རྗེ་བཙུན་རྔོན་པའི་གདམས་ངག་གི་དམར་ཁྲིད།
རྗེ་བཙུན་རྔོན་པའི་གདམས་ངག་གི་དམར་ཁྲིད་བཞུགས།
ཨོཾ་སྭཱ་སྟི། སྲིད་པ་གསུམ་གྱིས་ཕྱག་བྱས་པ། །རྗེ་བཙུན་སྒྲོལ་བའི་མགོན་པོ་ནི། །བླ་མ་དམ་པ་ལ་བཏུད་དེ། །མན་ངག་ཡོངས་སུ་བྲི་བར་བྱ། །ཚེ་འདི་ཉིད་ལ་མི་འགྱུར་བའི། །བདེ་ཆེན་འབྲས་རབ་སྩོལ་བྱེད་པ། །གཞན་དུ་བསྟན་བྱ་མ་ཡིན་པས། །འདི་ནི་སྐལ་ལྡན་ཉིད་ལ་འོས། །འདིར་གྲུབ་ཆེན་ཤ་བ་རིའི་ཞལ་གདམས། གྲུབ་ཐོབ་སློབ་དཔོན་རྣལ་འབྱོར་པའི་དབང་ཕྱུག་དཔའ་བོ་ཞེས་བྱ་བའི་གཞུང་ལུགས་རྫོགས་པའི་རིམ་པ་མན་ངག་གསུམ་པ་འདི་ཉམས་སུ་ལེན་ པ་ལ་གཏུམ་མོ་དང༌། དགའ་བ་འཁྱིལ་བ་གང་རུང་རེ་བྱས ་ལ། ཐ་མར་འོད་ཟེར་བསྡུ་བ་དང༌། ཐོག་མར་སྔགས་ཀྱི་ཏིང་འཛིན་གཉིས་སྦྱར་བ་དང༌། གཏུམ་མོ། དགའ་བ་འཁྱིལ་བ། འོད་ཟེར་བསྡུ་བ། རེ་རེས་ཀྱང་ཆོག་པར་བཞེད་པ་དང༌། ཐམས་ཅད་རིམ་ཅན་དུ་བསྒོམས་པས་ལམ་རྫོགས་པར་འདོད་པ་གསུམ་ལས་བདག་གི་རྡོ་རྗེ་སློབ་དཔོན་ཕྱི་མ་འདི་བཞེད་དོ། །སྔགས་ཀྱི་ཏིང་འཛིན་འདི་ཡང་ཐོག་མར་གཞིའི་ཚུལ་ཏུ་སྒོམ་པ་དང༌། རེ་རེ་བཞིན་དུ་ཐོག་མར་རྫོགས་རིམ་སྒོམ་ལ་སྔགས་ཀྱི་ཏིང་འཛིན་གྱིས་བོགས་
ཕྱུང་ནས། ངོ་སྤྲོད་པ་སོགས་ཕྱག་ལེན་དུ་མཛད་དོ། །སྔགས་ཀྱི་ཏིང་ངེ་འཛིན་ལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཞེས་ཀྱང་ཟེར་རོ། །དེ་དག་སྒོམ་པའི་ལག་ལེན་ནི་འདི་ལྟར་ཡིན་ཏེ། དང་པོ་བསགས་སྦྱངས་དང་ལམ་ཐུན་མོང་བས་རྒྱུད་སྦྱངས། དེ་ནས་རང་ཕག་མོར་ལམ་གྱིས་བསྒོམ་པའི་དང་པོར་ཕག་གདོང་གི་སྣ་དང༌། དེ་ནས་མིག་དང༌། གདོང་དང༌། རྣ་བ་འཕྱང་བ་དང༌། མཆེ་བ་དང༌། ཁ་དོག་སྔོན་པོ་དང༌། རྩ་ཞལ་གྱི་ཤངས་དང༌། ཞལ་དང༌། མཆེ་བའི་མྱུ་གུ་དང༌། སྤྱན་གཉིས་དང༌། སྤྱན་དབུས་མ་དང༌། སྙན་དང༌། སྐྲ་མཚམས་དང༌། དབུ་སྐྲ་དང༌། མཁུར་ཚོས་དང༌། འགྲམ་པ་དང༌། མགྲིན་པ་དང༌། ཞལ་རས་བྱིངས་དང༌། ཕྱག་བཞི་ཀ་ལ་རེ་རེ་དང༌། ནུ་མ་རེ་རེ་དང༌། སྐུ་སྟོད་དང༌། སྐེད་སྐབས་ཕྲ་ལྡེམ་དང༌། ལྟེ་བ་དང༌། བྷ་ག་དང༌། རོ་སྨད་དང༌། ཞབས་རེ་རེ་དང༌། སྐུ་མདོག་དམར་སེར་དང༌། རོ་དང༌། ཉི་མ་དང༌། པདྨ་དང༌། བ་སྤུ་གྱེན་ལ་ལྟ་བ་དང༌། དབུ་རྒྱན་དང༌། ཕྱག་རྒྱ་དྲུག་དང༌། མགོ་ཕྲེང་དང༌། མེ་ཏོག་ཕྲེང་དང༌།
མེ་དཔུང་དང༌། ཕྱག་མཚན་རེ་རེ་དང༌། སྐུ་རིལ་པོ་སྟེ་དེ་རྣམས་ལ་ཞག་རེ་རེ་སྦྱང་ངོ༌། །རྗེ་བཙུན་མའི་ང་རྒྱལ་ལ་ཞག་བཅོ་ལྔ་བསླབ། ང་རྒྱལ་དང་གསལ་སྣང་གཉིས་ཀ་སྦྲགས་ནས་ཞག་བདུན་ནམ་ཟླ་བ་གཅིག་ཙམ་བསླབ་བོ། །དེ་ནས་རྗེ་བཙུན་མའི་བྲིས་སྐུ་དང༌། མཆོད་ཡུལ་རྣལ་འབྱོར་མར་སྒོམ་པ་དང༌། གནས་ཁང་དང༌། བླ་མ་སོགས་དང༌། ཕ་མ་དང་གནོད་བྱེད་དང༌། ཆགས་ཡུལ་དང༌། སྙིང་དུ་མི་སྡུག་པ་རྣམས་སེམས་ཅན་ཐམས་ཅད་དང༌། སྣོད་ཐམས་ཅད་ལ་ཞག་གསུམ་གསུམ་མམ་རེ་རེ་བསླབ། དེ་ནས་རེ་ཞིག་རྡོ་རྗེ་སེམས་དཔའི་ཏིང་འཛིན་སྒོམ་སྟེ། རང་གི་སེམས་ཀྱི་ངོ་བོ་ལ་ཆེ་རེ་ལྟ་ཞིང་གྲིམ་གྱི་བསྒྲིམས་པའི་འདུན་པ་ཙམ་མ་གཏོགས་ཅི་ཡང་མི་སེམས་པར་བཞག །རྣམ་རྟོག་ཐོལ་སྐྱེས་ན་འཕྲོ་བཅད་ནས་སེམས་རིག་གེ་བ་འདི་ལ་ཆེར་རེ་བལྟ་བ་རེ་བྱས་ནས་བཞག་གོ །གལ་ཏེ་འདི་གལ་ཆེ་བས་དོན་འདི་ལ་མནོ་བསམ་བྱེད་དགོས་སྙམ་པ་བྱུང་ན་བདུད་ཡིན། དེ་མ་ཐག་གཞོམ་དགོས་གསུང༌། གང་ལའང་ཐུག་ཕྲད་དུ་གཏད་མེད་ཡང་ཡུད་དུ་བྱ། རྣམ་རྟོག་ཤས་ཆེ་ཞིང་ད་དུང་འཛིན་པ་དམ་ན་རིག་པས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ཅིང༌། ཕབ་པ་རེ་རེའང་མཐར་དམིགས་མེད་སྔ་མ་ལྟ་བུས་ཟིན་པར་བྱས་ནས་སྒོམ། དེ་ལ་ཟླ་བ་ཙམ་བྱ་གསུང༌། ༡ དེ་ནས་རེ་ཞིག་རྫོགས་རིམ་སྒོམས་ལ་ཕྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་དུག་དབྱུང་ངོ༌། །རང་གི་ལྟེ་བར་ཆོས་འབྱུང་དམར་པོ་སོར་གསུམ་པ་དེའི་ནང་ལ་དབུ་མ་ཟུག་པའི་ནང་དུ། གཏུམ་མོ་སོར་གང་
ཙམ་དབུས་སུ་བཾ་དང་བཅས་པ་སྒོམ་ནས་རླུང་ཁ་སྦྱར་ཁྱད་པར་བཤང་ལམ་བསྡམས་པས་ཐུར་སེལ་དྲངས། ཆོས་འབྱུང་གཡོན་སྐོར་དུ་འཁོར་བ། ཤིན་ཏུ་དྲག་པ་ལ་སེམས་བཟུང༌། ༢ བཾ་ལས་མེ་རླུང་ཤུགས་དྲག་དབུ་མ་ནས་བྱུང་སྣ་སྒོ་ནས་ཐོན་སོར་བཅུ་གཉིས་ཀྱི་བར་སྣང་ལ་དགའ་འཁྱིལ་ཡོད་པ་ལ་ཕོག་པས་གཡོན་སྐོར་དུ་དྲག་ཏུ་འཁོར་བ་སྒོམ། རླུང་སྦྱོར་བ་འཇམ་པོས་བུམ་ཅན་བྱ་གསུང༌། ༣ དེ་ནས་སོར་བརྒྱད་ཙམ་དང༌། སོར་བཞི་ཙམ་དང༌། ༤ སྣ་རྩེ་ལ་རག་ཙམ་དང༌། སྣ་རྩེའི་ནང་དུ་འཁོར་བ། ༦ རྣམས་ལ་ཞག་དྲུག་དྲུག་གོ །ཡང་སྣ་ནང་དུ་འཁོར་བ་འདི་གེགས་ཆུང་ལ་ཕན་ཡོན་ཆེ་བས་ཟླ་བ་ཙམ་བྱས་ན་ཡང་ལེགས། དེ་ནས་གཏུམ་མོ་དངོས་ནི། དབུ་མའི་ནང་གི་ལྟེ་བར་ཆོས་འབྱུང་སོར་ཕྱེད་པ་གཏུམ་མོ་སྐྲ་རྩེ་ལྟར་ཕྲ་བ་སོར་གང་སྒོམ། །འདི་མན་ངག་ནི་ལྟེ་འོག་སོར་བཞིར་བྱེད་གསུང༌། དེ་ལྟར་ན་ཉིན་རེ་བཞིན་ནམ། དེ་ཙམ་མ་ལྕོགས་ན་ཐུན་རེ་རེ་ལ་མེ་སོར་རེ་རེ་རིང་དུ་སྤར་རོ། །རྩ་ཐམས་ཅད་གསལ་སལ་མཐོང་བ་དང༌། འཁོར་ལོ་རེ་རེའི་བར་བཀག་ཕུག་པ་ན་དེ་ལས་རྒྱུད་པའི་རྩ་ཐམས་ཅད་མེས་གང་བར་སྒོམ། དེ་ལྟར་སོར་ལྔ་བཅུས་སྤྱི་བོའི་ཧཾ་ལ་རེག་ཅིང་ཕུག་པར་སྒོམ། དེ་དག་ཏུ་རླུང་སྟོད་དུ་འཚངས་ན། འོག་རླུང་ལྟེ་བ་མན་ཆད་དུ་བསྡམས། དེ་ལ་སྟེང་རླུང་ཡང་ཡང་བརྡེག་པ་ནང་གི་གཏུན་ཤིང་དང༌། བརླ་ཁུལ་ནས་བརྒྱུད་ལག་པ་གཏན་ལ་བཙུགས་ནས་ལུས་འདེགས་ཤིང་བརྡབས་པ་ཕྱིའི་གཏུན་
ཤིང་སྟེ། སྨད་ཀྱི་བ་སྤུ་ནས་དུ་བ་ལྟ་བུའི་རླུང་མཐོན་པའམ། བཤང་སྒོ་དང་གསང་བ་དང་གང་ན་ས་ནས་མངོན་པ་སོགས་ཅི་རིགས་པ་ཡོད་དོ། །ཡང་བརླ་སྟེང་དུ་རྐང་པ་གཅིག་ཤོས་བཞག་ནས་དལ་བུས་ལྡང་ཡང་བསྡད། ཡང་ལྡང་བ་ལན་གསུམ་བྱས་ཏེ། མཐར་ལུས་ཐམས་ཅད་ལ་ཕུར་མཉེ་བྱ། དེ་ནས་གཡས་གཡོན་དུ་ཕར་འགྱེལ་ཚུར་འགྱེལ་བྱ་བ་ལྗོན་པའི་འཁྲུལ་འཁོར་ཞེས་སོ། །ཡང་ཕྱག་རྒྱའི་མཁའམ་རང་གི་ལག་གིས་རྡོ་རྗེ་དབབ་པ་ནི། འདིའི་བོགས་འདོན་དང༌། གཏུམ་མོ་ཤིན་ཏུ་གོམས་པའི་གེགས་སེལ་ཡང་ཡིན་གྱི་ད་ལྟ་མི་མཁོ་ཞིང༌། འཕྲལ་དུ་གནོད་པ་ཡོད། དེ་ཡང་འོད་ཀྱི་འཁོར་ལོ་དཔག་ཚད་ཙམ་མགོ་བོ་ལ་བསྐོར་ཞིང་སྟེང་དུ་འགྲོ་བ་དང༌། གློག་གི་དབྱུག་པ་མཐོང་བ་དང༌། བརྒྱལ་ཤིང་སྤྱི་བོར་ཕུག་པ་ལ། རྩོལ་བ་ཀློང་ནས་སྦྱོར་བ་དེས་གེགས་སེལ་བར་སྣང་གསུང༌། དེ་ནས་ཧཾ་ལས་བྱང་སེམས་ཀྱང་ཐུན་རེ་ལ་སོར་གང་ཙམ་རེ་འབེབས་ཤིང་བ་ཐག་ལྟ་བུ་དབུ་མ་ནས་འཇུག་ཅིང༌། གཞན་རྩ་ཐམས་ཅད་གང་བར་བསམ་སྟེ། འཁོར་ལོ་བཞི་སོ་སོར་ཕྱིན་པ་ན་དགའ་བ་བཞི་སྐྱེ་ཞིང༌། གལ་ཏེ་མ་སྐྱེས་ན་མྱོང་བ་དྲན་ནས་མོས་པ་བྱ། འདི་ལ་དང་པོར་མུན་ནག་ཏུ་འདུག་ལ་རྟགས་སྣང་དམིགས་ཀྱི་བར་དུ་ལྟེ་འོག་ཏུ་སྒོམ། རྟགས་སྣང་ལྔ་པ་དམིགས་ནས་མེ་སྤོར་ལུགས་སྔ་མ་ལྟར་བྱེད་པ་དང༌། རྟགས་སྣང་དམིགས་རུང་མ་དམིགས་རུང་དེ་ཡན་ཆད་དེ་ལྟར་བྱས་ནས། དེ་ནས་རླུང་ཐེངས་རེ་ལ་ལྟེ་རླུང་ལྟེ་ལ་འོག་རླུང་ལ་
བརྡབས་པས། ཡར་ཐབས་སུ་དབུ་མར་ཞུགས་ནས་མེ་ཡུད་ཀྱི་སྤར། བྱང་སེམས་ཡུད་ཀྱི་ཞུ། ལྟེ་བའི་གཏུམ་མོ་དང་འདྲེས་པའི་བདེ་བ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་གོམས་པས་རྟགས་ལྔ་དང་འགོག་པའི་རྡོ་རྗེ་འབྱུང༌། ཡོན་ཏན་བརྒྱད་ཚན་གཉིས་འཐོབ་སྟེ། སྤྱོད་པས་བོགས་ཕྱུང་བས་ཚེ་འདི་ཉིད་ལ་སངས་རྒྱས་ཞེས་བྱ་བ་ཡིན་གསུང༌། མེ་དམིགས་ཀྱི་གཏུམ་མོའི་རིམ་པའོ། །ད་ནི་འདི་ལས་ཀྱི་གཏུམ་མོ་ཡིན་གསུང་སྟེ་གཙོ་བོར་ནི་ཡིན་ལ། མཐའ་གཅིག་ཏུ་མ་ཡིན་ཏེ། རྣལ་འབྱོར་གྱི་གཏུམ་མོ་ཡང་ཡོད་པས་སོ། །དེ་ལ་རིམ་པ་འདི་ལ་གསུམ། རང་བཞིན་གྱི་གཏུམ་མོ། རྣལ་འབྱོར་གྱི་གཏུམ་མོ། ལས་ཀྱི་གཏུམ་མོ་གསུམ་ལས། དང་པོ་ནི་སྔར་གྱི་གཏུམ་མོ་དང་རིམ་པ་འདིའི་གཏུམ་མོ་ཕྱི་མ་གཉིས་དང༌། འོད་ཟེར་བསྡུ་བ་རྣམས་ལ་ཤིན་ཏུ་གོམས་པས་གཡས་གཡོན་དང་སྲོག་ཐུར་འདྲེས་པ་བརྟན་པོར་སོང༌། དེ་ནས་ཁམས་འོད་གསལ་དུ་ཐིམ་པས་རླུང་སེམས་ཙམ་གྱི་དཀྱིལ་འཁོར་གྲུབ་ནས་དེའི་ཕྱག་རྒྱ་དང༌། སྙོམ་པར་ཞུགས་གཏུམ་མོ་སྦར་བས་ཐོབ་པའི་ལྷན་སྐྱེས་ཀྱི་བདེ་བ་ལུགས་འབྱུང་ལུགས་ལྡོག་བརྟན་པར་བྱས་པས། ཐ་མལ་པས་ལུས་ཟད་ནས་རྡོ་རྗེའི་སྐུར་འགྱུར་རོ། །ལས་ཀྱི་གཏུམ་མོ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ལམ་ཡིན་ཏེ། འདི་སྐབས་ཐ་མལ་གྱི་ཕྱག་རྒྱའི་མཚན་ཉིད། ཁྱད་པར་གྱི་ཕྱག་རྒྱའི་བརྟགས་ཐབས། གནོད་སྦྱིན་མོ་སོགས་བསྒྲུབས་པ། ཕྱག་རྒྱ་དགུག་པ། སྦྱོར་ཐབས་སྒོམ་ཚུལ། གནད་བཞི་དང་
ཐོར་བུ་བའི་ཞལ་གདམས་ཀྱང་མང་དུ་ཡོད་པར་སྣང༌། ཅི་རིགས་ནི་བཀའ་དྲིན་དུའང་ཐོབ་མོད། རྣམ་རྟོག་ཤས་ཆེ་བ་འགའ་ཞིག་གི་དབང་ལས། ཁ་ཅིག་མ་ནོད་པ་ཡང་ཡོད་པས་མ་སྤྲོས་སོ། །རྣལ་འབྱོར་གྱི་གཏུམ་མོ་ལ་བརྟེན་པ་ནི་འདི་ཡིན་སྟེ་རང་ཧེ་རུ་ཀ་དང་ཡེ་ཤེས་ཀྱི་རིག་མའི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམ་པར་ཞུགས་པའི་རྐྱེན་གྱིས་རྡོ་རྗེའི་གཏུམ་མོ་སྦར་བའམ། རང་རྣལ་འབྱོར་མར་སྒོམ་ནས་རླུང་གཉིས་རྩེ་སྤྲད་པས་གསང་བའི་གཏུམ་མོ་སྦར་བར་སྒོམ་པ་གདམས་ངག་ཡིན་ཅིང་གང་ལྟར་གསང་བ་ནས་ཐིག་ལེ་དམར་པོ་ལས་མེ་ཁྱུག་གིས་སོང༌། ཁུ་བའི་རྩ་ནས་ཞུགས། ལྟེ་བའི་གཏུམ་མོ་དང་འདྲེས། དབུ་མའི་ལམ་ནས་སོང༌། བ་སྤུ་ནས་མེའི་ཟེར་ཕྱིར་སྤྲོས་ལྷ་དང་ལྷ་མིན་སོགས་ཐམས་ཅད་བསྲེགས། མེ་ལྕེ་སྤྱི་བོའི་ཐིག་ལེ་ལ་རེག་རེག་འདུག །རྩ་ནང་གི་བྱང་སེམས་ཐམས་ཅད་ཞུ། སྤྱི་བོའི་རྩ་རྒྱུད་ཀྱི་བྱང་སེམས་ཐམས་ཅད་ཧཾ་ལས་བརྒྱུད་ནས་བབས། དེ་བཞིན་དུ་འཁོར་ལོ་བཞི་ཀར་སོང་ནས་གོང་མ་རྣམས་འོག་མ་དང་འདྲེས། ལྟེ་བ་ཡན་ཆད་དུ་བརྟན་པར་བྱས། དྭངས་མའི་དྭངས་མ་ཡུངས་འབྲུ་ཙམ་དཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་དགའ་བ་འཁྱིལ་བའི་རྣམ་པ་ནོར་བུའི་ནང་གི་རྩེའམ། བྱ་གདོང་གི་རྩེ་མོར་ཁོར་ཁོར་འཁོར་བས། བདེ་བ་བཟོད་དཀའ་བ་ཆིལ་ཆིལ་བ་ལ་སེམས་བཟུང༌། ཡང་དེ་ལས་ལྷན་སྐྱེས་འདྲེན་ཅིང༌། དེ་ཤིན་ཏུ་བརྟན་ན་དང་པོར་ནོར་བུར་ཕུབ། དེ་ཡར་དྲངས་ཏེ་རིམ་གྱི་སོར་རེ་རེ་སྟེང་དེ། མཐར་སྤྱི་བོར་འཁོར་བ་ལ་སེམས་གཏད་པས་མས་བརྟན་གྱི་
ལྷན་སྐྱེས་འཆར་བ་ཡིན། དེ་ཡང་བརྟན་ན་འོད་ཟེར་བསྡུ་བ་སྒོམས་པས་འོད་གསལ་དངོས་ལ་འཇུག་པར་འགྱུར། དེ་ཡན་ཆད་དུ་མཚན་མོའི་ཉམས་ལེན་ཇི་ལྟར་བྱ་བ་ནི་དང་པོར་གཏུམ་མོ་སྒོམ་པའི་སྐབས་ཐིག་ལེ་ལྟེ་བར་ཕྱིན་པ་ཡན་ཆད་དུ་ཆེད་གཉེར་མི་བྱེད། དེ་ནས་ལྟེ་བའི་ཐིག་ལེ་འདྲེས་པའི་བདེ་བ་ལ་སེམས་བཟུང་བའི་ངང་ནས་གཉིད་ལོགདེས་གཉིད་མཐུག་པོ་བདེ་བར་ཆུད་གསུང༌། དེ་མན་ཆད་དུ་ཉིན་མོ་གང་ལ་གོམས་པའི་རྒྱུན་དེ་ཉིད་ལ་འཕེན་པ་ཤུགས་ཆེར་བཅུག་སྟེ་གཉིད་དུས་སུ་འཁྱེར། གལ་ཏེ་རྨི་ལམ་བཟུང་འདོད་ན་མེ་དམིགས་ཀྱི་མེ་དང༌། དགའ་བ་འཁྱིལ་བའི་ཐིག་ལེ་མགྲིན་པར་སྒོམ་ལ་རྨི་ལམ་ཡིན་སྙམས་དུ་བྱས་པས་ཟིན་འོང༌། དེ་ནས་གཉིད་དུས་སུ་ལྷར་བསྒོམ་སྙམ་པའི་འདུན་པ་དང་དམིགས་པ་སྦྱོང༌། དེ་ནས་གཉིད་ཀྱི་སྐབས་སུ་རྨི་ལམ་ཟིན། ཉིན་མོའི་དམིགས་པ་དྲན་ནས་ཐམས་ཅད་ལྷ་སྐུར་འབྱོངས་ཤིང༌། དེར་གཏུམ་མོ་དང༌། འོད་ཟེར་བསྡུ་བ་དགའ་བ་འཁྱིལ་བ་གང་སྒོམ་པས་ཀྱང་རྨི་ལམ་གྱི་ལྷ་སྐུར་སླར་ཡང་འོད་གསལ་དུ་འཇུག །དེ་ལྟར་ན་གཉིད་ཐུན་གཅིག་གི་ནང་དུ་ཡང་ལྡང་འཇུག་ཡང་ཡང་ནུས་གསུང༌། འོད་ཟེར་བསྡུ་བ་ཐོག་མའི་སྐབས་སུ་སྒོམ་ན་ཡང༌། དེ་དག་དང་འདྲ་ལ། དང་པོར་གཞན་ལ་གོམས་ནས་དེ་ནས་ལམ་རེ་མཐོར་སོང་བའི་སྐབས་ནི་འཕེན་པ་བཏང་ནས་སྟོང་པར་བསྡུས་པའི་ངང་ལ་རིང་དུ་འཇོག །དེར་སེམས་མི་གནས་ན་སྐད་ཅིག་གིས་ལྷར་བསྐྱེད་ལ་ཡང་ཡང་སྦྱང་ངོ༌། །གཉིད་དུ་འགྲོ་ཁར་ཡང་དེ་
བཞིན་དུ་བྱའོ། །དགའ་བ་འཁྱིལ་བ་འཁོར་དང་བཅས་པའོ། །འདི་ནི་རྗེས་ཞིག་གི་རིམ་པ་ཡིན་ཏེ། དབུ་མའི་ནང་གི་ལྟེ་སྙིང་གང་རུང་དུ་ཀྵུཾ་ལྗང་ཁུ་སྒོམ། དེ་ལས་སྣ་གཡས་ནས་འོད་འཕྲོས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། དེ་དག་ཐམས་ཅད་སྣ་བུ་གཡོན་ནས་ཞུགས་ཀྵུཾ་ལ་ཐིམ་པས་ཐིག་ལེ་སྲན་མ་ཙམ་བཾ་ཡིག་དང་བཅས་པའམ། ནཱ་དས་མཚོན་པར་གྱུར། དེའི་འོད་ཀྱིས་ལུས་ཀྱང་ནང་གི་རླུང་འོད་ཟེར་གྱི་ཚུལ་དུ་བསྡུས། ཐིག་ལེ་ལ་ཐིམ། སྐུ་ཡང་ཡལ། བཾ་དང་ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས་སྟོང་པ་ལ་རིང་དུ་བཞག །དེ་ནས་ཡང་ལྷར་ལྡང༌། དེའི་མཚོན་པའི་སྣང་བ་གང་སྣང་ཡང་ལྷར་སྒོམ་པ་ནི་འོད་ཟེར་བསྡུ་བ་ཞེས་བྱ་སྟེ་ལྡང་འཇུག་འདི་ཡང་ཡང་སྒོམ་མོ། །འདིར་ཉམས་ཀྱི་ཁྲིད་པ་ཅི་རིགས་པ་ལ། འོད་ཟེར་བསྡུ་བའི་ཚན་བདུན་པོ་རེ་རེ་ལ་ཞག་དྲུག་དྲུག་བྱ། དེ་རྣམས་སོང་བའི་རྗེས་སུ་སླར་ལམ་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་སྒོམ་དགོས་སོ། །དེ་དག་ཏུ་ཉམས་ཅི་རིགས་པ་སྐྱེས་ན། དུག་དང་བྲལ་བ་སྟེ། དེ་ཉིད་སེམས་དང་གཅིག་གམ་ཐ་དད་ཉམས་སྣ་ཚོགས་དང༌། ཁྱད་པར་བདེ་བ་ནམ་ཤར་དུས་དེ་ཉིད་ཡང་ཡང་བཙལ། གཞན་ཡང་དེའི་ཚེ་སྐྱོ་བ་དང་དགའ་བ་ཉོན་མོངས་ཅི་སྐྱེས་ཐམས་ཅད་ལེགས་པར་བཙལ། མཐར་གང་དུ་ཡང་མ་གྲུབ་པའི་ངོ་བོ་ལ་འཇོག་ཚུལ། བདེ་བའི་རྩལ་དང༌། རིག་པའི་འཆར་སྒོ་མ་འགགས་པ་དེ་ཉིད་རྟག་ཏུ་བསྐྱངས་ཤིང༌། ཕྱོགས་མེད་དུ་སྦྱོང༌། གང་སྣང་ཐམས་ཅད་དེ་ལྟར་ངོ་འཕྲོད་པར་བྱའོ། །གཏུམ་མོའི་མེ་ནང་དང༌། དགའ་བ་འཁྱིལ་བའི་ཐིག་ལེའི་ནང་དང༌།
ཀྵུཾ་གི་ཐིག་ལེའི་ནང་དུ་ལྷ་སྐུ་ཐིག་ལེ་སོགས་སྐྱེད་ཆོག་ཇི་ལྟ་བར་སྒོམ། ཡང་དེའི་ནང་དུ་གཏུམ་མོ་དང༌། ལྷ་སྐུ་ལ་སོགས་པ་ཐུག་མེད་དུ་སྒོམ་སྟེ། བསྐྱེད་རིམ་དང་རྫོགས་རིམ་ཕན་ཚུན་རྒྱས་འདེབས་པ་ཡིན་གསུང་སྟེ། ཕྱོགས་འདྲ་བ་ཡིན་ནོ། །གོ་དོན་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །རྔོན་པའི་གདམས་ངག་གི་དམར་ཁྲིད་ལག་ལེན་རྫོགས་སོ།། །།བདེ་བའི་འཇུག་ངོགས་རྨད་དུ་བྱུང༌། །ཤིན་ཏུ་མྱུར་བའི་མན་ངག་ནི། །ཚེ་འདིར་བྱང་ཆུབ་འགྲུབ་ངེས་པས། །ཐོབ་པ་འདི་ལ་དགའ་བར་བྱོས། །དེ་སྐད་ཀྱང་གསུང་ངོ༌། །ཞེས་པ་འདི་ཡང་འགྲོ་བའི་འདྲེན་པ་དམ་པ་རྗེ་བཙུན་དཔལ་སྟག་ལུང་ཐང་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བླ་མ་དམ་པ་ཀུན་དགའ་བཀྲ་ཤིས་ཀྱི་བཀའ་སྩལ་སྤྱི་བོས་ནོད་དེ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལ་བྲིས། །ཞུ་དག། མངྒ་ལཾ་ཤུབྷ་ཝསྟུ།།
ཤོག་སྟོང་།