་རིམ་གཉིས་ཀུན་ལ་གནད་དུ་ཆེ། །སྡོམ་བླང་དམ་ཚིག་ལྡན་པས་མངོན་སྒྲུབ་ན། །རིམ་པ་གཉིས་ལ་ནུས་པ་ངེས་པ་རྙེད། །དེ་ནས་སྤྱོད་པ་སྤྱད་པས་ཐུན་མོང་དང༌། །མཆོག་གི་
དངོས་གྲུབ་དཀའ་བ་མེད་པར་འགྲུབ། །སྣང་བ་སྣ་ཚོགས་ཕྱག་རྒྱའི་བདེ་བར་བཅས། །སྔར་བསྟན་ཡེ་ཤེས་བོགས་འབྱིན་སྤྱོད་པ་སྟེ། །ཉེ་རྒྱུད་མཐོང་བའི་ལམ་དང་སངས་རྒྱས་ཚེ། །དབང་གི་སྤྱོད་པའི་ཉེ་རྒྱུ་ངེས་པར་དགོས། །སྐབས་འདིའི་བདེ་བ་ལྷན་སྐྱེས་རྣམ་གཉིས་ཡིན། །སྣང་བ་གསུམ་དང་རང་བཞིན་བརྒྱད་ཅུ་པོ། །སྒོམ་དང་མཐོང་བའི་ལམ་ལ་སྤང་བྱ་སྟེ། །སྤང་བྱའི་གསལ་སྟོང་བདེ་བ་ལམ་དུ་བྱེད། །མ་དག་སྒྱུ་ལུས་རླུང་སེམས་ཙམ་གྱིས་སྐུ། །དག་པའི་སྒྱུ་ལུས་གཉིས་མེད་ཡེ་ཤེས་སྐུ། །ཟུང་འཇུག་ལམ་འདིའང་སྤྱོད་པས་བོགས་འདོན་བྱེད། །གཞི་ཡི་རང་བཞིན་དག་པ་མངོན་གྱུར་ཚེ། །འབྲས་བུའི་རྒྱུད་ཅེས་དེ་ལ་བརྗོད་པ་ཡིན། གཞི་འབྲས་ངོ་བོ་གཅིག་ཚུལ་འདི་ཤེས་ན། །སྲིད་ཞི་མཉམ་ཉིད་དོན་ལ་ངེས་རྙེད་འགྱུར། །སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་རྣམས། །རིགས་མེད་སེམས་ཉིད་དག་པའི་སྣང་བ་ཡིན། །རབ་རིབ་བསལ་ན་གཟུགས་ཀུན་མཐོང་བ་ལྟར། །སྤངས་རྟོགས་ངོ་བོ་དབྱེར་མེད་ཉིད་དུ་རེག །ལམ་འདིར་མོས་པས་ཁེངས་དག་དངོས་པོ་ཀུན། །ཡོངས་སུ་བཏང་སྟེ་བླ་མར་གུས་བཏུད་ནས། །རྩེ་གཅིག་སྒྲུབ་ན་འཕྲལ་དུ་མངོན་དུ་བྱེད། །དེ་ལྟར་དོན་བསྡུས་ངེས་པ་བསྐྱེད་པར་མཛོད། ཁ་བ་ཅན་གྱི་མཁས་གྲུབ་ནི། །ཀུན་གྱི་དགོངས་པ་འདིར་འདུས་ལ། །འཕགས་ཡུལ་གྲུབ་ཆེན་ཐམས་ཅད་ཀྱི། །དགོངས་པའི་སྙིང་པོ་འདི་ཁོ་ན། །སྡེབ་སྦྱོར་གཙོ་བོར་མ་བྱས་ཏེ། །མཆོག་ཏུ་
གོ་སླའི་ངག་གིས་བརྗོད། །སྔགས་སུ་མ་ཟད་མདོ་དོན་གྱི། །སྙིང་པོའང་མཆོག་ཏུ་གསལ་བར་བྱས། །དེ་ཕྱིར་འདི་ནི་མདོ་དང་རྒྱུད། །ཀུན་གྱི་སྤྱི་འགྲེལ་ཆེན་མོ་ཡིན། །ལུང་རིགས་གིས་གྲུབ་མན་ངག་ལུགས། །ལོག་རྟོག་དྲི་མས་མ་གོས་པའོ། །ཡེ་ཤེས་འབྱོར་པས་མངོན་ཁེངས་པ། །རིགས་སྔགས་འཆང་དབང་མཁས་རྣམས་ཀྱིས། ཁྱབ་བདག་ལམ་འདི་ཡང་དང་ཡང༌། །བཤད་ཅིང་མངོན་སུམ་ལམ་དུ་མཛད། །དུས་ཀྱི་དབང་གིས་དེ་དག་རྣམས། །མཐོང་བའི་ཡུལ་ལས་འདས་པ་ན། །ཚིག་གིས་དྲེགས་པའི་མཁས་མང་རྣམས། །ཐ་དད་མི་མཐུན་བརྩོད་པར་གྱུར། །རྟོག་གེས་བསླད་པས་དེ་ཡི་ལམ། །རིང་དུ་གོམ་པར་བྱེད་པ་ཡང༌། །མངོན་སུམ་ལམ་བྱེད་དང་བྲལ་ཞིང༌། །ངལ་བ་འབྲས་མེད་འབའ་ཞིག་སྣང༌། །ཕན་ཚུན་ངན་པའི་ལམ་ལ་དམ་པར་འཛིན་ཞིང་ལམ་བཟང་དག་ལ་སྨོད། །ཕལ་ཆེར་སྒྲུབས་པའི་སྐལ་བས་དམན་ཞིང་དབང་ཐང་ལོངས་སྤྱོད་གཙོ་བོར་སྒྲུབ། །ངུར་སྨྲིག་ཚུལ་འཛིན་མཚོན་ཆར་འབེབས་མཁས་ཕན་བདེའི་ལོ་ཏོག་བརླག་བྱེད་པ། །འཇིགས་རུང་དུས་འདིར་ཇི་བཞིན་སྒྲུབ་ཅིང་འཆད་པ་འདི་ཡང་རྒྱལ་བའི་མཐུ། །མོས་དགེའི་རླུང་བཞོན་གྱིས་ཐོས་རྗེས་གདམས་ཀྱི། །རྐང་དྲུག་ཟབ་མོ་གླུ་ལེན་གྱི་གནགས་པ། །མང་ཐོས་ཆར་བབས་བློ་གྲོས་འགྲམ་རྒྱས་པའི། །སྔོན་མེད་ཕྱོགས་ཀྱི་གླང་པོའི་སྒྲ་འདི་བསྒྲགས། །སྐྱེ་བའི་རྒྱ་མཚོ་ཤིན་ཏུ་རྒལ་དཀའ་བར། །མི་ལུས་རིན་
ཆེན་རྙེད་པ་ཆེས་དཀོན་ཞིང༌། །ཀུན་རྟོགས་རབ་ཏུ་ཡངས་པའི་ས་འདིར་ཡང༌། །སྐལ་ལྡན་གུས་པར་བཅས་པའི་ནོར་བུ་ཉུང༌། །འདུ་བྱེད་ཐམས་ཅད་སྟོན་ཀའི་སྤྲིན་མཚུངས་ཤིང༌། །དཔལ་འབྱོར་འདི་ཡང་ཚངས་པའི་བུ་མོའི་གྲོགས། །རྣམ་གཡེང་ཅན་གྱི་སྤྲེའུ་ཚོགས་རབ་འབར་བའི། །ནགས་མཐོང་དཀྱུ་ཞིང་སྡུག་བསྔལ་མདའ་འཁྲུག་པ། །འཁོར་བའི་གནས་འདིར་བྱིས་པ་རང་ཉམས་སྤྱོད། །ཕྱིན་ཅི་ལོག་ཅིང་ལྟ་བས་རྣམ་པར་འཁྲུལ། །སྙིང་རྗེ་དམན་རྣམས་འདི་ལ་ངེས་འབྱུང་ནས། །རྩེ་གཅིག་སྒྲུབ་པར་ཐར་པ་དོན་གཉེར་བྱེད། །དམ་པའི་བློ་ཆེན་མིག་འཁྲུལ་དང་མཚུངས་པའི། །འཁོར་བ་འདི་ལ་ཇི་མི་སྙམས་ན་ཡང༌། །མི་ཤེས་འཇིག་རྟེན་རྣམས་ལ་སྙིང་བརྩེ་བས། །བླ་མེད་རྒྱལ་སྲིད་སྒྲུབ་ལ་མངོན་པར་བརྩོན། །མཐའ་ཡས་རྒྱུད་སྡེ་ཀུན་གྱི་གསང་བའི་མཛོད། །བླ་མས་བྱིན་བརླབས་རྡོ་རྗེ་མ་རྣམས་ཀྱིས། །གྲོགས་བཅས་ཟབ་མོའི་དོན་ལ་བློ་རྙེད་པ། །ཀུན༵་དགའ༵་སྙིང༵་པོས༵་རྒྱ་ཆེར་གསལ་བར་བྱས། །འདི་ལས་རྒྱལ་བའི་བསྟན་པ་འདི་ཡང་རིང་དུ་གནས་པ་དང༌། །དེས་ནི་མ་གྱུར་འགྲོ་ཀུན་བྱང་ཆུབ་མཆོག་ཏུ་མྱུར་རེག་གནས། །ཟག་མེད་བདེ་བའི་རོལ་པ་མཆོག་ལ་རྟག་ཏུ་རོལ་བར་གྱུར། །དེ་རྒྱུ་ངེས་ཚིག་འདི་ཡང་ཡུལ་དུས་ཀུན་ཏུ་དར་བར་ཤོག །ཅེས་འཁོར་ལོ་སྡོམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་ཀྱི་རྒྱ་ཆེར་བཤད་པ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ། རིགས་སྔགས་
འཆང་མཐའ་དག་གི་ངེས་པའི་ཚིགསྦས་པའི་དོན་མ་ལུས་པ་གསལ་བར་བྱེད་པ་ཕན་བདེའི་རྒྱ་མཚོ་ཞེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱིས་ཐུགས་རྗེས་ཉེ་བར་བཟུང་བས། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིའི་སྐྱེས་བུ་དམ་པ་རིགས་སྔགས་འཆང་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རྫོགས་པར་འཛིན་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་བློ་གྲོས་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཉེ་བར་བསྐུལ་བ་དང༌། ཕྱོགས་འཛིན་སྤངས་པའི་བློ་ཅན་རྡོ་རྗེ་ཐེག་པའི་ངེས་པའི་དོན་ལེགས་པར་ཤེས་པར་འདོད་པ་རྣམས་ལ་མཆོག་ཏུ་ཕན་པར་མཐོང་ནས། རང་ལོ་ཉེར་དྲུག་ཏུ་ཉེ་བར་ཀུན་ལྡན་གྱི་ལོར་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་པ་ལ་དཔལ་རྟག་ལུང་ཐང་དང་ཉེ་བའི་དབེན་གནས་རྣམ་རྒྱལ་རབ་བརྟན་ཏུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་རྣམ་རྒྱལ་ལོ།། །།འདིས་ཀྱང་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་དཔའ་འཁོར་ལོ་སྡོམ་པའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒལཾ། ཤུ་བྷ་མསྟུ་སརྦྦ་ཛ་ག་ཏཾ། དགེ་ལེགས་འཕེལ།། །།ཨོཾ་སྭ་སྟི། སྤྱོད་འཆང་དབང་པོ་བསིལ་ལྡན་སཱ་ལའི་ལྗོངས། །ངུར་སྨྲིག་གར་མཛད་སྒྲོལ་མགོན་ཆེན་པོ་ཡི། །ལེགས་གསུང་རྨད་བྱུང་བདེ་མཆོག་བསྟོད་འགྲེལ་ཆེ། །མི་ཟད་པར་གྱི་སྒོ་འཕར་ཕྱེ་ཟིན་དེར། །པར་གྱི་གྲངས་ཆད་སྨད་རྩ་ཞབས་བྲེག་ཏུ། །བཏང་བའི་
གླེགས་བམ་རྡོ་ལེབ་དཀར་པོའི་འོད། །གཟུར་གནས་ཀུན་དའི་གཉེན་དུ་འཕོས་གྱུར་ཀྱང༌། །དགའ་བའི་འཛུམ་ཟེར་ངོ་ཚས་ཞུམ་པ་བཞིན། །དེ་ཕྱིར་ཚུལ་འདིར་དད་ཐོབ་ཞ་ལུ་བ། །བློ་གསལ་མིང་ཅན་གང་གིས་གསོལ་བཏབ་ངོར། །བླ་བྲང་ཆེན་པོའི་འཕྲིན་ལས་དབང་ཕྱོགས་ནས། །ཆོས་སྦྱིན་ཟླ་བ་ཉ་གང་དེང་འདིར་ཤར། །དེ་ཡི་ལེགས་བྱས་བསིལ་བའི་ཟེར་འཕྲེང་གིས། །མཐའ་ཡས་སྐྱེ་འགྲོའི་ཚ་གདུང་ཀུན་བྱང་ཞིང༌། །ཟབ་ལམ་རིམ་གཉིས་བདུད་རྩིའི་དཔལ་བསྟེན་ནས། །ལྷན་སྐྱེས་བདེ་ཆེན་ལང་ཚོ་མངོན་གྱུར་ཤོག །བཀྲ་ཤིས་དགེ་མཚན་ཕྱོགས་བརྒྱར་འཆང་བའི་གནས། །ཆོས་སྲིད་ལྷུན་པོའི་སྤོ་ལྟར་མཐོ་བ་དང་། །སྐྱབས་མཆོག་འཆི་མེད་མགོན་པོ་ཞབས་བརྟན་ཅིང་། །ཕན་བདེའི་སྣང་བས་སྲིད་གསུམ་ཁྱབ་པར་ཤོག །ཉ་ཟླའི་བགྲོད་པ་མཆད་དེ་སྲིད་དུ། །འཛད་མེད་ཆོས་སྦྱིན་འདབ་བརྒྱ་ཡོངས་གྲོལ་ནས། །རིས་མེད་དཔྱོད་ལྡན་རྐང་པ་དྲུག་ཚོགས་རྣམས། །ངེས་གསང་བསྟན་པའི་བཅུད་བཟང་འདི་འཐུང་ཤོག །ཞིང་སྐྱོང་ཟེ་བརྒྱད་གནས་གསུམ་ཕོ་ནའི་ཚོགས། །དམ་ཅན་མཚོ་འཁོར་དང་བཅས་པས་ཀྱང་། །ནག་ཕྱོགས་བདུད་དཔུང་ཕྱེ་མར་འཐག་མཛད་ཅིང་། །དཀར་པོའི་
ཕྱོགས་ཀུན་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་པ་ནི་རྩང་ཕྱོགས་ཀྱི་ཐར་བྱང་ཡིན་ནོ། །རྗེ་ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་པ་ལས། །བྱུང་སྟག་ལུང་དུ་ཕེབས་སྐབས་སུ་འདི་སྐད། །དེ་མཚམས་ནས་རྗེ་བླ་མའི་གཟིམས་ཁང་དེ་ཉིད་དུ་མཚམས་བཅད། །ཉི་ཕྱེད་ཙམ་ནས་གུང་ཐུང་ལ་རྩོམ་པའི་ཐུན་ཆེན་བ་རེ་བྱས། སྲོད་ཐོར་སྔ་དགོངས་རྣམས་བཟླས་བརྗོད་དང་མཉམ་བཞག་ཀྱང་འཕེལ་བར་བྱུང་། བཀའ་བབས་བདུན་ལྡན་གྱི་བླ་མ་བརྒྱད་པའི་རྣམ་ཐར་དང་། ཁྱད་པར་ལྷན་ཅིག་ཏུ་གནས་པའི་དོན་གཉེར་མང་པོས་རབ་ཏུ་བསྐུལ་བ་ལ་བརྟེན་ནས། འཁོར་ལོ་བདེ་མཆོག་གི་བསྟོན་ཆེན་དགནོས་གྲུབ་འབྱུང་གནས་ཀྱི་འགྲེལ་ཆེན་དེ་བརྩམས། ཐོག་མ་དཀའ་འགྲེལ་ཙམ་བྱེད་པས་བསམས་ཏེ། ཕྱག་འཚའ་གྱི་སྐོར་རྣམས་ལ་དེ་ཁ་བཞིན་བྱས་པ་ཡིནའང་། དེ་མན་ཆད་ལ་འབྲུ་བཤད་དགག་སྒྲུབ་དགོས་པ་སོགས་ལ་རབ་འབྱམས་བརྒྱལ་མཚན་རོད་ཟེར་གྱིས་བཤད་པ་དབྱིས་ཕྱིན་པ་རང་དགོས་ཚུལ་གྱིས་འཕྲལ་བསྐུལ་བ་ལ་བརྟེན། བཤགས་པ་ནས་བརྩམས་ཏེ། རྒྱས་འགྲེལ་རང་དུ་སོང་། ཧོར་ཟླ་བཞི་པའི་ཆོས་བཅུ་ལ་འགོ་བརྩམས་ཏེ་ཆུ་སྟོད་ཟླ་བའི་ཚེ་བཅུ་ལ་རྫོགས་པར་གྲུབ། འདི་རང་རེའི་རྩོམ་པ་སྔ་རྩོམ་གྱི་གཙོ་བོ་ཡིན།
ལེགས་སོ་ཐོབ་པའི་མཚན་མ་ཙམ་དང་བྱད་པར་རིམ་མ་གཉིས་སྤྱིའི་བཤད་པ་སང་མཚམས་ཀྱི་ནུབ་གཅིག་རྨི་ལམ་དུ་རྣམ་རྒྱལ་རབ་བརྟན་གྱི་ཤར་གྱི་རི་དེའི་ངོས་ཤིན་ཏུ་འཇམ་ཞིང་སྙོམས་པ་མཐིང་ཤོག་བཀྲམས་པ་ལྟ་བུ་ལ་། མཚམ་ཡིག་གཟབ་ཆུང་གི་རྣམ་པ་ཞིག་གིས། རིའི་ངོས་གོས་མཆམས་མེད་པར་སོང་འདུག་པ། བུད་མེད་ཀྱི་ཁྲོམས་ཆེན་པོ་ཞིག་ཀྱང་རི་དེའི་རྩམ་པ་ན་འདུག །དེའི་གཙོ་མོ་དེ་མིའི་ལུས་ལ་མིག་གསུམ་དང་ལྡན་པ་ཞིང་འདུག་པས། འདི་ནི་ཞིང་གི་རྣལ་འབྱོར་མ་ཞིག་གོ་སྙམ་སྟེ་གཡོན་ཕྱོགས་ནས་ལན་གསུམ་བསྐོར་ཏེ། རྒྱུད་ནས་བཤད་པ་ལྟར་བརྡའི་ཕྱག་དང་ཡིད་ཀྱིས་དྲི་བ་བྱེད་ཀྱིན་འདུག་པས། གཙོ་མོ་དེ་ན་རི། མ་རིགས་ཧཱ་ཛཱ། ཞེས་ལྣ་གསུམ་གསུང་། རེ་ལོགས་ཀྱི་ཡི་གེ་འདི་རྣམས་ཅི་ཡིན་ཀློག་ཏུ་རུང་ངམ་དྲིས་པས། འདི་མངོན་བརྗོད་འབུམ་བ་ཆེན་པོལེའུ་འབུམ་ཡོད་པ་དེ་ཡིན། དེ་ཡང་ཤེས་རབ་རྣལ་འབྱོར་མའི་ཚོགས་པ་ནི་འདི་ཙམ་ཞིང་འཚོགས་པ་ཡིན་པ་ལས། ཐབས་སུ་གྱུར་བ་ནི་ཁྱེད་གཅིག་པུ་སྟེ། དེས་ན་འཁོར་ལོའི་མཆོད་པ་འདི་ཐོག་མར་གྱིས་ལ། ཕྱིས་ཀློག་ཤིག་ཅེས་གསུང་ཞིང་། ཚོགས་ཀྱི་འཁོར་ལོའི་མཆོད་པར་སྣང་བ་མང་པོ་ཞིག་ལས་མཐར་ཚོགས་ཀྱི་བྱ་བ་ཟིན་པ་ན། དེ་རྣམས་བཀློག་པས་
རེ་ལོགས་ཆེན་པོ་ཡི་གེ་ཕྲ་མོས་ཁྱབ་པ་དེ་ཡུད་ཙམ་གྱིས་ཀློག་ཟིན་པ་དང་། དོན་རྣམས་ཀྱང་བློ་ལ་རམ་རམ་ཡོད་པ་སྙམ་བྱེད། གཉིས་དཔའི་ཚེ་རང་སྔར་མགོ་པའི་དོན་ཉི་ཤུ་ཙམ་ཞིག་གསལ་ལེ་འདུག །ཞེས་གསུངས་པ་ལྟར་རོ། དགེ་འོ། སྨྲས་པ། རྒྱལ་ཀུན་མཁྱེན་བརྩེའི་མཛད་འཕྲིན་ནོར་བུའི་ཅོད་པན་གང་གི་དབུ་ལ་བཞག་མཁས་གྲུབ་བྱ་བའི་མགོ་བོར་ཞབས་ཟུང་པད་མོའི་གེ་སར་གསལ་པར་བཀོད། དེས་དོན་སྙིང་པོའི་པོའི་གཏམས་ཀྱིས་སྲིད་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་མཛད། མདོ་སྔགས་བསྟན་པ་ཡོངས་ཀྱི་མངའ་བདག་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། དྲི་མེད་རབ་གསལ་ཨིནྡྲནཱི་ལའི་ལྷུན་པོ་ལྟར་འཕགས་མཚན་དཔེའི་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ། སྙན་འཇེབས་ཡིད་འོང་དགའ་བྱེད་རབ་གསལ་མི་མཐུན་མེད་པའི་ཚུངས་པའི་དབྱངས་ནི་རབ་ཏུ་སྙན་པེའི་གསུངས། བདེ་ཆེན་ཡེ་ཤེས་ཉམས་བརྒྱུའི་རོལ་བ་བས་དཔག་ཡངས་ལྷ་ཚོགས་རབ་འབྱམས་སྤྲོ་ཞིང་རྣམ་ཀུན་མཁྱེན་པའི་ཐུགས་བླ་མ་ཧེ་རུ་ཀ་དཔལ་དཔའ་བོའི་ཞབས་རྡུལ་ལྷ་མིའི་དབང་པོའི་སྤྱི་བོར་བླངས་ཏེ་གུས་པས་འདུད། འཆི་མེད་ན་ཆུང་བཅུ་དྲུག་ལང་ཚོའི་དཔལ་འཛིན་རིན་ཆེན་རུས་པའི་རབ་བརྒྱན་གཉེར་ལྕགས་ལྡན་པའི་སྐུ། བསྐལ་བའི་མེ་ལྟར་རབ་དམར་འོད་ཀྱི་དྲ་བའི་མཛས་ཤིང་མཁའ་འགྲོ་དུ་མ་ཞིང་བསྡུ་བའི་གཞི། འདོ་ཆགས་ཆེན་པོའི་རྣམ་པར་རོལ་མཁས་རྒྱལ་བ་ཀུན་ལ་བདེ་ཆེན་ཡེ་ཤེས་
སྦྱིན་མཛད་གསང་བའི་ཡུམ། དངོས་པོ་ཀུན་གྱིར་རབ་ཏུ་བཏུད་དེ་བདག་དང་འགྲོ་ཀུན་བདེ་ཆེན་ཡེ་ཤེས་བདག་པོའི་སར་འགོད་མཛོད། བདེ་མཆོག་བསྟོད་ཆེན་འགྲེལ་བཤད་ཕན་བདེའི་རྒྱ་མཚོ་འདི། མཐའ་ཡས་རྒྱུ་སྡེའི་གསང་མཛོད་བླ་མའི་བྱིན་བརླབ་དང་། རྡོ་རྗེའི་མཁའ་འགྲོ་གྲོགས་བྱས་ཟབ་མོའི་དོན་རྣམས་ནི། ཀུན་དགའ་སྙིང་པོས་རྒྱ་ཆེར་གསལ་བར་བྱས་པ་འདི། གཅིག་ལས་དུ་མར་འཕེལ་བའི་འཕྲུལ་གྱི་ཆོས་གཞི་ཡངས། ཆོས་སྦྱིན་ཟད་མེད་ཉལ་འགྲོའི་རྒྱུན་ལ་འགྲན་པ་འདི། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ཟླ་བ་༣་ཚེས་༢༨་ལ། སྔོན་བསགས་ལྡན་པའི་མཁྱེན་ལོས་བསྟན་གཞིའི་སྤྱི་བདག་མཛད། ཕ་མའི་ཐོགས་དྲངས་མཁའ་ཁྱབ་འགྲོ་ཀུན་དོན་དུ་བསྐྲུན། ཕྱི་ནང་གསང་བའི་བར་ཆད་བྲལ་ཞིང་སྒྲིབ་གཉིས་སྦྱངས། བསྟན་འཛིན་ཡོང་རྒྱས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས། ཆོས་སྤྱོད་བཅུ་ཡི་བྱ་བ་མ་ལུས་རྟག་ཏུ་འཕེལ། དུས་བཞི་སྙམས་ཤིང་ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས། །ནད་རིགས་ཀུན་ཞི་ཚེ་རིང་ཕན་ཚུན་བྱམས་ཞིང་བརྩེ། །མེ་དགེ་བཅུ་སྤང་དགེ་བཅུ་མ་ལུས་རྟག་པར་སྤྱོད། །ཆས་སྲིད་བརྟན་ཞིང་དུས་འཁྲུགས་མ་ལུས་རབ་ཞི་མཛོད། །རྟེན་འདི་གང་ན་བཞུགས་པའི་ཡུལ་ཁམས་སུ། །ལྷ་ཀླུ་མི་དང་མི་མིན་འབྱུང་པོ་དང་། །འདྲེ་སྲིན་རྒྱལ་གདོན་དམ་སྲི་ཤ་ཟའི་རིགས། །ཐམས་ཅད་ཕན་སེམས་ལྡན་ཞིང་ཆོས་སྤྱོད་ཤོག །དགེ་ཚོགས་འདིའི་མཚོན་དུས་གསུམ་བསགས་དགེ་རྣམ། །ཕྱོགས་བཅུའི་རྒྱལ་སྲས་ཡོངས་ཀྱི་བསགས་དགེ་ཀུན། །གཅིག་ཏུ་བསྡོམས་
པའི་ཀུན་བཟང་འཇམ་དཔལ་གྱིས། སྨོན་པ་ཇི་ལྟ་བ་བཞིན་འགྲུབ་གྱུར་ཅིག །༈སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་འཁོར་ལོ་སྡོམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་ཀྱི་རྒྱ་ཆེར་བཤད་པ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ། རིག་སྔགས་འཆོང་མཐའ་དག་གི་ངེས་པའི་ཚིག །སྦས་པའི་དོན་མ་ལུས་པ་གསལ་བར་བྱེད་པ་ཕན་བདེའི་རྒྱ་མཚོ་ཞེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱིས་ཐུགས་རྗེས་ཉེ་བ་བཟུང་བས་འཕགས་པའི་ཡུལ་དང་། གངས་རིའི་ཁྲོད་འདི་སྐྱེས་བུ་དམ་པར་རིག་སྔགས་འཆང་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རྫོགས་པར་འཛིན་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་བློ་གྲོས་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཉེ་བར་བསྐུལ་བ་དང་། ཕྱོགས་འཛིན་སྤངས་པའི་བློ་ཅན་རྡོ་རྗེ་ཐེག་པའི་ངེས་པའི་དོན་ལེགས་པར་ཤེས་པར་འདོད་པ་རྣམས་ལ་མཆོག་ཏུ་ཕན་པར་མཐོང་ནས། རང་ལོ་ཉེར་དྲུག་ཏུ་ཉེ་བར་ཀུན་
ལྡན་པའི་ལོར་མཆུ་སྟོད་ཟླ་བའི་ཡར་ཆོས་བཅུ་པ་ལ་དཔལ་རྟག་ལུང་ཐང་དང་ཉེ་བའི་དབེན་གནས་རྣམ་རྒྱལ་རབ་བརྟན་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་རྣམ་རྒྱལ་ལོ། ཞེས་པའི་གཞུང་བསྟོད་ཆེན་ལ་ལྡེ་བ་ཉེར་བརྒྱད་དང་། འགྲོལ་བཤད་ལ་ལྡེབ་བཞི་བརྒྱ་དང་ངོ་དྲུག་མ་ཕྱི་ལ་ཡོད་པ་འདི་ཞིང་སྤར་དུ་བསྐྲུན་སྐབས། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད། རབ་བྱུང་བཅུ་བཅུ་བདུན་པ། ས་ཕོ་སྟག་གི་ལོའི་དཔྱིད་ཐ་ཆུང་ནག་པ་ཟླ་བའི་ཚེས་ཉེར་བརྒྱད་ཉི་རྣམ་དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་གྱི་དུས་སུ་རི་ཐང་ལྗོན་ཞིང་ཐམས་ཅད་གྱི་མདོག་ལྗང་གསལ་དུ་འགྱུར། མེ་ཏོག་རྣམ་དཀར་སེར་སྔོ་དམར་སྣ་ཚོགས་སོགས་ཀྱི་མདངས་རྒྱས་ཏེ། འདབ་ཆགས་དང་། བུང་བ་སོགས་ཀྱིས་འཕུར་ལྡེང་དང་། སེར་བུས་བསྐྱོད་པས་དྲི་ངད་སྣ་ཚོགས་ཕྱོགས་བཅུར་ཁྱབས་པ། མདོར་ན་འགྲོ་ཀུན་གྱི་ཡིད་ལ་དགའ་བ་སྟེར་བ་སོགས་མཆོག་གསུམ་གྱི་མཛད་འཕྲིན་དང་དབང་ཐང་གི་བསོད་ནམས་ལ་ཡིད་ཆེས་
འཕེལ་བ་སོགས་ཀྱི་དུས་སུ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་ཡ་གྱལ་བདེ་མཆོག་སྟོང་ཆེན་དང་འགྲེལ་བཤད་གྱི་སྤར་བྱང་སྨོན་ཚིག་གསང་སྔགས་རྒྱ་མཚོའི་འཇུག་སྒོ་ཞེས་བ་བ་འདི་འཛམ་ཐང་མཁན་ངག་དབང་ཡོན་ཏན་བཟང་པོས་བྲིས་པ་དགེ། སྤར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས། སརྦ་མངྒ་ལཾ།