དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་བ།
དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་བ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭཱ་སྟི། སེམས་ཀྱི་རྡོ་རྗེར་བཞག་ཀྱང་མི་གཡོ་བ། །གཟུང་འཛིན་དྲི་ལན་མར་བཅས་རྡོ་རྗེ་བཞི། །སྒྱུ་མས་རྨོངས་གང་དབང་བཞིའི་ཆུ་ཐིགས་ཀྱིས། །རྣམ་པར་གསོ་མཛད་དཔའ་བོ་གང་དེས་སྲུངས། །དེ་ལ་སློབ་དཔོན་དམ་ཚིག་དང་ལྡན་ཞིང་བསྙེན་པ་ཡོངས་སུ་དག་པས། སློབ་མ་རྗེས་སུ་བཟུང་བར་འདོད་ན་དེའི་བྱ་བ་ནི་འདི་ལྟར་ངེས་པར་བྱ་སྟེ། སའི་ཆོ་ག་དང༌། སྟ་གོན་དུ་གནས་པ་དང༌། ཐིག་ཚོན་གྱི་བྱ་བ་དང༌། དཀྱིལ་འཁོར་མངོན་པར་སྒྲུབ་པ་དང༌། དམ་ཚིག་གི་གཏོར་མ་འབུལ་བ་དང༌། བདག་ཉིད་འཇུག་ཅིང་དབང་བླངས་པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་དང༌། རྗེས་ཀྱི་བྱ་བའི་རིམ་པ་རྣམས་སོ། །དེ་ལྟར་བརྒྱད་ལས་དང་པོ་ནི། དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་ཤེས་པར་བྱའོ། །གཉིས་པ་ནི། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་སྤྱི་དང་འདྲ། དེ་རྗེས་བདག་བསྐྱེད་
བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་འབྲི་བའི་སར་ས་ལྷའི་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམ། བསངས་སྦྱངས། སྟོང་པའི་ངང་ལས་རུས་སྦལ་གྱི་སྟེང་དུ། པད་ཟླའི་གདན་ལ་པཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན། ཕྱག་གཡོན་པས་གསེར་གྱི་བུམ་པ་ཐུགས་ཀར་འཛིན་པ། གཡས་པ་རང་གི་དཔུང་པའི་རྩ་བར་ཐལ་མོ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ ཨོཾ་པྲི་ཐི་ཝཱི་པུཥྤེ་པྲ་ཏཱིཙྪ་བཾ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་
ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་ནས་དཀྱིལ་འཁོར་བྲི་བར་བྱ། །གཏུམ་ཆེན་དྲག་པོ་མཆོད་པ་ཡི། །སྣ་ཚོགས་རིན་ཆེན་འཛིན་པའི་ས། །ལྷ་མོ་ཁྱོད་ནི་དབང་གྱུར་གྱི། །རྡོ་རྗེ་འཛིན་བདག་དཀྱིལ་འཁོར་འབྲི། ཞེས་ལན་གསུམ་གསོལ་བ་བཏབ། དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཛཿཧཱུཾ་བཾ་ཧོཿ སའི་ཕྱོགས་གཅིག་ཏུ་བཞུགས་པར་གྱུར། ནོར་འཛིན་མ་ལྷག་པར་གནས་པའོ། །དཀྱིལ་འཁོར་གྱི་གནས་ཐམས་ཅད་དྲི་བཟང་གིས་བྱུགས་ཏེ། ལྷ་གནས་དགུར་ཐིག་ལེའི་ཟླུམ་པོ་ཚོམ་བུར་བཅས་པ་དགོད། མཐའ་མཆོད་གཏོར་གྱིས་བསྐོར་རོ། །བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། ཞེས་པ་ནས། པདྨ་འདབ་བརྒྱད་པ། ཞེས་པའི་བར་བདག་བསྐྱེད་བཞིན་བསྐྱེད། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཧཱུཾ་ཡིག་རྣམས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་སྐུ་མདོག་མཐིང་ཀ་ཨིནྜ་ནི་ལ་ཞེས་པ་ནས། ངོ་བོར་དག་པའོ། །ཞེས་པའི་བར་མངོན་རྟོགས་བཞིན། ཤར་དུ་མི་གཡོ་བ་དཀར་པོ་འཁོར་ལོས་མཚན་པའི་རལ་གྲི་འཛིན་པ། ལྷོ་རུ་མི་གཡོ་བ་སེར་པོ་རིན་པོ་ཆེས་མཚན་པའི་རལ་གྲི་འཛིན་པ། ནུབ་ཏུ་མི་གཡོ་བ་དམར་པོ་པདྨས་མཚན་པའི་རལ་གྲི་འཛིན་པ། བྱང་དུ་མི་གཡོ་བ་ལྗང་ཁུ་སྣ་ཚོགས་ཨུཏྤ་ལས་མཚན་པའི་རལ་གྲི་འཛིན་པ། ཤར་ལྷོར་གཏི་མུག་རྡོ་རྗེ་མ་དཀར་མོ་འཁོར་
ལོས་མཚན་པའི་གྲི་གུག་འཛིན་པ། ལྷོ་ནུབ་ཏུ་ཕྲ་མ་རྡོ་རྗེ་མ་སེར་མོ་རིན་པོ་ཆེས་མཚན་པའི་གྲི་གུག་འཛིན་པ། ནུབ་བྱང་དུ་འདོད་ཆགས་རྡོ་རྗེ་མ་དམར་མོ་པདྨས་མཚན་པའི་གྲི་གུག་འཛིན་པ། བྱང་ཤར་དུ་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ་ཨུཏྤ་ལས་མཚན་པའི་གྲི་གུག་འཛིན་པ། ཁྲོ་བོ་བཞི་པོ་རྣམས་ནས་དཀྱིལ་འཁོར་ལ་བསྟོད་པའོ། །ཞེས་པའི་བར་མངོན་རྟོགས་བཞིན་ནོ། །རངགི་སྙིང་གར་པད་ཟླ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་ཟེར་འཕྲོས་འོག་མིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་གཏུམ་པོ་ལྷ་དགུའི་དཀྱིལ་འཁོར། ཞེས་པ་ནས། གཉིས་སུ་མེད་པར་ཐིམ་གྱི་བར་མངོན་རྟོགས་བཞིན་ནོ། །དེ་ནས་མཆོད་པ་རྣམས། ཨོཾ་ཨཱཿ་བིགྷཱ་ནུ་ཏ་སཱ་ད་ཡ་ཧཱུཾ་ཕཊ། གྱིས་བསངས། སྭ་བྷ་ཝས་སྦྱངས། བླ་མེད་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་བྷཊྚ་རཱ་ག་ས་པཱ་རི་ཝ་ར་སད་ཀ་ར་ཡ་པཱདྱཱཾ་པྲ་ཏཱིཙྪ་སྭཱཧཱ། ཨཉྩ་མ་ཎཾ། པྲོ་ཀྵ་ཎཾ། ཨརྒྷ རྣམས་ཀྱིས་ཆུ་བཞི་ཕུལ། ཨོ་ཤྲཱི་ཙཎྜ་སོགས་ཀྱི་མཐར། པུཥྤེ་ནས་ཤཔྟའི་བར་སྦྱར་བས་མཆོད། ཨོཾ་བཛྲ་ས་ཏྭ་སུ། ཞེས་པ་ནས། བདེ་བ་ཆེན་པོས་ཐུགས་རྒྱུད་གང་གི་བར་སྒྲུབ་ཐབས་བཞིན་ཏེ་ལྷ་ལྷག་པར་གནས་པའོ། །ལྷ་གྲངས་དང་མཉམ་པའི་བུམ་པ་བཅུ་དང༌། །ལས་ཐམས་ཅད་པའི་བུམ་པ་སྟེ་བཅུ་གཅིག་གམ། མ་རྙེད་ན་རྣམ་རྒྱལ་དང་ལས་བུམ་གཉིས་ཀྱིས་ཀྱང་རུང་སྟེ། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པད་མ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་ཞིང་མགྲིན་པ་
ཕྲ་བ་མཆུ་འཕྱང་བ་ལྷའི་གོས་ཀྱིས་མགུལ་ཆིངས་དང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བའོ། །དུང་ཆོས་སྟེང་དུ་བཞག་སྟེ། ཨོཾ་ཨཱཿཧཱུཾ། ཡེ་ཤེས་བདུད་རྩི་ལྔས་གང་བར་གྱུར། ཧཱུཾ་མེ་ཏོག་གི་འཕྲེང་བ་བཅིང་བའི་རྡོ་རྗེ་བཞག་ལ། ཨོཾ་ཏ་བྷེ་ཏ་བྷེ་མ་ཧཱ་ཏ་བྷེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་བཀུག་སྟེ་འདྲེས་པར་གྱུར། བུམ་པ་བཅུ་ཡོད་ན་དབུས་ཀྱི་གཉིས་ལ་གཙོ་བོ་ཡབ་ཡུམ་གཞན་རྣམས་ལ་ཕྱོགས་མཚམས་ཀྱི་ལྷ་བརྒྱད་བསྐྱེད། བུམ་པ་གཉིས་ཡིན་ན་རྣམ་རྒྱལ་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དང༌། ལས་བུམ་དུ་སླར་ཡང་མི་གཡོ་བ་ལྗང་ཁུ་བསྐྱེད་པ་ཡིན་ཏེ། དེ་ཡང༌། རྣམ་རྒྱལ་བུམ་པའི་དབུས་སུ་ཆོས་འབྱུངདཀར་པོའི་ནང་དུ་ནས། འདབ་མ་བརྒྱད་པ། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཁྲོ་བོ་གཏུམ་པོ་མཐིང་ཀ་སོགས་དང༌། ཤར་དུ་མི་གཡོ་བ་དཀར་པོ། སོགས་གོང་དང་འདྲ་བ་ལས། བྱང་དང་ལས་བུམ་དུ་མི་གཡོ་བ་ལྗང་ཁུ་ཞེས་འདོན་པ་སྤོ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ་བསྟིམ་པ་ཡང་གོང་གི་ལྷ་སྟ་གོན་བཞིན་ནོ། །བུམ་པའི་མཚན་མ་རྣམས་ཀྱང་རིགས་ལྔ་དང་བདུད་རྩི་འཁྱིལ་བའི་ངོ་བོར་གྱུར། པཱཏྱ ནས། ཤབྟའི་བར་གོང་བཞིན་མཆོད། ལྷ་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པར་གྱུར། ལག་པ་གཡོན་པས་མེ་ཏོག་གི་འཕྲེང་བ་ནས་བཟུང་སྟེ། སོ་སོའི་སྔགས་རྣམས་བརྒྱ་རྩའམ་ཉེར་གཅིག་ལ་སོགས་པ་ཅི་རིགས་པ་བཟླས་ཏེ། མེ་ཏོག་དཀར་པོ་བདུན་གཞུག་པར་བྱའོ། །ལས་བུམ་གྱིས་བུམ་པ་ཐམས་ཅད་ལ་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་
ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། ཧཱུཾ ཞེས་བརྗོད་དེ། དུང་ཆོས་ཀྱི་ཆུ་བུམ་པར་བླུག་པར་བྱའོ། །བུམ་པ་ལྷག་པར་གནས་པའོ། །སྟ་གོན་གྱི་རྗེས་ཆོག་ནི། དེ་ནས་གོང་བཞིན་དཀྱིལ་འཁོར་ལ་མཆོད་བསྟོད་བྱས་ལ། བདུག་སྤོས་ཐོགས་ཏེ། དཔལ་ལྡན་མི་གཡོ་གཏུམ་པའི་ལྷ། །ཞེ་སྡང་རྡོ་རྗེ་མ་དང་ལྡན། །བརྩེ་བའི་སྟོབས་ཀྱིས་འགྲོ་དོན་དུ། །འཁོར་ལོ་བདག་ནི་བྲི་བར་བགྱིད། །མཆོད་པའི་དོན་དང་དབངབསྐུར་ན། །འགྲོ་བའི་དོན་ལ་གཞོལ་བ་ཡི། །རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་མས། །རབ་ཏུ་དགྱེས་པ་མཛད་པའི་རིགས། །འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས། །བདག་ལ་འདིར་ནི་དགོངས་སུ་གསོལ། །གཏུམ་པོ་དྲག་པོའི་དཀྱིལ་འཁོར་ནི། །འགྲོ་བའི་དོན་དུ་བྲི་བར་བགྱིད། རྡོ་རྗེ་འཛིན་པ་ཆེ་གེ་བདག །ཇི་ལྟར་ནུས་པས་མཆོད་བགྱིད་དེ། །སློབ་མ་རྣམས་དང་བདག་ལ་ཡང༌། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་བར་བཅས་ཐམས་ཅད་ཀྱིས། །ངེས་པར་བརྟག་པར་རིགས་པ་ལགས། །ཁྱེད་ཅག་སེམས་ཅན་དོན་མཛད་པའི། །རང་གི་དམ་བཅའ་དྲན་པར་བཛོད། ཅེས་ལན་གསུམ་གསོལ་བ་བཏབ་པས་ལེགས་སོ་ཞེས་གནང་བ་སྦྱིན་ནས་དེ་ཉིད་དུ་མི་སྣང་བར་བསམ་མོ། །བདག་ཉིད་ཀྱི་གནས་གསུམ་བྱིན་གྱིས་རླབས་པ་དང༌། སྨོན་ལམ་གདབ་པ་དང༌། ཤིས་བརྗོད་རྣམས་བྱའོ། །དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་མཎྜལ་སྔོན་དུ་འགྲོ་
བས་གནས་པ་ལ། ཀྱེ་ཀྱེ་བཞིན་བཟང་རྣམས་སྲིད་པའི་བདེ་བ་དག་ཀྱང་ཡིད་བརྟན་མེད་པ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་གོ་འཕང་ཁོ་ན་དོན་དུ་གཉེར་བས་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བསྒྲགས་ནས། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་སྩོལ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། དེ་ནས་སྐྱབས་འགྲོ་སྦྱིན་པ་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དམ་པའི་ཆོས་ལའང་བདག་སྐྱབས་མཆི། །དགེ་འདུན་ལའང་མི་ཕྱེད་དད། །ཞེས་ལན་གསུམ་རྗེས་བཟློས་བྱ། སྲོག་གཅོད་མ་བྱིན་ལེན་པ་དང༌། །གཞན་གྱི་བུད་མེད་བརྫུན་སྨྲ་རྣམས། །ལྔ་པ་ཆང་གི་བཏུང་བ་ཉིད། །ཐམས་ཅད་སྦྲུལ་བཞིན་དོར་བར་བྱ། ཞེས་བསླབ་གཞི་ལྔ་བཟུང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་སྦྱིན་པ་ནི། བདག་གིས་སེམས་ཅན་བསད་མི་བྱ། །ཕ་རོལ་ནོར་ནི་དབྲོག་མི་བྱ། །བདག་ནི་ཚངས་པ་སྤྱོད་པ་སྤྱད། །བརྫུན་གྱི་ཚིག་ཀྱང་སྤང་བར་བགྱི། །མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་
གང་དུའང་བཏུང་མི་བྱ། །གར་དང་གླུ་དང་རྒྱན་རྣམས་དང། །དགའ་སྟོན་བཅས་པ་སྤང་བར་བྱ། །ཁྲི་སྟན་མཐོ་དང་ཁྲི་སྟན་ཆེ། །དུས་མིན་ཁ་ཟས་སྤང་བར་བྱ། །ཇི་ལྟར་གསོ་སྦྱོང་ཡན་ལག་བརྒྱད། །དགྲ་བཅོམ་རྗེས་སུ་བདག་གིས་སློབ། །ཇི་ལྟར་སངས་རྒྱས་ཀྱིས་གསུངས་ལྟར། །རྣམ་དག་བདག་གིས་བཟུང་བར་བགྱི། །དེ་ཡིས་གཡོན་ཅན་བདུད་ལས་རྒྱལ། །བླ་མེད་སངས་རྒྱས་མཆོག་ཐོབ་བྱ། །སྲིད་པས་དུབ་པའི་ལུས་ཅན་རྣམས། །ཀུན་གྱི་སྐྱབས་སུ་འགྱུར་བར་ཤོག །སྲིད་པ་དེ་སྲིད་ཇི་སྲིད་དུ། །འཁོར་གྱི་འཇིག་རྟེན་ཕན་དགའ་བའི། །བློ་ལྡན་སྐྱེས་བུ་དེ་གཤེགས་སྐྱེས། །ལེགས་པ་རྣམས་དང་འགྲོགས་པར་ཤོག །ཅེས་ལན་གསུམ་རྗེས་བཟློས་བྱར་གཞུག བསླབ་པའི་གནས་ལྔ་དང༌། ཡན་ལག་བརྒྱད་པ་འདི་རབ་བྱུང་ལ་མ་བྱས་ཀྱང་ཆོག་པར་སེམས་སོ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་ཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་
བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་སེམས་བསྐྱེད་པ་འདིའི་རྗེས་བཟློས་བྱར་གཞུག་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་བ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ལན་གསུམ། སློབ་མ་གདོང་བྱང་དུ་ཕྱོགས་པའི་གནས་གསུམ་དུ་ཐིག་ལེ་བཀོད། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། སླར་ཡང་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བཀོད་ལ་བརྟན་པར་བྱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སོགས་ཀྱིས་མཆོད་པ་ལྔ་ཕུལ། ཧཱུཾ་ལས་བྱུང་བའི་སོ་ཤིང་བྱིན་ཏེ། ཨོཾ་བཛྲ་ཧ་ས་ཧ་ཞེས་དཀྱིལ་འཁོར་གྲུ་བཞི་པར་འདོར་དུ་བཅུག སོ་སོའི་དངོས་གྲུབ་ཀྱི་ལྟས་ལུང་བསྟན། ཁྱོར་ཆུ་ལན་གསུམ་དུ་བྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པ་པཾ་ནིཥྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ནཱ་ཡ་ཧཱུཾ། ཞེས་བརྗོད། དྷཱིཿ་དང་ཧ་ལས་བྱུང་བའི་རྩ་ཀུ་ཤ་ཆེ་ཆུང་སྔས་དང་གདན་གྱི་དོན་དུ་བྱིན། བསྲུང་སྐུད་མདུད་པ་གསུམ་དང་ལྡན་པ་སྙིང་པོ་དང་ཧཱུཾ་བདུན་གྱིས་བྱིན་གྱིས་རླབས་ལ་དཔུང་པར་བཅིང༌། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་
པ་ཡིན། །བསྐལ་པ་བྱེ་བ་དུ་མ་ཡི། །སྔོན་ཆད་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལས། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་ཀྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་དུ། །སད་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་པས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། །བུ་ཀྱེ་ད་ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨོན། ཞེས་བརྗོད། སློབ་མ་ལྷག་པར་གནས་པའོ། །ནང་བར་རྨི་ལམ་དྲིས་ལ། ལེགས་ན་དེ་མ་ཐག་ཏུ་དཀྱིལ་འཁོར་གྱི་ལས་རྩོམ། གལ་ཏེ་མི་
འཚམས་པ་རྨི་ན་བསྲུང་བ་དང་སྦྱིན་བསྲེག་གི་ལས་བྱས་ལ་སླར་ཡང་དཀྱིལ་འཁོར་བྲི་བར་བྱའོ། །གསུམ་པ་ནི། གཞོན་ནུ་མས་བཀལ་བའི་ཐིག་སྐུད་ཁ་དོག་སྣ་ལྔ་པ་དགུ་སྒྲིལ་དཀྱིལ་འཁོར་གྱི་ཕྱིའི་ཚད་ལས་སོར་བརྒྱད་ཀྱིས་ལྷག་པ། རྩ་སྔགས་ལན་གསུམ་གྱིས་བསྔགས་ཏེ། བདག་ཉིད་བཅོམ་ལྡན་འདས་དང༌། སྒྲུབ་གྲོགས་ཞེ་སྡང་རྡོ་རྗེ་མར་གྱུར། ཐིག་སྐུད་ལྟེ་བའི་ཐད་ཀར་དྲངས། མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཀུག་སྟེ། ཐིག་སྐུད་ལ་ཐིམ། བདུད་རྩི་ལྔས་བྱུག ཨོཾ་ཨཱཿབྷ་ག་ཝཱན། བཛྲ་སྭཱུ་ཏྲཾ་ཨ་ཀྵོ་བྷྱ་པྲ་ཡཙྪ་ཙཀྲ་སཱུ་ཏྲ་ཎ་ཡ་ཧཱུཾ། ཞེས་སྟེང་དུ་གདབས་པས་ནམ་མཁར་བཞུགས་པའི་ལྷ་རྣམས་བསྐུལ་བར་བསམ། ཨ་ནོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿ པ་ར་སྤ་ར་ཨ་ནུ་པྲ་བིཥྟ། སརྦ་དྷརྨ་ཨ་དྱན་ཏ་ཨ་ནུ་ག་ཏ་སརྦ་དྷརྨཿ ཞེས་བརྗོད་ཅིང་སྦྲིལ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཛཿ ཡིག་གིས་སློབ་མ་ལ་གཏད། ཨོཾ་སཱུ་ཏྲ་ས་མཱ་ཡཱ་མ་ཏི་ཀྲ་མ་ཧཱུཾ། སེམས་ཅན་ཀྱི་དོན་དུ་ཁྱོད་ཀྱི་དུས། ཞེས་བརྗོད་ཅིང༌། ཡེ་ཤེས་ཀྱི་ཐིག་རྩ་ཐིག་བརྒྱད་པོ་གདབ་པར་བྱ་སྟེ། ནུབ་ཤར་ལྷོ་བྱང་མེ་དབང་ལྡན། །རླུང་སྲིན་རླུང་དབང་མེ་བདེན་བྲལ། །སྲིན་པོ་རླུང་སྟེ་སློབ་དཔོན་དང༌། །སློབ་མའི་གནས་སུ་གཉིས་གཉིས་ཤེས། །ཚངས་ཐིག་གཉིས་དང་ལོགས་ཐིག་བཞི། །ཟུར་ཐིག་གཉིས་རྣམས་གདབ་ཚུལ་ཡིན། དེ་བཞིན་དུ་ལས་ཐིག་ཐིག་ཆེན་བརྒྱད་ཀྱང་གདབ་ལ། དཀྱིལ་འཁོར་ཁྲུ་གང་ནས་ཁྲུ་ལྔའི་ཚད་དུ་བྱ་བར་གསུངས་སོ། །ཆ་བཅུ་དྲུག་རྣམ་པར་རྒྱལ་བ་ནས་བརྩམས་ཏེ། ཐིག་གི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཁྲོ་བོའི་བརྙེས་པ་དང་བཅས་པས་སྒོའི་རྩ་ཐིག་རྣམས་དབྱེ་ཞིང་ཧི་ཧི་ཞེས་བརྗོད།
ཕྱིར་ཕྱུང་ནས། ཨོཾ་ཨཱཿཧཱུཾ་བཛྲ་མུཿསྭཱཧཱ། ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས། ཚོན་རྩི་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རྡུལ་ཚོན་སྔོན་པོ་མི་གཡོ་བ་ནག་པོ་དང་ཞེ་སྡང་རྡོ་རྗེ་མ། །དཀར་པོ་གཏུམ་པོ་དཀར་པོ་དང་གཏི་མུག་རྡོ་རྗེ་མ། །སེར་པོ་གཏུམ་པོ་སེར་པོ་དང་ཕྲ་མ་རྡོ་རྗེ་མ། །དམར་པོ་གཏུམ་པོ་དམར་པོ་དང་འདོད་ཆགས་རྡོ་རྗེ་མ། ལྗང་ཁུ་གཏུམ་པོ་ལྗང་ཁུ་དང་ཕྲག་དོག་རྡོ་རྗེ་མ་རྣམས་ཀྱི་ངོ་བོར་གྱུར། རྩ་སྔགས་ལན་གསུམ་གྱིས་བསྔགས། །ཐིག་གི་སྐབས་བཞིན་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཙི་ཏྲ་ས་མཱ་ཡ་ཧཱུཾ་གིས་བསྔགས་ཤིང༌། མཐེབ་སྲིན་གྱི་མཉེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོ། ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དབུས་སུ་སོང་སྟེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རང་ཉིད་གཏུམ་ཆེན་དྲག་པོ་ཡི། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། ཞེས་བརྗོད་ཅིང༌། དབང་ལྡན་ནས་རེ་ཁ་ལྔ་སྒོ་ཚད་གཅིག་ཙམ་སློབ་དཔོན་གྱིས་བྲི་བར་བྱ་སྟེ། ནང་ནས་ནག་ལྗང་དམར་སེར་དཀར་པོའི་རིམ་པས་སོ། །ཕྱི་ནས་ཐིག་དེར་ཚོན་དགྱེ་བར་བྱ་སྟེ། ཚོན་གྱི་ལས་གཞན་རྣམས་ཟིན་པ་ན་ལྷ་སོ་སོའི་གདན་ལ་དབུས་སུ་གཙོ་བོའི་ཕྱག་མཚན་རལ་གྲི་གཡས་དང༌། ཡུམ་གྱི་གྲི་གུག་གཡོན་དུ་འབྲི། །འདབ་མ་རྣམས་ལའང་ཕྱག་གཡས་ཀྱི་མཚན་དགོད་པར་བྱ་སྟེ། རྫོགས་པར་ཟིན་པ་ན། ཨོཾ་ཨཱཿཧཱུཾ་གིས་ཚོན་གྱི་ཡེ་ཤེས་པ་རྣམས་གཤེགས་སུ་གསོལ། །བུམ་པ་བཅུ་ཡོད་ན་ཤར་སྒོའི་གཡས་སུ་གཙོར་བུམ་གཉིས། །གཞན་རྣམས་ཕྱོགས་མཚམས་བརྒྱད་དུ་འགོད། བུམ་པ་གཉིས་ཁོ་ན་ཡིན་ན་
ཤར་སྒོའི་གཡས་སུ་རྣམ་རྒྱལ། གཡོན་དུ་ལས་བུམ་བཀོད་ལ། མཐའ་སྐོར་དུ་མཆོད་གཏོར་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱའོ། །ཧཱུཾ་ཞེས་བརྗོད་པ་དང་གཙོ་བོའི་བསྙེམས་པ་དང་བཅས་ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརྗོད་དེ་རྒྱན་རྣམས་བྱིན་གྱིས་རླབས། བཞི་པ་ནི། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སོང་ནས། བདག་ཉིད་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་པར་བསམས་ལ། སྐྱབས་འགྲོ་ནས་བརྩམས་ཏེ། ཚད་མེད་བཞི་སྒོམ་པ་ཡན་ཆད་མངོན་རྟོགས་ལྟར་མཎྜལ་མཆོད་པ་རྫོགས་པར་བྱས། དེ་ནས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསྒོམ། བྲིས་པའི་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གའི་ཧཱུཾ་ཡིག་ལས་འཕྲོས་པའི་མེ་ལྕེས། ཞེས་པ་ནས་ལན་གསུམ་གྱི་མཐར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཞེས་པའི་བར་སྒྲུབ་ཐབས་བཞིན་རྫོགས་པར་བསྒོམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་གདོད་མ་ནས་གྲུབ་པའི་དཀྱིལ་འཁོར་དང༌། སྟ་གོན་གྱི་ལྷ་གཏུམ་པོ་ཡེ་ཤེས་སེམས་དཔའ་ལྷ་དགུའི་སོགས་ནས། ཛཿཧཱུཾ་བཾ་ཧོཿའི་བར་ཡེ་ཤེས་ཤེས་པ་བསྟིམ་པའང་གོང་བཞིན་ནོ། །སླར་ཡང་དབང་གི་ནས། དོན་གྲུབ་ཀྱིས་དབུ་རྒྱན། གྱི་བར་དབང་བསྐུར་རྒྱས་བཏབ་ཀྱངསྒྲུབ་ཐབས་བཞིན་དུ་བྱའོ། །དེ་ནས་བརྟན་པར་བྱས་པའི་ཕྱིར་ལས་ཀྱི་རྡོ་རྗེ་གཟུངས་ཐག་རྡོ་རྗེ་ལྷ་སོ་སོའི་གནས་སུ་བཟུང་ལ། སློབ་དཔོན་གྱི་གཡོན་པའི་ཁུ་ཚུར་མེ་ཏོག་དང་བཅས་པས་དེ་སྣེ་ནས་བཟུང་སྟེ། སོ་སོའི་རང་སྔགས་བདུན་ལ་སོགས་པ་ཅི་རིགས་པར་བཟླའོ། །མཐར་དབུས་སུ་བཟུང་ལ་ཡི་གེ་བརྒྱ་པའང་ཅི་རིགས་བཟླ། དེ་ནས། རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་
ཀྱིས་མཆོད་པར་གྱུར། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། རབ་འབྱམས་རྒྱལ་བའི་ཡེ་ཤེས་རོལ་པ་ལས། །ཀུན་བཟང་མཆོད་ཡོན་རྣམ་པ་ཐམས་ཅད་པ། །མཁའ་མཉམ་ཀུན་ཏུ་མི་ཟད་འབྱུང་བ་འདིས། །གཏུམ་ཆེན་ཁྲོ་བོའི་འཁོར་ལོ་མཆོག་དགྱེས་མཛོད། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པཱ་རི་པྲ་ཝ་ར་སད་ཀ་ར་ཡ་ཨརྒྷ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། མཆོད་ཡོན་ཞེས་པར་ཞབས་བསིལ་ཨརྒྷཾ་ཞེས་པར་པཏྱཾ། དེ་བཞིན་དུ། ཞལ་བསིལ་དང༌། ཨཉྩ་མ་ནི་འཐོར་འཐུང་དང༌། པྲོ་ཀྵ་ཎཾ་སྦྱར་རོ། །ཀུན་ཏུ་བཟང་པོའི་འབྱོར་པས་ཡོངས་བཟུང་ནས། །རྣམ་མང་མེ་ཏོག་མཆོད་སྤྲིན་ལྷུན་སྟུག་པ། །ཡིད་འོང་རིག་མའི་དགའ་སྟོན་གྱུར་པ་ཡང༌། །བཅོམ་ལྡན་འཁོར་དང་བཅས་ལ་དབུལ་བར་བགྱི། ཨོཾ་ཤྲཱི་ཙཎྜ་མ་ཧཱ་རོ་ཥ་ཎ་ས་པཱ་རི་ཝཱ་ར་པུཥྤཾ་པྲ་ཏཱིཙྪ་སྭཱཧཱ། ཚིག་རྐང་གཉིས་པ་ལ། དྲི་ཞིམ་བདུག་སྤོས་སྤྲིན་ཕུང་རབ་འཁྲིགས་པ། དྷུ་པེ༴ མུན་སེལ་སྣང་བྱེད་འཕྲེང་ བ་རབ་འབར ་བ། ཨཱ་ལོ་ཀེ༴ །གདུང་སེལ་དྲི་བཟང་ཆུ་རྒྱུན་རབ་བསྟར་པ། གནྡྷེ༴ བཅུད་ལྡན་ཞལ་ཟས་ཇི་སྙེད་རབ་བཀོད་པ། ནཻ་ཝི་ཏེ། སྙན་འགྱུར་སྣ་ཚོགས་རོལ་མོ་རབ་སྦྱར་བ། ཤཔྟ་ཅེས་འདོན་པ་སྤོ། ཨོཾ་བཛྲ་སཏྭ་སུ་སོགས་སྒེག་སོགས་བརྒྱད། མཆོད་ལྷ་བཅུ་དྲུག་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། འདོད་ཡོན་ལྔ་དང༌། བཀྲ་ཤིས་རྟགས་བརྒྱད་དང༌། །གོས་ཟུང་ལ་སོགས་པ་འབུལ། །ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་དགོས་ཏེ། སྟོང་པའི་ངང་ལས་ཡཾ་ཞེས་པ་ནས་
ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་རླབས། ཨོཾ་ཀྲྀཥྞ་ཨ་ཙ་ལ་ཧཱུཾ་ཕཊ་སོགས་སོ་སོའི་མཚན་སྔགས་ཀྱིས་ནང་མཆོད་ཕུལ། སྤྲོས་པ་ལ་དགའ་ན་དང་པོར་རྩ་བརྒྱུད་ཀྱི་བླ་མ་ལ་འབུལ་བ་དང༌། ལྷ་ཚོགས་ཀྱི་གཞུག་ཏུ་ཆོས་སྐྱོང་སྲུང་མ་ཕྱོགས་སྐྱོང་དང་རིགས་དྲུག་སོགས་ལ་འབུལ་བ་ཡང་བྱས་པས་ལེགས་པར་འགྱུར་རོ། །དེ་ཡང་འདི་ལྟར། རྡོ་རྗེ་འཆང་དབང་ན་གཱ་རྫུ་ན་དང༌། །ཤཱ་པཱ་ར་དབང་ཀླུ་ཡི་བྱང་ཆུབ་དང༌། །ཤཱཀྱ་སྲུང་བ་ཆོས་ཀྱི་གྲགས་པ་དང༌། །རིན་ཆེན་བཟང་པོ་རིན་ཆེན་འབྱུང་གནས་དང༌། །གྲགས་པའི་རྒྱལ་མཚན་རོལ་བའི་རྡོ་རྗེ་དང༌། །ཡེ་ཤེས་རྒྱ་མཚོ་ཉི་མ་སེང་གེ་དང༌། །སངས་རྒྱས་དབྱངས་དང་ཤཱཀྱ་སེང་གེ་ཡི། །རྒྱལ་མཚན་ཞེས་དང་ནགས་ཀྱི་རིན་ཆེན་དང༌། །རོང་པོ་རྗེ་དང་བློ་གྲོས་ཆོས་སྐྱོང་དང༌། །ཤཱཀྱ་མཆོག་ལྡན་སངས་རྒྱས་འོད་ཟེར་དང༌། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་ཞབས། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཨོཾ་ཨཱཿཧཱུཾ་ཨ་ཀཱ་རོ་ལན་མང་དུ་བརྗོད། མགོན་ཁྱོད་བཀྲེས་སྐྱེམ་མི་མངའ་ཡང༌། །འོ་ཐུག་བུར་ཁུ་སྦྲང་རྩིའི་ཆུ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་པ། །རྣམ་པ་མང་པོའི་བཏུང་བས་མཆོད། བཛྲ་པཱི་པ་ཐཱ། བདུད་རྩི་ལྔའི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག པཉྪ་ཨ་མྲྀ་ཏ། སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་ཀྱི་དམ་ཚིག་གཙོ། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །རྒྱལ་བའི་སྐུ་
མངའ་ཡོངས་རྫོགས་ཐོབ་པར་ཤོག པཉྩ་པྲ་དཱི་པ། སྦྲང་རྩི་བུ་རམ་འབྲུ་ཡི་ཆང༌། །ཤིང་ལས་སྐྱེས་དང་བཅོས་མའི་ཆང༌། །ཤེས་རབ་རང་བཞིན་མྱོས་བྱེད་ལྔས། །གསང་སྔགས་ལྷ་ལ་མཆོད་པར་བགྱི། པཉྪ་མ་ད་ན། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་མཐར་སྐྱེས་ལས་བྱུང་བ། །བདེ་ཆེན་བསྐྱེད་བྱེད་རིག་མ་ལྔ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །པཉྩ་མུ་དྲ། དེ་ནས་བསྟོད་པ་ནི། ཁྱབ་འཇུག་ཕྱེ་མར་འཐག་པར་བྱེད་ཅིང༌། སོགས་དང༌། འོད་འཕྲོ་གཏུམ་པའི་སྤྱན་དང་འཇིགས་རུང༴ སོགས་དང༌། གཏུམ་པོ་ཁྲོས་པའི༴ སོགས་ཀྱི་མཐར། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བགེགས་རྣམས་བསྡུ་ཞིང་མཐར་མཛད་པ། །དཔལ་ལྡན་དཔའ་བོ་གཅིག་པུའི་སྐུ། །སྐུ་གསུམ་གཅིག་པ་ལ་ཕྱག་འཚལ། །གཡས་པའི་ཕྱག་གིས་ཐབས་དག་གི། རང་བཞིན་ཤེས་རབ་རལ་གྲི་འཕྱར། །གཡོན་ན་ཤེས་རབ་དངོས་པོ་ཡི། །སྡིགས་མཛུབ་དང་ནི་ཞགས་པ་འཛིན། །ས་འོག་བདུན་པོ་བསྐྱོང་བའི་ཕྱིར། །གཡོན་པའི་སྤྱན་གྱིས་འོག་ཏུ་གཟིགས། །ཚངས་པའི་སྒོ་ང་བདུན་བསྐྱོད་སླད། །གཡས་པས་སྟེང་གཟིགས་ལ་ཕྱག་འཚལ། །དེ་ནི་ས་གཞི་བསྲུང་བའི་ཕྱིར། །གཡོན་པའི་པུས་མོ་བཞག་མཛད་དེ། །བདུད་རྣམས་རབ་ཏུ་སྤོང་བའི་དབྱིབས། །གཡས་པའི་ཞབས་ཁྱོད་ལ་ཕྱག་འཚལ། །མི་བསྐྱོད་མགོན་པོར་དེ་མཚོན་ཕྱིར། །
རིན་ཆེན་ཅོད་པན་གོས་བཀྲ་བའི། །ཀླུབས་ཤིང་ཞེ་སྡང་རྡོ་རྗེ་མར། །སྙོམས་ཞུགས་ཁྱོད་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་བསྐྱེད་པའི་སྙིང་པོ་ཡི། །ཕོ་ཉའི་དགྲ་འཇོམས་མདུང་གི་ཕྱག །ཉི་མ་བྱེ་བ་ལས་ལྷག་འོད། །དཔལ་ལྡན་གཏུམ་དྲག་ལ་ཕྱག་འཚལ། །ཨ་ཡིག་གིས་ནི་སྟོངཉིད་བརྗོད། །ཙ་ཡིག་གིས་ཀྱང་བདེ་བ་ཆེ། །ལ་ཡིག་གིས་ནི་དེ་དག་གཅིག །དེ་ཕྱིར་མི་གཡོ་ཁྱོད་ཕྱག་འཚལ། །བརྒྱད་གཉིས་ལོན་པས་ཡོངས་གང་བ། །མཚན་ཉིད་བྲལ་བའི་སྐད་ཅིག་དངོས། །ཆགས་བྲལ་གྱིས་ཀྱང་མི་གཡོ་ཉིད། །དེ་ཡི་ཕྱིར་ཡང་ཁྱོད་ལ་འདུད། །ཆགས་བྲལ་ལ་ནི་གཏུམ་ཞེས་བྱ། །དེ་ནི་བདུད་ལ་དྲག་པོའོ། །བདེ་བའི་རྒྱལ་པོ་འཆར་བ་སྟེ། །དེ་ཕྱིར་གཏུམ་དྲག་ཁྱོད་ཕྱག་འཚལ། །བརྒྱད་པོ་གང་ཞིག་འཆར་བ་ན། །ཡུལ་དབང་ལྷན་ཅིག་འགྲོ་འགྱུར་པ། །རྫོགས་པའི་ཀུན་དུ་དགའ་བའི་ཐབས། །དེ་ལ་མགོ་བོས་ཕྱག་འཚལ་ལོ། །རྣམ་པ་ཀུན་ཀྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་པོ་འགྱུར་མེད་བདག །མེ་ལོང་ལ་ནི་པྲ་ཕབ་བཞིན། །སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ལ་བསྟོད་ཀྱང་མ་བསྟོད་དེ། །མཚོན་པར་དཀའ་ཡང་དགའ་བསྐྱེད་ཕྱིར། །བདག་གི་བསོད་ནམས་གང་ཐོབ་པ། །དེ་ཡིས་ཕལ་ཆེར་མི་གཡོར་འགྱུར། ཞེས་པས་ཀྱང་བསྟོད་པར་བྱའོ། །དེ་ནས་རླུང་ཁ་སྦྱོར་བཟུང་བ་སོགས་ཀུན་དུ་སྤྱོད་པ་ཡིད་ལ་དྲན་པར་བྱ། གྲུ་བཞི་ཚངས་པའི་ཞེས་པ་ནས་
བརྡྷ་ནི་སྭཱཧཱ། ཞེས་པའི་བར་དག་དྲན་དང་བཟླས་པ་བྱ། ལྔ་པ་ནི། གཏོར་མ་ཨ་མྲྀ་ཏས་བསངས། ཨོཾ་སྭཱ་བྷཱ་ཝ་ནས། མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུཾ། བཏགས་པས་ནང་མཆོད་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཀུན་འགྲུབ་ཤོག ཅེས་པའི་བར་བརྗོད་དོ། །འཇིག་རྟེན་པའི་གཏོར་མའང་སྐབས་འདི་ཉིད་དུ་འབུལ་བར་བྱའོ། །དེ་ནས་གཙོ་བོ་ལས་རང་འདྲ་བ་གཉིས་པ་ཆད་དེ་གཏོར་མའི་ལས་མཛད་པར་བསམ་ལ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་དང་མཁའ་འགྲོ་སྤྱི་གཏོར་གི་ཆོ་གས་ཕྱི་རོལ་གཏོར་མ་བཏང་ལ། བགེགས་བསྐྲད་དེ་ནང་དུ་འོང༌། ན་མཿསརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་སོགས་ཀྱིས་གཙོ་བོ་ལ་མེ་ཏོག་དོར། ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མཱ་ཡ་པྲ་བེ་ཤ་ཡ་ཧཱུཾ། ལན་བཞིས་སྒོ་དབྱེ། ས་མཱ་ཡ་པྲ་བེ་ཤ་ཡ་མཱི། མེ་ཏོག་མགོ་ལ་བཞག སེམས་ཅན་རྣམས་ལ་དངོས་སུ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག ཅེས་གསོལ་བ་བཏབ། དེ་ནས་འགྲུབ་ན་སྤྱིན་སྲེག་གི་མཆོད་པ་བྱ་སྟེ། དེའི་ཆོ་ག་ནི་འོད་ཀྱི་སྙེམ་རབ་ལྟའོ། །དྲུག་པ་ནི། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ་ལ། བདག་རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡ་ཧཱུཾ། གིས་མིག་དར། ཨཱཿཁཾ་ཝི་ར་ཧཱུཾ། གིས་མེ་ཏོག སྙིང་གར་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ནག་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། དཔྲལ་བར་འཁོར་ལོ་ལ་ཨོཾ་དཀར་པོ། ཨོཾ་ཨཱཿཧཱུཾ། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་
ཨུཏྤ་ཏ་ཡ་མི། སུ་ར་ཏེ་ས་མ་ཡ་སྟཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་གྱི། དེ་བཞི་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཨཱ་ཁཾ་བཱི་ར་ཧཱུཾ། འདིར་སྤྲོ་ན་འཕྲེང་བ་ལས་འབྱུང་བའི་བསྐོར་བ་དང༌། ཕྱག་འཚལ་བདུན་པོ་རྣམས་བྱའོ། །བསྡུས་པ་ལ་མོས་ན། ཨོཾ་ན་མསྟེ་ཧཱུཾ། ཨོཾ་ན་མོ་མེ་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། ཞེས་བྱ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །
དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བར་ལྷུང་པར་འགྱུར་ཏ་རེ། དེ་ནས་ཡེ་ཤེས་དབབ་པ་ནི། རང་སྐད་ཅིག་གིས་སྟོང་པའི་ངང་ལས་ཨཱ་ཡིག་ལས་བྱུང་བའི་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ། མགོ་བོར་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧ་དཀར་པོ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿ དམར་པོ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྐུ་དང་གསུང་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། ཧཱུཾ་ཧ་ཨཱཿ ཡིག་རྣམས་ལ་ཐིམ། རྐང་པ་དག་གི་འོག་ནས་རླུང་གི་དཀྱིལ་འཁོར་ཀྱིས་སྦར་བའི་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཾཿཡིག་དམར་པོས་འདེགས་བཞིན་པར་
གྱུར་པའི་ཛྷཻཾཿཡིག་གི་འོད་ཟེར་གྱི་ཚོགས་རྐང་པའི་བུ་ག་ནས་ཞུགས་པ་རྣམས་དང༌། ཡི་གེ་ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མཐའ་དག་ཀུན་ནས་གང་བར་གྱུར། ཨཱ་བེ་ཡ་སྟྭཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཨཱཿཛྷཻཾཿ རང་གི་འདོད་པའི་དོན་དང་མཐུན་པའི་དངོས་གྲུབ་ཀྱི་ལྟས་ནམ་མཁའི་ཁ་དོག་ཀྱང་མཐོང་བར་མོས། སློབ་མ་དབང་བསྐུར་སྐབས་ཁ་དོག་འདྲི་ཞིང་ལན་འདེབས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་དང༌། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཏྲཾ་ལས་བྱུང་བའི་མེ་ཏོག་གི་འཕྲེང་བ། ཨོཾ་ཏིཥྟ་བཛྲ་ཏྲི་ཊྡོཧ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་ཝ་ཧྲི་ད་ཡ་མེ་ཨ་དྷི་ཏིཥྟ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ ཨཱ་ཁཾ་བཱི་ར་ཧཱུཾ། པྲ་ཏཱིཙྪ་ཀུ་སུ་མཉྫ་ལིནྣཱ་ཐ་ཧོ། ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཞག ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །ཕྱེ་བས་དབང་པོ་ཐམས་ཅད་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙ་ན་ཙཀྵུ་ཧཱུཾ་ཨཱཿསྭཱཧཱ། ཀྱེ་རྡོ་རྗེ་ལྟོས་ཤིག རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་
བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་མཆོག་རོལ་བས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ས་མ་ཡ་ཧོ་ཧོ་ཧོཿ རིག་པའི་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་ལན་གསུམ་གསོལ་བ་བཏབ། རྩ་བའི་དཀྱིལ་འཁོར་གྱི་ཕྱིར་རོལ་ཏུ་ཁྲུས་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྒོ་ནུབ་ཏུ་བསྟན་པ། དབུས་སུ་སྣ་ཚོགས་པདྨའི་གདན་ལ་བདག་ཉིད་གཙོ་བོའི་རྣམ་པ་དཀྱིལ་འཁོར་ལ་ཕྱོགས་པས་གནས་པར་གྱུར། ཨོཾ་ཨཱཿཙཎྜ་མཧཱ་རོ་ཥ་ཎ་སརྦ་བིགྷྣཱ་ནུ་ཏ་སཱ་ད་ཡ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་བདག་གི་ལུས་ལ་རེག་པས་འོད་ཀྱི་ཕུང་པོར་འགྱུར། གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ཐོན་ཏེ་ཐམས་ཅད་སྟོང་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ལས་སྐད་ཅིག་གིས་ཧཱུཾ་དང་རལ་གྲི་ཡོངས་སུ་
གྱུར་པ་ལས་རང་ཉིད་གཏུམ་པོ་ཆེན་པོ་ནག་པོ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། སྤྲོ་ན་མངོན་རྟོགས་བཞིན་ཞལ་ཕྱག་གསལ་གདབ་བོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། །སངས་རྒྱས་ཐམས་ཅད་ཁྲོ་བོ་གཏུམ་པོའི་རྣམ་པར་སྤྱན་དྲངས་ཏེ་རང་ཉིད་ལ་ཐིམ། སླར་ཡང་ཐུག་ཀའི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རིག་པའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། །དེ་བཞིན་གཤེགས་པ་ཡབ་ཡུམ་དེ་རྣམས་སྙཽམས་པར་ཞུགས་པས། །བྱང་ཆུབ་སེམས་ཀྱི་རྣམ་པར་གྱུར། །གཙོ་བོའི་སྤྱི་བོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བས་སྤྱི་བོ་ནས་དབང་བསྐུར་ཏེ་རངགི་སྒོ་གསུམ་དྲི་མ་བྲལ་ཞིང་དག་པའི་ཤེལ་ལྟར་གྱུར། པདྨའི་མཐའ་ནས་ཕྱིར་ཕྱུང་བས་དབང་སྟེགས་ཀྱི་གདན་ལ་འཁོད། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ཏུ་གྱུར་པ་རྣམས་ཀྱང་དེ་བཞིན་གཤེགས་པ་རིག་པའི་ལྷ་མོ་སེམས་དཔའ་སེམས་མ་ཁྲོ་བོའི་ཚོགས་དང་བཅས་པ་རྣམས་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུར་གྱུར་པ་མཁའ་ནང་ནས་ཕྱིར་ཕྱུང་སྟེ། དབང་བསྐུར་བའི་དོན་དུ་ནམ་མཁའ་གང་བར་བཞུགས། གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོའི་སྒྲ་དང་བཅས་ཏེ། གུར་གུམ་དང་ཙན་དན་དང་མེ་
ཏོག་ལ་སོགས་པའི་ཆར་འབེབས་པར་བྱེད། ཕྱག་གིས་ཅུང་ཟད་ཡོ་བར་འཛིན་པའི་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱིས་གང་བས་དབང་བསྐུར་བཞིན་པ་དང༌། ལྷ་མོ་རྣམས་ཀྱིས། ཨོཾ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་ཀྱི་བདག་ཉིད་རིགས་ཀུན་གྱྀ་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེས་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་སོགས་བརྗོད། ཤིང་གི་ཡལ་གས་བུམ་ཆུ་བླངས་ཤིང་སྤྱི་བོར་གཏོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོར་ནས་དབང་བསྐུར། ལུས་ཐམས་ཅད་གང་བདེ་བ་ཆེན་པོ་མྱོང་ཞིང་དྲི་མ་ཐམས་ཅད་དག་པར་གྱུར། ཆུའི་དབང་ངོ༌། བདག་ཉིད་མི་གཡོ་བ་སེར་པོའི་འཁོར་ལོས་བསྒྱུར་པའི་ངོ་བོ་གྱུར། དབུ་རྒྱན་སྟོང་པའི་ངང་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དྲིལ་བུ་མཛིན་པར་གྱུར། དེ་ཞུ་བ་ལས་རིན་པོ་ཆེའི་དབུས་རྒྱན་ཏུ་གྱུར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲྀ་ད་ཡ་ཧཱུཾ་ཕཊ། སྔོན་བཞིན་ཆུ་དབང་བསྐུར་རོ། །བདག་ཉིད་མི་གཡོ་བ་དམར་པོའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། དབང་རྫས་རལ་གྲི་སྟོང་པའི་ངང་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་རལ་གྲིར་གྱུར། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲུཾ་ཛྙཱ་ན་ཁཌྒ་ཧཱུཾ་ཕཊ། སྔོན་བཞིན་ཆུ་དབང་བསྐུར། རང་ཉིད་མི་
གཡོ་བ་ལྗང་ཁུའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། དབང་རྫས་ཞགས་པ་སྟོང་པའི་ངང་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་ཞགས་པར་གྱུར། ཨོ་གྲྀཧྣ་གྲྀཧྣ་ཀ་ཏ་ཀ་ཏ་ཀཏྟྱ་ཀཏྟྱ་སརྦ་དུཥྟཾ་པཱ་ཤེ་ན་བནྡྷ་བནྡྷ་མ་ཧཱ་ས་ཏྱ་ཏེ་དྷརྨ་ཏ་སྭཱཧཱ། ཡང་གོང་བཞིན་ཆུ་དབང་བསྐུར། རང་ཉིད་མི་གཡོ་བ་དཀར་པོའི་འཁོར་ལོས་བསྒྱུར་བའི་ངོ་བོར་གྱུར། ཨོཾ་ཧེ་ཤྲཱི་བྷ་ག་ཝན་ཀྲྀཥྞ་ཨ་ཙ་ལ་སིདྡྷི་ཏྭཾ་ཧཱུཾ་ཕཊ། གལ་ཏེ་མི་གཡོ་བ་དཀར་པོ་ལ་མེ་ཏོག་ཕོག་པ་ཡིན་ན། ཀྲྀཥྞའི་གནས་སུ་ཤྭེ་ཏ་སྦྱར་བ་ལ་སོགས་པ་ཤེས་པར་བྱའོ། །བདག་འཇུག་གི་བྱ་བ་ལ་གནས་པའི་གང་ཟག་ཀྱང་བུད་མེད་ཡིན་ན་དབང་ཕྱི་མ་བཞི་པོ་འདི་དག་ལས་ཐ་དད་དུ་བྱ་བའི་ཚུལ་ཡང་སློབ་མ་དབང་བསྐུར་བའི་སྐབས་སུ་འཆད་པ་བཞིན་ཤེས་པར་བྱའོ། །དབང་འདི་རྣམས་བསྐུར་བས་བྱ་བ་དང་སྤྱོད་པའི་རྒྱུད་མཐའ་དག་ཉན་པ་དང༌། བཤད་པ་དང༌། སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་
གསུམ་མགོན་པོ་རྣམས། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་གྱིས་རིགས་ལྔའི་སྡོམ་བཟུང་ལན་གསུམ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། ལན་གསུམ། དབང་སྟེགས་ཀྱི་སྟེང་དུ་བདག་ཉིད་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། ཧཱུཾ་ལས་བྱུང་བའི་རྡོ་རྗེ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟངཔོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨཱཿལས་སྐྱེས་པའི་དྲིལ་བུ། །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བར་བཞེད། སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེ་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱའི་བྱིན་རླབས་ནས། །འདོད་པ་ཀུན་ལ་ལོངས་སྤྱོད་
པས། །དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱོས། །རང་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིག་མ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་ཕྱག་རྒྱ་ཆེན་པོའི་ངོ་བོར་མོས་ལ། ཁ་སྦྱོར་གྱི་རིམ་པས་རྗེས་སུ་ཆགས་པ་དང་བཅས་པ་འཁྱུད་པ་ཙམ་ལས་བྱུང་བའི་བདེ་བ་རང་རིག་པའི་བདག་ཉིད་དུ་གྱུར་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་ཏོ། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་བརྗོད། དེ་ནས་བུམ་ཆུ་བླངས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཐམས་ཅད་སྦྱིན་པར་བགྱི། ཨོཾ་སརྦ་ནས། བདེ་བ་ཆེན་པོ་མྱོང་བའི་བར་གོང་བཞིན། བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་སུ་པྲ་ཏིཥྛ་པ་བཛྲེ་སྭཱཧཱ། པུཥྤེ་ལ་སོགས་པས་མཆོད། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ལྷ་རྣམས་ནི་ཡེ་ཤེས་ལྔ་དང༌། ཚད་མེད་པ་བཞིའི་བདག་ཉིད་དོ། །སྙིང་པོའི་སྔགས་ལན་གསུམ་བཟླས་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །བཅོམ་ལྡན་འདི་ལ་སྦྱིན་
ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གི་རྒྱུད་ལ་མི་གཡོ་གཏུམ་པོ་ཁྲོ་བོའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ལྟར་ན་བུམ་པའི་དབང་ཐོབ་པས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱས་པ་ཡིན་ནོ། །གསང་དབང་གི་དོན་དུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་ཤེས་རབ་མ་ཕུལ་བར་མོས། ཁྱོད་ལ་འདི་ནི་འབུལ་ལགས་ཀྱི། །འདོད་དོན་བདེ་བ་རབ་ཏུ་སྩོལ། །བདག་ནི་འདོད་པའི་བདེ་དོན་ཕྱིར། །མགོན་པོ་ཁྱོད་ཀྱི་བརྩེ་བས་བཟུང༌། ཞེས་ལན་གསུམ། གོང་བཞིན་མིག་དར་བཅིང༌། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙིང་པོའི་སྔགས་བཟླ་བཞིན་དུ། རྗེས་ཆགས་ཀྱི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་གཡོན་པའི་ཕྱག་གི་མཐེ་བོང་དང་མིང་མེད་ཀྱི་བླངས་ཏེ། བདག་གི་ལྕེ་ལ། ཧཱུཾ་ཕཊ་ཀྱི་རྣམ་པར་བཀོད། ཨོཾ་ཨཱཿཧཱུཾ། བདུད་རྩི་མྱང༌། ཨཱ་ཧོ་མ་ཧཱ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ལ། དེ་རིང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་ཡི། གང་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱི། འོན་ཀྱང་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་འདི་སྨྲ་བར་མི་བྱའོ། །ཞེས་དང༌། རལ་གྲིའི་ཕྱག་རྒྱ་སྙིང་གར་བཞག་སྟེ། གལ་ཏེ་སྨྲ་ན་དེ་ཡི་ཚེ། །
ཤིན་ཏུ་རྣོ་བའི་རལ་གྲི་འདི། ཁྲོ་བོ་གཏུམ་པོའི་ཕྱག་ན་གནས། །གང་གིས་དམ་ཚིག་འཇིག་བྱེད་པ། དེ་ལ་འདི་ཡིས་མཆོག་ཏུ་གཅོད། །སྐྱེ་བ་བྱེ་བ་སྟོང་རྣམས་སུ། །མི་རྣམས་རལ་གྲི་ལག་ཕྱར་བས། །ཡན་ལག་ཀུན་གཅོད་མགོ་བོ་ནི། །གཅོད་ལ་གཅིག་ཏུ་འབད་པར་བྱེད། །གལ་ཏེ་དམ་ཚིག་དྲལ་གྱུར་ན། ཁྱོད་ཀྱང་དེ་ལྟར་འགྱུར་བ་ཡིན། བྷ་གའི་དཀྱིལ་འཁོར་ལ་དམིགས་ནས། གོང་བཞིན་མེ་ཏོག་ཕུལ། གོང་བཞིན་གདོང་གཡོགས་བསལ། བྷ་གའི་དཀྱིལ་འཁོར་གསལ་བར་བྱས་པ་བལྟ་སྟེ། དེ་ལས་བྱུང་བའི་བདེ་བ་ནི་གསང་བའི་དབང་ངོ༌། །དེ་ལྟར་ན་གསང་བའི་དབང་བསྐུར་བ་ཐོབ་པས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས། ཤེས་རབ་ཡེ་ཤེས་ཀྱི་དོན་དུ་མཎྜལ་ཕུལ། གསང་དབང་གི་སྐབས་ལྟར་གསོལ་བ་བཏབ། དབང་ཕྱི་མ་འདི་གཉིས་ལ་མིག་དར་འཆིང་བ་མི་མཛད་དོ། །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོས་བདག་ཉིད་ལ་རིགས་དང་མཐུན་པའི་ཕྱག་རྒྱ་གཏད་ལ། བཟང་མོ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱི་བསྔགས། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། རིགས་ཀྱི་བུ་ཁྱོད་ཉོན་ཅིག དེ་ལ་དང་པོ་འཁྱུད་པ་དང་ཙུམ་པ་ལ་སོགས་པ་ཕྱིའི་བྱ་བ་སྣ་ཚོགས་པ་ལས་ཐོབ་པའི་བདེ་བ་ནི་དགའ་བ་དང་པོའོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་མཆོག་ཏུ་དགའ་བའོ། །བསྲུབ་ཅིང་བསྐྱོད་པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་ནོར་བུའི་མགུལ་བར་སོན་པའི་བར་ནི།
ལྷན་ཅིག་སྐྱེས་པའི་དགའ་བའོ། །བདེ་བ་རྒྱུན་ཆད་ཅིང་སྔོན་བདེ་བར་སྣང་བ་དྲན་པ་ནི་དགའ་བྲལ་གྱི་དགའ་བའོ། །དེ་ནས་ཤེས་རབ་མ་ཕྱོགས་ཀྱི་གོས་ཅན་མ་གཅེར་བུར་གནས་པའི་གསང་བའི་ཆུ་སྐྱེས་གསལ་བར་བྱས་ཏེ། ཅི་སྟེ་བུ་ཁྱོད་འདི་སྤྲོའམ། །ང་ལས་མི་གཙང་ལེན་པ་ནི། །བཤང་གཅི་རཀྟ་ཟ་བ་དང༌། །བྷ་གའི་མཐའ་ནས་འཇིབ་བྱེད་དམ། ཞེས་དྲིས་པ་ལ། ཁྱོད་ལས་དམ་ཚིག་བཟའ་བར་ནི། །ཅི་ཡི་ཕྱིར་ན་བདག་མི་སྤྲོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་མི་མོ་ཀུན་གུས་བྱ། །དེས་ཀྱང་བདག་ཉིད་བདེ་བ་ཆེན་པོ་ལ་གུས་པར་རིགས་ནས། ཨཱ་ཧོ་བདག་གི་པདྨ་ནི་བདེ་བ་ཐམས་ཅད་ཡང་དག་ལྡན། གང་ཞིག་ཆོ་གས་བསྟེན་བྱེད་པ། །བདག་ལ་དངོས་གྲུབ་སྩོལ་མཛད་མ། །དལ་བུས་དལ་བུས་རབ་སྦྱོར་བ། །པདྨར་བྱ་བ་ཇི་བཞིན་གྱིས། ཞེས་སྨྲ་ཞིང་ལྟོས་པ་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆེད་དུ་སེམས་རྩེ་གཅིག་ཏུ་གནས་པ་ལས། བདག་ཉིད་བཅོམ་ལྡན་འདས་དང་རིག་མ་ཞེ་སྡང་རྡོ་རྗེ་མར་གྱུར། ཤེས་རབ་ཀྱི་མཁའ་ཞེས་པ་ནས། ཨོཾ་ཨཱ་ཧཱུཾ་ཞེས་པའི་བར་སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས། སྙོམས་པར་ཞུགས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དེ་ནས་འཛག་པར་སེམས་པ་ན། སེམས་གཅིག་པུར་ནི་རེངས་འགྱུར་ནས། །བདེ་བ་བསྐྱེད་བྱེད་མི་གཡོ་བ། །མི་ཚོར་བ་ཡི་སེམས་ཀྱིས་བསྒོམ། །དེ་ལྟར་ན་ཤེས་རབ་ཡེ་ཤེས་དབང་ཐོབ་པས། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱས། དབང་བཞི་པའི་
དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། དངོས་པོ་དང་དངོས་མེད་ཐམས་ཅད་བྲལ་བ་ཤེས་རབ་དང་ཐབས་ཡང་དག་པར་སྦྱོར་བ་བདེ་བ་ཆེན་པོའི་རང་བཞིན་དཔལ་མི་གཡོ་མགོན་པོའི་བདག་ཉིད་ཅན་དགའ་བ་བཞི་གཅིག་པའི་སྐུ། སྲིད་པ་དང་ཞི་བའི་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཐུགས་ཐར་བ་ནི། འདོད་ཆགས་ཆེན་པོ་ལས་སྐྱེ་བར་འགྱུར་ཏེ། འཇིག་རྟེན་པའི་ཆགས་པ་ཟད་པ་ལས་ཟད་པར་གྱུར་པ་མི་གཡོ་བའི་དོན་ཡོངས་སུ་ཤེས་པས་སངས་རྒྱས་ཀྱི་དངོས་གྲུབ་རབ་ཏུ་འགྲུབ་པར་འགྱུར་རོ། །ཞེས་བརྗོད་ཅིང་དེའི་ངང་ལ་མཉམ་པར་བཞག །དེ་ལྟར་ན་དབང་བཞི་པ་ཐོབ་པས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱས་སོ། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾསརྦ་ཏ་ཐཱ་ག་ཏཱ་སིདྡྷི་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭནྡྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། འདིར་ནི་ངས་ཁྱོད་ལུང་བསྟན་བགྱི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །སྲིད་པའི་ངན་འགྲོ་ལས་རབ་བཏོན། ཨོཾ་སརྦ་ཏ་ཐཱ་ག་ཏི་སིདྡྷ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭ། འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།
ཆོས་ཀྱི་གནས་སུ་རྡོ་རྗེ་རིན་ཆེན། པདྨ། ལས་ཀྱི་ཞེས་པ་རྣམས་བཅུག ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོ་མེད་དོགས་དང་བྲལ་བ་ཡི། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ད་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐར་གྲུབ་བོ། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་ཀྱིས། །འགྲོ་བ་བདེ་བ་ཉུང་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང༌།
བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམས་ཏེ སོགས་བརྗཽད། བདུན་པ་ནི་སྤྱི་དང་མཐུན་པར་དམ་ཚིག་གསུམ་གྱི་གླུ་བླངས། །དེ་ནས་ཆོ་གའི་བྱ་བ་རྣམས་ནི་བདག་སྒོམ་པ་དང༌། གཞན་ལ་དམིགས་པ་འབོགས་པའི་ཁྱད་པར་མ་གཏོགས་བདག་འཇུག་གི་སྐབས་དང་འདྲ་བ་ལས། དངཔོ་ཡོལ་བས་བཅད། གསང་གདམས་སོང་མ་ཐག་ཡོལ་བའི་ནང་དུ་བཅུག །ལྷ་ངོ་བསྟན་པའི་སྐབས་སུ་མངོན་རྟོགས་དང་བསྟུན་པའི་རྒྱས་བསྡུད་ཅི་རིགས་པ་བཤད་པ་ལ། དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་བརྗོད་བུད་མེད་ལ་དབང་བསྐུར་བའི་ཚེ། ཅོད་པན་ལ་སོགས་པའི་དབང་རྣམས་འདི་ལྟ་སྟེ། སིནྡྷུ་རའི་ཐིག་ལེ་སྨིན་མཚམས་སུ་བྱིན་ལ། རྒྱལ་སྲིད་ཀྱི་བཙུན་མོ་ཆེན་པོའི་གཟུགས་སུ་དམིགས་ནས་དར་དཔྱངས་བཅིངས་ཏེ། ཨོཾ་བྷ་ག་ཝ་ཏཱི་ཨཱ་བི་ཤ་ཨཱ་བི་ཤ་ཨ་སྱ་ཧྲི་ད་ཡ་ཧཱུཾ་ཕཊ། ཞེས་བརྗོད་པར་བྱའོ། །རལ་གྲིའི་གནས་སུ་ལྕགས་ཀྱུ་གྲི་གུག་བྱིན་ལ། ཨོཾ་ཀརྟི་ཀེ་སརྦ་མཱ་ར་ཎི། མཾ་ས་ཀརྟཱ་ཡ་ཀརྟ་ཡ་ཧཱུཾ་ཕཊ། ཅེས་བརྗོད། ཞགས་པའི་དོད་དུ་ཐོད་པ་བྱིན་ལ། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤ་ཏྲུ་ཎཱཾ། རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད། མིང་དབང་གི་སྐབས་སུ། ཨོཾ་ཤྲཱི་དྭེ་ཥ་བཛྲི་སིདྡྷཱ་སྟྭཾ་ཧཱུཾ་ཕཊ། དེ་བཞིན་དུ་རིགས་ཀྱི་དབྱེ་བས། མོ་ཧ་བཛྲ་སོགས་སྦྱར། འདི་དག་ཏུ་སེར་སྣ་རྡོ་རྗེ་མ་ལ་སོགས་པ་ལྷའི་ང་རྒྱལ་འཕོ་བར་བྱའོ། །སྤྲོས་པ་ལ་དགའ་ན་སྔགས་ཀྱི་རྗེས་གནང་གི་མཐར་མིག་ཐུར་མེ་ལོང་མདའ་གཞུའི་རྗེས་གནང་དང༌། བཞི་པའི་རྗེས་ལ་རིག་མའི་བརྟུལ་ཞུགས་དང་ལུང་བསྟན་གྱི་རྗེས་སུ་ཆོས་བཤད་དང། འཇུག་ཏུ་དབུགས་འབྱུང་རིང་པོ་སོགས་རྡོ་རྗེ་འཕྲེང་བས་ཁ་སྐོངས་མཛད་པ་ཕྱག་ལེན་དུ་སྣང་བ་ཤིན་ཏུའང་ལེགས་པའོ། །གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། །དངོས་ཀྱི་དབང་བསྐུར་བའི་རིམ་པ་ནི་རྒྱུད་
ཉིད་ལས་གསལ་བར་འབྱུང་བ་བཞིན་ནོ། །དབངབསྐུར་བའི་སྔོན་དང་ཐ་མར་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་དང༌། སླར་ཡང་འཇིག་རྟེན་པའི་གཏོར་མས་མཉེས་པར་བྱའོ། །ཕྱི་ནས་དཀྱིལ་འཁོར་ལ་སྔར་བཞིན་དུ་མཆོད་ཅིང་བསྟོད་པ་དང༌། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་བ། བྲིས་སྐུ་ལ་སོགས་པ་གཞན་དང་གཞན་ལ་བརྟན་བཞུགས་བྱས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། ཨོཾ་ཨཱཿཀ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ་ཨ་ཏྱ་ནུཏྤ་ནྣ་ཏྭ་ཏ། ཨོཾ་ཨཱཿཧཱུཾ་མུཿ ཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་འཁྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་ཕྱོགས་ནས་བརྩམས་ཏེ་ཐིག་ལམ་ནས་གཙོ་བོའི་བར་དུ་དབྱེ་ཞིང༌། རྡུལ་ཚོན་ཅུང་ཟད་རང་གི་མགོ་བོར་བླུགས་ནས་པདྨ་ལ་སོགས་པ་རྣམས་དང༌། སྒོ་དང་ཟུར་རྣམས་ནས་དབྱེ་བར་བྱའོ། །དེ་ནས་སྐམ་པའི་ཕྱག་རྒྱས་ཕུར་བུ་ཕྱུང་ལ། ཨོཾ་བཛྲ་ཀཱི་ལོ་ཏྐཱི་ལ་ཡ། སརྦ་ཀཱི་ལ་ན་བཛྲ་དྷ་ར་ཨ་ཛྙཱ་པ་ཡཱ་ཧཱུཾ་ཕཊ་ཧོཿ ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྡྷ་སཱ་དྷ་ནི་སྭཱཧཱ། ཞེས་པས་ཕུར་ཁུང་དུ་འོ་མས་གཏོར། ཕུར་བུའི་ལྷ་གཤེགས་སུ་གསོལ་ཞིང་ཁུང་བུ་བགང༌། དེ་ནས་རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་སྤྱི་དང་འདྲའོ། །རྒྱུད་སྡེའི་རྒྱ་མཚོའི་དབང་བཞིའི་ཡིད་བཞིན་ནོར། །རྡོ་རྗེའི་ཚིག་གི་འོད་ཟེར་ཆེས་གསལ་བའང༌། །མཐའ་དག་སྐྱེ་བོས་ཉེར་སྤྱོད་མ་ནུས་པས། །བློས་ལྡན་དོན་མཐུན་གང་དག་འདིར་ཞུགས་ཀྱེ། །དཀྱིལ་འཁོར་ཆོ་ག་བྲིས་པ་ལས། །བསོད་ནམས་གང་ཞིག་འདིར་ཐོབ་པ། །དེ་ལས་
གཏུམ་པོ་ཁྲོ་བོའི་རྒྱལ། །མི་གཡོ་མགོན་པོ་ཉིད་གྱུར་ཅིག །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རོལ་པ་ཞེས་བྱ་བ་འདི་ནི་དོན་གཉེར་འགའ་ཞིག་གིས་བསྐུལ་བ་དང༌། རྒྱུད་སྡེ་དེ་ཉིད་ལ་མཆོག་ཏུ་མོས་པ་ཆེན་པོས་ཉེ་བར་དྲངས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བརྒྱད་པ་ལ་ཆོས་འཁོར་བསམ་སྟེངས་སུ་སྦྱར་བ་ལས། བློ་དམན་གྱི་དོན་དུ་ཕྱིས་ཅུང་ཟད་འཁྱེར་བདེ་བར་བྱས་པའོ། །དགེ་བས་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་གཏུམ་པོ་ཁྲོ་བོའི་རྒྱུད་ཀྱི་རྒྱལ་པོ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ། །ཞུས་དག། བཀྲ་ཤིས། །