དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་བཞུགས།
ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ། བླ་མ་དང༌། དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པ་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་བ་དམ་པ་ཐུགས་རྗེའི་སྟོབས། །ནམ་མཁའ་དང་མཉམ་སྙིང་པོའི་ཡེ་ཤེས་ནི། །མཐའ་ཡས་སྒྱུ་མའི་རོལ་རྩེད་སྟོན་མཁས་པ། །གཅིག་པུ་མཆོག་ཏུ་ཆེ་བ་ལྷག་པའི་ལྷར། །སྙིམ་པ་མེ་ཏོག་གིས་བཀང་ཤིང༌། །མགྲིན་པ་དམའ་བས་ཞབས་བཏུད་དེ། །མཐའ་མེད་འཁོར་བ་ཇི་སྲིད་བར། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །རྒྱུད་རྒྱལ་ཡིད་བཞིན་ནོར་བུ་ཡི། །རྒྱལ་མཚན་འགྲོ་བའི་རེ་བསྐོང་གང༌། །གཞན་ངོར་མཛེས་པ་བསྐྱེད་པའི་ཕྱིར། །ཚིག་གི་མེ་ཏོག་འཕྲེང་བས་མཆོད། །དེ་ལ་འདིར་དཔལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་རྒྱུད་རྒྱས་པ་ལས་ཡོངས་སུ་ཕྱུང་བ་ཉུང་ངུའི་རྒྱུད་འདི་ནི་ཚིག་ཚོགས་ཤིན་དུ་ཉུང་ཡང་དོན་ལྷག་པར་རྒྱས་པའོ། །
གཞན་ཡང་རྡོ་རྗེའི་ཚིག་གི་དོན་རྣམ་པར་དབྱེ་དཀའ་བའི་ཕྱིར། བྱིས་པའི་བློ་ཅན་བདག་ལྟ་བུ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཡང༌། བླ་མ་དམ་པའི་མན་ངག་ལེགས་པར་མནོས་ཤིང༌། རྡོ་རྗེ་ཐེག་པ་ལ་ཚད་མར་གྱུར་པའི་གྲུབ་པའི་སློབ་དཔོན་རྣམས་ཀྱི་གསུང་གི་རྒྱུན་ཐོས་པ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་མཛད་པའི་རྣམ་པར་བཤད་པ་ལ་བརྟེན་ནས། རང་གི་བློ་དང་འཚམ་པར་ཅི་ནུས་ཤིག་དབྱེ་བར་བྱའོ། །དེ་ལ་སྔོན་དུ་འགྲོ་བ་རྒྱུད་སྡེ་སྤྱིའི་རྣམ་གཞག་དང༌། རྒྱུད་ཀྱི་མངོན་པར་རྟོགས་ལ་ལེགས་པར་ཤེས་ནས་རྒྱུད་ཀྱི་ཚིག་དོན་ལ་འཇུག་དགོས་པ་ལས། དང་པོ་ནི་གཞན་དུ་ཤེས་པར་བྱ་ལ། གཉིས་པ་ལ་ཡང༌། ཐེག་པ་བླ་ན་མེད་པའི་རྒྱུད་སྤྱིའི་མངོན་པར་རྟོགས་པ། རྒྱུད་གསུམ་གྱི་དོན་ལ་ངེས་པ་རྙེད་ཅིང༌། ཁྱད་པར་དུ། རིམ་པ་གཉིས་ཀྱི་ངོ་བོ་དང༌། དབྱེ་བ་དང༌། ངེས་ཚིག་དང༌། གོ་རིམ་དང༌། གྲོལ་བར་འགྱུར་བའི་རྒྱུ་མཚན་དང༌། བྱེ་བྲག་ཏུ་བསྐྱེད་པའི་རིམ་པ་ལ། ཏིང་ངེ་འཛིན་གསུམ་དང༌། བསྙེན་
སྒྲུབ་ཡན་ལག་བཞི་དང༌། རྣལ་འབྱོར་བཞི་དང༌། ཡན་ལག་དྲུག་དང༌། དེ་དག་གི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རྣམས་དམིགས་ཕྱེད་པ་དང༌། རྫོགས་པའི་རིམ་པ་ལ། གང་ལ་གནད་དུ་བསྣུན་པའི་གཞི་གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་དང༌། རྫོགས་རིམ་གྱི་ངོ་བོ་ལ། རླུང་སེམས་དབུ་མར་འཇུག་བྱེད་དང༌། ཞུགས་ཟིན་གྱི་བྱ་བ་རྣམས་དང༌། རིམ་པ་གཉིས་ལ་དྲོད་ཐོབ་ནས་སྤྱོད་པས་འབྲས་བུ་ལ་མཚམས་སྦྱོར་བའི་ཚུལ་དང༌། ལམ་ལྔ་དང་ས་བཅུའི་རྣམ་པར་བཞག་པ་རྣམས་ལ་ངེས་པ་རྙེད་པ་ཞིག་དགོས་པས་དེ་དག་ཀྱང་གཞན་དུ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པ་རྒྱུད་འདི་ཉིད་ཀྱི་མངོན་པར་རྟོགས་པ་ལ། སྡེ་སྣོད་གང་དུ་གཏོགས་པ་ངོས་བཟུང་བ་དང༌། ཐུན་མོང་མ་ཡིན་པའི་མཚན་གྱི་དགོས་དོན་དང༌། མི་ཡུལ་དུ་སུས་སྤྱན་དྲངས་པ་དང༌། རྒྱུད་ཀྱི་བསྡུས་པའི་དོན་བསྟན་པ་དང༌། རྒྱུད་གསུམ་གྱི་རང་བཞིན་རྣམ་པར་བཞག་པ་སྟེ་དོན་ཚན་ལྔ་ལས། དང་པོ་ནི། མདོ་དང་སྔགས་གཉིས་ལས་སྔགས་ཀྱི་ཐེག་པ་དང༌། དེ་ལ་རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་ན་མེད་པ་སྟེ། དེ་ལ་ཡང་ཕ་རྒྱུད་དང༌། མ་རྒྱུད་གཉིས་ལས་མ་རྒྱུད་ཅེས་བྱ་བ། ཤེས་རབ་ཀྱི་རྒྱུད་དམ་རྣལ་འབྱོར་མའི་རྒྱུད་ཅེས་ཀྱང་བྱ་བར་གཏོགས་ཏེ། དེ་སྐད་དུ། རིག་པ་འཇིག་རྟེན་གསུམ་པོ་ན། ཁྱོད་དང་མཉམ་པ་ང་ལས་མེད། ཅེས་མཧཱ་མ་ཡའི་རྒྱུད་འདིའི་རིག་སྔགས་ནི། ཡུམ་སངས་རྒྱས་མཁའ་འགྲོ་མའི་རིག་སྔགས་
ཡིན་པར་བཤད་ཅིང༌། སྔགས་དེ་ཉིད་ལྷ་མོའི་རིགས་སྔགས་ཡིན་ལ། དཀྱིལ་འཁོར་དང༌། ལས་ཚོགས་ཀྱི་ཆོ་ག་ཐམས་ཅད་སྔགས་དེ་ཉིད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་རྣལ་འབྱོར་མའི་རྒྱུད་ལ་དབྱེ་ན་རིགས་དྲུག་ཏུ་ཡོད་པ་ལས། རིགས་ཀྱི་གཙོ་བོ་ཧེ་རུ་ཀའི་རིགས་སུ་གཏོགས་ཤིང༌། ཡང་མ་རྒྱུད་ཀྱི་གཙོ་བོའི་དབང་དུ་མཛད་ནས། རྡོ་རྗེ་གུར་ལས། ཇི་སྐད་དུ། མཁའ་འགྲོ་སྡེ་དང་རྒྱ་མཚོ་སྡེ་དང་ནམ་མཁའ་དང༌། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང༌། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང༌། །རྒྱུད་དེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང༌། །སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང༌། །གསང་བ་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བའི། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་ཏེ་མ་རྒྱུད་བཅུ་བཞི་ལས་འདི་ནི་གསང་བ་ཡིད་བདེའོ། །འདི་ལ་རྒྱ་བོད་གཉིས་ན་བཤད་རྒྱུད་རང་རྐང་པ་ནི་མེད་ལ། གསང་བ་ཀུན་ལས་བཏུས་པ་ཞེས་བྱ་བའི་རྒྱུད་ཀྱི་ལེའུ་འགའ་ཞིག་གིས་རྒྱུད་འདི་བཤད་པར་གྲགས་ནའང་དེ་ནི་ད་ལྟ་བོད་ན་མེད་ཅིང༌། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ། རྒྱུད་འདིའི་ཚིག་རགས་རིམ་རྣམས་འདྲེན་པར་མཛད་ཅིང་ཅི་རིགས་པ་མི་གསལ་བ་གསལ་བའི་ཕྱིར་བཤད་པ་ཡང་མཛད་ལ། ཟླ་གསང་ཐིག་ལེ་དང་ཅུང་ཟད་འབྲེལ་བ་དང༌། འདིའི་རྒྱུད་དོན་ཅི་རིགས་པ་སཾ་པུ་ཊིས་ཀྱང་ཅུང་ཟད་འཆད་
ཅིང་ཕག་མོ་དོན་གྲུབ་མའི་རྟོག་པ་དང༌། འཕྲེང་བའི་རིག་པ་འཛིན་མའི་རྟོག་པ་གཉིས་ཀྱང་རྒྱུད་འདིའི་ཕྱོགས་མཐུན་དུ་སྣང་ངོ༌། །གཉིས་པ་ནི། རྒྱུད་ཀྱི་རྒྱལ་པོ་འདི་ལེའུ་གསུམ་ཚིགས་སུ་བཅད་པ་དགུ་བཅུ་ལྷག་བཅས་ཙམ་དང་ལྷ་ལྔའི་དཀྱིལ་འཁོར་ཁོ་ན་དང༌། མངོན་པར་རྟོགས་པ་ཡང་གཞན་ལས་མདོར་བསྡུས་པར་གསུངས་པ་ནི། གང་ཟག་བསྡུས་པ་ལ་དགའ་བ་རྣམས་རྗེས་སུ་བཟུང་བའི་ཆེད་ཡིན་ནོ། །གསུམ་པ་ནི། གྲུབ་པའི་སློབ་དཔོན་ཀུ་ཀུ་རཱི་པས་སྤྱན་དྲངས་པ་སྟེ། དེ་ཉིད་ཀྱི་ལོ་རྒྱུས་སུ་ལྟའོ། །བོད་ཀྱི་ཡུལ་དུ་ཐོག་མར་འགོས་ཁུག་པས་བསྒྱུར་བཤད་མཛད་ཅིང༌། ལོ་ཙ་བ་གཞན་དང་གཞན་གྱིས་ཀྱང་གཏན་ལ་ཕབ་མོད་ཀྱི། འདི་ནི་རྗེ་བཙུན་མར་པ་ལྷོ་བྲག་པ་ནས་བརྒྱུད་པ་སྟེ། དེས་ཀྱང་སློབ་དཔོན་ཤནྟི་པའི་ལུགས་དང༌། ནག་པོ་པའི་ལུགས་དང༌། ནཱ་རོ་པའི་མན་ངག་གི་ལུགས་གསུམ་རྫོགས་པར་གསན་ཞིང༌། སློབ་དཔོན་གཞན་གྱི་མན་ངག་ཀྱང་ཅི་རིགས་པ་གསན་པར་གསལ་ལ། ཕྱིས་སློབ་དཔོན་ཀུ་ཀུ་རཱི་པ་ཉིད་ལ་ཡེ་ཤེས་ཀྱི་སྣང་བའི་ཚུལ་གྱིས་དངོས་སུ་གནང་བ་ནོད་པ་ཡིན་ནོ། །རྣམ་ཐར་ཡོངས་ཁྱབ་ལྷད་ཅན་རྣམས་སུ། ཀུ་ཀུ་རཱི་པ་དང་ཞི་བ་བཟང་པོ་གཅིག་པར་འདོད་པ་ནི་མུན་སྤྲུལ་ཏེ། ཞི་བ་བཟང་པོ་ནི་མར་འགོས་གཉིས་ཆར་ཀྱི་བླ་མ། རྗེ་མར་པས་ཀྱང་རྒྱུད་སྡེ་གཞན་མང་པོ་གསན་པའི་བླ་མའང་ཡིན་མོད་ཀྱི། དེ་ཉིད་མཧཱ་མ་ཡའི་རྒྱུད་ལ་ཆེས་མཁས་ཤིང་གྲུབ་པ་བརྙེས་
པ་ཡིན་པས། མཧཱ་མ་ཡ་བླ་མ་ཐར་པའི་ལམ་སྟོན་ཀྱི་རྗེས་སུ་འབྲངས་ཞེས། གཙོ་བོར་ནག་པོ་ཤནྟི་བྷ་དྲ་དང་བཞེད་པ་མཐུན་ལ། དཔལ་ནཱ་རོ་པའི་མན་ངག་གི་ཁྱད་པར་ཅུང་ཟད་ཙམ་གྱིས་བརྒྱན་པའོ། །འདིར་དབང་རྒྱུད་མན་ངག་གསུམ་ཆར་མར་ལུགས་ཀྱིས་གཞུང་བསྲངས་ནས། གྲུབ་ཆེན་ཞི་བ་སྦས་པའི་མན་ངག་ལེགས་ཆས་ཅུང་ཟད་བརྒྱན་པར་བྱའོ། །བཞི་པ་ནི། རྒྱུད་ཀྱི་ཆིངས་སམ་བསྡུས་པའི་དོན་ཏེ་རྗེ་མར་པའི་ཞལ་ནས། ངས་གསང་སྔགས་ཀྱི་པོ་ཏི་གང་བཤད་ཀྱང༌། པོ་ཏི་དེའི་དཀྱུས་སྟོད་སྨད་ཀྱི་དོན་ཐམས་ཅད་ཐུན་ཆུང་གཅིག་གི་ནང་དུ་བསྡུས་ནས། སློབ་མའི་བློ་ལ་སྐྱེལ་ཤེས་པ་ཡིན་གསུང་སྟེ། འདིར་དོན་གྱི་གཙོ་བོ་སུམ་ཅུ་རྩ་གཉིས་སུ་བསྡུའོ། །དེ་ཡང༌། ས་ཆོག །སྟ་གོན། དཀྱིལ་འཁོར་ཞག་གི་ཆོ་ག་དབང་བསྐུར་བ་སྟེ་བཞིའམ། ཡང་ན་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། བཞི་པ་ཚིག་དབང་སྟེ་དབང་གི་མངོན་རྟོགས་བཞི་པོ་ངོ་བོ་ཐབས་རྒྱུད་ཡིན་ཡང༌། རྒྱུ་རྒྱུད་བསོས་འདེབས་བྱེད་ཡིན་པའི་ཕྱིར། རྒྱུ་རྒྱུད་ཀྱི་མངོན་རྟོགས་སུ་མཛད་ལ། དམན་པ་དབྱིབས་ཀྱི་རྣལ་འབྱོར་རིགས་གཉིས་འཁོར་ལོ་སྔགས་ཀྱི་རྣལ་འབྱོར། ཐིག་ལེ་སྔགས་ཀྱི་རྣལ་འབྱོར། ཕྲ་མོ་སྔགས་ཀྱི་རྣལ་འབྱོར། འོག་སྒོ་སྔགས་ཀྱི་རྣལ་འབྱོར། མཐར་ཐུག་ཆོས་ཀྱི་རྣལ་འབྱོར། རྣལ་འབྱོར་གྱི་དམ་ཚིག་སྟེ་བརྒྱད་ནི་ཐབས་རྒྱུད་ཀྱི་མངོན་རྟོགས་དང༌། ལས་ཆེན་བརྒྱད་ཐུན་མོང་གི་
དངོས་གྲུབ་བརྒྱད། མཆོག་གི་དངོས་གྲུབ་ལ་སྐུ་བཞི་སྟེ། ཉི་ཤུ་ནི་འབྲས་རྒྱུད་ཀྱི་མངོན་རྟོགས་སོ། །དེ་རྣམས་སུ་རྒྱུད་དོན་མཐའ་དག་འདུས་པ་མ་ཡིན་ཀྱང་སྒྲུབ་པ་པོ་ལ་ཉེ་བར་མཁོ་བའི་དོན་གྱི་གཙོ་བོ་ཐམས་ཅད་ཚང་བ་ཡིན་ནོ། །ཡང་ན། སྒོམ་བྱ་དངོས་པོའི་གནས་ལུགས། སྒོམ་པ་པོ་གང་ཟག་གི་མཚན་ཉིད། ཇི་ལྟར་སྒོམ་པའི་ཚུལ། དེ་ལྟར་སྒོམས་པའི་འབྲས་བུ་སྟེ་བཞི་ལས། དང་པོ་ནི། ལུས་སེམས་ཀྱི་གནས་ལུགས་སོགས་སོ། །གཉིས་པ་ནི་དབང་བཞི་རྫོགས་པར་ཐོབ་པ་དང༌། དམ་ཚིག་མ་ཉམས་པ་དགོས་པས་དེའི་རྣམ་གཞག་གོ །གསུམ་པ་ནི་སྔགས་དབྱིབས་ཆོས་གསུམ་སྤྱོད་པ་དང་བཅས་པའོ། །བཞི་པ་ནི་ལས་དང་དངོས་གྲུབ་སྟེ། བཞི་པོ་འདིས་ནི། རྒྱུད་དོན་མ་ལུས་པ་ཡོངས་སུ་རྫོགས་པར་བསྡུས་སོ། །ལྔ་པ་ལ། རྒྱུ་རྒྱུད་ཀྱི་རང་བཞིན་བསྟན་པ། ཐབས་རྒྱུད་ཀྱི་རིམ་པ་བཤད་པ། འབྲས་རྒྱུད་ཀྱི་རྣམ་པར་བཞག་པ་དང་གསུམ་མོ། །དང་པོ་ལ། སེམས་རང་བཞིན་གྱི་འོད་གསལ་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པ་དང༌། རང་བཞིན་གྱི་རྣམ་པར་དག་པ་དང༌། འཁོར་བའི་ཆོས་ཐམས་ཅད་ཀྱི་དབྱིངས་དང༌། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྟེན་དང༌། རང་གི་རིག་པའི་བདག་ཉིད་དུ་གནས་པ་སྟེ་ཁྱད་པར་ལྔ་ལས། དང་པོ་ནི། གང་ཞིག་གིས་ནི་ཀུན་ཁྱབ་པ། །ཞེས་དང༌། སེམས་དང་སེམས་མེད་སེམས་རང་བཞིན། །ཞེས་པ་ལ་སོགས་པས་བསྟན།
གཉིས་པ་ནི། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །ཅེས་དང༌། གསུམ་པ་ནི། འཇིག་རྟེན་གསུམ་པོ་ཡང་སྤྲོའོ། །ཞེས་དང༌། བཞི་པ་ནི། ཚངས་ལ་སོགས་པ་བདག་ཉིད་ཆེ། ཞེས་དང༌། ལྔ་པ་ནི། སྒྲུབ་པའི་དབང་ཕྱུག་རིག་པ་ཉིད། །ཅེས་པས་བསྟན་ནོ། །དེ་ཡང་རགས་པར་ན་རྒྱུ་རྒྱུད་ནི་རྟེན་གྱིས་གང་ཟག་སྟེ། དབང་བཞི་ཐོབ་པའི་ཁྱད་པར་དང་ལྡན་པའོ། །དེ་ཡང་ཞིབ་མོར་ན་དེའི་སེམས་རྒྱུད་དོ། །དེའི་ཕྱིར་རྒྱུ་རྒྱུད་དངོས་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། རྒྱུ་རྒྱུད་ཀྱིས་བསྡུས་པ་ནི། འཁོར་བའི་ཆོས་ཐམས་ཅད་ཀྱང་ཡིན་ནོ། །གཉིས་པ་ལ། སྨིན་བྱེད་དབང་བཞི། གྲོལ་བྱེད་རིམ་པ་གཉིས། བསྲུང་བྱ་དམ་ཚིག །ཉེ་རྒྱུ་སྤྱོད་པ། བགྲོད་བྱ་ལམ་གྱི་རྣམ་གཞག་སྟེ་ལྔ་ལས། དང་པོ་ནི། སྒྱུ་འཕྲུལ་ཆེན་མོ་རབ་སྦྱོར་བས། །ཞེས་སོགས་ཀྱིས་དཀྱིལ་འཁོར་སྒྲུབ་པ་བསྟན། སངས་རྒྱས་ཐམས་ཅད་འཕྲོག་པ་དང༌། ཞེས་པའི་སངས་རྒྱས་ཐམས་ཅད་ཅེས་པས་བུམ་དབང་བསྟན། འཕྲོག་པ་དང༌། ལྷ་མཆོག་ལས་སྐྱེས་བུ་མོ་སྤྱད། ཅེས་པས་གསང་དབང་བསྟན། རྣལ་འབྱོར་དབང་ཕྱུག་བྱེད་རིག་པ། །ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན། དེ་བཞིན་དུ་ནི་ཞེས་པས་དབང་བཞི་པ་བསྟན་ཏེ། ཚིགས་སུ་བཅད་པ་དེ་ཉིད་ལ་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པའི་དོན་ནོ། །མན་ངག་གཞན་ལས་ནི། མིག་འཕྲུལ་བྱེད་
ཅེས་པའི་ཚིག་ཀྱང་དབང་བཞི་པ་སྟོན་བྱེད་དུ་མཛད་དེ་ཤིན་ཏུ་ལེགས་སོ། །གཉིས་པ་ལ། བསྐྱེད་རིམ་དང༌། རྫོགས་རིམ་གཉིས། དང་པོ་ནི། དམན་པ་དབྱིབས་ཀྱི་རྣལ་འབྱོར་ཏེ། འདི་ལ་ཡང་རང་བཞིན་དབྱིབས་ཀྱི་རྣལ་འབྱོར་དང༌། སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ནི། སྐད་ཅིག་གམ་ས་བོན་ལས་བསྐྱེད་པ་ཙམ་གྱི་ཆོ་ག་མདོར་བསྡུས་པས་སྒོམ་ཞིང༌། བསྒོམ་བྱའི་ལྷ་ཡང་སྤྲུལ་གཞི་རྡོ་རྗེ་སེམས་དཔའ་ཉིད་བསྒོམ་པའི་ལྷའི་རྣལ་འབྱོར་ཡིན་ལ། ཕྱི་མ་ནི་ཆོ་ག་རྒྱས་བསྡུས་གང་ཡིན་ཀྱང་རུང་སྟེ། བསྒོམ་བྱ་ལྷ་ནི་ཧེ་རུ་ཀའམ་མཁའ་འགྲོ་མ་བསྒོམ་པའོ། །འདིར་མན་ངག་གཞན་གྱི་དགོངས་པ་ལྟར་རང་བཞིན་དབྱིབས་ཀྱི་རྣལ་འབྱོར་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་དེ། རྫོགས་རིམ་གྱི་ལྷ་སྐུ་ཐམས་ཅད་རང་བཞིན་དབྱིབས་ཀྱི་རྣལ་འབྱོར་ཡིན་ལ། བསྐྱེད་རིམ་དུ་གཏོགས་པ་ནི་གོང་དུ་བཤད་པ་བཞིན་ཏེ། དེ་ལྟར་ན། དབྱིབས་ཀྱི་རྣལ་འབྱོར་ལ་ཡང༌། དམན་པ་དབྱིབས་ཀྱི་རྣལ་འབྱོར་བསྐྱེད་རིམ་ཁོ་ནར་ངེས་པ་དང༌། མཆོག་དབྱིབས་ཀྱི་རྣལ་འབྱོར་རྫོགས་རིམ་ཁོ་ནར་ངེས་པའོ། །དེའི་ཕྱིར་བསྐྱེད་རྫོགས་ཐམས་ཅད་སྔགས་དབྱིབས་ཆོས་གསུམ་དུ། འདུ་ཡང་དམན་པ་དབྱིབས། ཟབ་པ་སྔགས། མཐར་ཐུག་ཆོས་ཞེས་བྱ་བ་གསུམ་དུ་མི་འདུ་ཞིང༌། དེ་ལྟར་འཆད་པ་ནི་ཉམས་སུ་བླང་བྱའི་གཙོ་བོ་གསུམ་བསྡུས་པའི་དབང་དུ་བྱས་པ་སྟེ། སྔོན་བསྐྱེད་
རིམ་ལ་གོམས་པ་ཞིག་གིས་རྫོགས་རིམ་བསྒོམ་པའི་ཚེ་ལྷ་སྐུ་ཆེད་དུ་མ་བསྒོམས་ཀྱང་རང་ཤུགས་ཀྱིས་འཆར་བ་སོགས་རྒྱུ་མཚན་དུ་མ་སྣང་བས་སོ་ཞེས་པ་འདི་རང་ལུགས་སུ་བཟུང་བར་བྱའོ། །འདིར་ཧེ་རུ་ཀ་ལྷ་ལྔའི་བསྐྱེད་པའི་རིམ་པའི་དོན་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་ཆོས་བཅུ་བཞི་ལས། དང་པོ་བླ་མ་དག་པའི་ཆོ་ག་ནི། སྦྱང་བྱ་སྐྱེ་བ་སྔ་མར་འཕེན་འགྲུབ་ཀྱི་ལས་གསོགས་པ་སྤྱོད་ཞིང༌། སྦྱངས་འབྲས་བསོད་ནམས་ཀྱི་ཚོགས་གསོག་པ་མཚོན། གཉིས་པ་ཚད་མེད་བཞི་བསྒོམ་པ་ཡང་ཡུལ་མཆོག་དམན་གྱི་ཁྱད་མ་གཏོགས་དེ་དང་དོན་མཐུན་ཞིང་ལྷ་རྣམས་སྙིང་རྗེ་ཆེན་པོར་འཆར་བར་བྱེད། གསུམ་པ་སྟོང་ཉིད་བསྒོམས་པས། འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། རྫོགས་རིམ་བསྒོམ་པའི་དུས་ན་རླུང་སེམས་སྙིང་ཁར་འདུས་པའི་འོད་གསལ་འཆར་བར་འགྱུར་བའི་རྒྱུ་གྲུང་པོ་བྱེད་ཅིང༌། སྣང་བ་སྟོང་ཉིད་དུ་འཆར་བ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པའི་དགོས་པ་ཡོད་དོ། །བཞི་པ་བསྲུང་འཁོར་ནི། གཙོ་བོར་བར་ཆད་བསྲུང་བའི་ཆེད་ཡིན་ལ། སྐྱེ་བ་ལེན་པ་ལ་གེགས་མེད་པ་དང༌། བདུད་བཞི་བཅོམ་པ་མཚོན། ལྔ་པ་རྟེན་དང་བཅས་པའི་འཁོར་གྱི་ལྷ་བསྐྱེད་པ་ལ། ལྷའི་གནས་བསྐྱེད་པ་དང༌། ལྷ་དངོས་བསྐྱེད་པ་གཉིས་ལས། དང་པོ་ནི་ཆོས་འབྱུང་གི་ནམ་མཁའ་མཚོན་ཞིང་དཀྱིལ་འཁོར་བདེ་སྟོང་དུ་ཤེས་པར་བྱེད།
འབྱུང་བཞི་རི་རབ་གཞལ་ཡས་ཁང་དང་བཅས་པ་གྲུབ་པ་ནི། སྣོད་ཀྱི་འཇིག་རྟེན་དང༌། ཡེ་ཤེས་ཀྱི་གཞལ་མེད་ཁང་མཚོན། རྫོགས་རིམ་གྱི་རྟེན། སྤྱི་བོ་རླུང༌། མགྲིན་པ་མེ། སྙིང་ཁ་ཆུ། ལྟེ་བ་ས། དབུ་མ་རི་རབ། པདྨ་རྩ་འཁོར། རྡོ་རྗེ་ནི་འབྱུང་བའི་ཁམས་ཀྱི་དྭངས་མ་རྣམས་མཚོན་ལ་དེའི་ཚེ་ལྷ་བསྐྱེད་པ་ནི་རྫོགས་རིམ་གྱི་ཡེ་ཤེས་སོ། །གཉིས་པ་ནི། མའི་མངལ་གྱི་གནས་དང༌། ཐུན་མོང་མ་ཡིན་པའི་ཞིང་རྣམ་པར་དག་པ་དབུས་ཀྱི་པདྨ་ཡིན་ལ། ཧྲིཿཡིག་ནི་བར་དོའི་རྣམ་ཤེས། དེ་ནས་བྱུང་བའི་ཐིག་ལེའི་གོང་བུ་ནི་མངལ་དུ་གནས་པའི་ཁུ་ཁྲག་དང་སྤྲུལ་སྐུ་དང་སྐུ་རྡོ་རྗེ། ཡིག་འབྲུ་ནི་བར་དོའི་རླུང་སེམས་དེར་ཞུགས་པ་དང་ལོངས་སྐུ་དང་གསུང་རྡོ་རྗེ། ཕྱག་མཚན་ས་བོན་གྱིས་མཚན་པ་ནི་ཡན་ལག་དང་དབང་པོ་རྣམས་དོད་པ་དང་ཆོས་སྐུ་དང་ཐུགས་རྡོ་རྗེ། འོད་ཟེར་སྤྲོ་བསྡུ་ནི་ལུས་འཕེལ་བ། ཞལ་ཕྱག་རྫོགས་པ་ནི་མངལ་ནས་བཙས་པ་དང་བདེ་བ་ཆེན་པོའི་སྐུ་མཚོན་ནོ། །དྲུག་པ་གླུས་བསྐུལ་བ་ནི། དབུས་ཀྱི་ཐིག་ལེའི་གོང་བུ་ཁུ་ཁྲག་སེམས་གསུམ་གཅིག་ཏུ་འདུས་པའི་ངོ་བོ་འབྱུང་བཞིའི་ནུས་པས་འཕེལ་བ་དང་ཚད་མེད་བཞིས་གཞན་དོན་ལ་བསྐུལ་བ་ཡིན་ནོ། །བདུན་པ་གཙོ་བོ་བསྐྱེད་པ་ལ། ས་བོན་ནི་རྩ་དང་སྲོག་གི་རླུང་ཆགས་པ་སྟེ་ཕྱག་མཚན་མན་ཆད་གོང་དང་འདྲ། འདིའི་བསྐྱེད་ཆོག་ནི། སྐུ་བཞི་ལམ་དུ་བྱེད་པ་རིམ་པ་བཞི་བསྐྱེད་ཅེས་བྱ་བ་རིམ་པ་ལོགས་པ་ཞིག་ཡིན་ལ། སྒྲུབ་ཐབས་གཞན་དང་གཞན་
ལས་ནི་མངོན་བྱང་ལྔ་བསྐྱེད་དང༌། ཆོ་ག་གསུམ་བསྐྱེད་དང༌། འོད་ཀྱི་གོང་བུ་ལས་བསྐྱེད་པ་དང༌། རྒྱུ་འབྲས་རྡོ་རྗེ་འཛིན་པའི་དབྱེ་བ་བྱེད་པ་སོགས་མང་དུ་ཡོད་མོད། རྡོ་རྗེའི་ཚིག་གཅིག་ལ་དོན་དུ་མ་འཐད་ལྡན་དུ་འབྱུང་བའི་ཕྱིར་ཐམས་ཅད་ཀྱང་ལེགས་པ་ཁོ་ན་སྟེ། འོན་ཀྱང་རྒྱུད་འདིའི་ཐུན་མོང་མ་ཡིན་པའི་དགོངས་པ་ནི་དཀྱུས་ཉིད་ཡིན་པར་གསལ་ལོ། །བརྒྱད་པ་ཡི་གེ་དགོད་པ་ནི་མིག་སོགས་སྐྱེ་མཆེད་རྫོགས་ཤིང་ལུས་ངག་ཡིད་གསུམ་དང་རླུང་སེམས་ཀྱི་སྟོབས་འཕེལ་བ་དང། ཡོན་ཏན་མཐའ་དག་གིས་བརྒྱན་ཞིང་རྡོ་རྗེ་གསུམ་གཅིག་ཏུ་གྱུར་པ་དང་སྐུ་གསུམ་མཉམ་པ་ཉིད་མཚོན། དགུ་པ་ཡེ་ཤེས་པ་བསྲེ་བ་ནི། ལོ་བཅུ་དྲུག་གི་མཐར་ཚོར་བ་དང་འདུ་ཤེས་རྫོགས་པ་དང༌། སངས་རྒྱས་ཐམས་ཅད་ཡེ་ཤེས་མཉམ་པ་ཉིད་དུ་གྱུར་པ་མཚོན། བཅུ་པ་དབང་བསྐུར་བ་ནི། རིགས་དང་མཐུན་པའི་ལས་ལ་དབང་བསྒྱུར་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་མཚོན། བཅུ་གཅིག་པ་མཆོད་པ་དང༌། བཅུ་གཉིས་པས་བསྟོད་པ་དང༌། བཅུ་གསུམ་པ་བདུད་རྩི་མྱངས་བ་གསུམ་ནི་རིམ་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་མཉེས་ཤིང་བསྐུལ་བའི་ཆེད་དུ་ཡིན་ལ། འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པ་དང༌། ཡེ་ཤེས་ཀྱི་མཆོད་པ་རྒྱུན་མི་འཆད་པར་འབྱུང་བ་མཚོན་ནོ། །བཅུ་བཞི་པ། དག་པ་དྲན་པ་ནི། དེ་ལྟར་དཀྱིལ་འཁོར་གྱི་
འཁོར་ལོ་བསྒོམ་པ་དེ་ཡང་གཟུང་འཛིན་ཅན་གྱི་སྣང་བ་ལས་འདས་ཏེ་ཡང་དག་པའི་ཡེ་ཤེས་སུ་ཤེས་པའི་ཆེད་ཡིན་ལ། དེ་དག་གི་མཐར་ལྷར་སྣང་ལ་སེམས་བརྟན་པོར་སྒྲུབ་དགོས་པ་ཡིན་ནོ། །དེ་ཡང་ཐ་མལ་དུ་སྣང་བ་བཟློག་པའི་དོན་དུ་ལྷའི་རྣམ་པ་ལ་བསླབ་པ་དང༌། ཐ་མལ་གྱི་ཞེན་པ་ལྡོག་པའི་དོན་དུ་ལྷའི་ང་རྒྱལ་ལ་བསླབ་པ་གཉིས་ངེས་པར་དགོས་ཤིང་རེ་ཞིག་བསྐྱེད་རིམ་ཁོ་ན་བསྒོམ་པའི་ཚེ་ལྷར་སྣང་དང༌། ང་རྒྱལ་དེ་ཡང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་དཀྱིལ་འཁོར་སྒྱུ་མ་ལྟ་བུར་འཆར་བ་ལས་བསླབ་དགོས་ཤིང༌། བསྐྱེད་རྫོགས་ལྷན་གཅིག་ཏུ་སྒོམ་པས་ནི་དེའི་བྱ་བ་རྫོགས་རིམ་གྱིས་འགྲུབ་པའི་ཕྱིར་ཆོས་ཀྱི་རྣལ་འབྱོར་ལས་གཞན་པའི་སྟོང་པའི་རྒྱས་གདབ་མི་དགོས་སོ། །མཐར་དཀྱིལ་འཁོར་ཉེ་བར་བསྡུ་བ་ནི། འདུ་བྱེད་ཀྱི་ཐ་མ་འཇིག་པར་འགྱུར་བ་ངེས་པར་སྦྱོང་ཤིང༌། སྤྲུལ་པ་སྣ་ཚོགས་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་མཚོན་ལ་རྫོགས་རིམ་ཀྱི་སྐབས་སུ་འོད་གསལ་འཆར་སླ་ཞིང་གནས་སྐབས་འདི་ཉིད་དུ་ཡང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དང༌། བྱིན་རླབས་བརྟན་པའི་དགོས་པ་རྣམས་ཡོད་དོ། །དེ་ལྟར་བསྐྱེད་རིམ་དེ་ཉིད་ལམ་གྱི་གཙོ་བོ་ཡིན་ལ་ངག་གི་ཞེན་པ་བཟློག་ཅིང་ལྷའི་ཐུགས་བརྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱེད་པ་དང༌། ལས་སྒྲུབ་ཅིང་བར་ཆད་ཞི་བའི་ཕྱིར་གཏོར་མ་འབུལ་བ་དང༌། ཟས་ཀྱི་བྱ་བ་བསོད་ནམས་ཀྱི་ཚོགས་སུ་བསྒྱུར་བའི་ཕྱིར་ཁ་ཟས་ཀྱི་རྣལ་འབྱོར་དང་
སྤྱོད་པ་རྣམ་པར་དག་པའི་ཕྱིར་ཐུན་མཚམས་ཀྱི་རྣལ་འབྱོར་དང༌། གཉིད་དགེ་བར་འགྱུར་བའི་ཕྱིར། ཉལ་བ་དང་ལྡང་བའི་རྣལ་འབྱོར་ཏེ། དེ་རྣམས་རྣལ་འབྱོར་གྱི་ཡན་ལག་ཡིན་ནོ། །དེ་ལྟ་བུའི་བསྐྱེད་རིམ་གཞུང་དང་སྦྱར་བ་ནི། ཡིད་ཀྱི་པདྨ་བསམ་བྱ་བ། །སོགས་ཀྱིས་རྟེན་གྱི་དཀྱིལ་འཁོར་བསྟན། གོང་བུར་སོང་བའི་འོད་དེ་ཡི། སོགས་ལ་སྤྱི་དོན་གྱི་བཤད་པ་སྦྱར་བས། ཐིག་ལེའི་གོང་བུ་བསྟན། ཡི་གེ་དང་ནི་སྔགས་གཟུགས་ཀྱི། ཞེས་པའི་ཡི་གེ་ཞེས་པའི་དོན་ཕྱོགས་གཅིག་གིས་ས་བོན་དང༌། }གས་ཞེས་པའི་དོན་ཕྱོགས་གཅིག་གིས་ཕྱག་མཚན་དང༌། གཟུགས་ཞེས་པས་སྐུ་ཡོངས་སུ་རྫོགས་པ་བསྟན་ཏེ། དེ་ཡང་ཤར་དུ་ཨུཏྤལ་སྔོན་པོའི་མདོག །ཅེས་སོགས་ཀྱིས་རྒྱས་པར་བཤད་དོ། །བྱིན་གྱི་རླབས་པ་ནི། ཡི་གེ་ཞེས་པའི་དོན་ཕྱོགས་གཅིག་དང༌། ཁྱད་པར་སྐྱེ་མཆེད་བྱིན་རླབས་ནི། ཡི་གེ་དྲུག་དང་ཡང་དག་ལྡན། །ཞེས་སོགས་དང༌། སྐུ་གསུང་ཐུགས་བྱིན་རླབས་ནི། དང་པོའི་སྔགས་དང་ཡང་དག་ལྡན། །ཞེས་སོགས་དང༌། དབང་བསྐུར་ནི། སངས་རྒྱས་གཟུགས་ཀྱི་ཉེར་བརྒྱན་པའོ། །ཞེས་པ་དང༌། ཞུ་བ་གླུས་བསྐུལ་དང༌། བདུད་རྩི་མྱང་བ་ནི། ལེའུ་གསུམ་པར། བརྒྱུད་པའི་ཐ་མར་ལེགས་གནས་པ། །ཞེས་པ་ནས་རྡོ་རྗེ་སེམས་དཔའ་ཡང་དག་བསྐུལ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏེ། འདིའི་བདུད་རྩི་མྱང་བ་ནི། གཞན་
དང་ཐུན་མོང་མ་ཡིན་པ་ཞིག་གོ །བཟླས་པ་ནི། སྔགས་ཞེས་པ་དང༌། གང་ཞིག་བསམ་པ་ཙམ་གྱིས་ནི། ཞེས་སོགས་དང༌། བཟང་པོའི་ཡི་གེའི་འཕྲེང་བ་རྣམས། །ཞེས་པའི་དོན་ཕྱོགས་གཅིག་གིས་བསྟན། གཏོར་མའི་ཆོ་ག་ནི། ཡི་གེ་གོ་བཟློག་སྦྱོར་བ་ཡི། སོགས་ཀྱིས་ཤུགས་ལ་འཕངས་པ་ཡིན་ནོ། །ལྷག་མ་རྣམས་ནི་བསྐྱེད་རིམ་སྤྱིའི་འགྲོས་སྦྱར་བར་ཤེས་པར་བྱའོ། །གཉིས་པ་རྫོགས་རིམ་ལ། སྔགས་ཀྱི་རྣལ་འབྱོར་དང༌། ཆོས་ཀྱི་རྣལ་འབྱོར་དང༌། སྒྱུ་མ་གསུམ་རྒྱུད་དང་འབྲེལ་བ་རྣམས་སོ། །དང་པོ་ལ་སྟེང་སྒོ་སྔགས་ཀྱི་རྣལ་འབྱོར་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་ཡང་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་དང༌། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་དང༌། ཕྲ་མོ་སྔགས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་མན་ངག་གི་དབྱེ་བས། འཁོར་ལོ་གཅིག་ལ་བརྟེན་པ་དང༌། འཁོར་ལོ་གཉིས་ལ་བརྟེན་པ་དང༌། འཁོར་ལོ་བཞི་ལ་བརྟེན་པ་སྟེ་གསུམ་ཡོད་ཀྱང་རྡོ་རྗེའི་ཚིག་གཅིག་གིས་བསྟན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། སོགས་ཀྱིས་སོ། །འདི་ནི་རྒྱུད་སྡེ་གཞན་ལས་གསུངས་པའི་གཏུམ་མོ་མེ་དམིགས་ཀྱི་རྣལ་འབྱོར་རོ། གཉིས་པ་ལ། སྟེང་གི་སྣ་རྩེ་དང་འབྲེལ་བ་སྙིང་ཁར་བསྒོམ་པ་དང༌། ལུས་ཀྱི་དབུས་སུ་བསྒོམ་པ་དང༌། འོག་གི་སྣ་རྩེར་བསྒོམ་པ་དང་གསུམ་ཡོད་ལ། དང་པོ་ལ། སློབ་དཔོན་སོ་སོའི་མན་ངག་གི་དབྱེ་བས་
གདམས་ངག་ཐ་དད་པ་ཡོད་ཀྱང་ངོ་བོ་ནི་སྙིང་ཁའི་ཐིག་ལེར་གཅིག་ཅིང༌། དེ་ཡང༌། བཟང་པོའི་ཡི་གེའི་འཕྲེང་བ་རྣམས་ཞེས་པས་བསྟན། གཉིས་པ་ནི། གོང་བུར་སོང་བའི་འོད་དེ་ཡི་སོགས་ལ་སྦས་དོན་གྱི་བཤད་པའི་ཕྱོགས་གཅིག་གིས་བསྟན། གསུམ་པ་ནི། རྟག་ཏུ་ཤེས་རབ་ཐབས་སོགས་ཀྱི། །ཞེས་པའི་ནང་བཤད་དང༌། བརྒྱད་པའི་མཐའ་མར་ལེགས་གནས་པ་སོགས། མཁའ་གསང་བྱིན་རླབས་སྟོན་པའི་ཚིག་རྣམས་ཉིད་ཀྱིས་བསྟན་ནོ། །གསུམ་པ་ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ། རྡོ་རྗེའི་བཟླས་པ་དང་འབྲེལ་བ་རྣམས་དང༌། བུམ་པ་ཅན་དང་འབྲེལ་པ་རྣམས་སོ། །དང་པོ་ལ་མན་ངག་མང་དུ་ཡོད་ཀྱང་སྟོན་བྱེད་ཀྱི་ཚིག་ནི། གང་ཞིག་བསམ་པ་ཙམ་གྱིས་ནི། སོགས་ཏེ་སྒྲ་ཇི་བཞིན་པས་བཤད་པའོ། །གཉིས་པ་ལ་གཉིས་ཀྱི་བཙན་ཐབས་སུ་དགག་པ་ནི། མིག་གཉིས་དང་ནི་རྣ་བ་དང༌། །ཞེས་སོགས་ཀྱིས་བསྟན་ཅིང༌། སྦྱོར་བས་དགག་པ་ནི། སྲོགས་དང་རྩོལ་བ་བསྡམས་ནས་སུ། །ཞེས་པས་བསྟན། གཉིས་པ་འོག་སྒོ་སྔགས་ཀྱི་རྣལ་འབྱོར་ནི། ངེས་པ་མེད་སོགས་དང༌། རྟག་ཏུ་ཤེས་རབ། སོགས་དང༌། བདུད་རྩི་མྱང་བའི་ཚིག་དང༌། སྤྱོད་པ་སྟོན་པ་རྣམས་ཀྱིས་ཀྱང་འཆད་དོ། །གཉིས་པ་ཆོས་ཀྱི་རྣལ་འབྱོར་ནི། གང་གང་དབང་པོའི་ལམ་ལས་ནི། །སོགས་ཀྱིས་གསལ་བར་བསྟན་ཞིང༌། ཤེས་བྱ་གཤིས་ཀྱི་གནས་ལུགས་འཆད་པ་རྣམས་ཀྱིས་ཀྱང་དོན་གྱིས་བསྟན་པ་ཡིན་ནོ། །
གསུམ་པ་སྒྱུ་མ་གསུམ་རྒྱུད་ཀྱི་གདམས་པ་དང་འབྲེལ་བ་བསྟན་པ་ནི། སྒྱུ་ལུས་དང༌། འོད་གསལ་གཉིས་སུ་འདུ་ཞིང༌། དང་པོ་ལ་ཡང་མཉམ་རྗེས་གཉིས་སུ་དབྱེ། དེ་ནས་འོད་གསལ་ཆོས་སྐུའི་ལམ་དང༌། མཉམ་བཞག་སྒྱུ་མ་ལོངས་སྐུའི་ལམ་དང༌། རྗེས་ཐོབ་སྒྱུ་མ་སྤྲུལ་སྐུའི་ལམ་སྟེ། ཇི་ལྟར་སྐུ་གསུམ་མཆོག་སྟེར་བ། །ཞེས་པས་བསྟན་ནོ། །རྣལ་འབྱོར་གཉིད་དང་ཡང་དག་ལྡན། །ཞེས་པས་གཉིད་ཀྱི་འོད་གསལ་གཙོ་བོར་གྱུར་པའི་འོད་གསལ་གྱི་གདམས་ངག་བསྟན་ལ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་ཀྱི་ཁྱད་ཆོས་རླུང་སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། གོང་བུར་སོང་བའི་འོད་དེ་ཡི། །ཞེས་པའི་སྦས་བཤད་པ་དང༌། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཞེས་པའི་དོན་ཕྱོགས་གཅིག་དང༌། དཔག་ཚད་བརྒྱའི་ཁྱོན་ཙམ་དུ། །འདི་ནི་རབ་ཏུ་སྣང་བར་བྱེད། །ཅེས་པ་རྣམས་ཀྱིས་བསྟན་ཞིང༌། དེ་ཉིད་འཇིག་རྟེན་པའི་ལྷའི་མིག་གིས་མཐོང་བ་ནི། ཐམས་ཅད་ཀྱིས་ནི་མི་མཐོང་ཞིང༌། ཞེས་པས་བསྟན། དེ་དག་གཙོ་བོར་མཉམ་བཞག་སྒྱུ་མ་ཡིན་ཞིང༌། རྗེས་ཐོབ་སྒྱུ་མ་ནི། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར། ཞེས་པའི་ཚིག་གིས་འཕངས་པ་ཡིན་ནོ། །སྒྱུ་མ་དེ་སྤྱོད་པ་ལ་བལྟོས་པ་ནི། གང་གི་ཤེས་པའི་དངོས་གྲུབ་ཀྱིས་སོགས་དང༌། ཕྱག་རྒྱ་ལ་བལྟོས་པ་ནི། རྣལ་འབྱོར་མ་ཡི་གྲུབ་སྦྱོར་བས། སོགས་སོ། དེ་ལྟར་རྒྱུད་ཀྱིས་ཇི་སྐད་བསྟན་པའི་ཚུལ་མདོ་
ཙམ་དུ་ཤེས་ནས། དེ་དག་གི་སྙིང་པོ་ཅུང་ཟད་ཙམ་བརྗོད་ན། སྒྲུབ་པོ་མཐའ་དག་གིས། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ཐོག་མཐའ་བར་གསུམ་གྱིས་གནས་སྐབས་ཐམས་ཅད་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་དུས་སྐབས་ཅི་རིགས་པར་སྒྲུབ་དགོས་པ་ཁོ་ན་ཡིན་ལ། སྟེང་སྒོ་སྔགས་ཀྱི་རྣལ་འབྱོར་རྣམ་གྲངས་མང་པོ་དེ་དག་ལས་གང་ཡང་རུང་བ་གཅིག་ནི་ངེས་པར་བསྒོམ་དགོས་ཀྱང༌། ཐམས་ཅད་གང་ཟག་གཅིག་གིས་ངེས་པར་བསྒོམ་དགོས་པར་ནི་མ་ངེས་ཏེ། ཤིན་ཏུ་བརྩོན་པས་རིང་དུ་གོམས་པ་ལས་ནི་རེ་རེས་ཀྱང་དྲོད་ཆུང་ངུའི་རྟོགས་པ་བསྐྱེས་པར་ནུས་ཏེ། དེ་ནས་འོག་སྒོའི་རྣལ་འབྱོར་ལ་བརྟེན་ཏེ། དྲོད་ཆེན་པོ་དང༌། རྩེ་མོའི་བར་དུ་བགྲོད་པར་ནུས་པ་ཡིན་ནོ། །དེས་ན་རྣལ་འབྱོར་འདི་རྣམས་ལ་ལམ་ཁྲིགས་ཆགས་ཀྱི་དབང་དུ་བྱས་པ་དང༌། ལམ་བློ་ཆོད་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ལྟར་ན་ཐམས་ཅད་གང་ཟག་གཅིག་གི་ཆ་རྐྱེན་དུ་སྡེབས་པ་ཡིན་ཏེ། དེ་ཡང་བསྐྱེད་པའི་རིམ་པ་ལ་ཅུང་ཟད་བརྟན་པའི་གང་ཟག་གིས་དང་པོར་རླུང་སྦྱང་བར་བྱ་བའི་ཕྱིར་ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ་ཅུང་ཟད་བསླབ། དེ་ནས་ཐོག་མར་ཐུར་སེལ་གྱི་རླུང་དབང་དུ་བྱེད་པའི་ཕྱིར། འོག་གི་སྣ་རྩེ་ལ་གནད་དུ་བསྣུན་པའི་སྔགས་ཀྱི་རྣལ་འབྱོར་བསྒོམ། དེས་གསང་བའི་རྩ་མདུད་གྲོལ་བའམ་ལྷོད་པོར་སོང་བ་ན། དེའི་རྐྱེན་གྱིས་སྙིང་ཁའི་རྩ་མདུད་ཀྱང་འབྱེད་པར་སླ་བའི་ཕྱིར་
སྙིང་ཁར་སྒོམ་པ་ལ་བསླབ་བོ། །དེ་ཉིད་སྟེང་གི་སྣ་རྩེ་དང་ཡང་འབྲེལ་བས། སྲོག་རླུང་གི་བྱ་བ་བྱེད་པའི་གནས་སྙིང་ཁ་གཙོ་བོར་གྱུར་པའི་ལུས་དེ་ཡན་ཆད་ཀྱི་རྩ་འཁོར་ཐམས་ཅད་ཀྱི་རྩ་མདུད་འཇིག་ཅིང་དག་པར་བྱེད་དོ། །དེ་དག་གིས་རྩ་མདུད་གྲོལ་བའམ་ལྷོད་པོར་སོང་བ་ན། རང་ལུས་ལ་བརྟེན་པའི་དགའ་བཞི་རྫོགས་པར་བསྐྱེད་པའི་ཕྱིར་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་བསྒོམ་སྟེ། ཡུར་བ་ལེགས་པར་བཅོས་ནས་ཆུ་འདྲེན་པ་ལྟར་རྩའི་ལམ་རྣམས་བྱང་པ་ན། གཏུམ་མོ་ལ་བརྟེན་ནས་དགའ་བཞི་འདྲེན་པ་ཡིན་ནོ། །དེས་ཀྱང་ཁམས་ཕྲ་མོ་རྣམས་ཐིམ་དཀའ་བར་གྱུར་པ་ན། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་ལུས་ཀྱི་དབུས་སུ་བསྒོམས་པས་ཁམས་ཕྲ་རགས་ཀྱི་ཐིམ་ཚུལ་ཅི་རིགས་པ་འཕྲལ་དུ་འབྱུང་ཞིང༌། དེ་ཡན་ཆད་དུ་འོག་སྒོ་སྔགས་ཀྱི་རྣལ་འབྱོར་བསྒོམ་ཡང་རུང༌། མི་བསྒོམ་ཡང་རུང་སྟེ། སྐབས་འདི་ཉིད་ནས་འོག་སྒོ་ངེས་པར་བོགས་འབྱིན་དགོས་ལ། དེ་ལ་བརྟེན་ནས་ལམ་གྱི་ལྷན་སྐྱེས་སེམས་རྣམ་པར་དབེན་པ་མཐར་ཕྱིན་པ་ཐོབ་ཅིང༌། དེའི་སྐད་ཅིག་གཉིས་པར་རླུང་སེམས་ཙམ་གྱི་སྐུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང༌། དུས་བཞི་རབ་ཏུ་སྦྱོར་བ་ཡིས། །འགྲུབ་པར་འགྱུར་པ་གོམས་པའི་མཆོག་ཅེས་དང༌། །རྣལ་འབྱོར་མའི་གྲུབ་སྦྱོར་བས། །འཕྲལ་དུ་ཡིད་ཆེས་ཡང་དག་འཇུག་ཅེས་སོ། །གཉིས་པ་ལམ་བློ་ཆོད་ལྟར་ན། བསྐྱེད་རིམ་ལ་
ཅུང་ཟད་བརྟན་པ་ཐོབ་པའམ་བསྐྱེད་རྫོགས་ལྷན་ཅིག་ཏུ་བསྒོམ་ཡང་རུང་སྟེ། རྫོགས་རིམ་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་ཁོ་ན་བསྒོམས་པས་ཐོག་མར་ལྟེ་བར་རླུང་སེམས་ཞུགས་གནས་ཐིམ་གསུམ་བྱེད་ཅིང༌། དེ་ལས་གཏུམ་མོ་རིམ་གྱིས་འབར། རོ་མ་ལས་བརྒྱུད་དེ་སྤྱི་བོར་ཕྱིན་པ་ན། སྤྱི་བོའི་ཧཾ་ཡིག་བཞུ་བའི་རྒྱུན་རྐྱང་མ་ནས་འབབ་པར་འགྱུར་ལ། དེ་ཉིད་ལྟེ་བར་འཕྲད་པའི་བདེ་དྲོད་ཁྱད་པར་ཅན་སྐྱེས་པ་ན། རིམ་པས་དབུ་མའི་ནང་དུ་འབར་འཛག་འབྱུང༌། དེས་ཐོག་མར་ལྟེ་བའི་རྩ་མདུད་རྣམས་གྲོལ་ཞིང༌། དེ་ནས་སྤྱི་བོའི་རྩ་མདུད་གྲོལ་བར་འགྱུར། སྤྱི་བོ་གྲོལ་བས་མགྲིན་པ་ཡང་བདེ་བླག་ཏུ་གྲོལ་ཞིང༌། ལྟེ་བ་དང་མགྲིན་པ་གྲོལ་བས་མཐར་སྙིང་ཁ་ཡང་དཀའ་བ་མེད་པར་གྲོལ་བར་འགྱུར་ཏེ་འབར་འཛག་གི་དགའ་བཞི་ཡང་ཡང་དྲངས་པས་ལམ་གྱི་དགའ་བ་དང༌། མཆོག་དགའམ། སྣང་མཆེད་ཀྱི་རྟོགས་པ་སྐྱེད་ཐུབ་ཅིང༌། དེ་ནས་འོག་སྒོས་བོགས་ཕྱུང་བས་ལམ་གྱི་ལྷན་སྐྱེས་སྐྱེ་བར་འགྱུར་རོ། །དེ་བཞིན་དུ། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་ལུས་ཀྱི་དབུས་སུ་བསྒོམས་པས་ཀྱང་སྣ་སྒོ་ནས་བརྩམས་ཏེ། དཔྲལ་པའི་རྩ་མདུད་ལྷོད་པོ་བྱེད་ཅིང༌། དེའི་རྗེས་སུ་གསང་བའི་རྩ་མདུད་དང༌། དེ་ནས་འཁོར་ལོ་གསུམ་ཆ་མཉམ་དུ་ལྷོད་པོར་འགྱུར་ལ། མཐར་རོ་རྐྱང་གི་རྒྱུ་བ་འགག་པ་ནས་དབུ་མར་རླུང་ཐིམ་དམར་ཆ་འབར་ཏེ། རོ་མའི་ལམ་ནས་འགྲོ་བ་སོགས་གོང་བཞིན་རྟོགས་པ་སྐྱེའོ། །
ཡང་འོག་གི་སྣ་རྩེ་དང་དབུ་མའི་མས་སྣར་གནད་དུ་བསྣན་པ་ལས། ཐོག་མར་དམིགས་པའི་བྱེ་བྲག་གི་ནོར་བུའམ་བདེ་སྐྱོང་འཁོར་ལོ་ཐུར་སེལ་གྱིས་དབང་བྱས་པའི་རླུང་རྣམས་བཟློག་ཅིང་ཐིམ་པར་འགྱུར་ངེས་རང་གནས་ཀྱི་རྩ་མདུད་འགྲོལ་ཞིང༌། གཙུག་ཏོར་དང་སྤྱི་བོའི་རྩ་མདུད་ཀྱང་ལྷོད་པོར་འགྱུར་ལ། ཁྱད་པར་དེ་དག་ཏུ་རླུང་ཐིམ་པའི་རྐྱེན་གྱིས་དབུ་མའི་མས་སྣ་ཡོངས་སུ་གང་ཞིང་རྒྱས་པར་འགྱུར་ཏེ། ལས་ཀྱི་རླུང་གསར་དུ་གྲུབ་ནས། དེས་ལྟེ་འོག་སོར་བཞིར་གནས་པའི་ཚངས་པའི་མེ་དྲག་ཏུ་སྦར་བར་ནུས། མེ་རླུང་དེ་ཉིད་ཀྱི་ཤུགས་ཀྱིས་ལྟེ་བའི་ཨ་ཤད་ཀྱང་ཅུང་ཟད་འབར་བར་བྱེད་མོད་ཀྱི། སྔར་ལྟེ་བར་རླུང་སེམས་ཐིམ་པར་བྱེད་པའི་རྫོགས་རིམ་གཞན་མ་བསྒོམས་ན་ལྟེ་བའི་གཏུམ་མོ་སྟོབས་ཆུང་བས་ལས་ཐམས་ཅད་ཚངས་པའི་མེས་བྱེད་དེ། རོ་མ་ནས་འབར་བས་སྤྱི་བོ་དང་གཙུག་ཏོར་གྱི་ཐིག་ལེ་ཅི་རིགས་པར་བཞུ་ནས་རྐྱང་མ་ནས་བབས་ཏེ། ལྟེ་བར་འཕྲོད་པ་ལན་མང་དུ་བྱུང་བ་ན། ལྟེ་བའི་གཏུམ་མོ་ཡང་སྟོབས་རྒྱས་ཏེ་དབུ་མར་འབར་འཛག་བྱེད་པ་གོང་དང་འདྲའོ། །དེ་བཞིན་དུ་སྙིང་ཁར་སྒོམ་པ་ལ་ཡང་རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བའི་གནས་སྙིང་ཁ་ཡིན་ཞིང༌། ལུས་ཆགས་པ་ན་ཡང་ཐོག་མར་སྙིང་ཁ་ནས་ཆགས། འཆི་བའི་ཚེ་ཡང་མཐར་རླུང་སེམས་སྙིང་ཁར་འདུས་པས་གང་ལ་གནད་དུ་བསྣུན་པའི་ལུས་ཀྱི་གནས་གཙོ་བོ་ཡིན་ནོ། །འོན་ཀྱང་ཐབས་
གཞན་གྱི་འཕྲུལ་མེད་ན་རྩ་མདུད་ཤིན་ཏུ་དབྱེ་བར་དཀའ་བ་ཡིན་མོད་ཀྱིས། མན་ངག་གི་གནད་ཁྱད་པར་ཅན་གྱིས་ཟིན་པ་ལ་ནི་ཚེགས་ཆེན་པོ་མི་དགོས་པ་ཡིན་ནོ། །དེ་ཡང་དང་པོར་སྙིང་ཁར་སྲོག་གིས་དབང་བྱས་པའི་རླུང་རྣམས་ཅི་རིགས་པར་ལོག་པས་རྩ་མདུད་འགྲོལ་སླ་བར་གྱུར་པ་ན་རྡོ་རྗེའི་བཟླས་པ་བྱས་པས་སྨིག་མའི་སྦུབས་འགགས་པ་ཐུར་མས་བསངས་པ་བཞིན་དུ་རྩའི་ལམ་ཡངས་པོར་གྱུར་ཞིང་རྩ་མདུད་རྣམས་ཀྱང་ལྷོད་པོར་འགྱུར་རོ། །སྙིང་ཁའི་རྩ་མདུད་ལྷོད་པོར་གྱུར་པས་ལྟེ་བ་དང་མགྲིན་པ་ཡང་རིམ་གྱིས་ལྷོད་པོར་འགྱུར་ལ། མགྲིན་པའི་ནུས་པས་སྤྱི་བོ་ཡང་སྟེ། འཁོར་ལོ་གཞན་རྣམས་ཀྱི་རྩ་མདུད་ལྷོད་པོར་གྱུར་པ་ན་དམིགས་པ་གཏོད་པ་སྙིང་ཁ་ཁོ་ནར་བྱས་ཀྱང་འཁོར་ལོ་གཞན་རྣམས་ཀྱི་རླུང་ཡང་རང་གནས་སུ་འདུ་སྟེ། ཐིམ་པ་ལ་སོགས་པའི་རིམ་པས་གཏུམ་མོ་འབར་ཏེ། དེས་ཀྱང་སྙིང་ཁའི་རྩ་མདུད་ཅི་རིགས་པ་འཇིག་ལ་ཁྱད་པར་གོང་དུ་བཤད་པ་བཞིན་གྱི་འབར་འཛག་ཐུན་མོང་མ་ཡིན་པ་གྲུབ་པའི་ཚེ། རླན་དང་དྲོད་དང༌། ནམ་ཟླའི་དུས་ཀྱི་ཁྱད་པར་གསུམ་འཛོམས་ན་མེ་ཏོག་ཁ་བྱེ་ཞིང་འབྲས་བུ་སྨིན་པར་འགྱུར་བ་བཞིན་སྙིང་ཁའི་རྩ་མདུད་གྲོལ་ཞིང་རྩ་རྣམས་རྒྱས་པས་རླུང་དང་ཁམས་ཀྱི་བགྲོད་པ་གནས་དེར་རིམ་གྱིས་ཐིམ་པར་འགྱུར་བ་ཡིན་ལ། དེ་ཐིམ་པ་ལས། ལམ་གྱི་དགའ་བ་དང་མཆོག་དགའ་སྐྱེ་བ་སོགས་གོང་བཞིན་ནོ། །སྤྱིར་རང་ལུས་ལ་
བརྟེན་པའི་རྫོགས་རིམ་གྱི་གཙོ་བོ་གཏུམ་མོའི་མེ་དམིགས་ཡིན་ཡང༌། འདིར་ནི་འདི་ཉིད་གཙོ་བོ་ཡིན་ཏེ། སློབ་དཔོན་རིན་ཆེན་འབྱུང་གནས་ཀྱིས་ཀྱང་འདི་ཁོ་ན་བཤད་དོ། །འདི་ལ་ཉི་ཟླ་ཁ་སྦྱོར་དུ་བྱེད་པ་ནི། སྙིང་ཁའི་ཐིག་ལེ་དེ་ཉིད་ཁམས་དཀར་དམར་ཁ་སྦྱོར་དུ་གནས་པ་མཚོན་ཞིང༌། དེའི་ནང་དུ་ཐིག་ལེ་ཕྲ་མོ་སྒོམ་པ་ནི། དཀར་དམར་དེའི་དབུས་ན་རླུང་དྲོད་ཀྱི་རང་བཞིན་ཅན་ཚེ་སྲོག་གི་ངོ་བོ་སེམས་ཀྱི་རྟེན་ཕྲ་ཤོས་གང་ཡིན་པ་དེ་ཡིན་ཏེ། འདི་ལ་འོད་ཀྱི་སྐུད་པ་ཡི་གེའི་འཕྲེང་བ་དང་བཅས་པ་དཀྲིས་པ་ནི། དབུས་ཀྱི་རླུང་གི་ཐིག་ལེ་དེ་ལས་རོ་རྐྱང་དུ་རྒྱུ་བའི་གཟུང་འཛིན་གྱི་རླུང་རྣམས་འབྱུང་བའི་གཞི་རླུང་ཕྲ་མོ་སྒྲ་དང་རྟོག་པ་བསྐྱེད་པར་བྱེད་པས་སྟེང་གི་ཐིག་ལེའི་དབུས་ཕུག་ནས་བྱུང་སྟེ། རླུང་དེ་ཉིད་རྒྱུ་བའི་རྩ་ཤིན་ཏུ་ཕྲ་བ་གསུམ་དཀྲིས་རྒྱ་གྲམ་རིས་ཀྱིས་ཐིག་ལེ་ཁ་སྦྱོར་བཅིངས་པའི་ནང་དུ་འཁོར་ཞིང་རྒྱུ་བ་དེ་མཚོན་ནོ། །ཡང་ཐིག་ལེ་དཀར་པོ་ནི་བདེ་བ། དམར་པོ་ནི་གསལ་བ། དབུས་ཀྱི་ཐིག་ལེ་ནི་སྟོང་པ། རི་མོ་ཕྱེད་བཅས་བདུན་ལས་བདུན་ནི་ཉོན་ཡིད་སོགས་རྣམ་ཤེས་ཚོགས་བདུན། ཕྱེད་པ་ནི་ཀུན་གཞི་རྣམ་ཤེས་སོ། །ཞེས་ཕལ་ཆེར་འཆད་ལ། རྗེ་བཙུན་མར་པའི་མན་ངག་ཐུན་མོང་མ་ཡིན་པ་ལས་ནི། རི་མོ་ཕྱེད་བཅས་བདུན་དུ་བཤད་པ་མན་ངག་གབ་པ་སྟེ། དོན་དུ་ཕྱེད་དང་བདུན་ནོ། །ཕྱེད་ནི་ཉོན་ཡིད་མཚོན་ལ། དྲུག་ནི་རྣམ་ཤེས་
ཚོགས་དྲུག་ཉི་ཟླ་ཁ་སྦྱོར་ཀུན་གཞི། བཟང་པོའི་ཐིག་ལེ་ནི་ཆོས་ཉིད་དེ། དེ་སྐྱོན་གྱིས་མ་གོས་པའི་བརྡར་དཀར་པོ། སྤྲོས་པ་སྤངས་པའི་བརྡར་ཟླུམ་པོ། རྟོགས་དཀའ་བའི་བརྡར་ཆ་ཕྲ་བ་སྟེ། རྣམ་པར་ཤེས་པའི་ཚོགས་བདུན་ནི་ཕྱེད་དང་བདུན་གྱི་རྩ་ལ་བརྟེན། ཀུན་གཞི་ནི་ཐིག་ལེ་ཁ་སྦྱོར་ལ་རྟེན་ནོ། །ཞེས་གསུང་སྟེ་ཤིན་ཏུ་ལེགས་པར་མངོན་ནོ། །ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ་ཡང་རྡོ་རྗེའི་བཟླས་པ་དང་འབྲེལ་བ་རྣམས་ཀྱིས་རླུང་ལས་སུ་རུང་ཞིང་རྩ་མདུད་ཡང་པོར་བྱས་ནས་བུམ་པ་ཅན་གྱི་སྦྱོར་བས་ཐོག་མར་དབང་པོའི་སྒོ་རྣམས་ཀྱི་རླུང་ནང་དུ་བཟློག་ཅིང༌། རིམ་གྱིས་ལྟེ་བར་ཐིམ་པར་འགྱུར་ལ། དེས་གཏུམ་མོ་འབར་བ་ལ་སོགས་པའི་བྱ་བ་བྱེད་དོ། །དེ་ལྟར་ན་འོག་སྒོ་སྔགས་ཀྱི་རྣལ་འབྱོར་ནི་ཐམས་ཅད་འབྲེལ་བར་འབྱུང་མོད་ཀྱི། དེ་གཅིག་པུས་ལམ་རྫོགས་པ་ལྟར་བཤད་པ་རྣམས་ནི། དེ་ཉིད་ཀྱང་རླུང་སྦྱང་བ་སོགས་སྔོན་འགྲོ་གཞན་ལ་བལྟོས་པ་ཡིན་པའི་ཕྱིར། སྟེང་སྒོའི་རྫོགས་རིམ་ལ་གཏན་ནས་མ་བརྟེན་པ་མི་སྲིད་པས་རྫོགས་རིམ་གྱི་རྟོགས་པ་རྫོགས་པར་བསྐྱེད་པ་ལ་སྟེང་སྒོ་དང་འོག་སྒོའི་རྣལ་འབྱོར་གཉིས་ཀ་དགོས་ཀྱི། ཡ་གྱལ་བ་རེ་རེས་ཆོག་པ་ནི་མ་ཡིན་ནོ། །དེ་ལ་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་གནད་ཐམས་ཅད་ནི་སྤྱི་དང་འདྲ་པར་ཤེས་པར་བྱའོ། །དེ་དག་བསྒོམ་པའི་གནས་སྐབས་སུ་སྒྱུ་མ་
གསུམ་རྒྱུད་ཀྱི་གདམས་པ་བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང་སྟེ། ལམ་གྱི་དགའ་བའི་རྟོག་པ་ནམ་སྐྱེས་པའི་ཚེ། གཉིད་ཀྱི་འོད་གསལ་རང་ཤུགས་ཀྱི་བསྒོམ་པར་ནུས་ཤིང༌། དེ་ཉིད་ཇེ་བཟང་དུ་འགྱུར་ལ་རྨི་ལམ་དང་ཐུན་མཚམས་ཐམས་ཅད་དུ་ལྷ་སྐུའི་སྣང་བ་ཅི་རིགས་པ་འབྱུང་ཞིང༌། ལྷ་སྐུ་ཤར་རུང་མ་ཤར་རུང༌། སྣང་སྟོང་སྒྱུ་མ་ལྟ་བུའི་སྒྱུ་ལུས་འཁོར་ཡུག་ཏུ་འབྱུང་ངོ༌། །རླུང་སེམས་ཙམ་གྱི་སྐུ་གྲུབ་པ་ཕན་ཆད་ནས་རྨི་ལམ་ཡང་མཉམ་བཞག་སྒྱུ་མ་ཁོ་ནར་འབྱུང་ལ། རྗེས་ཐོབ་ཐམས་ཅད་དུ་ལྷ་སྐུའི་སྣང་བ་དང་མི་འབྲལ་བ་ཡིན་ནོ། །དེ་ལ་ད་ལྟ་ལས་དང་པོ་པ་རྣམས་ཀྱིས་སྒྱུ་མ་གསུམ་རྒྱུད་ཀྱི་གདམས་ངག་བསྒོམས་ན། ལམ་གྱི་དགའ་བའི་རྟོགས་པ་མ་སྐྱེས་གོང་དུ་ཡང་དེ་རྣམས་རྗེས་མཐུན་པ་རྒྱུད་ལ་སྐྱེ་བར་འགྱུར་ཞིང༌། ཁྱད་པར་དངོས་གཞི་དེ་དག་སྐྱེ་བ་ལ་ཤིན་ཏུ་མྱུར་བའི་ཕྱིར། །རྡོ་རྗེ་སེམས་དཔའི་སེང་ལམ་དུ་གྲགས་སོ། །དེ་ལ་སྒྱུ་མ་གསུམ་ནི། སད་དུས་སྒྱུ་མ་དང༌། རྨི་ལམ་སྒྱུ་མ་དང༌། བར་དོ་སྒྱུ་མའོ། །དེ་དང་འབྲེལ་བ་ལ་བསྲེ་བ་གསུམ་གསུམ་དགུ་སྟེ། འོད་གསལ་ཆོས་སྐུ་དང་བསྲེ། དེ་བཞིན་དུ། མཉམ་བཞག་སྒྱུ་མ་ལོངས་སྐུ། རྗེས་ཐོབ་སྒྱུ་མ་སྤྲུལ་སྐུ། གཉིད་འཐུག་ཆོས་སྐུ། རྨི་ལམ་ལོངས་སྐུ། གཉིད་སད་སྤྲུལ་སྐུ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། །ཡང་འོད་གསལ་ཆོས་སྐུ། རྨི་ལམ་ལོངས་སྐུ། སྒྱུ་ལུས་སྤྲུལ་སྐུ་
དང་བསྲེ་བ་སྟེ་གསུམ་དུ་ཡང་མཛད་ལ། བསྲེ་བའི་དོན་ནི་ལམ་དུ་བྱེད་པའོ། །འདི་དག་གི་དོན་རྒྱས་པར་གཞན་དུ་བཤད་པར་བྱའོ། །གསུམ་པ་དམ་ཚིག་ལ་བཟའ་བའི་དམ་ཚིག་དང༌། བསྲུང་བའི་དམ་ཚིག་གཉིས་ལས། དང་པོ་རྒྱུན་གྱི་བཟའ་བའི་དམ་ཚིག་ནི། ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་བཟའ་བ་ཡིན་ལ། མཆོག་གི་བཟའ་བའི་དམ་ཚིག་ནི་བདུད་རྩི་རིལ་བུ་བརྟེན་པ་སྟེ། དེ་དག་ཀྱང་དམ་ཚིག་ཆེན་པོའི་དངོས་གྲུབ་ནི། །རི་ལུ་ཆེན་པོ་སྒྲུབ་པར་བྱ། །ཞེས་དང༌། མཐེ་བོང་དང་ནི་སོགས་དང༌། དམ་ཚིག་སྒྲུབ་པའི་དམ་པ་སྟེ། །ཞེས་པ་ནས། འདི་ནི་རྒྱུད་འདིར་གསུངས་ཀྱི་གཞན་དུ་སྦས། ཞེས་པའི་བར་རྣམས་ཀྱིས་རྒྱས་པར་བཤད་ཅིང༌། ཡི་གེ་གོ་བཟློག་སྦྱོར་བ་སོགས་ཀྱི་བྱིན་རླབས་ཀྱང་བསྟན་ལ། སྤྱོད་པ་སྟོན་པའི་ཚིག་རྣམས་ཀྱི་ཞོར་བྱུང་ལ་ཡང་ཅི་རིགས་པར་ཡོད་དོ། །མཆོད་པའི་དམ་ཚིག་གི་བཟའ་བ་ཚོགས་ཀྱི་འཁོར་ལོ་ནི། རྣལ་འབྱོར་དཔའ་ཆེན་རྟག་རོལ་ཏེ། །ཞེས་དང༌། ཉིན་རེ་བཟླ་བ་བཏུང་བའོ། །ཞེས་པས་བསྟན་ཞིང༌། གཞན་ཡང་ཅི་རིགས་པར་སྦྱར་རོ། །གཉིས་པ་ནི། རྒྱུད་འདིར་རྒྱས་པར་མ་གསུངས་ཀྱང༌། དེ་ལྟར་རྟག་ཏུ་གུས་ལྡན་པས། །ཞེས་པས་ཟུར་གྱིས་འཕངས་པ་ཡིན་ནོ། །དེ་ཡང་རྩ་བའི་ལྟུང་བ་བཅུ་བཞི་པོ་རྣམས་ཕལ་ཆེར་ཐུན་མོང་མ་ཡིན་པའི་རྒྱུ་མ་གུས་པ་ལས་བྱུང་བ་ཡིན་པས། དེའི་གཉེན་པོ་བསྟན་པའི་ཕྱིར་དམ་ཚིག་བསྲུང་
ཚུལ་ཁྱད་པར་ཅན་ཡིན་ནོ། །བཞི་པ་ནི། འགའ་ཞིག་རྒྱུད་འདིའི་ལུགས་ལ་སྤྱོད་པའི་རྣམ་གཞག་མི་དགོས་པར་འདོད་པའང་བྱུང་མོད་ཀྱི། སྤྲོས་བཅས་ཁོ་ན་ལ་བསམས་ན་ནི་རུང་ཡང་སྲིད་ཀྱི། སྤྱིར་སྤྱོད་པ་མ་སྤྱད་པར་འབྲས་བུ་མཆོག་ལ་སྦྱོར་ནུས་པ་ནི་མི་སྲིད་དོ། །ཡང་ཁ་ཅིག་རྒྱུད་འདི་ལས་སྤྱོད་པ་མ་བསྟན་པར་འདོད་པ་ཡང་རྒྱུད་དོན་མི་ཤེས་པའི་རྣམ་འགྱུར་རོ། །དེས་ན་སྤྱིར་འོག་སྒོའི་རྫོགས་རིམ་སྟོན་བྱེད་ཐམས་ཅད་ཀྱང་སྤྱོད་པའི་ཕྱོགས་སུ་དགོས་ཤིང༌། ཁྱད་པར་རྡོ་རྗེ་རྣལ་འབྱོར་མ་རྣམས་དང༌། རྣམ་པ་སྣ་ཚོགས་གཟུགས་སུ་ནི། །རྣལ་འབྱོར་བདག་ཉིད་སྟོན་པར་བྱེད། །ཅེས་པས་སྤྲོས་བཅས་ཀྱི་སྤྱོད་པ་བསྟན། འདོད་པ་ཀུན་ལ་ཉེར་སྤྱོད་པ། །སོགས་ཚིགས་རྐང་གསུམ་གྱིས་སྤྲོས་མེད་ཀྱི་སྤྱོད་པ་བསྟན། རྣལ་འབྱོར་གཉིད་དང་ཡང་དག་ལྡན་ཞེས་པས་ཤིན་ཏུ་སྤྲོས་མེད་ཀྱང་ཤུགས་ལ་འཕངས། སྒྱུ་འཕྲུལ་ཆེན་པོ་རབ་སྦྱོར་བ། །སོགས་དང༌། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །སོགས་ཀྱིས་སྤྲོས་བཅས་སྤྲོས་མེད་ཀྱི་ཆ་ལུགས་བསྒྱུར་བ་དང༌། ཆོ་གའི་རིམ་པ་བསྟན། རྟག་ཏུ་སེམས་ཅན་དོན་བྱེད་པའོ། །ནས་རྣལ་འབྱོར་མ་དང་ལྷན་ཅིག་སྦྱར་གྱི་བར་གྱིས་སྤྱོད་པའི་བྱ་བ་རྣམས་བསྟན། མན་ངག་གཞན་ལས་ནི། ཕྱོགས་ལས་རྣམ་རྒྱལ་སོགས་སྤྱོད་པ་གསུམ་གྱི་རྣམ་གཞག་དུས་དང་བཅས་པའང་བསྟན་པར་བཞེད་པས། སྤྱོད་པ་སྟོན་བྱེད་ཀྱི་གཞུང་
ཚིག་ཉུང་ཡང་དོན་ཤིན་ཏུ་རྒྱས་སོ། །ལྔ་པ་ནི། དཀྱུས་ཀྱི་རྒྱུད་བཤད་དང༌། མན་ངག་ན་གསལ་བར་མི་བཞུགས་པས། དཔལ་ཧེ་རུ་ཀའི་གནས་བརྙེས་པ་རྩོད་པའི་དུས་ཀྱི་འགྲོ་བ་མཐའ་དག་གི་སྐྱབས་གཅིག་པུ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་པ་གྲུབ་ཆེན་ཞི་བ་སྦས་པའི་མན་ངག་མདོ་ཙམ་བརྗོད་ན། རྫོགས་རིམ་གྱི་རྟོགས་པ་སྐྱེས་ཀྱང་རུང༌། མ་སྐྱེས་ཀྱང་རུང༌། བསྐྱེད་རིམ་ལ་བརྟན་པ་ཐོབ་ན་ཚོགས་ལམ་བགྲོད་པ་ཡིན་ཞིང༌། བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་གྱིས་ཚོགས་ལམ་དང༌། དྲོད་འབྲིང་ཙམ་བགྲོད་པའང་ཡོད་མོད། དྲོད་ཆེན་པོ་ཐོབ་པ་ལ་ནི་རིམ་པ་གཉིས་ཀ་སྒོམ་དགོས་པ་ཁོ་ན་ཡིན་ནོ། །ཞེས་པ་འདི་ནི། ཐེག་པ་བླ་ན་མེད་པར་ངཻས་པའི་ཚིག་གོ །དེ་ལ་ལྷ་དང་ནོར་བདག་དྲི་ཟ་དང༌། །སོགས་དང༌། ལས་དང་གྲུབ་པ་ཆུང་ངུ་རྣམས་ཀྱིས། ཚོགས་ལམ་གྱི་ཡོན་ཏན་གཙོ་བོར་བསྟན་པར་མངོན་ལ། ཁྱད་པར་དྲོད་ནི། རྣལ་འབྱོར་མ་ཡི་གྲུབ་སྦྱོར་བས། །འཕྲལ་དུ་ཡིད་ཆེས་ཡང་དག་འཇུག །ཅེས་པས་བསྟན། རྩེ་མོ་ནི། ཐམས་ཅད་ཀྱིས་ནི་མི་མཐོང་ཞིང༌། །སོགས་ཀྱིས་བསྟན། བཟོད་པ་ནི། དེ་ཕྱིར་ཡེ་ཤེས་འདི་གསང་ཞིང༌། །མི་གསལ་ཡི་གེ་མེད་པའོ། །ཞེས་པས་བསྟན་ཏེ། གོ་རིམ་བཞིན་ནུས་པ་རྙེད་པ་དང༌། ཡེ་ཤེས་ཀྱི་ལྷ་འགྲུབ་པ་དང༌།
རང་བཞིན་བརྒྱད་བཅུའི་རྣམ་རྟོག་གསལ་པོ་འགགས་པ་རྣམས་སོ། །ཆོས་མཆོག་ནི་དུས་བཞི་རབ་ཏུ་སྦྱོར་བ་ཡིས། ནས་སྒོ་དགུ་ལས་ནི་བྱུང་བའི་རྫས་ཀྱི་བར་ལ། མཐར་ཐུག་གི་བཤད་པས། མཐོང་ལམ་གྱི་མངོན་བྱང་དང༌། མཐར་ཐུག་གི་མངོན་བྱང་གཉིས་ཀ་སྟོན་པའི་དང་པོ་དེའི་སྦྱོར་བས་ཤུགས་ལ་བསྟན་ནོ། །ཚེ་རིང་བརྩོན་འགྲུས་ཆེན་པོ་དང༌། །སོགས་ཀྱིས། གསང་སྤྱོད་ཀྱི་ཕན་ཡོན་དང༌། ལྷའི་མིག་དང༌། སོགས་ཀྱིས། སྨྱོན་པའི་སྤྱོད་པའི་འབྲས་བུ་དང༌། དེ་ཡི་ཚེ་ནི་སོགས་ཀྱིས། ཀུན་བཟང་གི་སྤྱོད་པའི་ཕན་ཡོན་བསྟན། དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །སོགས་ཀྱིས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་ཕན་ཡོན་བསྟན་ལ། དེ་ལྟར་རྒྱུན་དུ་སོགས་སྤྱོད་པའི་དུས་ཀྱི་ཁྱད་པར་རོ། །གྲུབ་པ་ཀུན་ལས་འཕྲོག་པ་དང་ནས། །རོལ་མོ་ལས་བྱུང་མཁྱེན་གྱི་བར་དང༌། རྣལ་འབྱོར་མ་ཀུན་སྦྱོར་བའི་མ། །ཞེས་པ་ནས། རྣལ་འབྱོར་དབང་ཕྱུག་བྱེད་རིག་པ། །ཞེས་པའི་བར་གྱི་སྒྲ་ཇི་བཞིན་པའི་བཤད་པས། ཟུང་འཇུག་ཐོབ་པའི་ཡོན་ཏན་རྣམས་བསྟན་ཏེ། ཕན་ཡོན་གཞན་རྣམས་ནི། བསྐྱེད་རིམ་དང༌། སྟོང་ཉིད་རྟོགས་པ་སོགས་ཐམས་ཅད་ཀྱི་ཕན་ཡོན་ཡིན་ནོ། །གསུམ་པ་འབྲས་རྒྱུད་ཀྱི་རྣམ་པར་བཞག་པ་ནི། འབྲས་རྒྱུད་དངོས། རྫོགས་པའི་སངས་
རྒྱས་ཀྱི་གོ་འཕང་ཡིན་ལ། ཐུན་མོང་གི་དངོས་གྲུབ་དང་ལས་ཚོགས་ནི། འབྲས་རྒྱུད་དངོས་མ་ཡིན་ཡང༌། དེའི་ཕྱོགས་མཐུན་ཡིན་པས། འདིར་བཤད་དོ། །དེ་ལ་དངོས་གྲུབ་ཕྲ་མོ་དེ་དག་དང༌། ལས་ཚོགས་རྣམས་ནི་ངོ་བོ་ཐབས་རྒྱུད་ཡིན་ཏེ། སྒྲུབ་པ་པོའི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པའི་ལམ་ཡིན་པའི་ཕྱིར་རོ། །འབྲས་རྒྱུད་དང་ཕྱོགས་མཐུན་པའི་རྒྱུ་མཚན་ནི། གནས་སྐབས་ཀྱི་འབྲས་བུ་ཡིན་པའི་ཕྱིར་དང༌། རང་ཉིད་འབད་རྩོལ་དང་བྲལ། བདེ་བའི་གོ་འཕང་གི་གནས་ཐོབ་ཅིང༌། དཀའ་བ་མེད་པར་སེམས་ཅན་གྱི་དོན་འགྲུབ་པ་ཡིན་པའི་ཕྱིར་རོ། །འདི་ལ་དབྱེ་ན། འབྲས་བུ་ཆུང་ངུ་ལས་ཚོགས་བརྒྱད། འབྲིང་པོ་ཐུན་མོང་གི་དངོས་གྲུབ་བརྒྱད། ཆེན་པོ་མཆོག་གི་དངོས་གྲུབ་བོ། །དང་པོ་ནི། རྨོངས་པ་དང་ནི་རེངས་པ་དང༌། །གསད་དང་བསྐྲད་པ་ལ་སོགས་དང༌། །དབང་དང་དགུག་པའི་ལས་རྣམས་དང༌། །ཞེས་དྲུག་དང༌། ཞེ་འགྲས་པ་དང་རྨུགས་པ་ཉིད། །ཅེས་པ་སྟེ་བརྒྱད་དོ། །གོ་ཆ་དྲུག་གི་ལས་ཚོགས་རྣམས་ཀྱང་དབང་དང་དགུག་པའི་ལས་གཉིས་སུ་ཕལ་ཆེར་འདུས་ཤིང༌། ཆ་ཤས་འགའ་ཞིག་ནི་གསད་པར་བསྡུའོ། །གཉིས་པ་ནི། མིག་འཕྲུལ་བྱེད་ཅེས་དང༌། ནམ་མཁར་འགྲོ་བ་ཉིད་ཀྱང་ངོ༌། །གཞན་གྱི་གྲོང་སོགས་བྱ་བ་དང༌། །མི་སྣང་བ་དང་གང་ཡང་རུང༌། །ཞེས་དང༌། དེ་བཞིན་ས་འོག་འགྲོ་བའོ། །རིག་འཛིན་འཁོར་ལོ་བསྒྱུར་ཉིད་
འགྱུར། །འཆི་བ་མེད་ཅིང་རྒས་པ་མེད། །རྣལ་འབྱོར་སྒྱུ་མའི་རིག་པ་ཡིན། །འདི་ཡིས་ན་བ་མེད་པར་འགྱུར། །ཞེས་པའི་རྒས་པ་མེད་པ་དང༌། ན་བ་མེད་པ་གཅིག་དུ་བསྡོམས་ནས། ནད་འཇོམས་ཀྱི་དངོས་གྲུབ་ཞེས་བྱ་སྟེ། དེ་ལྟར་བརྒྱད་དོ། །གསུམ་པ་ནི། ངོ་བོ་སྐུ་བཞི་དང༌། ཁྱད་ཆོས་ཡེ་ཤེས་ལྔ་ལས། དང་པོ་ནི། ཇི་ལྟར་སྐུ་གསུམ་མཆོག་སྟེར་བ། །ཞེས་དང༌། ཟབ་མོ་སངས་རྒྱས་བསྟན་པའོ། །ཞེས་པས་སྤྱིར་བསྟན་ཅིང༌། སངས་རྒྱས་བྱང་ཆུབ་གནས་ཞི་བ། །ཞེས་པས་ཆོས་སྐུ་དང༌། དེ་ཉིད་བླ་ན་མེད་པ་འགྲུབ། །ཅེས་པས་ངོ་བོ་ཉིད་སྐུ་དང༌། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །སོགས་ལ་མཐར་ཐུག་གི་བཤད་པས་ལོངས་སྐུ་དང༌། གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །ཞེས་པས་སྤྲུལ་པའི་སྐུ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་དང༌། ཞེས་སོགས་ཀྱིས། དབྱེ་གཞི་བདེ་ཆེན་གྱི་སྐུ་ཡང་བསྟན་པ་ཡིན་ནོ། །གཉིས་པ་ནི། རང་བྱུང་ཡེ་ཤེས་ལྔ་ལྡན་འགྱུར། །ཞེས་པ་དང༌། སེམས་དང་སེམས་མེད་སེམས་རང་བཞིན། །སོགས་ཀྱིས་བསྟན་ཞིང་འདིར་འཕྲིན་ལས་ནི་ལམ་ལྔའི་ཕན་ཡོན་སྟོན་བྱེད་ཐམས་ཅད་ཀྱིས་རྒྱས་པར་བཤད་པར་ཡང་འགྱུར་ཞིང༌། ཆོ་གའི་ཐབས་ནི་རྣམ་པ་སྣ་ཚོགས་བསྟན་པ་ནི། ལྷ་མོ་ཡིད་ལ་འདོད་པ་རྣམས་ནི་གསུངས་པའོ། །ཞེས་པས་ཀྱང་བསྟན། འབྲས་བུའི་རྒྱུད་འདི་ནི། ཕྱག་འཚལ་གྱིས་ཀྱང་
བསྟན་ཏོ། ཚིག་རྐང་དང་པོ་གསུམ་གྱིས་སྐུ་གསུམ་ཡེ་ཤེས་ལྔ་དང་༌། ལྷག་མས་འཕྲིན་ལས་གསལ་བར་བསྟན་པའི་ཕྱིར་རོ། །འདིར་ནི་བཤད་པའི་སྒོ་དེ་ཙམ་བསྟན་པར་ཟད་ཀྱི་ལམ་སྤྱི་དང་ཁྱད་པར་གྱི་མཐའ་དཔྱོད་པ་རྒྱས་པ་བླ་མའི་ཞལ་ལུང་ཐོབ་པས་རྟོགས་པར་བྱ་དགོས་སོ། །ད་ནི་དེ་ལྟར་བཤད་པ་དེ་རྣམས་སུ་ལུང་དང་རིག་པས་གྲུབ་པའི་མཐའ་ཅུང་ཟད་བརྗོད་པར་བྱ་སྟེ། ཨོཾ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར། །དངོས་པོ་ཐམས་ཅད་རང་བཞིན་མེད། །དངོས་པོ་ཡོད་པ་མི་སྲིད་ཕྱིར། །དངོས་མེད་ཅེས་བྱ་ག་ལ་ཡོད། །ཐ་སྙད་པ་ཡི་ཚད་མ་ལས། །སྣང་བའི་དངོས་པོ་ཡོད་མིན་ན། །རྟོག་པས་བཏགས་པ་ཙམ་ཞིག་གི །མི་སྣང་དངོས་མེད་ལྟ་ཅི་སྨོས། །དངོས་དང་དངོས་མེད་ལས་གྲོལ་བའི། །གཉིས་མེད་ཡེ་ཤེས་རྟག་ཏུ་ཡོད། །ནམ་ཡང་འགྱུར་བ་མེད་པའི་ཕྱིར། །འདི་ནི་རྟག་ཅིང་བརྟན་པ་ཡིན། །ཡེ་ཤེས་ཁོ་ནས་མྱོང་བའི་ཕྱིར། །དོན་དམ་ཡིན་པར་རྒྱལ་བས་གསུངས། །རྣམ་ཤེས་བསླུ་བར་མི་བྱེད་པས། །གསོག་གསོབ་བརྫུན་པ་མ་ཡིན་ནོ། །ཡུལ་དང་དུས་ཀྱིས་མ་བསྡུས་ཤིང༌། །སྒྲ་དང་རྟོག་པའི་ཡུལ་མིན་ལ། །གཉེན་པོས་མི་འཛེམས་ངེས་འབྱིན་མིན། །ཀུན་རྫོབ་ཤེས་པས་མ་མྱོང་ཞིང༌། །དཔྱད་པའི་ཡུལ་དུ་མ་གྱུར་བའོ། །དེ་ལྟར་རྫུན་པར་འཇོག་པ་ཡིན།
ཁྱད་ཆོས་བརྒྱད་དང་བྲལ་བའི་ཕྱིར། །འདི་ནི་བདེན་པ་ཁོ་ན་ཡིན། །སྤྲོས་པའི་མཚན་མ་བརྒྱད་སྤངས་པས། །སྤྲཽས་པ་མེད་ཅིང་མཚན་མ་མེད། །ཤེས་བྱ་གཤིས་ཀྱི་གནས་ལུགས་འདི། །བློ་འདས་བརྗོད་བྲལ་ཞེས་སུ་བརྟགས། །རྒྱུ་རྒྱུད་ཐབས་རྒྱུད་འབྲས་རྒྱུད་ཅེས་བྱ་བ། །དོན་དམ་དབང་དུ་གསུམ་པོ་ངོ་བོ་གཅིག །ཤེས་བྱ་གཤིས་ཀྱི་གནས་ལུགས་ཁོ་ན་ཡིན། །ཀུན་རྫོབ་ཀྱི་ནི་གསུམ་པོ་ཐ་དད་དོ། །གཞི་ཡི་གཤིས་དང་ལམ་གྱི་ཆོས་ཉིད་དང༌། །འབྲས་བུ་དམ་པའི་དོན་གྱི་སངས་རྒྱས་གསུམ། །ཆོས་ཅན་དབང་གི་མིང་འདོགས་ཐ་དད་ཙམ། །ངོ་བོ་གཅིག་ཅིང་གནས་སྐབས་དབྱེ་བའང་མེད། །སྣ་ཚོགས་འཁོར་བའི་ཆོས་ཀྱི་རྒྱུ་རྒྱུད་དང༌། །ཉམས་ལེན་བྱེད་ཚུལ་ཉམས་མྱོང་ཐབས་ཀྱི་རྒྱུད། །གསལ་ཐོབ་གཞན་ངོར་སྣང་བའི་འབྲས་རྒྱུད་དེ། །གསུམ་པོ་འདི་དག་ཀུན་རྫོབ་ཁོ་ན་ཡིན། །ཆོས་ཉིད་གསལ་དང་སྟོང་དང་བདེ་བའི་ཕྱིར། །ལམ་ཡང་ལྷ་སྐུ་སྟོང་ཉིད་བདེ་བ་སྒོམ། །དེ་ལྟར་བསྒོམས་པས་ཆོས་ཉིད་དེ་ལྟ་བུའི། །དྲི་མ་དག་སྟེ་མངོན་གྱུར་འབྲས་བུ་ཡིན། །སྒྱུ་མའི་རྒྱལ་པོས་སྒྱུ་མའི་རྒྱལ་པོ་གཞན། །འཇོམས་པའི་དཔེ་ཡིས་ཡང་ཡང་གསུངསཔ་ལྟར། །སྦྱང་བྱ་ཀུན་རྫོབ་སྦྱོང་བྱེད་ཀུན་རྫོབ་སྟེ། །འབྲས་བུ་ཐོབ་པར་བརྟགས་པའང་ཀུན་རྫོབ་ཡིན། །རང་བཞིན་རྣམ་དག་དོན་དམ་ཡིན་པའི་ཕྱིར། །རྣམ་དག་དེ་ལ་རྣམ་པར་དག་པ་རུ། །
རང་ངོ་ཤེས་པའི་དག་པ་གཉིས་ལྡན་ཀྱང༌། །དོན་དམ་ཁོ་ན་ཡིན་གྱི་ཀུན་རྫོབ་མིན། །རྣམ་པར་རྟོག་པས་བཏགས་པའི་ལྷ་སྐུ་དང༌། །བློས་བྱས་སྟོང་ཉིད་ཞུ་བདེའི་ལྷན་སྐྱེས་རྣམས། །ཡེ་ཤེས་རྟོགས་པའི་ཐབས་སུ་བརྟེན་དགོས་མོད། །ཤིན་ཏུ་ཉེ་བའི་ཐབས་ཀྱང་མ་ཡིན་ནོ། །སྒྱུ་ལུས་ཟུང་འཇུག་ལམ་གྱི་ལྷ་སྐུ་དང༌། །སྟོང་ཉིད་དབྱིངས་སུ་འཇོག་པའི་ཤེས་པ་དང༌། །ཚོགས་དྲུག་ཤེས་པས་གསལ་བར་མྱོང་བ་ཡི། །ཐིག་ལེ་འགྱུར་མེད་བདེ་སྟོང་ལྷན་སྐྱེས་རྣམས། །གནས་ལུགས་རྟོགས་པར་ཉེ་བའི་ཐབས་མཆོག་སྟེ། །ཐབས་དེ་རྣམས་ཀྱང་ཀུན་རྫོབ་སྒྱུ་མ་ཙམ། །རེས་འགའ་དོན་དམ་ཡིན་པར་གསུངས་སྲིད་ནའང༌། །དོན་དམ་རྟོགས་པའི་ཐབས་ལ་དགོངས་པ་ཡིན། །དམ་པའི་དོན་གྱི་བདེ་གསལ་སྟོང་པ་ནི། །རྣམ་ཤེས་ཡུལ་མིན་ཡེ་ཤེས་ཁོ་ནའི་ཡུལ། །མ་བཅོས་ལྷུན་གྲུབ་དངོས་པོའི་གནས་ལུགས་ཏེ། །རང་རིག་ཙམ་གྱི་ངོ་བོར་རྟག་ཏུ་གནས། དེ་ལྟར་རྒྱུད་ཀྱི་སྤྱིའི་དོན་བློ་ཡུལ་དུ་ངེས་པར་བྱས་ནས། ད་ནི་རྒྱུད་ཀྱི་ཚིག་གི་དོན་བཤད་པ་ལ་འཇུག་པར་བྱའོ། །དེ་ཡང་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་གསུམ་ལས། དང་པོ་ནི། རྒྱུད་འདིའི་ཚིག་གི་ཚོགས་ནི་བརྗོད་བྱེད་ཡིན་ལ། རྒྱུད་གསུམ་ནི་བརྗོད་བྱ་ཡིན། དེ་ཉིད་བདེ་བླག་ཏུ་རྟོགས་ནས་ལམ་ལ་ཡོངས་སུ་འཇུག་ཅིང་གནས་སྐབས་ཀྱི་འབྲས་བུ་ཐོབ་པ་ནི་
དགོས་པ་ཡིན་ལ། མཆོག་གི་དངོས་གྲུབ་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །བརྗོད་བྱ་དང༌། བརྗོད་བྱེད་དང༌། དགོས་པ་དང༌། ཉིང་དགོས་རྣམས་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་བལྟོས་པ་ནི་འབྲེལ་བའོ། །གཉིས་པ་ལ། སྒྲ་ཇི་བཞིན་པ་ཁོ་ནའི་དབང་དུ་བྱས་པའི་བསྡུས་དོན་དང༌། མཐའ་དྲུག་ལ་དགོངས་པའི་དབང་དུ་བྱས་པའི་བསྡུས་དོན་ནོ། །དང་པོ་ནི་བསྡུས་དོན་བཞི་བཅུ་ཞེ་གཉིས་ཏེ། དེ་ནས་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བཤད་པར་དམ་བཅའ་བ་དང༌། གང་ཞིག་གིས་ནི་སོགས་ཤེས་བྱ་གཤིས་ཀྱི་གནས་ལུགས་རྟོགས་པའི་ཕན་ཡོན་དང་བཅས་པ་དང༌། ཆོས་རྣམས་སོགས་རྒྱུད་གསུམ་གྱི་རང་བཞིནདང༌། རྣལ་འབྱོར་མ་ཀུན་སོགས་འབྲས་རྒྱུད་རྒྱས་བཤད་དང༌། ཡི་གེ་དང་ནི་སོགས་བསྐྱེད་རིམ་མདོར་བསྟན་དང༌། ངེས་པ་མེད་ཅིང་སོགས་ཆགས་ལམ་གྱི་ཆེ་བ་དང༌། རྟག་ཏུ་ཤེས་རབ་སོགས་ཕྲ་ཐིག་གི་རྣལ་འབྱོར་དང༌། སེམས་དང་སོགས་ཡེ་ཤེས་ལྔ་དང༌། ཨཱ་ལི་སོགས་ཀྱིས་གཏུམ་མོ་དང༌། གང་གང་སོགས་ཀྱིས་བསམ་མི་ཁྱབ་དང༌། དམ་ཚིག་ཆེན་པོ་སོགས་ཀྱིས་མཆོག་གི་བཟའ་བ་དང༌། སྒྱུ་འཕྲུལ་ཆེན་མོ་རབ་སྦྱོར་སོགས་ཀྱིས་མཆོད་པའི་བྱ་བ་དང༌། གང་གི་ཤེས་པའི་སོགས་ཀྱིས་ཐིག་ལེའི་རྣལ་འབྱོར་དང་བཟླས་པ་གཉིས་ཀ་དང༌། འདོད་པ་སོགས་ཀྱིས་སྤྱོད་པ་ཕན་ཡོན་དང་བཅས་པ་དང༌། བཀླགས་པས་གྲུབ་པ་སོགས་ཀྱིས་རྒྱུད་ཀྱི་ཆེ་བ་སྟེ་
ལེའུ་དང་པོ་དོན་ཚན་བཅོ་ལྔའོ། །ལེའུ་ཕྱི་མ་གཉིས་ནི་དེའི་མ་ཚང་བ་ཁ་བསྐོང་བ་སྟེ། དེ་ནས་རྣལ་འབྱོར་མའི་སོགས་རྡོ་རྗེའི་བཟླས་པ་དང༌། དེ་ལ་བརྟུལ་ཞུགས་སོགས་དེའི་ཆེ་བ་དང༌། སྔགས་དང་སོགས་རྒྱུད་དོན་གྱི་གཙོ་བོ་བསྡུ་བ་དང༌། དེ་ལྟར་རྒྱུན་དུ་སོགས། རྣལ་འབྱོར་གོམས་པའི་དུས་ཚད་དང༌། དབང་པོའི་མདོག་དང་སོགས་གོ་ཆ་དྲུག་གི་ལས་ཚོགས་དང༌། ཡི་གེ་དྲུག་དང་སོགས་གོ་ཆ་འགོད་ཚུལ་དང༌། མིག་གཉིས་སོགས་བུམ་པ་ཅན་བཙན་ཐབས་སུ་དགག་པ་དང༌། སྲོག་དང་སོགས་རྩོལ་བས་དགག་པ་དང༌། འོག་མིན་སོགས་དངོས་པོའི་རང་བཞིན་ཡིན་ཡང་རྟོགས་དཀའ་བ་དང༌། གང་ཕྱིར་སོགས་རྣལ་འབྱོར་གྱི་མན་ངག་གིས་རྟོགས་སླ་བ་དང༌། རྣལ་འབྱོར་སོགས་འོད་གསལ་གྱི་རྣལ་འབྱོར་དང༌། གོང་བུར་སོགས་ལུས་ཀྱི་དབུས་སུ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་དང༌། སྒོ་དགུ་སོགས་བཟའ་བའི་དམ་ཚིག་ཕན་ཡོན་དང་བཅས་པའི་འཕྲོས་ཏེ་ལེའུ་གཉིས་པ་དོན་ཚན་བཅུ་གསུམ་མོ། །དེ་ནས་སོགས་བཤད་པར་ཞལ་གྱིས་བཞེས་ཏེ། དམ་ཚིག་སོགས་བདུད་རྩི་རིལ་བུ་སྒྲུབ་ཐབས་དང༌། དེ་ནས་འདིར་སོགས་ལྷའི་རྣལ་འབྱོར་གྱི་རྒྱས་བཤད་དང༌། དང་པོའི་སྔགས་དང་སོགས་བདུད་རྩི་བྱིན་གྱིས་རློབ་ནུས་པའི་ཚད་དང༌། དེ་ལྟར་རྣལ་འབྱོར་སོགས་ལྷའི་རྣལ་འབྱོར་བསྒོམ་པའི་ཕན་ཡོན་དང༌། ཡི་གེ་གོ་བཟློག་སོགས་ཀྱིས་བཟའ་བའི་དམ་ཚིག་བྱིན་གྱིས་རློབས་ཚུལ་དང༌། རྡོ་རྗེའི་ཆུ་དང་སོགས་
མཆོག་གི་བཟའ་བ་བརྟེན་ཚུལ་དང༌། ཡི་གེ་བརྒྱད་ཀྱི་སོགས་བཟའ་བའི་དམ་ཚིག་བརྟེན་ཚུལ་སྤྱི་དང་བརྒྱད་པའི་ཐ་མར་སོགས་མཁའ་གསང་བྱིན་རླབས་དང༌། དེ་ནས་འདིར་ནི་སོགས་ཞུ་བ་གླུས་བསྐུལ་དང༌། དེ་ལྟར་རྟག་ཏུ་སོགས་རྒྱུན་གྱི་ཉམས་ལེན་སྤྱོད་པར་བཅས་པའི་དུས་དང༌། རྒྱན་རྣམས་སོགས་རིག་མ་ཆས་སུ་འཇུག་ཚུལ་ཕན་ཡོན་དང་བཅས་པ་དང༌། དབང་པོ་གཉིས་ནི་སོགས་སྤྱོད་པའི་ལོངས་སྤྱོད་ཕན་ཡོན་དང་བཅས་པ་སྟེ། ལེའུ་གསུམ་པ་ལ་དོན་མཚན་བཅུ་གཉིས་སོ། །འདིར་ཚིགས་བཅད་དུ་གྱུར་པ་ནི་སོགས་རྒྱུད་ཀྱི་དོན་བསྡུ་དང༌། གང་གི་ཁྱིམ་དུ་སོགས་ནི་རྒྱུད་འདིའི་ཆེ་བའི་འཕྲོས་ཏེ། ལེའུ་གསུམ་པའི་འཕྲོས་དོན་ཚན་གཉིས་སོ། །གཉིས་པ་ནི། རྒྱུད་གསུམ་གཏན་ལ་ཕབ་པའི་མངོན་པར་རྟོགས་པའི་སྟེང་དུ་རྒྱུད་ཚིག་རྣམས་འཁྲུགས་སྡེབས་པ་ཉིད་ཡིན་ཏེ་གོང་དུ་བཤད་ཟིན་ཏོ། །གསུམ་པ་ཚིག་དོན་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་མཚན་གྱི་དོན་དང༌། འགྱུར་གྱི་ཕྱག་གཉིས་ལས་དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་མཧཱ་མ་ཡ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་སྟེ། དེ་ཡང༌། ཤྲཱི་ནི་དཔལ་མཧཱ་ནི་ཆེན་པོ། མ་ཡ་ནི་སྒྱུ་མའམ་སྒྱུ་འཕྲུལ། ཏནྟྲ་ནི་རྒྱུད། རཱ་ཛ་ནི་རྒྱལ་པོ། ནཱ་མ་ནི་ཞེས་བྱ་བ་སྟེ་མཚན་ཐོག་མར་སྨོས་པ་ནི། ལོ་ཙཱ་བས་སྦྱར་བ་ཡིན་ཀྱང་རྒྱུད་དོན་གྱི་གཙོ་བོ་མཚན་དོན་ལ་འདུ་བ་ཡིན་ལ།
དེ་ཉིད་ཀྱིས་ན། དབང་པོ་རབ་ཀྱིས་མཚན་དོན་དུ་གོ་བ་ཞེས་བླ་མ་དམ་པ་རྣམས་གསུང་སྟེ། དེས་ན། ཤྲཱི་མཧཱ་མ་ཡ་ཞེས་བྱ་བ་ལ། མ་ནི་མུ་དྲ་སྟེ་ལས་ཀྱི་ཕྱག་རྒྱ། ཧ་ནི་ཐབས་ཀྱི་རྩ་ཁ་ཁ་མུ་ཁ་ཡི་གེ་ཧའི་རྣམ་པར་གནས་པ། ཡ་ནི་རླུང་སྟེ་དེ་གཉིས་མཉམ་པར་སྦྱར་བས་རླུང་འགགས་པ། མ་ནི་རྗེས་ཆགས་ཀྱི་མེས་ཞུ་བའི་ཐིག་ལེ། སྲོག་གི་ཨ་ཡིག་ནི་དེ་རྣམས་ལ། རྒྱས་ཐེབས་པའི་སྐྱེ་བ་མེད་པ། ཤྲཱི་ནི་དེ་ལས་བྱུང་བའི་དགའ་བ་བཞིའི་ཡེ་ཤེས་རྣམས་སོ། །འདིས་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སུ་བསྟན་པས་སྔོན་དུ་བསྐུར་རྒྱུའི་བུམ་དབང་དང༌། གསང་དབང༌། ཕྱིས་བསྟན་པར་བྱ་རྒྱུའི་བཞི་པ་རྣམས་ཤུགས་ལ་འཕངས་སོ། །ཡང་མཧཱ་ནི་ཡབ་ཧེ་རུ་ཀ །མ་ཡ་ནི་ཡུམ་ལྷ་མོ་ལྔ། ཤྲཱི་ནི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་སྟེ་དབྱིབས་ཀྱི་རྣལ་འབྱོར་ཡང་བསྟན་ལ། ཡང་མ་ཡིག་གིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། ཡ་ཡིག་གིས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་བསྟན་ཏེ། འཁོར་ལོ་དེ་གཉིས་ཀྱི་ལྟེ་བའི་རྩ་མདུད་ཀྱང་རྒྱ་གར་གྱི་ཡི་གེ་མ་ཡ་གཉིས་ཀྱི་རྣམ་པར་ཡོད་པས་སོ། །ཧ་ཡིག་གིས་སྙིང་ཁའི་ཧཱུཾ་དང༌། མ་ནི་ལྟེ་བའི་གཏུམ་མོ་སྟེ། སྲོག་གི་ཨ་ནི་ཨ་ཐུང་ཡིན་ལ། དེ་ཡང་ཐིག་ལེའི་ངོ་བོར་གནས་པ་ནི་མ་ཉིད་ཀྱིས་མཚོན་ནོ། །འབར་འཛག་ལས་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ནི་ཤྲཱི་སྟེ་སྔགས་ཀྱི་རྣལ་འབྱོར་བསྟན་ནོ། །སྒྱུ་འཕྲུལ་
ཞེས་བྱ་བ་ནི་ཀུན་རྫོབ་རྣམ་པ་སྣ་ཚོགས་པ་ཡིན་ལ། ཆེན་པོ་ནི་དོན་དམ་སྟོང་པ་ཉིད་དེ། བདེན་གཉིས་ཟུང་དུ་འཇུག་པའི་ཡེ་ཤེས་ནི་དཔལ་གྱི་དོན་ནོ། །དེ་ཡང་ཀུན་རྫོབ་མེད་པ་དང༌། དོན་དམ་ཡོད་པ་ངོ་བོ་གཅིག་པ་ནི་བདེན་གཉིས་ཟུང་འཇུག་གི་དོན་ནོ། །འདིས་ཆོས་ཀྱི་རྣལ་འབྱོར་བསྟན། མཧཱ་མ་ཡ་ཞེས་ཡི་གེ་བཞིས་སྐུ་བཞི་མཚོན་ལ། དཔལ་ནི་གཉིས་ཏེ། བདག་གི་དཔལ་དང༌། གཞནགྱི་དཔལ་ལོ། དང་པོ་ནི་སྐུ་བཞི་དབྱེར་མེད་པའི་བདག་ཉིད་ཡིན་ལ། ཕྱི་མ་ནི་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པའམ་འཕྲིན་ལས་སོ། །དེ་ནི་འབྲས་བུ་དང་སྦྱར་བ་ཡིན་ལ། མན་ངག་གཞན་ལས་ནི། སྒྱུ་འཕྲུལ་ཀུན་རྫོབ་ཆེན་པོ་དོན་དམ་སྒྱུ་འཕྲུལ་ལྷ་མོ་ཆེན་པོ་ཡབ། སྒྱུ་འཕྲུལ་སྟོང་པ། ཆེན་པོ་བདེ་བ། སྒྱུ་འཕྲུལ་སྐུ། ཆེན་པོ་ཡེ་ཤེས་ཞེས་སྦྱར་ཏེ་གཞི་དང་བསྐྱེད་རིམ་དང༌། རྫོགས་རིམ་དང༌། འབྲས་བུ་རྣམས་བསྟན་པར་བཞེད་ལ་དཔལ་གྱི་དོན་ནི་སྔར་དང་འདྲའོ། །གཉིས་པ་ནི། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འདི་ཉིད་ལོ་ཙཱ་བས་འགྱུར་གྱི་ཚེ་བཅུག་པའམ། རྒྱ་དཔེ་ལ་བཞུགས་པ་ལྟར་བསྒྱུར་བའང་སྲིད་མོད་ཀྱི་རྒྱུད་ཀྱི་རྡོ་རྗེའི་ཚིག་ནི་མ་ཡིན་ནོ། །གསུམ་པ་ལ། ཕྱག་འཚལ་བ་དང༌། བཤད་པར་ཞལ་གྱིས་བཞེས་པ་དང༌། གཞུང་དངོས་སོ། །དང་པོ་ནི། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ལ་སོགས་པ་སྟེ། འདི་ལ་སློབ་དཔོན་ཤཱནྟི་
པའི་འགྲེལ་པར་བཤད་པ་ནི་མ་མཛད་ལ། ཡིག་མཁན་གྱིས་བཅུག་པ་ཡིན་ནོ་ཞེས་གསུང་བར་གྲགས་སོ། །ནག་པོ་པ་ནི། མཧཱ་མ་ཡའི་རྒྱུད་དངོས་ཀྱི་ཚིག་སྟེ། དེ་ཡང་རྒྱུད་ཀྱི་མདོར་བསྟན་དུ་བཞེད་པས། བཤད་པ་ཞིབ་མོར་མཛད་དོ། །སློབ་དཔོན་གཞན་འགའ་དག་གླེང་གཞིར་འདོད་ལ། སློབ་དཔོན་ཁ་ཅིག་ནི་གླེང་གཞི་དང༌། མདོར་བསྟན་དུ་མི་མཛད་པར་ཚིགས་བཅད་གཉིས་པོ་འདི་ནི་མཆོད་བརྗོད་ཡིན་ཞིང༌། དེ་ནས་རྡོ་རྗེ་མཁའ་འགྲོ་མ་སོགས་བཤད་པར་དམ་བཅའོ། །དེ་བཞིན་གཤེགས་པ་རྣམས་ནི་རང་དོན་དུ་མཆོད་བརྗོད་དང༌། བཤད་པར་དམ་བཅའ་བྱས་པ་ལ་དགོས་པ་མེད་མོད་ཀྱི། རྗེས་འཇུག་གཞན་རྣམས་ཀྱིས་བསྟན་བཅོས་བྱེད་པའི་ཚེ་འདི་ལྟར་གྱིས་ཤིག་པའམ། རྒྱུད་འཆད་པའི་ཚེ་བར་ཆད་མི་འབྱུང་ཞིང༌། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འགྲུབ་པ་དང༌། བཤད་པ་མཐར་ཕྱིན་པའི་དོན་དུ། སྟོན་པ་ཉིད་ཀྱིས་གསུངས་པར་འདོད་དེ། འོན་ཀྱང་འདི་ནི་ཅུང་ཟད་མི་ལེགས་ཏེ། རྒྱུད་གཞན་གང་ལའང་དེ་ལྟ་བུའི་སྟོན་ཚུལ་མེད་པ་དང༌། \ེགས་བམ་མཆོག་ཏུ་དག་པ་མང་པོ་ལའང་ཚིགས་བཅད་འདི་གཉིས་མི་བཞུགས་པ་ཡང་ཡོད་པ་དང༌། ཤིང་རྟ་ཆེན་པོ་འགའ་ཞིག་གིས་ཀྱང་མ་བཤད་པའི་ཕྱིར་ཞེས་བླ་མ་རྣམས་གསུང་པ་ལྟར་འཐད་དོ། །ཡང་བླ་མ་གོང་མ་རྣམས་ནི། ཇོ་བོ་ནཱ་རོ་པའི་གསུང་གིས་
རྒྱུད་ཚིག་དངོས་མ་ཡིན་ཀྱང་སློབ་དཔོན་ཀུ་ཀུ་རཱི་པས། རྒྱུད་ཚིག་ཡི་གེར་བཀོད་པའི་ཚེ། གཞུང་མཛེས་པའི་ཕྱིར་ཐོག་མར་བཀོད་དོ། །ཞེས་གསུངས་སོ༌། །དེ་ལ་འདི་སྡོམ་འབྱུང་སོགས་ལས་འབྱུང་བའི་ཕྱིར་སྤྱིར་ནས་རྡོ་རྗེའི་ཚིག་དངོས་ཡིན་ལ། མཧཱ་མ་ཡའི་རྒྱུད་ཚིག་དངོས་ཡིན་མིན་དཔྱད་པའི་གནས་སུ་སྣང་མོད་ཀྱི། གླེང་གཞི་དང༌། རྒྱུད་ཀྱི་མདོར་བསྟན་ནི་མ་ཡིན་ཏེ། ཚིག་དོན་ཉིད་ཀྱིས་གསལ་ལ། མཆོད་བརྗོད་ཀྱང་མ་ཡིན་ཏེ། ཐེག་པ་ཆེན་པོའི་མདོ་རྒྱུད་གཞན་གང་ལ་ཡང་ཡོད་པ་མ་ཡིན་པས་སོ། །གང་ཉན་ཐོས་ཀྱི་སྡེ་སྣོད་འགའ་ཞིག་ལ་ཡོད་པ་ནི། དཔལ་གྱི་མགུར་ནས་བྱུང་བ་མ་ཡིན་ཏེ། བསྡུད་པ་པོ་ཁོ་ནའི་ཚིག་ཡིན་ལ། བླ་མེད་ཀྱི་རྒྱུད་ཚིག་ལ་ནི། \ེང་གཞི་དང༌། མཚམས་སྦྱོར་བ་ལ་སོགས་པ་རྒྱུད་ཚིག་ཐམས་ཅད་ཀྱང་སྟོན་པ་ཉིད་ཀྱི་ཞལ་ནས་གསུང་པ་ཁོ་ན་ཡིན་ནོ། །སྤྲོས་པས་ཆོག་གོ །དེ་ཡང༌། ཚིགས་བཅད་དང་པོས་འཇིག་རྟེན་འདས་པའི་དཀྱིལ་འཁོར་ལ་ཕྱག་འཚལ་བ་དང༌། ཚིགས་བཅད་ཕྱི་མས་ཞིང་གི་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་བ་བསྟན་ནོ། །དེ་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པའི་དཔལ་ནི་རང་རྒྱུད་ཀྱི་ཡོན་ཏན་དང༌། གཞན་དོན་གྱི་འཕྲིན་ལས་ཡིན་ལ། དེ་ཉིད་གང་ལ་ལྡན་ཞིང་མངའ་བའི་དཔལ་སངས་རྒྱས་མཁའ་འགྲོ་མ་ནི་རྡོ་རྗེ་སྟེ་རྟག་བརྟན་གཡུང་དྲུང་གི་གོ་
འཕང་བརྙེས་པ་ཡིན་ལ། མཁའ་འགྲོ་མ་ཞེས་བྱ་བ་ནི། ནམ་མཁའི་བརྡས་བསྟན་པའི་དབྱིངས་སྟོང་པ་ཉིད་ལ། རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཚུལ་གྱིས་འགྲོ་བ། ཤེས་རབ་དོན་དམ་པའི་རང་བཞིན་ཡིན་པའི་ཕྱིར། མ་ཞེས་མོ་རྟགས་ཀྱི་ཚིག་རྣམ་པར་བརྗོད་པ་སྟེ། དེ་སྐད་དུ། རྒྱུད་གཞན་རྣམས་ལས་ཀྱང་ཌེཾ་ནི་ནམ་མཁར་འགྲོ་བ་སྟེ། སྐད་ཀྱི་དབྱིངས་ལས་རྣམ་པར་བརྟགས། །ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་སོ། །མཁའ་འགྲོ་མ་ཡི་ཞེས་པ་ནི། རིགས་བཞིའི་མཁའ་འགྲོ་མ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དོ། །དེ་རྣམས་ཀྱི་འཁོར་ལོས་བསྒྱུར་བ་ནི་དཔལ་ཧེ་རུ་ཀ་སྟེ། གང་ཞིག་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཟུང་དུ་འཇུག་པ་མཚོན་པ་དེ་ནི་དཔལ་ཧེ་རུ་ཀ་དང༌། སངས་རྒྱས་མཁའ་འགྲོ་མ་མཉམ་པར་སྦྱོར་བའི་སྐུ་སྟེ། དེའི་ཡོན་ཏན་གྱི་ཁྱད་པར་ནི། ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །ཅེས་པས། སྐུ་གསུམ་དང་ཡེ་ཤེས་ལྔ་ངོ་བོ་གཅིག་གི་བདག་ཉིད་དོ། །དེ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་ལ། དེ་དང་ངོ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་མངའ་བའི་ཡོན་ཏན་ས་བཅུ་པ་ནས་སོ་སོ་སྐྱེ་བོའི་བར་གྱི་གདུལ་བྱ་གཞན་སྣང་དུ་སྐུ་དང་མཛད་པ་སྟོན་པར་ནུས་པ་བརྩེ་བ་དང་
ནུས་མཐུའི་ཡེ་ཤེས་ནི་སྤྲུལ་པའི་སྐུའོ། །ཡེ་ཤེས་དེ་དང་རང་རྒྱུད་ཀྱིས་བསྡུས་པའི་སྐུ་གཉིས་འཛོམ་པའི་མཐུ་ལས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་སྣང་ལ། གཞན་རྣམས་ལ་གཟོ་དང་སྐྱེ་བ་དང༌། མཆོག་གི་སྤྲུལ་སྐུ་སོགས་བརྟན་གཡོ་སྣ་ཚོགས་པའི་སྣང་བརྙན་འཆར་བ་ནི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དངོས་ཡིན་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དངོས་མ་ཡིན་ཏེ། གདུལ་བྱ་གཞན་སྣང་ཡིན་པས་སོ། །འོན་ཀྱང་སྐུ་དེ་གཉིས་ཀྱིས་བསྡུས་པར་འཇོག་སྟེ། དེ་གཉིས་ཀྱི་མཐུ་ལས་བྱུང་བའི་ཕྱིར། མར་མེའི་འོད་མར་མེའི་ཆོས་སུ་བསྡུ་བ་བཞིན་ནོ། །གང་རང་རྒྱུད་ཀྱིས་བསྡུས་པ་དང༌། ལོངས་སྤྱོད་དང༌། སྤྲུལ་པ་འབྱུང་བའི་གཞི་གང་ཡིན་པ་དེ་ནི། དེ་དང་དེའི་སྐུ་དངོས་སུ་རྣམ་པར་གཞག་གོ །ཡེ་ཤེས་ལྔ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་ཀྱི་ངོ་བོར་གནས་པ་ནི་ཆོས་དབྱིངས་ཡེ་ཤེས་དང༌། ཡེ་ཤེས་དེ་ཉིད་ཀྱིས་ཆོས་ཐམས་ཅད་གཟིགས་པ་ནི་མེ་ལོང་ཡེ་ཤེས་དང༌། གཟིགས་པའི་ཆོས་ཐམས་ཅད་མཉམ་པར་རྟོགས་པ་ནི། མཉམ་ཉིད་ཡེ་ཤེས་དང༌། ངོ་བོ་སྟོང་པ་ཉིད་ཡིན་ཀྱང་ཀུན་རྫོབ་མཚན་ཉིད་མ་འདྲེས་པ་མཁྱེན་པ་ནི་སོར་རྟོག་ཡེ་ཤེས་དང༌། རྒྱུ་འབྲས་མཐའ་དག་ཅིག་ཅར་གསལ་བར་རྟོགས་པའི་རྒྱུ་ལས་བྱུང་བ། སེམས་ཅན་ཐམས་
ཅད་ལ་མཉམ་པར་འཇུག་པའི་སྙིང་རྗེ་ཆེན་པོ་དམིགས་པ་མེད་པ་ནི། སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེའི་འཕྲིན་ལས་ནི། འགྲོ་བ་སྐྱོབ་ལ་ཞེས་པ་སྟེ། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །ཕྱག་འཚལ་བ་ནི། ཀུན་རྫོབ་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་བ་དང༌། དོན་དམ་པར་ཡེ་ཤེས་དེ་ཉིད་རྟོགས་པར་བྱེད་པ་སྟེ། གང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་ཕྱིར་ཕྱག་ཡིན། །ཞེས་སོ། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཞེས་སོགས་ལ། ངོ་བོ་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ཀྱང་རྣམ་པ་འགྲོ་བ་ལྔ་པོ་གང་རུང་གི་ལུས་ཅན་ཚོགས་ལམ་ནས་ས་བཅུ་པའི་བར་གྱི་ལམ་ལ་གནས་པ་ལྟར་སྟོན་པ་དང༌། དངོས་སུ་ཡང་ས་བཅུ་གཉིས་ལ་གནས་པ་རྣམས་ཀྱང་སྟེ། ཞིང་རྣམས་ན་ཡོངས་སུ་རྒྱུ་ཞིང་སྤྱོད་པ་ཡིན་ལ། ཇི་སྙེད་ཅེས་པ་མང་ཚིག་སྟེ། ཞིང་སྐྱེས་དང༌། སྔགས་སྐྱེས་དང༌། ལྷན་ཅིག་སྐྱེས་མའི་རིགས། རྡོ་རྗེ་མཁའ་འགྲོ་མ་གྲངས་མེད་པ་རྣམས་སོ། །དེའི་མཛད་པ་ནི། བདག་དང་གཞན་གྱི་ཀུན་དུ་རྟོག་པའི་འཆིང་བ་གཅོད་པར་མཛད་ཅིང༌། འཕྲིན་ལས་འཇུག་ཚུལ་ནི། འཇིག་རྟེན་རྣམས་གང་ལ་གང་འདུལ་གྱི་བྱ་བ་རྣམ་པ་སྣ་ཚོགས་པ་
ཐམས་ཅད་ལ་རབ་ཏུ་འཇུག་ཅིང་ཞུགས་ནས། བླ་ན་མེད་པའི་བྱང་ཆུབ་ལ་དཀྲི་བར་མཛད་པ་ལ་དེ་སྙེད་རྣམས་ལ་བདག་ཕྱག་འཚལ་ལོ་ཞེས་པའོ། །གཉིས་པ་ནི། དེ་ནས་ཞེས་སོགས་ཏེ། འདི་ནི་རྒྱུད་རྒྱས་པ་ལས་ཡོངས་སུ་བྱུང་བ་ཡིན་པའི་ཕྱིར། སྔར་རྒྱས་པར་གསུངས་ཟིན་པ་ལས་སླར་ཡང་བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་དེ་ནས་ཞེས་ཚིག་གི་མཚམས་སྦྱར་བའོ། །སློབ་དཔོན་ཤིནྟི་པའི་འགྲེལ་པ་ལས། དེ་ནས་དེ་ལ་ཞེས་པའི་བཤད་པ་མཛད་ཅིང༌། ནག་པོ་པས་ནི། དེ་ནས་དེས་ན་ཞེས་པའི་ཚིག་ལ་བཤད་པ་མཛད་ཀྱང༌། གཞུང་ཕལ་ཆེར་ན། དེ་ལས་དང༌། དེས་ན་ཞེས་པའི་ཚིག་མེད་ཅིང༌། བླ་མ་གོང་མ་རྣམས་ཀྱང་དེའི་དབང་དུ་བྱས་ནས་འཆད་པས་འདིར་ཡང་དེ་ལྟར་བྱའོ། །སློབ་དཔོན་ཁ་ཅིག་ནི། དེ་ནས་ཞེས་པའི་ཨ་ཐ་ཞེས་པ་ལ། ཨ་ནི་སྟོང་པ་ཉིད་དེ་ཨེ་ཡིག་གི་དོན་ཡིན་ལ། ཐ་ནི་དབྱིབས་ཀྱི་ཁྱད་པར་གྱིས་ཝཾ་ཡིག་མཚོན་པ་ཡིན་པས། ཚིག་འདི་གླེང་གཞིར་ཡང་འདོད་ལ། ནག་པོ་པས་ནི། རྒྱུད་འདི་ལ་གླེང་གཞི་མེད་དེ། ཐེག་པ་མཆོག་གི་ལུགས་ལ་སངས་རྒྱས་སྤྲུལ་པའི་སྐུ་ཡང་མྱ་ངན་ལས་འདའ་བ་མེད་པས། བསྡུད་པ་པོ་རྣམས་ཀྱི་ཐོས་པ་སྒྲོག་པ་མི་དགོས་པ་མཚོན་པར་བཤད་མོད། རྒྱུད་སྡེ་འགའ་ཞིག་ལ་གླེང་གཞི་མེད་པའང་སྣང་ལ་ཁྱད་པར་རྒྱུད་རྒྱས་པ་སྟོང་ཕྲག་བཅུ་དྲུག་པ་གསུངས་པའི་རྗེས་
ཐོགས་སུ། བར་མ་ཆད་པར་རྒྱུད་འདི་ཉིད་གསུངས་པའི་ཕྱིར། རྒྱུད་ཕྱི་མ་རྣམས་ལྟར་གླེང་གཞི་མེད་པ་ཡིན་ནོ་ཞེས་བླ་མ་གོང་མ་རྣམས་གསུང་པ་ལྟར་ལེགས་སོ་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ལ་རྡོ་རྗེ་ནི་འགྱུར་བ་མེད་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར་པ་སྟེ། དེ་ལྟ་བུའི་རྡོ་རྗེ་མཁའ་འགྲོ་མ་རྣམས་ནི། སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། གསང་བའི་དབང་ཕྱུག་མ་རྣམས་ཏེ། དེ་རྣམས་ཀྱི་རྒྱུད་ཅེས་བྱ་བ་ནི། བརྗོད་བྱ་དོན་གྱི་དབང་ལྟར་བྱས་ན་དེ་དག་གིས་རྟོགས་པར་བྱ་བ་ཡེ་ཤེས་ཀྱི་ཡུལ་ཉམས་སུ་མྱོང་བ་དང༌། ཡོངས་སུ་སྤྱད་པའི་དོན་ཡིན་ལ། བརྗོད་བྱེད་ཚིག་གི་དབང་ལྟར་ན། དེ་རྣམས་ཀྱིས་གསུངས་པའོ། །དེའི་ཁྱད་པར་ནི། མཆོག་ཏུ་གསང་བ་སྟེ། མུ་སྟེགས་དང་ཐེག་པ་འོག་མའི་རིགས་ཐམས་ཅད་ལ་གསང་བའམ། མཆོག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེའི་སྤྱོད་ཡུལ་དེ་ཁོ་ན་ཉིད་ནི་གཞན་གྱིས་རྟོགས་པ་མ་ཡིན་པའི་ཕྱིར་གསང་བའོ། །མཆོག་ཏུ་གསང་བ་ཞེས་བྱ་བའི་རྒྱུད་ཅེས་པ་ལྟར་ན། རྒྱུད་ཀྱི་མཚན་སྟོན་པ་ཡིན་པས། གསང་བ་ནི་གསང་བ་ཡིད་བདེའོ་ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །གང་ལྟར་ཡང་བརྗོད་བྱ་དོན་གྱི་མིང་བརྗོད་བྱེད་ལ་བཏགས་པ་ཡིན་པས། རྒྱུད་ཀྱི་རྒྱལ་པོ་འདི་ལ་ཡང་རྡོ་རྗེ་མཁའ་འགྲོ་མ་གསང་བའི་དབང་ཕྱུག་མ་རྣམས་ཀྱི་མཆོག་ཏུ་གསང་བ་
ཞེས་པའི་མཚན་གདགས་སུ་རུང་ངོ༌། །དེས་ན་དེ་ལྟ་བུའི་རྒྱུད་བཤད་པར་བྱ་སྟེ། ཞེས་ཞལ་གྱིས་བཞེས་པའོ། །གསུམ་པ་ནི། གོང་དུ་བསྟན་པའི་བསྡུས་དོན་རྣམ་པ་གཉིས་ཀྱི་སྟེང་ནས་བཤད་ཀྱང་རུང་མོད་ཀྱི། བློ་གྲོས་འཕེལ་བའི་ཕྱིར་བསྡུས་དོན་རྣམ་གྲངས་གཞན་གྱི་སྒོ་ནས་བཤད་པར་བྱ་སྟེ། དེ་ཡང་ལེའུ་དང་པོས་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་གཞག་རྒྱས་པར་བཤད་ལེའུ་ཕྱི་མ་གཉིས་ཀྱིས་མ་ཚང་བ་ཁ་བསྐོང་བ་ཞིབ་མོར་བསྟན། དོན་བསྡུ་ཕན་ཡོན་དང་བཅས་པས་རྒྱས་བཤད་ལ་ངེས་ཤེས་བསྐྱེད་པ་སྟེ་གསུམ་མོ། །དང་པོ་ལ་ལྔ་སྟེ། གཞི་ལམ་འབྲས་བུས་བསྡུས་པའི་ཤེས་བྱའི་གནས་ཚུལ་རྒྱས་པར་བཤད། རྟེན་གྱི་གང་ཟག་སྣོད་རུང་དུ་སྒྲུབ་པའི་ཕྱིར་དབང་བསྐུར་བ་བསྟན། བློ་དམན་སྤྲོ་བ་བསྐྱེད་པའི་ཕྱིར་ལས་དང་ཐུན་མོང་གི་དངོས་གྲུབ་བཤད། ཉམས་ལེན་ལམ་གྱི་ངོ་བོ་མཐར་རྒྱས་སུ་རྣམ་པར་དབྱེ། དེ་ལྟར་སྟོན་པའི་རྒྱུད་ཀྱི་ཆེ་བ་ཆེད་དུ་བྱ་བའི་གདུལ་བྱ་བསྟན་པ་དང་བཅས་པའོ། །དང་པོ་ལ། ཤེས་བྱ་གཤིས་ཀྱི་གནས་ལུགས་རྒྱས་པར་བསྟན་པ་དང༌། རྒྱུད་གསུམ་གྱི་རང་བཞིན་རྣམ་པར་དབྱེ་བའོ། །དང་པོ་ལ། ཤེས་བྱ་གཤིས་ཀྱི་གནས་ལུགས་དང༌། དེ་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི་གང་ཞིག་གིས་ནི་ཀུན་ཁྱབ་པ། །ཞེས་པ་ནས། སྒྱུ་མའི་བདག་ཉིད་ཅེས་རྣམས་གྲགས། །ཞེས་པའི་བར་ཏེ། འདི་ལ་དོན་གྱི་གཙོ་བོ་སེམས་དངོས་པོའི་གནས་ལུགས་སྦྱར་བ་དང༌།
སྦས་དོན་ལུས་དངོས་པོའི་གནས་ལུགས་དང་སྦྱར་བ། འཕྲོས་དོན་འབྲས་བུའི་གནས་སྐབས་དང་སྦྱར་བ་སྟེ་གསུམ་ལས། དང་པོ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས། གང་ཞིག་གིས་ནི་དངོས་པོ་ཀུན་ལ་ཡོངས་སུ་ཁྱབ་པ་སྟེ། གང་ལ་ཁྱབ་པའི་དངོས་པོ་ཀུན་དེ་ཡང་ཅི་ཞེ་ན། རྒྱུ་དང་མི་རྒྱུ་ཞེས་ཏེ། རྒྱུ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་བོ། །དེ་ཡང་ཆོས་ཉིད་ཀྱི་ཚུལ་གྱིས་མཉམ་པ་ཉིད་དུ་ཁྱབ་པ་ཡིན་ཞིང༌། དེ་ཉིད་དོན་དམ་པའི་བྱེད་པ་པོར་བསྟན་པ་ནི། ཚངས་སྒོ་ང༌། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང༌། ཚངས་པའི་སྒོ་ང་ལས་ནི་ཚངས་པ་བྱུང་ལ། དེས་ནི་འཇིག་རྟེན་འདི་དག་སྤྲུལ་ཤིང་འཇིག་པར་བྱེད་དོ་ཞེས་འཇིག་རྟེན་རྣམས་བློས་རྣམ་པར་རྟོག་པ་དེ་བཞིན་དུ། དེ་དང་མཐུན་པའི་ཚིག་གིས་བསྟན་པ་ཡིན་ཞིང༌། འཇིག་རྟེན་ན་དེ་ལྟར་འདོགས་པ་ཡང་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་གོ་བ་ལ་བསྟེན་ནས་སྐྱེས་པའི་འཕྲུལ་བ་སྟེ། དམུས་ལོང་གིས་གླང་པོ་ཆེ་ལ་རེག་པ་བཞིན་ནོ། །དེས་ན་གཉིས་སུ་མེད་པའི་ཡེ་ཤེས་གང་ལས་སྒྲིབ་བྲལ་དུ་གྱུར་པ་ན། དག་པའི་དཀྱིལ་འཁོར་རབ་འབྱམས་འབྱུང་ཞིང༌། མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་ལ། དེ་ཉིད་དྲི་མ་དང་བཅས་པ་ལས་ནི་དྲི་མ་རྣམས་ཀྱི་མཐུས་སྲིད་པ་འཁོར་
བའི་ཆོས་ཐམས་ཅད་བྱུང་ཞིང༌། ལམ་བསྒོམས་པས་དེ་དག་དབྱིངས་དེ་ཉིད་དུ་ཉེ་བར་འགག་པའང་ཡིན་ནོ། །དེས་ན་དབྱིངས་སྟོང་པ་ཉིད་ཀྱི་ངང་ལས་འཁོར་འདས་མཐའ་དག་བྱུང་ཞིང༌། བྱུང་བའི་དུས་ནའང་སྟོང་པའི་བདག་ཉིད་དུ་གནས། མ་དག་པའི་ཆོས་རྣམས་འགག་པ་ནའང༌། དེའི་བདག་ཉིད་དུ་འགག་སྟེ། དེ་ལ་དགོངས་ནས། བསྐྱེད་པ་དང༌། འཇིག་པའམ་སྤྲོ་བ་དང་བསྡུད་པའི་བྱེད་པ་པོ་ཞེས་དབྱིངས་དེ་ཉིད་ལ་གསུངས་པ་ཡིན་གྱི། བྱེད་པའི་སྐྱེས་བུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་དེ་ཉིད་ནི་ཚངས་པའི་སྒོ་ང་ཞེས་རྣམ་པར་བཏགས་པའི་གཞི་ཡིན་ལ། འབྲས་བུའི་དུས་ན་ལྷ་མོ་སྟེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་བསྐྱེད་པར་བྱེད་ཅིང༌། ཚངས་པའི་བརྡས་ནི་སངས་རྒྱས་རྣམ་པར་སྣང་མཛད་དེ། དེ་ལ་སོགས་པའི་སྒྲས་མི་བསྐྱོད་པ་ལ་སོགས་པ་རིགས་བཞི་དང༌། དེས་མཚོན་པའི་ལྷ་ཡབ་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱང་སྤྲོ་བར་བྱེད་པའི་བདག་ཉིད་ཆེན་པོའོ། །གཞན་ཡང་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། གཙོ་བོ་དང༌། དུས་ལ་སོགས་པ་བྱེད་པ་པོར་བཏགས་པ་ཐམས་ཅད་ཀྱང་ཆོས་དབྱིངས་འདི་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་དེ་རྣམས་ཀྱི་བདག་ཉིད་ཆེན་པོའོ་ཞེས་ཀྱང་བཤད་པར་བྱའོ། །དེ་རྣམས་ཀྱིས་ནི་གསང་ཆེན་འདི། །ཞེས་པ་ལ། རྡོ་རྗེ་མཁའ་འགྲོ་མ་རྣམས་དང༌། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ནི་མངོན་དུ་
གྱུར་ཞིང་རྟོགས་པའི་གསང་བ་ཆེན་པོ་སྟེ་གཞན་གྱིས་རྟོགས་པར་དཀའ་བ་ཤེས་བྱ་གཤིས་ཀྱི་གནས་ལུགས་སེམས་རང་བཞིན་གྱི་འོད་གསལ་བ་འདི་ནི། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་སྟེ། དཔེར་ན་སྒྱུ་འཕྲུལ་གྱི་རིག་སྔགས་ལས་ནམ་མཁའ་སྟོང་པར་ཡང་ཁང་བཟང་ལ་སོགས་པ་སྤྲུལ་པར་བྱེད། ཤིང་བུ་དང༌། རྡེའུ་ལས་ཀྱང་རྟ་དང་གླང་པོ་སྤྲུལ་པ་ན། དེ་དག་སྣང་བའི་དུས་ཉིད་ན་ནམ་མཁའ་དང་ཤིང་བུ་དང་རྡེའུ་ལས་གཞན་པ་གང་ཡང་ཡོད་པ་མ་ཡིན་ཞིང༌། མེད་ཀྱང་རྐྱེན་དེ་དག་ལ་རྟེན་ནས་དེ་དང་དེར་སྣང་བ་བཞིན་དུ་སེམས་ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་དང་བྲལ་བ་རང་གི་རིག་པའི་བདག་ཉིད་ཙམ་ལས། འཁོར་འདས་ཀུན་རྫོབ་ཀྱི་སྣང་བ་ཅི་ཡང་འཆར་མོད་ཀྱི། ཤར་བའི་དུས་ན་ཡང་དེའི་ངོ་བོར་མེད་ཅིང༌། རང་རིག་ཙམ་ཁོ་ན་གནས་པ་ཡིན་ལ། ནམ་མཁའ་སོགས་མེད་ན་སྒྱུ་མ་སྤྲུལ་པ་མི་འབྱུང་བ་བཞིན་དུ། སེམས་ཉིད་མེད་ན་འཁོར་འདས་ཀྱི་སྣང་བ་མི་འབྱུང་བས་དེ་དང་དེས་སྤྲུལ་ཞེས་བརྗོད་ཀྱིས། སྤྲུལ་པར་བྱ་བ་དང༌། སྤྲུལ་པ་པོ་ཡོངས་སུ་འབྲེལ་པ་ནི་མེད་ལ་སྒྱུ་མ་དང་འདྲ་བ་ཡང་དག་པའི་སྒྱུ་མ་ཡིན་པའི་ཕྱིར་སྒྱུ་འཕྲུལ་ཆེན་མོའོ། །དེ་ཉིད་ནི་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་དབང་ཕྱུག་ཆེན་པོ་ཞེས་བྱ་ལ། སྒྱུ་འཕྲུལ་ཆེན་མོ་དེ་
ཉིད་ནི་ལམ་བསྒོམས་པས་འཁོར་བའི་ཆོས་ཐམས་ཅད་ཡོངས་སུ་ཟད་པར་བྱེད་པའི་ཕྱིར། དྲག་མོ་ཆེན་མོ་ཞེས་ཀྱང་བྱའོ། །དེ་ལྟར་ཡང་དགྱེས་པའི་རྡོ་རྗེ་ལས། རང་གིས་འཕྲོག་ཅིང་རང་གིས་བྱེད། །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་སོ། །སྟོང་པ་ཉིད་ལས་འབྱུང་བ་བཞི་དང༌། འབྱུང་བ་ལས་གྱུར་པའི་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་རྣམས་སྒྱུ་མ་ལྟར་སྣང་བ་ཤར་བའི་ཚུལ་གྱིས་བསྐྱེད་པར་མ་ཟད། སྒྱུ་མའི་སྣང་བ་ནུབ་པ་ལྟར་འགྲོ་འོང་མེད་པའི་ཚུལ་གྱིས་ཡང་དག་པར་བསྡུད་པར་མཛད་པའང་ཡིན་ལ། དཔེར་ན་ཆུ་རླབས་ཐམས་ཅད་ལ་ཆུས་ཁྱབ་པ་བཞིན་དུ། ཀུན་རྫོབ་ཀྱང་ཇི་ལྟར་སྣང་བ་དེ་ཐམས་ཅད་ནི་ཡོད་པ་མ་ཡིན་ལ། དེ་དག་ལ་ཇི་ལྟར་ཡོད་པའི་ཆོས་ཉིད་ཐམས་ཅད་ལ་ནི་རང་གི་སེམས་ཉིད་ཁོ་ན་བདག་གཅིག་པའི་ཚུལ་གྱིས་ཡོངས་སུ་ཁྱབ་པོ་ཞེས། དོན་ནི་ཆོས་ཉིད་ཐ་དད་མེད་པའོ། །དེ་བཞིན་དུ་རྒྱུ་བ་བཅུད་དང༌། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་གསུམ་པོ་འདི་ཀུན་ལ་ཤེས་བྱ་གཤིས་ཀྱི་གནས་ལུགས་སེམས་ཉིད་གང་གིས་བྱེད་པ་པོ། །རྒྱུའི་ཚུལ་གྱིས་ཁྱབ་པ་དང༌། ངོ་བོ་རང་བཞིན་གཅིག་པའི་ཚུལ་གྱིས་ཀྱང་ཁྱབ་ཅེས་བརྗོད་དོ། །དེ་ལྟ་བུའི་ཆོས་ཉིད་དེ་ལམ་བསྒོམ་པའི་ཚེ་དེ་ནས་ཡང་ནི་མ་དག་པའི་སྣང་བ་འདི་ཐམས་ཅད་གདོད་མ་ནས་མེད་པ་ལ་མེད་པར་རྟོགས་པས་སྤང་བྱ་སྤོང་དུ་མེད་པའི་
ཚུལ་གྱིས་དབྱིངས་དེར་ཡོངས་སུ་བསྡུས་ནས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དོན་དམ་པའི་འཇིག་རྟེན་གསུམ་པོ་དག་པ་གཉིས་ལྡན་གྱི་ཚུལ་གྱིས་སླར་ཡང་སྤྲོ་བར་བྱེད་དོ། །དེའི་དོན་ནི་མ་དག་པའི་སྣང་བ་འགགས་ནས་དག་པའི་ཡེ་ཤེས་སྤྲོ་བ་སྟེ། དག་པ་དེ་ཉིད་དངོས་པོའི་གནས་ལུགས་སུ་གདོད་མ་ནས་ཡོད་པ་ཡིན་ཀྱང་དྲི་མ་སྤངས་པའི་ཚེ་མངོན་དུ་གྱུར་པ་ན་སླར་ཡང་སྤྲོས་པ་དང་འདྲ་བའི་ཕྱིར་ཡང་སྤྲོ་བའོ་ཞེས་གསུངས་པ་ཡིན་ནོ། །གསང་བ་པ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་རྟོགས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇོག་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་བསྐྱེད་བྱེད་ཀྱིས་དོན་དམ་དབྱིངས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་འདི་ནི་གོང་དུ་བཤད་པའི་རྒྱུ་མཚན་དེ་རྣམས་ཀྱི་ཕྱྀར་སྒྱུ་མའི་བདག་ཉིད་ཅེས་རྣམ་པར་གྲགས་པ་ཡིན་ནོ། །ཞེས་བྱའོ། །གཉིས་པ་ནི། གང་ཞིག་གིས་ནི་སོགས་ལ་སྙིང་ཁར་གནས་པའི་བཟང་པོའི་ཐིག་ལེ་གང་ཞིག་གིས་ནི་དངོས་པོ་ཀུན་ལ་ཡོངས་སུ་ཁྱབ་པ་ཡིན་ཏེ། ཕྱི་རོལ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རང་ལུས་ཀྱི་རྩ་ཁམས་ཀྱི་མཐུ་ལས་སྣང་བ་ཡིན་ལ། ལུས་མཐའ་དག་ནི། དང་པོར་ཐིག་ལེ་དེ་ལས་སྐྱེས་ཤིང༌། གནས་པའི་ཚེ་ཡང་དེ་ཉིད་ཀྱིས་དབང་བསྒྱུར་བར་བྱེད་ལ། འཇིག་པའི་ཚེ་ཡང་གཞན་རྣམས་ཀྱི་ནུས་པ་དེ་ལ་ཐིམ་ནས་འགག་པར་འགྱུར་བས། ལུས་ཀུན་ལ་ཁྱབ། སེམས་ལ་རྟེན་གྱི་
ཚུལ་དུ་ཡོད་པས་ཐིག་ལེ་འགྱུར་བ་ལ་སེམས་ཀྱི་འགྱུར་བ་འབྱུང་བའི་ཕྱིར་ཁྱབ་པ་ཞེས་བྱ། དེ་ཕྱིར་འདི་ལ་ཚངས་པའི་སྒོ་ང་དང༌། ཚངས་པ་ལ་སོགས་པས་བསྙད་ཅིང༌། ལྷ་མོ་ཐམས་ཅད་ཅེས་པ་ལ། ལྷ་མོ་ནི་སྤྱན་མ་ལ་སོགས་པ་བཞི་སྟེ། དེའི་བརྡས་འབྱུང་བ་བཞིའི་རླུང་བསྟན་པས་བཟང་པོའི་ཐིག་ལེ་ལས་འབྱུང་བ་བཞིའི་རླུང་བསྟན་པས་བཟང་པོའི་ཐིག་ལེ་ལས་འབྱུང་བ་བཞིའི་རླུང་སྙིང་ཁའི་རྩ་འདབ་བཞི་ལ་འབབ་པ་རྣམས་བསྐྱེད་པར་བྱེད་ཅིང༌། དེས་ཀྱང་ལུས་ཀྱི་འབྱུང་བ་བཞི་མཐའ་དག་བསྐྱེད་དོ། །ཚེ་དང་སྟོབས་སོགས་ཡོངས་སུ་འཕེལ་བའི་ཕྱིར་དབང་ཕྱུག་ཆེན་པོ་ཞེས་བྱ་ལ། ཚེའི་ནུས་པ་ཟད་པ་ན་ཐིག་ལེ་འདིར་ཉིད་ཀྱི་མཐུས་འཆི་བ་སྟེར་བའི་ཕྱིར་དྲག་མོ་ཆེན་མོ། དེའི་ཚེ་འབྱུང་བ་ཐིམ་རིམ་གྱིས་ཡོངས་སུ་བསྡུད་པར་ཡང་བྱེད་ལ། རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ་ཞེས་པ་ལ། རྒྱུ་བ་ནི་རླུང༌། མི་རྒྱུ་བ་ནི་སེམས་ཏེ། རླུང་སེམས་ཐིམ་པ་ལས། སྣང་བ་དང༌། མཆེད་པ་དང༌། ཐོབ་པའི་རང་བཞིན་གྱི་འཇིག་རྟེན་གསུམ་འཆར་བར་འགྱུར་ལ། དེའི་མཐར་འོད་གསལ་དུ་ཡོངས་སུ་བསྡུས་ནས་སླར་ཡང་བར་དོ་སྐྱེ་སྲིད་ཀྱིས་བསྡུས་པའི་ལུས་ངག་ཡིད་གསུམ་གྱི་འཇིག་རྟེན་གསུམ་སྤྲོ་བར་བྱེད་དོ། །དེའི་ཕྱིར་གསང་བ་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱི་མ་མོའམ་བསྐྱེད་གཞི་སྙིང་ཁའི་ཐིག་ལེ་འདི་ནི་སྒྱུ་མ་ཆེན་མོའམ་སྒྱུ་མའི་བདག་ཉིད་ཅེས་བྱ་སྟེ། འདི་ལས་དཀར་དམར་གྱི་ཚོགས་པ་སྤྲུལ་པ་དང༌། དེ་དག་གི་རྣམ་འགྱུར་ལས་ཁམས་སྣ་ཚོགས་པ་
སྤྲུལ་ཞིང་བསྡུད་པར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། སྒྱུ་འཕྲུལ་ཆེན་མོ་དངོས་ནི་དཔལ་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡིན་ལ། དེའི་ལོངས་སྐུ་ཡང་སྣང་ཚུལ་དང་གནས་ཚུལ་གཉིས་ཀར་བསྡོམས་པ་ལ་བྱེད་དགོས་ཤིང༌། དེའི་སྤྲུལ་པའི་སྒྱུ་མ་ནི་སྤྲུལ་སྐུ་མཛད་པ་དང་བཅས་པའོ། །སངས་རྒྱས་རང་སྣང་གི་སྐུ་གསུམ་ནི་ཤེས་བྱ་ཐམས་ཅད་ལ་མཉམ་པ་ཉིད་དུ་ཁྱབ་པ་དང༌། འཕྲིན་ལས་ལ་རྒྱང་རིང་ཐུང་མི་མངའ་བའི་ཕྱིར་ཀུན་ལ་ཁྱབ་པ་དང༌། གཞན་སྣང་དུ་སྤྲུལ་པའི་སྐུ་སྣ་ཚོགས་པ་སྤྲོ་ཞིང་བསྡུ་བར་མཛད་པ་སྟེ། ཡེ་ཤེས་ཀྱི་ལྷ་སྒྱུ་འཕྲུལ་ཆེན་མོ་གང་ཞིག་གིས་ནི་རྒྱུ་བ་དང་མི་རྒྱུ་བ་ཀུན་ལ་ཁྱབ་པས་ལོངས་སྐུ་ཞིང་དང་བཅས་པ་ནི་ཚངས་པའི་སྒོ་ང་དང་མཚུངས་ལ། ལྷ་མོའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ཞིང༌། ཚངས་པའི་བརྡས་བསྟན་པ་ཧེ་རུ་ཀ་ཞལ་བཞི་པ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲུལ་པར་མཛད་པ་འགྲོ་བ་རྣམས་ལ་ཕུན་སུམ་ཚོགས་པ་སྩོལ་ཞིང༌། སྒྲུབ་པ་པོ་ལ་དངོས་གྲུབ་ཁྱད་པར་ཅན་སྦྱིན་པར་མཛད་པའི་ཕྱིར་དབང་ཕྱུག་ཆེན་མོ། ཉེས་པ་རྣམས་འཇོམས་ཤིང་གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྱིར་དྲག་མོ་ཆེན་མོ་སྟེ། དེ་ལྟར་མཛད་པ་གཉིས་དང་ལྡན་པའི་སྤྲུལ་པའི་སྐུ་འཇིག་རྟེན་གསུམ་དུ་བསྡུ་ཞིང་སྤྲོ་བར་མཛད་ལ། འགྲོ་བ་འདུལ་བའི་ཕྱིར་འབྱུང་བའི་ཁམས་ཀྱི་སྤྲུལ་པ་སྤྲོ་ཞིང་བསྡུ་བར་ཡང་མཛད་དོ། །དེ་ལྟར་ཡང༌། ས་སོགས་འབྱུང་བ་
ཆེན་པོ་དང༌། ནམ་མཁའ་བཞིན་དུ་རྟག་པར་ཡང༌། སེམས་ཅན་དཔག་ཏུ་མེད་པ་ཡི། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པ་ལྟར་རོ། །དེ་རྣམས་ཀྱི་ཁ་སྦྱོར་ལ་སོགས་པ་ཡན་ལག་བདུན་ཡང་བསྟན་པའོ། །གསང་བ་པ་སོགས་ལ། དེའི་ཕྱིར་གསང་བ་པ་སྤྲུལ་པའི་སྐུ་རྣམས་ཀྱིས་ལོངས་སྐུ་འདི་ནི་སྒྱུ་མའི་བདག་ཉིད་དོ། །ཞེས་པའི་དོན་ནོ། །གཉིས་པ་ནི། །འཇིག་རྟེན་གསུམ་སྒྲུབ་རིགས་པ་སྟེ། ཞེས་པ་ནས། ཐང་ལས་སྐྱེས་ཞེས་པའི་བར་ཏེ། འདི་ལ་སྒྲ་ཇི་བཞིན་པ་དང་མན་ངག་གཉིས་ལས་སྒྲ་ཇི་བཞིན་པའི་རིག་པའི་དོན་ནི། དངོས་པོའི་གནས་ལུགས་ཡོངས་སུ་རྟོགས་པའི་ཕན་ཡོན་ཏེ། ཡང་དག་པའི་ཡེ་ཤེས་འདི་ནི་འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའི་རིག་པ་སྟེ་སྔགས་ཡིན་ལ། རིག་པ་ཞེས་པའི་སྐད་དོད། བི་དྱཻ་ཞེས་མོ་རྟགས་ཡོད་པར་བཤད་དེ། ལྷ་མོའི་རིག་སྔགས་ཡིན་པའི་དོན་ནོ། །དོན་དམ་པའི་རིག་སྔགས་འདི་ནི་འདོད་པའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བ་ཡིན་ལ། སྒྲུབ་པོ་གང་གིས་གནས་ལུགས་འདི་རྣམ་པར་རབ་ཏུ་ཤེས་པ་ཙམ་གྱིས་སྒྲུབ་པོའི་དབང་ཕྱུག་ཏུ་འགྱུར་ཞིང༌། ཀུན་རྫོབ་དང་དོན་དམ་པའི་ཆོས་མཐའ་དག་རིག་ཅིང་ཤེས་པར་བྱེད་པ་ཉིད་ཡིན་ནོ། །གཞན་ཡང་ལྷའི་གཙོ་བོ་རྣམས་དང༌། ནོར་བདག་སྟེ་གནོད་སྦྱིན་གྱི་གཙོ་བོ་དང༌། དྲི་ཟ་མཐུ་བོ་ཆེ་
རྣམས་དང༌། གཏེར་གྱི་བདག་པོ་མ་ཡིན་པའི་གནོད་སྦྱིན་ཕལ་པ་རྣམས་དང༌། ཐག་བཟང་རིས་ལ་སོགས་པ་ལྷ་མ་ཡིན་དང༌། མིའི་འགྲོ་བར་བཅས་པ་རྣམས་དང༌། གཞན་ཡང་གང་ཡང་རུང་བ་རིག་སྔགས་ཁོ་ནས་དགོས་པ་ཐམས་ཅད་སྒྲུབ་པར་བྱེད་པ། དོན་ཐམས་ཅད་སྒྲུབ་པ་ལ་སོགས་པ་རིག་པ་འཛིན་པ་རྣམས་དང༌། དུད་འགྲོའི་འགྲོ་བར་གཏོགས་པ་གཟུགས་དང་ལོངས་སྤྱོད་དང་རྫུ་འཕྲུལ་ཕུན་སུམ་ཚོགས་པ་དང་ལྡན་པ་མིའམ་ཅི་དང༌། ལྟོ་འཕྱེ་ཆེན་མོ་སྟེ་ཀླུའི་རྒྱལ་པོ་རྣམས་དང༌། ཡི་དྭགས་ཀྱི་འགྲོ་བར་གཏོགས་པ་སྲིན་པོ་དང༌། ཤ་ཟ་སྟེ་ཀུན་ཏུ་རྒྱུ་བའི་འདྲེ་རྣམས་དང༌། གཞན་ཡང་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྒྲུབ་པ་པོ་དེ་ལ་མངག་གཞུག་བྱེད་ཅིང་འདོད་པ་ཐམས་ཅད་སྟེར་བའི་ཚུལ་གྱིས་འགྲུབ་པར་འགྱུར་རོ་ཞེས་དེ་ཁོ་ན་ཉིད་རྟོགས་ན་དེ་རྣམས་མ་བསྒྲུབས་པར་ཡང་འགྲུབ་པའི་དོན་ནོ། །དེ་བཞིན་དུ་འདུ་བར་འགྱུར་རོ། །སུ་ཞིག་ཅེ་ན། འབྱུང་པོ་ཕལ་པ་རྣམས་ཐམས་ཅད་དང༌། ཆུ་སྲིན་ལ་སོགས་པ་ཆུ་ལས་སྐྱེས་པ་དང༌། སྟག་ལ་སོགས་པ་ཐང་ལས་སྐྱེས་པ་རྣམས་ཀྱང་སྟེ། རུས་སྦལ་ཞབས་དང༌། ཌོམྦི་ཧེ་རུ་ཀ་བཞིན་ནོ། །གཉིས་པ་ནི། བསྐྱེད་པའི་རིམ་པ་ལ་ཅུང་ཟད་བརྟན་ཞིང༌། སྔགས་ཀྱི་ནུས་པ་གྲུབ། ཡི་དམ་གྱི་ལྷ་ལ་གནང་བ་ཐོབ་ན་དེ་དག་སྒྲུབ་པའི་ཚུལ་ཡང་སྟོན་པ་ཡིན་ལ། ཚངས་པ་ལ་སོགས་པའི་ལྷ་དང༌། ཐིག་ལེ་མཆོག་མ་ལ་སོགས་
པའི་ལྷའི་སྨད་འཚོང་མ་དག་ནི་དེ་བང་རུའི་ཤིང་ལ་གཟུགས་བྱ། ཛམྦྷ་ལ་ལ་སོགས་པའི་ནོར་བདག་ནི་གསེར་དང་དྲི་ཟ་རྣམས་ནི་ཙན་དན་དང༌། གནོད་སྦྱིན་ཕལ་པ་ནི་རས་བྲིས་དང༌། མི་ནི་སྤྲ་ཚིལ་དང༌། རིག་པ་འཛིན་པ་རྣམས་ཀྱང་རས་བྲིས་དང༌། མིའམ་ཅི་ནི་རྡོ་ལེབ་དང༌། ལྟོ་འཕྱེ་ཆེན་པོ་སོགས་ཀླུ་ནི་ནཱ་ག་གེ་སར་གྱི་ཤིང་དང༌། སྲིན་པོ་རྣམས་ནི་རོ་སོལ་དང༌། ཤ་ཟ་རྣམས་ནི་ཤོག་ག་ཤིང་དང༌། དེ་དག་གི་ལྷ་མོ་རྣམས་ཀྱང་རྒྱུ་དེ་དང་མཐུན་ཏེ། གཟུགས་བརྙན་བྱས་ལ། ལྷ་དེ་རྣམས་སུ་བསྐྱེད་ཅིང་སྤྱན་དྲངས་ལ་དབང་བསྐུར་ཏེ་རབ་གནས་བྱའོ། །ཧེ་རུ་ཀའི་དཀྱིལ་འཁོར་ཟླ་གམ་བྱས་ལ་ལྷ་ལྔ་བཞུགས་སུ་གསོལ་ནས་མཆོད་གཏོར་སྦྱིན་བསྲེག་སོགས་ཀྱིས་མཉེས་པར་བྱས་ཏེ་གསོལ་བ་གདབ་བོ། །དེའི་མདུན་དུ་སོ་སོའི་མཎྜལ་བྱ་སྟེ། སྲིན་པོ་ལ་ནི་ཁྲག་ཆེན་པོ་བདུད་རྩི་ལྔར་བཅས་པས་དང༌། ཤ་ཟ་རྣམས་ལ་ནི་ཆུ་དང་ཆང་དང་སྤོས་ཀྱི་ཕྱེ་མས་བྱ་ལ། ཀླུ་རྣམས་ལ་ནི། གླ་རྩི་དང༌། ནཱ་གི་ཡོངས་སུ་སྤངས་པའི་དྲི་བཟང་པོ་འོ་མ་དང་སྦྱར་བའི་དང༌། གཞན་རྣམས་དྲི་བཟང་ཅི་བདེ་བས་མཎྜལ་བྱས་ལ་དེར་གཟུགས་བརྙན་བཞག་གོ །མི་ཡི་ནི་ལིང་གའི་ཚུལ་གྱིས་གན་ཀྱལ་དུ་འཇོག་ལ། གཞན་རྣམས་ནི་མཆོད་པའི་དོན་དུ་བཞུགས་སུ་གསོལ་ལོ། །ལྷ་མིན་ལ་ནི་གཟུགས་བརྙན་བྱེད་པ་མེད་དེ། མཎྜལ་ཉིད་མཆོད་པར་བྱེད་དོ། །གནོད་སྦྱིན་རྣམས་ལ་ཤིང་འབྲས་བ་དན་དང་བཅས་པ་དང༌། ལྷ་མིན་ལ་ཆང་དང༌། ཀླུ་ལ་དཀར་
གསུམ་དང༌། རིག་པ་འཛིན་པ་ལ་མེ་ཏོག་བླུག་པའི་གཏོར་མ་དང༌། མིའམ་ཅི་ལ་བ་གླང་གི་ཤ་དང༌། གུ་གུལ་གྱི་གདུག་པ་དང་བཅས་པ་དང༌། སྲིན་པོ་ལ་ཤ་ཁྲག་དང༌། ཤ་ཟ་ལ་སྲན་ཆན་ནོ། །ཉེར་སྤྱོད་ལྔ་ནི་ཐམས་ཅད་པ་སྦྱར་བར་བྱའོ། །སྔགས་རྐང་པ་རེ་རེའི་ཧཱུཾ་ཕཊ་ཀྱི་ནང་དུ། དེ་དང་དེའི་མིང་སྨོས་པའི་མཐར་ཨ་གཙྪ་ལན་གཉིས་སྦྱར་བ་སྟེ། དཔེར་ན། ཨོཾ་སུཾ་བྷ་ནི་སུཾ་བྷ་མཧཱ་པྲཧྨ་ཎ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ནི་བསྙེན་པའོ། །དེས་དེ་དག་འོངས་པ་མཐོང་ན་དངོས་གྲུབ་ཀྱི་དོན་དུ་གཙོ་བོའི་སྔགས་ཀྱི་མཐར་ཨོཾ་སིདྡྷི་བཛྲ་སུ་ར་ཡ་ཧཱུཾ་ཞེས་པ་ནི་ལྷ་སྒྲུབ་པའི་དང༌། སུ་ར་ཡ་ཧཱུཾ་གི་ཚབ་ཏུ། ཨ་སུ་ར་ཡ་ཨ་ཞེས་པ་ལྷ་མིན་དང༌། ད་ན་དྷ་ཨོཾ་ཞེས་པས་ནོར་བདག་དང༌། གནྡྷརྦྷ་སྭཱཧཱ་ཞེས་པ་དྲི་ཟ་དང༌། ཡོ་ཡཀྵ་ཧཱུཾ་ཞེས་པ་གནོད་སྦྱིན་དང༌། སརྦ་ཨརྠ་སིདྡྷི་སྭཱཧཱ་ཞེས་པ་རིག་འཛིན་དང༌། ཨོཾ་མ་ནོ་ཧ་རི་སྭཱཧཱ་ཞེས་པ་མིའམ་ཅི་མོ་དང༌། རང་མིང་གིས་མིའམ་ཅི་དང༌། ཕུཿཨཱ་གཙྪ་ནཱ་ག་ཕུ་ཞེས་པ་ཀླུ་ཆེན་དང༌། ཀྲོ་ཀ་རི་སྭཱཧཱ་ཞེས་པ་སྲིན་པོ་དང༌། མི་ཙི་མི་ཙི་སྭཱཧཱ་ཞེས་པ་ཤ་ཟ་རྣམས་བསྒྲུབ་པར་བྱེད་པའི་སྔགས་སོ། །གལ་ཏེ་མ་གྲུབ་ན་ཐམས་ཅད་ལ། ཧཱུཾ་ཧ་ན་ཕཊ་ཅེས་པས་གཟིར་བར་བྱའོ། །གནས་ཀྱི་ཁྱད་པར་ཡང་མིའམ་ཅི་ནི་རིའི་རྩེ་མོ་དང༌། སྲིན་པོ་ནི་དུར་ཁྲོད་དང༌། ཀླུ་ནི་ཆུ་ངོགས་དང༌། ལྷག་
མ་ནི་ཅི་བདེར་སྒྲུབ་བོ། །མི་རྣམས་མངག་གཞུག་ཏུ་སྒྲུབ་པ་ནི། འོག་ཏུ་འཆད་པའི་དབང་གི་ལས་ཡིན་ལ། གཞན་རྣམས་དེ་དག་ཐམས་ཅད་ཉིད་བདག་གི་དྲུང་དུ་འོངས་ནས། སྒྲུབ་པ་པོ་བདག་གིས་ཅི་ཞིག་བགྱི་ཞེས་པའི་བར་དུ་བསྒྲུབ་པ་ཡིན་ལ། དེ་ནས་ཡིད་ལ་འདོད་པའི་དོན་སྨྲས་ཏེ་མཆོད་པ་ཙམ་གྱིས་དོན་འགྲུབ་པ་ཡིན་ནོ། །འབྱུང་པོ་ཕལ་གྱི་སྒྲུབ་པ་ནི། ཉ་ཤ་ཤ་ཆང་ལ་ཕུག་ཤིང་འབྲས་སྣ་ཚོགས་པ་བཏབ་པའི་འབྲུ་ཆན་གྱི་གཏོར་མ་བྱ་ལ། ས་སྟེགས་ཀྱི་མཎྜལ་རྒྱ་སྤོས་ཀྱིས་བྱུགས་པ་དག་བྱ་ཞིང་གཟུགས་བརྙན་མི་དགོས་སོ། །དགུག་པའི་སྔགས་ནི། རང་མིང་ལ་ཨཱ་ཀརྵཡ་ཛ། ཞེས་བཏགས་པ་ནི་བསྙེན་པ་ཡིན་ཞིང༌། འབྱུང་པོ་ཕལ་པ་རྣམས་ལ་ལས་ཕྲ་མོ་བྱེད་པ་ལས་དངོས་གྲུབ་སྦྱིན་རྒྱུ་མེད་པས་དངོས་གྲུབ་ཀྱི་དོན་དུ་སྒྲུབ་པ་མི་དགོས་ལ། གཞན་ལྷག་མ་སྔ་མ་དང་འདྲའོ། །ཆུ་དང་ཐང་ལས་སྐྱེས་པའི་སྲོག་ཆགས་རྣམས་དབང་དུ་བྱེད་པ་ནི་གོང་དུ་བཤད་པའི་སྒྲུབ་པ་པོ་དབང་དུ་བྱེད་པའི་སྔགས་དང་དམིགས་པ་ཁོ་ནས་ཆོག་པ་ཡིན་ནོ། །གཉིས་པ་རྒྱུད་གསུམ་གྱི་རང་བཞིན་རྣམ་པར་དབྱེ་བ་ནི། ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་པ་ནས་སྒྱུ་མ་ཀུན་གྱི་རྣམ་པར་རོལ། །ཞེས་པའི་བར་ཏེ། དེ་ཡང་རྒྱུ་རྒྱུད་དང༌། ཐབས་རྒྱུད་དང༌། འབྲས་རྒྱུད་བསྟན་པ་གསུམ་ལས། དང་པོ་ནི། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་འོད་
གསལ་བའི་ཡེ་ཤེས་ཏེ། དེ་ལ་འོད་གསལ་བའི་དོན་དྲི་མས་མ་བསྒྲིབས་པའི་དོན་ཡང་ཡིན་མོད་ཀྱི། སྒྲིབ་པ་བཀག་ཙམ་གྱི་མེད་པར་དགག་པའི་མཚན་ཉིད་ཅན་ལ་ནི། འོད་ཀྱི་དོན་ཡང་མ་ཚང་ལ། གསལ་བའི་དོན་ཡང་མ་ཚང་ངོ༌། །དེ་ན་སྤྲོས་པ་མཐའ་དག་སྤངས་པས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་གསལ་བ་དང་དོན་དམ་པའི་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའི་ཕྱིར་འོང་སྟེ། འོད་གསལ་གྱི་སྐད་དོད། པྲ་བྷ་སྭ་ར་ཞེས་པའི་སྒྲ་ལས་དྲངས་ན། པྲ་བྷ་ནི་པྲ་བྷ་ཝ་སྟེ་ཡང་དག་པའི་དངོས་པོའམ། ཡང་དག་པར་ཡོད་པའི་དོན་ཏེ། ཡེ་ཤེས་ཀྱི་སྣང་ངཽར་དོན་དམ་པའི་སྣང་བ་དང་བཅས་པའི་དོན་ཏེ་འོང་ངོ༌། །སྭ་ར་ནི་དབྱིངས་དང་སྲོག་དང༌། ཨ་སྭ་ད་ར་ས་དེ། རོ་བཅུད་ཕུན་སུམ་ཚོགས་པ་དང༌། སྣང་བས་ཁྱབ་པར་བྱས་པ་རྣམས་ལ་འཇུག་པས་འདིར་ཡང་ན་དེས་མཚོན་པའི་སྒྲའམ་དབྱངས་དང༌། ཆོས་ཐམས་ཅད་ཀྱི་སྲོག་ཆོས་ཉིད་ཀྱི་ཚུལ་དུ་གནས་པ་དང༌། བདེ་བ་ཆེན་པོའི་རོར་ཤར་བ་དང༌། རང་རིག་རང་གསལ་གྱི་བདག་ཉིད་ཅན་རྣམས་ཏེ་གསལ་བའི་དོན་ནོ། །རང་བཞིན་གྱི་འོད་གསལ་བ་དེའི་ཁྱད་པར་ནི་གློར་བུར་གྱི་དྲི་མ་མཐའ་དག་གིས་གདོད་ནས་དག་པ་སྟེ། དྲི་མ་དེ་དག་གི་ངོ་བོར་ནམ་ཡང་མེད་པ་ཡིན་ཞིང༌། རྙོག་པ་མེད་པ་སྟེ་དེ་ཉིད་ཀུན་རྫོབ་ཏུ་དྲི་མ་དང་བཅས་པའི་དུས་ན་ཡང་དྲི་མ་དེ་དག་གིས་དེ་
ངན་པར་མ་བྱས་པ་སྟེ། དེ་ལྟར་ན། རང་ཉིད་དྲི་མའི་ངོ་བོར་མེད་ཅིང་དྲི་མས་མ་གོས་པ་ཡིན་ལ། དེའི་དྲི་མ་ཡང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དོ། །དེ་ལྟར་ན་གཉིས་སུ་མེད་པའི་ཡེ་ཤེས་སེམས་ཀྱི་རང་བཞིན་དེ་ནི་ཡོངས་སུ་གྲུབ་པ་དང༌། སྐྱེ་འགག་མེད་པ་དང༌། རྟག་ཅིང་བརྟན་པ་ཡིན་ཏེ། དེ་ལྟར་ཡང་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཉམ་པར་གནས་པས་དུར་ཁྲོད་དོ། །གདོད་མ་ནས་གྲུབ་པ་ནི་རྟག་ཏུ་གྲུབ་པ་སྟེ་འཆར་བ་དང་ནུབ་པ་སྤངས་ཤིང༌། ནམ་མཁའ་ལྟར་ཡོངས་སུ་གྲུབ་པ་རྟག་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་དམིགས་པས་དེའི་རང་བཞིན་དུ་བྱས་པའོ། །ཞེས་གསུངས་པས་སོ། །རྙོག་པ་མེད་པའི་དོན་བླ་མ་གོང་མ་རྣམས་དངོས་པོ་དང༌། དངོས་མེད་དང་བཏང་སྙོམས་ཀྱི་རྙོག་པ་མེད་པ་ཞེས་གསུངས་པ་ཡང་གཙོ་བོའི་དོན་ལ་འདི་ཉིད་དེ། དངོས་པོ་ཡུལ་ཡུལ་ཅན་རྣམས་དང༌། དེ་དག་ལ་བལྟོས་པའི་དངོས་མེད་དེ་ཐམས་ཅད་ཀྱང་འདུས་བྱས་སོ། །དེ་ལྟར་ཡང་དབུ་མ་ལས། དངོས་པོ་གཞན་དུ་གྱུར་བ་ན། །དངོས་མེད་ཡིན་ཞེས་སྐྱེ་ངན་སྨྲ། །ཞེས་དང༌། དངོས་དང་དངོས་མེད་འདུས་བྱས་ཡིན་ཞེས་སོ། །བཏང་སྙོམས་ནི། དེ་ལྟ་བུའི་དངོས་པོ་དང་དངོས་མེད་ལྟོས་གྲུབ་ཏུ་བཞག་ནས། གཉིས་ཆར་བཀག་ཙམ་གྱི་མེད་པར་དགག་པའི་མཚན་ཉིད་དོ། །དེ་གསུམ་གྱི་མཚན་ཉིད་
འདི་ལ་མེད་པའི་ཕྱིར་ཡེ་ཤེས་རྙོག་པ་མེད་པའོ། །ཅི་སྟེ་ཡེ་ཤེས་དེ་ཉིད་ཡོད་ན་མི་སྟོང་པ་ཡོད་པ་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ཡོད་ན་སྟོང་པ་ཡོད་པར་འགྱུར་བས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དབུ་མར་གསུངས་པའི་རིགས་པས་གནོད་པར་འགྱུར་རོ། །སྙམ་ན། བདེན་ཏེ་འོན་ཀྱང་འདི་ནི་གནོད་པ་མ་ཡིན་ནོ། །འདིའི་དོན་ནི་སྟོང་པ་དང་མི་སྟོང་པ་ཞེས་སྤྱི་ཁྱབ་ཏུ་སྦྱོར་བ་མ་ཡིན་ཏེ། དངོས་པོ་རེ་རེ་ཉིད་ལ་རྣམ་པར་བཞག་པ་ཡིན་པར་སྔ་མའི་ཚིག་གི་འབྲེལ་ལས་ཤེས་པ་ཡིན་ནོ། །གལ་ཏེ་སློབ་དཔོན་བུདྡྷ་པཱ་ལི་ཏ་དང༌། བྷ་བྱ་ལ་སོགས་པས་སྟོང་པ་དང་མི་སྟོང་པ་སྤྱི་ཁྱབ་ཏུ་བཀྲལ་བས་སོ་སྙམ་ན། དེ་དག་ནི་གཞུང་འདི་ལ་ཚད་མ་མ་ཡིན་ཏེ། གལ་ཏེ་ཚད་མ་ཡིན་ན་ཡང་རིག་བྱེད་དང༌། དྲན་པའི་གཞུང་ལྟར་སློབ་དཔོན་དེ་གཉིས་ཀྱི་ཚིག་ཀྱང་ཕན་ཚུན་ཤིན་ཏུ་འགལ་བའི་ཕྱིར་འགལ་བ་ལ་མ་འཁྲུལ་པའི་ཚད་མ་ཡོད་པར་འགྱུར་ལ། གཞུང་གཅིག་ཉིད་ལ་ལུང་ཚད་མ་དང་ཚད་མ་མ་ཡིན་པའི་དབྱེ་བ་ནི་མི་རུང་སྟེ། འཁྲུལ་པ་མང་དུ་སྨྲས་པའི་རྗེས་སུ་ལེགས་པར་སྨྲས་པ་ཡང་སྲིན་བུའི་ཡི་གེ་དང་འདྲའོ། །འོ་ན་ཁྱོད་ཀྱི་ལུགས་ལ་ཅི་ཞིག་ཅེ་ན། གལ་ཏེ་བུམ་པ་ཡོད་པར་གྱུར་ན་ནི་བུམ་པ་བཀག་པའི་སྟོང་ཉིད་ཀྱང་ཡོད་རིགས་ན། བུམ་པ་གདོད་མ་ནས་མེད་པའི་ཕྱིར་དེ་བཀག་ཙམ་གྱི་སྟོང་ཉིད་ཀྱང་
མེད་དེ། བུམ་པ་དང་བུམ་པ་བཀག་པའི་སྟོང་ཉིད་གཉིས་ཀར་རྟོག་ངོ་ཙམ་ཡིན་པའི་ཕྱིར་རོ། །ཞེས་པའི་དོན་ཏེ། དེས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །དོན་དམ་པ་ལ་ནི་མི་མཚུངས་ཏེ། དོན་དམ་པ་ནི་མི་འགོག་ཅིང་མི་ཁེགས་པའི་ཕྱིར། དེ་བཀག་པའི་སྟོང་ཉིད་ཀྱང་མི་སྲིད་ལ། དོན་དམ་པའི་ཀུན་རྫོབ་མ་ཡིན་ཀྱང་ཀུན་རྫོབ་བཀག་པའི་སྟོང་ཉིད་ཀྱང་མ་ཡིན་ཏེ། དོན་དམ་པ་ལ་ཀུན་རྫོབ་ཀྱི་དགག་སྒྲུབ་གཉིས་ཀ་བྲལ་བའི་ཕྱིར་རོ། །དཔལ་གཤིན་རྗེ་གཤེད་ནག་པོ་ལས་ཀྱང༌། ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི་དངོས། །མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ནི། །དེ་ལ་གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། །སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། །ཞེས་དང༌། དངོས་པོ་ཐམས་ཅད་དངོས་མེད་བཤད། །དངོས་པོ་མེད་ཅེས་མ་བསྒྲགས་པ། །ཞེས་ཀྱང་གསུངས་ཏེ། བདེ་བ་ཆེན་པོ་ལ་གཟུང་འཛིན་མེད་པ་དང༌། དངོས་པོ་དངོས་མེད་ལས་གྲོལ་བ་དོན་དམ་པར་བཤད་དོ། །གཉིས་པ་ནི། ཐབས་བརྗོད་ཅེས་པ་སྟེ། ཐབས་ནི་ཐབས་ཀྱི་རྒྱུད་སྨིན་པར་བྱེད་པའི་དབང་དང་གྲོལ་བར་བྱེད་པའི་ལམ། བརྗོད་པ་ནི་སློབ་དཔོན་གྱིས་སློབ་མ་ལ་བསྟན་པའོ། །གསུམ་པ་ནི། དེ་ལྟར་བསྟན་པ་ལྟར་ཉམས་སུ་བླངས་པ་དེ་ཡིས་སློབ་མ་སྒྲུབ་པ་པོ་དེ་ཡི་རྒྱུད་ལ་ནི་གོང་དུ་བཤད་པ་ལྟར་དྲི་མ་ཐམས་ཅད་སྤངས་པའི་ཡེ་ཤེས་ལྔ། མངོན་གྱུར་དུ་ལྡན་པར་འགྱུར་ཏེ། འབྲས་དུས་ཀྱི་ཡེ་ཤེས་དེའི་ཁྱད་པར་ཡང་དྲི་མ་ཐམས་
ཅད་སྤངས་པ་མངོན་དུ་གྱུར་པ་ཡིན་མོད་ཀྱི་རང་བྱུང་ཞེས་སྨོས་པས་བསྐྱེད་པའི་རྒྱུ་རྐྱེན་ཐམས་ཅད་སྤངས་ཤིང༌། གདོད་མ་ནས་ལྷུན་གྱི་གྲུབ་པའོ། །གཞན་ཡང་ཐུན་མོང་དང་འབྲེལ་བའི་ཡོན་ཏན་གྱི་ཁྱད་པར་ཐོབ་པ་ནི་ལམ་གྱི་དུས་ཉིད་ནས་འབྱུང་སྟེ། སྔགས་སྐྱེས་ལ་སོགས་པ་རྣལ་འབྱོར་མ་ཀུན་གྱི་འདུ་བ་ཁྱད་པར་ཅན་ཐོབ་པའི་སྦྱོར་བ་དང་རྣལ་འབྱོར་གྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཐོབ་པར་འགྱུར་ལ། ཁམས་གསུམ་དུ་གཏོགས་པ་པོའི་རིག་པ་འཛིན་པ་ལ་སོགས་པ་དངོས་གྲུབ་དང་ལོངས་སྤྱོད་མ་ལུས་པ་ཀུན་མ་ལུས་ཤིང་ལུས་པ་མེད་པ་འགྲུབ་པར་འགྱུར་ཏེ། གང་ཅི་ཡང་རུང་བ་འདི་མི་འགྲུབ་ཅེས་པའམ་འདི་མི་ཐོབ་ཅེས་པ་མེད་པའོ། །གཞན་ཡང་སྤྲུལ་པ་སྒྱུ་མ་ལྟ་བུ་ཡུལ་དང་དུས་དང་རྣམ་པ་ཀུན་གྱི་སེམས་ཅན་རྣམས་ཀྱི་དོན་དུ་སྒྱུ་འཕྲུལ་རྣམ་པར་རྩེ་བ་ལ་སོགས་པས་རོལ་པར་ཡང་བྱེད་དོ། །ཡང་བཤད་པའི་རྣམ་གྲངས་གཞན་ནི། རྣལ་འབྱོར་མ་ཀུན་གྱི་འཇིག་རྟེན་པ་དང༌། སྦྱོར་བའི་མ་ནི་འཇིག་རྟེན་ལས་འདས་པའི་ཕོ་ཉ་མོ་སྟེ། མ་ལུས་འགྲུབ་པ་ནི་དོན་དམ་སྟོང་ཉིད་རྟོགས་པ་དང༌། སྒྱུ་མ་སོགས་ཀུན་རྫོབ་སྒྱུ་མ་ལྟ་བུར་མཐོང་བའི་དོན་དུའང་བཤད་དོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཅེས་པ་ནས། མིག་འཕྲུལ་བྱེད་ཅེས་པའི་བར་ཏེ། དེ་ལ་དོན་གྱི་གཙོ་བོ་སྒྲ་ཇི་བཞིན་པ་མ་ཡིན་པ་དང༌། རྣམ་གྲངས་སྒྲ་ཇི་བཞིན་པའོ། །
དང་པོ་ནི། སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེའི་དབང་བསྐུར་བ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་མིང་གི་དབང་རྣམས་སོ། །སློབ་དཔོན་དང་སློབ་མ་གཉིས་ཀ་ལ་ཡང་དབང་གི་ངོ་བོ་ནི་ལྔ་ལས་གཞན་དུ་མེད་དེ། གང་སློབ་དཔོན་གྱི་དབང་བསྐུར་བ་ལོགས་སུ་བྱེད་པ་ལ་ཡང་དམ་ཚིག་གསུམ་སྦྱིན་པ་སོགས་སྔོན་འགྲོའི་ཆོ་གའི་ཁྱད་པར་མ་གཏོགས། དབང་ལྔའམ་ཆུ་དབང་ཁོ་ན་བཟློས་ཏེ་སྦྱིན་པར་བྱེད་པ་ཉིད་ཡིན་ལ། ཆོ་ག་ལྷག་མ་རྣམས་ནི་ཡན་ལག་ཙམ་ཡིན་པས་སོ། །ཐམས་ཅད་འཕྲོག་པ་དང་ཞེས་བྱ་བ་ནི། གསང་བའི་དབང་ལ་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་དོན་དུ། སངས་རྒྱས་ཐམས་ཅད་རང་གི་ལུས་ལ་ཡོངས་སུ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པའོ། །ལྷའི་མཆོག་ནི་དཀྱིལ་འཁོར་གྱི་གཙོ་མོ་སྟེ། དེ་ལས་སྐྱེས་པ་ནི། དེའི་བདག་ཉིད་དུ་མོས་པའི། རིགས་ཀྱི་ཕྱག་རྒྱ་བུ་མོ་ལང་ཚོ་མ་བྱིན་གྱིས་བརླབས་པ་དང་མཉམ་པར་སྦྱར་བས་སྤྱོད་པའི་བྱང་ཆུབ་ཀྱི་སེམས་སློབ་མའི་ཁར་དབབ་པ་ཡིན་ནོ། །དེ་ལྟར་ཡང༌། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། དེ་ཉིད་ལ་ཡང་བྱ་བར་བྱ། ཞེས་པའི་ཚུལ་གྱིས་རོ་མཉམ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་བསྒོམ་པར་ནུས་པ་དེ་ནི་རྣལ་འབྱོར་གྱི་དབང་ཕྱུག་སྟེ། དེ་ལྟ་བུར་སློབ་མ་ཡོངས་སུ་བསྒྲུབ་པར་བྱེད་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །རིག་པ་
ཞེས་སྨོས་པ་ནི་ཤེས་རབ་ཡེ་ཤེས་ཞུ་བདེ་དེ་ཉིད་ལེགས་པར་རྒྱུད་ལ་སྐྱེས་པ་ན་རང་བཞིན་གྱི་བདེ་བ་ཆེན་པོ་ཡང་རིག་ཅིང་མཚོན་པར་ནུས་པའི་དོན་ནོ། །དེ་བཞིན་དུ་ནི་ཞེས་བྱ་བ་ནི་བཞི་པ་དོན་དམ་པའི་དབང་བསྐུར་བ་སྟེ། དེ་ལྟར་དེ་བཞིན་བཞི་པ་ཡང༌། །ཞེས་པའི་ཚུལ་གྱིས་ཤེས་རབ་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་པ་དེ་བཞིན་དུ་ནི་བཞི་པ་ཡང་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཞེས་པའི་དོན་ཡིན་ལ། མིག་འཕྲུལ་བྱེད་ཅེས་པའི་དོན་ནི་བླ་མ་སྔ་མ་རྣམས་ཐུན་མོང་གི་དངོས་གྲུབ་ཀྱི་ནང་ཚན་མིག་འཕྲུལ་གྱི་དངོས་གྲུབ་ཏུ་བཞེད་ལ། མན་ངག་གཞན་ལས་ནི་སྔ་མའི་ཚིག་གི་འཕྲོས་ལ་སྦྱར་ཏེ། སྣང་སྟོང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་དོན་ཡིན་པས་ལྷན་ཅིག་སྐྱེས་པའི་བདེ་སྟོང་དང༌། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ཟུང་དུ་འཇུག་པའི་ཡེ་ཤེས་དབང་བཞི་པ་ཉིད་དུ་བཞེད་པ་ཤིན་ཏུ་ལེགས་སོ། །ནག་པོ་པའི་འགྲེལ་པ་ལས་བླ་མ་གོང་མ་རྣམས་དང་ཕལ་ཆེར་མཐུན་པ་ལས་དབང་གི་སྐབས་གསང་དབང་ཁོ་ན་ལ་སྦྱོར་བ་དང༌། མིག་འཕྲུལ་བྱེད་ཀྱང་ཐུན་མོང་གི་དངོས་གྲུབ་ལ་སྦྱོར་མོད་ཀྱི། སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པ་ལ་བཤད་དོ། །གཉིས་པ་ནི། འབྲས་བུའི་རྒྱུད་ལ་ཐུན་མོང་གི་ཡོན་ཏན་གྱི་འཕྲོས་ཏེ། སངས་རྒྱས་ཞེས་པ་ལ་བུདྡྷ་ཞེས་པའི་སྒྲ་ལས་
དྲངས་ན་བློ་གྲོས་དང་ལྡན་པའི་དོན་ཏེ། འཇིག་རྟེན་ན་མཐུ་དང་རྫུ་འཕྲུལ་ཆེ་བའི་ལྷ་མི་བློ་ལྡན་ཐམས་ཅད་རྫུ་འཕྲུལ་དང་བློ་གྲོས་ཀྱི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་སྟོབས་འཕྲོག་པར་བྱེད་པ་དང༌། ལྷའི་མཆོག་གི་རིགས་ལས་སྐྱེས་པའི་བུ་མོ་སྟེ་ལྷ་མོ་དཔལ་མོ་དང༌། དཀའ་བཟློག་མ་དང༌། ཏུག་མི་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་ལ། རྣལ་འབྱོར་ཅན་མང་པོའི་དབང་ཕྱུག་གམ་གཙོ་བོ་བྱེད་པར་འགྱུར་ཞིང༌། ཕ་རོལ་གྱི་སེམས་ཤེས་པ་སོགས་རིག་པ་དང༌། དེ་བཞིན་དུ་མིག་འཕྲུལ་གྱི་དངོས་གྲུབ་ལ་སོགས་པ་བྱེད་པའོ་ཞེས་པའི་དོན་ནོ། །འདིར་མན་ངག་ནི། སྙིང་པོ་ལ། ཨོཾ་བ་ར་བ་ར་པྲ་ཝ་ར་པྲ་ཝ་ར་ཧཱུཾ། ཞེས་བཏགས་པ་བཟླས་ཏེ་ཤུ་ཐག་དང་སྐྱུར་པོའི་སྦྱོར་བས། བློ་གྲོས་སྐྱེ་ཞིང༌། ཨོཾ་ཛ་ལ་ཡ་ཝ་ཧཱུཾ་ཞེས་བཏགས་པ་བཟླ་ཞིང་སྙིང་ཁའི་འཁོར་ལོ་སྒོམ་པས་ཤེས་པ་སྟེ། མངོན་ཤེས་སྐྱེ་བར་འགྱུར་རོ། །གསུམ་པ་ལ། ཚིག་གི་དོན་དང༌། དེའི་མན་ངག་གཉིས་ལས། དང་པོ་ནི། རྨོངས་པ་དང་ནི་རེངས་པ་དང༌། །ཞེས་པ་ནས། འདི་ཡིས་ན་བ་མེད་པར་འགྱུར། མེད་པའི་བར་ཏེ། མིག་འཕྲུལ་བྱེད་ཅེས་པའང་བསྡུའོ། །དེ་ཡང་གདུལ་བྱའི་སྐྱེ་བོ་མངག་གཞུག་ཏུ་འགྱུར་བའི་དབང་དུ་བྱེད་པ་དང༌། སེམས་རྣམ་པར་འཕྲུལ་ཏེ་རྐང་གིས་འོང་བའི་རྐང་པ་དགུག་པ་དང༌། དབང་མེད་དུ་ནམ་མཁའི་ལམ་ལས་འོང་བའི་གོང་བུ་དགུག་པ་དང༌། ཆང་
དགུག་པ་ལ་སོགས་པ་སྟེ་དགུག་པའི་ལས་རྣམས་དང༌། སེམས་བླུན་པོར་བྱེད་པའི་རྨོངས་པ་དང༌། མིག་གི་མཐོང་བ་འཆིང་བ་ནས་ལུས་རེངས་པ་དང༌། ཡིད་དྲན་མེད་དུ་བྱེད་པའི་བར་གྱི་དབང་པོ་དྲུག་འཆིང་བ་ནི་རེངས་པ་དང༌། ཤིན་ཏུ་གདུལ་དཀའ་བ་བསད་པ་དང༌། གནས་ནས་བསྐྲད་པ་དང༌། སོགས་པའི་སྒྲས་ནི་རིམས་དང་ཕུར་བུས་གདབ་པ་ལ་སོགས་པ་བསྟན་ཏེ། དེ་ལྟར་སྐབས་འདིར་དངོས་སུ་ལས་དྲུག་དང༌། ནམ་མཁར་འགྲོ་བ་སྟེ་མཁའ་སྤྱོད་ཀྱི་དངོས་གྲུབ་ཉིད་དང་ནི། ཕ་རོལ་གཞན་གྱི་གྲོང་སྟཻ་ལུས་ལ་འཇུག་པ་གྲོང་འཇུག་གི་འཕོ་བ་དང༌། སོགས་བྱ་བ་དང་ཞེས་པའི་སོགས་ཀྱི་སྒྲས་ནི་གོང་དུ་འཕོ་བ་ཡང་བསྟན་ནོ། །ལུས་མི་སྣང་བར་བྱེད་པ་དང༌། གང་ཅི་ཡང་རུང་བའི་དངོས་གྲུབ་དང་ལས་ཚོགས་གཞན་ཡང་འགྲུབ་སྟེ། ཞེས་མཚམས་སྦྱར་ནས། ཕན་ཚུན་ཞེ་འགྲས་པ་སྟེ་དབྱེ་བ་དང༌། རྨུགས་པ་ནི་བླུན་ཞིང་གཉིད་ཀྱིས་ནོན་པར་བྱེད་པ་ཉིད་དེ། འདིར་ལས་ཚོགས་གཉིས་སྨོས་ལ། སྔར་བཤད་པའི་དངོས་གྲུབ་ཀྱི་འཕྲོས་ལས། དེ་བཞིན་དུ་ས་འོག་ཏུ་འགྲོ་བའོ་སྟེ་ས་འོག་གི་དངོས་གྲུབ་དང༌། རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཉིད་དུ་འགྱུར་པ་ནི། རིག་པ་འཛིན་པའི་གཙོ་བོར་འགྱུར་བའི་དངོས་གྲུབ་སྟེ། རལ་གྲིའི་རིག་པ་འཛིན་པ་ལྟ་བུའམ། ལུས་གནས་གྱུར་པས་འདོད་པ་དང་གཟུགས་ཀྱི་རིག་པ་འཛིན་པ་སྟེ། ལུས་ཀྱི་རིག་པ་འཛིན་པ་དེ་ཐོབ་ན།
རིག་པ་འཛིན་པ་ཕལ་པ་དུ་མ་རྗེས་སུ་འབྲང་བའི་འཁོར་དུ་འགྱུར་བའི་ཕྱིར་རོ། །འཆི་བ་མེད་ཅིང་ཞེས་པ་སྟེ། ཚེ་བསྐལ་པར་གནས་པ་ལ་སོགས་པ་ཚེ་རིང་པོར་འགྱུར་བའི་དངོས་གྲུབ་དང༌། རྒས་པ་མེད་པའི་དངོས་གྲུབ་དང༌། ན་བ་སྟེ་ནད་མེད་པར་འགྱུར་བའི་དངོས་གྲུབ་སྟེ། རྣམ་གྲངས་ཀྱི་ཚུལ་གྱིས་གསུམ་གསུངས་པ་ལས་ཕྱི་མ་གསུམ་པོ་ནི་བཅུད་ལེན་གྱི་དོན་ནོ། །རྣལ་འབྱོར་སྒྱུ་མའི་རིག་པ་ནི། འདི་ཡིས་ཞེས་པའི་དོན། ལས་དང་དངོས་གྲུབ་དེ་རྣམས་རྣལ་འབྱོར་བ་ཆོས་ཐམས་ཅད་སྒྱུ་མ་ལྟར་རྟོགས་པའི་དོན་དམ་པའི་རིག་པའམ་སྔགས་འདི་ཡིས་འགྲུབ་ཅེས་པ་སྟེ། སྒྲ་ཇི་བཞིན་པ་ལྟར་ན། གོང་གི་ཕན་ཡོན་གྱི་འཕྲོས་ཡིན་ལ་དོན་དུ་ནི། ཆོས་རྣམས་བདེན་མེད་དུ་ཤེས་པས་ལས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པ་ཡིན་ཞིང༌། དངོས་པོ་ལ་བདེན་པར་འཛིན་པ་ཤིན་ཏུ་དམ་པས་ནི། ལས་ཚོགས་ཀྱང་ཤིན་ཏུ་དཀའ་བའི་སྒོ་ནས་འགྲུབ་པ་ཙམ་སྲིད་མོད་ཀྱིས། དངོས་གྲུབ་ནི་ཕལ་ཆེར་མི་འགྲུབ་པ་ཞིག་གོ །དེ་ལ་མིག་འཕྲུལ་བྱེད་ཅེས་པ་མིག་འཕྲུལ་གྱི་དངོས་གྲུབ་སྟེ། དེ་ཉིད་དངོས་གྲུབ་བརྒྱད་ཀྱི་གྲངས་སུ་བགྲངས་པ་ལྟར་ན་རྒས་པ་མེད་པ་དང༌། ན་བ་མེད་པ་གཉིས་ནད་འཇོམས་ཀྱི་དངོས་གྲུབ་ཅེས་གཅིག་ཏུ་བསྡོམས་སོ། །དེ་ཉིད་མི་བགྲོང་པ་ལྟར་ན་གསུམ་པོ་སོ་སོར་བྱ་མོད་ཀྱི། རྒྱུད་གཞན་ལས་ཀྱང༌། འཆི་བ་མེད་དང་ནད་འཇོམས་སོ་ཞེས་པ་ལྟར་ན་སྔ་མ་ཉིད་ལེགས་སོ། །གཉིས་པ་ནི་ལས་ཚོགས་
དང་དངོས་གྲུབ་ཀྱི་སྒྲུབ་ཐབས་གཉིས་སུ་དབྱེ་སྟེ། དགུག་པའི་གནས་སྐབས་སུ་གོང་བུ་དགུག་པ་ལ་སོགས་པའི་ཁྱད་པར་རྣམས་ལེའུ་གཉིས་པར་འཆད་པས་འདིར་དགུག་པ་སྤྱིའི་བྱ་བ་ཙམ་སྟོན་ནོ། །དེ་ལ་འཁྲུལ་འཁོར་བཤད་པར་བྱ་སྟེ། རི་མོ་བརྒྱད་བརྒྱད་བསྣོལ་མར་བྲིས་ནས་རེ་མིག་བདུན་བདུན་བཞི་བཅུ་ཞེ་དགུར་བྱས་ལ། སྟེང་གི་གཡས་ཟུར་ནས་ཕྱི་ནས་ནང་དུ་སྦྲུལ་འཁྱིལ་བའི་ཚུལ་གྱིས་ཞལ་བཞི་པའི་སྔགས་ཀྱི་ཡིག་འབྲུ་རེ་རེ་རེ་མིག་ལ་དགོད་པར་བྱ་བ་ལས། ཕཊ་བཞི་པོ་ཕ་དང་ཌ་སོ་སོར་འགོད་དོ། །དབུས་ཀྱི་རེ་མིག་སྟོང་པ་གཅིག་པུ་ལ་སྒྲུབ་བྱའི་མིང་སྤེལ་བཀོད་དེ། འདི་ནི་རིགས་ལྡན་གྱི་འགྲོས་ཆེན་པོར་གྲགས་པ། དཔལ་ཁ་སྦྱོར་ཐིག་ལེར་གསལ་བར་བཤད་པ་ཉིད་ཡིན་ནོ། །འདི་ལ་ཡང་དབང་དང༌། དགུག་པ་དང༌། བསད་བསྐྲད་རྨོངས་རེངས་དབྱེ་བ་དང་རྨུགས་པ་རྣམས་ལ་ནི། ཡི་གེ་མགོ་བོ་ནང་བསྟན་དུ་བྱེད་ལ་འདིར་དངོས་སུ་མ་བཤད་ཀྱང་ཞི་རྒྱས་ལ་མགོ་ཕྱིར་བསྟན་ནོ། །འཁོར་ལོའི་ཁྱད་པར་གཞན་གཉིས་པ་བཤད་པར་བྱ་སྟེ། འཁོར་ལོ་གྲུ་བཞི་པ་དབུས་སུ་ཐིག་བཞིས་རེ་མིག་དགུར་བྱའོ། །དེའི་དབུས་དང་ཕྱོགས་བཞིར་ཡང་རེ་མིག་དགུར་དགུར་དབྱེའོ། །དེ་དག་ལས་ཤར་དུ་ཨུ་ཨཱུ། པ་ཕ་བ་བྷ་མ། ཝ་ྉྤ་ཞེས་པ་རྣམས་འགོད་ཅིང༌། དབུས་ཀྱི་ཡི་གེའི་གཡས་གཡོན་དུ་ཨོ་ཨཽ་བྲིའོ། །
ལྷོ་རུ་ལི་ལཱི། ཏ་ཐ་ད་དྷ་ན། ལ་ས། ནུབ་ཏུ་རྀ་རཱྀ། ཊ་ཋ་ཌ་ཌྷ་ཎ། ར་ཥ། བྱང་དུ་ཨི་ཨཱི། ཙ་ཚ་ཛ་ཛྙ་ཉ། ཡ་ཤ །དབུས་ཀྱི་ཡི་གེའི་གཡས་གཡོན་དུ་ཨེ་ཨཻ། དབུས་སུ་ཨ་ཨཱ། ཀ་ཁ་ག་གྷ་ང༌། ཧ་ྈྐ་དབུས་ཀྱི་ཡི་གེའི་གཡས་གཡོན་དུ་ཨཾ་ཨཿ དེ་ཡང་ཞི་རྒྱས་ལ་ནི་མགོ་དབུས་སུ་འབྱུང་ཞིང་ཤར་ནས་གཡས་བསྐོར་གྱིས་འགོད། །དབང་དྲག་ལ་ནི་མགོ་ལྷོ་ནས་བརྩམས་ཏེ་མཇུག་མ་དབུས་སུ་འོང་བར་བྱ། མཚམས་ཀྱི་རེ་མིག་ཆེན་པོ་བཞི་ལ་ནི། ལས་དང་རྗེས་སུ་མཐུན་པའི་མིང་སྤེལ་བསྐུལ་ཚིག་དང་བཅས་པ་འབྲིའོ། །དེ་དག་ཀྱང༌། ཞི་བ་ཟླ་བའི་དཀྱིལ་འཁོར་ལ། །རྒྱས་པ་ཟླ་བ་སེར་པོ་ལ། །དབང་དང་དགུག་པ་མེ་དཀྱིལ་དུ། །དྲག་པོ་རླུང་ལ་དགོད་པར་བཤད། ཞི་བ་གཙང་མའི་རས་ལ་སྟེ། །རྒྱས་པ་དར་ལ་བྲི་བ་ཉིད། །དབང་ནི་གྲོ་གའི་འདབ་མ་ལ། །དྲག་པོ་པགས་པའམ་རོ་རས་ལའོ། །ཞི་བ་ཙན་དན་སྦྱར་བ་དང༌། །རྒྱས་པ་རིན་ཆེན་བསྲེས་པ་སྟེ། དབང་ལ་རང་བྱུང་ཙན་དན་དམར། །དྲག་པོ་དུག་ཁྲག་སྐེ་ཚེས་བྲི། །གུར་གུམ་ཙན་དན་གི་ཧཾ་དང༌། །གླ་རྩི་སྦྱར་བའི་བཞི་མཉམ་ནི། །བསྲུང་སོགས་དགེ་བའི་ལས་ཀུན་ལའོ། །དབྱེ་བ་རྟ་དང་མ་ཧེ་ཁྲག །རྨུགས་པ་ལུག་གི་ཁྲག་གིས་ཏེ། །སྦལ་པ་རུ་སྦལ་རེངས་པ་ལའོ། ཁ་དང་འུག་པའང་དབྱེ་བར་བཤད། །དེ་དག་སྣག་ཚའི་ཁྱད་པར་ཡིན། ཁམ་ཕོར་གཙང་མར་ཞི་བ་སྟེ། །རིན་ཆེན་སྣོད་ནི་
རྒྱས་པ་ལའོ། །རྫའམ་ཐོད་བཟང་དབང་ལ་སྟེ། །ཐོད་ངན་དྲག་པོའི་ལས་ལ་ཤིས། །ཞི་ལ་སྲིན་སྐུད་གཙང་མས་དཀྲི། །དར་སྐུད་སེར་པོ་རྒྱས་པ་ལས། །དབང་ལ་བུད་མེད་སྐྲ་ཡིས་ཏེ། །དྲག་པོ་རོ་སྐྲ་ཕྱིར་བསྒྲིམས་ཉིད། །ཞི་རྒྱས་དབང་དང་དྲག་པོ་ལ། །ཆ་བྱད་དཀར་སེར་དམར་དང་ནག །ཕྱོགས་ནི་ཤར་བྱང་ནུབ་དང་ལྷོ། །སྲོད་དང་སྔ་དྲོ་དགོང་ཁ་དང༌། །ཕྱེད་གཉིས་རྣམས་ནི་དུས་སུ་བཤད། །དུལ་བའི་སེམས་དང་སྤྲོ་བ་དང༌། །ཆགས་སེམས་བྲོས་པའི་སེམས་དག་ནི། །བསམ་པའི་ཁྱད་པར་ཉིད་དུ་བརྗོད། །འོན་ཀྱང་རེངས་ལ་སེར་པོ་སྟེ། །རྨུགས་དང་རྨོངས་པ་དཀར་པོ་ཡིན། །རྒྱུད་འདིར་ལྷ་ཡི་དབྱེ་བ་ནི། །མེད་དེ་ཀུན་གྱིས་ཐམས་ཅད་འགྲུབ། །འཁོར་ལོའི་རབ་ཏུ་གནས་པ་ནི་སྤྱི་དང་འདྲ་ལ་སྒྲུབ་པའི་ཚུལ་ཡང་མཚུངས་ཤིང་བསྐུལ་ཚིག་བྲི་བའི་ཁྱད་པར་ཡང༌། སྭཱཧཱ་ཆེ་གེ་མོའི་གནོད་པ་ཤནྟིང་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུ་ནི་ཞི་བ་དང༌། ཧཱུཾ་ཆེ་གེ་མོ་ལ་རཀྵ་ཧཱུཾ། ཞེས་པ་བསྲུང་བ་དང༌། ནཱ་མཿཆེ་གེ་མོ་པུཥྟཾ་ཀུ་རུ་ན་མཿརྒྱས་པ་དང༌། ཡ་ཝ་ཥ་ཊ་ཆེ་གེ་མོ་ཝ་ཤ་མ་ན་ཡ་ཝ་ཥ་ཊ། ཞེས་པ་དབང་དང༌། ཧྲི་ཛ་ཆེ་གེ་མོ་ཨ་ཀརྵ་ཡ་ཧྲི་ཛ་ཞེས་པ་ནི་དགུག་པ་དང༌། ཕཊ་ཆེ་གེ་མོ་མ་ར་ཡ་ཕཊ། ཅེས་པ་ནི་བསད་པ་དང༌། དེ་བཞིན་དུ་ཨུཙྪ་ཊ་ཡ་བསྐྲད་པ་དང༌། བི་དྭེ་ཥ་ཡ་དབྱེ་བ་དང༌། ལཾ་ཆེ་གེ་མོ་སྟཾ་བྷ་
ཡ་ལཾ། རེངས་པ་དང༌། དེ་བཞིན་དུ། ནི་ཏྲ་ཨ་བོ་ལི་རྨུགས་པ་དང༌། མོ་ཧ་ན་ནི་རྨོངས་པའོ། །བཟླས་པ་ཡང་སྔགས་རྐང་པ་རེ་རེའི་ནང་དུ་བསྐུལ་ཚིག་བཅུག་པ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཆེ་གེ་མོ་ཤནྟིང་ཀུ་རུ་སྭཱཧཱ་ཧཱུཾ་ཕཊ། ཞེས་པ་ལ་སོགས་པའམ། ཨོཾ་ཨ་ཨཱ་ཀ་ཁ་ག་གྷ་ང༌། ཧ་ྈྐ་ཆེ་གེ་མོ་ཤིནྟཾ་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུའོ། །ཆོ་ག་ལྷག་མ་རྣམས་དང༌། བསམ་གཏན་གྱི་སྦྱོར་བ་ནི་སྤྱི་དང་འདྲ་ཞིང༌། བླ་མའི་མན་ངག་ལས་རྟོགས་དགོས་པའི་ཕྱིར་མ་འདིར་བརྗོད་དོ། །གཉིས་པ་དངོས་སྒྲུབ་ཀྱི་སྒྲུབ་ཐབས་ནི། མིག་འཕྲུལ་གྱི་དངོས་གྲུབ་སྒྲུབ་པར་འདོད་པས་སྨད་འཚོང་མའི་ཐོད་པར་བསྐྱེད་པའི་ཡུངས་ཀར་གྱི་སྣུམ་ཐོད་པ་དེ་ཉིད་དུ་བླུགས་ལ། དེའི་སྟེང་དུ་རང་བྱུང་གི་གཟུགས་བརྙན་ཅན་གྱི་ཤེལ་ཞིག་ཀྱང་བཞག་པར་བྱའོ། །མདུན་དུ་མཎྜལ་མཆོད་པ་དང་གཏོར་མར་བཅས་པ་བཤམས་ལ། དེ་ཡང་ཁྱབ་འཇུག་སྐུ་མདོག་ནག་པོ་ཕྱག་བཞི་ན་འཁོར་ལོ་དང་དུང་དང་དབྱུག་པ་དང་ཀཽ་སྟུ་བྷ་རྣམས་འཛིན་པ་སྤྱན་དྲངས་བར་བྱ་སྟེ། ཨོཾ་ཨཱ་བཛྲ་ན་མ་ཡ་ཎ་ཧཱུཾ་ཧཱུཾ་ཨཱཿ སྭཱཧཱ་ཞེས་པས་སོ། །དེ་ནས་དངོས་གྲུབ་ཀྱི་དོན་དུ་མཆོད་གཏོར་ཕུལ་ལ་ཨོཾ་མ་ཡ་ཙཀྲ་སདྡྷ་ཡ་སརྦ་ཨ་སུ་ར་ད་མ་ན་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བཟླ་པས་འགྲུབ་ཏུ་རུང་བའི་མཚན་མ་མཐོང་བ་ན། སྔགས་དེ་ལ་དངོས་གྲུབ་འབེབས་པའི་
སྤྱི་སྔགས་བཏགས་ཏེ། རྫས་ལ་དམིགས་ནས་དྲག་ཏུ་བཟླས་པས་རྫས་ཀྱི་དབུས་སུ་སྒྱུ་མ་སྣ་ཚོགས་པ་མཐོང་ན། མཆོད་གཏོར་དང་སྦྱིན་བསྲེག་གི་ལྷ་མཉེས་པར་བྱས་ལ་འབྲུ་མར་བཏུང་ཞིང་ཤེས་ལྕེ་འོག་ཏུ་བཅུག །ཐོད་པ་མཆོད་པ་དང་བཅས་ཏེ་ཆུ་བོ་ཆེན་པོ་དོར་ནས། ཕྱི་མ་སྔགས་ཀྱི་མཐར་འདོད་པའི་དོན་གྱི་བསྐུལ་ཚིག་སྦྱར་བ་ཙམ་གྱིས་འགྲུབ་པའོ། །མཁའ་ལ་སྤྱོད་པ་ནི། རྒྱུད་གཞན་ལས་འབྱུང་བའི་རལ་གྲི་དང༌། རོ་ལངས་ལ་སོགས་པས་ཀྱང་འགྲུམ་པར་འགྱུར་ལ། འོག་ནས་འབྱུང་བའི་ཧེ་རུ་ཀ་རྟ་གདོང་ཅན་བསྒོམ་སྟེ། ཨོཾ་ཕུཾ་ཕུཾ་ཕུཾ་ཧཱི་ཧཱི་ཧཱི་ཁེ་ཙ་ར་སིདྡྷི་སྭཱཧཱ། ཞེས་དངོས་གྲུབ་ཀྱི་དོན་དུ་དྲག་ཏུ་བཟླས། དེ་གྲུབ་པའི་མཚན་མ་བྱུང་ན། མར་ངོའི་ཚེས་བརྒྱད་ལ་དུར་ཁྲོད་ནས་སྐྱེས་པའི་རོ་མ་རྨས་པ་གསར་པ་བླངས་ཏེ། བཀྲུས་ཤིང་རྒྱན་གྱིས་བརྒྱན་ལ་མགོ་བོ་ཤར་དུ་ཕྱོགས་པས་བཞག དེའི་སྙིང་ཁར་རང་ཉིད་གཅེར་བུ་སྐྲ་གྲོལ་བས་འདུག ཁའི་སྟེང་དུ་ཐོད་པ་ཡུངས་ཀར་གྱིས་བཀང་བ་བཞག་སྟེ། གོང་གི་རྣལ་འབྱོར་ལ་གནས་པས་དྲག་ཏུ་བཟླས་ཤིང༌། དངོས་གྲུབ་དབབ་པའི་སྤྱི་སྔགས་ཀྱང་བཟླས་སོ། །ཡུངས་དཀར་མི་སྣང་བར་གྱུར་པ་ན་ཐོད་པ་ཚེ་འུར་བོར་སྟེ། དེ་ཙམ་གྱིས་འགྲུབ་པར་གྱུར་ལ། གལ་ཏེ་མ་གྲུབ་ན་ཤིང་ས་ལ་སེར་པོའི་སྒྲོམ་བུར་ལིག་བུ་མིག་སྣར་བཅུག་ནས། གཞོན་ནུ་མའི་སྐྱེ་གནས་ཀྱི་དབུས་སུ་བཞག་པ་
སྔར་བཞིན་བསྒྲུབས་པས་འབར་བར་གྱུར་པ་ན། དེ་ཉིད་ཟོས་པ་ཙམ་གྱིས་དཔག་ཚད་སྟོང་གི་སྟེང་དུ་མཁའ་ལ་ཡོངས་སུ་སྤྱོད་པར་འགྱུར་རོ། །གྲོང་དུ་འཇུག་པའི་དངོས་གྲུབ་ནི། གདན་བཞི་དང༌། ཁ་སྦྱོར་ཐིག་ལེ་ལས་གསུངས་པ་བཞིན་བསྒྲུབ་སྟེ། ཕྱི་སྣང་བ་རགས་པ་ལ་བདེན་མེད་ཀྱི་གསལ་སྣང་ཅུང་ཟད་ཡོད་ཅིང་རླུང་དང་ཐིག་ལེ་གནས་གཞན་དང་གཞན་དུ་སྤོ་ནུས་པ་དང༌། དངོས་གྲུབ་དེ་ཉིད་སྩོལ་བའི་མཁའ་འགྲོ་མའི་རིག་སྔགས་གྲུབ་ཅིང་དེ་མཉེས་པས་བཀའི་གནང་བ་ཐོབ་པ་དགོས་པར་བཤད་དོ། །གོང་དུ་འཕོ་བ་ནི་གྲོང་འཇུག་དང་འབྲེལ་བས་བཤད་ཀྱི། དངོས་གྲུབ་བརྒྱད་ལ་མི་བགྲོང་ཞིང༌། དེ་ཡང་གདན་བཞི་དང་ཁ་སྦྱོར་ཐིག་ལེ་བཞིན་དུའོ། །མི་སྣང་བ་ནི། ཏ་ཀ་རའི་བྱང་ཕྱོགས་ཀྱི་རྩ་བ་དགེ་སྦྱོང་གཅེར་བུས་བླངས་པ་ཟླ་བ་གཟས་གཟུང་པ་ན་རིལ་བུར་བྱའོ། །མིག་སྨན་རྡོ། སེ་བ་ལའི་ཚེར་མ། སྦྲང་རྩི། ས་འོག་གི་བུང་བ། དང་པོའི་རང་འབྱུང༌། པདྨའི་གེ་སར་རྣམས་བཏགས་པའི་རིལ་བུ་དང༌། ཨ་ཤོ་ཀ་སྔོན་པོའི་མྱུ་གུ་རང་བྱུང་གི་མེ་ཏོག་གིས་བགོས་པའི་རིལ་བུ་བྱས། ཕུག་རོན་གྱི་ཁོག་པར་མིག་སྨན་རྡོ་བཅུག་ལ། རོ་བསྲེག་པའི་མེ་ལ་བསྲེགས་པ། བྱི་ལ་ནག་པོའི་ཁྲག་གིས་མེ་བསད་པའི་སྟེང་དུ་བཞག་ལ་དངོས་གྲུབ་དབབ་པའི་སྤྱི་སྔགས་
བཟླས་པས། དེ་དག་ལས་གང་ཡང་རུང་བ་ཞིག་འབར་བར་འགྱུར་ཏེ། དེས་དཔྲལ་བར་ཐིག་ལེ་བྱ། རིལ་བུ་གཞན་གཉིས་ནི་ཁ་ནང་དུ་བཅུག་ཅིང་ཐལ་བ་ལུས་ལ་བྱུག་པ་ཙམ་གྱིས་འགྲུབ་པར་འགྱུར་ལ། རྒྱུད་གཞན་ལས་ནི་གསེར་དང༌། དངུལ་དང༌། ཟངས་ཏེ་ལྕགས་གསུམ་གྱིས་རིལ་བུ་གཡོག་དགོས་པར་བཤད་དོ། །ས་འོག་གི་དངོས་གྲུབ་ནི། དང་པོར་རྩ་བའི་སྔགས་ཀྱི་ནང་དུ། བ་ཏ་ལ་སིདྡྷི་ད་ཡ་ཀ་སྭཱཧཱ། ཞེས་བཟླས་ཤིང་མཆོད་པས་མཚན་མ་མཐོང་བ་ན། རྡོའམ་གནམ་ལྕགས་ཀྱི་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། སྔགས་ཀྱི་ནང་དུ་བཛྲ་པཱ་ཏ་ལ་བྷཉྩ་བྷཉྩ་ཞེས་བཅུག་ཅིང༌། དངོས་གྲུབ་དབབ་པའི་སྤྱི་སྔགས་བཏགས་ཏེ་བཟླས་པས་འབར་བར་གྱུར་པ་ན་བསྲུང་བ་བྱས་ཏེ། ལྷ་ལ་མཆོད་པར་བྱའོ། །དེ་ནས་དངོས་གྲུབ་བླངས་ནས་ས་འོག་གི་སྒོ་རྙེད་པར་འགྱུར་ཞིང༌། དཔལ་གྱི་སྒོ་ལས་ས་འོག་གི་ལམ་དུ་སོང་སྟེ། ཀླུའི་རྒྱལ་པོའམ་ལྷ་མ་ཡིན་གྱི་གནས་སུ་གནས་ནས་བདུད་རྩི་ལ་ལོངས་སྤྱོད་པའི་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །དཔལ་གྱི་སྒོ་ཆེན་པོ་ནི། ལྷ་མ་ཡིན་གྱི་ངོས་དང༌། ཨོ་ཏྲེའི་ཡུལ་གྱི་ཨ་མྲའི་འབྲས་བུ་ཆེན་པོ་ཞེས་བྱ་བའི་རིའི་རྩ་བ་ན་ཡོད་པར་བཤད་ཅིང༌། ཆ་ཤས་ནི་ཡུལ་
ཕལ་མོ་ཆེ་ན་ཡོད་དོ། །དེ་ཡང་རྡོ་རྗེ་ས་འོག་གི་རྒྱུད་དང༌། རིག་པ་མཆོག་གི་རྒྱུད་ནས་རྒྱས་པར་གསུངས་པ་བཞིན་ཏེ། འོན་ཀྱང་ཐེག་པ་བླ་ན་མེད་པ་ལས་དེ་རྣམས་འགྲུབ་པ་ནི། ཡེ་ཤེས་སྟོབས་དང་ལྡན་པ་ཡིན་པའི་ཕྱིར་གྲུབ་པ་ཕྲ་མོ་ཙམ་ལ་གནས་པར་མི་འགྱུར་ཞིང༌། འཁྲུལ་འཁོར་གཞོམ་པ་ལ་སོགས་པའི་དཀའ་བ་ཡང་མི་དགོས་ཏེ་དངོས་གྲུབ་གཞན་རྣམས་ལའང་རིགས་འགྲེའོ། །རིག་པ་འཛིན་པའི་འཁོར་ལོ་བསྒྱུར་བ་སྒྲུབ་པ་ནི། ཤིང་ངམ་རིན་པོ་ཆེའམ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལ་ཕྱག་མཚན་བྱས་ཏེ། རང་ཉིད་ལྷར་གསལ་བ་དང་ཕྱག་མཚན་གཉིས་ཀ་ལ་དམིགས་ཏེ། དངོས་གྲུབ་དབབ་པའི་སྤྱི་སྔགས་དང་ཁྱད་པར་གྱི་སྔགས་བཟླས་པས་འབར་སྣང་ཤིན་དུ་བརྟན་པར་གྱུར་པ་ན། ལྷ་མཆོད་ཅིང་དངོས་གྲུབ་བླངས་པ་ཙམ་གྱིས་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །བྱེ་བྲག་གི་སྔགས་ནི་འདྀ་ལྟ་སྟེ། རལ་གྲི་ལ་ཁཌྒ་ས་དྷ་ཡ་ས་དྷ་ཡ་ཞེས་པ་སྔགས་ཀྱི་ནང་དུ་བཅུག་པའོ། །དེས་གཞན་ལ་ཡང་འགྲེ་བར་བྱའོ། །ཕྱི་མ་བཅུད་ལེན་གྱི་ཁྱད་པར་འདི་རྣམས་ལ་སྔགས་ཀྱི་ནང་དུ་བཛྲ་ར་ས་ཡ་ན་ཝ་ར་དེ་ཞེས་པ་བཅུག་ཅིང་དངོས་གྲུབ་དབབ་པའི་སྤྱི་སྔགས་དང་བཅས་པ་འབུམ་དུ་བཟླས་ནས། ཕྱིས་བཅུད་ལེན་གྱི་རྫས་ལ་རེ་རེའི་ཐམས་ཅད་འདུས་པ་ཇི་ལྟར་
སྐབས་སུ་བབ་པའི་ཚེ་ཉིན་མཚན་གཅིག་གམ་ཉིན་ཞག་བདུན་དུ་ཡོངས་སུ་བཟླས་ལ་ཡང་དང་ཡང་དུ་བསྲུང་བ་དག་ལྷ་རྣམས་མཆོད་དེ་དངོས་གྲུབ་བླངས། རྫས་དེ་བསྟེན་པ་ཙམ་གྱིས་ནི་དངོས་གྲུབ་ཏུ་འགྱུར་བ་ཡིན་ལ། དེ་དག་མེད་ཀྱང་རྫས་ཀྱི་མཐུ་ཉིད་ལས་ཚེ་རིང་བ་དང་རྒས་པ་ཐག་བསྲིང་བ་དང༌། ནད་བྱང་བར་འགྱུར་རོ། །དེ་ལ་གོང་བུ་དགུག་པ་ལ་སོགས་པའི་ལས་རྣམས་དང༌། དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་ཀྱི་འཁོར་ལོའམ་ལྷ་དཔའ་བོ་གཅིག་པ་ལ་ཡང་རུང་སྟེ། གསལ་སྣང་ཤིན་ཏུ་བརྟན་པ་དང༌། གཉིད་དང་ནད་ཀྱི་དབང་དུ་མི་འགྱུར་བ་དང༌། རྩ་བའི་སྔགས་གང་ཡང་རུང་བ་གཅིག་གི་ནུས་པ་ཐོབ་པ་དང༌། ཕྱི་རོལ་ལ་བདེན་ཞེན་སྲབ་པ་ཞིག་གིས་དངོས་གྲུབ་ཀྱི་དོན་དུ་ལྷ་ལ་སྒྲུབ་པ་བྱས་པས། དངོས་སམ་རྨི་ལམ་དུ་གནང་བ་ཐོབ་པས་ཇི་སྐད་བཤད་པ་བཞིན་ཆོ་ག་མ་ཉམས་པར་སྒྲུབ་པར་བྱ་ཡི། གཞན་དུ་ན་ཉོན་མོངས་པ་ཙམ་དུ་ཟད་དོ། །དངོས་གྲུབ་ཐོབ་པར་འདོད་པས་ཡིད་ལ་བརྣག་པའི་དངོས་གྲུབ་གཅིག་པུ་གཉིས་སུ་མེད་པ་རབ་ཏུ་གསང་བས་བསྒྲུབ་པར་བྱ་བ་ཡི། གཞན་དུ་ན་ཁམས་གསུམ་གྱི་ལྷ་དང་མི་དང་འབྱུང་པོ་རྣམས་ཀྱི་དཔྱས་གདགས་པའི་གནས་སུ་འགྱུར་རོ། །དེ་དག་ཀྱང་བསྐྱེད་རིམ་ཙམ་གྱི་ཕྱོགས་ལས་ཡིན་ཀྱི་རྫོགས་པའི་རིམ་པའི་ཡེ་ཤེས་ལས་དངོས་གྲུབ་ཐུན་མོང་བ་གང་ཞིག་
འགྲུབ་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བཟླས་པ་དང༌། རྫས་དང༌། ཆོ་ག་ལ་བལྟོས་པ་མ་ཡིན་ནོ། །རྒྱུད་འདི་ཉིད་དུ་མ་གསུངས་ཀྱང་མིག་སྨན་ལ་སོགས་པ་དང་དངོས་གྲུབ་ཀྱི་རྟོག་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་རྣལ་འབྱོར་འདི་ལ་གནས་པས་བསྒྲུབ་ཏུ་རུང་བར་ཤེས་པར་བྱའོ། །ལས་ཚོགས་ཕལ་པ་རྣམས་ནི་སྔགས་ཀྱི་བཟླས་པ་བྱེ་བ་བཟློས་པས་ཀྱང་འགྲུབ་པར་འགྱུར་ཞིང༌། མ་ཡེངས་པའི་སེམས་དང་ལྡན་པས་དེ་ཡང་མྱུར་བ་དང༌། སྟོབས་དང་ལྡན་པས་འགྲུབ་པར་འགྱུར་རོ། །འཆི་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་མན་ངག་ནི། གདམས་ངག་བཀའ་དྲུག་ཏུ་གྲགས་པ་རླུང་བཅིང་བ་དང༌། ཡིད་བཅིང་བ་དང་ཐིག་ལེ་བཅིང་བའི་རྣལ་འབྱོར་ལ་གནས་ནས་རྒ་ནད་འཆི་བ་གསུམ་བཅིང་བ་ལ་བཅུད་ལེན་ཞིང་སྟོན་ཏེ། དྲག་ཤུལ་གྱི་སྤྱོད་ལམ་དང་ཁ་ཟས་མི་འཕྲོད་པ་སྤངས། ཉིན་མོ་སྣ་བུག་གཡས་དང༌། མཚན་མོ་སྣ་བུག་གཡོན་རས་ཀྱིས་བཀག །རྒྱུ་ཞབས་དང་འོག་སྒོ་གཉིས་རས་ཀྱིས་སྡོམ། བཤང་གཅིའི་བྱ་བ་བྱེད་པའི་ཚེ་སྟོད་བསུས་བྱ་ཞིང་དབུགས་བསྡམས། རྟིང་པས་རྡོ་རྗེའི་རྩ་བ་བསྡམས། ཉལ་བའི་ཚེ་སེང་གེའི་ཉལ་སྟབས་སམ་ཙོག་པུ་བྱ། ཐོ་རངས་ཀྱི་མི་བསྐྱོད་པ་གྲང་མོ་ཁ་ནང་དུ་ཡུན་རིང་དུ་བསྲུབ། ཡང་ཁ་དཀྲུས་ཏེ།
བསྲུབས་པ་བསགས་ལ་མི་བསྐྱོད་པར་སྤངས་པའི་ཨ་རུ་རའི་ཁུ་བ་དང༌། ཁ་དོག་སྔོ་ཞིང་སྲིན་ལག་ན་དཔལ་བེའུ་ཡོད་པ་གཞོན་ནུ་མར་གྱུར་པའི་རྡུལ་དང་བསྲེས་ཏེ། དང་པོར་རླུང་གང་ནས་རྒྱུ་བའི་སྣ་བུག་ནས་བཏུད། རྐང་པ་སྐྱིལ་ཀྲུང་ལག་གཉིས་པུས་མོ་ལ་བཀབ། བསུས་པ་གཡས་གཡོན་དུ་དྲག་ཏུ་བསྐོར་ལ་ཚིགས་པ་གཅེར་ཏེ། སྟོང་བསུས་བྱའོ། །ཀོས་ཀོས་ཨོལ་མདུད་བསྡམས་ཏེ་བུམ་པ་ཅན་དྲག་ཏུ་བཟུང༌། དེ་འདྲ་ལན་གསུམ་དུ་བྱ་ཞིང་ལུས་སྦྱོང་འགའ་ཞིག་བྱ། དེ་ལྟར་ན་ཟླ་བ་དྲུག་གིས་ནད་རྙིང་པ་བྱང་ཞིང་གསར་པ་མི་བསྐྱེད་པ་དང༌། སྐྲ་དཀར་གཉེར་མ་སྤངས་ཤིང་ཉམས་སྟོབས་དང་ལྡན་པས་ཚེ་རིང་པོར་འགྱུར་རོ། །རྒྱས་པར་ཡིག་རྙིང་ལས་ཤེས་པར་བྱའོ། །མན་ངག་གཞན་ལས་ནི་འཆི་བ་བཅད་པ་ལ་བདུད་རྩི་ལྔའི་བཅུད་ལེན་སྟོན་ཏེ། མདོག་ནག་ལུས་བཟང་སྐྲ་སྣུམ་པ་མི་གནག་པ། དྲི་ཞིམ་ལ། ལང་ཚོ་ཕུན་སུམ་ཚོགས་པ་གཞོན་ནུ་མའི་མར་ངོའི་རྡུལ་དང་པོ་དང་ཐ་མ་སྤངས་པའི་བར་མ་བཟུང་བར་བྱའོ། །དེ་ཡང་དང་པོ་ཐ་མས་ནད་བསྐྱེད་ཅིང༌། དཀར་བཤམ་མཐུ་ནི་ཆུང་བར་བཤད། ཟླ་བ་ཡར་ངོ་ལས་བྱུང་བ། །དེས་ནི་རྒས་པ་བསྐྱེད་པར་བྱེད། ཅེས་བཤད་པས་དེ་རྣམས་སྤང་ངོ༌། །དེ་བཞིན་དུ་དྲི་ཆུ་བར་པ་བཟུང་བར་བྱ། འོ་ཐུག་གི་བཟའ་བ་
ལས་བྱུང་བའི་བཞི་མཉམ་བླངས་ཏེ། གླ་རྩིས་དུག་ཕྱུང༌། མགོ་ལས་སྐྱེས་པ་དང༌། སྦུབས་ལས་སྐྱེས་པ་དང༌། ཤ་ལས་སྐྱེས་པ་སྟེ་ཤ་ཆེན་དྭངས་མ་གསུམ་བླངས། མཐུ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱང་བཞག བྱིན་གྱི་བརླབ་ཏེ་གལ་ཏེ་སོ་སོར་བསྟེན་ན། དགུན་སྟོད་ནམ་ཕྱེད་རང་བྱུང་མེ་ཏོག་སྟེ། །དཔྱིད་ནི་ཉི་ཤར་དུས་ན་དྲི་ཆེན་ནོ། །དྲི་ཆུ་དབྱར་དུས་ཉི་མ་བསྣུར་ཙམ་སྟེ། །སོས་ཀ་ཤ་ཆེན་དྭངས་མ་ཉི་ཕྱེེད་ལའོ། །སྟོན་དུས་སྲོད་ལ་མྱོས་བྱེད་ཁྲག་བཅས་ཏེ། །དགུན་སྨད་ཐོ་རངས་ག་བུར་བསྟེན་པར་བྱ། །དེ་དག་ཀྱང་རླུང་གང་ནས་རྒྱུ་བའི་སྣ་ནས་བསྟེན་པ་མཆོག་ཡིན་ལ། བཟའ་བ་ནི་ཕལ་པའོ། །ཡང་དྲི་ཆེན་གྱི་མར་ཁུ་བྱས་ལ། དེ་ཉིད་སྲང་གཅིག་གི་ཚད་དུ་བྱས་སོ། །ཏིལ་མར་སྲང་གཉིས་དང༌། མར་སྲང་བཅུ་གཉིས། ཏིལ་མར་གྱི་ཉིས་འགྱུར་འོ་མ་རྣམས་ལྷན་ཅིག་ཏུ་བཙོས་པ་ལ་གསེར་ཐལ་སྲང་བཞི། འབྲས་བུ་གསུམ། བྷྲིཾ་ག་རཱ་ཛ། ཙེ་དི་ཞེས་བྱ་བ་ས་ས་པ་ཏྲ་ཡང་ཟེར་བ་རང་བསྐྱུར་གྱི་སྔོ་གཅིག །ལྡོང་རོས་ཏེ་དེ་རྣམས་ཚིགས་མ་བོར་པའི་དྭངས་མ་སྲང་རེ་རེ། ཡུང་བ་ནག་པོ། བ་ཀུ་ཙི་དཀར་པོ། ཨུཏྤལ་ཁ་འབུས་པ། ལྕགས་དྲེག་མུ་ཟི་སེར་པོ། གུ་གུལ། སྤོས་དཀར། ག་བུར། གླ་རྩི་རྣམས་ཇི་ལྟར་འོས་པར་བཏབ། ལྷག་མ་གཞན་
བཞི་ཡང་བསྲེས་ལ་བསྒྲུབས་ཏེ་བསྟེན་ན། ལོ་དྲུག་གམ་བཅུ་གཉིས་ཀྱི་འཆི་བདག་ཐག་བསྲིངས་ཏེ། ཚེ་ལོ་དྲུག་བརྒྱ་ནས་བདུན་སྟོང་གི་བར་དུ་ཐུབ་པའོ། །འབྲས་བུ་གསུམ་པོ་འོ་མ་དང་ཆུར་བཙཽས་པས་མགོ་བོ་བཀུ། ཐལ་དཀར་རྡོ་རྗེ་དང༌། འབྲས་དམར་པོ་བསྲེས་པའི་འཁུར་བ་མར་དུ་བཙོས་ཏེ་སྦྲང་རྩི་དང་ལྷན་ཅིག་བཟའ་བས་ནི་ནད་ཀུན་འཇོམས་པ་ཡིན་ལ། སྐྲ་དཀར་དང་གཉེར་མའང་སེལ་བ་ཡིན་ནོ། །འབྲས་བུ་གསུམ་དང་ཙནྡན་དྲི་ཆུ་བར་པར་སྦྱར་བ་ཟླ་བ་དྲུག་ཏུ་སྣ་ནས་རྔུབས་པ་དང་འཐུང་བས་རྒས་པ་སེལ་བར་འགྱུར་རོ། །རྫས་ཀྱི་དངོས་གྲུབ་ཐམས་ཅད་ལ་དངོས་གྲུབ་དབབ་པའི་སྤྱི་སྔགས་ནི། ཨོཾ་བཛྲ་རོ་ཥ་མཧཱ་ཀྲོ་དྷ་སིདྡྷི་ཨ་ཀརྵ་ཡ་ཧཱུཾ་ཛཿ ཞེས་པའོ། །དེ་ལྟར་ན། རྣལ་འབྱོར་སྒྱུ་མའི་རིག་པ་འདི། །ཞེས་པ་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ལམ་སྒྱུ་མ་ལྟ་བུར་བསྒོམས་པས་འབྲས་བུ་ཡང་ལས་དང་དངོས་གྲུབ་ཀྱི་ཚོགས་སྒྱུ་མ་ལྟ་བུར་འགྲུབ་ཅེས་བླ་མ་གོང་མ་རྣམས་གསུང་ངོ༌། །བཞི་པ་ལ། གཙོ་བོའི་དོན་ལམ་རིམ་པ་གཉིས་མདོར་བསྟན་པ་དང༌། ཆགས་ཆེན་གྱི་ལམ་གྱི་ཆེ་བ་བརྗོད་པ་དང༌། འོག་གི་སྣ་རྩེ་དང་འབྲེལ་བའི་ཐིག་ལེའི་རྣལ་འབྱོར་བཤད་པ་དང་གཞི་ལམ་འབྲས་བུའི་
ཡེ་ཤེས་བསྟན་པ་དང༌། འཁོར་ལོའི་རྣལ་འབྱོར་བསྟན་པ་དང༌། ཆོས་ཀྱི་རྣལ་འབྱོར་སྒོམ་ཚུལ་དང༌། མཆོག་གི་བཟའ་བ་དང༌། མཆོད་པ་ཆེན་པོ་དང༌། ཟབ་མོའི་ལམ་སྤྱོད་པ་དང་བཅས་པ་བསྟན་པའོ། །དང་པོ་ནི། ཡི་གེ་དང་ནི་སོགས་ཏེ་སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་བཤད་པ་གཉིས་ལས། ཇི་བཞིན་པ་ནི། ཡི་གེ་ཞེས་པས་ལྷ་རྣམས་ས་བོན་ལས་བསྐྱེད་པ་དང༌། གོ་ཆ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཡི་གེ་རྣམས་བསྟན་ཞིང༌། }གས་ནི་བཟླས་པའི་སྔགས་དང༌། ཞུ་བ་གླུས་བསྐུལ་ལ་སོགས་པའོ། །ཡང་ན། }གས་ནི་སྔགས་ཀྱི་ལྷ་རིགས་ལྔ་སྟེ། དེའི་ཕྱག་མཚན་ཡིན་ལ། དེ་ལས་ལྷ་བསྐྱེད་པ་རང་ཡིན་ནོ། །གཟུགས་ཀྱིས་ནི་ལྷ་ལྔའི་བདག་ཉིད་ཅན་ལྷའི་རྣམ་པས་སོ། །རབ་ཏུ་བྱེད་ཅེས་པ་ནི་གོང་དུ་བཤད་པ་དང༌། འཆད་པར་འགྱུར་བའི་ལས་དང་དངོས་གྲུབ་རྣམས་ལྷ་སྒོམ་སྔགས་བཟླས་གོམས་པའི་རྣལ་འབྱོར་པས་ནི་ཐོབ་པར་བྱེད་པའི་དོན་ནོ། །དེས་ནི་འདི་སྐད་ཅེས་བསྟན་པར་འགྱུར་ཏེ། ས་བོན་ལ་སོགས་པ་བསྐྱེད་ཆོག་གི་ཆོ་གས་ལྷ་རྣམས་བསྐྱེད་དེ། སྐྱེད་མཆེད་སོགས་བྱིན་གྱིས་བརླབས་ནས་སྔགས་བཟློས་པར་བྱེད་པའི་རྣལ་འབྱོར་པས་ནི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་བོ། །ཇི་ལྟར་འགྲུབ་ན། དང་པོར་བཀླགས་པ་སྟེ་སློབ་དཔོན་ལ་ཉན་པའི་ཐོས་པ་དང༌།
དེའི་འོག་ཏུ་དོན་སེམས་པའི་བསམ་པ་དང༌། དེ་ནས་དེ་ཉིད་སྒོམ་པར་བྱེད་པའི་རྣལ་འབྱོར་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་ཏེ། དེ་ཐོབ་པ་ན་ལས་དང་དངོས་གྲུབ་དེ་རྣམས་ཀྱང་བཀླག་པ་ཙམ་གྱིས་གྲུབ་པའང་གྱུར་པའི་རིག་པ་སྟེ། དེར་མ་ཟད་རིག་པའི་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་འགྱུར་རོ། །དེ་ཡང་བསྐྱེད་རིམ་ཁོ་ནས་མཆོག་འགྲུབ་པ་མ་ཡིན་ཏེ། འོན་ཀྱང་རྫོགས་རིམ་ལ་བརྟེན་ནས་རྒྱུད་དེ་མཆོག་ལ་སྦྱོར་བའི་ཕྱིར་དེ་སྐད་ཅེས་གསུངས་པ་ཡིན་ལ། འདིས་ནི་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུད་པའི་རྒྱུར་ངེས་པ་དང༌། ལས་དང་ཐུན་མོང་གི་དངོས་གྲུབ་ལ་དངོས་སུ་སྦྱོར་བར་བསྟན་ཏོ། །གཉིས་པ་ནི། རྣལ་འབྱོར་སྒྱུ་མའི་རིག་པ་འདི། །ཡི་གེ་དང་ནི་ཞེས་སྦྲེལ་ཏེ། རྣལ་འབྱོར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་ཏེ། དེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རིག་ནས། ཡི་གེ་ནི་འགྱུར་བ་མེད་པ་སྟེ་མི་འགྱུར་པའི་བདེ་བ་ཆེན་པོ། སྔགས་གཟུགས་ནི་སྔགས་ཀྱི་གཟུགས་ཞེས་པར་བཏོན་ཏེ། ཡིད་སྐྱོབ་པར་བྱེད་པའི་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་ཀྱི་རང་སྣང་ལས་བྱུང་བའི་ལྷའི་སྐུ་སྒྱུ་ལུས་སམ་ཟུང་འཇུག་གོ །བཀླགས་པ་སོགས་ནི་རྫོགས་རིམ་གྱི་མན་ངག་ཐོས་པ་
ལ་སོགས་དང་སྦྱར་ཏེ། རིག་པའི་དངོས་གྲུབ་ཀྱང་བྱེད་འགྱུར་ནི་སྒྲ་ཇི་བཞིན་པའོ། །གཉིས་པ་ནི་ངེས་པ་མེད་ཅིང་ནས་འགྲུབ་པར་འགྱུར་གྱི་བར་ཏེ། ཐེག་པ་མཆོག་གི་ལམ་བསྐྱེད་རྫོགས་ཟབ་མོ་ལ་ཡོངས་སུ་གཞོལ་བ་ལ་ནི། ཕྱོགས་དང་དུས་དང་ཆ་བྱད་དང་ཚེས་གྲངས་དང་གཟའ་སྐར་ངེས་པ་མེད་ཅིང་ཆགས་བྲལ་གྱི་དཀའ་ཐུབ་ཀྱང་ངེས་པར་དགོས་པ་མེད་ལ། མེ་ལྔ་བསྟེན་པ་དང༌། སྨྲ་བཅད་སོགས་དཀའ་བ་སྤྱོད་པ་བསྟེན་པ་མེད་ཅིང༌། དེ་བཞིན་དུ་བསྙུང་བར་གནས་པ་ཡང་མི་དགོས་ལ། རྣལ་འབྱོར་བསྒོམ་པ་ལས་གཞན་དུ་ལུས་དང་ངག་དང་ཡིད་ཀྱི་ངེས་པའི་སྡོམ་པ་མེད་ཅིང༌། དབང་ཤེས་ལྔའི་འཁོར་དུ་གྱུར་པའི་བདེ་བ་ནི་དགའ་བ་དང༌། ནང་གི་བདེ་བ་དམ་པ་ནི་བདེ་བ་སྟེ། དེ་ལྟ་བུའི་དགའ་བ་དང་བདེ་བ་དམ་པས་འགྲུབ་པར་འགྱུར་ཏེ། ལམ་མྱུར་བ་དང༌། ལམ་བདེ་བའི་དོན་ནོ། །བླ་མ་གོང་མ་ཁ་ཅིག་འདི་འོག་སྒོ་སྔགས་ཀྱི་རྣལ་འབྱོར་གྱི་ཁྱད་ཆོས་ཁོ་ན་ལ་སྦྱོར་བའང་ཡོད་མོད་ཀྱི། དེ་ལ་གཙོ་བོར་སྦྱར་ན་ཡང་ལེགས་ལ། འདིར་ནི་ཆགས་ཆེན་གྱི་ལམ་སྤྱིའི་ཆེ་བའོ། །གསུམ་པ་ནི་རྟག་ཏུ་ཤེས་རབ་ཞེས་པ་ནས། སྤྱོད་ཡུལ་ལ། ཞེས་པའི་བར་ཏེ། དེ་ལ་སྣང་བ་སེམས་ཀྱི་སྦས་པ་དང༌། འདོད་ཆགས་ཆོསཀྱི་སྦས་པའི་དོན་གཉིས་ཏེ། དང་པོ་ནི། རྟག་ཏུ་ཞེས་པ་ནི་རྟག་ཏུ་བསྒོམ་པའི་དོན་ཡིན་ལ། ཤེས་རབ་སྟེ་
བུད་མེད་དང༌། ཐབས་སྐྱེས་པའི་ལྟེ་བའི་དབུས་ཏེ་གསང་བའི་སྣ་རྩེར་གནས་པའི་དཔའ་བོ་བདེ་བའི་རང་བཞིན་གྱི་ཐིག་ལེ་ལ་སེམས་གཏད་པས། གེ་སར་གྱི་སྒྲས་ཁ་ཁ་མུ་ཁའི་རྩ་ནང་དུ་རླུང་སེམས་དབུ་མར་འགགས་པས། གསང་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ཐོབ་པར་འགྱུར་རོ། །གཉིས་པ་ནི། ཤེས་རབ་དང་ཐབས་ནི་རིག་མ་དང་སྒྲུབ་པ་པོ་སོགས་ཀྱི་སྒྲས་མཁའ་གསང་བྱིན་གྱིས་བརླབས་པ་སོགས་འདུ་ཤེས་གསུམ་དང་ལྡན་པས། སྒྲུབ་དགོས་པར་བསྟན་ལ། ལྟེ་བ་སྟེ་གསང་བའི་པདྨའི་དབུས་སུ་གནས་པའི་རྡོ་རྗེ་ནོར་བུའི་རྩེ་མོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡང་དག་པར་བརྟན་པའི་ཐིག་ལེ་ནི། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་དཔའ་བོ་སྟེ། གེ་སར་ནི་ཤེས་རབ་མའི་པདྨའི་དབུས་སུ་གནས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་ཡིན་ལ། གསང་བའི་སྤྱོད་ཡུལ་ནི། ཐབས་ཀྱི་གསང་བའི་བུ་གར་དེ་ཉིད་ཡོངས་སུ་རྒྱུ་བའི་དོན་ནོ། །འདིའི་དོན་གྱི་གཙོ་བོ་ནི་འོག་སྒོ་སྔགས་ཀྱི་རྣལ་འབྱོར་ལ་སྦྱར་བ་འདི་ཡིན་ནོ། །བཞི་པ་ནི། སེམས་དང་ཞེས་པ་ནས་བསྟན་པའོ། །ཞེས་པའི་བར་ཏེ། དེ་ལ་ཡང་སྤྱི་དོན་དང་སྦས་དོན་དང། མཐར་ཐུག་གསུམ་ལས། དང་པོ་ནི། གཏན་ལ་དབབ་པའི་ཆོས་ཐམས་ཅད་ནི་ལྔ་སྟེ། སེམས་ནི་རྣམ་ཤེས་ཚོགས་བརྒྱད་དང༌། སེམས་མེད་དོན་དུ་སྣང་བ་དང༌། ནམ་
མཁའ་སོགས་དང༌། སེམས་ཀྱི་རང་བཞིན་ཏེ་སེམས་བྱུང་རྣམས་དང༌། རང་བཞིན་ཤེས་པ་ནི་ལམ་གྱི་ཡེ་ཤེས་དང༌། ཤེས་བྱའི་བདག་ཉིད་ཆོས་དབྱིངས་སོ། །དེ་རྣམས་ནི་བདག་དཔལ་ཧེ་རུ་ཀས་ད་ལྟ་བཤད་ཅིང༌། སྔར་བསྟན་པ་དང་ཕྱིས་བསྟན་པར་བྱ་བ་སྟེ། དེ་རྣམས་སངས་རྒྱས་ཀྱི་ཆོས་བསྟན་པ་ཟབ་མོས་འཁྲུལ་མེད་དུ་སྟོན་ནོ་ཞེས་པའོ། །གཉིས་པ་ནི། རིམ་པ་གཉིས་བསྒོམས་པའི་བདེ་སྟོང་གི་ཡེ་ཤེས་དེ་ཡང་ལམ་དུས་ཀྱི་ཡེ་ཤེས་ལྔ་དང༌། སྐུ་གསུམ་གྱི་བདག་ཉིད་དེ་བདེ་གསལ་གྱི་ངོ་བོར་གནས་པའི་ཕྱིར་སེམས་ཞེས་བྱ་བ། མེ་ལོང་ཡེ་ཤེས་དང༌། དེ་ཉིད་ལ་སྤྲོས་པའི་མཚན་མ་བཟུང་དུ་མེད་པ་ནི་སེམས་མེད་དེ། མཉམ་ཉིད་ཡེ་ཤེས་དང༌། ཡེ་ཤེས་དེ་ཉིད་རང་གི་རང་ངོ་ཤེས་པ་ནི། སེམས་ཀྱི་རང་བཞིན་ཏེ། སོར་རྟོག་ཡེ་ཤེས་དང་རང་གཞན་སྣོད་བཅུད་ཀྱི་དངོས་པོ་རྣམས་གསལ་བར་ཤེས་ཤིང་དེ་དང་དེའི་མངོན་པར་འདུ་བྱེད་པ་ཡང་སྟོང་པ་ཉིད་དུ་ཤེས་པ་ནི། རང་བཞིན་ཤེས་པ་སྟེ་བྱ་སྒྲུབ་ཡེ་ཤེས་དང༌། ཕྱི་དང་ནང་དུ་ཇི་ལྟར་སྣང་བ་དེ་ཐམས་ཅད་ནི་ཤེས་བྱ་སྟེ། དེ་བདེ་སྟོང་གི་ཡེ་ཤེས་སུ་རོ་གཅིག་ཏུ་རྟོགས་པ་ནི། བདག་པོའི་དོན་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འདི་དང་མཉམ་ཉིད་གཉིས་མི་རྟོག་པའི་ཆ་ནས་བཞག་ལ། གཞན་གསུམ་བདེ་གསལ་གྱི་ཆ་ནས་བཞག་གོ །དེ་གསུམ་དུ་བསྡུ་བ་ནི་བདག་གིས་བཤད་པར་བྱ་སྟེ།
ཡེ་ཤེས་དེ་ཉིད་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་ནི་ཆོས་སྐུ་ཡིན་ལ། དེས་སྤངས་བྱ་འཇོམས་ཤིང་དངོས་པོའི་གནས་ལུགས་རྟོགས་པའི་ཡེ་ཤེས་རྒྱས་པར་འགྱུར་བའི་ཕྱིར་སངས་རྒྱས་ཏེ་ལོངས་སྐུ་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། རང་གིས་རྟོགས་པ་བཞིན་གཞན་ལ་སྟོན་པར་འདོད་པ་ནི་སྤྲུལ་སྐུའོ། །དེ་ལྟར་ན་སྟོང་ཉིད་ཆོས་སྐུ། ཡེ་ཤེས་ལོངས་སྐུ། སྙིང་རྗེ་སྤྲུལ་སྐུ་ཞེས་སྦྱོར་བ་ཡིན་ལ། ཡང་ཟབ་མོ་སྟོང་པ་དང༌། སངས་རྒྱས་བདེ་བ་དང༌། བསྟན་པ་ནི་སྣང་བ་སྣ་ཚོགས་པའི་དོན་ཏེ། སྟོང་པ་ཆོས་སྐུ། བདེ་བ་ལོངས་སྐུ་གསལ་བ་སྤྲུལ་སྐུར་འཆད་བའི་ལུགས་སོ། །གསུམ་པ་ནི། སེམས་དང་སེམས་དཔའ་བསམ་པའི་གཟུགས། །ཡེ་ཤེས་ཤེས་བྱའི་རང་བཞིན་བདག །ཅེས་ནག་པོ་པའི་འགྲེལ་པར་འདོད་པ་ལྟར་བྱ་སྟེ། རྟོག་པ་དང་བྲལ་བའི་སེམས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པ་གཉིས་དེ་ཀར་མངོན་སུམ་དུ་མཐོང་བའི་ཕྱིར། མེ་ལོང་ལྟ་བུ་ལ་སེམས་ཤེས་བརྗོད་པ་དང༌། རང་གི་ཆོས་ཉིད་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གནས་པར་གཟིགས་པས། མཉམ་པ་ཉིད་ནི་སེམས་དཔའ་དང༌། བདག་དང་ཆོས་ཀྱིས་སྟོང་པའི་སེམས་ཙམ་གྱི་ཆོས་ཐམས་ཅད་རྟེན་འབྲེལ་མ་འཁྲུགས་པར་གཟིགས་པའི་ཕྱིར།
སོ་སོར་རྟོག་པ་ནི་བསམ་པའི་གཟུགས་དང༌། རྣམ་རྟོག་འགགས་ཀྱང་སྨོན་ལམ་གྱི་དབང་གིས་ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་གྱི་དོན་བྱེད་པས། བྱ་བ་སྒྲུབ་པ་ལ་ནི་ཡེ་ཤེས་ཞེས་བྱ་བ་དང༌། རང་བཞིན་གྱི་དྲི་མ་མེད་པའི་མཚན་ཉིད་ཅན་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་ནི་ཤེས་བྱའི་རང་བཞིན་དང་བདག་པོའོ། །དེ་ལྟ་བུའི་ཡེ་ཤེས་ལྔ་པོ་དེ་ཉིད་གསུམ་དུ་བསྡུ་བ་ནི་བདག་གིས་བཤད་པར་བྱ་སྟེ་ཤིན་ཏུ་རྣམ་པར་དག་པའི་དབྱིངས་གཞན་གྱིས་མྱོང་བ་མ་ཡིན་པས་ཆོས་ཀྱི་སྐུ་ནི་ཟབ་མོ་ཡིན་ལ། སངས་རྒྱས་རང་ཉིད་ལ་སྣང་བའི་སྐུའམ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་མཚན་དཔེ་ཅན་དུ་སྣང་བའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་དང༌། ཐུན་མོང་བའི་གདུལ་བྱ་རྣམས་ལ་ཕུན་སུམ་ཚོགས་པ་ཡོངས་སུ་སྩོལ་བའི་ཕྱིར་མཛད་པ་སྣ་ཚོགས་པ་དང༌། ཆོས་སྣ་ཚོགས་པ་སྟོན་པ་ནི། སྤྲུལ་པའི་སྐུ་སྟེ་བསྟན་པའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་སྐུ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་དང༌། ཡེ་ཤེས་ལྷག་མ་གཉིས་ནི་དགོས་པའི་དབང་གིས་ཅི་རིགས་པར་བསྡུ་བ་ལས། རེ་ཞིག་ལོངས་སྐུར་བསྡུ་བར་བྱའོ། །ལྔ་པ་ནི། ཨཱ་ལི་ཀཱ་ལི་ཞེས་པ་ནས།
གཟུགས་ཀྱིས་སོ་ཞེས་པའི་བར་ཏེ། འདི་ལ་བསྒོམ་བྱ་དམིགས་པ་ལ་སྦྱར་བ་དང༌། བགྲོད་བྱ་ལམ་ལ་སྦྱར་བ་གཉིས་ལས། དང་པོ་ནི། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ནི། རོ་མའི་ནང་དུ་ཀཱ་ལི་སོ་གཉིས་དང༌། རྐྱང་མའི་ནང་དུ་ཨཱ་ལི་ཉིས་འགྱུར་སོ་གཉིས་དེ་ལྟར་ཡིག་འབྲུ་གྲངས་མཉམ་པ་ཧཱུཾ་ཡིག་གི་ཐག་པ་ལ་བརྒྱུས་པའོ། །རི་མོ་ནི་ལྟེ་བའི་ཨཾ་ཡིག་སྟེ། དེ་ལ་རླུང་དང་སེམས་སྦྱར་བར་བྱས་ནས། རི་མོ་དེ་ཉིད་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྟེང་དུ་འབར་བ་ལས་ནི་ཧཾ་ཡིག་ཞུ་བའི་ཐིག་ལེ་འོག་ཏུ་འབབ་བར་བྱེད་པའོ། །དེ་ཡང་ཇི་ལྟར་འབབ་ཅེ་ན། ཁུ་བ་བྱང་ཆུབ་ཀྱི་སེམས་འབབ་པ་ནི་བདེ་བའི་ཡེ་ཤེས་དམ་པ་བསྐྱེད་པ་དང༌། ཚེ་རིང་པོར་བྱེད་པ་སོགས་ཀྱི་ནུས་པ་དང་ལྡན་པའི་ཕྱིར་བདུད་རྩི་ཡིན་ལ། དེ་ཉིད་ཐིགས་པ་འབབ་པའི་གཟུགས་སམ་རྣམ་པ་བསྒོམས་པ་ལས་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ནི། ཨཱ་ལི་ཀཱ་ལི་རྐྱང་མ་དང་རོ་མའི་རླུང་སྟེ་དེ་ཉིད་མཉམ་པར་རྒྱུ་བར་བྱས་ནས། རི་མོ་སྟེ་རྩ་ཨ་ཝ་དྷཱུ་ཏིའི་ནང་དུ་རབ་ཏུ་སྦྱར་བར་བྱའོ། །དེ་ཡང་མཉམ་ཞེས་པ་རླུང་དབུ་མར་ཞུགས་པ་བསྟན་ཞིང་རི་མོ་དེ་ལ་སྦྱར་ཞེས་པས་དབུ་མར་གནས་པ་བསྟན་ནོ། །རི་མོའི་སྟེང་དུ་སོགས་ཀྱིས་དབུ་མར་ཞུགས་ཟིན་པའི་བྱེད་ལས་ཡིན་པའི་ཕྱིར་དེ་ཉིད་བསྟན་པ་ཡིན་ཏེ་དབུ་མའི་ནང་དུ་
རླུང་ཐིམ་པ་ན་ལྟེ་བའི་རེ་ཁ་གཏུམ་མོ་ཡེ་ཤེས་ཀྱི་མེ་རོ་མའི་ལམ་ནས་བརྒྱུད་འཁོར་ལོ་བཞི་ཡོངས་སུ་བསྲེགས་ནས་སྤྱི་བོར་ཕྱིན་པར་འགྱུར་རོ། །དེ་ཡང་རླུང་ཐིམ་པའི་ཚེ་འབྱུང་བའི་རིམ་པས། ལྟེ་བའི་དཀྱིལ་འཁོར་དུ་རྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་མཐོང་ཞིང༌། རོ་མ་ནས་འབར་བ་ན་རྩ་གསར་དུ་དྲལ་བའི་མཐུས་སྡུག་བསྔལ་དང་འབྲེལ་བའི་ཏིང་ངེ་འཛིན་འབྱུང་སྟེ། དུས་གསུམ་ལས་དུས་ངན་པ་སྡུག་བསྔལ་གྱི་དུས་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཁྲག་དང་མཁྲིས་པའི་ཁམས་འཁྲུག་པ་སྙམ་བྱེད་པ་དང༌། {ོམ་དད་ཆེ་ཞིང་ཚ་བ་བསྐྱེད་པ་དང༌། སྙིང་ཁར་ཕྱིན་པས་ཤེས་པ་འཕྱོ་བ་དང༌། མགྲིན་པར་བྱིན་པས་འདར་བ་དང་སྐད་འགག་པ་སོགས་འབྱུང་ཞིང༌། སྤྱི་བོར་ཕྱིན་དུ་ཉེ་བ་ན། དེ་དག་ཏུ་གཟེར་བ་སོགས་འབྱུང་ངོ༌། །དེ་ནས་སྤྱི་བོར་ཕྱིན་པ་ན། བྱང་ཆུབ་ཀྱི་སེམས་རྐྱང་མའི་ལམ་ནས་འོག་ཏུ་འབབ་པར་བྱེད་དོ། །དེའི་ཚེ་འཛིན་པ་དམ་པོ་དང་བཅས་པའི་བདེ་བའི་ཉམས་ཤས་ཆེར་འབྱུང་སྟེ། དུས་གསུམ་ལས་དུས་བཟང་པོ་བདེ་བའི་དུས་ཞེས་བྱའོ། །འདི་ལ་ཡང་ཁམས་ཀྱི་བགྲོད་པ་མི་བརྟན་པ་སྙམ་བྱེད་པ་དང༌། རླུང་དང་གྲང་བ་འཕེལ་སྙམ་བྱེད་པའི་སྐབས་ཀྱང་ཅུང་ཟད་འབྱུང་ལ། འོན་ཀྱང་འཁོར་ལོ་གསུམ་ཞུ་བ་ལ་བདེ་བ་དང་གསལ་བ་དང༌། མི་རྟོག་པའི་ཉམས་ཅུང་ཟད་ཡོད་དོ། །
འཁོར་ལོ་སོ་སོའི་རྩ་མདུད་ལ་འབར་འཛག་ལན་གསུམ་བཟློག་པར་འགྱུར་བ་དེའི་ཚེ་ཟུག་རྔུ་དང་བཅས་པར་འགྱུར་རོ། །ཞེས་བླ་མ་གསུང་ངོ༌། །བྱང་ཆུབ་ཀྱི་སེམས་ལྟེ་བའི་མེ་དང་ཕྲད་པའི་ཚེ། ཆོས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཏེ། དེའི་རྐྱེན་གྱིས་རླུང་སེམས་ལྷག་པར་འགག་པར་འགྱུར་རོ། །དེས་གཏུམ་མོའི་མེ་ཤིན་ཏུ་རྣོ་བ་སྟོབས་དང་ལྡན་པར་འགྱུར་ཏེ་དབུ་མའི་སྒོ་ཕྱེ་ནས། དབུ་མའི་ནང་གི་རྩ་མདུད་རྣམས་རིམ་གྱིས་གྲོལ་བ་ལས། སྤྱི་བོར་ཕྱིན་པ་ན་ཧཾ་ཡིག་གི་སྙིང་པོ་ཡོངས་སུ་ཞུ་སྟེ། རིམ་གྱིས་འཁོར་ལོ་བཞི་བརྒྱུད་ནས། ལྟེ་བར་འབབ་བོ། །དེ་ལས་རབ་ཏུ་འབར་ཞིང་འབར་བ་ལས་ཀྱང་ལྷག་པར་འཛག་སྟེ། དབུ་མར་འབར་འཛག་ལན་གཅིག་འཕྲོད་པ་ན་འབར་འཛག་ཁོར་མར་འབྱུང་ངོ༌། །དབུ་མའི་ནང་དུ་འབར་བས་ནི། སྟོང་པ་ཉིད་དང་མི་རྟོག་པར་འགྱུར་ལ། ཧཾ་ཡིག་ཞུ་བས་ནི་བདེ་བ་ཆེན་པོའོ། །དེས་ན་བདུད་རྩི་ཐིགས་པའི་ཚུལ་ལས་སོ་ཞེས་པ་ནི། དབུ་མའི་ནང་གི་འབར་འཛག་བརྟན་པ་སྟེ། དུས་གསུམ་ལས་བསམ་གྱིས་མི་ཁྱབ་པའི་དུས། མི་རྟོག་པའོ། །འདི་ལ་དང་པོ་འབར་བའི་དུས་ནས་བཟུང་སྟེ། དབུ་མའི་རྩ་མདུད་རྣམས་ཅུང་ཟད་གྲོལ་བ་དང༌། དང་པོ་འབབ་པ་ལས་ཀྱང་དགའ་བ་གསུམ་གྱི་རྟོགས་པ་ཅི་རིགས་པ་སྐྱེ་བར་འགྱུར་བས་
ཡོན་ཏན་གྱི་ཁྱད་པར་མང་དུ་ཐོབ་ཅིང༌། བགེགས་ཐམས་ཅད་ལས་རང་གྲོལ་བའོ། །འདི་ཉིད་བོགས་ཕྱུང་བས་མི་རིང་བར་སྦྱོར་ལམ་དྲོད་ཆེན་པོར་འགྱུར་རོ། །དྲུག་པ་ནི། གང་གང་ཞེས་པ་ནས་རང་བཞིན་འབབ་གྱི་བར་ཏེ། དེ་ཡང་མིག་ལ་སོགས་པ་གང་དང་གང་གི་དབང་པོའི་ལམ་ལས་གཟུགས་སོགས་ཡུལ་འཛིན་པའི་རྣམ་པར་ཤེས་པར་འབྱུང་བ་ཐམས་ཅད་ནི་དེ་དང་དེའི་རང་བཞིན་ལྷན་ཅིག་སྐྱེས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སུ་སྐྱེ་བར་འགྱུར་ལ། དེ་ལྟ་བུའི་ཡེ་ཤེས་དེ་ཡང་མཆོག་རྡོ་རྗེ་སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་བཞི་པར་བཅས་པའི་དབང་བསྐུར་བའི་དུས་རང་རྒྱུད་ལ་ཉམས་མྱོང་གི་ཚུལ་གྱིས་ཡོངས་སུ་བཞག་པ་དེ་ཉིད་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱི་ཚེ་ཡང་རྒྱས་གདབ་ཀྱི་ཚུལ་གྱིས་གོམས་པས་སངས་རྒྱས་ཀུན་གྱི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་རང་བཞིན་ཅན་རང་བཞིན་ལྷན་ཅིག་སྐྱེས་པ་རྒྱུད་ལ་འབབ་ཅིང་སྐྱེ་བར་འགྱུར་རོ། །ནག་པོ་པའི་འགྲེལ་པ་ལས་ནི། མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཞེས་བཏོན་ཏེ། མཆོག་ནི་སྟོང་པ་ཉིད། ཕན་པ་ནི་སྙིང་རྗེ་སྟེ། དེ་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་ལས་ནི། སངས་རྒྱས་ཀུན་གྱི་རང་བཞིན་ཆོས་སྐུ་ཐོབ་པའི་དོན་དུ་བཤད་དོ། །འདི་དོན་ནི། ཞུ་བདེ་ལས་ཐོབ་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྣམ་མེད་ཕྱག་ཆེན་ནི་ཆོས་
ཀྱི་རྣལ་འབྱོར་དངོས་ཡིན་ལ། དེས་ནི་རྣམ་ཤེས་ཐམས་ཅད་བདེ་བའི་རོར་འཆར་བར་བྱེད་ཅིང་ལམ་གྱི་རང་བཞིན་ལྷན་སྐྱེས་རྒྱུད་ནས་ཆོས་སྐུ་ཐོབ་པའི་ཐབས་ཀྱི་གཙོ་བོའོ། །དེ་སྒྲུབ་པའི་ཕྱིར་བསྐྱེད་རྫོགས་ཐམས་ཅད་ལ་བདེ་སྟོང་གིས་རྒྱས་འདེབས་པ་ཡང་ཆོས་ཀྱི་རྣལ་འབྱོར་ཏེ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་སོ། །བདུན་པ་ནི། དམ་ཚིགས་སོགས་ཏེ། བཟའ་བའི་དམ་ཚིག་ཆེན་པོའམ་མཆོག་གི་རྣལ་འབྱོར་ཅན་ལ་དངོས་གྲུབ་ཆེན་པོར་འགྱུར་བའི་ཕྱིར། བདུད་རྩི་རིལ་བུ་ཕན་ཡོན་ཆེན་པོ་དང་ལྡན་པ་སྒྲུབ་ཅིང་བཟའ་བར་བྱའོ་ཞེས་པ་སྟེ། རྒྱས་པར་འོག་ཏུ་འཆད་དོ། །བརྒྱད་པ་ལ། མཆོད་པ་ཆེན་པོ་ནི་རྣམ་པ་གསུམ་སྟེ། སྤྱིའི་དོན་དང༌། སྦས་དོན་དང༌། མཐར་ཐུག་གོ །དང་པོ་ནི། དཀྱིལ་འཁོར་སྒྲུབ་པའི་མཆོད་པ་སྟོན་ཏེ། །རྡོ་རྗེ་སློབ་དཔོན་དཔལ་སྒྱུ་འཕྲུལ་ཆེན་མོ། རང་རིགས་ཀྱི་ཕྱག་རྒྱ་དང་རབ་ཏུ་སྦྱོར་བ་ལས་སྦྱོར་བ་སྟེ་དཀྱིལ་འཁོར་གྱྀ་འཁོར་ལོ་རབ་ཏུ་སྤྲོ་བའི་རྣལ་འབྱོར་དང་ཞེས་པས་དཀྱིལ་འཁོར་སྒྲུབ་པ་བསྟན་ཞིང༌། འདོད་པའི་ཡོན་ཏན་ལྔ་དང་བཅས། །མཆོད་པ་ལྔ་དང་ཡང་དག་ལྡན། །ཞེས་པ་ནི་སྒྲ་ཇི་བཞིན་པ་སྟེ་དཀྱིལ་འཁོར་མཆོད་པའོ། །གཏོར་མའི་ཆོ་ག་ཡང་ཚིག་འདིས་ཟུར་གྱིས་འཕངས་པ་ཡིན་ཏེ། བྱིན་བརླབ་ཀྱི་ཆོ་ག་ནི། ཁ་ཟས་བྱིན་བརླབ་དང་ཐུན་
མོང་སྟེ་འོག་ཏུ་སྟོན་ལ། གཏོར་མ་འབུལ་བའི་སྔགས་ནི། སློབ་དཔོན་ཆེན་པོ་ཀུ་ཀུ་རཱི་པས། ཟླ་གསང་ཐིག་ལེའི་རྒྱུད་དང༌། འཕྲེང་བའི་རིག་པ་འཛིན་མའི་རྟོག་པ་དང་མཐུན་པར་གཏོར་ཆོག་མཛད་དོ། །མན་ངག་གཞན་ལས་ནི། ཨོཾ་བཛྲ་ཊཱ་ཀི་ནཱི་ཨི་མཾ་བཱ་ལིང་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཏྲི་ཤྱ་ཧོ་ཞེས་པའི་སྔགས་ཉིད་འདོན་པ་སྤོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་འབུལ་བར་བཞེད་དོ། །སྡོམ་པ་བྱེད་པར་འགྱུར་ཞེས་པ་ནི། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་ལ་དབང་བསྐུར་བ་སྟེ། རང་སྡོམ་པ་གསོ་ཞིང་གཞན་གྱིས་སྡོམ་པ་ཐོབ་པར་བྱེད་པས་ནའོ། །སྒྲུབ་པོའི་དབང་ནི་རིམ་པ་གཉིས་ལ་ནུས་པ་རྙེད་པ་སྟེ། དེས་བདག་ཉིད་ཀྱི་དངོས་གྲུབ་ཀྱི་དོན་དུ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ཤེས་པར་བྱ་བ་ཡིན་ཏེ། སྒྲུབ་པ་ཆེན་པོ་དེ་ལས་ནི་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཤིན་དུ་རྟག་ཅིང་མི་ཉམས་པ་ཐོབ་པར་འགྱུར་བའོ། །གཉིས་པ་ནི། འོག་སྒོ་སྔགས་ཀྱི་རྣལ་འབྱོར་རྒྱས་པར་སྟོན་པ་སྟེ་སྒྱུ་འཕྲུལ་ཆེན་མོ་ཡབ་ཡུམ་གྱི་ལྷ་བསྒོམས་པའི་སྦྱོར་བ་ལ་རབ་ཏུ་གནས་པས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་དང༌། ཁ་ཁ་མུ་ཁ་རབ་ཏུ་སྦྱོར་བ་ལས་དབུ་མའི་མས་སྣ་ལས་ཀྱི་རླུང་གིས་གང་ཞིང་རྒྱས་པར་འགྱུར་རོ། །དེ་ལྟར་ཡང་དཔལ་རྡོ་རྗེ་འཕྲེང་བའི་རྒྱུད་ལས། དཔའ་བོ་དང་ནི་རྣལ་འབྱོར་མ། །གང་ཚེ་
གསང་བའི་རྩ་གཉིས་སོ། །ཡང་དང་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡི་མེ་ནི་རབ་སད་དེ། ཅེས་སོགས་གསུངས་པ་ལྟར་གཏུམ་མོ་རབ་ཏུ་འབར་བས་ཧཾ་ཡིག་བཞུ་སྟེ་དཀར་དམར་ཁ་སྦྱོར་དུ་འགྱུར་རོ། །དེ་ལས་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་འཆིང་བའི་བདེ་ཆེན་གྱི་སྡོམ་པ་མངོན་དུ་བྱེད་པར་འགྱུར་ལ། གཞན་ཡང་ཤེས་རབ་ཀྱི་རང་བྱུང་ནི་མེ་ཏོག་སྟེ། དེ་ཉིད་བདག་གི་དབུ་མར་ཐིམ་པ་དང༌། གཏུམ་མོར་འབར་བས་རྣམ་རྟོག་འགགས་པའི་བདུག་སྤོས་དང༌། སྙིང་ཁར་འབར་འཛག་གི་འགྲོ་འོང་ལ་རྟེན་ནས་འོད་གསལ་འཆར་བའི་མར་མེ་དང༌། བྱང་ཆུབ་ཀྱི་སེམས་ལུས་ལ་ཁྱབ་པའི་དྲི་མཆོག་གི་བྱུག་པ་དང༌། དབང་ཤེས་ཐམས་ཅད་བདེ་བར་ཤར་བའི་ཞལ་ཟས་ཏེ་མཆོད་པ་ལྔ་དང་ཡང་དག་པར་ལྡན་པ་ཡིན་ལ། དེ་བཞིན་དུ་རིག་མའི་ཁ་སྦྱོར་གྱི་འདོད་པའི་ཡོན་ཏན་ལྔ་ལ་སེམས་ཟིན་པའི་བདེ་སྟོང་གི་ཏིང་ངེ་འཛིན་ལྔ་དང་ཡང་བཅས་པ་སྒྲུབ་པོའི་དབང་པོ་གང་གིས་ཞུ་བདེ་དེ་ཉིད་སྤྲོས་བྲལ་དུ་ཤེས་པར་བྱ་བ་ཡིན་ཏེ། དེ་ལས་ནི་མཆོག་གི་དངོས་གྲུབ་ཤིན་ཏུ་རྟག་པ་ཐོབ་པར་འགྱུར་རོ། །གསུམ་པ་ནི། སྒྱུ་འཕྲུལ་ཆེན་མོའི་རབ་ཏུ་སྦྱོར་བ་སྟེ། སྤྱོད་པའི་ཚེ་ལྷའི་རྣལ་འབྱོར་དང་ཇི་ལྟར་འོས་པར་ཆས་སུ་
ཞུགས་པའི་ཚོགས་ཀྱི་དཀྱིལ་འཁོར་རོ། །ཕྱི་དང་ནང་གི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དང་ཡང་ལྡན་པར་བྱས་ཏེ་ཕྱག་རྒྱའི་ཚོགས་དང་མཉམ་པར་སྦྱོར་བ་དང་ལྷན་ཅིག་འོད་གསལ་བ་བསྒོམས་ན་སྒྱུ་མའི་ལུས་དེ་ཡང་འོད་གསལ་དུ་སྡོམ་ཞིང་ཐིམ་པར་བྱེད་པར་འགྱུར་རོ། །རྒྱུ་ཅི་ཞིག་གི་ཞེ་ན། མཆོད་པ་ལྔ་དང་ཡང་དག་ལྡན་ཞེས་བྱ་བ་ལ་གོང་དང་མཐུན་པ་ལས་མངོན་པར་རྟོགས་པ་འདི་ཡིན་ཏེ། མཐོང་ལམ་ཐོབ་པའི་ལྔ་ལོགས་སུ་ཉེ་རྒྱུའི་དབང་བསྐུར་བ་ལ་ཐོག་མར་བདུག་སྤོས་ཀྱི་དོན་གཏུམ་མོ་རབ་ཏུ་འབར་བར་འགྱུར་ཞིང༌། དེ་ནས་དྲི་ཆབ་ཀྱི་དོན་བྱང་ཆུབ་ཀྱི་སེམས་ཞུ་བ་དང༌། མེ་ཏོག་གི་དོན་དམར་ཆ་དང་འབྲེལ་བ་སྤྱི་བོར་བརྟན་པ། མར་མེའི་དོན་མཐོང་ལམ་དོན་གྱི་འོད་གསལ་སྐྱེ་བར་འགྱུར་རོ། །ཞལ་ཟས་ཀྱི་དོན་དབང་ཤེས་ལྔ་བདེ་བར་འཆར་བ་ནི། དེའི་སྦྱོར་བའི་དུས་ན་རིག་མའི་འདོད་ཡོན་ལྔ་ལ་སྤྱོད་པའི་དུས་ཀྱང་འབྱུང་ཞིང༌། འོད་གསལ་དེ་ལས་ལངས་པའི་གནས་སྐབས་ན་ཡུལ་གྱི་སྣང་བ་ཤར་བའི་ཚེ་ཡང་འབྱུང་ངོ༌། །དེ་ལྟ་བུའི་སྒྲུབ་པོའི་དབང་པོ་དེས་སྤྱོད་པ་ལ་བརྟེན་ཏེ། འོད་གསལ་དུ་ལྡང་འཇུག་ཤེས་པར་བྱ་དགོས་པ་ཡིན་ཏེ། དེ་ལས་ཟུང་འཇུག་གི་དངོས་གྲུབ་ཤིན་ཏུ་རྟག་ཅིང་རྒྱུན་མི་འཆད་པ་ཐོབ་པར་འགྱུར་བས་སོ། །འདིས་ནི་མར་གཞལ་ཏེ་སྤྱོད་པ་ལ་བརྟེན་ཏེ་སྒྱུ་ལུས་སྒྲུབ་ཚུལ་དང༌། ཡར་གཞལ་ཏེ་ཕྱོགས་
ལས་རྣམ་རྒྱལ་དང༌། ཉེ་རྒྱུ་ཆེན་པོའི་སྤྱོད་པ་ལ་བརྟེན་ཏེ་མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཚུལ་ཡང་རིགས་འགྲེ་བས་ཤེས་པར་བྱ་སྟེ། ཞིབ་མོར་རྒྱུད་སྡེ་གཞན་ནམ་སློབ་དཔོན་གྱི་ངག་ལས་རྟོགས་པར་བྱའོ། །དགུ་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། ཞོར་བྱུང་སྤྱོད་པའི་སྔོན་འགྲོ་རིམ་གཉིས་ཀྱི་མན་ངག་ཅུང་ཟད་བསྟན་པ་དང༌། སྤྱོད་པ་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་ཤེས་པའི་ཞེས་པ་ནས། དེ་བཤད་བྱ་ཞེས་པའི་བར་ཏེ། འདི་ལ་ཡང༌། དྲང་དོན་དང༌། ངེས་དོན་གཉིས་ལས། དང་པོ་ནི་སྒྲུབ་པོ་གང་གིས་ཐབས་གང་ཞིག་ཤེས་ཤིང་རྟོགས་པའི་འབྲས་བུ་དངོས་གྲུབ་ནི་འདོད་ཁམས་དང་གཟུགས་ཁམས་ཀྱི་ལྷའི་གནས་སུ་དེ་དག་གི་རིག་པ་འཛིན་པར་མྱུར་དུ་འགྲོ་བར་འགྱུར་བའི་ཐབས་དེ་ནི། ཧེ་རུ་ཀ་ང་ཡིས་བཤད་པར་བྱ་སྟེ། ལྷ་མོ་ཞེས་སངས་རྒྱས་མཁའ་འགྲོ་མ་ལ་བོས་ནས། ང་ནི་འབྲས་བུ་ལ་མི་བསླུ་བ་བདེན་པའི་ཚིག་ཁོ་ནར་སྨྲའོ། །ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཁྱོད་ལ་ངས་ས་འོག་ས་སྟེང་ས་བླས་བསྡུས་པའི་འཇིག་རྟེན་གསུམ་གྱི་དངོས་གྲུབ་དང་ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པའི་ཐབས་དེ་བཤད་པར་བྱའོ། །ཞེས་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་སྤྱོད་པ་ལ་རག་ལས་པའི་དོན་ནོ། །གཉིས་པ་ནི། གཞན་
རྣམས་འདྲ་བ་ལ་ལྷའི་གནས་སུ་འགྲོ་བ་ནི་རླུང་སེམས་ཙམ་གྱི་སྐུའམ་སློབ་པའི་ཟུང་འཇུག་གི་སྐུའམ། ལོངས་སྤྱོད་རྫོགས་སྐུ་ཐོབ་པ་གསུམ་ཆར་ལ་འཇུག་པ་ལས་གཙོ་བོ་ནི་ཕྱི་མ་ཡིན་ལ། དངོས་གྲུབ་དེ་ནི་བརྫུན་པ་མ་ཡིན་ཏེ་བདེན་པ་ཡིན་པར་ང་སྨྲའོ། །ཞེས་ལོངས་སྤྱོད་རྫོགས་སྐུ་ནི་བདེན་པའི་དོན་ཅན་ཡིན་ལ། དང་པོ་གཉིས་ཀྱང་ཐོབ་བྱའི་དོན་ལ་མི་བསླུ་བའི་ཐབས་བདེན་པའོ། །འཇིག་རྟེན་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་མོ། །སྤྱོད་པའི་འབྲས་བུ་གསུམ་མམ་བཞི་བཤད་པ་འདིས་སྤྱོད་པའི་དུས་སྐབས་ཀྱང་ཞོར་ལ་སྟོན་པ་ཡིན་ནོ། །གཉིས་པ་ལ། ཡིག་དོན་དང་སྤྱི་དོན་དང༌། སྦས་དོན་དང༌། མཐར་ཐུག་གི་དོན་དུ་བཤད་པ་སྟེ་བཞི་ལས། དང་པོ་ནི། སྔགས་ཀྱི་བཟླས་པ་དང་སྦྱར་བར་བྱ་སྟེ། རྣལ་འབྱོར་ཆེན་པོ་སྟེ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་ནི་ལྷའི་རྣལ་འབྱོར་ལ་གནས་པའི་སྒོ་ནས་སྔགས་ཀྱི་བཟླས་པ་བྱེད་པའི་ཚེ་བཟང་པོ་སྟེ་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡི་གེའི་འཕྲེང་བ་སྙིང་ཁར་བཀོད་ཅིང་བསམས་ལ་དེ་ལ་གསལ་སྣང་ཐོབ་ཅིང་བཟླས་པ་ཙམ་གྱིས་ནི་རྒྱུ་བ་ལྷ་སོགས་དབང་དུ་བྱེད་པ་དང༌། མི་རྒྱུ་བ་གཏེར་གྱི་བུམ་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཞེས་པ་སྒྲ་ཇི་བཞིན་པའོ། །འདི་ནི་མན་ངག་གཞན་ལས་འབྱུང་བ་སྟེ། སྔགས་ཀྱི་འཕྲེང་
བ་ཅི་ཞིག་ཡིན་ཞེ་ན། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་འཕྲེང་བའི་སྔགས་ཏེ། དཔལ་རྡོ་རྗེ་མཁའ་འགྲོའི་བདེ་ཆེན་འཁོར་ལོ་དང༌། འདི་ཉིད་ཀྱྀ་དཀྱིལ་འཁོར་ནི། སྟོན་བྱེད་ཀྱི་ཚིག་ཀྱང་ཕལ་ཆེར་འདྲ་ཞིང་དོན་ཡང་གཅིག་ལ་རྒྱུད་དེ་ཉིད་ལས་ཀྱང་མཧཱ་མ་ཡའི་དཀྱིལ་འཁོར་ཡིན་པར་གསུངས་པས་རྒྱུད་འདིའི་དགོངས་པ་རྡོ་རྗེ་མཁའ་འགྲོས་བཀྲལ་བའི་ཚུལ་ལས་འཕྲེང་བའི་སྔགས་ནི་དེའོ། །ཨོཾ་རྀ་རཱྀ་ྈྐ་ལྀ་ལཱྀ་ྉྤ་ཧྲི་ཧ་ཧེ་ཕཊ། སྙིང་པོའོ། །ཨོཾ་ཨ་ཨཱ་ཀ་ཙ་ཊ་ཏ་པ་ཡ་ཤ ཨི་ཨཱི་ཁ་ཚ་ཋ་ཐ་ཕ་ར་ཥ། ཨུ་ཨཱུ་ག་ཛ་ཌ་ད་བ་ལ་ས། ཨེ་ཨཻ་གྷ་ཛྙ་ཌྷ་དྷ་བྷ་ཝཧ། ཨོ་ཨཽ་ང་ཉ་ཎ་ན་མ་ཨཾ་ཨཿསྭཱཧཱ། མཁའ་འགྲོ་མ་རྣམས་ཀྱི་ཕྲེང་སྔགས་ཏེ་རྣམ་པ་དཀྲུགས་པ་ཞེས་བྱ་བ། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་ཐོག་མ་ཉིད་དུ་བྱ་བ་ཡིན་ལ། ཕྱེད་ཕྱི་མ་ནི་འཇམ་པོར་བཟླ་བ་ཞེས་བྱ་བ། ཨོཾ་ཨེ་ཨཻ། ཨོ་ཨཽ་ཨཾ་ཨཿ ཧྲི་ཧ་ཧེ་ཕཊ། གཙོ་བོའི་སྙིང་པོའོ། །ཨོཾ་ཨ་ཨཱ་ཀ་ཁ་ག་གྷ་ང་ཧ་༵ྈྐ་སྭཱཧཱ། སངས་རྒྱས་མཁའ་འགྲོ་མའིའོ། །ཨོཾ་ཨི་ཨཱི་ཙ་ཚ་ཛ་ཛྙ་ཉ་ཡ་ཤ་ཧཱུཾ་ཕཊ། ལས་ཀྱི་མཁའ་འགྲོ་མའིའོ། །ཨོཾ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་ཧྲིཿཛཿཔདྨ་མཁའ་
འགྲོ་མའིའོ། །ཨོཾ་ལྀ་ལཱྀ་ཏ་ཐ་ད་དྷ་ན་ལ་ས་ན་མཿ རིན་ཆེན་མཁའ་འགྲོ་མའི་འོ། ཨོཾ་ཨུ་ཨཱུ་པ་ཕ་བྷ་མ་ཝ་ྉྤ་ཨོཾ། རྡོ་རྗེ་མཁའ་འགྲོ་མའིའོ། །སྔགས་དང་རྒྱུད་ལ་མཁས་པའི་སློབ་དཔོན་ཁ་ཅིག་ནི། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་སརྦ་དུཥྟཾ་ས་མ་ཡ་མུ་དྲཱ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ཅེས་པ་ཧེ་རུ་ཀའི་སྤྱི་སྔགས་ཀྱང་བཟླ་བར་བཞེད་དོ། །གཉིས་པ་ནི། བཟང་པོ་ནི་གང་ཞིག་རྟོགས་ན་ཡོན་ཏན་ཐམས་ཅད་ཐོབ་པའི་ཕྱིར་ཆོས་ཀྱི་དབྱིངས་ནི་བཟང་པོའོ། །ཡི་གེ་ནི་ཨ་ཀྵ་ར་ཞེས་པ་འགྱུར་བ་མེད་པ་དེ་ཡང་འགྱུར་བ་མེད་པ་ཡུལ་དུ་བྱས་པའི་ཕྱིར། ཡེ་ཤེས་ནི་འགྱུར་མེད་དེ། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཕྲེང་བའོ། །དེས་ནི་རྒྱུ་བ་དང་མི་རྒྱུ་བའི་སྣོད་བཅུད་མཐའ་དག་སྟོང་པ་ཉིད་དུ་རྟོགས་པར་འགྱུར་རོ། །གསུམ་པ་ནི། བཟང་པོ་ནི་སྙིང་ཁའི་ཐིག་ལེ་སྟེ། དཀར་དམར་གྱི་དབུས་ན་གནས་པའི་མི་ཤིགས་པ་ཡིན་ལ། ཡི་གེའི་ཕྲེང་པ་ནི་རོ་རྐྱང་གི་རླུང་མཚོན་པ་ཨཱ་ལི་ཀཱ་ལིའི་འཕྲེང་བའོ། །དེས་ནི་རྒྱུ་བ་རླུང་དང་མི་རྒྱུ་བ་སེམས་དབུ་མར་འགགས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང་མངོན་པར་ཤེས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །གཞུང་འདིའི་དོན་གྱི་གཙོ་བོ་ནི་སྔགས་དོན་འདི་ཁོ་ན་ཡིན་པར་བཞེད་དོ། །བཞི་པ་ནི་བཟང་པོའི་ཡེ་གེ་ནི་འོད་ཟེར་ལྔའི་བདག་ཉིད་ཅན་གྱི་རླུང་བཅུ་རྣམ་པར་དག་པ་ཟུང་དུ་འཇུག་པའི་
སྐུ་དེ་ཉིད་ཡོངས་སུ་བསྒོམས་པས་རྒྱུ་བ་ལྷ་སྐུ་དང༌། མི་རྒྱུ་བ་གཞལ་མེད་ཁང་དང་ཞིང་ཁམས་དག་པའི་སྣང་བ་རབ་འབྱམས་མཆེད་དེ་ས་གོང་ནས་གོང་འགྲོ་བར་འགྱུར་རོ། །འདིར་བསམས་པ་ཙམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་མྱུར་དུ་འགྲུབ་པའི་ཕན་ཡོན་ནོ། །གསུམ་པ་ནི། འདོད་པ་ཀུན་ལ་ཉེར་སྤྱོད་པ། །ཞེས་པ་ནས། རང་གི་གཟུགས་ནི་ཡོངས་རྗེ་ཉིད་ཞེས་པའི་བར་ཏེ། རིམ་པ་གཉིས་ལ་བརྟན་པ་ཐོབ་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་ལོངས་སྤྱོད་ཅིང་ཡིད་ལ་ཇི་ལྟར་འདོད་པར་གླུ་དང་གར་ལ་སོགས་པ་ཨ་རལླི་སྤྲོས་པ་རྒྱས་པའམ་བསྡུས་པ་ཇི་ལྟར་འདོད་པ་བཞིན་དུ་བསྟེན་པ་ཡིན་ལ། དེ་ཡང་སྤྲོས་བཅས་དང༌། སྤྲོས་མེད་ཀྱི་སྤྱོད་པའི་བྱ་བ་གཉིས་ཅན་ལ་འགྲེལ་ཏེ། གཙོ་བོར་སྤྲོས་མེད་ཡིན་པར་མངོན་ནོ། །དེ་ཡང་ཇི་ལྟར་ཞེ་ན། སྒྲུབ་པོ་གྲུབ་པའི་ཕྱག་རྒྱ་གཅིག་གམ་ལྔ་ལ་སོགས་པ་ཇི་ལྟར་འོས་པ་དང་ལྷན་ཅིག་དུ་གནས་གཅིག་ཏུ་འདུག་པ་ན་ཚོགས་ཀྱི་ཁང་པ་བསྡུས་པའམ། ཡུལ་དུ་རྒྱུ་བ་ལ་ནི་ཚོགས་ཀྱི་ཁང་པ་མེད་དེ། ཇི་ལྟར་འདོད་པའི་གནས་སོ། །དེར་ཚོགས་ཀྱི་འཁོར་ལོའི་སྤྱོད་པས་འདོད་པའི་ཡོན་ཏན་ལ་ཅི་བདེར་རོལ་བ་ཡིན་ཏེ། རྣལ་འབྱོར་དཔའ་ཆེན་ཞེས་བྱ་བ་ནི། སྤང་བྱའི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ་ལ་ཞུགས་པའི་ཕྱིར་དཔའ་བོ་ཆེན་པོ་སྟེ།
རྟག་ཏུ་རོལ་བ་ནི་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་བླ་བའི་ཕྱིར་རྒྱུན་དུ་རོལ་པའོ། །རྡོརྗེ་རྣལ་འབྱོར་མ་རྣམས་དང་ཞེས་སོགས་ནི། སྤྲོས་བཅས་ཀྱི་སྤྱོད་པ་སྟེ། ཚོགས་ཀྱི་ཁང་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྲུབ་པའི་ཕྱག་རྒྱ་ཇི་ལྟར་ཉུང་ན་ཡང་ལྔ་དང་བཅས་པའོ། །དེ་ལ་ལྔ་ནི། ལྷའི་གནས་སུ་བཞག་པར་བྱ་ལ། སྒེག་མོ་ལ་སོགས་པ་ལྷ་མོ་བཞི་དང་བཅས་པ་དགུའི་བདག་ཉིད་ཅན་དང༌། མེ་ཏོག་མ་ལ་སོགས་པ་བཞི་ཡང་བསྣན་ན་བཅུ་གསུམ་དང༌། སྒོ་མ་བཞི་བསྣན་པས་བཅུ་བདུན་དང༌། མཚམས་བཞིར་བུམ་པ་འཛིན་པའི་དཔའ་བོ་བཞི་བསྣན་ན་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཅན་དུ་འགྱུར་བ་ཡིན་ལ། གལ་ཏེ་རྣལ་འབྱོར་པ་དང༌། རྣལ་འབྱོར་མའི་ཚོགས་ཤིན་ཏུ་མང་པོར་གྱུར་ན། ལྷ་རེ་རེའི་གནས་སུ་མང་དུ་འདུག་པར་བྱའོ། །དེ་དག་ཀྱང་རིགས་དང་ཁ་དོག་དང་བསམ་པའི་ཁྱད་པར་གྱིས་རིགས་སོ་སོ་དང་མཐུན་པར་ཕྱོགས་རྣམས་སུ་དགོད་པར་བྱའོ། །དེ་ལྟ་བུའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་རྣམས་དང་ལྷན་ཅིག་ཏུ་སྤྱོད་དོ། །རྣམ་པ་སྣ་ཚོགས་གཟུགས་ཤེས་བྱ་བ་ནི་ཆ་ལུགས་བསྒྱུར་བའི་ཁྱད་པར་ཏེ། ཤིང་དང་ཁམས་དང་རྩ་ལས་བྱུང་བའི་འབག་གྱོན་པའམ་ལྷ་སོ་སོའི་ཁ་དོག་ཏུ་བསྒྱུར་ནས་ན་བཟའ་དང་རྒྱན་དུ་བཅས་ཤིང༌། གདན་གྱི་ཁྱད་པར་ཡང་སྣ་ཚོགས་པདྨ་ལ་སོགས་པ་རས་ལ་བྲི་བར་བྱ། ཕྱག་མཚན་དག་ཀྱང་ལག་ཏུ་ཐོགས་དགོས་པ་ལས་
ཕྱག་མཚན་མང་པོ་དག་ལ་ནི་ཕྱག་མཚན་དང་པོ་ཉིད་དོ། །རྣལ་འབྱོར་བདག་ཉིད་སྟོན་པར་བྱེད་ཅེས་བྱ་བ་ནི་བསྒོམ་བསམ་གྱི་ཁྱད་པར་ཏེ། ཐམས་ཅད་སྟོང་པ་ཉིད་དུ་ཡོངས་སུ་བཅུག་ནས། བདག་ཉིད་འཁོར་ལོའི་དབང་ཕྱུག་ཏུ་ལྷག་པར་མོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལས་དཀྱིལ་འཁོར་བ་རྣམས་སྤྲོ་བར་བྱེད་པའི་ཕྱིར་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་གི་བདག་ཉིད་དུ་མོས་དགོས་པས། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་སུ་སྟོན་པར་བྱེད་དོ། །ཞེས་པའོ། །དེ་ལྟར་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པའི་བྱ་བ་བཤད་ནས། སྤྱོད་པ་རྣམས་ཀྱི་ཕན་ཡོན་བཤད་པ་ལ། དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །ཞེས་པ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྤྱད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་ཏེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་འཕྲིན་ལས་རྣམས་རིགས་མཐུན་པ་ཆ་ཤས་རེ་རེ་ནས་ཐོབ་སྟེ་མཐར་དངོས་གྲུབ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་སྟེར་བར་འགྱུར་རོ། །སྟེར་བའི་དོན་ནི་སྤྱོད་པ་དེས་དངོས་གྲུབ་ཐོབ་པའི་དོན་ནོ། །གསངས་ཏེ་སྤྱོད་པ་སྤྱད་པ་ལས་ཕན་ཡོན་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། བཅུད་ལེན་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་དང་ཀླུ་དང་སྲིན་པོ་དང་མཁའ་འགྲོ་མ་རྣམས་ལས་བཅུད་ལེན་རྣམ་པ་སྣ་ཚོགས་པ་དག་བླངས་ཏེ། རྟག་ཏུ་སྟེ་ཉིན་རེ་བཞིན་དུ་གཞན་ལ་བྱིན་པས་སེམས་ཅན་རྣམས་ནད་མེད་ཅིང་རྒས་པ་མེད་ལ་
འཆི་བདག་ཐག་རིང་བ་སོགས་ཀྱི་དོན་བྱེད་པའོ། །གཞན་ཡང་ཚོགས་ཀྱི་འཁོར་ལོའི་དམ་རྫས་ཀྱི་དོན་དུ་ཁུ་བ་དགུག་པ་དང༌། ཆང་དགུག་པ་དང༌། གོང་བུ་ཆེན་པོ་སྟེ་སྐྱེས་པའམ་བུད་མེད་ལ་སོགས་པ་ནམ་མཁའི་ལམ་ནས་དངོས་སུ་དགུག་པ་དང༌། སྐྱེ་བ་བདུན་པའི་རོ་དངོས་དགུག་པ་ཉིད་དང༌། ཤ་ཆེན་དམ་དུམ་དག་ཀྱང་བཀུག་སྟེ། དེས་མཚོན་པའི་རྫས་ཀྱི་ཁྱད་པར་གཞན་ཡང་དགུག་པའོ། །དེ་དག་སྐལ་བ་བཟང་མོའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་སྟེ། འདི་ནི་གསངས་ཏེ་སྤྱོད་པ་མཐར་ཕྱིན་པ་ལས་ནུས་པ་དེ་རྣམས་ཐོབ་པར་འགྱུར་བས་དེའི་འབྲས་བུ་དང༌། སྨྱོན་པའི་སྤྱོད་པ་ཞེས་བྱ་བ་ཨ་ཝ་དྷཱུ་ཏི་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་ཚེ་ལུས་འདི་རྣམས་ལ་སྦྱར་ནས་རང་གཞན་གྱིས་དོན་བསྒྲུབ་དགོས་པ་ཡིན་ནོ། །སྨྱོན་པའི་སྤྱོད་པ་སྤྱད་པའི་ཕན་ཡོན་ནི། ཚེ་རིང་སོགས་ཏེ་སྔར་གྱི་ཡོན་ཏན་རྣམས་ཀྱི་སྟེང་དུ། ནད་དང་རྒ་ཤིས་ཟིལ་གྱིས་མི་གནོན་པ་དང༌། ལོག་པར་ལྟ་བ་ཚར་གཅོད་ནུས་པ་སོགས་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པ་སྟེ་རྒྱུད་གཞན་ལས་གསུངས་པའི་ལྟ་སྟངས་བཞི་འགྲུབ་པ་དང་དོན་གཅིག་གོ །གཟི་བརྗིད་ཆེན་པོ་ནི། འཇིག་རྟེན་ལྷ་རྫུ་འཕྲུལ་ཆེ་བར་གྲགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་མི་ནུས་པ་ཡིན་ལ། སྟོབས་ཆེན་པོ་ནི། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་ཟིལ་གྱིས་གནོན་ནུས་པ་སྟེ། མགོ་བཅད་ཀྱང་
སླར་སྐྱེ་བར་ནུས་པ་ལྟ་བུའོ། །འདི་ནི་སྨྱོན་པའི་སྤྱོད་པ་མཐར་ཕྱིན་ནས་ཐོབ་པ་སྟེ། ཀུན་བཟང་གི་སྤྱོད་པ་ལ་གནས་པ་རྣམས་ཀྱི་ཡོན་ཏན་ནོ། །ཀུན་བཟང་གི་སྤྱོད་པའི་སྐབས་ཀྱི་ཕན་ཡོན་ནི་ལྷའི་མིག་དང་སོགས་ཏེ། དེ་ལ་མངོན་ཤེས་ལྔ་ནི། ལྷའི་མིག་གི་མངོན་ཤེས་དང༌། རྣ་བའི་མངོན་ཤེས་དང༌། གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། རྫུ་འཕྲུལ་གྱི་མངོན་ཤེས་སོ། །དེ་ལྟར་ན་འདིར་ལྷའི་མིག་གི་མངོན་ཤེས་དང་རྫུ་འཕྲུལ་དང་ལྡན་པར་སྨོས་པས་བར་གྱི་གསུམ་པོའང་ཤུགས་ལ་བསྟན་ཞིང༌། སྤྱོད་པ་འདི་ལ་ཉམས་ལེན་ནི། ཉིན་རེ་བཞིན་དུ་ཟླ་བ་སྟེ་བདུད་རྩིའི་བཏུང་བས་ཡོངས་སུ་ཚིམ་པར་བྱེད་པའོ། །འདིར་ཟླ་བ་བཏུང་བ་ཞེས་བྱ་བས་ནི་ཟླ་བ་འདུས་པའི་སྟོན་མོ་སྟེ་ཚོགས་ཀྱི་འཁོར་ལོ་བསྟན་པ་ཡིན་ལ། དེ་ཡང་དཔལ་འཁོར་ལོ་སྡོམ་པ་ལས། སྤུན་དང་སྡུག་པ་མཆོད་པ་སྟེ། །ལེགས་གནས་ཟླ་བ་འདུས་པ་ལའོ། །ཞེས་གསུངས་ཤིང༌། རྣལ་འབྱོར་མ་ཀུན་སྤྱོད་ལས་ཀྱང༌། །ཧེ་རུ་ཀ་དཔལ་དབའ་བོ་མཆོག །སྐྱེ་བོ་དམ་པ་ཀུན་འདུས་པ། །ཞི་བའི་བཏུང་བས་འགྲུབ་འགྱུར་པ། །རྟག་པའི་གོ་འཕང་མཆོག་ཡིན་ཏེ། ཞེས་ཚོགས་ཀྱི་ཁང་པར་རྣལ་འབྱོར་ཕོ་མོ་རྣམས་ཇི་ལྟར་
འདོད་པའི་ལྷའི་རྣམ་པར་གནས་ནས། ཁ་ཟས་རྣམས་བདུད་རྩིར་བྱིན་གྱིས་བརླངས་པ་ནི་ཟླ་བའི་དོན་ཡིན་ལ། །དེ་རྣམས་སྣོད་གཅིག་ཏུ་བཟའ་བ་ནི་འདུས་པ་སྟེ་ཕྱིའི་ཟླ་བ་འདུས་པའོ། །ཐབས་དང་ཤེས་རབ་མཉམ་པར་སྦྱར་བ་ལས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཞུ་བ་ནོར་བུར་ཡོངས་སུ་སོན་ཞིང་སླར་ཡང་དབུ་མའི་ལམ་ལས་སྤྱི་བོར་ཐིམ་པར་བྱས་པ་ནི་ནང་གི་ཟླ་བ་འདུས་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་མཐར་ཕྱིན་པས་ནི་ཕན་ཡོན་འདི་ལྟ་བུ་ཐོབ་སྟེ། སྒྲུབ་པ་དེ་ཡི་ཚེ་ནི་འཕེལ་བར་གྱུར་ཏེ། བསྐལ་པ་ཆེན་པོ་ལ་སོགས་པ་ཇི་ལྟར་འདོད་པའི་བར་དུ་གནས་པར་གྱུར་པ་སྟེ་ཚེ་ལ་དབང་ཐོབ་པ་དང༌། བལྟ་བས་མི་ངོམས་པའི་ལུས་ཏེ་མཚན་དཔེ་ཅན་གྱི་སྐུ་རྗེས་མཐུན་པ་འགྲུབ་པ་དང༌། སྐད་ཅིག་གཅིག་ལ་ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་དག་ནི་སྟོན་པར་བྱེད་ལ་ཡིད་ལ་བསམ་མ་ཐག་པ་སྟེ་ཇི་ལྟར་འདོད་པ་ཙམ་གྱི་རང་གི་གཟུགས་ནི་གཟུགས་རྣམ་པ་སྣ་ཚོགས་པ་རྣམས་སུ་ཡོངས་སུ་རྫོགས་ཞིང་སྟོན་པ་ཉིད་ཡིན་ཏེ། ཚངས་པ་ལ་སོགས་པའི་ལྷའམ་སྟག་དང་རི་བོང་ལ་སོགས་པ་གཟུགས་རྣམ་པ་སྣ་ཚོགས་པ་ཉིད་ཀུན་དུ་སྟོན་པར་བྱེད་པའི་དོན་ནོ། །འདིར་གཟུགས་བརྗེ་བའི་མན་ངག་ནི་དང་པོར་བྲམ་ཟེའི་ཐོད་པ་ཡུངས་
ཀར་ཡོངས་སུ་བསྐྱེད་པ་ཕྱིས་དམངས་རིགས་ཀྱི་ཐོད་པར་བསྐྱེད་ལ། དེའི་མྱུ་གུ་ལ་གུཉྫ་དཀར་པོ་ཡོངས་སུ་བླུགས་ཏེ། ཕྱོགས་མཚམས་བརྒྱད་དུ་སྲོག་ཆགས་རྣམ་པ་སྣ་ཚོགས་པ་དག་གི་སྤུ་བསྲེགས་པའི་ཐལ་བ་དང་ཁྲག་གིས་བསྒོས་ལ་འཕྲེང་བའི་སྔགས་ཀྱི་མཐར་དངོས་གྲུབ་དབབ་པའི་སྔགས་བཟླས་པས་དྲོད་སྐྱེ་ཞིང༌། སྲོག་ཆགས་དེ་དག་གི་སྒྲ་འབྱིན་པར་གྱུར་པ་ན། རྫས་བསྲུངས་ནས་ལྷ་ལ་དངོས་གྲུབ་ཞུའོ། ཕྱིས་རྫས་དེ་དཔྲལ་བར་བྱུགས་ལ་སྲོག་ཆགས་གང་གི་གཟུགས་འཛིན་པར་རང་འདོད་པ་དེའི་རྣམ་པ་ཡིད་ལ་བྱས་ཏེ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་པས་ཇི་ལྟར་འདོད་པའི་གཟུགས་སུ་འགྱུར་ལ། རྫས་ཕྱིས་པས་ནི་གྲོལ་བར་འགྱུར་རོ། །རང་གི་གཟུགས་ཡོངས་སུ་བསྒྱུར་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྫས་ཀྱི་སྦྱོར་བས་འགྲུབ་པ་འདི་ནི་མིག་འཕྲུལ་གྱི་དངོས་གྲུབ་སོགས་དང་མཚུངས་པར་རྒྱུད་འདིའི་རིགས་སྔགས་ཀྱི་འབྲས་བུ་ཡིན་པར་འཆད་ཀྱི། སྤྱོད་པ་ལ་གནས་པས་འདི་དག་བྱ་དགོས་པ་ནི་མ་ཡིན་ནོ། །ལྔ་པ་རྒྱུད་ཀྱི་ཆོ་ག་ཆེད་དུ་བྱ་བའི་གདུལ་བྱ་དང་བཅས་པ་ནི། ཀླགས་པས་འགྲུབ་པ་དོན་ཡོད་པ་སོགས་ཏེ། ཀླགས་པ་ཙམ་སྟེ་ཤིན་དུ་མྱུར་བས་ཕན་ཡོན་དེ་དག་འགྲུབ་པ་ནི་ཐེ་ཚོམ་མེད་པར་འབད་པས་དོན་ཡོད་པས་འབྲས་བུ་དེ་དག་འགྲུབ་
པས་ན། རིག་མའི་དབང་ཕྱུག་མཁའ་འགྲོ་མ། དཔལ་སྒྱུ་འཕྲུལ་ཆེན་མོའི་རིག་པའི་གསང་སྔགས་དམ་པ་འདི་ནི་རིག་སྔགས་ཀྱི་གཙོ་བོ་འགྲན་ཟླ་མེད་པ་མི་མཉམ་པ་དང་མཉམ་པའི་སྔགས་ཏེ། འཇིག་རྟེན་གསུམ་པོའི་གནས་འདི་ན། ལྷ་མོ་སངས་རྒྱས་མཁའ་འགྲོ་མ་ཁྱོད་ཀྱི་རིགས་སྔགས་དང་སྟོབས་མཉམ་པ་ནི། དཔལ་ཧེ་རུ་ཀ་དེའི་རིག་སྔགས་ལས་གཞན་མེད་དེ། དེའི་ཕྱིར་ན། རྒྱལ་བས་གསུངས་པའི་རྒྱུད་རྣམས་ཐམས་ཅད་ཀུན་གྱྀ་སྔགས་རྣམས་འབྲས་བུ་འགྲུབ་པར་བྱེད་པའི་ལུང་འདི་ནི། སེམས་ཅན་རྣམས་ཀྱི་དོན་དང་ཡོན་ཏན་དུ་མས་མཛེས་པར་བརྒྱན་པ་མ་ལྷ་མོ་ཁྱོད་ལ་བཤད་པ་ཡིན་ཞེས་པ་སྟེ། དེ་ལ་ལུང་ཞེས་པ་ལ་བཤད་ཚུལ་མི་འདྲ་བ་དུ་མ་བྱུང་ཡང༌། ཨཱ་ག་མ་ཞེས་པ་འཇིག་རྟེན་དུ་ཡོངས་སུ་གྲགས་པའི་རྒྱུ་ཚོགས་མ་ཚང་བའམ་མི་མཐུན་པའི་རྒྱུ་ལས་ཀྱང་འབྲས་བུ་འབྱུང་བས་ན་གློ་བུར་དུ་འགྲུབ་པའི་དོན་ཏེ། འཇིག་རྟེན་དུ་རྫས་སྔགས་ཀྱི་སྦྱོར་བ་ལ་ལུང་ཞེས་གྲགས་པ་ཡང་དོན་དེ་ཉིད་ཡིན་ལ། དེས་ན་སྔགས་ཀྱི་ཐེག་པ་འདིར་བླ་ན་མེད་པའི་བྱང་ཆུབ་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམས། གྲངས་མེད་གསུམ་དུ་ཚོགས་གསོགས་པ་སོགས་དཀའ་བ་སྤྱད་མི་དགོས་པར་འཇུག་པ་བདེ་བས་ཡུད་ཙམ་གྱིས་འགྲུབ་པ་དང༌། ཆེད་དུ་མི་སྤོང་བའི་སྦྱོར་བས་ཉོན་མོངས་དག་པར་བྱེད་པ་སོགས་ནི་
ལུང་སྟེ། ནད་གསོ་བར་དཀའ་བ་ཡང་སྔགས་ཀྱི་བྱེད་པས་སྐད་ཅིག་ཙམ་གྱིས་གསོ་བ་དང༌། དུག་ཀྱང་བཅུད་ལེན་དུ་འགྱུར་བ་བཞིན་ནོ། །དེས་ན་རྒྱུད་འདི་རྒྱུད་རྣམས་ཀུན་གྱི་སྔགས་རྒྱུད་ཀྱི་སྦྱོར་བ་གཅེས་ཤོས་ཡིན་ནོ་ཞེས་པའི་དོན་ནོ། །དེ་ལྟར་ལེའུ་དང་པོའི་རྒྱུད་དངོས་བཤད་ནས་མཚན་བསྟན་པ་ནི། རྣལ་འབྱོར་མ་རྣམས་ཀྱི་དབང་ཕྱུག་མ་སྟེ་གཙོ་མོ་སངས་རྒྱས་མཁའ་འགྲོ་མའི་རིག་སྔགས་ཆེན་པོའི་ཆོ་ག་བཤད་པ་ལ། ལེའུ་གསུམ་ཡོད་པ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་མཚན་མ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ། །དེ་ལ་མཚན་མ་ནི་རྒྱུ་དང་རྟགས་གཉིས་ཆར་ལ་འཇུག་སྟེ། རྒྱུ་ཡང་རང་བཞིན་གྱི་རྒྱུ་བ་དང༌། རྐྱེན་ཉེ་བར་སྒྲུབ་པ་གཉིས་ལས། དང་པོ་ནི་གཤིས་ཀྱི་གནས་ལུགས་ཡིན་ལ། གཉིས་པ་ནི་དབང་དང་རིམ་གཉིས་སྤྱོད་པ་དང་བཅས་པ་རྣམས་སོ། །རྟགས་ནི་ཇི་ལྟར་འདོད་པར་ལས་སྣ་ཚོགས་པ་སྒྲུབ་ཅིང་དངོས་གྲུབ་ཕྲ་མོ་སྣ་ཚོགས་པ་ལ་རང་དབང་འབྱོར་བ་ཡིན་པས། དངོས་གྲུབ་ཀྱི་མཚན་མ་ཞེས་པས་ནི་ལེའུ་དང་པོའི་བརྗོད་བྱ་ཐམས་ཅད་བསྟན་ནོ། །ལེའུ་དང་པོ་འདི་རྒྱ་ཆེར་བཤད་པའོ། །ལེའུ་གཉིས་པ་ལ། དངོས་གྲུབ་བསྐུལ་བ་བཟླས་པའི་རྣལ་འབྱོར་བཤད། གཞི་ལམ་འབྲས་
བུའི་འབྲེལ་བ་བསྡུས་ཏེ་བསྟན། རྣལ་འབྱོར་གོམས་པའི་དུས་ཀྱི་ངེས་པ་བཤད། གོ་ཆ་དྲུག་དང་འབྲེལ་བའི་ལས་ཚོགས་སྒྲུབ། རྫོགས་པའི་རིམ་པའི་མ་ཚང་ཁ་བསྐོང་བྱ། བཟའ་བའི་དམ་ཚིག་བསྟེན་ཚུལ་སྙིང་པོར་བསྟན། དང་པོ་ནི། དེ་ནས་རྣལ་འབྱོར་མའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ཞེས་པ་ནས། དངོས་དང་དངོས་མེད་རྣམ་སྤངས་པའོ། །ཞེས་པའི་བར་ཏེ། ལེའུ་དང་པོ་གསུངས་ཟིན་པའི་རྗེས་ཐོགས་དེ་ནས་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་མའི་དབང་ཕྱུག་མ་ཆེན་མོ་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་སྦྱོར་བ་སྟེ། རྣལ་འབྱོར་གོམས་པའི་དངོས་གྲུབ་ཁྱད་པར་ཅན་གྱི་འབྲས་བུ་སྟེར་བའི་སྔགས་ཀྱི་ཡི་གེ་བཟང་པོ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན་ཡང་རྣལ་འབྱོར་མ་སྨོས་པ་ནི་རྒྱུད་འདི་མ་རྒྱུད་ཡིན་པས་སྔགས་རྒྱུད་རྣལ་འབྱོར་མ་གཙོ་བོར་གྱུར་པ་སྟོན་པའི་ཕྱིར་རོ། །གང་ཞིག་བསམས་པ་སོགས་ལ་དགོངས་པ་ཅན་མ་ཡིན་པ་དང༌། དགོངས་བཤད་གཉིས་ལས། དང་པོ་ནི། གང་གི་བསམས་པ་སྟེ་ཡིད་ལ་བྱས་ཤིང་གོམས་པ་ཙམ་གྱིས་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཅིང༌། དེ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ནི། རྣལ་འབྱོར་མའི་
མཆོག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་སྟེར་བ་སྟེ་ཐོབ་པར་འགྱུར་བའི་ཐབས་འདི་ཡིན་ཏེ། དང་པོའི་ཡི་གེ་སྟེ། ཡི་གེ་སློབ་པ་རྣམས་ཐམས་ཅད་ཀྱི་ཐོག་མ་ཡིན་པའི་ཕྱིར་ཨོཾ་ཡིག་དང་རླུང་གཉིས་སུ་མེད་པའི་སྦྱོར་བ་ཡིས། རྟག་ཏུ་དབུགས་ནི་ཕྱིར་བཏང་བར་བྱ་ལ། དེས་ནི་དངོས་པོ་མེད་པ་འགྲུབ་པར་བྱེད་ཅིང༌། ཡི་གེ་སྡེ་ཚན་བརྒྱད་ཀྱི་མཐའ་རུ་གནས་ པ་གསལ་བྱེད་ཡི་གེ་ཧ་ཡིག་དང ་ལྡན་པའི་དབྱངས་ཨཱུ་སྟེ་ཧཱུཾ་ཡིག་དང་ཐིག་ལེར་བཅས་པ་སྟེ་ཧཱུཾ་གིས་རྣལ་འབྱོར་བའི་དབུགས་ནང་དུ་རྔུབ་པར་བྱེད་པ་ནི་དངོས་པོ་འགྲུབ་པའོ། །དེ་གཉིས་ཀྱི་ཤུགས་ལས་རླུང་གནས་པ་དང་ཨཱཿཡིག་སྦྱོར་བའང་བསྟན་ཏེ། དངོས་པོ་དང་དངོས་མེད་སྤངས་པའི་ཡེ་ཤེས་སྐྱེ་བར་འགྱུར་བའོ། །འདིར་སྔ་ཕྱིར་སྦྱོར་བ་ཞེས་པ་མང་པོ་ཞིག་ནི་རྣལ་འབྱོར་ཏེ། ཉམས་སུ་བླངས་པའི་དོན་ཡིན་ལ། དངོས་མེད་ནི་རྒས་པ་དང༌། ན་བ་དང༌། འཆི་བ་དང་ལུས་ཀྱི་དངོས་པོ་ཟད་པར་བྱེད་པའི་དོན་ཡིན་པ་ལས། རྣལ་འབྱོར་གྱི་སྟོབས་ཀྱིས་བཅིངས་པས་ནི་རྣམ་པར་རྟོག་པ་ཟད་པར་བྱེད་དོ། །དངོས་པོ་ནི། ཚེ་དང་ལུས་རྒྱས་པ་དང་རྣམ་པར་རྟོག་པ་འཕེལ་བ་ཡིན་ལ། འདིར་ལམ་དུ་རྒྱས་པས་ནི་རྡོ་རྗེའི་ལུས་དང་ཡེ་ཤེས་རྒྱས་པར་བྱེད་དོ། །སྐྱོན་དུ་གྱུར་པའི་དངོས་པོ་དངོས་མེད་སྤངས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལ་གནས་པ་ནི་རླུང་གནས་
པའི་ཕན་ཡོན་ཏེ། གཞུང་འདིས་རྡོ་རྗེའི་བཟླས་པ་བསྟན་ལ་རྡོ་རྗེའི་བཟླས་པའི་དོན་རྒྱས་པ་ནི། དཔལ་རྡོ་རྗེ་འཕྲེང་བའི་རྒྱུད་དང་རིམ་ལྔ་སྤྱོད་བསྡུས་སོགས་ལས་བཤད་པ་བཞིན་ཤེས་དགོས་ཀྱི། ཡི་གེ་མངས་པར་ཡང་འགྱུར་ཞིང་རྒྱུད་འདི་འཆད་པའི་རྒྱ་བོད་ཀྱི་བླ་མ་སྔ་མ་རྣམས་ཀྱིས་ཀྱང་མ་གསུངས་པས་འདིར་ནི་མི་འབྲིའོ། །མན་ངག་གཞན་ལས་ནི་རྔུབ་པ་གནས་པའི་དོན་ཅན་དུ་གསུངས་ཤིང༌། དངོས་དང་དངོས་མེད་སྤངས་པ་ཡང་དེའི་ཕན་ཡོན་དུ་འཆད་ལ། དང་པོའི་ཡི་གེ་ནི་གཉིས་ཏེ། བརྗོད་པའི་དང་པོ་ཨོཾ་དང༌། དབྱངས་ཀྱི་དང་པོ་ཨའོ། །མན་ངག་གིས་ནི་ཨ་ཡིག་རིང་པོ་རྣམ་བཅད་ཅན་ཡང་བྱ་སྟེ། རིང་པོ་དང་རྣམ་བཅད་ཕྱིས་འགྲུབ་པ་ཙམ་སྟེ། རྩ་བའི་ཡི་གེ་དབྱངས་དང་པོ་ཉིད་ཡིན་པ་དང༌། དབུགས་བཏང་བ་ནི། ཕྱི་རོལ་དུ་བཏང་བ་དང༌། ནང་དུ་བཏང་བ་ཞེས་འབྱུང་འཇུག་གཉིས་ཆར་ལ་འཇུག་གོ །ཕྱི་རོལ་དུ་འགྲོ་བ་ཨོཾ་ཡིག་གི་རླུང་གཅིག་ཉིད་སྙིང་ཁའི་ཨ་དང༌། མགྲིན་པའི་གཡས་ལ་བརྟེན་པའི་ཨུ་དང༌། སྤྱི་བོའི་ཀླད་ཀོར་རྣམས་ལ་རེག་པས་ཨོཾ་གྱི་གདངས་དུ་འབྱུང་ཞིང༌། དེའི་བཟླས་པས་དེ་རྣམས་ཀྱི་རྩ་མདུད་གྲོལ་བར་འགྱུར་ལ་འབྱུང་བ་ཐིམ་རིམ་གྱིས་ཡེ་ཤེས་ཁྱད་པར་ཅན་ཡང་སྐྱེའོ། །ནང་དུ་འོང་བ་ན་གསང་བའི་བར་དུ་འགྲོ་བས། མགྲིན་པའི་གཡོན་ལ་བརྟེན་པས་ཨ་ཡིག་གི་གདངས་དང༌། དེ་ཉིད་
སྙིང་ཁའི་ཨ་ལ་རེག་པས་རིང་པོར་འགྱུར་ཞིང་གསང་བར་ཐུར་སེལ་ཧ་སྲོག་མེད་དང་ཕྲད་པས་ན་རྣམ་པར་བཅད་པའོ། །མགྲིན་པ་ཡན་ཆད་ཀྱི་རླུང་ཨུ་དང༌། ཐུར་སེལ་ཧ་སྙིང་ཁའི་མི་ཤིགས་པའི་ཐིག་ལེ་ལ་ཡོངས་སུ་བསྡུས་པ་ནི་ཧཱུཾ་སྟེ། དེ་ལས་འོད་གསལ་བའི་ཡེ་ཤེས་སྐྱེའོ་ཞེས་གསུངས་སོ། །རྒྱུད་འདིར་འབྱུང་བ་སོ་སོའི་རྡོ་རྗེའི་བཟླས་པ་ནི་མ་གསུངས་ཏེ། རླུང་དང་ཁ་དོག་དང༌། དབྱིབས་དང་ཚད་ཐ་དད་པ་དེ་དག་ལུས་ཀྱི་གནས་ཐབས་ལ་ཡོད་ཀྱང་རྣལ་འབྱོར་བསྒོམ་པའི་ཚེ་མི་དགོས་ཏེ། རླུང་སྔགས་དབྱེར་མེད་པའི་བཟླས་པ་ཁོ་ནས་ཐམས་ཅད་དག་པར་བྱེད་པའི་ཕྱིར་རོ། །ཞེས་མདོར་བསྡུས་སུ་དགོངས་པའོ། །གཉིས་པ་ནི། ཉེ་སྙིང་གི་བཟླས་པ་ཡིན་ཏེ། བསམ་པ་ཙམ་ཞེས་པ་ནི་མྱུར་བའི་དོན་ལ་ཕུལ་བྱུང་གི་ཚིག་གམ་རྣལ་འབྱོར་ཤིན་དུ་གོམས་པ་རྣམས་ཀྱི་ལས་ལ་སྦྱོར་བའི་ཚེ། བསམ་པ་ཙམ་གྱིས་འགྲུབ་པའི་དོན་ཡང་ཡིན་ནོ། །རྣལ་འབྱོར་མ་མཆོག་ནི་རིགས་ལྔའི་མཁའ་འགྲོ་རྣམས་ཏེ། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་གྲུབ་པ་སྟེར་བར་འགྱུར་རོ། །མཁའ་འགྲོ་མ་སྨོས་པས་དཔལ་ཧེ་རུ་ཀ་ཡང་ངོ༌། །དང་པོའི་ཡི་གེ་སོགས་ལ་ཨོཾ་དང་ཧཱུཾ་གསལ་བར་བསྟན་པས་བར་དུ་སོ་སོའི་ས་བོན་ནམ་མཚན་བཅུག་པ། ཨོཾ་ཧྲིཿཧཱུཾ་ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་གཉིས་སྤེལ་བར་འདོད་པའང་ཡོད་
མོད་ཀྱི། མན་ངག་རྣམས་ལས་དངོས་པོ་ཞེས་པའི་བརྡས་གསལ་བྱེད་དང་དངོས་མེད་ཀྱི་བརྡས་དབྱངས་ཏེ། ཨའི་ངོ་བོར་གནས་པས་གསལ་བྱེད་ཉིད་ཀྱང་མ་ཡིན་ལ། ཚེག་དྲག་དང་བཅས་པའི་དབྱངས་ཉིད་ཀྱང་མ་ཡིན་པས་ཨཱཿའོ། །དེས་ན་སྔགས་འབྲུ་གསུམ་དུ་བཤད་པའི་ཕྱིར་དེ་ཉིད་གསུམ་སྤེལ་ངེས་པར་བྱ་དགོས་པར་བཞེད་པ་ལགས་ཤིང༌། འདིའི་སྒྲུབ་པའི་ཐབས་ཇོ་བོ་ཆེན་པོ་ཨ་ཏི་ཤས་མཛད་པའི་རྒྱ་དཔེ་མཐོང་བ་ལས་ནི། ཨོཾ་ཨཱཿཧྲིཿཧཱུཾ་ཕཊ་སྭཱཧཱ་ཞེས་སོགས་དེ་ཉིད་ལྔ་སྤེལ་ཡང་མཛད་དེ། ལྷ་ཁྲོ་བོའི་སྔགས་ཡིན་པའི་ཕྱིར་ཤིན་ཏུ་ལེགས་པར་ཡང་མངོན་ནོ། །དེ་ཉིད་གསུམ་སྤེལ་གྱི་ཚེ་ནི། མཚན་སྤེལ་ཡང་རུང༌། ས་བོན་སྤེལ་ཡང་རུང༌། ས་བོན་ཡང་སློབ་དཔོན་སོ་སོའི་འདོད་ཚུལ་གྱིས་ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་དང༌། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་དང༌། ཨོཾ་ཧཱུཾ་སྭཱ་ཨ་ཧཱ་ཞེས་པ་རྣམས་མཁའ་འགྲོ་ལྔ་ལ་ཅི་རིགས་པར་ཡོད་ཅིང༌། དཔལ་ཧེ་རུ་ཀ་ལ་ཧྲཱིཿདང་ཧཱུཾ་ནི་ཀུན་དུ་གདམ་ངའོ། །དེ་ཡང་དཔེར་བརྗོད་ན། ཨོཾ་ཨཱཿཧྲིཿཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་ཨཱཿཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་པ་གཙོ་བོ་དང༌། ཨོཾ་ཨཱཿསྭཱ་ཧཱུཾ། ཨོཾ་ཨཱཿཏཾ་ཧཱུཾ། ཨོཾ་ཨཱཿཨཾ་ཧཱུཾ། ཨོཾ་ཨཱར་རྣཌ་ཀི་ནི་ཧཱུཾ། ཞེས་པ་ནི་རིན་ཆེན་མཁའ་འགྲོ་མའི་སྔགས་སོ། །མན་ངག་ལས་ནི་ཉིས་བསྡོམས་སུ་མཛད་ནས་ལྷ་མོ་རྣམས་ལ་ཡང་གཙོ་བོའི་ས་བོན་གཅིག་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་གྱིས་སྤེལ་བ་ནི། གྲུབ་ཆེན་ཀུ་ཀུ་རཱི་པ་
ཉིད་ཀྱི་ཡང་དགོངས་པ་སྟེ། ཨོཾ་ཨཱཿཧྲིཿཧཱུཾ། གཙོ་བོ་དང༌། མཁའ་འགྲོ་ལྔ་ལ། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲིཿཧཱུཾ། ཞེས་པ་ལ་སོགས་པ་བཟླའོ། །འདི་ལ་དབུགས་འབྱུང་རྔུབ་ཀྱི་ཚིག་གསུངས་པ་ནི། འགོག་པའི་བཟླས་པ་དང་སྦྱར་ཏེ། རླུང་བཟུང་བའི་ཚེ་བཟླས་པ་ཉིད་ཅི་ནུས་བྱ་བ་ཡིན་ལ། འབྱུང་རྔུབ་བྱེད་དགོས་པའི་ཚེ་ཨོཾ་ཧཱུཾ་གཉིས་དང་སྤེལ་བ་ཡིན་ནོ། །གཉིས་པ་ནི། གནང་བ་བག་ཡངས་ཀྱི་ཆེ་བ་དང༌། དོན་དངོས་བསྟན་པའོ། །དང་པོ་ནི། འདི་ལ་སོགས་ཏེ་ཐེག་པ་བླ་ན་མེད་པ་འདིར་ནང་ལ་མཆོག་ཏུ་གཞོལ་བའི་ཚེ་རིམ་པ་གཉིས་ཀའམ། སྔགས་ལ་གཞོལ་བ་དང༌། ནང་ལ་གཞོལ་བ་གང་ཡིན་ཀྱང་རུང་སྟེ། རྫོགས་པའི་རིམ་པའི་སྐབས་སུ་ནི། རྣལ་འབྱོར་པ་འདི་ལ་ཁྲུས་དང་གཙང་སྦྲ་ལ་སོགས་པ་ལུས་ངག་གི་བརྟུལ་ཞུགས་གང་ཡང་མ་བཤད་དེ། འཕྲེང་བ་བགྲང་འཕྲེང་དང༌། ངག་གི་བརྗོད་པ་དང་བཅས་པའི་སྔགས་བཟླས་པ་དང༌། ཆ་ལུགས་སམ་མཚན་མ་དང་བཅས་པའི་བཟུང་བ་དང་ཕྱི་རོལ་གྱི་བསྲེག་བླུགས་སྦྱིན་བསྲེག་གི་ནི་ལས་རྣམས་ཀྱང་ནི་དགོངས་པ་མ་ཡིན་ཏེ་དེ་དག་ནི་གཅིག་ནས་གཅིག་ཏུ་བཟློག་པར་འགྱུར་བའི་ཕྱིར་ཞེས་གསུངས་པ་ནི། གཅིག་ནས་གཅིག་ཏུ་ཞེས་པ་གཅིག་དང་གཅིག་ཏུ་སྟེ། རེ་རེ་བཞིན་སོ་སོར་བཟློག་པའི་དོན་ཏེ། བརྟུལ་ཞུགས་ནི་བརྟུལ་ཞུགས་ཀྱི་ནང་དུ་བཟློག །སྦྱིན་བསྲེག་ནི་སྦྱིན་བསྲེག་གི་ནང་དུ་
བཟློག་ཅེས་པའི་བར་རོ། །དེའི་དོན་ཡང་ནང་དུ་ཉེས་པས་མ་གོས་པའི་སེམས་ཀྱི་བརྟུལ་ཞུགས་ཐོབ་པ་ན། ལུས་ངག་གི་བྱ་བ་བླང་དོར་མེད་པར་རྟོགས་ཏེ། ལུས་ངག་གི་བརྟུལ་ཞུགས་སེམས་ཀྱིས་བརྟུལ་ཞུགས་ལ་རང་བཞིན་གྱིས་ཐིམ་པ་ཡིན་ཏེ། ལུས་ངག་གི་བརྟུལ་ཞུགས་བསམ་པས་སྤངས་པ་ནི་མ་ཡིན་ནོ། །དེས་མཚོན་ཏེ་སྔགས་རྣམས་ནི་རླུང་དབུ་མར་ཐིམ་པའི་སྒྲ་དང༌། ཆ་བྱད་རྣམས་ལུས་སྣང་སྟོང་དུ་ཤར་བའི་ལྷ་སྐུ་དང༌། རྩོལ་བྱས་ཀྱི་དམིགས་པ་རྣམས་རྩོལ་མེད་ཀྱི་དམིགས་པ་དང༌། སྦྱིན་བསྲེག་གི་ལས་རྣམས་འབར་འཛག་གི་སྦྱིན་བསྲེག་དུ་ཐིམ་ཞེས་བརྗོད་དོ། །བགྲང་འཕྲེང་གསལ་བར་མ་བཤད་ཀྱང་བགྲང་འཕྲེང་གི་དེ་ཁོ་ན་ཉིད་དུ་ཐིམ་པར་བརྗོད་དོ། །གཉིས་པ་ནི། སྔགས་དང་སོགས་ཏེ། དེ་ལ་གཞིའི་དུས་ན་སེམས་ཅན་རྣམས་ཀྱི་ངག་ནི་སྔགས་དང༌། ལུས་ནི་དབྱིབས་དང༌། སེམས་ནི་ཆོས་ཀྱི་བདག་ཉིད་དང་སྟེ། སྦྱོར་བ་ནི་དེ་རྣམས་ཀྱི་ལས་སོ། །དེ་ལས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་རྣམ་པ་གསུམ་ཐིམ་རིམ་གྱིས་ནི་འཆི་སྲིད་དང༌། ལུགས་བཟློག་གིས་སྐྱེ་སྲིད་མངོན་དུ་བྱེད་ན་ཡང་སྲིད་པའི་ཉེས་པས་སྔགས་དབྱིབས་ཆོས་གསུམ་གྱི་རང་བཞིན་ལ་གོས་པར་མི་འགྱུར་རོ། །ལམ་ལ་སྦྱར་བ་ནི། བསྐྱེད་པའི་རིམ་པ་ལྟར་ན་ངག་གི་ཞེན་པ་བཟློག་པའི་དོན་དུ་སྔགས་ཀྱི་བཟླས་པ་
དང༌། ལུས་ཀྱི་ཞེན་པ་བཟློག་པའི་དོན་དུ་བསྐྱེད་རིམ་ལྷའི་དབྱིབས་དང༌། སེམས་ཀྱི་ཞེན་པ་བཟློག་པའི་དོན་དུ་ཆོས་རྣམས་ཀྱི་བདག་ཉིད་སྟོང་པ་ཉིད་བསྒོམ་པའི་སྦྱོར་བ་རྣམ་པ་གསུམ་པོ་གོམས་པར་བྱས་ནས་དེ་ལས། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་བའི་ཡེ་ཤེས་རྣམ་པ་གསུམ་ཐོབ་ཅིང༌། སྲིད་པའི་ཉེས་པས་མི་གོས་པ་སྟེ་དེ་སྦྱོང་བར་བྱེད་པའོ། །རྫོགས་རིམ་ལ་སྦྱར་ན། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་སྔགས་ཀྱི་རྣལ་འབྱོར་དང༌། སྒྱུ་ལུས་དབྱིབས་ཀྱི་རྣལ་འབྱོར་དང༌། ལྟ་བ་དང་འོད་གསལ་གྱི་བདག་ཉིད་སྟོང་པ་ནི་ཆོས་ཀྱི་རྣལ་འབྱོར་ཏེ་སྦྱོར་བ་རྣམ་པ་གསུམ་ནི། ལས་དང་ཡེ་ཤེས་དང༌། ཕྱག་རྒྱ་ཆེན་པོའི་སྦྱོར་བའོ། །ཡེ་ཤེས་རྣམ་པ་གསུམ་ནི་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པའི་རྟོགས་པ་སྟེ། གཙོ་བོར་སྦྱོར་བའི་ལམ་གྱི་བདག་ཉིད་དོ། །དེ་ལྟ་བུའི་ཡེ་ཤེས་གསུམ་ཡོངས་སུ་སྐྱེས་པས་ནི། སྲིད་པའི་ཉེས་པ་སྟེ་ལས་ངན་པ་དག་གིས་གོས་པར་མི་འགྱུར་རོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པ་སྤོང་བ་ལ་བར་མ་ཆད་དུ་ཞུགས་པའི་ཕྱིར་རོ། །དེ་ལྟར་ཡང་རིམ་ལྔ་ལས། འདི་ནི་སྔོན་ལས་རྣམ་སྨིན་ཞེས། །རྨོངས་པ་རྣམས་ནི་མྱ་ངན་བྱེད། །རང་བཞིན་སྣང་བའི་ཚུལ་གྱིས་ནི། །
དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཞེས་སོ། འབྲས་བུ་ལ་སྦྱར་བ་ནི། སྔགས་ནི་གསུང་རྡོ་རྗེ་སྟེ་ལོངས་སྐུ་དང༌། དབྱིབས་ནི་སྐུ་རྡོ་རྗེ་སྟེ་སྤྲུལ་སྐུ་དང༌། ཆོས་ནི་ཐུགས་རྡོ་རྗེ་སྟེ་ཆོས་སྐུའོ། །དེ་དག་གང་ལས་འབྱུང་ཞེ་ན། སྦྱོར་བ་རྣམ་པ་གསུམ་སྟེ་རྩ་དང་རླུང་དང་ཁམས་ཀྱི་བགྲོད་པའམ་དཀར་དམར་རླུང་གསུམ་གྱི་བགྲོད་པ་ཐིམ་པར་བྱེད་པའི་ཐབས་ཀྱིས་ཏེ། དེ་ལས་སྐྱེས་པའི་སྣང་བ་གསུམ་གྱི་ཡེ་ཤེས་ཀྱིས་ཡང་དག་པའི་མཐའ་མངོན་དུ་བྱེད་དེ། དེས་ནི་སྲིད་པའི་ཉེས་པ་སྒྲིབ་པ་རྣམས་སྤོང་བར་འགྱུར་རོ། །དེ་ལ་མངོན་པར་བྱང་ཆུབ་པ་དང་པོས་ནི། རང་བཞིན་བརྒྱད་བཅུའི་རྣམ་རྟོག་སྤངས་ནས། མཐུན་པའི་སྐུ་གསུང་ཐུགས་རྡོ་རྗེ་མངོན་དུ་བྱེད་པ་ནི་སློབ་པའི་ཟུང་འཇུག་གོ །རྩ་ཁམས་སོགས་ཀྱི་སྣང་བ་ཕྲ་མོ་ཐིམ་པ་ལས་མངོན་པར་བྱང་ཆུབ་པ་ཕྱི་མས་ནི། ཉོན་མོངས་པའི་བག་ཆགས་དང་བཅས་པའི་ཤེས་བྱའི་སྒྲིབ་པ་མཐའ་དག་བཅོམ་ནས་རྡོ་རྗེ་འཆང་ཉིད་དུ་འགྱུར་བའོ། །དེ་དག་ལས་དོན་གྱི་གཙོ་བོ་གང་ཞིག་བཟུང་ཞེ་ན། སྤྱིར་གཞི་དུས་ཀྱི་དབྱིབས་ལ་ལམ་དུས་ཀྱི་དབྱིབས་ཀྱི་རྣལ་འབྱོར་བསྒོམས་པས་འབྲས་དུས་ཀྱི་དབྱིབས་མངོན་དུ་བྱེད་པ་སོགས་གཞི་ལམ་འབྲས་བུའི་འབྲེལ་ཤེས་པར་བྱས་ནས་གཙོ་བོར་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམས་པས་ལུས་ཀྱི་དྲི་མ་སྦྱོང་བའི་མགོ་བརྩམས། རྫོགས་རིམ་སྔགས་ཀྱི་རྣལ་འབྱོར་བསྒོམས་པས་གཙོ་བོར་ངག་གི་དྲི་མ་སྦྱོང༌། ཐུན་མོང་དུ་ཆོས་ཀྱི་རྣལ་འབྱོར་
གྱིས་གཙོ་བོར་སེམས་ཀྱི་དྲི་མ་སྦྱོང༌། མཐར་དྲི་མ་གསུམ་པོ་ཅིག་ཅར་སྤངས་པ་ན་སྐུ་གསུམ་མངོན་དུ་བྱེད་པའོ། །དེ་ལ་སྔགས་ནི་རླུང་དག་པར་བྱེད་པ་སྟེ། རླུང་གི་ལས་ཀུན་བྱེད་པ་ཡིན་པའི་ཕྱིར། དེ་ཉིད་ཐོག་མར་བརྗོད་དེ། བསྒོམ་པར་བྱ་བའི་རྣལ་འབྱོར་གང་ལ་འདི་ཁོ་ན་གནད་དུ་ཆེ་བའི་ཕྱིར་རོ། །དབྱིབས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་སྟེ། དོན་དམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ཡང་དབྱིབས་སོ། །ཆོས་ཤེས་བྱ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ། དེ་ཉིད་བསྒོམ་པའི་ཕྱིར་རྣལ་འབྱོར་རོ། །འོ་ན་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཁོ་ན་ཡིན་ན་བདེ་བ་དང་གསལ་བ་བསྒོམ་པ་ཡང་ཆོས་ཀྱི་རྣལ་འབྱོར་དུ་ཅིའི་ཕྱིར་བཞག་ཅེ་ན། སྟོང་པ་ཉིད་ཡིན་པ་ནི་བདེན་མོད། མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་ནི་མ་ཡིན་ནོ། །སློབ་དཔོན་ཆེན་པོ་ཀུ་ཀུ་རཱི་པས་རྨོངས་པ་འགྲོལ་བའི་བརྟག་པ་ཞེས་བྱ་བའི་སྒྲུབ་ཐབས་ལས། ཧེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །ཧ་ཞེས་བྱ་བ་ནི་ཆོས་ཐམས་ཅད་འཕེལ་པ་དང་བྲི་བ་མེད་པའོ། །ཨེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོག་པ་ལས་རྣམ་པར་གྲོལ་བའོ། །རུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བའོ། །ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་དགའ་བ་དང་ལྡན་པའོ། །ཨུ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་ཤི་དང་བྲལ་བའོ། །ཀཱ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གང་ན་ཡང་མི་གནས་པའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདེ་བ་དང་ལྡན་པའོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒྲའོ། །ཞེས་བྱ་བ་འདིས་སྟོང་པ་ཉིད་དུ་སྒོམ་པར་བྱས་ནས་ཞེས་གསུངས་ཏེ། ཆོས་ཐམས་ཅདཀྱི་རང་བཞིན་ནི་དགའ་བ་དང་བདེ་བར་ལྡན་པར་བཤད་ལ། དེ་ཡང་ངོ་བོ་ཐ་དད་པར་ལྡན་ན་ནི་རང་བཞིན་ལྡན་པར་མི་འགྱུར་བས་རང་བཞིན་ཉིད་དགའ་བདེ་ཡིན་པའི་དོན་ཡིན་ལ། དེ་ཉིད་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་ཞིང༌། ཡུལ་དུས་གང་ན་ཡང་མི་གནས་ལ། རྒྱུ་གང་གིས་ཀྱང་མ་བསྐྱེད་ཅིང༌། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལས་རྣམ་པར་གྲོལ་བ་ཡོན་ཏན་འཕེལ་བ་དང་སྐྱོན་བྲི་བ་མེད་པའི་མཚན་ཉིད་ཅན་བྲག་ཆ་ལྟ་བུར་གཅིག་དང་དུ་མ་ལས་གྲོལ་བ་གདོད་མ་ནས་གང་ལས་ཀྱང་མ་སྐྱེས། གང་གིས་ཀྱང་མ་བྱས་པས་འདུས་མ་བྱས་པ། འདི་ནི་སྟོང་པ་ཉིད་ཀྱང་ཡིན་ལ་ཡེ་ཤེས་ཀྱང་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་མ་ཡིན་ནོ། །ཀུན་དུ་རྟོག་པ་དེ་ཡང་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། སེམས་ལས་བྱུང་བ་རྣམས་དང༌། དེ་དག་ལ་ཁམས་གསུམ་དུ་སྣང་བའི་རྣམ་རིག་རྣམས་སོ། །དེ་ལྟར་ཡང་རྒྱལ་བ་མི་
ཕམ་པས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སོ། །ཡེ་ཤེས་དེ་ཉིད་དེ་ལྟར་ཡིན་པར་ནི། གྲུབ་པའི་སློབ་དཔོན་འགྲོ་བ་བཟང་པོ་ཞེས་བྱ་བས། རྒྱུད་འདིའི་ཐིག་ལེའི་རྣལ་འབྱོར་གསལ་བར་བྱེད་པའི་ཕྱིར། མངོན་བརྗོད་བླ་མའི་རྒྱུད་ཀྱི་ཚིག་བསྡུས་ཏེ། དེ་ཁོ་ན་ཉིད་ཀྱི་མན་ངག་མཛད་ལ། དེའི་འགྲེལ་པར་འདི་སྐད་ཅེས་གསུངས་ཏེ། བྱང་ཆུབ་ཅེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་དཔའ་ནི་དགོངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ། གཟུང་དང་འཛིན་པའི་མཚན་ཉིད་ལ། །བྱང་ཆུབ་ཅེས་བྱ་འགའ་ཡང་མེད། །རྟོག་པའི་ཤེས་པ་ལས་གྲོལ་བའི། །སེམས་ནི་བྱང་ཆུབ་ཡིན་ཞེས་བཤད། །ཅེས་བཤད་པའི་ཕྱིར་རོ། །ཞེས་གསུངས་ཤིང༌། དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱང་ཡིན་ལ། ཡེ་ཤེས་ཀྱང་ཡིན་པའི་དོན་ཏེ། དེ་ཉིད་ལས་ཇི་ལྟར་གཉིས་སུ་མེད་པར་ཉེ་བར་འགྲོ་བ་ཡིན་ཞེ་ན། ཅུང་ཟད་ཙམ་ཡང་མི་གསལ་བ་མ་ཡིན་གྱི་རྟོག་པ་མེད་པ་ལས་གསལ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བར་སྦྱར་རོ། །ཆོས་ཀྱི་དབྱིངས་དེ་ལ་ཕྱག་བཙལ་ནས་ཞེས་གསུངས་ཏེ། དེའི་ཅུང་ཟད་ཙམ་
ཡང་མི་གསལ་བ་ནི་མེད་དགག་གི་དོན་ཡིན་ལ། གདོད་མ་ནས་རྙོག་པ་མེད་པ་གསལ་བར་མངོན་དུ་འགྱུར་བར་ཡང་བཤད་དོ། །ཡེ་ཤེས་དེ་ཡང་འབྲས་བུའི་དུས་ཁོ་ནའོ་སྙམ་ན་མ་ཡིན་ཏེ། དེ་ཉིད་ལས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་དེ་ལས་སྐྱེས་པ་ཡིན་ལ། རྒྱལ་བ་མཆོག་གཅིག་པུ་དེ་ལས་འཁྲུངས་པར་མ་ཟད་ཀྱི། ཁམས་གསུམ་པོ་ཡང་དེ་ལས་སྐྱེས་པ་ཡིན་ཏེ། ཁམས་གསུམ་པོ་བསྐྱེད་པའི་རྒྱུ་ནི། ཁམས་གསུམ་མ་ལུས་པ་ཡེ་ཤེས་ཀྱི་བྱེད་པ་ཅན་ནོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པས་འབྲས་དུས་ཀྱི་ཡེ་ཤེས་ལས་ཁམས་གསུམ་པོ་ཇི་ལྟར་སྐྱེ། དེའི་ཕྱིར་གཞི་དངོས་པོའི་གནས་ལུགས་ཙམ་མོ། །གསུམ་པ་ནི། དེ་ལྟར་སོགས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་རྣལ་འབྱོར་གསུམ་པོ་དག་ལ་སོ་སོར་གོམས་པ་བརྟན་པའི་དུས་དང་དབང་པོ་དམན་པའི་རབ་ཀྱི་སྨྱོན་པའི་སྤྱོད་པ་དང༌། ཀུན་བཟང་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་རྣམས་སོ་སོར་ཇི་ཙམ་དུ་སྤྱོད་པའི་དུས་ནི། ཐམས་ཅད་ཀྱང་ཐུན་མོང་དུ་བསྟན་པ་ཟླ་བ་དྲུག་དྲུག་སྟེ། །དེ་ལྟར་རྣལ་འབྱོར་པས་བར་མ་ཆད་པར་རྒྱུན་ཏུ་རྟག་ཏུ་གོམས་པར་བྱས་པ་ཉིད་ཀྱིས་ནི། དཔལ་རྡོ་རྗེ་སེམས་དཔའ་དང་མཉམ་པའི་གོ་འཕང་ཡང་ཟླ་བ་དྲུག་གི་ངེས་པར་འགྲུབ་པར་འགྱུར་རོ། །འདི་ལ་ཕྱོགས་ལས་རྣམ་
རྒྱལ་གྱི་སྤྱོད་པ་ལ་རྡོ་རྗེ་སེམས་དཔའི་གོ་འཕང་དང་མཉམ་པ་ཡང་སྒྲ་ཇི་བཞིན་པ་ཡིན་ལ། གཞན་རྣམས་ལ་མཉམ་པ་ནི་འདྲ་བའི་དོན་ཏེ། ཕྱོགས་འདྲ་ལ་དགོངས་པའོ། །དེ་ཉིད་བསྐྱེད་རིམ་བརྟན་པ་ཙམ་ལ་ཡང་ཡོད་པའི་ཕྱིར། ལྷག་མ་གཞན་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དབང་པོར་རབ་འབྲིང་དག་ལ་ནི། སྤྱོད་པའི་དུས་ཟླ་བ་ཕྱེད་དང༌། ཟླ་བ་གཅིག་གམ། ཕྱོགས་གསུམ་སོགས་ཀྱང་གསུངས་ཤིང༌། དབང་པོ་དམན་པའི་འབྲིང་དང་ཐ་མས་ནི་སྤྱོད་པ་ལན་གཉིས་སམ་གསུམ་ཙམ་དགོས་ཤིང༌། རིམ་གཉིས་ཀྱི་རྣལ་འབྱོར་བརྟན་པར་བྱེད་པ་ལ་ཡང་དེས་རིགས་འདྲེའོ། །བཞི་པ་ལ་གོ་ཆ་སོ་སོའི་ལས་ཚོགས་དང༌། ཕྱོགས་ཅིག་ཏུ་སྒོམ་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དབང་པོའི་མདོག་དང་ཡང་དག་ལྡན། ཞེས་པ་ནས། ཁྲག་འགུགས་པ་ཡི་དམ་པའོ། །ཞེས་པའི་བར་ཏེ། འདི་དག་ལ་སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པའི་དོན་གཉིས་ལས། དོན་གྱི་གཙོ་བོ་ནི་དང་པོ་ཡིན་ནོ། །དེ་ཡང་དབང་པོ་རྣོན་པོས་ལྷ་ལྔའི་དཀྱིལ་འཁོར་གོ་ཆའི་ཡི་གེ་དང་བཅས་པ་རྣམས་ལ་གསལ་སྣང་བརྟན་པོར་ཐོབ་པ་ཙམ་གྱིས་ཕྱིས་ལས་ལ་སྦྱར་བས་འགྲུབ་ཅིང༌། དབང་པོ་དམན་པས་ནི་གསལ་སྣང་དེ་ཐོབ་པར་མ་ཟད་རྩ་བའི་བསྙེན་
པ་ཚད་དང་ལྡན་པར་སོང་ཞིང་སྒྲུབ་པའི་དོན་དུ་འབུམ་ཡང་བཟླས་ལ། གོ་ཆའི་སྔགས་ཀྱི་ཡིག་འབྲུ་རྣམས་ཉིད་ལ་ཡང་བསྙེན་པ་འབུམ་དང༌། སྒྲུབ་པ་ཁྲི་བྱས་ན་ཕྱིས་ལས་ལ་སྦྱར་བས་གདོན་མི་ཟ་བར་འགྲུབ་སྟེ། སོ་སོའི་སྔགས་དམིགས་གསལ་ཅན་རྣམས་ཀྱང་འབུམ་མམ་ཁྲིར་བཟླ་དགོས་པར་མངོན་ཞིང༌། ཁྱད་པར་ལྷ་ཆེན་པོ་རྣམས་དབང་དུ་བྱེད་པ་དང༌། གོང་བུ་དགུག་པ་ནི་དངོས་གྲུབ་དང་ཕྱོགས་མཐུན་པ་ཡིན་པའི་ཕྱིར། ལྷའི་སྣང་བ་ཡང་ཐོབ་དགོས་པར་མངོན་ལ་ཇི་སྐད་དུ། རྡོ་རྗེའི་ཤིང་ལ་དགུག་པ་ཉིད། །གཡོ་བྱས་རྩ་ལ་རེངས་བྱེད་ཉིད། །ཅེས་དང༌། དབང་ནི་མེ་ཏོག་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་དང་པོ་ཉམས་སད་པར་བྱ་བའི་ཕྱིར། མེ་ཏོག་ལ་སྦྱར་ན་མེ་ཏོག་ཕ་རོལ་ཏུ་ཁ་བལྟས་པ་ཡང་ཚུར་ལ་བལྟ་བ་དང༌། ཤྲཱི་ཁནྡྷའི་ཤིང་ལས་ལོ་མ་དགུག་པས་ཁུ་ཁྲག་དགུག་པའི་ནུས་པ་ཐོབ་པར་ཤེས་མོད་ཀྱི། ལྷ་དང་མི་བསོད་ནམས་ཀྱི་མཐུ་དང་ལྡན་པའི་ཕྱིར་སླར་ཡང་སྒྲུབ་པ་ཟླ་བ་དྲུག་བསྐྱར་བས་ལས་ལ་སྦྱོར་དགོས་སོ། །ཞེས་པ་མན་ངག་གོ་ཞེས་བླ་མ་གོང་མ་རྣམས་གསུངས་ཏཻ་ལེགས་པར་ཡང་མངོན་ནོ། །དེ་ལ་དབང་པོའི་མདོག་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་འགྱུར་ལྟར་ན་དབང་སྔོན་དུ་མཛད་ལ། གཞན་ནི་དམར་པོ་སྟེ། དབང་དགུག་གི་ལས་ཡིན་པས་སོ། །དེ་ནང་དབང་པོ་ནི་ཨིནྡྲ་གོ་བ་སྟེ།
ལྷམ་བུ་ཆུ་ཤེར་ཞེས་བྱ་བའི་སྲོག་ཆགས་ཤིན་ཏུ་མདོག་དམར་བ་ཞིག་གི་མིང་ངོ༌། །དེ་ལྟ་བུའི་མདོག་དང་ཡང་དག་པར་ལྡན་པའི་ཧེ་རུ་ཀར་བདག་ཉིད་སྒོམ་སྟེ། མགྲིན་པར་དང་པོའི་ཡི་གེ་ཨ་ཐུང་དམར་པོ་བསམ་པར་བྱས་ཏེ། རང་གི་རིག་པ་སྟེ། རང་སྣང་བ་ལས་བྱུང་པའི་ལྷ་མོས་སངས་རྒྱས་མཁའ་འགྲོ་མ་དང༌། རབ་ཏུ་མཉམ་པར་སྦྱར་བར་བསྒོམས་ཏེ། རྗེས་ཆགས་ཀྱིས་ཡོངས་སུ་བསྐུལ་བས་ཡབ་ཡུམ་གཉིས་ཀའི་མགྲིན་པའི་ཨ་ལས་འོད་ཟེར་དམར་པོ་འཕྲོས། སྦྱོར་མཚམས་ནས་སྤྲོས་ཏེ་སྒྲུབ་བྱ་ཡོངས་སུ་བཀུག་པར་བསམས་ན། དེའི་མོད་ལ་སྒྲུབ་བྱ་དེ་ཉིད་མྱུར་དུ་ཁུག་པར་འགྱུར་ཏེ། སྔགས་ཀྱིས་ཁྱད་པར་ནི། ཙ་ལ་ཡ་པཱ་ད་ཙ་ལ་ནེ་ཨ་ཀརྵ་ཡ། ཞེས་བསྐུལ་ཚིག་དང་བཅས་པས་སོ། །གོ་ཆ་གཉིས་པའི་ལས་ནི་བསྐྱེད་གཞི་སྔ་མ་དང་འདྲ་བ་ལས་རྣ་བ་གཉིས་སུ་ཡི་གེ་གཉིས་པ་སྟེ་ཨཱ་རིང་པོ་དང་ལྡན་པར་བསྒོམས་ལ། དེ་ལས་འོད་ཟེར་སྤྲོས་ཏེ། སྒྲུབ་བྱ་གང་ཡིན་པ་ཞགས་པས་བཅིངས་ཤིང་ལྕགས་ཀྱུས་སྙིང་ཁར་བཏབ་ནས། མེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྐྱོན་ཏེ་དྲངས་པར་བསམས་ཞིང་རྣམ་པར་སྒོམ་པར་བྱས་ན་ས་གསུམ་པོ་མཁའ་སྤྱོད་ས་སྟེང་ས་འོག་ན་གནས་པའི་མི་དང་མི་མ་ཡིན་གང་ཡིན་ཀྱང་རུང་སྟེ། དེ་རྣམས་མ་ལུས་པ་ནི་སྔགས་པ་དེ་
ཡིས་ཐམས་ཅད་དབང་དུ་འགྱུར་རོ། །དེ་ལ་འོད་ཟེར་རམ་བདུད་རྩིས་ལུས་འགེངས་པའི་དམིགས་པ་ཡང་དགོས་སོ། །སྔགས་ནི་ཆེ་གེ་མོ་ཝ་ཤ་མ་ན་ཡ་ཧོ། ཙིཏྟ་ཨ་ཀརྵ་ཡ་ཛཿ ཆེ་གེ་མོ་ཧྲི་ཧཱུཾ་ཨ། ཆེ་གེ་མོ་ཧྲི་ཧཱུཾ་ཡཾ། ཞེས་བཟླའོ། །གོ་ཆ་གསུམ་པ་ཨོཾ་གྱི་ལས་ཚོགས་ནི་གཉིས་ཏེ། ལྷ་ཆེན་པོ་དགུག་པ་དང༌། གོང་བུ་དགུག་པའོ། །དང་པོ་ནི། མཚན་མ་གཅིག་པའི་དྲུང་དུ་ཤ་ཆང་དང་གུ་གུལ་གྱིས་བདུག་པ་དང༌། ཁྲག་གི་དཀྱིལ་འཁོར་བྱས་ལ། ཨོཾ་ཙ་མུཎྜི་རྡཱུམྨ་ཀེ་ཤི་བིཏྱུ་ཛྫི་ཧེ། ཧ་ན་ཧ་ན། པ་ཙ་པ་ཙ། ཆེ་གེ་མོ་ཨཱ་ན་ཡ་སྭཱཧཱ། ཞེས་ཁྲག་གི་ཨརྒྷཾ་དང་བཅས་པས་ཉིན་མཚན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་ཙ་མུཎྜི་སྒྲུབ་པར་བྱའོ། །གྲུབ་ནས་བཀའ་བསྒོ་སྟེ། གཞི་གོང་དང་འདྲ་བ་ལས། མིག་གཉིས་ལ་ཨོཾ་དམར་པོ་བསྒོམ་སྟེ་དེ་ལས་འོད་ཟེར་སྤྲོས་ནས། ཙ་མུཎྜི་ལ་ཕོག་པས་དེ་དབང་དུ་གྱུར་ནས་བཀའ་ནོད་པ་ལ་བཀའ་བསྒོས་པས། འོད་ཟེར་གྱི་སྣེ་ལ་དེ་སོང་ནས་སྒྲུབ་བྱ་བཀུག་པར་བསམས་ལ། སྙིང་པོའི་མཐར་གོང་གི་སྔགས་བརྟགས་པས་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་པོ་སྟེ་བརྒྱ་བྱིན་དང༌། དེ་བཞིན་དུ་དབང་པོ་གཉིས་པ་ནི། དབང་ཕྱུག་ཆེན་པོ་སྟེ་དེ་དང༌། འདོད་པའི་དབང་ཕྱུག་སྟེ་བདུད་དང༌། གཞན་ཡང་ལྷ་ཆེན་པོ་དེ་དག་ཆུང་མར་བཅས་པའང་བཀུག་སྟེ། བདག་གི་མངག་གཞུག་ཏུ་
བྱེད་པའོ། །འདི་དང་གོང་བུ་དགུག་པ་ལ། རྐང་པ་གཡོན་དང༌། རྡོ་ལེབ་ལ་རི་རབ། ཟུར་བཞིར་ཧྲིཿ དབུས་སུ་སྔགས་དང་བཅས་པ་རྒྱ་ཚོས་ཀྱི་བྲིས་ནས། རྡོ་ལེབ་རྐང་པས་མནན་ནས་བཟླས་པས་འགྲུབ་བོ། །སྒྲུབ་པ་པོ་བསོད་ནམས་ཆུང་ངུས་ཀྱང་དེ་རྣམས་ཀྱི་འཁོར་དུ་གྱུར་པའི་ལྷ་ཕོ་མོ་དགུག་པར་ནུས་སོ། །ཡེ་ཤེས་ཡི་གེ་ཞེས་བྱ་བ་ནི། ཨོཾ་ཡིག་སྟེ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་བླ་མ་རྣམས་གསུང་ངོ༌། །དེས་བསྐུལ་བྱས་ནས་ཞེས་པ་ནི། ཙི་མུཎྜི་བསྐུལ་བའོ། །གཉིས་པ་ནི། ཨོཾ་གྱི་ཡི་གེ་ལས་བྱུང་བའི་ཧེ་རུ་ཀའི་ཆ་བྱད་དུ་བདག་ཉིད་བསམ་ལ། མིག་ལ་ཨོཾ་དགོད་དོ། །གནས་དང་དམ་རྫས་གོང་བཞིན་ལས་ནག་པོ་ཆེན་པོ་བསྒྲུབ་སྟེ། ཨོཾ་ན་མཿ ཤྨ་ཤ་ན་ཝཱ་སི་ནི་མཧཱ་ཀཱ་ལ་ཨ་ནུ་ཙ་རཱ་ཡ། ཏདྱ་ཐཱ། ཨོཾ་ཙ་ལ་པྲ་ཙ་ལ། ལ་ལ་ལཱ་ལ་ཡ། དེ་བ་ལིངྒ་སྭཱཧཱ། ཞེས་བཟླའོ། །ཨོཾ་གྱི་འོད་ཟེར་གྱིས་ནག་པོ་ཆེན་པོ་དབང་དུ་བྱས་པར་བསམ་མོ། །དེ་ནས་ལས་ལ་སྦྱར་བ་ནི། ཨོཾ་གྱི་འོད་ཟེར་མིག་འབྲས་གཉིས་དང་གནས་གསུམ་ནས་སྤྲོས་ནས་ནག་པོ་ཆེན་པོ་བསྐུལ། འོད་ཟེར་གསུམ་པོ་སྒྲུབ་བྱའམ་མི་རོའི་གནས་གསུམ་དུ་ཕོག །ནག་པོ་ཆེན་པོས་ཞགས་པ་དང་ལྕགས་ཀྱུ་བཏབ་ཅིང༌། མེ་རླུང་གི་སྦྱོར་བ་དང་བཅས་པས་སྔགས་ཀྱི་ནང་དུ་སྤེལ་ཚིག་ཆུག་པར་
བྱས་ཏེ་བཟླས་ན་ཞག་བདུན་ལ་སོགས་པས། དམ་རྫས་ཀྱི་བམ་ཆེན་དངོས་སུ་དགུག་པའམ། སྐྱེས་པའམ། བུད་མེད་སོགས་ནམ་མཁའི་ལམ་ལས་འགུག་པར་འགྱུར་རོ། །དེ་ཡང་རྐང་པ་དགུག་པ་ནི་རྐང་པས་འོང་བ་ཡིན་ལ། གོང་བུ་དགུག་པ་ནི། ནམ་མཁའ་ལས་འོང་བའོ། །སྐུ་གསུང་ཐུགས་ལ་ལེགས་གནས་པ། ཞེས་པའི་དོན་ནི་དཔྲལ་མགྲིན་སྙིང་ག་གསུམ་ནས་འོད་ཟེར་སྤྲོ་ཞིང༌། སྒྲུབ་བྱའི་དཔྲལ་མགྲིན་སྙིང་ག་གསུམ་ནས་འགུག་པའི་དོན་ཡིན་ལ། སྦྱོར་བ་རྣམ་པ་གསུམ་ནི་འོད་ཟེར་སྤྲོ་ཞིང་ལྷ་བསྐུལ་བ་དང༌། མེ་རླུང་གི་སྦྱོར་བ་དང༌། ཞགས་པ་ལྕགས་ཀྱུའི་སྦྱོར་བ་སྟེ། དེ་རྣམས་བསྒོམ་པར་བྱས་ན། གོང་བུ་འགུགས་པའི་ཐབས་དམ་པ་ཡིན་ནོ། །འཆད་འགྱུར་གསུམ་པོ་འདི་ལ། འཁོར་ལོ་རྒྱ་གྲམ་བསྣོལ་མ་ལ་དབུས་སུ་ཧ། ཤར་སོགས་གཡོན་བསྐོར་གྱི་ཧེ་ཧོ་ཧཱུཾ་ཧཾ་མགོ་ནང་དུ་བསྟན་པ་བྲི་སྟེ། རྫས་མཐུན་བསྲེས་པའི་ས་ཡིས་མདོག་མཐུན་གྱིས་ཐོད་པ་ལ་བྲིས་པ་སྟེང་དུ་བཞག་གོ །དེ་ལ་གོ་ཆ་བཞི་པའི་ལས་ནི། ཡི་གེ་ཁེ་ལས་ཡང་དག་པར་བྱུང་པའི་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཕྱག་བཞི་པ། རྡོ་རྗེ་དང་དྲིལ་བུ་དང༌། རྩེ་གསུམ་དང༌། ཐོད་པ་འཛིན་པ་བསྒོམ་སྟེ། ལག་ན་ཐོད་པ་ཆགས་པའི་བདག་ཉིད་ཅེས་པ་ནི་གཡོན་གྱི་ཐ་མ་བསྟན་པ་ཡིན་ནོ། །སྣ་ལ་ཡི་གེ་ཁ་དང་ཡང་དག་པར་ལྡན་པར་
བསྒོམས་ལ། དེའི་འོད་ཟེར་བུད་མེད་དང་སྐྱེས་པའི་བྱེ་བྲག་གིས་ཡབ་ཡུམ་གྱི་རྡོ་རྗེ་དང་པདྨའི་སྣ་རྩེ་ནས་སྤྲོས་ཏེ་སྒྲུབ་བྱའི་རྩ་ཁ་ཁ་མུ་ཁའམ། ན་རན་སི་ཀ་ནས་ཞུགས། ལྟེ་བའི་དཀྱིལ་འཁོར་ཡང་ཕུག་སྟེ། སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་འོད་ཟེར་གྱི་སྦུ་གུས་དྲངས་པར་བསམ་ལ། མདུན་དུ་བཞག་པའི་ཐོད་པའི་ནང་དུ་འབབ་པར་བསྒོམས་ཏེ། ཨོཾ་ཨཱཿཀོདྷྲྀ་ཎི་ཨ་ཀརྵ་ཎི། གཽ་རི་ཛཱཿཧྲིཿདུཥྟ་སྱ་དུཥྟ་ཡ། ཤུ་ཀྲ་མཱ་ཀརྵ་ཡ། ཛཿཛཿཛཿཧཱུཾ་སྭཱཧཱ། ཞེས་བཟླས་པས་གཞན་གྱི་ལུས་ལས་ཁུ་བ་འགུགས་པའི་ཐབས་མཆོག་ཡིན་ནོ། །སཾ་པུ་ཊི་ལས་ནི་འདི་ལ་ཡང་ཞལ་བཞི་བཤད་ཅིང༌། རྡོ་རྗེ་མཁའ་འགྲོ་ལས་ཀྱང་ངོ༌། དེའི་ཁ་དོག་ནི་གཡོན་སྐོར་གྱི་དཀར་དམར་སེར་ནག་གོ །གོ་ཆ་ལྔ་པའི་ལས་ནི་རོ་སྐྲ་བཏིང་བའི་སྟེང་དུ། རྫ་མཁན་གྱི་ལག་པ་ཕྱིས་པའི་ས་ལས་རྫ་བུམ་བྱས་པ་བཞག་ལ། ཡི་གེ་ཙི་ལས་ཡང་དག་པར་བྱུང་བ་རང་ཉིད་ཧེ་རུ་ཀ་ཁ་དོག་སེར་པོ་ཀུན་དུ་འོད་དེ་སྣ་ཚོགས་འཕྲོ་བ། རྩ་ཞལ་རྟ་ཡི་གདོང་གི་ཚུལ་བྱས་ན་སྟེ། རྟ་གདོང་དང་ཞལ་བཞིའི་མདོག་ནི་གཡས་བསྐོར་གྱིས་སེར་ནག་དམར་ལྗང་བ། ཕྱག་བཞི་ན་རྡོ་རྗེ་ཐོད་ཁྲག་ལྕགས་ཀྱུ་ཞགས་པ་བསྣམས་པ། དཔྲལ་བར་ཡི་གེ་ཙི་དང་ཡང་དག་པར་ལྡན་པ། དེ་ལས་འོད་ཟེར་སྦུབས་ཅན་སྤྲོས་ཏེ། གཞན་གྱི་ཆང་སྣོད་ལས་ཆང་དྲངས་ཏེ། མདུན་གྱི་བུམ་པའི་ནང་དུ་འབབ་
པར་མོས་ལ། ཨོཾ་གྷོ་ནེ་སུ་གྷོ་ནེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར། ཏྲཻ་དྷ་ཏུ་ཀ །མ་དྱ་ཨ་ཀརྵ་ཡ་ཛཿ ཞེས་བཟླས་པ་ཆང་འགུགས་པའི་ཐབས་དམ་པ་ཡིན་ནོ། །དྲུག་པའི་ལས་ནི་ས་བོན་ར་ཡིག་ལས་སྐྱེས་ཤིང༌། སྐུ་མདོག་དམར་པོ་འོད་ཆེན་པོ་འཕྲོ་བ་ཕྱག་གཞི་རྡོ་རྗེ་རལ་གྲི་ཁ་ཊྭཾ་ཐོད་པ་ཅན། ཞལ་བཞི་གཡས་བསྐོར་ཀྱིས་དམར་སེར་དཀར་ནག་པ། རྩ་བའི་ཞལ་ལྕེ་སྤྱང་གི་ཞལ་དུ་ལེགས་པར་གནས་པ། སྙིང་ཁར་ཡི་གེ་ར་དང་ཡང་དག་པར་ལྡན་པ། ཁྲོ་བོའི་སེམས་ཀྱིས་ཡང་དག་པར་བསྒོམ་པར་བྱས་ནས། སྣ་རྩེ་ནས་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་དང༌། སྙིང་ཁའི་ར་ལས་འོད་ཟེར་གྱི་སྦུབས་སྤྲོས་ཏེ། བསྒྲུབ་བྱའི་རྩ་དང་ཡན་ལག་བྲལ་ནས་ཁྲག་དྲངས་ཏེ་མདུན་གྱི་ཐོད་པའི་ནང་དུ་འབབ་པར་བསྒོམས་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཆེ་གེ་མོའི་རཀྟ་མཱ་ཀརྵ་ཡ་ཧཱུཾ་ཕཊ། ཅེས་བཟླས་པས་ཁྲག་འགུགས་པའི་མཆོག་ཡིན་ནོ། །འདི་གསུམ་ལ་རིམ་པས་ལྷ་མོ་གཱཽ་རི་དང༌། མཱ་མ་ཀཱི་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་བསྐུལ་ནས་དགུགས་པར་བསམ་པ་དང༌། སྣོད་ཀྱི་ནང་དུ་མཐུན་པའི་རྫས་ཅུང་ཟད་ཐོག་མ་ཉིད་ནས་ཡོད་པར་བྱའོ། །གཉིས་པ་ནི། མན་ངག་ལས་འབྱུང་བ་ལྟར་ཆགས་ལམ་གྱི་ཡན་ལག་འགའ་ཞིག་སྟེ། ལས་ཚོགས་དང་པོ་ཐིག་ལེ་བཟུང་བའི་ཐབས་གཙོ་ཆེ་བ་དང༌། གཉིས་པ་གསུམ་པ་
འཛིན་འགྲེམས་གཉིས་ཀ་དང༌། བཞི་པ་ནི་བཟུང་བཟློག་ཁྱབ་པ་གསུམ་ཀ་དང་ལྔ་པ་དཀར་པོ་འདྲེན་པ། དྲུག་པ་ཁྱབ་པར་བྱེད་པ། བདུན་པ་དམར་ཆ་འདྲེན་པ་སྟེ། མན་ངག་རེ་རེ་དང་ཚིགས་བཅད་རེ་སྦྱོར་བ་སྟེ། མར་རྔོག་གི་མན་ངག་རྙིང་པ་རྣམས་དང༌། ཞལ་ལས་རྟོགས་པར་བྱའོ། །གཉིས་པ་ནི། གོང་དུ་བཤད་པའི་ཡི་གེ་དྲུག་པོ་དེ་དག་བདག་ཉིད་དཔལ་ཧེ་རུ་ཀའི་སྐུར་གསལ་བ་ལ་ཡང་དག་པར་ལྡན་པར་བྱ་སྟེ། མགྲིན་པ། རྣ་བ། མིག །སྣ། དཔྲལ་བ་སྙིང་ག་རྣམས་སུ་ཆབས་གཅིག་ཏུ་བཀོད་པས། གནས་དྲུག་པོ་དེ་དག་ཏུ་ངེས་པར་སེམས་སྦྱོར་བས་ནི། རྣལ་འབྱོར་པ་དེ་ལ་མཁའ་འགྲོ་མའི་ཚོགས་སྔགས་སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་རྒྱུད་བྱིན་གྱིས་བརླབས་པའི་སྒོ་ནས་སམ་དངོས་སུ་འགྲུབ་པར་འགྱུར་རོ། །དེ་དག་གི་འདུ་བ་དམ་པ་ཐོབ་ནས་ཀྱང་དངོས་གྲུབ་རྒྱ་ཆེན་པོ་སྩོལ་བར་འགྱུར་རོ། །འདིར་མན་ངག་གཞན་ནི་ག་ཌྷཱ་ཞེས་བྱ་བའི་ཉའི་རུས་པ་ལ། གཱཽ་རི་ལ་སོགས་པ་མཁའ་འགྲོ་མ་གང་ཡང་རུང་བའི་གཟུགས་བྲིའོ། དེ་ཉིད་བསྐྱེད་ཅིང་སྤྱན་དྲངས་ལ་སྡིགས་མཛུབ་གཉིས་ཀྱི་མཐེའུ་ཆུང་སྦྲེལ་ཞིང་རྩེ་མོ་སྤྲད་པ་དཔྲལ་བར་བཟློག་པ་ནི་ཧེ་རུ་ཀའི་ཕྱག་རྒྱ་སྟེ་དེས་གནས་ལ་ཕབ་ནས། གོ་ཆའི་སྔགས་ཀྱི་འོད་ཟེར་
གྱིས་མཁའ་འགྲོ་མ་རྣམས་ཡང་ནས་ཡང་དུ་དགུག་ཅིང་དབང་དུ་བྱས་པར་ཡང་མོས་ལ། ཨོཾ་ཨ་ཨཱ་ཁེ་ཙི་རཾ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཛཿཞེས་པ་ལ་སོགས་པས་དགུག་ཅིང༌། གོ་རཱི་ས་དྷ་ཡ་ས་དྷ་ཡ། ཞེས་པས་བསྒྲུབ་པར་བྱའོ། །མངོན་སུམ་དུ་འོང་པ་ན་མཆོད་པས་མཆོད་དེ་གནད་ལ་ཕབ་པས་དངོས་གྲུབ་སྩོལ་བར་འགྱུར་རོ། །རྡོ་རྗེའི་ཚིག་འདིས་ནི་བསྐྱེད་རིམ་གྱི་ཚེ་གོ་ཆ་བཅིང་བ་གསལ་བར་བསྟན་པའོ། །འདིར་མན་ངག་གསུང་སྒྲོས་གཞན་ལས་ནི། གོ་ཆའི་ཡི་གེ་འདི་དག རྒྱུད་འདིར་བསྡུས་པར་དགོངས་པས་ཡི་གེ་ཉིད་དུ་གསུངས་པར་ཟད་ཀྱི་ངོ་བོ་ནི་དཔའ་བོ་དྲུག་ལྷ་མོ་དྲུག་དང་བཅས་པའོ། །དེས་ན་འདིར་ཡང་ལས་ཚོགས་སྐབས་ལྟར་གསལ་ལ། རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ན་ཡང་གསལ་བ་དང༌། རྒྱུད་ཀུན་ལས་བཏུས་པར་ཡང་འབྱུང་ཞིང༌། སློབ་དཔོན་དྷརྨ་པས་ཀྱང༌། ཐུང་ངུ་དག་ནི་རླུང་ཡིན་ཏེ། །འཇིག་རྟེན་དབང་ཕྱུག་མིག་སྨན་དང༌། །ཨ་ལས་དག་པ་ནི་སྒྲ་ལས་བྱུང༌། །ཐོས་བྱེད་དག་པའི་ཤེས་དང་མཚུངས། །ཨཱཿ སྣ་ཚོགས་གཟུགས་ཅན་མཐོང་བའི་ཡུལ། རྡོ་རྗེ་སྐུ་སྟེ་རྟག་པའོ། །ཨཾ་དབུགས་ནི་ནང་གི་བདེ་བ་སྟེ། ཁུ་བའི་གཟུགས་ཅན་རྡོ་རྗེ་སེམས། ཁེ༴ ལུས་རབ་བདེ་བས་སེར་སྣ་ཡིན། །གསེར་མཚུངས་གསེར་གྱི་རིགས་རྒྱལ་ལོ། །ཙཻ༴ ཐུགས་ནི་ཀུན་
ལ་རྗེས་སུ་ཆགས། །ཕྱག་ན་རྡོ་རྗེ་འཆར་ཀའི་འོད། །ར༴ ཞེས་གསུངས་ཏེ་རྒྱུ་མཚན་ནོ། །ལྔ་པ་ལ། སེང་གེ་རྣལ་རོལ་གྱི་སྦྱོར་བ་དང༌། རླུང་འགགས་པ་ལས་ཡེ་ཤེས་སྐྱེ་ཚུལ་དང༌། གོང་བུའི་རྣལ་འབྱོར་བཤད་པ་སྟེ་གསུམ་ལས། དང་པོ་ནི། མིག་གཉིས་དང་ནི་སོགས་ཏེ། འདི་ལ་ཕྱག་རྒྱ་སེང་གེ་རྣམ་རོལ་ཞེས་བྱ་བ་གོ་ཆའི་ལྷ་རྣམས་མིག་གཉིས་དང་ནི་རྣ་བ་དང༌། དེ་བཞིན་དུ་སྣ་དང༌། ཡིད་དེ་སྙིང་ག་དང༌། གཞན་གཉིས་ནི་དཔྲལ་བ་དང་མགྲིན་པ་རྣམས་སུ་ཡོངས་སུ་བཀོད་པས་སེང་གེ་ལྟར་བར་ཆད་གང་གིས་ཀྱང་འཇིགས་པ་མེད་པས་རྣམ་པར་རོལ་བའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེའི་སྒོ་ནས་རྣལ་འབྱོར་པས་ཕྱོགས་བཅིང་བ་སྟེ་བསྲུང་བ་བྱའོ། །དངོས་སུ་ནི་ཐུན་མཚམས་ཀྱི་བསྲུང་བ་བསྟན་པ་ཡིན་ལ། སློབ་དཔོན་ཆེན་པོ་ཤནྟི་པས་ཚིག་འདིས་གོ་ཆ་དགོད་པའི་གནས་བསྟན་པར་བཤད་པའི་དོན་ཡང་དེ་ཉིད་དོ། །བཟློག་པ་སེང་གེ་རྣམ་རོལ་ཞེས་བྱ་བ་མིག་གི་འོད་ཟེར་ཉམས་པ་དང༌། རྣ་བའི་སྒྲ་ཞི་བ་དང༌། སྣའི་བར་ཀ་ཆད་པ་དང༌། ལྕེའི་རྩ་བར་ཐིག་ནག་པོ་དང༌། ཡིད་གཉིས་ནི་སྙིང་ག་དང་སྤྱི་བོ་སྟེ། བྲང་གི་དྲ་བ་ཞོམ་པ་དང༌། སྤྱི་བོའི་དུད་པ་ཡལ་བ་སྟེ་འཆི་ལྟས་དྲུག་པོ་དེ་དག་གང་ཤར་ཡང་དེ་རྣམས་སུ། རྡོ་རྗེ་གདན་བཞི་སོགས་ལས་བཤད་པའི་ལྷ་མོའི་ས་བོན་དག་བསྒོམས་ནས་བུམ་པ་ཅན་ཡོངས་སུ་
བཅིང་བར་བྱ་སྟེ། དེས་ནི་འཆི་བའི་འཇིགས་པ་མེད་པས་སེང་གེ་ལྟར་རྣམ་པར་རོལ་བར་འགྱུར་རོ། །རླུང་སེང་གེ་རྣམ་པར་རོལ་པ་ནི། བུམ་པ་ཅན་བཙན་ཐབས་སུ་དགག་པའི་མན་ངག་ཡིན་ཏེ། མིག་གཉིས་མཛུབ་མོ་དང༌། རྣ་བ་མཐེ་བོང་དང༌། སྣ་གུང་མོས་གཅེར་བ་དང༌། དངོས་སུ་མ་བཤད་ཀྱང་དེ་བཞིན་ཞེས་པའི་ཚིག་ཟུར་གྱིས་མཆུ་སྲིན་ལག་དང༌། མཐེའུ་ཆུང་གི་བར་དུ་བསྡམ་པ་བསྟན་ཞིང༌། ཡིད་གཉིས་ཞེས་པ་ནི་འོག་སྒོ་གཉིས་ཏེ། དེ་དག་རྐང་པའི་གནད་ཀྱིས་བཀག་ལ། རྣལ་འབྱོར་པས་བུམ་པ་ཅན་བཅིང་བར་བྱ་སྟེ། རྣལ་འབྱོར་འདི་ནི་རླུང་ལས་རྣམ་པར་རྒྱལ་བའི་སྟོབས་དང་ལྡན་པའི་ཕྱིར། སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་ཞེས་བྱའོ། །འདིས་ནི་སེང་གེ་རྣམ་པར་རོལ་ཞེས་བྱ་བའི་ལུས་སྦྱོངས་ཀྱིས་རླུང་དང་ཁམས་ཁྱབ་པར་བྱེད་པ་ཡང་གསལ་བར་བསྟན་ནོ། །གཉིས་པ་ནི། སྲོག་དང་རྩོལ་བ་བསྡམས་ནས་སུ། །ཞེས་པ་ནས། རྣལ་འབྱོར་གཉིས་དང་ཡང་དག་ལྡན། །ཞེས་པའི་བར་ཏེ། །འདི་ལས་སྤྱི་དོན་གྱི་བཤད་པ་དང༌། སྦས་དོན་གྱི་བཤད་པ་དང༌། མཐར་ཐུག་པའི་བཤད་པ་སྟེ་གསུམ་ལས། དང་པོ་ནི། བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར་ན། རླུང་ཕྱིར་འགྲོ་བ་སྲོག་དང༌། ནང་དུ་འོང་བ་རྩོལ་བར་བཞེད་ལ། ནག་པོ་པས་ནི་སྲོག་དང་རྩོལ་བ་ནི་རླུང་ངོ༌། །ཞེས་སྲོག་རྩོལ་བྱ་བ་རླུང་གི་རྣལ་འབྱོར་ཉིད་ཀྱི་མིང་དུ་མཛད་ལ། སྲོག་རླུང་རྩོལ་བ་དང༌།
འགོགས་པ་ཞེས་སེམས་འགྲེལ་སོགས་ལས་བཤད་དེ། གང་ལྟར་སྦྱར་ཡང་གཙོ་བོའི་དོན་ལ་རུང་བ་ཁོ་ནའོ། །འདིར་ནི་བུམ་པ་ཅན་གྱི་སྦྱོར་བས་དགག་པ་བསྟན་ཏེ། དེ་ལ་བླ་མ་གོང་མ་རྣམས་ཀྱི་མན་ངག་ནི། རླུང་ཕྱི་རོལ་དུ་འགྲོ་བའི་ཚེ། འགྲོ་བ་རྣམས་ལ་ཕན་གནོད་བྱེད་ཚུལ་བསམ་པ་དང༌། ནང་དུ་འོང་བ་ན་བདག་རང་ལའང་བྱེད་ཚུལ་བསམ་པ་ནི། རླུང་གི་མཚན་ཉིད་རྗེས་སུ་དྲན་པ་དང༌། འགྲོ་འོང་གི་རེག་བྱ་བདེ་བར་བསམ་པ་ནི། རླུང་བདེ་བའི་དམིགས་སུ་བསྒོམ་པ་དང༌། བཙན་ཐབས་དང༌། སྦྱོར་བའི་བུམ་ཅན་བསྒོམ་པ་ནི། རླུང་དགག་པའི་སྦྱོར་བ་དང༌། བུམ་ཅན་རབ་འབྲིང་ཐ་མ་གསུམ་ནི་ཁེགས་པའི་ཚད་དང༌། རྗེས་རླུང་མ་འཁྲུགས་པར་བྱེད་པ་ནི། རླུང་གི་རྗེས་འགྲོ་ཞེས་བྱ་བ་སྟེ། རླུང་གི་མན་ངག་རྣམ་པ་ལྔའོ། །དེས་ན་བུམ་པ་ཅན་གྱི་སྦྱོར་བས། སྲོག་དང་རྩོལ་བ་སྡམས་ཏེ། ལྷ་དང་ཡིག་འབྲུ་དང་སྟོང་པའི་རྣལ་འབྱོར་ལེགས་པར་བསྒོམས་ན་སྐད་ཅིག་དེ་ལ་སྟེ་མྱུར་ཏུ་ཡེ་ཤེས་འབར་བར་འགྱུར་ལ། ཡེ་ཤེས་ཆེན་པོ་རང་གི་ལུས་ལ་གནས་ཤིང༌། སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་སྟེ། གཟུགས་མེད་ཁམས་ལ་གནས་གཞན་མེད་པའི་དབང་དུ་བྱས་ནས་དམྱལ་བ་ནས་འོག་མིན་གྱི་བར་གྱི་གནས་རྣམས་སུ་རྒྱུ་བ་ནི་འགྲོ་བའི་དོན་ཡིན་པས་འགྲོ་བ་རིགས་དྲུག་དང༌།
མི་རྒྱུ་བ་སྲིད་པ་བར་མ་རྣམས་ཏེ། སེམས་ཅན་གྱི་འཇིག་རྟེན་བདུན་པོ་དེ་དག་ཐམས་ཅད་དུ་ནི། དུས་རྟག་ཏུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་ཉིད་ལ་བསྒོམ་ཞིང་སེམས་པར་བྱེད་པ་ཡིན་ཀྱང་དེའི་གནས་ལུགས་རྟོགས་པ་ནི་མ་ཡིན་ཏེ། གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་སེམས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ཡང་བྲམ་ཟེ་ཆེན་པོས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །ཅེས་སོ། །གལ་ཏེ་གནས་ལུགས་ཀྱི་དོན་དེ་ནི་འགྲོ་བའི་གནས་རིགས་ཀུན་དུ་རབ་ཏུ་རྟོགས་ན་འགྲོ་བའི་རོལ་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པར་འཁོར་བ་རྣམ་པར་འཇིག་པ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་ཡེ་ཤེས་འདི་ཉིད་དང༌། དེ་བསྐྱེད་པའི་ཐབས་རྣམས་ཀྱང་སོ་སོ་སྐྱེ་བོས་ལྟ་ཅི་སྨོས། ཉན་ཐོས་དང་རང་སངས་རྒྱས་དང་ཕ་རོལ་དུ་ཕྱིན་པའི་ལམ་ཁོ་ན་ལ་གནས་པའི་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་མི་ཤེས་པའི་ཕྱིར་དང༌། }གས་ལ་འཇུག་པའི་སྐལ་བ་དང་མི་ལྡན་ན་དེ་རྣམས་ལ་ཡང་གསང་དགོས་པའི་ཕྱིར་གསང་བ་ཡིན་ཏེ། དེ་ལྟ་བུའི་ཐབས་ནི་རྒྱུད་སྡེ་རྣམས་སུ་ཡང་བླ་མའི་མན་ངག་མེད་ཀྱང་རྟོགས་པའི་ཡི་གེ་ཚིགས་གསལ་པོ་མེད་པའི་ཕྱིར་མི་གསལ་བར་བསྟན་ནོ། །འོ་ན་སུ་ཞིག་གིས་ཤེས་
པར་འགྲྱུར་ཞེ་ན། གང་གི་ཕྱིར་སངས་རྒྱས་རྣམས་ཁོ་ནས་མཁྱེན་པའི་སྤྱོད་ཡུལ་ཡིན་མོད་ཀྱི། དེའི་མན་ངག་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཆད་པའི་ཕྱིར། རྡོ་རྗེ་སློབ་དཔོན་དམ་པའི་མན་ངག་ལྡན་ན་ད་ལྟའི་སོ་སོ་སྐྱེ་བོ་ཁ་ཅིག་གིས་ཀྱང་ཐབས་ཤེས་སོ། །ཡང་ནག་པོ་པའི་འགྲེལ་པ་ལས་ནི། དེ་ཕྱིར་ཞེས་སོགས་ཡེ་ཤེས་ཉིད་ཀྱི་མཚན་ཉིད་ལ་བཤད་དེ། ཇི་སྐད་དུ། འགྲེལ་པ་ལས། ཡེ་ཤེས་ཞེས་བྱ་བ་ནི། རྣམ་པར་མི་རྟོག་ཀྱང་བེམ་པོ་ལས་ལོག་པའོ། །མི་གསལ་ཞེས་བྱ་བ་ནི། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྟན་པར་མི་ནུས་པའི་ཕྱིར་རོ། །ཡི་གེ་མེད་ཅེས་བྱ་བ་ནི་ཐིག་ལེ་སྒྲ་དང་བྲལ་བའི་ཕྱིར་རོ། །གང་ཕྱིར་སངས་རྒྱས་རྣམས་ཀྱིས་མཁྱེན་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཅིག་པུ་ཉིད་ཀྱིས་མཁྱེན་པའོ། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པའི་སེམས་དང༌། སྤྲོས་པའི་མཚན་མ་མི་གསལ་བ་དང༌། བརྗོད་དུ་མེད་པའི་ཕྱིར་གནས་ལུགས་དེ་སངས་རྒྱས་ཁོ་ནས་མཁྱེན་ཞེས་པའི་དོན་ནོ། །རྣལ་འབྱོར་གཉིད་དང་ཡང་དག་ལྡན་ཞེས་བྱ་བ་ནི། གཉིད་ལ་འཇུག་པའི་ཚེ་རྟོག་པ་རགས་རིམ་ནས་འགག་པ་ལྟར། ཡེ་ཤེས་སྐྱེ་བ་ན་ཡང་དེ་ལྟར་འགག་སྟེ། ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་གྱི་དབྱིངས་སུ། སེམས་སེམས་བྱུང་ཐམས་ཅད་བརྒྱལ་ཞིང་གཉིད་ལོག་པ་དང་འདྲ་བའི་ཁྱད་
པར་དང་ཡང་དག་པར་ལྡན་པའོ། །གཉིས་པ་ནི། སྲོག་དང་རྩོལ་བའི་རླུང་ནི་དབུ་མར་སེམས་བཞག་པ་ལས་བསྡམས་ཤིང་བཅིང་བར་འགྱུར་ཏེ། དེ་ལྟར་བསྒོམས་ན་མྱུར་དུ་སྐད་ཅིག་དེ་ལ་གཏུམ་མོ་འབར་བར་འགྱུར་རོ། །དེ་ཡང་རླུང་དབུ་མར་ཞུགས་པ་དང༌། གནས་པ་དང༌། ཐིམ་པའི་རིམ་པ་ལ་འཆིང་བ་ཡིན་ནོ། །གང་དག་ཞུགས་གནས་ཐིམ་གསུམ་གྱི་བརྡའ་དོན་གཉིས་ཀ་བོད་དུ་ཕྱིས་སྦྱར་བའོ་ཞེས་སེམས་པ་དེ་དག་ནི། རང་ལུགས་སུ་འཛིན་པའི་མན་ངག་གི་ཡི་གེ་ཁོ་ན་མཐོང་ཞིང་ཉམས་མྱོང་དང་བྲལ་ལ། རྒྱུད་གཞུང་མན་ངག་མཐོང་བས་ཀྱང་དབུལ་བར་གྱུར་པ་སྟེ། བརྒྱུད་པ་འདི་མན་ངག་སྔ་ཕྱི་ཐམས་ཅད་ལ་ཡང་དེ་ལྟར་གྲགས་ཤིང༌། རྫོགས་པའི་རིམ་པའི་རྣལ་འབྱོར་པ་དུས་གསུམ་དུ་གཤེགས་པ་རྣམས་ཀྱིས་མྱོང་བས་གྲུབ་པ་ཡིན་པའི་ཕྱིར་དང༌། རེ་ཤིག་གཞན་ལྟ་ཞོག་གི་རྒྱུད་འདིའི་ཕྱོགས་ལ་ཡང་ནག་པོ་པས་རྒྱུད་འགྲེལ་དང༌། འགྲོ་བ་བཟང་པོའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་ལས། རྒྱུད་ཀྱི་ལུང་དྲངས་པ། འགྲོ་དང་འོང་དང་གནས་པ་ཉིད། །དལ་ཞིང་དལ་བའི་རིམ་གྱིས་ནི། །ཞི་བའི་གོ་འཕང་མངོན་ཕྱོགས་ནས། །དེ་ནས་རང་བཞིན་མེད་པར་འགྲོ། །ཞེས་པའི་ཚིག་རྐང་ཕྱི་མ་གསུམ་པོ་རེ་རེས་ཞུགས་པ་དང༌། གནས་པ་དང་ཐིམ་པ་བསྟན་ཞིང༌། །དེ་ཁོ་ན་ཉིད་ཀྱི་འབྲེལ་བར་འདི་སྐད་ཅེས། གང་གི་ཚེ་རྣལ་འབྱོར་པ་འགྲོ་བ་དང༌། འོང་བ་དང༌། གནས་པའི་
རིམ་གྱིས་དལ་བུ་དལ་བུས་སྐད་ཅིག་རེ་རེ་ཞིང་སློབ་པར་བྱེད་པས་ན་དེའི་ཚེ་ཞི་བ་ཉིད་ལ་རབ་ཏུ་འཇུག་པར་འགྱུར་རོ། །ཞེས་གསུངས་པས་འཇུག་པ་དང༌། ཞུགས་པར་གྱུར་ན་རྩ་དབུགས་གཉིས་འགག་པར་འགྱུར་ཞེས་གནས་པ་དང༌། དེ་གཉིས་འགགས་ནས་ཀྱང་དངོས་པོ་མེད་པའི་གནས་སུ་འགྲོ་བར་འགྱུར་རོ། །ཞེས་ཐིམ་པ་རྣམས་ཤིན་ཏུ་གསལ་བར་བསྟན་ཏེ། དངོས་པོ་མེད་པའི་དོན་ནི་དབུ་མའི་ནང་དུ་རླུང་ཡལ་བའོ། །དེ་བཞིན་དུ་གྲུབ་ཆེན་ཀུ་ཀུ་རཱི་པས་སྒྲུབ་ཐབས་རྒྱས་པར་ཡང༌། གཞུག་དང་གནས་དང་ཕྱིར་དབྱུང་བ། །དལ་ཞིང་དལ་པས་གཞན་མི་འགྲོ། །ཞེས་གསུངས་པའི་དལ་བ་ནི་དབུ་མར་ཞུགས་པ་ཡིན་ལ། གཞན་མི་འགྲོ་ནི་དབུ་མར་གནས་པ་ཡིན་ཞིང༌། སྒྲུབ་ཐབས་བསྡུས་པ་ལས། དེ་ལ་ཡང་ནི་ཞུགས་ནས་ནི། །མཚན་མ་ལྔའམ་བརྒྱད་འབྱུང་ངོ༌། །དེ་ནས་འོད་གསལ་གནས་པར་འགྱུར། །ཞེས་རླུང་ཐིམ་པའི་རྣམ་གཞག་རྒྱས་པར་གསུངས་སོ། །དེས་ནི་ཞུགས་གནས་ཐིམ་གསུམ་སྔོན་དུ་འགྲོ་བས་གཏུམ་མོ་འབར་ཞིང་དེ་ལས་ཧཾ་ཡིག་ཞུ་བའི་ཡེ་ཤེས་སྐྱེས་པ་ན། རང་བཞིན་གྱི་བདེ་བ་མཚོན་ནུས་པ་ཡིན་ལ། དེ་ལྟ་བུའི་ཡེ་ཤེས་སྐྱེ་བར་འགྱུར་བའི་གནས་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་འབྱུང་ཞིང༌། དེ་ཡང་རྒྱུ་བ་ནི་རླུང་གི་དབང་ལྟར་ན་རྟོག་བཅས་ཀྱི་རླུང༌། ཐིག་ལེའི་དབང་ལྟར་ན་མགྲིན་པ་བྱང་ཆུབ་ཀྱི་སེམས། མི་རྒྱུ་ནི་རྟོག་
མེད་ཀྱི་རླུང་དང་འགྲིམ་མེད་བྱང་ཆུབ་ཀྱི་སེམས། འཇིག་རྟེན་བདུན་ནི་རྩ་འཁོར་ལོ་བཞི་དང་རྡོ་རྗེ་ནོར་བུ་དང༌། སྨིན་མཚམས་དང༌། ལྟག་པའི་མདུད་སྒོ་སྟེ་བདུན་ནོ། །འཇིག་རྟེན་ཐམསཅད་རྩ་རླུང་ཐིག་ལེ་དེ་རྣམས་ཀྱི་བྱ་བ་ལ་སྤྱོད་པ་ཡིན་པའི་ཕྱིར་བསྒོམ་པ་ཡིན་ཀྱང་གནད་དུ་བསྣུན་པ་མེད་པའི་ཕྱིར་ཡེ་ཤེས་དེ་རྟོགས་པ་ནི་མ་ཡིན་ནོ། །ཡང་ན་རྒྱུ་དང་མི་རྒྱུ་སོགས་ལ་རྒྱུ་བ་དང་མི་རྒྱུ་བས་བསྡུས་པའི་འཇིག་རྟེན་བདུན་ཏེ། འབྱུང་བ་བཞི་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་དང༌། ཆོས་ཀྱི་ཁམས་ཀྱི་དངོས་པོ་སྟེ། འགྲོ་བ་རྣམས་དེ་དག་ལ་སྤྱོད་ཀྱང་དེའི་རང་བཞིན་མི་ཤེས་ཤེས་པའི་དོན་དུ་ཡང་བཤད་དོ། །དེའི་རྒྱུ་བ་ནི་རྣམ་པར་ཤེས་པ་དང༌། ཆོས་ཁམས་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་ཡིན་ལ། གཞན་རྣམས་མི་རྒྱུ་བའོ། །གལ་ཏེ་སོགས་ཀྱི་དོན་ནི་གནད་དུ་མ་བསྣུན་ཀྱང་ཡེ་ཤེས་རྟོགས་པ་སྲིད་ལ་འགྲོ་བའི་རོལ་པ་འཁོར་བ་སྟོང་པར་འགྱུར་རོ། །དེའི་ཕྱིར་སོགས་ཀྱི་དོན་ནི། རླུང་ཐིམ་པས་ཡེ་ཤེས་རྣམ་པ་གསུམ་པོ་སྐྱེས་པ་ན། རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པ་མི་གསལ་བ་སྟེ། རིམ་གྱིས་བཟོད་པ་ཐོབ་པ་ནི། མངོན་འགྱུར་བ་འགག་པར་འགྱུར་ལ། ཡི་གེ་སྟེ་སྣང་བ་གསུམ་གྱི་བཞོན་པར་གྱུར་པའི་རླུང་རྣམས་ཀྱང་ཐིམ་ཞིང་མེད་པར་འགྱུར་ཏེ། དེ་ལས་ནི་སངས་རྒྱས་རྣམས་ཁོ་
ནའི་སྤྱོད་ཡུལ་དུ་གྱུར་པའི་མཁྱེན་པའམ་ཡེ་ཤེས་འོད་གསལ་ཐོབ་པར་འགྱུར་རོ། །ཞེས་པའི་དོན་ནོ། །དེ་ལྟར་སད་དུས་སུ་རླུང་འགགས་པས་ཡེ་ཤེས་སྐྱེ་ཚུལ་བཤད་ནས། འགགས་པས་སྐྱེ་ཚུལ་གཞན་ཡང་ཡོད་དེ་རྣལ་འབྱོར་སོགས་ཀྱི་དོན་རྣལ་འབྱོར་བདེ་སྟོང་གི་ཡེ་ཤེས་དང༌། ལྷ་སྐུ་གཉིད་འཐུག་པོ་དང་རྨི་ལམ་གྱི་དུས་སུ་ཡང་དག་པར་ལྡན་པར་བྱེད་པས་ཀྱང་ཁམས་ཕྲ་རགས་དང༌། རླུང་རྣམས་ཐིམ་ཞིང་རང་བཞིན་བརྒྱད་བཅུ་འགགས་ནས་སྟོང་པ་བཞི་མངོན་དུ་བྱེད་དོ། །ཞེས་པའི་དོན་ཏེ་གཉིད་བསམ་གཏན་དང་བསྲེ་བ་དང༌། རྨི་ལམ་བསམ་གཏན་དང་བསྲེ་བའི་གདམས་པ་རྣམས་གསལ་བར་བསྟན་ནོ། །གསུམ་པ་ནི། སྲོག་རྩོལ་ནི་རླུང་གི་འགྲོས་ཏེ་ཡེ་ཤེས་སུ་ཐིམ་པ་ན། མཐོང་ལམ་གྱི་ཡེ་ཤེས་འབར་བར་འགྱུར་རོ། །སྣོད་བཅུད་ཐམས་ཅད་ཀྱི་རང་བཞིན་འོད་གསལ་ཡིན་པ་སྐྱེ་བོ་ཐམས་ཅད་དེ་ལ་སྤྱོད་ཀྱང་དེ་ནི་མི་རྟོགས་ལ། གཉིད་འོད་གསལ་དུ་བཅུག་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཁོ་ནས་གནས་ལུགས་མངོན་དུ་འགྱུར་བ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཏེ། གདམས་པ་འདི་ནི་གསང་ཞིང་ཚིག་གིས་མི་མཚོན་པའོ་ཞེས་པ་བྷཱུ་སུ་ཀུའི་སྤྱོད་པ་བསྟན་ནོ། །གསུམ་པ་ནི། གོང་བུ་སོགས་ཏེ། འདི་ལ་གསུམ་ལས་སྤྱི་དོན་ལྟར་བཤད་ན་བསྐྱེད་རིམ་གོང་བུའི་རྣལ་འབྱོར་ནི། ཐིག་ལེའི་འོད་ཀྱི་གོང་བུར་སོང་བའི་འོད་
ཟེར་གྱི་སྤྲོ་བསྡུ་ཡིས། ལྷ་སོ་སོའི་གཟུགས་གཅིག་སྟེ་རེ་རེ་རུ་ནི་བསྒོམ་པར་བྱའོ། །ཞེས་པའི་དོན་ཡིན་ལ། སྦས་དོན་ལ་གཉིས་ཀྱི་སྣང་བ་སེམས་ཀྱི་སྦས་པ་ནི། ཐིག་ལེའི་རྣལ་འབྱོར་ལུས་ཀྱི་དབུས་སུ་བསྒོམ་པ་སྟེ། སྤྱི་བོའི་ཐིག་ལེ་གོང་བུའི་རྣམ་པ་གསང་བར་སོང་ཞིང༌། སླར་ཡང་གྱེན་དུ་ལོག་པའི་འོད་ཟེར་དེ་ཡིས་ནི་འབྱུང་བ་རྣམས་ཐིམ་པར་བྱེད་ཅིང༌། དེ་ནས་དབུ་མའི་ནང་དུ་བདེ་བའི་ཐིག་ལེ་སྐུད་པ་གཅིག་པུར་བརྐྱང་བའི་གཟུགས་སུ་བྱེད་དོ་ཞེས་པའི་དོན་ཏེ། སྤྱིར་སྔགས་གོང་བུའི་རྣལ་འབྱོར་ནི། ཐིག་ལེའི་རྣལ་འབྱོར་ཐམས་ཅད་ཀྱི་མིང་ངོ༌། །ཀུན་རྫོབ་བདེན་པས་སྦས་པ་ནི། འོད་དེ་རླུང་རྣམས་སེམས་དང་རོ་གཅིག་ཏུ་འདྲེས་པ་གོང་བུ་སྟེ་རགས་པའི་ལུས་ལས་ལོགས་ཤིག་ཏུ་གཅིག་ཏུ་འགྲིལ་བ་ལྟར་གནས་པ་ནི། ལྷའི་གཟུགས་གཅིག་ཏུ་སྒོམ་པར་བྱེད་དེ། ཞེས་མ་དག་པའི་སྒྱུ་ལུས་ཀྱི་མཚན་ཉིད་གསལ་བར་བསྟན་ནོ། །མཐར་ཐུག་གི་བཤད་པ་ནི། གོང་བུར་སོན་པའི་དོན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཅིག་ཏུ་འདུས་པ་སྟེ། འོད་ནི་འོད་གསལ་བའི་སེམས་ཡིན་ལ། སེམས་ཉིད་ལྷའི་གཟུགས་གཅིག་ཏུ་ནི་བསྒོམ་པར་བྱེད་པ་སྟེ། དག་པའི་སྒྱུ་ལུས་ཟུང་འཇུག་གི་དོན་ནོ། །དྲུག་པ་ལ། བསྒོམ་བསམ་དང༌། སྟོན་ཚུལ་ཕན་ཡོན་དང་བཅས་པ་གཉིས་ལས། དང་པོ་ནི་སྒོ་དགུ་སོགས་ཏེ། ལུས་ཀྱི་སྒོ་དགུ་ལས་བྱུང་བ་མིག་
རྣ་ལ་སོགས་པ་རྣམས་ཤ་ལྔ་བདུད་རྩི་ལྔ་སོགས་རིགས་ལྔའི་དམ་རྫས་ཀྱི་བདག་ཉིད་དུ་རྣམ་པར་བསྒོམས་ཏེ། དེ་དག་ཞུ་བའི་བདུད་རྩིར་ཡང་བསམས་ལ། དོན་དམ་པར་བཟའ་བྱ་བཟའ་པོ་བཟའ་ཚུལ་རྣམས་རང་བཞིན་མེད་པར་རྟོགས་པའི་བློ་གྲོས་དང་ལྡན་པས། བཟང་ངན་བླང་དོར་གཙང་མི་གཙང་སོགས་ཀྱི་རྟོག་པ་སྤངས་ཏེ། རྣམ་པར་མི་རྟོག་པའི་བློས་བཟའ་བར་བྱའོ། །གཉིས་པ་ལ་རྒྱུན་གྱི་བཟའ་བའི་དམ་ཚིག་ལ་སྦྱར་བ་དང༌། གསང་དབང་བསྐུར་བ་ལ་སྦྱར་བའོ། །དང་པོ་ནི། དམ་རྫས་དེ་ཡང་ལག་པ་གཡོན་པའི་མཐེ་བོང་དང༌། སྐྱོང་མེད་དེ་སྲིན་ལག་གིས་རིལ་བུའམ་ཐིགས་ཐོར་དུ་བླངས་ཏེ། རང་གི་ཁར་ནི་ཡིད་བཞིན་ནོར་བུའི་ལྟ་བུའི་བདུད་རྩི་ལེན་ཞིང་བཟའ་བར་བྱེད་ན་བདུད་རྩི་སྟེ་འཆི་བ་མེད་པའི་རང་བཞིན་ལས་བྱུང་བའི་རྟག་ཅིང་མི་འགྱུར་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ནི། སློབ་དཔོན་རིག་མར་བཅས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའམ་པདྨ་ལས་མཐེ་བོང་དང་མིང་མེད་ཀྱིས་བླངས་ནས་སློབ་མའི་ཁར་དབབ་པ་ལས། གཞོན་ནུ་མའི་བདེ་བ་ལྟ་བུའི་ཉམས་མྱོང་གི་བདུད་རྩི་དབང་གི་ཡེ་ཤེས་སྐྱེ་ལ། རིམ་གཉིས་བསྒོམ་པའི་ཚེ། དེས་བརྒྱས་བཏབ་སྟེ་བསྒོམས་པས་དེ་ལས་བྱུང་བའི་རྟག་པ་མི་འགྱུར་བའི་བདེ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ནས་ལེའུའི་མཚན་བསྟན་པ་ལ་རྣལ་འབྱོར་མའི་དབང་ཕྱུག་
མའི་རིག་པ་ཆེན་པོ་ལས། ཞེས་པ་གོང་བཞིན་ནོ། །སྦྱོར་བ་ནི་ཉམས་ལེན་གྱི་ལམ་སྟེ། དེ་ཉིད་གསལ་བར་གོ་ཞིང་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ། །ཞེས་སོ། །དེ་ཡང་བཟའ་བའི་དམ་ཚིག་དང༌། རྫོགས་རིམ་དང༌། གོ་ཆའི་ལས་ཚོགས་རྣམས་བྱེ་བྲག་ཏུ་བཤད་པས་ཀྱང་བསྐྱེད་རྫོགས་ཀྱི་བསྡུས་པའི་རྒྱུད་ཀྱིས་སྦྱོར་བ་གསལ་བར་བྱས་པའང་ཡིན་ལ། ཁྱད་པར་དུ་ལམ་གྱི་སྤྱི་ཆིངས་སྔགས་དབྱིབས་ཆོས་གསུམ་གཏན་ལ་ཕབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །ལེའུ་གཉིས་པའི་རྒྱ་ཆེར་བཤད་པའོ།། །།༈ ལེའུ་གསུམ་པ་ནི་གོང་དུ་བཤད་པའི་ལེའུ་གཉིས་ཀྱི་མ་ཚང་བ་ཁ་བསྐོང་བ་ཡིན་ཏེ། དེ་ལ། དམ་རྫས་རིལ་བུའི་བསྙེན་པ་བྱེད་ཚུལ་དང༌། བསྐྱེད་རིམ་ཁ་སྐོང་རྒྱས་པར་བཤད་པ་དང༌། དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཁ་སྐོང་དང༌། དམ་རྫས་སྦྱང་པའི་ཐབས་མཆོག་རྒྱས་པར་བསྟན། རྗེས་སུ་ཆགས་པ་སྤྱི་ཡི་ཐབས་རྣམས་བཤད། ཕྱི་ནང་སོགས་ཀྱི་ཞུ་བ་གླུས་བསྐུལ་བསྟན། སྦྱོང་བ་གཅོད་གྱུར་རྣལ་འབྱོར་ལམ་རིམ་བཤད། འབྲས་བུ་བླ་ན་མེད་པའི་ངོ་བོ་བསྟན། ཞེས་པ་སྟེ་བརྒྱད་ལས། དང་པོ་ནི། དེ་ནས་ཡང་དག་བཤད་བྱ་བ་ཞེས་པ་ནས། དེ་ནི་རྒྱུད་འདིར་གསུངས་ཀྱིས་ཀུན་ཏུ་སྦས། །ཞེས་པའི་བར་ཏེ། དེ་ཡང་དམ་ཚིག་གི་རིལ་བུ་བྱེད་པ་ལ་བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱོར་བ་གསུམ་གྱིས་རིལ་
བུའི་དངོས་གྲུབ་ཏུ་འགྱུར་རོ། །དེ་ཡང༌། ལེའུ་གཉིས་པའི་རྗེས་ཐོགས་དེ་ནས་དམ་ཚིག་གི་རྫས་སྒྲུབ་པའི་ཐབས་སྐྱོན་མེད་ཅིང་ཡང་དག་པར་བཤད་པར་བྱ་བ་ནི། དམ་ཚིག་སྒྲུབ་པའི་ཐབས་མཆོག་རབ་དམ་པ་སྟེ། རྫས་ཀྱི་ཁྱད་པར་གཞན་སྒོ་དགུ་ལས་བྱུང་བ་དང༌། གོང་དུ་ཇི་སྐད་བཤད་པའི་བཅུད་ལེན་གྱི་སྦྱོར་བའི་ཚོགས་ནི་བཟའ་བར་བྱ་བ་སྟེ། ཐམས་ཅད་མཁྱེན་པ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བའོ། །དེ་བཞིན་གཤེགས་པ་རིགས་ལྔའི་དམ་རྫས་ཡིན་པའི་ཕྱིར་སངས་རྒྱས་ཉིད་ཀྱི་འབྲས་བུའང་བརྒྱུད་ནས་སྟེར་བ་ཡིན་ལ། དངོས་སུ་ནི་རིལ་བུའི་དངོས་གྲུབ་གྲུབ་པ་ན་གཞན་གྱི་སེམས་ཤེས་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་དང་ཕྱོགས་མཐུན་པའི་འབྲས་བུ་སྟཻར་བའོ། །རྫས་གང་ཞིག་ཟོས་པ་ཙམ་གྱིས་ནི་འབྱུང་པོ་མ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་མཁའ་འགྲོ་མ་རྣམས་འགྲུབ་པར་འགྱུར་བ་ནི་བདུད་རྩིའི་རིལ་བུའོ། །འདི་ལ་ཡང་རྫས་དང༌། དུས་དང༌། སྒྲུབ་ཚུལ་དང༌། རིལ་བུའི་ཚད་དང༌། ཕན་ཡོན་དང༌། རྒྱུད་གཞན་དུ་སྦས་པས་རྙེད་དཀའ་བ་སྟེ་དོན་ཚན་དྲུག་རིམ་པ་ལྟར་གནས་སོ། །དེ་ཡང་བརྟན་པ་སྟེ་དལ་གྱིས་འགྲོ་བ་གླང་པོ་ཆེའི་ཤ་དང༌། མྱུར་འགྲོ་སྟེ་རྟ་ཤ་ཉིད་དང༌། དེ་བཞིན་དུ་ནི་བ་ལང་གི་ཤ་དང༌། ཁྱི་ཤ་དང༌། ཆེན་པོ་ནི་ཤ་ཆེན་ཏེ་མིའི་ཤ་དང་ཡང་དག་པར་ལྡན་པར་བྱས་པ་དང༌། དེ་བཞིན་དུ་ཡེ་ཤེས་
ལྔའི་རྣམ་དག་དང་ལྡན་པའི་བདུད་རྩི་ལྔ་སྟེ་རྫས་བཅུའོ། །དུས་ནི་ཡར་ངོའི་ཚེས་བརྒྱད་ནས་ནི་ཡར་ངོའི་ཚེས་བཅུ་བཞིའི་བར་དག་ཏུ་སྟེ། དེ་ལྟར་ཉིན་མོ་དང་མཚན་མོ་བདུན་ཏེ་ཞག་གི་ཉི་མ་བདུན་དུ་བསྒྲུབ་པར་བྱའོ། །ཇི་ལྟར་ན་ལྷན་ཅིག་མ་ཡིན་པར་བགོ་བཤའ་བྱས་པ་སྟེ། ཤ་རེ་དང་བདུད་རྩི་རེ་སྦྱར་ནས་དབུས་སུ་མི་ཤ་དང༌། བྱང་སེམས། ཤར་དུ་གླང་པོའི་ཤ་དང༌། དྲི་ཆེན། ལྷོ་རུ་རྟའི་ཤ་དང༌། དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང༌། རཀྟ། བྱང་དུ་ཁྱི་ཤ་དང༌། རྒྱུངས་པ་རྣམས་ཡོངས་སུ་སྦྱར་ཏེ་བགོས་པའི་དོན་ནོ། །དེ་ཉིད་ལས་ཀྱི་ཤི་བའི་ལྕེ་སྤྱང་གི་ཁོག་པ་སྐམ་པོའི་དབུས་སུ་ལེགས་པར་བཞག་ལ་འབྲུ་གསུམ་བཟླ་ཞིང་འཆད་པར་འགྱུར་བའི་ཏིང་ངེ་འཛིན་གྱིས་སྒྲུབ་བོ། །ཞག་བདུན་ནས་ཁོག་པ་དེ་ལས་རྫས་དེ་རྣམས་བཏོན་ཏེ་ལྔ་པོ་དག་བསྲེས་ཤིང་འདམ་རྟགས་སུ་བྱས་པ་ལས་ནི། དོན་གྲུབ་སྟེ་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་དུ་རིལ་བུ་སྒྲིལ་བར་བྱའོ། །དེ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་འབྲས་བུ་ཆེན་པོ་རབ་ཏུ་རྟོགས་པ་སྟེ་ཐོབ་པར་འགྱུར་བས་ན། དེ་ནི་མཧཱ་མ་ཡའི་རྒྱུད་འདིར་གསུངས་ཀྱི། བསྡུས་པའི་རྒྱུད་གཞན་ཀུན་དུ་ནི་སྦས་པ་མཛད་དོ། །ཞེས་པའི་དོན་ཏོ། །རབ་ཏུ་རྟོགས་པ་ཞེས་པ་ནག་པོ་པའི་འགྲེལ་པ་དང་བསྟུན་པའི་འགྱུར་ལས་ནི། འབྲས་བུ་ཆེན་པོའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་དུ། སྦས་པའོ་ཞེས་འབྱུང་སྟེ། དངོས་གྲུབ་ཀྱི་འབྲས་
བུ་ཆེན་པོ་འབྱུང་བའི་རྒྱུ་མཚན་གྱིས་གཞན་དུ་སྦས་པར་བཤད་ཀྱང་དཀྱུས་ཉིད་འགྱུར་ལེགས་པར་མངོན་ལ། རྒྱུད་གཞན་དུ་སྦས་པ་ནི། ནག་པོའི་འགྲེལ་པ་དང༌། བླ་མ་གོང་མ་རྣམས་རིལ་བུ་ཆེ་ཆུང་གི་ཚད་སྦས་པར་འཆད་ནའང༌། རིལ་བུ་སྒྲུབ་ཐབས་ཉིད་སྦས་པ་ལ་འཆད་དགོས་ཤིང༌། སྡོམ་འབྱུང་ལ་སོགས་པའི་རྒྱུད་སྡེ་གཞན་ལས་ཀྱང་གསུངས་མོད་ཀྱི། ཀུན་དུ་སྦས། ཞེས་པ་ལ་སོགས་པ་འདི་དང་འདྲ་བའི་ཚིག་རྣམས་ནི་ཕལ་ཆེ་བའམ་མང་པོའི་དོན་ཡིན་པས། རྒྱུད་མང་པོར་སྦས་པའམ། ཕལ་ཆེར་དུ་སྦས་པའི་དོན་ཡིན་ཞིང༌། ཁྱད་པར་སྡོམ་འབྱུང་ལ་སོགས་པ་བཤད་རྒྱུད་རྣམས་ནི་སྟོན་པ་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་ཡིན་པས། སྦས་མ་སྦས་དེ་དག་གི་ཆ་ནས་མི་འཇོག་གི་རྩ་རྒྱུད་དུ་སྦས་མ་སྦས་བྱ་དགོས་པས། བདེ་དགྱེས་གསང་འདུས་ལ་སོགས་པ་རྩ་རྒྱུད་བསྡུས་པ་རྣམས་ན་དམ་ཚིག་གི་བཟའ་བ་གསུངས་ཀྱང་རིལ་བུ་མ་གསུངས་པ་ལ་དགོངས་པའོ། །གཉིས་པ་ལ། རྟེན་གྱི་དཀྱིལ་འཁོར་དང༌། བསྐྱེད་པའི་གོ་རིམ་དང༌། རྟེན་པ་ལྷ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་འདིར་སོགས་ཏེ། དམ་ཚིག་གི་རྫས་བཤད་པའི་རྗེས་ཐོགས་དེ་ནས་རྒྱུད་འདིར་དབྱིབས་ཀྱི་རྣལ་འབྱོར་བསྐྱེད་རིམ་གྱི་སྒྲུབ་པའི་ཐབས་འབྱུང་ཞིང་འཆད་པ་ནི། ཡིད་ཀྱིས་ལྷའི་གདན་པདྨ་བསམ་པར་བྱ་བ་སྟེ། དེ་ཡང་
ཁ་དོག་དམར་པོ་ཀུན་དུ་འོང་སྟེ་འོད་ཟེར་སྣ་ཚོགས་པ་འཕྲོ་བའོ། །པདྨ་འདབ་བརྒྱད་དམར་པོ་ཞེས་བླ་མ་གོང་མ་རྣམས་བཞེད་ལ། བསྒོམ་པའི་ཚེ་པདྨ་འདབ་བཞི་དམར་པོ། བྲི་བའི་ཚེ་ནི་སྣ་ཚོགས་པདྨ་འདབ་བརྒྱད་སྟེ། འོན་ཀྱང་དེའི་ཕྱོགས་ཀྱི་འདབ་མ་བཞི་དམར་པོ་ཡིན་པའི་ཕྱིར་ཁ་དོག་དམར་པོའོ། །ཞེས་ཁ་ཅིག་གོ །དེ་བཞིན་དུ་རྒྱུད་ཀྱི་དངོས་བསྟན་ལྟར་བདག་བསྐྱེད་དང༌། ཕྱི་རོལ་མཆོད་པའི་ཚེ་གཞལ་ཡས་ཁང་མི་བྱེད་ཅིང་དབང་བསྐུར་བའི་དཀྱིལ་འཁོར་ལ་བྱེད་པ་ལུགས་གཅིག་ཡིན་ཞིང༌། བདག་བསྐྱེད་ལའང་འབྱུང་བཞི་བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པས་ཁ་འགེངས་པ་ནི་ལུགས་གཉིས་པ་སྟེ། འདི་ལེགས་པར་ཡང་མངོན་མོད་འོན་ཀྱང་ཐམས་ཅད་འཐད་པ་ཁོ་ནའོ། །གཉིས་པ་ནི། ལྷ་མོ་སོགས་ཏེ། དང་པོར་ཕྱོགས་ཀྱི་འདབ་མ་བཞི་ལ་ལྷ་མོ་བཞི་དང་ཡང་དག་པར་ལྡན་པའི་བསྐྱེད་ཆོག་བྱ་སྟེ། དེའི་རྗེས་སུ་སངས་རྒྱས་མཁའ་འགྲོ་མའི་གཟུགས་ཀྱིས་ཉེ་བར་འཁྱུད་ཅིང་བརྒྱན་པའི་ཧེ་རུ་ཀ་བསྐྱེད་པའོ། །ཞེས་པ་སྟེ་གླུས་བསྐུལ་བ་ལས་བཞེངས་པ་བསྟན་ནོ། །ནག་པོ་པས་ནི་སངས་རྒྱས་ནི་སངས་རྒྱས་ལྔ་སྟེ་མཁའ་འགྲོ་མ་ལྔ་བསྐྱེད་པ་བསྟན་ནོ། །ཞེས་གསུངས་ལ། མན་ངག་གཞན་ལས་ནི། སངས་རྒྱས་ལྔའི་གཟུགས་ཀྱིས་དབུ་ལ་བརྒྱན་པ་སྟེ། ལྷ་དབང་བསྐུར་བ་བསྟན་པར་བཞེད་དོ། །
གསུམ་པ་ནི། བསྐྱེད་པའི་གོ་རིམ་དང་མཐུན་པར་དང་པོར་ལྷ་མོ་བཞིའི་སྐུ་མདོག་བསྟན་པས་ནི། ཤར་དུ་བཞུགས་པའི་རྡོ་རྗེ་མཁའ་འགྲོ་མ་ཨུཏྤལ་སྔོན་པོའི་མདོག་ཅན་དང༌། ལྷོ་རུ་བཞུགས་པའི་རིན་ཆེན་མཁའ་འགྲོ་མ་སེར་པོ་གསེར་ལྟ་བུ་སྣང་བའོ། །ནུབ་ཏུ་པདྨ་མཁའ་འགྲོ་མ་སྐུ་མདོག་དཀར་བ་ལ་དམར་བའི་མདངས་འོད་དང་བཅས་པའོ། །བྱང་དུ་སྣ་ཚོགས་མཁའ་འགྲོ་མ་མརྒད་ཀྱི་འོད་དང་མཚུངས་པར་ལྗང་ཁུ་ཡིན་ནོ། །འདིར་བསྟན་བཞི་དང༌། འོག་ནས་འབྱུང་བའི་ཧེ་རུ་ཀ་ཡབ་ཡུམ་སྟེ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི། སྐུ་ལས་སྐྱེས་པའི་མེ་འབར་བའི་འཕྲེང་བ་འཁྲིགས་པ་དང༌། ཕྱག་བཞི་པ་ཞལ་བཞི་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་གྱི་མཛེས་པ། ཞལ་གྱི་ཁ་དོག་ནི་སྒྲུབ་ཐབས་སུ་བཤད་པ་བཞིན་ཡིན་ལ། དེ་ཡང་གཞིའི་དུས་ན་འབྱུང་བ་ཆེན་པོ་རེ་རེ་གང་དུ་གནས་པ་དེར་འབྱུང་བ་གཞན་གསུམ་གྱི་ཚོགས་པའང་ཡོད་དེ། ཇི་སྐད་དུ། གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ༌། །ཞེས་གསུངས་སོ། །ཚུལ་དེ་ཡོངས་སུ་སྦྱོང་པའི་ཕྱིར་ཞལ་གྱི་དབྱེ་བས་ཁ་དོག་བཞི་པའོ། །སོ་སོའི་ཕྱག་མཚན་སོགས་བཤད་པ་ནི། ཤར་ཕྱོགས་ཀྱི་ལྷ་མོ་ནི་སྤྱན་གསུམ་པ། ཕྱག་གཡོན་གྱི་འོག་མ་ན་ཁ་ཊཱཾ་ག་སྣང་སྟོང་ལྷ་སྐུའི་
རང་བཞིན་དང༌། དང་པོ་ན་དྲིལ་བུ་ཆོས་ཐམས་ཅད་བདག་མེད་པར་མཚོན་པ། གཡས་ཀྱི་དང་པོ་ན་བྱང་ཆུབ་ཀྱི་སེམས་མཚོན་པའི་རྡོ་རྗེ་དང༌། འོག་མ་ན་བདེ་བ་ཆེན་པོ་མཚོན་པའི་ཐོད་པ་བསྣམས་པ་བསམ་མོ། །ལྷོ་ཕྱོགས་ཀྱི་ལྷ་མོའི་ཕྱག་གཡས་ཀྱི་དང་པོ་ན་སྐུ་གསུམ་མཚོན་པའི་མདུང་རྩེ་གསུམ་པ་དང༌། གཡོན་གྱི་དང་པོ་ན་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རིན་པོ་ཆེ་དང༌། གཡས་འོག་མ་ན་མཁའ་འགྲོ་མ་རྣམས་དབང་དུ་བྱེད་ཅིང་ཉོན་མོངས་པ་ལྷུང་བར་བྱེད་པའི་བ་དན་དང༌། གཡོན་འོག་མ་ན་འགྲོ་བ་འདུལ་བ་མཚོན་པའི་ལྕེ་སྤྱང་བསྣམས་པའོ། །ནུབ་ཕྱོགས་ཀྱི་ལྷ་མོའི་ཕྱག་གཡོན་གྱི་དང་པོ་ན་ཐབས་མཁས་མཚོན་པའི་གཞུ་དང༌། གཡས་དང་པོ་ན་བདག་མེད་རྟོགས་པའི་མདའ་དང༌། གཡོན་འོག་མ་ན་སེམས་ཅན་གྱི་དོན་སྣ་ཚོགས་པ་མཛད་པའི་སྣ་ཚོགས་པདྨ་དང༌། གཡས་འོག་མ་ན་བདེ་བ་བསྲུང་བར་བྱེད་པའི་ཐོད་པ་བསྣམས་པའོ། །བྱང་ཕྱོགས་ཀྱི་ལྷ་མོའི་ཕྱག་གཡས་ཀྱི་དང་པོ་ན། ཤེས་རབ་ཀྱི་རལ་གྲི་དང༌། གཡོན་གྱི་དང་པོ་ན་སྙིང་རྗེས་སེམས་ཅན་འཛིན་ཞིང་འཆིང་བའི་ཞགས་པ་དང༌། གཡས་འོག་མ་ན་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པའི་རྔེའུ་ཆུང་དང༌། གཡོན་འོག་མ་ན་བདུད་བཞི་མགོ་བོ་བཅད་པའི་ཐོད་པ་ཁྲག་གང་བསྣམས་པའོ། །པདྨའི་ལྟེ་བ་ལ་ཅི་ཞིག་དགོད་པར་
བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་འཆང་ངོ༌། །དེ་ཉིད་ཧེ་རུ་ཀར་གྱུར་པ་ནི། པདྨ་འདབ་བཞི་པ་དེའི་དབུས་ཀྱི་ལྟེ་བ་རུ་བཞུགས་པ་བསམ་པར་བྱའོ། །ཇི་ལྟར་ཞེ་ན། སྐུ་མདོག་ནག་པོ་ཞལ་བཞི་ཕྱོགས་ཀྱི་མདོག་ཅན། ཕྱག་གཡོན་གྱི་དང་པོ་ན་ཁ་ཊྭཱཾ་ག གཡས་ཀྱི་དང་པོ་ལ་ཐོད་པ་ཉིད་དང༌། དེ་བཞིན་དུ་གཡོན་འོག་ནས་གཞུ་དང༌། གཡས་འོག་ནས་མདའ་ཉིད་དོ། །དེ་ཡང་ཐོད་པ་ནི་འགྱུར་བ་མེད་པའི་བདེ་བ་དང༌། ཁ་ཊྭཾ་ག་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ལྷའི་སྐུ་དང༌། གཞུ་ནི་ཐབས་ཀྱི་ཚུལ་དང༌། མདའ་ནི་ཡང་དག་པའི་དོན་རྟོགས་པའི་ཤེས་རབ་བོ། །ལྷ་མོ་སངས་རྒྱས་མཁའ་འགྲོ་མ་ཡང་ཕྱག་མཚན་གཙོ་བོ་དང་མཚུངས་པ་ཡིན་ནོ། །གཙོ་བོ་ཡབ་ཡུམ་ཁ་དོག་མཚུངས་པར་མཛད་པ་དང༌། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་ཕྱེད་ཀྲུང་དུ་མཛད་པ་དང༌། དེ་ཉིད་གོ་བཟློག་པ་དང༌། ཡུམ་སྐུ་མདོག་དམར་མོ་མཛད་པ་སོགས་ལྷའི་རྣམ་པའི་ཁྱད་པར་རྣམས་དང༌། རྒྱུ་འབྲས་རྡོ་རྗེ་འཛིན་པ་གཉིས་སུ་བྱེད་པ་དང༌། མངོན་བྱང་ལྔ་བསྐྱེད་སོགས་རྒྱུད་སྡེ་གཞན་དང་མཐུན་པའི་བསྐྱེད་ཆོག་མཛད་པ་རྣམས་ནི། སྒྲུབ་ཐབས་སོ་སོའི་དགོངས་པ་སྟེ། ཐམས་ཅད་མི་རུང་བ་མ་ཡིན་མོད། །འོན་ཀྱང་ཕན་ཚུན་གཅིག་ཏུ་བསྲེ་བར་ནི་མི་བྱའོ། །གསུམ་
པ་ནི། དང་པོའི་སྔགས་དང་ཡང་དག་ལྡན། །ཞེས་པ་ནས། སེམས་ཀྱི་རོལ་མོ་ལས་བྱུང་མཁྱེན། །ཞེས་པའི་བར་ཏེ། འདི་ལ་དྲང་བའི་དོན་དང༌། ངེས་པའི་དོན་གྱི་བཤད་པ་གཉིས་སོ། །དང་པོ་ནི། དམ་རྫས་ཀྱི་རིལ་བུའི་སྒྲུབ་པ་དང༌། ལས་སྦྱོར་དང༌། ཕན་ཡོན་གསུམ་བསྟན་པ་ཡིན་ཏེ། འཆད་འགྱུར་ལྟར། དང་པོའི་སྔགས་ཨོཾ་ཡིག་སྟེ། དེ་ལ་སོགས་པ་ཡི་གེ་འབྲུ་གསུམ་དང་ཡང་དག་པར་ལྡན་པར་བསྒོམས་ན། དམ་རྫས་དེ་སྐད་ཅིག་དེ་ལ་སྟེ་མྱུར་དུ་འབར་བར་འགྱུར་རོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། བཤང་གཅི་ཤ་ཡི་བྱ་བ་དང༌། །རྡོ་རྗེ་གསང་བའི་ཚིག་དག་གིས། །སྔགས་རྣམས་ཀུན་ལ་ཡི་གེ་ཨོཾ། །བསྒོམ་ན་དེ་མ་ཐག་ཏུ་འབར། །ཞེས་སོ། །དེ་ལྟར་རྣལ་འབྱོར་པས་དམ་རྫས་དེ་བརྟན་པའི་ཕྱིར་སྒྲུབ་ན། དྲོད་དང་དུ་བ་དང༌། མེ་སྦར་བའི་ལྟ་བ་གསུམ་གྱིས་རྫས་ཀྱི་དངོས་གྲུབ་དེའི་འབྲས་བུ་རབ་ཏུ་སྟེར་བའི་ནུས་པ་དང་ལྡན་པར་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱི་སྦྱོར་བ་དེ་ལ་བསྟེན་ནས་འཕྲལ་དུ་ཡིད་ཆེས་ཡང་དག་པ་འཛུག་པར་འགྱུར་བའི་རྟགས་མང་དུ་འབྱུང་སྟེ་གནས་འདི་ན་སྒྲུབ་པ་པོ་གནས་སོ་ཞེས་མཁའ་འགྲོ་མ་རྣམས་འདུས་ཤིང་བྱིན་གྱིས་བརླབས་པས། སྒྲ་དང༌། འོད་དང༌། མེ་ཏོག་གི་ཆར་དང༌། དྲི་བཟང་པོ་འཐུལ་བ་དང༌། བདུད་རྩི་འབབ་པ་དང༌། སྐུ་གཟུགས་བཞད་པ་དང༌། སྔགས་ཀྱི་ལྷ་རྣམས་ཀྱི་ལུས་སྣང་བར་བྱེད་པ་དང༌། ལུང་སྟོན་པ་སོགས་
འབྱུང་བའི་དོན་ནོ། །དངོས་གྲུབ་ཀྱི་ལས་ལ་སྦྱར་བ་ནི། དེའི་ཚེ་རྫས་བསྲུང་བ་བྱས་ནས། ལྷ་མཆོད་ཅིང་དངོས་གྲུབ་བླང་ངོ༌། །ལས་ལ་སྦྱོར་བ་ནི། རིལ་བུ་ཁར་བཅུག་ན་ལྷ་མི་ཐམས་ཅད་ཀྱི་ནི་མི་མཐོང་བར་འགྱུར་ཞིང༌། ཡང་གཟུགས་དུ་མར་བསྒྱུར་བར་བྱའོ་སྙམ་པས་ཟོས་ཤིང་ལུས་ལ་བྱུགས་ན། ལུས་ཀྱི་བཀོད་པ་སྟོང་ཕྲག་གཅིག་ཏུ་ཡང་གཞན་ལ་སྣང་ཞིང་སྟོན་པར་འགྱུར་རོ། །ཕན་ཡོན་ནི། དེ་བཞིན་དུ་རང་ཉིད་རིལ་བུ་དེ་དང་བཅས་པས་གཞན་གྱི་མིག་སྨན་དང༌། རྐང་མགྱོགས་དང༌། གཏེར་ལ་སོགས་པ་དངོས་གྲུབ་རྣམས་འཕྲོག་པར་བྱའོ་སྙམ་པའི་སེམས་བསྐྱེད་ན་ཐུན་མོང་གི་གྲུབ་པ་ཐོབ་པ་གཞན་རྣམས་ཀུན་ལས་དེ་རྣམས་འཕྲོག་པར་ནུས་པ་དང༌། ལྷའི་བུ་མོ་མཆོག་ལ་སྟེ་རིག་སྔགས་འཆང་བ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པར་བྱེད་དོ། །གངྒཱའི་ཀླུང་གི་བྱེ་མའི་གྲངས་སྙེད་དང་མཉམ་པའི་སངས་རྒྱས་སྤྲུལ་པའི་སྐུར་གྲགས་པ་རྣམས་རང་ཉིད་ཀྱི་རྡོ་རྗེའི་གནས་ཏེ། བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་རྣམས་ན་བཞུགས་པ་དག་ལག་ཏུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་རྡོ་རྗེ་མིག་གི་མངོན་པར་ཤེས་པས་མཐོང་བར་འགྱུར་རོ། །དེ་བཞིན་དུ། རྡོ་རྗེའི་རྣ་བ་དང༌། རྡོ་རྗེའི་སྣ་དང༌། རྡོ་རྗེའི་ལྕེ་དང༌། རྡོ་རྗེའི་ལུས་རྣམས་ཀྱིས་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཆེན་པོ་དག་མྱོང་བར་འགྱུར་པ་ཡང་ཤུགས་ལ་བསྟན་ཞིང༌། དྲུག་པ་ཡིད་ཀྱི་མངོན་པར་ཤེས་པ་བསྟན་པ་ནི།
གངྒཱའི་བྱེ་མའི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ཞིང་དག་ན་གནས་པའི་སྐུ་གསུང་ཐུགས་ཏེ་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་སྟེ། རྣམ་པ་དང༌། བྱེད་པ་དང༌། སྤྱོད་པ་ནི་དངོས་པོ་བརྟན་གཡོ་ཐམས་ཅད་ཀུན་གྱི་ངོ་བོ་དང་རྒྱུ་དང་འབྲས་བུའི་བདག་ཉིད་རྣམས་དང་བཅས་པ་ཐམས་ཅད་ཤེས་ཤིང༌། དེར་མ་ཟད་དེ་རྣམས་སེམས་ཀྱི་རོལ་མོ་སྟེ་སེམས་ཀྱི་ཆོ་འཕྲུལ་ཙམ་ལས་བྱུང་བར་ཡང་མཁྱེན་ནོ། །ཡང་གཅིག་ཏུ་ན། རོལ་མོ་ནི་གར་མཁན་སོགས་རོལ་རྩེད་དེ། བདེན་པར་འཛིན་པ་མེད་ཀྱང་སེམས་ཀྱི་རོལ་རྩེད་དམ་ལྟད་མོ་སྣ་ཚོགས་བལྟ་བའི་ཚུལ་གྱིས་མཁྱེན་ཞེས་སྦྱར་ཀྱང་རུང་ངོ༌། །དེ་ལྟ་བུའི་མཐོང་བྱ་སངས་རྒྱས་དང༌། སེམས་ཅན་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་སེམས་ཙམ་སྟེ། དེ་ལྟར་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། ནམ་མཁའ་འབྱུང་བ་ཐམས་ཅད་དང༌། །ཆོས་རྣམས་ཀུན་གྱི་གཞིར་འགྱུར་ཞིང༌། །བདེ་མཆོག་དག་པའི་སེམས་ཉིད་དེ། །མཁའ་བཞིན་དག་པའི་སེམས་ཉིད་ཀྱང༌། །ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མིན་ཡང༌། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་དང༌། སྟོང་པ་མ་ཡིན་པའི་ཕྱི་རོལ་གྱི་དོན་དུ་སེམས་སྟོང་པ་ཇི་ལྟར་སྣང་བར་གྱུར་པ་ལགས། དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས་པ། ཐོག་མ་མེད་པའི་སྲིད་རྒྱུན་
ནས། །ཕྱི་རོལ་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་སྤྲུལ་ཞིང༌། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་གསུངས་ལ། རྒྱུད་འདི་ཉིད་དང་འབྲེལ་བ་ལ་ཡང་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་དེ་བཞིན་དུ་བཀལ་ཞིང༌། འགྲེལ་པ་གཞན་གསུམ་གྱི་དགོངས་པ་ཡང་དེ་དང་མཚུངས་ལ། གྲུབ་ཐོབ་འགྲོ་བ་བཟང་པོའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་ལས་ཀྱང༌། གང་གི་ཕྱིར་ཁམས་གསུམ་པོ་འདི་དག་ཐམས་ཅད་སེམས་ཀྱི་རྣམ་པར་ཡོངས་སུ་གྱུར་པ་ཡིན་གྱི་ཕྱི་རོལ་ན་ཡོད་པ་མ་ཡིན་ཏེ་བེམ་པོའི་བདག་ཉིད་ཅན་རྣམས་ནི་སྣང་བར་མི་རིགས་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་ཏེ། ཇི་སྐད་དུ། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུང་བའི་ཕྱིར་རོ། །འོ་ན་ཕྱི་རོལ་དུ་བལྟོས་པ་མེད་ན། གང་གིས་ཇི་ལྟར་མཆོད་ཅེ་ན། འདི་ཉིད་མཆོད་པ་ཡིད་ཀྱིས་ནི། ཞེས་སོགས་གསུངས་ཏེ། སྤྱིར་འཕགས་ཡུལ་གྱི་རྡོ་རྗེ་སློབ་དཔོན་ཕལ་ཆེར་གྱི་དགོངས་པ་ཡིན་ལ། ཁྱད་པར་དུ་རྒྱུད་འདི་འགྲེལ་པར་བྱེད་པ་ཚད་ལྡན་རྣམས་ཀྱི་དགོངས་པར་ངེས་སོ། །ཡང་སྒྲ་ཇི་བཞིན་པ་ནི། ཡི་གེ་དང་པོ་ན་ཨོཾ་ཡིག་སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས་པ་ཡིན་ལ། དེ་ལྟར་རྣལ་འབྱོར་པས་སྒྲུབ་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་སྐུ་བསྒོམ་པའི་ཕན་ཡོན་
ཡིན་ལ། ཕན་ཡོན་དེ་དག་འབྱུང་བའི་རྒྱུ་མཚན་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་གྲུབ་པའི་སྦྱོར་བ་དང་ཏིང་ངེ་འཛིན་སྩོལ་བར་མཛད་པས་སོ། །སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུ་བ་ནི། །དུས་གཅིག་ལ་གཟུགས་ཡོངས་སུ་བརྗེ་བར་འདོད་པ་སྟོང་ཕྲག་གཅིག་གམ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྤྲུལ་པ་སྣ་ཚོགས་སྟོན་པར་ནུས་པ་སྟེ། མི་སྣང་བར་ནི་སྟོང་གཅིག་དང༌། ཞེས་གསུངས་པ་དང་ཡང་མཐུན་པར་འགྱུར་རོ། །སེམས་ཀྱི་རོལ་མོ་ནི་བསམ་པ་ཙམ་གྱིས་ཇི་ལྟར་འདོད་པར་ཤེས་པའམ། གོང་མ་རྣམས་གསུང་པ་ལྟར་ན། མཁྱེན་པས་སེམས་ཀྱི་རོལ་མོ་གྱུར་ཞེས་པའི་དོན་དུ་སྦྱར་ནས། སངས་རྒྱས་དང་སེམས་ཅན་ཀུན་གྱི་གནས་ལུགས་ཤེས་ཤིང༌། འདོད་ན་མི་སྣང་བར་ཡང་བྱེད་ལ། འདོད་ན་སྟོང་ཕྲག་གཅིག་ཏུ་སྣང་བར་ཡང་བྱེད་པས་བདག་ཉིད་རོལ་མོ་སྟོན་པ་པོར་འཆད་དོ། །གཉིས་པ་ངེས་པའི་དོན་ལ་སྦྱར་བ་ནི། རྫོགས་རིམ་ལ་སྦྱོར་བའི་དང་པོ་ཉིད་ནས་དང་པོའི་སྔགས་ནི། ཡིད་མ་དག་པའི་སྣང་བ་ལས་སྐྱོབ་པར་བྱེད་པའི་ལྷ་སྐུ་སྟེ། དང་པོ་ཞེས་སྨོས་པ་ནི། བསྐྱེད་རིམ་གྱི་བསྐྱེད་མཆོག་ལ་མི་བལྟོས་པར་སེམས་བདེ་སྟོང་དུ་ཤར་བའི་ངང་ནས་སྐད་ཅིག་གིས་བསྐྱེད་པ་སྟེ། རྣལ་འབྱོར་དེ་དང་ཡང་དག་པར་ལྡན་པས་བསྒོམ་ན་སྐད་ཅིག་དེ་ལ་གསལ་སྣང་མཆེད་ཅིང་འབར་བར་འགྱུར་རོ། །དེ་ལྟ་བུའི་
ལྷ་སྐུ་དེ་ཉིད་སྔགས་ཀྱི་རྣལ་འབྱོར་གྱིས་བོགས་ཕྱུང་ཞིང་བསྒྲུབ་ན་རྫས་ཏེ་རླུང་སེམས་ཙམ་གྱི་སྐུའི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ། །དེ་ཉིད་བོགས་འབྱིན་པར་བྱེད་པ་ནི། རྣལ་འབྱོར་མ་ཡི་གྲུབ་སྦྱོར་བས། །ཞེས་པ་སྟེ། དེ་ཡང་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་སྤྱི་ལྡོག་ནས་ཀྱང་སྒྲུབ་པ་ཡིན་ལ། ཁྱད་པར་རྣལ་འབྱོར་མ་སྟེ་སྔགས་སྐྱེས་དང་ཞིང་སྐྱེས་ཀྱི་འདུ་བ་ཁྱད་པར་ཅན་སྒྲུབས་ནས་དྲོད་ཆེན་པོའི་ཡེ་ཤེས་མཐར་ཕྱིན་པར་བྱེད་དེ། དེའི་རྟགས་སུ་ལྟ་སྟངས་བཞི་གྲུབ་པ་ལ་སོགས་པ་འཕྲལ་དུ་ཡིད་ཆེས་ཀྱི་རྟགས་མང་པོ་ཡང་དག་པར་འཇུག་སྟེ། སྦྱོར་ལམ་དྲོད་དོ། །དེའི་རྗེས་ཐོག་ཏུ་རླུང་སེམས་ཙམ་གྱི་སྐུ་འགྲུབ་པ་ནི། ཁམས་གསུམ་གྱི་མིག་ཐམས་ཅད་ཀྱིས་ནི་མི་མཐོང་སྟེ། ཇི་སྐད་དུ། ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་འགྱུར་རོ། །ཞེས་པ་ལྟར། རྗེས་ཐོབ་ཀྱི་སྒྱུ་ལུས་ནི། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར། །ཞེས་པ་ལ་སྟོང་ཕྲག་ནི་མཚོན་པ་ཙམ་སྟེ། རྩ་བའི་ཡེ་ཤེས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོ་བའོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། ལུས་དང་ངག་སེམས་རྡོ་རྗེ་ལ། རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། ལུས་དང་ངག་སེམས་ལ་སྤྲོས་པས། །རྡོ་རྗེ་འཇམ་
པ་འདྲ་བར་འགྱུར། །ཞེས་རྡོ་རྗེའི་སྐུ་ཤ་ཁྲག་སྤངས་པས་འཇམ་པ་སྟེ། རྩ་བའི་སྐུ་གཅིག་གྲུབ་པ་ན། སྐུ་དུ་མ་སེམས་ཅན་གྱི་ཁམས་ལ་སྤྲོས་པ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་རྡོ་རྗེར་སྣང་བ་ཡིན་ནོ། །དེ་དག་ཀྱང་སྦྱོང་བས་མཐར་ཕྱིན་པ་ལས་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར། དེའི་ཡོན་ཏན་ནི། གྲུབ་པ་ཀུན་ལས་འཕྲོག་པ་སྟེ། །གྲུབ་པ་འཇིག་རྟེན་པ་མཐའ་དག་ཟིལ་གྱིས་གནོན་པ་དང༌། ལྷའི་བུ་མོ་མཆོག་སྟེ་ས་བཅུ་ལ་གནས་པའི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ལ་སྤྱོད་པར་བྱེད་པ་ལས། ཡང་ན་གྲུབ་པ་ཀུན་ལས་འཕྲོག་པ་དང༌། ཞེས་སོགས་ནི་སྤྱོད་པ་དམ་པ་སྟེ། དེ་སྐད་དུ། ཁ་སྦྱོར་ལས། ཆུས་བྱུང་ཡིད་འོང་རིན་ཆེན་དང༌། །རིག་པ་འཛིན་པའི་ཉམས་དགའ་ལ། །ལྷ་ཡི་བུ་མོ་གནོད་སྦྱིན་མོ། །ཡང་ན་ཀླུ་མོ་ས་འོག་ཏུ། །གནས་པ་དང་ནི་ལྷ་མིན་མོ། །འདི་དང་ཡོ་གིས་རིག་མ་གཅིག །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པའི་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་སྒྲུབ། །ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བླངས་པར་ནི་ལྷ་ཡིས་སྟེར། །རྒས་དང་ནད་ལས་རྣམ་པར་གྲོལ། །གཉིས་མེད་རྣམ་གསུམ་སྡིག་པ་མེད། །ཅེས་གསུངས་ཏེ། །རྒ་ནད་འཆི་གསུམ་སྤངས་པ་དང༌། །སྒོ་གསུམ་གྱི་ཁ་ན་
མ་ཐོ་བ་མེད་པའི་ཕན་ཡོན་ལྷག་པོར་བཤད་དོ། །གངྒཱའི་བྱེ་སྙེད་སོགས་ནི་མཚོན་པ་ཙམ་སྟེ། སངས་རྒྱས་ཀྱི་ཞིང་གཞལ་དུ་མེད་པ་དག་མཐོང་བ་ཡིན་ལ། རྡོ་རྗེའི་གནས་བཞུགས་པ་ཞེས་པ་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ཡིན་པར་བཤད་དོ། །གངྒཱའི་ཇི་སྙེད་ཞིང་དག་གི །ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཐམས་ཅད་རང་གི་སེམས་ཀྱི་རང་བཞིན་དུ་མཐོང་བ་སྟེ་ཕྱི་མ་འདི་ནི་མི་སློབ་པའི་ཟུང་འཇུག་གི་ཡོན་ཏན་དུ་མངོན་ནོ། །བཞི་པ་ནི། ཡི་གེ་གོ་བཟློག་སྦྱོར་བ་ཡི། །ཞེས་པ་ནས། ཡི་གེ་གསུམ་མཐའ་ཞེས་བྱ་སྟེ། ཞེས་པའི་བར་ཡིན་ལ། འདིར་ནི་ཁ་ཟས་ཀྱི་རྣལ་འབྱོར་དང༌། ཚོགས་ཀྱི་འཁོར་ལོ་དང༌། དམ་རྫས་བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབས་པ་རྣམས་ཐུན་མོང་དུ་བསྟན་པ་ཡིན་ཏེ། འདི་ལ་རྣལ་འབྱོར་དང༌། ཏིང་ངེ་འཛིན་དང༌། སྔགས་དང་བསྟན་ཚུལ་ཏེ། དེ་ཡང་ཡི་གེ་འབྲུ་གསུམ་གོ་བཟློག་པའི་སྦྱོར་བ་ཡིས་ཏེ། བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར་ན། ཤ་ལྔ་བདུད་རྩི་ལྔ་རྣམས་རྣམ་པ་ཨོཾ་གྱི་རྣམ་པར་གནས་པ་རྩེ་མོར་སྲོག་མཚོན་བྱེད་ཨ་ཡིག་གི་བརྒྱན་པ། སྟེང་དུ་ཟླ་ཕྱེད་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པ་སྟེ། འབྲུ་གསུམ་པོ་སྟེང་འོག་གོ་བཟློག་པའི་ཚུལ་དུ་གནས་པ་ཡིན་ལ། སྒྲུབ་ཐབས་འགའ་ཞིག་ལྟར་ན། རྫས་བཅུ་ཨོཾ་གྱི་མཚན་པ། ཟླ་བ་ལ་ཨཱས་
མཚན་པ། རྡོ་རྗེ་ཧཱཾ་གིས་མཚན་པ་རྣམས་བརྩེགས་པར་ཡང་བྱས་ལ། གང་ལྟར་ཀྱང་གོ་བཟློག་གི་དོན་འདྲའོ། །ཡི་གེ་འབྲུ་གསུམ་གྱི་རྣམ་པའི་སྔགས་ནི་ཐོད་པ་དེ་རུ་རྣམ་པར་བསྒོམ་པར་བྱའོ། །དམ་རྫས་ཇི་ལྟར་བཟའ་བ་ནི། རྡོ་རྗེའི་ཆུ་སྟེ་དྲི་ཆུའམ་བྱིན་གྱིས་བརླབ་པའི་ཆང་དང་ཡང་དག་པར་ལྡན་པར་བྱ་སྟེ། རི་ལུ་རེ་རེ་བཟའ་བར་བྱ་བ་ནི། རིལ་བུ་རེ་རྡོ་རྗེའི་ཆུ་ཕུལ་གང་གིས་ཕུལ་ཏེ་མིད་པའི་དོན་ནོ། །སྔགས་བསྟན་པ་ནི་ཡི་གེ་སྡེ་ཚན་བརྒྱད་ཀྱི་ཐ་མར་ལྡན་པ་སྟེ་ཧ་ཡིག་ལ་སྲོག་ཨུ་དང་མགོ་བོར་ཐིག་ལེས་བརྒྱན་པར་བཅས་པ་ནི་ཧཱུཾ་སྟེ། དེ་སྔགས་ཀྱི་མཐར་ཡང་དག་པར་སྦྱར་བར་བྱས་ལ། སྔགས་འདི་ནི་ཀུན་དུ་བརྗོད་པར་བྱ་སྟེ། སྔགས་ནི་འདི་ཡིན་ཏེ། འདི་ནི་གསང་བ་ཉེར་བརྟགས་ཞེས་འབྱུང་བ་ལས། གསང་བ་ཉེར་བརྟག་ཅེས་པའི་སྐད་དོད། གུཧྱ་བྷཀྵ་བྷཀྵེ་ཞེས་པའོ། །བཟའ་བའི་དམ་ཚིག་གི་རྣལ་འབྱོར་ནི། རྣལ་འབྱོར་མ་ཀུན་སྦྱོར་བ་ཡི། །ཞེས་པ་སྟེ། དྲང་དོན་ལྟར་ན་དཔལ་ཧེ་རུ་ཀ་རྣལ་འབྱོར་མ་ཀུན་དང་རབ་ཏུ་སྦྱོར་བའི་སྐུ་ཅན་ཏེ་ལྷ་ལྔའམ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པའོ། །ངེས་པའི་དོན་ལྟར་ན། རྣལ་འབྱོར་མིན་བདག་མེད་པ་སྟེ། །ཀུན་ཞེས་པའི་སྒྲས་ནི་ཆོས་ཐམས་ཅད་དོ། །དེ་ལྟར་ཆོས་ཐམས་ཅད་བདག་མེད་པའི་རྣལ་འབྱོར་གོམས་པས་བཟའ་བའི་དམ་ཚིག་སྒྲུབ་པའི་དོན་ནོ། །སྔར་བཤད་པའི་སྔགས་དེ་ཡང་དང་པོའི་
སྔགས་ཨོཾ་དང་ཡང་དག་པར་ལྡན་པ་བྱེད་དགོས་ལ། གལ་ཏེ་སྒྲུབ་པ་པོ་རྣལ་འབྱོར་ཅན་རྣམས་ཀྱིས་དངོས་གྲུབ་ཐོབ་པར་འདོད་ན། ཁ་ཟས་བྱིན་གྱི་བརློབ་ཀྱང་རུང་དམ་རྫས་ཀྱི་རིལ་བུ་སྟེན་ཀྱང་རུང་སྟེ། སྔགས་དེ་ཉིད་ལན་བདུན་དུ་མངོན་པར་བསྔགས་ཏེ། རྣལ་འབྱོར་པས་ཉིན་རེར་ཐུན་བཞི་སོགས་རྟག་པར་བཟའ་བར་བྱའོ། །ཡི་གེ་གསུམ་ནི། ཨ་གཉིས་དང་ཚེག་དྲག་ཡིན་ལ་དེ་རྣམས་འདུས་པ་ནི་ཨཱཿསྟེ། དེ་ཉིད་ཐོག་མའི་མཐའམ། ཕྱེད་གོང་མའི་མཐར་སྦྱར་བ་ཞེས་བྱ་སྟེ། ཡི་གེ་དེ་ཉིད་ཀྱང་གོང་གི་སྔགས་ལ་བསྣན་དགོས་སོ། །དེ་ཡང་ཨོཾ་ཐོག་མ་དང༌། ཨཱཿབར་པ་དང༌། ཧཱུཾ་ཐ་མར་སྦྱར་བས་ཨོཾ་གུ་ཧྱ་བྷཀྵ་ཨཱཿབྷཀྵེ་ཧཱུཾ། ཞེས་པར་འགྱུར་ལ། ཡང་འགའ་ཞིག་ལྟར་ན། རིལ་བུ་བཟའ་བའི་སྔགས་ལ། ཨོཾ་ཨཱཿགུཧྱ་བྷཀྵ་བྷཀྵེ་ཧཱུཾ། ཞེས་པའང་ཡོད་པ་གང་གདམ་ངར་མངོན་ནོ། །ལྔ་པ་ནི། བརྒྱད་པའི་ཐ་མར་ལེགས་གནས་པ། །ཞེས་པ་ནས་དེ་ལྟའི་སྦྱོར་བ་ཀུན་ཤེས་བྱ། །ཞེས་པའི་བར་ཏེ། དེ་ཡང་སྡེ་ཚན་བརྒྱད་པའི་ཐ་མར་ལེགས་པར་གནས་པའི་ཧ་སྲོག་ཨུ་དང་ཐིག་ལེ་ཡང་དག་པར་ལྡན་པ་ཧཱུཾ་ཡིག་ལས་གསང་བའི་རྡོ་རྗེ་ཡི་གེ་མཆོག་ཏུ་གྱུར་པའི་གནས་ཏེ། ཡི་གེའི་མཆོག་ཧཱུཾ་གིས་གནས་ཡིན་པའམ། ཡི་གེ་ནི་འགྱུར་མེད་དུ་བསྒྱུར་ནས། འགྱུར་བ་མེད་པ་མཆོག་གི་
གནས་ཏེ། འགྱུར་བ་འགེགས་པར་བྱེད་པའི་གནས་སམ་འགྱུར་མེད་སྟོང་ཉིད་ཀྱི་ཡེ་ཤེས་མཚོན་པའི་དོན་ནོ། །ཡི་གེ་དང་པོ་ཨོཾ་གྱི་སྦྱོར་བ་ལས་བྱུང་བའི་ནོར་བུས་མཚན་པ། ཤེས་རབ་ཀྱི་མཁའ་ས་བོན་ཧྲི་ཞེས་བྱ་བ་ཡང་དག་པར་ལྡན་པ་ལས་བྱུང་བ་ཨའི་མཐའ་དང་ཡང་དག་སྦྱར། ཞེས་བྱ་བ་ནི། མཐའ་དང་ཨ་ནི་ཡང་དག་སྦྱར། །ཞེས་བྱ་བའི་དོན་དུ་བྱ་སྟེ། ཟེའུ་འབྲུའི་མཐའམ་རྩེ་མོར་ཨ་ཡིག་ཡང་དག་པར་སྦྱར་བའོ། །དེ་བཞིན་གཤེགས་པ་རིགས་ལྔའི་ས་བོན་ལྔའི་འོད་ཟེར་གྱིས། ཤེས་རབ་ཀྱི་ལུས་རབ་ཏུ་བགང་བར་བྱ་བ་སྟེ། སྤྱི་བོར་ཨོཾ་དཀར་པོ། སྙིང་ཁར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཨཱཿདམར་པོ། བརླ་གཉིས་ལ་ཧ་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་ཅན་རིགས་ལྔའི་རྡུལ་ཕྲ་རབ་སྤྲོ་བའོ། །བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་དོན་དུ་ནི་བསྐྱེད་རིམ་ལྟར་ན། བུ་གར་ཕཊ་ཀྱི་ཡི་གེས་དགག་པ་རྣམ་པར་བསྒོམ་པ་དང༌། རྫོགས་རིམ་ལྟར་ན། རླུང་ངམ་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་སེམས་འཆིང་བའི་ཐབས་རྣམ་པར་དག་པ་བསྒོམ་སྟེ། པདྨ་རབ་ཏུ་རྒྱས་པར་བྱ། ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་སྦྱོར་བས་གསང་བའི་རྩ་རབ་ཏུ་རྒྱས་པར་བྱེད་པའོ། །ཡང་གཅིག་ཏུ་ན། ཀ་ར་ཎ་སྔོན་དུ་འགྲོ་བས་ཐབས་ཤེས་སྙོམས་པར་འཇུག་པའི་དོན་ཏེ། མཁའ་ནི་སྟོང་ཉིད་མཚོན་ལ་
རྡོ་རྗེ་ནི་རིག་པའི་ཡེ་ཤེས། མཉམ་པར་སྦྱོར་བ་ནི་ཟུང་དུ་འཇུག་པའི་དོན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་རྒྱས་འདེབས་པ་ནི། ཐོག་མཐའ་བར་གསུམ་ཐམས་ཅད་དུ་གལ་ཆེའོ། །དེ་ལ་ཇི་སྙེད་རྡོ་རྗེ་ཅན་ཞེས་པ་བླ་མ་གོང་མ་རྣམས་ནི་རྡོ་རྗེ་ཅན་ཞེས་པ་སྒྲུབ་པ་པོའི་དོན་དུ་བཤད་ནས། སྒྲུབ་པ་པོ་དངོས་གྲུབ་འདོད་པས་དེ་ལྟར་བཤད་པའི་སྦྱོར་བ་ཀུན་ཤེས་པས་སྒོམ་པར་བྱའོ། །ཞེས་པའི་དོན་དུ་མཛད་ཅིང༌། གཅིག་ཏུ་ན་རྡོ་རྗེ་ཅན་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་ཇི་སྙེད་པ་རྣམས་ཀྱི་དངོས་གྲུབ་ཐོབ་པར་འདོད་ན། དེ་ལྟ་ཞེས་པ་ནི། དེ་ཁོ་ན་ཉིད་དང༌། གོང་དུ་བཤད་པའི་སྦྱོར་བ་ཐམས་ཅད་ཤེས་པས་རྗེས་ཆགས་ཀྱི་སྦྱོར་བ་ལ་བརྩོན་པར་བྱའོ། །ཞེས་པའི་དོན་དུ་བཤད་ནའང་ཤིན་ཏུ་ལེགས་སོ། །དེ་ཁོ་ཉིད་དེ་ཡང་གང་ཞེ་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། དེ་སྐད་དུ་ཡང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པར། །གང་དུ་སེམས་ནི་རབ་བསྒོམ་པ། །འདི་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པ་ཡིན། །ཞེས་གསུངས་ཤིང༌། ཆོས་དབྱིངས་རང་བཞིན་གྱིས་བསྒྲུབས་ན། །བདག་ཏུ་འཛིན་པ་ངེས་པར་སེལ། །ཐབས་དང་ཤེས་རབ་བསྡུ་བྱས་ན། །དེ་ནི་སངས་རྒྱས་བསྟན་ལ་གནས། །ཞེས་གསུངས་པས། སེམས་ཅན་འཁོར་བ་ལས་སྒྲོལ་བ་ལ་ཞུགས་ཤིང་བརྩེ་བའི་ངང་ཚུལ་ཅན་གྱི་སྙིང་རྗེ་དང༌།
ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་མཐོང་བ་ནི། ཐེག་པ་མཐའ་དག་གི་སྙིང་པོ་ཡིན་ཞིང༌། ཡང་བླ་ན་མེད་པའི་ཐེག་པ་འདིར་ནི་སྙིང་རྗེ་དེ་ཡང་བདེ་བ་ཆེན་པོ་དང༌། སྟོང་པ་ཉིད་དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བ་ཞིག་ངེས་པར་དགོས་སོ། །དེ་གཉིས་ཟུང་དུ་འཇུག་པ་ནི་དེ་ཁོ་ན་ཉིད་ཀྱི་ལམ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དོ། །རང་བཞིན་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་ལམ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འབྲས་བུའང་བྱང་ཆུབ་ཀྱི་སེམས་རྡོ་རྗེར་འགྱུར་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་འབྲས་བུ་གང༌། །དེ་ནི་སངས་རྒྱས་ཡེ་ཤེས་མཆོག །རྡོ་རྗེ་སེམས་དཔའི་རང་བཞིན་དེའི། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་བདག་མེད་པ་སྟོང་པ་ཉིད་ཡིན་ན། དེ་ཉིད་ཅི། སྨྲས་པ། དཔལ་ཁ་སྦྱོར་ཐིག་ལེ་ལས། ཡང་འདི་ལྟར་སྟོང་པ་ཉིད་གང་ཞེ་ན། ཆོས་དང་གང་ཟག་གི་དོན་དངོས་པོ་མེད་པ་སྟོང་པ་ཉིད་དེ། དེའི་ཕྱིར་དེ་ལས་བྱུང་བ་དམ་པའི་དངོས་པོ་འདིར་དེ་སྟོང་པ་ཉིད་དང༌། ཕ་རོལ་གྱི་ཆོས་དང༌། གང་ཟག་དངོས་པོ་མེད་པ་སྟོང་ཉིད་དེ་ལས་བྱུང་བ་དམ་པའི་དངོས་པོའོ། །ཞེས་གསུངས་པས་སྔར་ཇི་སྐད་བཤད་པའི་ཡེ་ཤེས་སྟོང་པ་ཉིད་གཟུང་འཛིན་སྤངས་པའི་མཚན་ཉིད་ཅན་ནོ། །དྲུག་པ་ནི། དེ་ནས་འདིར་ཞེས་པ་ནས། རྡོ་རྗེ་སེམས་དཔའ་ཡང་
དག་བསྐུལ། ཞེས་པའི་བར་ཏེ། འདི་ལ་ཕྱི་བསྐྱེད་རིམ་ལ་སྦྱར་བ་དང༌། ནང་རྫོགས་རིམ་ལ་སྦྱར་བ། གསང་བ་སྤྱོད་པ་ལ་སྦྱར་བ། དེ་ཁོ་ན་ཉིད་འབྲས་བུ་ལ་སྦྱར་བ་སྟེ་བཞི་ལས། དང་པོ་ནི། རྗེས་ཆགས་བཤད་པའི་རྗེས་དེ་ནས་འདིར་དཔལ་རྡོ་རྗེ་རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་དགོངས་པ་སྟེ་རབ་ཏུ་གསང་བའི་དོན་དཔལ་རྡོ་རྗེའི་གླུ་སྟེ། དེས་གཙོ་བོ་སྐྱེ་བའི་སྲིད་པ་ཉེ་བར་བླངས་པའི་ཚུལ་གྱིས་བཞེངས་པར་བྱེད་པའམ། རྗེས་ཆགས་ཀྱི་བདེ་བ་ཉིད་སྲིད་པ་སྟེ། དེ་ལྟ་བུ་ཤིན་ཏུ་སྒྲུབ་པར་བྱེད་པའི་ཐབས་གླུར་བླངས་པ། ཨེ་མ་སོགས་ནི། རྗེས་སུ་ཆགས་པ་མཛད་པར་བཀུལ་བའི་ཚིག་སྟེ། སྒྲ་ཇི་བཞིན་པ་ནི་གོ་སླ་ལ། དགྱེས་པའི་གར་ཞེས་བྱ་བ་ནི་རོལ་པ་དྲུག་བཅུ་རྩ་བཞི་ལ་སོགས་པའོ། །ཨ་ལ་ལ་ལ་ལ་ཞེས་བྱ་བ་ནི་རབ་ཏུ་བསྐུལ་བའི་ཚིག་གོ །དེ་ལྟར་བསྐུལ་བ་དེ་ནས་གླུ་དེ་བླངས་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཆེན་པོ་ཐིག་ལེའི་རྣམ་པ་ལས་བཞེངས་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གཙོ་བོར་བཞུགས་པའམ། བདུད་རྩི་མྱང་བ་དང་འབྲེལ་བའི་ཚེ་བསྐུལ་བ་ཙམ་གྱིས་རྡོ་རྗེ་འཛིན་ཆེན་པོ་ལྷ་མོ་རྣམས་དང་རྗེས་ཆགས་ཀྱི་རོལ་པའི་གར་མཛད་དོ། །དེ་ལྟར་ན་གླུ་འདི་ནི་རྡོ་རྗེ་སེམས་དཔའ་ཡང་དག་པར་བསྐུལ་བའོ། །བདུད་རྩི་མྱང་བ་དང་འབྲེལ་བའི་ཚེ། གོང་དུ་བཤད་པའི་རྗེས་
ཆགས་ཀྱི་ཚིག་རྣམས་དང༌། གླུས་བསྐུལ་བ་འབྲེལ་ཆགས་སུ་སྦྱོར་དགོས་སོ། །གཉིས་པ་ནི། རྡོ་རྗེ་མཁའ་འགྲོ་མ་ནི་རྩ་རྣམས་ཏེ། དེ་རྣམས་ཀྱི་རླུང་དབུ་མར་ཐིམ་པའི་སྒྲ་ནི་གླུའོ། །དེ་ལས་རྟགས་ལྔ་དང་ཡོན་ཏན་བརྒྱད་འབྱུང་བ་ནི། སྲིད་པ་ཤིན་ཏུ་སྒྲུབ་པ་སྟེ། དེ་ལ་རྟགས་ལྔ་ནི་འབྱུང་བའི་རླུང་ལྔ་རིམ་པ་བཞིན་དུ་ཐིམ་པ་ལས། སྨིག་རྒྱུ་དང༌། དུ་བ་དང༌། མཁའ་སྣང་བ་དང༌། མར་མེ་དང༌། ནམ་མཁའ་ལྟ་བུ་སྟེ། རྟགས་སྣང་ངམ་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཀྱི་དཔེའོ། །རྒྱུད་སོ་སོའི་དགོངས་པས་རྟགས་དང་རྟགས་ཅན་གཉིས་ཀར་ཡོད་པས་ཕན་ཚུན་དུ་ཁ་བསྐང་སྟེ། གཉིས་པ་འགལ་མེད་དུ་བྱའོ། །རྒྱུད་འདི་ཉིད་ཀྱི་དགོངས་པ་ལ་རྟགས་ཅན་གཙོ་ཆེ་བར་བླ་མ་རྣམས་བཞེད་དེ། ཡོན་ཏན་བརྒྱད་ནི། སའི་ཡོན་ཏན་སྟོབས་ཆེ་བ་དང༌། ཆུའི་ཡོན་ཏན་དབྱིབས་མཛེས་ཤིང་ཉམས་བདེ་བ་དང༌། མེའི་ཡོན་ཏན་དྲོད་དང་ཁ་དོག་གཟི་བརྗིད་ཆེ་བ་དང༌། རླུང་གི་ཡོན་ཏན་ཡང་ཞིང་ཤུགས་འགྱོགས་པ་དང༌། ཉི་མའི་ཡོན་ཏན་ཅི་རིགས་པར་སྤྲུལ་པ་བྱེད་པ་དང༌། ཟླ་བའི་ཡོན་ཏན་རབ་ཏུ་དྭངས་པའི་ལུས་དང༌། ནམ་མཁའི་ཡོན་ཏན་མི་སྣང་བ་དང༌། རྣམ་པར་ཤེས་པའི་ཡོན་ཏན་ཏིང་ངེ་འཛིན་བདེ་བ་དང་བཅས་ཤིང་མངོན་ཤེས་ཅི་རིགས་པ་འབྱུང་བའོ། །རྟགས་
ལྔ་ནི་སྤྱོད་པའི་སྔོན་དུ་ཐོབ་པ་ངེས་པར་དགོས་ལ། ཡོན་ཏན་བརྒྱད་ནི་སྤྱོད་པས་འགྲུབ་པའོ། །རྡོ་རྗེ་འོད་ཀྱིས་པདྨ་རབ་ཏུ་ཕྱེ་བ་ནི། སྙིང་ཁས་ལྟེ་བ་དང༌། མགྲིན་པས་སྤྱི་བོ་འབྱེད་པའོ། །ཇི་ལྟར་ཉི་མའི་འོད་ཀྱི་སོགས་ནི། ལྟེ་བའི་མེ་འོད་ཀྱི་ཧཾཾ་ཡིག་གི་གནས་རྩ་ཁ་དབྱེ་བ་སྟེ། ཨ་ལ་ལ་ལ་ལ་ཧོ། ཞེས་ཡི་གེ་དྲུག་ལན་གཉིས་ནི། འཁོར་ལོ་བཞི་དང་དབུ་མའི་ཡས་སྣ་དང་མས་སྣ་རྣམས་སུ་རླུང་ཐིམ་པའི་ཡེ་ཤེས་དང༌། ཐིག་ལེ་འབབ་པའི་ཡེ་ཤེས་དེ་འབྱུང་བ་སྟོན་ལ་ཐམས་ཅད་ལས་ཀྱང་ཏིང་ངེ་འཛིན་གྱི་ཉམས་དཔག་ཏུ་མེད་པ་འབྱུང་བ་ནི། བདེ་བ་ཆེན་པོ་རབ་ཏུ་རྒྱས་པའི་གར་རོ། །གླུ་ཙམ་གྱིས་ཞེས་པ་ནི། རླུང་དབུ་མར་ཐིམ་པ་ཙམ་གྱིས་ཞེས་པའི་དོན་ནོ། །རྡོ་རྗེ་འཛིན་པ་ཆེན་པོ་དང་ནི་བདེ་བ་དང་ལྷ་སྐུ་སྣ་ཚོགས་པ་སྤྲོས་བྲལ་དུ་རོ་མཉམ་པའི་རྡོ་རྗེ་འཆང་གི་དབུགས་དབྱུང་ཡིན་ལ། རྡོ་རྗེ་མཁའ་འགྲོ་མ་རྣམས་གར་ཞེས་པ་ནི། མཁའ་འགྲོ་མ་ལྔ་ནི་སངས་རྒྱས་ལྔའི་བདག་ཉིད་དེ། བདེ་བ་དང་ལྷ་སྐུའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐུལ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དབུགས་དབྱུང་དེ་ལ་བརྟེན་ནས་རྡོ་རྗེ་འཆང་གི་དབུགས་དབྱུང་ཐོབ་པ་ནི། ཟུང་དུ་འཇུག་པ་སྟེ་བསྐུལ་བ་ནི་ཐོབ་པར་
བྱེད་པའི་དོན་ནོ། །གསུམ་པ་ནི། རྡོ་རྗེ་རྣལ་འབྱོར་མ་ནི་སྤྱོད་པའི་དུས་ཀྱི་ཕྱག་རྒྱ་སྟེ། དཔལ་རྡོ་རྗེའི་གླུ་ནི་སྲེད་ཀྱི་ཡི་གེ་ལ་སོགས་པ་དགའ་བའི་སྒྲའོ། །སྲེད་པ་ནི་འདོད་ཆགས་ཆེན་པོ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །གཉེན་མཆོག་ཅེས་བྱ་བ་ནི། སྒྲུབ་པ་པོ་དང་ཕྱག་རྒྱ་གཉིས་ཀར་ཡང་དངོས་གྲུབ་ལ་ཉེ་བར་གྱུར་བའི་སྤུན་དང་སྲིང་མོ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་འོད་ནི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ཏེ། དེས་རྩ་འཁོར་ལོ་རྣམས་ཀྱི་པདྨའི་འདབ་མ་རྣམས་རབ་ཏུ་སད་པར་མཛོད་ལ། དེ་ལས་ཡེ་ཤེས་ཅི་ཞིག་སྐྱེ་ན། ལ་ཡིག་བཞི་ནི་དགའ་བ་བཞི་ཡིན་ལ། ཨ་ནི་སྟོང་པ་ཉིད། ཧོ་ནི་དཀྱིལ་འཁོར་གྱི་འཁོར་ལོར་རབ་ཏུ་གསལ་བ་སྟེ་དབུགས་དབྱུང་དེ་གཉིས་ཀྱི་དགའ་བ་བཞི་ལ་རྒྱས་བཏབ་པའི་བརྡར་ཡི་གེ་དེ་གཉིས་ཐོག་མཐར་བཀོད་དོ། །བདེ་བ་ཆེན་པོ་རབ་ཏུ་རྒྱས་པ་ཞེས་པ་ནི་དགའ་བཞི་རྫོགས་པར་བསྐྱེད་ཐུབ་པའོ། །གར་ནི་འདོད་ཆགས་ཆེན་པོའི་གར་ཏེ། སྦྱོར་བ་དྲུག་ཅུ་རྩ་བཞི་ལ་སོགས་པའོ། །ཉི་མའི་འོད་ནི་བྱང་ཆུབ་ཀྱི་སེམས་དམར་ཆ་རྡུལ་ལས་སྐྱེས་པའི་ཆགས་ཆེན་ཏེ། དེའི་མཐུ་ལས་གསང་བའི་ཆོས་འབྱུང་ལ་སོགས་པ་རྩ་རྣམས་པདྨ་རྒྱས་པ་ལྟར་ཁ་བྱེ་བའོ། །ལྷག་མ་གོང་བཞིན་ཏེ། ལན་གཉིས་སུ་བཟློས་པ་ནི། དགྱེས་རྡོར་ལས། རེ་ཤིག་བཙུན་མོ་ཤེས་རབ་སྟེ། །སྐྱེས་བུ་ཐབས་སུ་བརྗོད་པར་བྱ། །ཀུན་རྫོབ་དོན་དམ་དབྱེ་བ་ལས། །ཕྱི་ནས་དེ་ཡི་རྣམ་པ་གཉིས། །རེ་ཤིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའམ་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང༌། །
དེ་ཡི་ཁུ་བའམ་བདེ་བ་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཞུ་བདེའི་ལྷན་ཅིག་སྐྱེས་པ་དེ་ཉིད་རྒྱ་ཆེར་སྤེལ་ཏེ། རྩལ་སྦྱང་བའི་དོན་དུ་ཨ་རལླིའི་བྱ་བ་རྣམས་རྩོམ་པ་སྟེ། དེ་ཡང་རྡོ་རྗེ་འཛིན་པ་ཆེན་པོ་དང་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཆས་སུ་ཞུགས་ཏེ། སེམས་ཅན་རྣམས་ལ་བདེ་བས་བྱིན་གྱིས་བརློབ་པའི་དོན་དུ་གླུ་དང་གར་ལ་སོགས་པ་རོལ་པ་རྒྱ་ཆེན་པོ་སྤྱོད་པ་སྟེ། རྡོ་རྗེ་འཆང་གི་དབུགས་དབྱུང་གི་དཀྱིལ་འཁོར་ཡིན་ལ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་པ་ནི། སྒྲུབ་པ་པོ་ཧེ་རུ་ཀ་དང༌། ཕྱག་རྒྱ་ལྔ་མཁའ་འགྲོ་ལྔའི་ཆས་སུ་ཞུགས་ཏེ། ལས་བཞི་སོགས་སྒྲུབ་པའི་དོན་དུ། གླུ་དང་གར་གྱི་རོལ་པ་བྱེད་པ་ཧེ་རུ་ཀའི་དབུགས་དབྱུང་གི་དཀྱིལ་འཁོར་རོ། །རྒྱུད་སྡེ་གཞན་འགའ་ལས་གཞན་ཡང་གསུངས་ཀྱང་འདིར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་གཙོ་བོ་ཡབ་ཡུམ་ཁོ་ན་བཤད་པ་དང༌། སངས་རྒྱས་རིགས་གཞན་བཞི་པོའི་དཀྱིལ་འཁོར་མ་གསུངས་ཏེ། ཧེ་རུ་ཀའི་དཀྱིལ་འཁོར་ཁོ་ན་བསྟན་ལ། འཁོར་བ་ཐོག་མར་ལེགས་པར་སྦྱངས་བ་ཅུང་ཟད་མ་ཚང་ན་ཡེ་ཤེས་ཕབ་པ་དང༌། དབང་བསྐུར་ཏེ་གཞུག་པ་ཡིན་ལ། དེའི་མན་ངག་ནི། མི་རོའི་ཁར་ཞག་བདུན་གཞག་པའི་གུ་གུལ་ལ་དངོས་གྲུབ་ཕབ་ནས། དུར་ཁྲོད་ཀྱི་མེ་ལ་བསྲེག་པ། ཟླ་མཚན་གྱི་རས་དང༌། བྱི་ལ་ནག་པོའི་བྲུན་གྱིས་བདུག་པར་བཅས་པའོ། །
གལ་ཏེ་འཁོར་ལྷག་པོར་ཡོད་ན་མཆོད་པའི་གཟུང་མར་སྦྱོར་བ་ནི་འདི་ཉིད་ཀྱི་རང་ལུགས་སོ། །རྡོ་རྗེ་སེམས་དཔའ་ཡང་དག་བསྐུལ། །ཞེས་བྱ་བ་ནི། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བའི་མཆོག་མཐར་ཐུག་པ་ནི་སྤྱོད་པ་ཡིན་པར་དགོངས་པ་སྟེ། དཔལ་གསང་བ་གྲུབ་པ་ལས་ཀྱང༌། །རྐང་རྐྱང་བྱ་བ་སྤངས་ནས་སུ། །འཁོར་བའི་མངག་གཞུག་དོར་ནས་ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། ཞེས་གསུངས་པ་བཞིན་ནོ། །བཞི་པ་ནི། དེ་ནས་འདིར་རྣལ་འབྱོར་མ་རྣམས་ཀྱི་ངེས་པའི་དོན་གྱི་གླུ་ཡང་དག་པར་བླངས་པའོ། །རྡོ་རྗེ་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་རིགས་ལྔ་སྟེ། བདག་ཉིད་ལ་སྣང་བའི་ཆོས་ཐམས་ཅད་རིགས་ལྔའི་ངོ་བོར་ཤར་བ་ནི། ཆོས་ཐམས་ཅད་རིགས་ལྔར་སྦྱོར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རྣལ་འབྱོར་རོ། །དགོངས་པ་ནི་མཉམ་པར་བཞག་པའི་རྟོགས་པའོ། །དེ་ཡང་ཅི་ཞིག་ཅེ་ན། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་འགྲོ་བ་གྲོལ་བར་བཞེད་དེ། དཔལ་ནི་བསོད་ནམས་ཏེ་ཐབས་དང༌། རྡོ་རྗེ་ནི་ཤེས་རབ་སྟེ་ཡེ་ཤེས་སོ། །གླུ་ནི་ཐབས་དང་ཤེས་རབ་དེ་དག་འགྲོ་བ་ལ་སྟོན་པར་དགོངས་པ་སྟེ། དེ་ཡང་སྲིད་པ་སྒྲུབ་པའི་སྒོ་ནས་ཞེས་པ་ལ། སྲིད་པ་ནི་གཟུགས་ཀྱི་སྐུ་གཉིས་སོ། །ཤིན་ཏུ་སྒྲུབ་པ་ནི། སྲིད་པ་དང་ཞི་བའི་མཐའ་རབ་ཏུ་གནོན་པ་ཞེས་
པའི་དོན་དུ་བཤད་ལ། རྡོ་རྗེ་ནི་བདེ་བ་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་བཅིངས་པའི་བདེ་བས་པདྨ་སྟོང་པ་ཉིད་སད་པར་བྱེད་པ་དང༌། ཉི་མའི་འོད་ཀྱིས་སོགས་ལ་རང་གི་ལུས་ལ་དམར་ཆ་ཡང་ཡོངས་སུ་བཅིངས་པས་སྟོང་ཉིད་རྟོགས་པའི་ཐབས་དམ་པར་འགྱུར་བ་བཞིན་བྱང་ཆུབ་ཀྱི་སེམས་བཅིངས་པས་ཀྱང་ངོ༌། །དེ་ལྟར་རླུང་འགགས་ཤིང་ཐིག་ལེ་བཅིངས་པ་ལས་བྱུང་བའི་མི་འགྱུར་བའི་དགའ་བཞི་དང༌། སྟོང་པ་དང་ལྷ་སྐུ་རྣམས་ཟུང་དུ་འཇུག་པ་ནི། ཨ་ལ་ལ་ལ་ལ་ཧོ་ཞེས་པས་བསྟན་ཏེ། རང་གཞན་གྱི་ཕུན་སུམ་ཚོགས་པ་རྒྱ་ཆེར་འབྱུང་བ་ནི་རབ་ཏུ་དགྱེས་པའི་གར་ཏེ། རང་གཞན་གྱི་དབྱེ་བས་ལན་གཉིས་སུ་བསྟན་ནོ། །གཞན་ཡང་དེ་ནས་བཤད་པར་བྱ་བ་གླུ་ཡི་སྒྲས་ཆོས་སྟོན་པ་དང༌། གར་གྱི་སྒྲས་ནི་སྤྲུལ་པ་སྣ་ཚོགས་པ་སྟེ། རྒྱུད་གཅིག་ཀྱང་ཐ་དད་པར་སྣང་བ་གར་མཁན་གྱི་རོལ་བ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའོ། །ཡང་དག་བསྐུལ་ཞེས་བྱ་བ་ནི། གླུ་དང་གར་དེ་ལྟ་བུ་ལ་ཚད་མེད་བཞིའི་རང་བཞིན་ལྷ་མོ་བཞིས་བསྐུལ་བར་བྱེད་པའོ། །སུ་ཞིག་བསྐུལ་ཞེ་ན། རྡོ་རྗེ་འཛིན་པ་ཆེན་པོ་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཞེས་པ་སྟེ་དཔེ་མེད་པའི་བདེ་བ་ཆེན་པོའི་སྐུའོ། །སྐུ་གསུམ་དང༌། ངོ་བོ་ཉིད་སྐུའི་དབྱེ་གཞི་བདེ་བ་ཆེན་པོའི་སྐུ་མཛད་པ་ནི་རྒྱུད་འདིའི་
དགོངས་པ་ཡིན་ཏེ། སློབ་དཔོན་དྷརྨ་པས་ཀྱང༌། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ལྷ་རྫས་བཙུན་མོ་དང་འདུས་པ། །དེ་ལས་ཆོས་དང་སྤྲུལ་པ་དང༌། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས། །བསྐྱེད་དང་བསྡུད་པར་བྱེད་པ་ཡིན། ཞེས་གསུངས་པས་སོ། །ཞེས་པ་ནི་མན་ངག་གཞན་ནོ། །དེ་ལ་རྡོ་རྗེ་ཞེས་པ་ནི། བླ་ན་མེད་པའི་ཡེ་ཤེས་ཏེ། རང་བཞིན་མེད་པའི་ཡན་ལག་གོ །དེ་ཉིད་འཛིན་པ་ཆེན་པོ་ནི། སྙིང་རྗེ་ཆེན་པོས་སྟོང་ཉིད་ཡོངས་སུ་བཟུང་བ་ལས། རྒྱུན་མི་འཆད་པ་དང༌། འགོག་པ་མེད་པ་ཤུགས་ལ་བསྟན་པའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཞེས་པས་ཁ་སྦྱོར་བསྟན་པས། བདེ་བ་ཆེན་པོ་དང༌། ལོངས་སྤྱོད་རྫོགས་པའི་ཡན་ལག་ཀྱང་དོན་གྱིས་འཕངས་སོ། །དེ་ལྟར་ན་ཞུ་བ་ནི་བསྐྱེད་རིམ་གྱི་གནས་སྐབས་སུ་ཐིག་ལེའི་འོད་ཀྱི་གོང་བུ་དང༌། རྫོགས་རིམ་གྱི་སྐབས་ཐིག་ལེ་བྱང་ཆུབ་ཀྱི་སེམས་དང༌། འབྲས་བུའི་སྐབས་སུ་བདེ་སྟོང་དབྱེར་མེད་ཡང་དག་པའི་མཐའོ། །གླུས་བསྐུལ་བ་ནི། ལྷ་སྐུར་བཞེངས་པའི་དོན་དང༌། ཐིག་ལེ་འབར་འཛག་འགྲོ་འོང་གི་དོན་དང༌། གཞན་དོན་དུ་གཟུགས་སྐུར་བཞེངས་པའི་དོན་གསུམ་ལ་བསྐུལ་བའོ། །བདུན་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བཤད་པ་བཞི་ལས། དང་པོ་ནི། དེ་ལྟར་རྟག་ཏུ་གུས་པའི་སྒོ་ནས་དམ་ཚིག་ལ་ཡང་དག་པར་གནས་པ་དང་ལྡན་པས་སྦྱོར་བ་རྣལ་འབྱོར་གྱི་དངོས་
གྲུབ་ཐོབ་པར་འགྱུར་བ་ཉིད་ཡིན་ལ། དེ་ལ་གུས་པ་ནི། ལྷ་དང་བླ་མ་ལ་གུས་པ་དང༌། གཞིའི་ཆོས་ལ་གུས་པ་དང༌། དམ་ཚིག་གི་རྫས་ལ་གུས་པ་དང༌། ཆོས་ལ་གུས་པ་དང༌། སྐྱེ་བོ་དམ་པ་ལ་སོགས་པ་སེམས་ཅན་རྣམས་ལ་གུས་པ་སྟེ་ལྔ་ཡིན་ལ། ཐམས་ཅད་ཀྱང་བསླབ་པ་དང་དམ་ཚིག་ལ་གུས་པར་འདུས་སོ། །འདི་རྣམས་གྱིས་སྔགས་ཀྱི་དམ་ཚིག་མཐའ་དག་བསྲུང་བ་ནུས་པ་ཡིན་ཏེ། ཆོས་ལ་གུས་པས་ལུང་གི་ཆོས་མི་སྤོང་སྟེ་གྲུབ་མཐའ་མེད་མོད། ཆོས་ལ་གཅེས་སྤྲས་ཀྱིས་སྣོད་མིན་ལ་མི་འཆད་ལམ་ཉམས་ལེན་མི་སྤོང་ཞིང༌། སྒྲུབ་པའི་ཆོས་མི་སྤོང་བས་སངས་རྒྱས་ཀྱི་བཀའ་ལས་མི་འདའ་ཞིང་དེ་གཉིས་ཀྱིས་ཐེག་པ་གསུམ་ལས་ཚིག་འཛིན་པ་དང༌། དོན་ཉམས་སུ་ལེན་པ་ཤུགས་ལ་འབྱུང་ངོ༌། རྩ་ལྟུང་ལྷག་མ་རྣམས་ཀྱང་སློབ་དཔོན་དང༌། སེམས་དང་དམ་ཚིག་གི་རྫས་དང༌། གཞིའི་ཆོས་ལ་སྨད་པར་འདུས་ཤིང་དེ་རྣམས་ལ་གུས་པས་དེ་དག་སྤོང་ལ་ཁྱད་པར་དུ་བསྟེན་པར་བྱ་བ་དམ་རྫས་རྒྱ་ལས་རིགས་ལྔར་ཤེས་པ་དང༌། གཞིའི་ཆོས་ཉོན་མོངས་པ་ལྔའི་རང་བཞིན་ཡེ་ཤེས་སུ་ཤེས་པ་དང༌། འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེར་ཤེས་པས་བསྒྲུབ་པར་བྱ་བའི་དམ་ཚིག་རྣམས་ཀྱང་འགྲུབ་པ་ཡིན་ནོ། །དེ་སྐད་དུ། རྡོ་རྗེ་སྙིང་པོ་རྒྱན་སོགས།
རྒྱུད་སྡེ་དུ་མ་ལས་གསུངས་པ། གྲོལ་བའི་ཐིག་ལེར་ལུང་དྲངས་པ། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །སྲེད་དང་འདུ་བྱེད་འཕེལ་བ་ཡི། །ཆོས་ལྔ་སྐྱེས་མཆོག་རྣམས་ཀྱིས་གསུངས། །བཤང་གཅི་ཁུ་བ་མཆི་མ་ཁྲག །འཛག་པ་འབྱུང་བ་བཞི་བསྡུས་པ། །བསྒོམ་པའི་བློ་གྲོས་རྟོགས་པ་ཡིས། །རྟག་ཏུ་བཟའ་ཞིང་སྦྱིན་བསྲེག་བྱ། །ཞེས་དང༌། རྡོ་རྗེ་ལུས་ཅན་དམ་ཚིག་པས། །ལས་བྱུང་སྐྱེས་པ་བུད་མེད་ཀྱི། །དུ་མའི་གཟུགས་ལ་བརྙས་མི་བྱ། །ཞེས་སོགས་གསུངས་སོ། །དེ་ལྟར་དམ་ཚིག་ལ་གནས་ནས་ཉིན་རེ་བཞིན་དུ་ཐུན་བཞིར་དམིགས་པ་ལ་རབ་ཏུ་སྦྱོར་བ་ཡིས་དངོས་གྲུབ་འགྲུབ་པ་ལ་ཤིན་ཏུ་ཉེ་བར་བྱེད་པར་འགྱུར་བས་ན་གོམས་པར་བྱ་བའི་མཆོག་གོ །དེ་ལས་ཅི་ཞིག་འབྱུང་ན་རྒྱན་ཏེ་མངོན་ཤེས་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། སྤོས་དང་མེ་ཏོག་གི་བརྡས་བསྟན་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་རྣམས་ཏེ། དེ་ལ་འཇུག་ཅིང་བརྒྱན་པར་འགྱུར་རོ། །དེའི་རྗེས་ཐོགས་ཉིད་དུ་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་མཆོག་དངོས་སུ་སྟེར་བ་སྟེ། དེའི་ཉེ་བའི་རྒྱུ་འཕགས་པའི་གོ་འཕང་ཐོབ་པར་འགྱུར་ལ། ཇི་ལྟར་ཞེས་པ་ནི། སངས་རྒྱས་ཀྱི་སྐུ་གསུམ་ཇི་ལྟ་བ་སྟེ་རྣམ་པ་འདྲ་བ་ས་དང་པོ་ནས་ཐོབ་པའི་དོན་ནོ། །དེ་ལྟ་བུའི་མཆོག་གི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་ལ། དེ་ཐོབ་ན་དཔག་ཚད་བརྒྱའི་ཁྱོན་ནི་མཚོན་པ་ཙམ་སྟེ། དཔག་ཏུ་མེད་པའི་ཞིང་དུ་དཔག་ཏུ་མེད་པའི་
སྐུའི་སྤྲུལ་པ་བསྐྱེད་པ་དང༌། གསུང་གི་ཆོས་སྟོན་པ་དང༌། ཐུགས་ཀྱི་ཡེ་ཤེས་ཀྱི་སྣང་བས་སྐུ་འདི་ནི་རབ་ཏུ་གསལ་ཞིང་སྣང་བར་བྱེད་དོ། །དེ་ལ་མཆོག་གི་དངོས་གྲུབ་ཕལ་པ་ནི་མཐོང་ལམ་ནས་ཐོབ་ཅིང༌། གཙོ་བོ་ནི་སངས་རྒྱས་ཉིད་དོ། །སངས་རྒྱས་དང་མཐུན་པའི་སྐུ་གསུམ་པོ་དེ་ཡང་འདི་ལྟ་སྟེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ནི་ཆོས་སྐུ་དང༌། མཚན་དཔེ་རྗེས་མཐུན་པའི་ཡེ་ཤེས་ཀྱི་སྐུ་ནི་ལོངས་སྐུ་དང༌། སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་སྤྲུལ་སྐུའོ། །ལམ་དེ་དག་གི་སྦྱོར་བའི་རྩ་བ་ཡང་དད་པ་དང་ཤེས་རབ་ཀྱི་དབང་པོ་གཉིས་ནི་མཉམ་པར་སྦྱོར་བས་སྤྱོད་པ་དང༌། ལྟ་བ་དག་པར་འགྱུར་ལ། དམ་པའི་ཆོས་སྟོན་པའི་སྒོ་གསུང་རབ་ཡན་ལག་དགུ་ལས་ནི་གང་བྱུང་བའི་དོན་རྣམས་ཀྱང་སྒྲུབ་པར་བྱའོ། །གཉིས་པ་ནི། དེ་ལྟར་རྟག་ཏུ་ལམ་ལ་གུས་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པས་བསྒྲུབས་ན་སྦྱོར་བ་ནི་དངོས་གྲུབ་སྟེ་ཉམས་ལེན་འབྲས་བུ་དང་བཅས་པར་འགྱུར་བ་ཉིད་ཡིན་ལ། དགའ་བཞིའི་རྟོགས་པ་སྐྱེས་པའི་དུས་བཞི་ལ་སེམས་རྩེ་གཅིག་ཏུ་རབ་ཏུ་སྦྱོར་བའི་གོམས་པ་མཆོག་གིས་ཚེ་འདི་ཉིད་ལ་དངོས་གྲུབ་འགྲུབ་པར་འགྱུར་བའོ། །དེ་ཡང་དགའ་བ་གསུམ་པའི་མཐར་རླུང་སེམས་ཙམ་གྱི་སྐུ་འགྲུབ་པ་ནི་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་ཤིང་དཔག་ཚད་བརྒྱ་སྟོང་མང་པོའི་ཁྱོན་ཙམ་དུ་འདིའི་འོད་ཟེར་ནི་ཁྱབ་ཅིང་སྣང་བར་བྱེད་ལ། དེ་གྲུབ་ཙམ་ཉིད་ན་སྤོས་
དང་མེ་ཏོག་ལ་སོགས་པས་རྣམ་པར་བརྒྱན་པ་མཆོད་པའི་སྤྲིན་གྱི་ཕུང་པོ་རང་བྱུང་དུ་འབྱུང་སྟེ། རིམ་ལྔ་ལས། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་པ་ཆེན་པོ་འགྲོ་དང་བཞུགས། །གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཅེས་སྐུ་འདི་འགྲུབ་པ་ན་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་རིགས་ཞིག་ཐོབ་པར་བཤད་དོ། །ཇི་ལྟར་སྐུ་གསུམ་མཆོག་སྟེར་བ། །ཞེས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་གསལ་བ་སྤྲུལ་སྐུ་དང༌། རླུང་སེམས་ཐིག་ལེ་དགགས་པའི་བདེ་བ་ལོངས་སྐུ་དང༌། སྟོང་ཉིད་རྣམ་པར་མི་རྟོགས་པས་ཆོས་སྐུ་སྟེར་བའོ། །དབང་པོ་གཉིས་ནི་རྩ་དང་ཁམས་ཏེ་དེར་རླུང་སེམས་བསྡུད་པའི་ཚུལ་གྱིས་མཉམ་པར་སྦྱོར་བ་དང༌། སྒོ་དགུ་ནས་འབྱུང་བའི་རླུང་རྣམས་འགགས་པ་ལས་ཡེ་ཤེས་དེ་སྐྱེ་བར་འགྱུར་རོ། །གསུམ་པ་ནི་དེ་ལྟར་རབ་ཏུ་གུས་པའི་རིག་མ་དང་ལྡན་པས་སྦྱོར་བའི་དངོས་གྲུབ་ཏུ་འགྱུར་བ་ཡིན་ལ། དེ་ལས་ཡེ་ཤེས་བཟང་པོ་སྐྱེས་ན། སྤྱོད་པ་བྱ་སྟེ། དུས་བཞི་ནི་ཐུན་ཚོད་བཞི་དང་དགའ་བ་བཞི་ཡང་སྟེ་ཐུན་བཞིར་དགའ་བ་བཞིའི་ཡེ་ཤེས་རིང་དུ་གོམས་པར་བྱས་ཤིང་དེ་ཉིད་རྒྱ་ཆེར་སྤེལ་བའི་ཆོ་གའི་རོལ་པ་ལ་རབ་ཏུ་སྦྱར་བ་ཡིས་གོམས་པ་མཆོག་ལས་འདོད་པའི་དངོས་གྲུབ་འགྲུབ་པར་འགྱུར་བའོ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷའི་ཆ་ལུགས་སུ་
ཡོངས་སུ་ཞུགས་ཤིང༌། སྤོས་དང༌། མེ་ཏོག་ལ་སོགས་པ་མཆོད་པ་དང་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་ནས་ཁྱད་པར་གྱི་དམ་ཚིག་སྒོ་དགུ་ལས་བྱུང་བའི་རྫས་མི་སྤང་བ་དང༌། ཐུན་བཞིར་ཐབས་དང་ཤེས་རབ་ཀྱི་དབང་པོ་གཉིས་མཉམ་པར་སྦྱོར་བ་སྟེ། དེ་ལྟར་ཡང་དཔལ་འདུས་པ་ལས། དུས་བཞིར་ཇི་ལྟར་ཆོ་ག་བཞིན། །རྡོ་རྗེ་མོ་ནི་ཉིན་རེར་སྦྱངས། །ཞེས་པ་ལྟར་རོ། །དེ་ནི་སྤྲོས་བཅས་ཏེ་སྤྲོས་མེད་ལ་ནི་རྒྱན་དང་ཆ་བྱད་དང༌། མཆོད་པའི་ཡོ་བྱད་རྫོགས་པར་མེད་ན་ཅི་རིགས་པས་ཆོག་གོ །ཤིན་ཏུ་སྤྲོས་མེད་ལ་ནི་ཡིད་ཀྱི་ཕྱག་རྒྱ་ཁོ་ན་དང༌། གཉིད་དང་བསམ་གཏན་བསྲེ་བའོ། དེ་ལྟ་བུའི་སྤྱོད་པ་དེས་ནི། སྒྱུ་ལུས་མ་གྲུབ་པ་འགྲུབ་པར་བྱེད། འོད་གསལ་མ་ཐོབ་པར་ཐོབ་པར་བྱེད། ཟུང་འཇུག་འགྲུབ་ནས་ཀྱང་འབྲས་བུ་ལ་མཚམས་སྦྱོར་བར་བྱེད་པའི་ཕྱིར་སྔར་སངས་རྒྱས་པ་རྣམས་ཀྱི་སྐུ་གསུམ་ཇི་ལྟ་བ་དེ་ལྟ་བུའི་མཆོག་སྟེར་བའི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་བའོ། །འདིར་ནག་པོ་པས་བོགས་འབྱིན་དུ་གྱུར་པའི་ཕྱག་རྒྱའི་ལམ་ལས་མི་འགྱུར་བའི་བདེ་བ་སྒྲུབ་ཚུལ་སྤྱིར་བཤད་པས། བྱེ་བྲག་སྤྱོད་པ་སྟོན་པ་ལ་ཡང་མི་འགལ་མོད་ཀྱི། རྒྱན་རྣམས་ཞེས་སོགས་ཀྱི་ཆ་ལུགས་དང་མཆོད་པའི་ཁྱད་པར་ནི་སྤྱོད་པ་ཁོ་ན་ལ་ཆེད་ཆེར་དགོས་པའི་ཕྱིར་ཚིག་རྐང་དང་པོ་གཉིས་མ་གཏོགས་སྤྱོད་པ།
འབྲས་བུ་དང་བཅས་པ་ཉིད་ལ་སྦྱར་བར་བྱའོ། །མན་ངག་གཞན་ལས་ནི། དེའི་ཚེ་ཕྱག་རྒྱའི་གཟུགས་ལ་ལྟ་བའི་བདེ་བ་བསྒོམས་པས་མིག་ཏུ་རྒྱུ་བའི་རླུང་དབུ་མར་འགག་པ་སྟེ། མིག་ཤེས་བདེ་བ་ཆེན་པོར་འགྱུར་བ་སོགས་སྒོ་དགུ་ལས་ནི་གང་བྱུང་བ་ཞེས་པའི་དོན་དང༌། དབང་པོ་གཉིས་ནི་སོགས་རིག་མ་དང་མཉམ་པར་སྦྱར་བས་ནང་གི་བདེ་བ་ཆེན་པོས་རྩ་མདུད་ཞིག་ཅིང་རྩ་ཁམས་རླུང་རྣམས་དག་པར་བྱེད་པའི་དོན་ནོ། །ཞེས་གསུངས་ངོ༌། །བཞི་པ་ནི། རྟག་ཏུ་ལམ་ལ་གུས་པ་དང་ལྡན་པས་བསྒོམས་ན་དངོས་གྲུབ་མྱུར་དུ་ཐོབ་པ་ནི། སྦྱོར་ལམ་བཟོད་པ་མཐར་ཕྱིན་པ་ན་སངས་རྒྱས་སྤྲུལ་སྐུ་རྣམས་ཀྱིས་དབང་བསྐུར་བས་མངོན་པར་བྱང་ཆུབ་པའི་རིམ་པ་འབྱུང་སྟེ། དུས་བཞི་ནི་དགའ་བ་བཞི་དང་སྟོང་པ་བཞི་ཡིན་ལ། དེའྀ་དང་པོ་གསུམ་ནི་སྦྱོར་ལམ་ཆོས་མཆོག་ཡིན་ཞིང༌། བཞི་པ་ནི་མཐོང་ལམ་མོ། དེ་ནས་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་འགྲུབ་པར་འགྱུར་བའི་དོན་དུ་བསྒོམ་ལམ་གྱི་གོམས་པ་མཆོག་ཏུ་བྱའོ། །ཅི་ཞིག་གོམས་པར་བྱེད་ཅེ་ན། ཟུང་འཇུག་གི་སྐུ་རྒྱན་དང་མཆོད་པ་ཡོངས་སུ་རྫོགས་པ་ཐོབ་པ་དེ་ཉིད་ཐུགས་ལྷན་སྐྱེས་ཀྱི་བདེ་བའི་དབང་པོ་དང༌། སྐུ་འཇའ་ལུས་གྱི་དབང་པོ་ངོ་བོ་གཅིག་ཏུ་མཉམ་པར་སྦྱོར་བ་དེ་ཉིད་གོམས་པར་བྱས་པས་སྒོ་དགུ་སྟེ། ས་དང་པོ་ནས་དགུ་པའི་བར་ལ་གང་འབྱུང་བའི་ཏིང་ངེ་འཛིན་དང་ཡོན་ཏན་གྱི་ཁྱད་
པར་རྣམས་ཐོབ་ཅིང་གོམས་པར་བྱེད་དོ། །ཟུང་འཇུག་དེ་ཉིད་ལ་སྐུ་གསུམ་མཆོག་སྟེར་བའི་དངོས་གྲུབ་ཅེས་བྱ་སྟེ། འོད་གསལ་རྟོག་མེད་ཀྱི་ཆོས་སྐུ་དང༌། འཇའ་ལུས་ཟག་མེད་ཀྱི་ལོངས་སྐུ་དང༌། རྗེས་ཐོབ་ཏུ་དཀྱིལ་འཁོར་སྤྲོ་བསྡུ་དང་མཆོད་པས་སྤྲུལ་སྐུ་སྟེར་བར་བྱེད་པས་སོ། །ཡང་དེ་རྣམས་ཉིད་མངོན་བྱང་ཕྱི་མ་ལ་སྦྱར་ན། དཔག་ཚད་བརྒྱའི་སོགས་དང་རྒྱན་རྣམས་སོགས་ཀྱིས་ལོངས་སྐུ་དངོས་བསྟན་ཞིང༌། དབང་པོ་གཉིས་ནི་ཞེས་པ་ཁ་སྦྱོར་གྱི་ཡན་ལག་དང༌། སྒོ་དགུ་ནི་རིགས་ལྔ་ཡུམ་བཞིའི་དཀྱིལ་འཁོར་སྤྲུལ་པ་དང༌། སྐུ་གསུམ་ནི་སྒྲ་ཇི་བཞིན་པ་སྟེ། དེ་དག་ཐོབ་བྱ་ལ་སྦྱར་ནས་ཐོབ་བྱེད་ལམ་ནི་ས་བཅུ་པའི་ཐ་མར་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དབང་བཞི་བསྐུར་བས་དགའ་བ་བཞི་དང་སྟོང་པ་བཞིའི་རང་བཞིན་མངོན་པར་བྱང་ཆུབ་པར་དང་པོ་བཞི་ནི་དུས་བཞི་སོགས་ཀྱིས་བསྟན་ལ། མངོན་བྱང་ལྔ་པ་ནི་འབྲས་བུ་ཉིད་དོ། །དེ་ལྟར་ན། ཇི་ལྟར་སྐུ་གསུམ་མཆོག་སྟེར་བའི་ཞེས་པ་ལ། དོན་བཞིན་བཤད་པ་རྣམས་དྲིལ་བས་སྒྱུ་མ་གསུམ་རྒྱུད་ཀྱི་མན་ངག་ལེགས་པར་ཐོན་པའོ། །བརྒྱད་པ་ནི། བཤད་མ་ཐག་པ་དེ་རྣམས་ཀྱི་འབྲས་བུ་སྟེ། དེ་ཡང་འབྲས་བུའི་གཙོ་བོ་བཤད་པའོ། །དེ་ལ་སངས་རྒྱས་བྱང་ཆུབ་གནས་ཞི་བ། ཞེས་པ་ནི་ཆོས་ཀྱི་སྐུ་སྟེ། སངས་རྒྱས་རྣམས་ཀྱི་
སངས་རྒྱས་པའམ་བྱང་ཆུབ་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སངས་ཤིང་བྱང་ལ་ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱི་སྣང་བ་རྒྱས་ཤིང་ཆུབ་པ་སྟེ། སངས་རྒྱས་དང་བྱང་ཆུབ་གཉིས་སྨོས་པས། དང་པོ་ཇི་ལྟ་བའི་དོན་ལ་སངས་ཤིང་རྒྱས་པ་དང༌། གཉིས་པ་ཇི་སྙེད་པའི་ཆོས་ལ་བྱང་ཞིང་ཆུབ་པའོ། །གནས་ཞེས་བྱ་བ་ནི་བག་ཆགས་རྣམ་པར་དག་པའི་དབྱིངས་དང་རང་བཞིན་ནོ། །ཞི་བ་ཞེས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །དེས་ནི་སེམས་ཀྱི་རང་བཞིན་སྤྲོས་བྲལ་དེས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་སྒྲིབ་མེད་དུ་རྟོགས་པ་ནི་ཆོས་སྐུའོ། །དེ་ཉིད་བླ་ན་མེད་པ་འགྲུབ། ཅེས་པ་ནི་ངོ་བོ་ཉིད་སྐུ་སྟེ། ཆོས་སྐུ་དང་ངོ་བོ་གཅིག་ཀྱང་རྟོགས་བྱེད་ཆོས་སྐུ་དེའི་རྟོགས་བྱའི་ཆ་ནས་བཞག་པའོ། །དེ་ཁོ་ན་ཉིད་ནི་ཆོས་རྣམས་ཀྱི་གནས་ལུགས་དེ་བཞིན་ཉིད་སྟེ་བླ་ན་མེད་པ་ནི་གདོད་ནས་གྲུབ་པའི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པའོ། །འདི་ནི་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ། ཆོས་ཀྱི་སྐུ་ཡང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དོན་དམ་པའོ། །ཡོངས་གྲུབ་དང་དོན་དམ་པར་བཏགས་པ་གཞན་ནི་ལམ་གྱི་བདེན་པ་སྟེ། དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །ཡོངས་གྲུབ་དེ་ནི་འདིར་ཞི་བ་ཞེས་ཡོངས་སུ་སྨོས་པས་རྣམ་པར་འཇིག་པའི་ཚུལ་ཅན་གྱི་མིང་མཐུན་ཕྱོགས་ཡོངས་སུ་ཞི་བས་ན་རྟག་བརྟན་གཡུང་དྲུང་ངོ༌། །དེ་ལྟར་ཡང་ནག་པོ་
པའི་འགྲེལ་པ་ལས། ཞི་བ་ཞེས་བྱ་བ་ནི་རང་བཞིན་ཏེ། རྣམ་པར་མི་འཇིག་པ་རྟག་པའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པས་སོ། །ཞེས་གསུངས་སོ། །འོ་ན་ལང་ཀར་གཤེགས་པ་ལས། བློ་ཡིས་རྣམ་པར་དཔྱད་ན་ནི། །གཞན་དབང་མེད་ཅིང་ཀུན་བཏགས་མེད། །ཡོངས་སུ་གྲུབ་པའི་དངོས་མེད་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་རང་བཞིན་མེད་ཅིང་ཡོངས་གྲུབ་མེད་པར་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ལུང་འདི་ཉིད་ཀྱིས་ཀྱང་ཡོངས་སུ་གྲུབ་པ་ནི་བདེན་ཡོད་དུ་གྲུབ་སྟེ། དེའི་ཀུན་གཞི་ནི། དེ་ཉིད་དུ་རྒྱ་ཆེར་བཤད་པ་མཛད་པའི་རྣམ་ཤེས་ཉིད་ཡིན་ལ། རྣམ་རིག་ནི་གཟུང་འཛིན་གྱི་སྣང་བ་རྣམས་ཡིན་ཞིང༌། རང་བཞིན་ནི་ཀུན་རྫོབ་རྣམས་ཀྱི་རང་བཞིན་བཀག་ཙམ་གྱི་སྟོང་ཉིད་དེ་ཡིན་ལ་དེ་དག་དང༌། ཀུན་བརྟགས་དང་གཞན་དབང་རྣམས་ལ་ཁྱད་པར་མ་སྦྱར་བར་སྤྱི་ལྡོག་ནས་མེད་པར་གསུངས་ཤིང༌། ཡོངས་སུ་གྲུབ་པ་ལ་ནི་དངོས་པོའི་མཚན་ཉིད་མེད་པར་གསུངས་པས། དེ་ཉིད་ཀྱི་ངོ་བོ་ནི་ཡོད་པ་ཁོ་ནར་བསྟན་ནོ། །འོ་ན་དངོས་མེད་ཀྱང་མེད་པར་ཅིའི་ཕྱིར་མི་གསུང་ཞེ་ན། དེ་ནི་ཀུན་བརྟགས་བཀག་པ་ཉིད་ཀྱིས་ཁེགས་
པ་ལ་དགོངས་པའོ། །དེས་ན་བྲམ་ཟེ་ཆེན་པོའི་ཞལ་སྔ་ནས། ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། །ཡང་ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར། །གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ། །གཞན་མེད་བདག་ཉིད་མ་ཡིན་པར། །ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །གཉུག་མ་ཉམས་སུ་མྱོང་པས་ཤེས། ཞེས་དང༌། རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། བདག་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །ཅེས་གསུངས་པ་ལྟར་ཐབས་ཀུན་རྫོབ་ཀྱི་བདེ་བ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ལ། ཡང་ན་བདེ་བ་དེ་ལ་སྐད་ཅིག་མ་དང་རྟག་པ་གཉིས་སུ་དབྱེ། དེའི་རྟག་པ་ནི་ཟབ་པ་ཡང་ཡིན། རྒྱ་ཆེ་བའང་ཡིན། བདག་གཞན་ལ་སོགས་པ་མཚན་མ་ཐམས་ཅད་སྤངས་པ། བཞི་པའི་ཉམས་མྱོང་ལ་བརྟེན་ནས་ཤེས་ཤིང་རྟོགས་པར་འགྱུར་བ་མ་གཏོགས་སྔོན་མེད་གསར་དུ་བྱུང་བ་མ་ཡིན་ཏེ། གཉུག་མ་དངོས་པོའི་གནས་ལུགས་སོ། །ལམ་གྱི་ཤེས་པ་བརྫུན་པས་བསླད་ཅིང་གདུང་བར་མ་བྱེད་ཅིག །རང་ཉིད་ཀྱི་གནས་ཚུལ་བདེ་བར་གནས་པ་ཡིན་ནོ། །ཞེས་པའི་དོན་ནོ། །དེ་ལྟར་ན་ལེའུ་གསུམ་པ་དངོས་ནི་དེ་ཡན་ཆད་ཡིན་ལ་འདི་ལ་ལེའུའི་མཚན་བསྟན་པ་མེད་པའི་ཕྱིར་མཚན་བཤད་པ་མི་དགོས་ཀྱང་བརྗོད་བྱའི་དོན་གྱི་དབང་དུ་བྱས་ཏེ། ཁ་བསྐོང་གི་ལེའུ་ཞེས་བླ་མ་གོང་མ་རྣམས་གསུང་
ངོ༌། །འདི་ལ་ལེའུའི་མཚམས་བཅད་པ་མེད་པས་དོན་བསྡུ་ཕན་ཡོན་དང་བཅས་པ་འདིར་བསྡུས་ཀྱང་མི་འགལ་ལོ། །དེ་ལྟར་ན་རྒྱུད་དོན་མཐའ་དག་ཤེས་བྱ་དང་དངོས་པོའི་གནས་ལུགས་སོགས་བཞིར་བསྡུས་ཀྱང་རུང་ལ། རྒྱུད་གསུམ་དུ་བསྡུས་ཀྱང་རུང༌། གནས་ཐབས་གསུམ་དུ་བསྡུས་ཀྱང་རུང༌། སྔགས་དབྱིབས་ཆོས་གསུམ་དུ་བསྡུས་ཀྱང་རུང༌། ཞེས་བླ་མ་རྣམས་གསུང་པ་ལྟར་གནས་སོ། །ལེའུ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།གསུམ་པ་དོན་བསྡུ་ཕན་ཡོན་དང་བཅས་པ་ལ། །དོན་བསྡུ་དང༌། ཕན་ཡོན་ནོ། །དང་པོ་ནི། འདིར་ཚིགས་བཅད་དུ་གྱུར་པ་ནི། ཞེས་སོགས་ཏེ། ཚིགས་བཅད་ཅེས་པ་ནི་དོན་བསྡུ་ཆེད་དུ་བརྗོད་པས་ངེས་པ་བསྐྱེད་པ་སྟེ། དེ་ལ་གཟུགས་ནི་ལྷའི་སྐུ། ཕྱག་རྒྱ་ནི་རྒྱན་གྱི་ཁྱད་པར་ལ་སོགས་པ་རྣམས་དང༌། མཚན་མ་ནི་ཕྱག་མཚན་དང་ཡི་གེ་དང་སྔགས་རྣམས་སོ། །རྫས་ནི་དམ་ཚིག་གི་རིལ་བུ་ལ་སོགས་པ་རྣམས་དང༌། བསམ་གཏན་ཏེ་གཙོ་བོར་རྫོགས་པའི་རིམ་པ་རྣམས་དང༌། བསྒོམ་པ་ཡི་ཞེས་པ་ནི་མཐར་ཐུག་ཆོས་ཀྱི་རྣལ་འབྱོར་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །ཆོ་གའི་ཐབས་ནི་རྣམ་པ་སྣ་ཚོགས་ཞེས་པ་ལས་དང་དངོས་གྲུབ་ཀྱི་རྟོགས་པ་རྣམས་སོ། །དང་པོ་གསུམ་ནི་དབྱིབས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པ་སྟེ། ཡང་ན་ཕྱག་རྒྱའི་མཚན་མ་ཞེས་གཅིག་ཏུ་བསྡོམས་ནས་ངོ་
བོ་མཚན་མའོ། །དེ་ལྟར་ན་བསྐྱེད་རིམ་དང༌། དམ་རྫས་དང༌། རྫོགས་རིམ་དང༌། སྤྱོད་པ་དང༌། ལས་ཚོགས་ཏེ་དོན་ལྔའོ། །དང་པོ་ལ་སོ་སོར་ཕྱེ་བས་བདུན་ནམ་དྲུག་ཏུ་བསྡུས་ཀྱང་རུང་ལ། དེའི་དམ་རྫས་ཀྱི་ནི་དམ་ཚིག་ཐམས་ཅད་ཀྱང་དོན་གྱི་བསྟན་པ་ཡིན་ནོ་ཞེས་གསུང༌། དེ་ལྟར་དོན་ལྔའམ་བདུན་པ་དེ་དག་ནི། འདོད་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཏེ། ལྷ་མོ་ཞེས་འཁོར་ལོའི་དབང་ཕྱུག་མ་ལ་བོས་ནས་སེམས་ཅན་རྣམས་ཀྱི་འདི་ལ་འདོད་པའི་དོན་རྣམས་མཐའ་དག་སྒྲུབ་པར་བྱ་བའི་ཕྱིར་གསུངས་པའོ། །ཡིད་ལ་འདོད་པའི་དོན་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དང༌། སྐལ་པ་ཇི་ལྟ་བ་བཞིན་དུ་འགྲོ་བའི་དོན་སྤྱོད་པ་ཡིན་པས་དེ་བཞིན་གཤེགས་པ་རྣམས་ཀྱི་འཕྲིན་ལས་བསྟན་པ་ཡིན་ནོ། །ཞེས་གོང་མ་རྣམས་གསུང་ལ། ཡང་ཡིད་ལ་འདོད་པ་ནི་དངོས་གྲུབ་ཡིན་ལ། ཆོ་གའི་ཐབས་སྣ་ཚོགས་ནི་ལས་ཚོགས་ཡིན་ཞིང༌། ཕྱག་རྒྱའི་མཚན་མ་ཞེས་པའི་ཕྱག་རྒྱ་ནི་ལོགས་སུ་མི་བགྲང་བར་གཟུགས་དང་མཚན་མ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་རྣལ་འབྱོར་དུ་བཤད་ནས་བསྡུས་དོན་བདུན་དུ་ནག་པོ་པས་བཤད་ལ། ཡང་ཡིད་ལ་འདོད་པ་ནི། ཆོ་གའི་ཐབས་སྣ་ཚོགས་ཏེ། སྐུ་གསུམ་དང༌། ལས་ཚོགས་དང༌། གཟུགས་ཡོངས་སུ་བརྗེ་བ་དང༌། གྲོང་དུ་འཇུག་པ་དང༌། མི་སྣང་བ་དང༌། དབང་བསྐུར་བ་དང༌། བདུད་རྩི་སྒྲུབ་པ་སྟེ་སྦས་པ་བདུན་ལ་བྱེད་པ་དང་
དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ལས་ཚོགས་ཀྱི་དེ་ཁོ་ན་ཉིད་དང༌། གླུའི་དེ་ཁོ་ན་ཉིད་དང༌། དམ་ཚིག་གི་དེ་ཁོ་ན་ཉིད་དང༌། དམན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་དང༌། གཟུགས་ནས་བསྒོམ་པའི་བར་མང་དུ་གསུངས་ཀྱང༌། འདོད་པའི་དོན་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བདུན་པོ་འདིའོ་ཞེས་པའི་དོན་དུ་འཆད་པ་ཡོད་དེ། ཐམས་ཅད་མི་འགལ་བར་མངོན་ནོ། །མན་ངག་གཞན་ལས་ནི། གཟུགས་ནི་དབྱིབས་ཀྱི་རྣལ་འབྱོར་དང༌། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དང༌། མཚན་མ་ནི་མཚན་བཅས་ཀྱི་རྫོགས་རིམ་དང༌། རྫས་ནི་ལས་ཚོགས་དང་དངོས་གྲུབ་ཀྱི་རྫས་ཐམས་ཅད་དེ། སྨན་དང་སྔགས་དང་འཁོར་ལོ་གསུམ་ཆར་བསྟན་པ་ཡིན་ལ་བསམ་གཏན་ནི་མཚན་མ་མེད་པའི་རྫོགས་རིམ་སྟེ་ལྔ་པོ་མཚན་གཞིར་བཟུང་ནས་དེ་དག་ལ་སོགས་པ་བསྒོམ་ཞིང་ཉམས་སུ་ལེན་པའི་ཆོ་གའི་ཐབས་སྤྲོས་བཅས་དང་སྤྲོས་མེད་སྣ་ཚོགས་པ་རྒྱུད་འདིར་གསུངས་པ་རྣམས་དང་སེམས་ཅན་རྣམས་ཀྱི་འདོད་པའི་དོན་འདིར་གསུངས་པ་དང་མ་གསུངས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་ཐབས་སོ། །དེ་ལ་རྒྱུད་འདིར་མ་གསུངས་པ་ནི་འདིའི་རྣལ་འབྱོར་ལ་བརྟེན་ནས། རྒྱུད་གཞན་ལས་གསུངས་པའི་ལས་ཚོགས་ཐམས་ཅད་སྒྲུབ་ཏུ་རུང་བ་སྟེ། དེ་ཡང་
དཔེར་ན་སྒྱུ་འཕྲུལ་ཆེན་མོའི་བསྙེན་པ་མཐར་ཕྱིན་པས་མདུན་དུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་མདུང་རྩེ་གསུམ་པ་དང་སྦྲུལ་ཞགས་འཛིན་པ་ཁ་དོག་དུད་ཁ་བསྒོམས་ཏེ། མཆོད་གཏོར་སྤྱི་དང་མཐུན་པར་ཕུལ་ནས་ཨོཾ་བཛྲ་ཀྲོ་དྷ་མཧཱ་བཱ་ལ་ཧ་ན་ད་ཧ་ནི་པ་ཙ་བི་དྷྭཾ་ས་ཡ་ཡོ་སཽ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཁྲི་བཟླས་ཤིང་བསྙེན་པ་བྱའོ། །ཕྱི་ནས་ཇི་ལྟར་འདོད་པར་ཆར་དབབ་སྟེ། གྲོག་མཁར་གྱི་ས་དང༌། བའི་རྣམ་ལྔ་ལ་ནོར་རྒྱས་ཀྱི་གཟུགས་བྱ། ཀ་ར་ཝི་རའི་ལྕུག་མས་ཆུ་གཏོར་ཞིང་གུ་གུལ་གྱིས་བདུག །དཀར་གསུམ་གྱི་གཏོར་མ་བྱིན་ལ། སྟོབས་པོ་ཆེ་བསྐུལ་ནས་བཀའ་བསྒོས་ན། ཇི་ལྟར་འགོར་ཡང་ཞག་བདུན་གྱིས་དབབ་པར་འགྱུར་ལ། གལ་ཏེ་མི་འབབ་ན་གཟུགས་དུམ་བུར་གཏུབས་ཏེ་བུམ་པར་བླུག་ལ་ཆུ་བོ་ཆེན་པོར་བསྐུལ་ནས་སྔགས་དྲག་ཏུ་བཟླས་ན། ཐེ་ཚོམ་མེད་པར་ཆར་ཆེན་པོ་འབབ་བར་འགྱུར་རོ། །གཞན་ཡང་རབ་ཏུ་གནས་པ་དང༌། བསྲེགས་བླུགས་དང༌། སའི་ཆོ་ག་དང༌། ཕ་རོལ་གྱི་སྡེ་གཞིག་པ་དང༌། ཞི་བ་དང༌། རྒྱས་པའི་ཁྱད་པར་རྣམ་པ་དུ་མ་རྣམས་དང༌། མིག་སྨན་དང༌། རོ་ལངས་དང༌། རྐང་མགྱོགས་དང༌། གནོད་སྦྱིན་མོ་དང༌། བུམ་པ་བཟང་པོ་ལ་སོགས་པ་ཇི་ལྟར་འདོད་པ་ཐམས་ཅད་བསྒྲུབས་པས་དངོས་གྲུབ་ཀྱི་འབྲས་བུ་ཆེན་པོར་འགྱུར་རོ། །ཞེས་གསུང་ངོ༌། །གཉིས་པ་ནི། གང་གིས་ཁྱིམ་དུ་
སོགས་ཏེ། ཁྱིམ་གང་དུ་རྒྱུད་འདིའི་གླེགས་བམ་ལ་གུས་པས་མཆོད་པས་གནས་པ་དང༌། ཀློག་པ་སྟེ་ཁ་ཏོན་དང་ཐོས་བསམ་བྱེད་པ་དང༌། དོན་བསྒོམས་པར་བྱེད་པ་དེ་དག་དམ་ཚིག་དང་བཅས་པ་ནི་ངེས་པར་དགོས་ཏེ། དེ་ལ་ཕན་ཡོན་གྱི་ཚོགས་འདི་རྣམས་འབྱུང་ངོ༌། །ཅི་ཞིག་ཅེ་ན། ནད་དང་རིམས་ཀྱི་ཚོགས་མི་འབྱུང་བ་དང༌། རྒས་པར་མི་འགྱུར་བ་དང༌། ལྷའི་བུའི་བདུད་ཀྱིས་སེམས་གཡེང་བར་བྱེད་པ་ལ་སོགས་པ་བགེགས་ཀྱི་གནོད་པའི་རིགས་གང་ཡང་མི་འབྱུང་ལ། འཆང་ཞིང་ཀློག་པ་ཙམ་གྱིས་ཀྱང་དུས་མ་ཡིན་པའི་འཆི་བ་བཟློག་ཅིང༌། རྩེ་གཅིག་ཏུ་བསྒོམ་པས་ནི་རྡོ་རྗེའི་ལུས་འགྲུབ་པས་འཆི་བར་མི་འགྱུར་ཏེ། སྒྲུབ་པ་པོ་དེ་རྣམས་ལ་ནི། རྒྱུན་དུ་དུས་ཐམས་ཅད་དུ་རྣལ་འབྱོར་མའི་དབང་ཕྱུག་ལ་འཕགས་མ་ཆེན་མོ་རྣམས་ཀྱིས་བགེགས་བསྲུང་ཞིང༌། ཞི་བ་དང༌། རྒྱས་པ་ལ་སོགས་པའི་ཆོ་ག་བཟང་པོ་མཛད་པར་འགྱུར་བའི་ཕྱིར་རོ། །རྒྱུན་དུ་ཞེས་པ་དང་དུས་ཐམས་ཅད་དུ་ཞེས་སོ་སོར་སྨོས་པ་ནི། རྒྱུན་དུ་ཞེས་པས། བསུང་བ་ལ་སོགས་པའི་ཆོ་ག་བཟང་པོ་ཇི་སྲིད་མཛད་པ་དེ་སྲིད་དུའང་མཉམ་པར་བཞག་པ་དང༌། མ་བཞག་པ་དང༌། གཉིད་ལོག་པ་དང༌། སད་པ་ལ་སོགས་པའི་གནས་སྐབས་གང་དུ་ཡང་བར་སྟོང་ཅུང་ཟད་ཙམ་ཡང་མེད་པའི་དོན་ཡིན་ལ། དུས་ཐམས་ཅད་དུ་ཞེས་པ་སྤྱིའི་དུས་ཀྱི་ཚད་བསྟན་པས། གང་
རྒྱུད་འདི་ལ་ཞུགས་པ་ནས་སངས་རྒྱས་མ་ཐོབ་ཀྱི་བར་མ་འོངས་པའི་དུས་ཐམས་ཅད་ཅེས་པའོ། །དེ་ལྟར་ན། རྒྱུད་འདི་ཚིག་ཉུང་ཡང༌། རྩ་རྒྱུད་བསྡུས་པ་ཡོངས་རྫོགས་ཡིན་པའི་ཕྱིར། བརྗོད་བྱའི་དོན། རྒྱུད་ཆེན་པོ་གཞན་ལས་ཉུང་བ་ནི་མ་ཡིན་ནོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་དགོངས་པ་སོགས་ཏེ། དེ་ལ་རྡོ་རྗེ་རྣལ་འབྱོར་མ་ནི་བཤད་ཟིན་ཏོ། །དེ་རྣམས་ཀྱི་དགོངས་པ་སྟེ་ཇི་ལྟར་རྟོགས་ཤིང་སྐུ་ཉམས་སུ་བསྟར་པའི་དོན་མི་རྟོག་པའི་བདེ་བ་ཆེན་པོས་ཆོས་ཉིད་རྟོགས་པར་བྱེད་པའི་ལམ་ནི་མཆོག་ཏུ་གསང་བ་ཡིན་ལ་གསང་བ་ཆེན་པོ་ནི་འབྲས་བུ་སྐུ་དང་ཡེ་ཤེས་ཏེ། དེའི་ཉེ་བར་སྤྱོད་པ་ཞིང་དང༌། གདུལ་བྱ་དང༌། འཕྲིན་ལས་རྒྱས་པར་བཤད་པ་དང་བཅས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཡོངས་སུ་རྫོགས་སོ། །ཞེས་པ་ལ་རྫོགས་པ་ནི་བཤད་ཟིན་པའི་དོན་དང༌། ས་མཱ་པྟ་ཞེས་པའི་སྒྲ་ལས་དྲངས་ན། སྟོན་པས་དེ་ལྟར་གསུངས་པས་འཁོར་ཀྱིས་ཡང་དག་པར་རྟོགས་སོ། །ཡང་དག་པར་ཐོབ་བོ། །ཞེས་པའི་དོན་ནོ། །དེ་ལྟར་མར་རྔོག་གི་བཤད་སྒྲོས་ཇི་ལྟ་བ་བཞིན་རྫོགས་པར་བཤད་ནས། ཤནྟི་པ་དང༌། ནག་པོ་པའི་འགྲེལ་པ་ལས་ལེགས་ཆ་ཅུང་ཟད་བླངས་ཤིང༌། དཔལ་རྒྱན་པ་དང༌། མི་ཐུབ་ཟླ་བའི་འགྲེལ་པ་ནི་སྔ་མ་རྣམས་ལས་ལེགས་ཁྱད་ཐོན་པ་ཆེར་མི་སྣང་ལ། འཕགས་ཡུལ་གྱི་མན་ངག་ཁྱད་པར་ཅན་མང་པོས་ཀྱང་བརྒྱན་
ཏེ་གཞན་ཡང་འདི་ཉིད་ཀྱི་ཡི་གེ་རྒྱ་བོད་དུ་བྱུང་བ། ཕྱོགས་འདིར་ཇི་ཙམ་ཡོད་པ་ཕལ་ཆེར་གྱི་དོན་ཁོང་དུ་ཆུད་ནས་བརྗོད་ཟིན་ཏོ། །འདིར་སྨྲས་པ། ནག་པོའི་འགྲེལ་པར་སློབ་མ་ལ་བཤད་དང༌། །ཤནྟི་པས་མཛད་ཚོགས་བཤད་བཟང་པོ་དང༌། གྲུབ་པའི་དགོངས་འདུས་མར་པའི་མན་ངག་སྟེ། །སྔགས་སྲོལ་བཤད་པ་བཟང་པོ་གསུམ་ཐོས་ཤིང༌། །ཞི་བའི་ཞབས་ཀྱི་མན་ངག་མཆོག་གིས་བརྒྱན། །རྒྱུད་འདིར་བརྟེན་པའི་རྒྱ་བོད་གཞན་རྣམས་ཀྱི། །ཡེ་གེ་ཕྱོགས་འདིར་ཡོད་པའང་ཕལ་ཆེར་མཐོང༌། །ཀུན་འདུས་ཟབ་ཅིང་རྒྱ་ཆེའི་འགྲེལ་པ་འདིའོ། །མན་ངག་ནི་རྩོད་པའི་ཡུལ་མ་ཡིན་པ་དང༌། ཁྱད་པར་དུ། གསང་སྔགས་སྨྲ་རྣམས་མང་དུ་ནི། །སྦྲོས་ཏེ་སྨྲས་པས་ཅི་ཞིག་བྱ། ཁྱད་པར་དུ་ནི་སེམས་སྒྲུབ་སྟེ། །སེམས་ལས་རྫོགས་པའི་སངས་རྒྱས་འབྱུང༌། །ཞེས་པའི་དོན་ཡིད་ལ་གཞག་ནས་སྤྲོས་ཏེ་མི་བརྗོད་དོ། །ད་ནི་གཞན་ཞིག་དཔྱད་པར་བྱ་སྟེ། འདིར་ཁ་ཅིག་ཚོགས་ལ་བཤད་པའི་སྒྲ་ཙམ་ལ་བརྟེན་པའི་ཚིག་གི་སྦུ་འཕྲེང་ཙམ་སྟེ། མན་ངག་དང་བྲལ་བའི་ཕྱིར་སྙིང་པོ་མེད་པའོ། །ཞེས་སྨྲ་བ་དེ་དག་ནི་རང་གི་དེ་ཉིད་སྟོན་པར་ཟད་དེ། ཚོགས་སློབ་ཀྱི་བཤད་ཚུལ་འདི་གཉིས་ཆར་ཡང་སྟོན་པ་ཉིད་ཀྱིས་གསུངས་པའི་འཆད་ཚུལ་ཡིན་པས་སོ། །ཡིན་ཡང་དེར་འགྱུར་ན་སྟོན་པས་རྒྱུད་དོན་ལོག་པར་བཀྲལ་པར་འགྱུར་རོ། །ཞེས་ཐལ་
བར་འགྱུར་བ་མ་ཡིན་ནམ། མཁས་པས་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་འགྲེལ་པ་བྱས་པ་དེ་དག་ནི། རང་གི་རྣམ་པར་རྟོག་པ་ཙམ་ཡིན་གྱི། ཚོགས་སློབ་ཀྱི་བཤད་པ་གང་ཡང་མ་ཡིན་ནོ། །ཚོགས་ལ་བཤད་པ་དེ་ལ་དོན་དམ་སྟོན་པའང་ཤིན་ཏུ་མང་ཞིང༌། ཀུན་རྫོབ་གཙོ་བོར་སྟོན་པ་ཡིན་ཀྱང༌། ཐར་པ་མཆོག་དོན་གཉེར་ལ་ངེས་པར་དགོས་པ་ཤ་སྟག་སྟེ། སྟོང་པ་ཉིད་དང༌། སྙིང་རྗེ་དང༌། དམ་ཚིག་དང༌། བསྐྱེད་བའི་རིམ་པ་ལ་སོགས་པ་ནི། དེའི་དོན་ཡིན་པས་སོ། །གང་ཚོགས་ལ་བཤད་པའི་དོན་མེད་ན་ནི་གསང་སྔགས་ལོག་པར་སྤྱོད་པའི་གནས་ཀྱང་ཡོད་ལ། ཚོགས་བཤད་དེ་ཡོད་པ་ལ་སློབ་མ་ལ་བཤད་པས་ཉེ་བར་བརྒྱན་པ་ན། མཆོག་སྒྲུབ་པའི་ཐབས་བླ་ན་མེད་པ་རྙེད་པར་འགྱུར་རོ། །ཞེས་རྟོགས་པར་བྱའོ། །\ེགས་བམ་གྱི་མཐར། རྒྱ་གར་གྱི་མཁན་པོ་ཨ་ནཱི་ལ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་བ་ནི་འགྱུར་བྱང་སྟེ། ལོ་ཙཱ་བ་འགོས་ཁུག་པ་ཉིད་ཀྱིས་བསྒྱུར་བ་ལ་ཡང༌། པཎྜི་ཏ་ཛི་ན་ཝརྨ་དང༌། ཤནྟི་བྷ་ཏྲའི་དྲུང་དུ་བསྒྱུར་བའི་འགྱུར་ཁྱད་ཡོད་པ་རེ་ཡང་སྣང་མོད། བརྒྱུད་པ་འདི་ལ་འགྱུར་སྔར་སྨོས་པ་འདི་གཙོ་བོར་མཛད་ཅིང༌། འགོས་འགྱུར་ཕྱི་མ་ཡང་འདི་ཡིན་ལ། འདི་ལ་གློག་སྐྱས་ཅུང་ཟད་བཅོས་པའང་ཡོད་ཅིང༌། ཕྱིས་གཞན་དང་གཞན་གྱིས་བཅོས་པའང་མཐོང་མོད། འགོས་འགྱུར་ཉིད་བྱིངས་
ཆེ་ཞིང་ལེགས་པར་མངོན་ནོ། །རྡོ་རྗེ་དང་མཚུངས་རྡོ་རྗེའི་ཚིག །དབྱེ་བ་དཀའ་བ་འདི་དབྱེ་ལས། །བླ་མེད་གོ་འཕང་བླ་མ་ཡི། །གནས་ལ་འགྲོ་ཀུན་གནས་པར་ཤོག །དཔལ་ལྡན་རྡོ་རྗེ་རོལ་པ་མོས། །གནང་བའི་མཚན་མ་ཐོབ་པ་ན། །བླུན་པོའི་བློས་ཀྱང་འགྲེལ་པ་བྱས། །དེ་ལ་འཕགས་རྣམས་བཟོད་པར་མཛོད། །རྩ་བའི་རྒྱུད་རྒྱལ་ཚིག་ཉུང་དོན་རྒྱས་པ། །ཕྱོགས་འདིར་དེང་སང་ནུབ་ཏུ་ཉེ་མཐོང་ནས། །ལྔལ་ལྡན་འགའ་ཞིག་བློ་གྲོས་རྒྱས་བྱའི་ཕྱིར། །རྒྱས་འགྲེལ་བྱས་པ་འདི་ཡང་དོན་བཅས་ཡིན།། །།ཞེས་པ་དཔལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དྲན་པ་གསོ་བ་དང༌། རྒྱུད་འདི་དོན་དུ་གཉེར་བའི་སྐལ་ལྡན་འགའ་ཞིག་ད་ལྟར་ཡོད་སྲིད་ཅིང་ཕྱིས་འབྱུང་བར་འགྱུར་ན། དེ་དག་ལ་ཤིན་ཏུ་ཕན་པར་མཐོང་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་བཞིར་སོན་པའི་དུས། ས་གའི་ཚེས་བཅོ་ལྔ་ལ། དཔལ་ཇོ་མོ་ནང་དུ་སྦྱར་བའོ། །བཀྲ་ཤིས་དགེ་ལེགས་འཕེལ། མངྒ་ལཾ། །
ཤོག་སྟོང་།