Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

13 occurrences of དོགས་པ་
[Clear Hits]


  
  
  
  
  
 
རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཐབས།
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
 
  
 
  


13 occurrences of དོགས་པ་
[Clear Hits]

 
previousརྡོ་རྗེ་རྣལ་འབྱོར་མའི་བསྙེན་ཐབས།next

རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཐབས།


TNT12_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཐབས་བཞུགས།


TNT12_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་བྱེད་ལུགས་མདོར་བསྡུས་པ་ནི། ཕྱི་མཚམས་བཅད། དེའི་ནུབ་སྔོན་འགྲོ་གཏོར་མ་བཏང༌། དེའི་ནུབ་ནས་སམ་སང་ཐོ་རངས་ནས་གཟུང་ཞག་བདུན་གྱི་བར་ལ་སྐྱབས་འགྲོ་སེམས་བསྐྱེད་དང་ཁྱད་པར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་གཙོ་བོར་བྱ། ཐུན་འཇོག་ཁར། མགོན་པོ་བདག་ནི། ཞེས་པ་ནས། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་དང༌། རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། སོགས་བརྗོད། དེ་ནས་ནང་མཚམས་བཅད། ཐོ་བརྩིགས་ཡང་ན་བུག་སྒོ་བྱ། མར་རམ་མར་དང་བསྲེས་པའི་ཟན་ལ་གཏོར་མ་གཉིས་སམ་གཅིག་བཤམས། ཆང་ཆུ་ནང་མཆོད་ཀྱིས་སྦྱངས། རང་ཁ་བལྟ་སར་གཏོར་མ་དང་མཆོད་བཤམས་ཡོང་བ་བྱས། རྣལ་འབྱོར་མའི་སྐུ་ཞིག་ཡོད་ན་མཆོད་པ་རྒྱས་པར་བཤམས། མེད་ཀྱང་བླ་མ་ཡི་དམ་ཀྱི་སྐུ་གཟུགས་གང་རུང་ལ་མཆོད་པ་རྒྱས་པའམ། མ་གྲུབ་ན་ཉེར་སྤྱོད་ལྔ་གཡོན་སྐོར་ལག་ལེན་ལྟར་དང༌། ཉིན་རེ་བཞིན་མཆོད་པ་གཏོར་མ་ཁ་གསོས།


TNT12_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནང་དུ་དགོས་ངེས་ཀྱི་མི་ཡོད་ན་དམིགས་འོག་ཏུ་བཅུག །དེ་ཕྱིན་དོན་ཇི་ལྟར་གལ་ཆེ་ཡང་མི་འཕྲད། ཆས་ཀ་སྔར་ཡོད་ཕྱིར་མི་གཏོང་ཞིང༌། གསར་པ་རང་ཉིད་ཡོད་སར་མི་ལེན། སྐབས་འདི་དག་ཏུ་སྐྱིད་སྡུག་ལེགས་ཉེས། གཏམ་སྙན་མི་སྙན་སོགས་གང་ལའང་རེ་ དོགས་མེད་ next hit་དང༌། རྒྱུན་དུ་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་སྙམ་པའི་ང་རྒྱལ་དང༌། ཁྱད་པར་སྔགས་འཕྲེང་བསྐོར་རེ་སོང་ནས་རང་ལྷར་མོས་པ་སླར་གསལ་འདེབས་པ་རེ་དང༌། བླ་མ་ལ་མོས་གུས་དུང་པ་དང༌། །སེམས་ལ་སྙིང་རྗེ་དུང་པ་རེ་ངེས་པར་དྲན་པར་བྱའོ། །དེ་ནས་བཟླས་པ་འདི་མ་གྲོལ་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་བཏང༌། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་མི་ལུས་ཐོབ་པ་ཕལ་ཆེར་དོན་མེད་དུ་སོང་བ་ལ། ད་ལྟ་ཡི་དམ་ཀྱི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་སྐལ་པ་བཟང༌། འབད་རྩོལ་དྲག་པོ་ཞིག་བྱ་སྙམ་པའི་ཞེ་བཅད་ཆེན་པོ་བྱ། དེ་ནས་སྔོན་འགྲོ་གཏོར་མ་བཏང༌། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཞེས་པ་ནས། སུམ་བྷ་ལན་གཉིས་བརྗོད་པའི་


TNT12_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། ནང་མཆོད་བྱིན་རླབས་ནི། སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས༌། སྟོང་པའི་ངང་ལས་ཡཾ་ལས་རླུང་ནས། ཧ་ཧོཿཧྲཱིའི་བར་བྱ། གནས་ཡོ་བྱིན་རླབས་ནི་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ལྷ་རྫས་ཞེས་པ་ནས། ཨ་ཁཾ་སྭཱཧཱའི་བར་བྱ། སྐྱབས་འགྲོ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཡུན་ཐུང་ངུ་རེ་དང༌། དེ་རྗེས་བསྐྱེད་རིམ་ལ་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་པ་ནས་འོད་ཟེར་ཚུར་འདུས་རང་ལ་ཐིམ་གྱི་བར་བྱ། དེ་ནས་རང་གི་ལྟེ་བར་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་མདུན་ནས་གཡོན་སྐོར་དུ་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བའི་ཡི་གེ་མགོ་བོ་གྱེན་བསྟན་དང༌། ཁ་དོག་དམར་པོར་བསམ། སྔགས་བཟླ་སྐབས་ལྟེ་བའི་སྔགས་འཁོར་ལ་སེམས་བརྟད་དལ་བུ་བཟླ། ཐུན་འཇོག་ཁར་ཡིད་བཟླས་བྱ། ཉིན་གཅིག་ལ་ཐུན་གཉིས་བྱེད་ན། སྔ་ཐུན་འཇོག་ཁར། སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཁམས་གསུམ་ཞེས་པ་ནས་སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། མཆོད་བསྟོད་ཅུང་ཟད་བྱས་ཀྱང་རུང༌། མ་བྱས་ཀྱང་རུང་ངོ༌། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་མཁའ་སྤྱོད་དག་པ་ནས། གོ་འཕང་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་ནས། ཐུགས་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་པའི་བར་བྱ། དེ་ནས་ངག་འགྲོལ་བ་དང་ཟས་ཀྱི་


TNT12_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སོགས་བྱ། དགོང་ཐུན་ལ་སྐྱབས་འགྲོས་བརྩམས་ཏེ། གཞན་གོང་དང་འདྲ་བ་ལས། གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་རྗེས་སུ་གཏོར་བསྔོ་བྱ། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་ནས། ཆོ་འཕྲུལ་རྣམ་པར་དག་པ་ཡིན་ནོ། །ཞེས་པའི་བར་བྱ། ཡི་གེ་བརྒྱ་པའི་རྗེས་སུ། མ་འབྱོར་པ་དང་སོགས་ཤོ་ལོ་ཀ་གཅིག །བདག་གིས་དུས་གསུམ་སོགས་སྨོན་ལམ་དང་བཀྲ་ཤིས་བྱ། ཉལ་བའི་ཚེ་ལྷ་སྐུ་མི་དམིགས་པའི་ངང་དུ་བསྡུས་ལ། བསམ་མེད་ཀྱི་ངང་དུ་ཉལ། ཐོ་རངས་ནམ་མཁར་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང༌། ཉེ་བའི་སྙིང་པོའི་སྒྲས་བསྐུལ་བས། འོད་གསལ་ལས་ལྡང་སྟེ། སྐད་ཅིག་གི་རྡོ་རྗེ་རྣལ་འབྱོར་མར་བསམས་ནས་ཐུན་ལ་འཇུག་གོ །ཐུན་གྱི་སྐབས་ངག་མ་ཤོར་བར་གལ་ཆེའོ། །རེ་ཞིག་དེ་ཙམ་མོ། །ཞུས་དག །མངྒ་ལཾ།།


TNT12_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེ་རྣལ་འབྱོར་མའི་བསྙེན་ཐབས།next