དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད།
དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭཱ་སྟི། གསང་བདག་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ། །བླ་མ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཁོར་བའི་འཇིགས་པ་ཀུན་བཅོམ་ཞིང༌། །ཞི་བའི་མཐའ་ལའང་མི་ལྟུང་བར། །གོ་འཕང་མཆོག་ལ་འགོད་དེར་འདུད། །གང་ཞིག་འགྲོ་རྣམས་སྨིན་ཞིང་གྲོལ་བའི་སླད། །རྡོ་རྗེ་འཛིན་པས་དཀྱིལ་འཁོར་ཆོ་ག་གསུངས། །བླུན་པོ་སྤྱི་བརྟོལ་ཅན་གྱིས་ཡུལ་མིན་ཏེ། །སྔགས་རིག་མཁས་རྣམས་མགུ་བ་འདི་ལ་འཇུག །རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང༌། ཤིང་རྟ་ཆེན་པོའི་གཞུང་རྣམས་ངེས་པར་བསྟེན་དགོས་པའི་ཆོས་ཡིན་ཡང༌། ད་ལྟའི་མཚན་ཉིད་པ་རྣམས་ཀྱི་བྱེད་ཚུལ་ནི། ཚིག་ལ་འཆེལ་ཞིང་གཞུང་དང་ལག་ལེན་རྒྱབ་འགལ་དུ་འགྱུར་པས་རང་གི་ཡུན་རིང་སྦྱངས་པའི་ཆོས་ལ་མ་མགུ་བར་བདུད་རྩིའི་ཟས་
སྤངས་ཏེ། མི་གཙང་བའི་ཟས་ལ་ཁྱི་རྣམས་རྩོད་པ་ལྟ་བུར་གྱུར་པ་དང༌། ཡང་སྒོམ་ཆེན་པར་ཁས་མཆེ་བ་དག་ལྟ་སྐད་མཐོ་མཐོ་པོ་འགའ་ཞིག་གི་ཚིག་ལ་ཞེན་ནས། དཀྱིལ་འཁོར་ལ་སོགས་པའི་ཐབས་ཁྱད་པར་ཅན་རྣམས་རིས་སུ་འབོར་བ་ནི། ཚད་པའི་ནད་མ་སྨིན་པ་ལ་ག་བུར་གྱི་སྨན་བཏང་བ་བཞིན་ཉམས་ཉེས་སུ་གྱུར་པ་དང༌། ཡང་ཁ་ཅིག་སྤྲོས་པ་བྱེད་པ་རྣམས་ལ་རྙེད་བཀུར་འབྱུང་བ་མཐོང་ནས། བརྒྱུད་པ་མེད་ཅིང་ལག་ལེན་ནོར་བའི་ཆོ་ག་བརྫུས་མ་རྣམས་ཀྱིས་བླུན་པོ་མགོ་སྐོར་བ་དང༌། སྒྲ་དང་རྟོག་གེ་སོགས་ལ་ཤེས་འདོད་ལངས་པས་སྒོམ་ཆེན་པའི་རང་ཚུགས་ཞིག་པ་དག་ནི། དཔེར་ན། རྒྱལ་སྲིད་ཀྱི་བྱ་བ་བོར་ནས་ཆང་འཚོང་མའི་ཁྱིམ་རྟག་ཏུ་བསྟེན་པ་དང་མཚུངས་སོ། །དེ་ལྟ་བས་ན་མཁས་འདོད་དང་གྲུབ་པར་རྫུ་བའི་མཐའ་གཉིས་སུ་མ་ལྷུང་བར། ཡང་དག་པའི་ལམ་ལས་འབྲས་བུ་མཆོད་གྲུབ་པར་འདོད་ན། དུས་ཀྱི་ཐ་མ་འདི་ལྟ་བུར་རྡོ་རྗེ་ཐེག་པ་ལ་ངེས་པར་བརྟེན་དགོས་ཤིང༌། དེའི་རྩ་བ་ཡང་ཁུངས་དང༌། བརྒྱུད་པར་ལྡན་ཞིང༌། ལག་ལེན་མ་ནོར་བའི་དབང་གི་ཆོ་གས་
སྨིན་པ་ཅི་དགོས་སོ། །ཞེས་པ་འདི་ཐམས་ཅད་དུ་གོ་བར་བྱའོ། །སྐབས་འདིར་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ལ། དང་པོར་སློབ་མ་རྗེས་བཟུང་ངམ་ལྷ་དང་བླ་མ་ལ་གསོལ་བ་གདབ་ཅིང་སྲུང་བའི་ཆོ་ག་ནི། གཞུང་ཉིད་ལ་རྒྱས་ཤིང་གསལ་བར་ཡོད་པ་ལྟར་ཡིན་ཏེ། དེ་ཡང་སློབ་དཔོན་གྱི་མཎྜལ་བཅས། སློབ་མའི་གསོལ་བ་འདེབས་པ་དང་དྲི་བ་དྲི་ལན་བྱ། མཎྜལ་དེར་ཚོམ་བུ་བཀོད། ལྷ་སྤྱན་དྲངས་ནས་རྒྱུན་བཤགས་ཡན་ལག་བཅུ་པ་ཕྱེད་དུ་འཇུག །བསྲུང་བའི་དོན་དུ། ཨོཾ་ཨ་མྲྀ་ཏ་ཧཱུཾ། ཞེས་པ་བདུད་རྩི་འཁྱིལ་བའི་སྔགས་ཐུང་གི་བཟླས་ལུང་ཙམ་སྦྱིན་པ་ཡིན་ཏེ། འོན་ཀྱང་དེ་དག་ཕྱིས་ལག་ལེན་མི་མཛད་པར་སྣང་བས་གོ་ཡུལ་ཙམ་དུ་བྱས་པས་ཆོག་གོ །གཉིས་པ་བསྙེན་པ་བྱེད་ཚུལ་ཡང་སྤྱི་དང་མཚུངས་ཤིང༌། བུམ་ཆོག་ལ་བརྟེན་ནས་བསྙེན་པ་ཁ་གསོ་བྱེད་པའི་སྲོལ་ཡང་བྱུང་ངོ། །གསུམ་པ་ས་ཆོག་ནི། བརྟག་བསླང་སྦྱང་བཟུང་བསྲུང་བ་སྟེ་ལྔའོ། །དང་པོ་བརྟག་པ་ནི་སྤྱི་དང་འདྲ། གཉིས་པ་ས་བསླང་བ་ནི། གཏོར་མ་མེ་ཏོག་སྤོས་དང་ཏིང་ལོར་བཅས་པ་ཞིག ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་དུ་བྷྲཱུཾ་ལས་བྱུང་བའི་གཏོར་སྣོད་ཀྱི་ནང་དུ། ཨོཾ་ལས་བྱུང་བའི་གཏོར་མ་ཡོ་བྱད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་སརྦ་ས་པཱ་རི་ཝ་རི་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་ནས་བདུན་ལ་སོགས་པའི་བར་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷཱ་ར་སམྦྷཱ་ར་ཧཱུཾ། ལན་བདུན། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས།
ཤཔྟ་ཨཱཿཧཱུཾ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་རྩོལ། ལན་གསུམ་དང་དྲིལ་སིལ་བྱ། དེ་རྗེས་རོལ་ཆེན་དང་བཅས་ཏེ་གཏོར་མ་ཕྱིར་དོར་རོ། །དེ་ནི་སྒོས་ཀྱི་བདག་པོ་ལས་བསླང་བ་ཡིན་ནོ། །དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་མཎྜལ་ཚོམ་བུ་མཆོད་གཏོར་དང་བཅས་པ་བཤམས། བསངས་སྦྱངས། ཊཀྐི་ནི་ཧཱུཾ་ཛ། ཨོཾ་ཧཾ། ལན་གསུམ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས། ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་བྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི། སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱཻ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསུངས་པར་གྱུར། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་བདུན་ལས་ཐོད་པའི་སྣོད་བདུན་གྱི་ནང་དུ་ཧཱུཾ་བདུན་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང༌། གཞན་ཡང་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱིས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གི་བར། ཨོཾ་པྲི་ཐི་བཱི་དེ་བི་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གི་བར་དང༌། གྷཎྜེ་སོགས།
གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། གསུམ། ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ། ཀྱཻ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲི་ཐི་བཱི་དེ་བཱི་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་པར་གྱུར། དེ་ནི་ས་སྤྱིའི་བདག་མོ་ས་ལྷ་ལས་བསླང་བའོ། །གསུམ་པ་ས་སྦྱང་བ་ནི། ཨོཾ་བྷུ་ཁཾ། ནམ་མཁའི་རང་བཞིན་གྱུར། ཧཱུཾ་ལ་ཧཱུཾ། རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་བཟླས་ཏེ་ཡུངས་ཆུ་ཐལ་བ་རྣམས་གཏོར། ས་ཕྱོགས་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སོ། །སྦྱིན་སྲེག་གི་ས་སྦྱང་བ་བྱེད་ན་སྐབས་འདིར་བྱ། བཞི་པ་བཟུང་བ་ནི། ས་ཕྱོགས་འདི་བདག་དཔལ་ཕྱག་ན་རྡོ་རྗེའི་ཉེར་སྤྱོད་ཀྱི་གཞི་ཡིན་ནོ། །ས་ཕྱོགས་འདི་རྡོ་རྗེའི་གདན། ང་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །ས་ཕྱོགས་འདི་
འོག་མིན་གྱི་ཞིང་ཁམས། ང་ཉིད་དཔལ་ཕྱག་ན་རྡོ་རྗེ་ལྷ་བཅོ་བརྒྱད་ཀྱི་བདག་ཉིད་དོ། །ཞེས་བློས་གཟུང་ལ། སློབ་དཔོན་དཀྱིལ་འཁོར་གྱི་ས་གཞིར་འདུག མཆོད་པ་བཤམ། སྤྲོས་པ་ལ་མོས་ན་འོག་ནས་འབྱུང་བ་ལྟར་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། བསྡུ་ན་མཆོད་པ་བྱིན་རླབས་ཙམ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནས་གཟུང༌། །བཟླས་པ་རྫོགས་ཀྱི་བར་བདག་བསྐྱེད་དཀྱིལ་འཁོར་ཀྱི་མངོན་རྟོགས་རྒྱས་པ་ཡོངས་རྫོགས་བསྒོམས། དེ་ནས་ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་སྔར་གྱི་མཆོད་པ་ཁ་གསོས་ཤིང་བྱིན་རླབས་བྱ། སློབ་དཔོན་གྱིས་བསྒོམ་པའི་དཀྱིལ་འཁོར་ལ་ཕུལ་བར་མོས་ཏེ། །ཆུ་གསུམ་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་ཕུལ། ཁྲོ་མོ་བཞིའི་ང་རྒྱལ་དང་ལྡན་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་ཀྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཨོཾ་བཛྲ་ཨུ་དྷིཥྛ། དཀྱིས་འཁོར་ནམ་མཁའ་ལ་བཏེགས་གཙོ་བོའི་ཐུགས་ཀ་
ནས་རང་ཉིད་ཕྱག་གཉིས་པར་སྤྲུལ། ཨ་ཧཾ་བཛྲ་པཱ་ཎི། མིག་གཡས་སུ་མ་ལས་ཉི་མ། གཡོན་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་དུ་གྱུར། ཧཱུཾ་ཧཱུཾ་མང་དུ་བརྗོད། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་རབ་ཏུ་འབར་བ་འདིས། །ལུས་གསུམ་ལས་སྐྱེས་དགེས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །མི་དང་མི་མིན་འབྱུང་པོའི་ཚོགས། །གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་འདུག་གཞན་དུ་དེངས། སུམྦྷ་དྲག་ཏུ་བརྗོད། ཧཱུཾ་ཧཱུཾ་ཞེས་བྱང་ཤར་གྱི་མཚམས་ནས་གཡས་སུ་བསྐོར་བར་བྱའོ། །སྟངས་སྟབས་ལ་སོགས་པ་ཤེས་ཤིང་སྤྲོ་ན་སྐབས་འདིར་བྱེད། གཞུང་ལས། བདེ་མཆོག་ནག་པོ་དཀྱིལ་ཆོག་དང་མཐུན་པར་བཤད། བསྡུ་ན་མེད་ཀྱང་ཆོག་གོ །ཨོཾ་བཛྲ་ཀཱི་ལ་ཡ་སརྦ་བི་གྷ་ནན་བནྡྷུ་ཧཱུཾ་ཕཊ། ཅེས་མང་དུ་བཟླས་པས་ཕུར་བུ་བྱིན་གྱིས་བརླབས། བྱང་ཤར་ནས་བརྩམས་ཏེ་ཕྱོགས་མཚམས་བརྒྱད་དུ་འདེབས་ཏེ། སུམྦྷ་རེ་རེའི་མཐར། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་བཛྲ་དྷ་རོ་ཨ་ཛྙ་པ་ཡ་ཏི། སརྦ་བིགྷྣན་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཚར་རེ་རེ་བརྗོད། ཨ་རྒྷ་ལ་སོགས་པས་མཆོད། སྤོས་འདུག ཡུངས་དཀར་གཏོར། བརྟན་བཞུགས་བྱ། མངོན་རྟོགས་ནས་འབྱུང་བ་ལྟར་དཀྱིལ་འཁོར་ལ་གཏོར་མ་རྒྱས་པར་འབུལ་ལོ། །
རྩ་བའི་ས་བཅད་བཞི་པ་སྟ་གོན་ནི། སྔོན་འགྲོ་གཏོར་མ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཊ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི། ལན་གསུམ། ཕཻ།ཾ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུནྨནྟ། ཨ་པ་སྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེ་ཥྟཾ། བྷུཉྫ་ཐ། པི་ཝ་ཐ། ཛིགྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁ། བི་ཤུདྡྷ་ས་ཧ་ཡི་ཀ །བྷ་ཝཱནྟུ་ཧུཾ་ཧུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། །དྷུ་པ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། ཀླུ་ཡི༴ གནོད་སྦྱིན༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམ་ཅད་དག །འདིར་བཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་མཆིས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་ མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས ་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་
བསམ་གྱིས་མི་ཁྱབ་པ། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་ཀྱིས་བཀའ་དྲིན་བདག་ལ་རྩོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་རྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་བྱ་བ་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕངས་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན།
དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཆོས་སྐྱོང་བའི་སྲུང་མ་ལ་སོགས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག སུམྦྷ་བརྗོད། གནས་ཡོ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ཡིག་ལས་འབྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྱུར་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐའ་ཀླས་པ། དུས་འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་
སྭཱཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ་ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ། ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱཧཱ། ཞེས་གནས་ཡོ་བྱིན་གྱིས་བརླབས། །བར་འདིར་ཚོགས་པ་ཡོད་ཅིང་སྤྲོ་ན་ཞུ་འབུལ་བྱ། དེ་རྗེས་སྐྱབས་འགྲོ་ནས་བརྩམས་ཏེ། །གསང་བའི་བདག་པོ་ཕྱག་གཉིས་པའི་སྐུར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཞེས་པའི་བར་མངོན་རྟོགས་རྫོགས་པར་བསྒོམ་ཏེ། དེ་དག་ནི་སྟ་གོན་གྱི་སྔོན་དུ་བྱ་བའི་རིམ་པའོ། །འདི་ཉིད་ཀྱི་གཞུང་ལས་ཀྱང༌། སའི་ལྷ་མོའི་ཆོ་ག་ལན་ཅིག་ལས་མ་གསུངས་ཤིང༌། བླ་མ་གོང་མ་རྣམས་ས་ལྷ་ས་ཆོག་གི་སྐབས་སུ་སོང་བས་འདིར་མི་དགོས་གསུང་པ་ལྟར་རོ། །སྐབས་འདིར་སྟ་གོན་དངོས་ནི་གསུམ་སྟེ། བུམ་པ་དང་ལྷ་དང་སློབ་མ་སྟ་གོན་ནོ། །དང་པོ་ནི། ལྷ་གྲངས་དང་མཐུན་པར་བྱེད་ན་ཡབ་ཡུམ་མཉམ་སྦྱོར་གྱི་དབང་དུ་བྱས་ནས་དགུ ལས་བུམ་དང་བཅུའོ། །དྲུག་ཏུ་བྱེད་ན་གཙོ་བོ་ལ་གཅིག ཕྱོགས་བཞིའི་ལྷ་ལ་རེ་རེ་དང་ལས་བུམ་མོ། །གསུམ་བྱེད་ན། གཙོ་བུམ་དང༌། ལྷ་ཐམས་ཅད་པ་སྟེ་རྣམ་རྒྱལ་དང༌། ལས་བུམ་མོ། །བསྡུ་ན་བུམ་པ་གཉིས་ཀྱིས་ཆོག་སྟེ་རྣམ་རྒྱལ་དང་ལས་བུམ་མོ། །དེ་ལྟར་ན་བུམ་པ་སྤྱི་དང་མཐུན་པར་བཤམ། གཟུངས་རིང་ཚར་གསུམ་གྱིས་བགེགས་དང་བྱུར་བསལ་ཞིང་བྱིན་གྱིས་བརླབ། །སྭ་བྷ་ཝས་སྦྱངས། སྟོང་པའི་ངང་
ལས་པཾ་པཾ་ལས་སྣ་ཚོགས་པདྨའི་སྟེང་དུ། ཨ་ཨ་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱི་མགུལ་བཅིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བ། རྣམ་རྒྱལ་བུམ་པའི་ནང་དུ། རང་གི་ཐུགས་ཀའི་ཧཱུཾ་ལས་སུཾ་ཞིག་སྤྲོས་ཏེ་རི་རབ་ཏུ་གྱུར། ཧཱུཾ་སྤྲོས་ཏེ་འཁོད་པ་ལས་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་གྱུར། དེའི་ལྟེ་བར་པཾ་ལས་པདྨའི་སྡོང་པོ་པདྨ་འདབ་མ་བརྒྱད་པའི་ལྟེར་བར། བྷྲུཾ་ལས་གཞལ་ཡས་ཁང་ལྷའི་གདན་དང་བཅས་པར་གྱུར། ཏདྱ་ཐཱ་བྷོ་བྷོ་ནས་ཥྱ་ཏི་ཧཱུཾ་ཧཱུཾ། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་ནས་དགའ་བས་བརྒྱན་པའོ། །ཨོཾ་པ་ར་ཀྲ་མ་ནས། བ་ལ་ཡ་ཕཊ། འཁོར་ལོའི་རྩིབས་བཞི་ལ། ཤར་དུ་ཁྲོ་བོ་ཆེན་པོ་ནས། བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཨོཾ་ཧ་ར་ཧ་ར་ནས་ནཱ་ཤ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོ་ཁྱུད་ཀྱི་ནས་འཕྲིན་ལས་མཛད་པའོ། །ལས་བུམ་གྱི་ནང་དུ་ཧཱུཾ་ལས་བདུད་རྩི་འཁྱིལ་བ་ལྗང་ཁུ། ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ཁྲོ་བོའི་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང༌། པད་ཉི་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། བཅོམ་ལྡན་འདས་དང་མཚུངས་པར་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་ལྷ་བཅུ་བརྒྱད་བདུད་རྩི་འཁྱིལ་པ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཨ་མྲྀ་ཏས་བསངས། ཨ་རྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛ་ཧཱུཾ་བཾ་ཧོ། ལྷ་ཐམས་ཅད་ཀྱི་སྤྱིར་བོར་ཟླ་བ་ནས་ཧཱུཾ་མཐིང་ནག་གོ །ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །མི་བསྐྱོད་པ་རེ་རེས་དབུ་རྒྱན་པར་གྱུར། ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོའི་མཐར། ཨོཾ་ཨཱཿཧཱུཾ། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འོད་ཟེར་དམར་པོ་འཕྲོས། བུམ་ནང་གི་ལྷའི་སྐུ་ལ་ཐིམ་པས་འོད་ཟེར་དམར་པོས་ཁྱབ། བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། གཙོ་བོ་ལ་བསྐྱེད་སྔགས་བརྒྱ་རྩ་བརྒྱད་བཟླ་དགོས། འཁོར་གྱི་སྔགས་ཐུང་རྣམས་ཉི་ཤུ་རྩ་གཅིག་རེ་བཟླ་ཟེར་ཏེ་ཅི་བདེ་ཡིན། ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུ་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཉེར་གཅིག་གམ་བརྒྱ་རྩ་བཟླ། གལ་ཆེ་ཤོས་མེད་མི་རུང་ཐུན་མོང་དུ་གཟུངས་རིང་ཉེར་གཅིག་དང༌། །སྙིང་པོ་ཉེ་སྙིང་གཉིས་ཀྱང་ཇི་ལྟར་འོས་པ་བཟླའོ། །བསྡུ་ན་བཟླས་པ་གཞན་སྤངས་ཏེ་རྩ་སྔགས་ཁོ་ནས་ཀྱང་ཆོག་གོ །མཐར་ཨ་བྷི་ཥེ་ཀ་ཏ་བཟླས་ཤིང་གོང་བཞིན་མཆོད་བསྟོད་ཡིག་བརྒྱ་བཟོད་གསོལ་རྣམས་བྱས། ཨོཾ་ཨཱཿཧཱུཾ་ཞེས་བཟླ་ཞིང་དུང་གི་ཆུ་བླུག ལྷ་རྣམས་འོད་དུ་ཞུ་ཞིང་བུམ་ཆུ་ལ་ཐིམ་པར་གྱུར། སྨོན་ལམ་དང་བཀྲ་ཤིས་ཅུང་ཟད་བརྗོད། །གཉིས་པ་ལྷ་སྟ་གོན་ནི། ས་གཞིའམ་མཎྜལ་ལ་ལྷའི་བཞུགས་གནས་ཀྱི་གྲངས་བཞིན་དུ་དྲིལ་བཟང་གི་ཐིག་ལེ་འགོད་དེ། དབུས་སུ་གྲུ་བཞི། གཞན་བཅུ་གཉིས་སུ་ཟླུམ་པོར་བཀོད། མཆོད་
གཏོར་རྒྱ་ཆེར་བཤམ། ཐོབ་ཐང་ལ་དྲི་བཟང་གི་ཐིག་ལེའི་སྟེང་དུ་མེ་ཏོག་ཚོམ་བུར་འགོད་ཅིང༌། །སྔགས་རེ་བརྗོད་རྒྱུ་ཡིན་ཡང༌། ལག་ལེན་མི་བདེ་ན་ཤོམས་ཀྱི་དུས་སུ། ཐིག་ལེ་དང་ཚོམ་བུ་བཀོད་པས་ཆོག་གོ །ས་ཆོག་གི་དཀྱིལ་འཁོར་ནམ་མཁར་བཏེག་ན། དེ་ཉིད་སྤྱན་དྲངས་ཏེ་དམིགས་པས་ཕབ་པ་ཉིད་ཀྱིས་ཆོག །ས་ཆོག་གི་སྐབས་དཀྱིལ་འཁོར་རང་ལ་བསྡུས་པའམ། རྡུལ་ཚོན་ལ་ཡང་ས་ཆོག་མི་བྱེད་པའམ། གལ་ཏེ་རས་བྲིས་ཡིན་ན། དམ་ཚིག་པ་བསྐྱེད་དགོས་ཏེ། གང་ལྟར་ཡང་ས་གཞི་བསངས་སྦྱངས། སྟོང་པའི་ངང་ལས་རང་བཞིན་གྱིས་དག་པའི་རྡོ་རྗེའི་ས་གཞིར་གྱུར། ཏདྱ་ཐཱ། བྷོ་བྷོ་ནས་ཥྱ་ཏི་ཧཱུཾ་ཧཱུཾ། ལན་གསུམ། དཔལ་ཕྱག་ན་རྡོ་རྗེ་དང་ཡུམ་མཛེས་ལྡན་མ་ལ་ཕྱག་འཚལ་ལོ། །པ་ར་ཀྲ་མ་ཡ་ཕཊ། བི་ད་ར་ཎ་ཡ་ཕཊ། ཁྲོ་བོ་བདུད་ལས་རྒྱལ་བ་དང༌། ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཀྲི་ཏཱནྟ་ཡ་ཕཊ། ཀྲོ་དྷ་སཏྭ་ན་ཡ་ཕཊ། ཁྲོ་བོ་གཟི་བརྗིད་འབར་བ་དང༌། ལྷ་མོ་མདངས་ཅན་མ་ལ་ཕྱག་འཚལ་ལོ། །ཀྲི་ཏནྟ་རཱུ་པ་ཡ་ཕཊ། ནཱི་ལ་ཝ་ས་ན་ཡ་ཕཊ། ཁྲོ་བོ་རྔམ་པ་སྒྲ་སྒྲོག་དང༌། ལྷ་མོ་སྒྲ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རོ་ཥ་ཎ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཡ་ཕཊ། ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། ལྷ་མོ་རླུང་འབྱིན་མ་ལ་ཕྱག་འཚལ་ལོ། །ཧ་ར་ཧ་ར། ཧ་ས་ཧ་ས། རྡོ་རྗེ་ལྕགས་ཀྱུ་དང༌། ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། པྲ་ཧ་ར་པྲ་ཧ་ར། དྷ་ར་དྷ་ར། རྡོ་རྗེ་ཞགས་པ་དང༌། ཞགས་པ་མ་ལ་ཕྱག་འཚལ་ལོ། །ཚིནྡྷ་ཚིནྡྷ་མཱ་ར་ཡ་མཱ་ར་ཡ། རྡོ་རྗེ་
ལྕགས་སྒྲོག་དང༌། ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༌། །བྷིནྡྷ་བྷིནྡྷ་ནཱ་ཤ་ཡ་ནཱ་ཤ་ཡ། རྡོ་རྗེ་དྲིལ་བུ་དང༌། དྲིལ་བུ་མ་ལ་ཕྱག་འཚལ་ལོ། །སྔགས་དེ་རྣམས་སོ་སོར་ལན་གསུམ་གསུམ་བརྗོད། ནམ་མཁའ་ནས་འབེབས་པ་ཡིན་ན། སྔགས་དེ་རྣམས་རེ་རེའི་མཐར་ཨ་བེ་ཤ་ཡ་ཨ། ཞེས་བཏགས་པ་ཚར་གཅིག་བརྗོད། ཡེ་ཤེས་སྤྱན་འདྲེན་མི་དགོས། དམ་ཚིག་པ་བསྐྱེད་པ་ཡིན་ན། ཕྱིས་ཡེ་ཤེས་སྤྱན་འདྲེན་དགོས་སོ། །སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས ནས་གདན་རེ་རེ་ཡང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་གསང་བའི་བདག་པོ་ནས་དགའ་བས་བརྒྱན་པའོ། །རྩིབས་བཞི་ལ་ཤར་དུ་ཁྲོ་བོ། ནས་བཅོམ་ལྡན་འདས་མ་དང་མཚུངས་པའོ། །ཤར་སྒོའི་སྒོ་འཁྱུད་ནས་འཕྲིན་ལས་མཛད་པའོ། །དེ་ནས་ཡེ་ཤེས་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཞེས་པ་གཉིས་ཀྱི་གོང་མ་ནས། དབུ་བརྒྱན་པར་གྱུར། ཞེས་པའོ། །དེ་ནས་མཆོད་པ་འབུལ་བ་ནི། བསངས་སྦྱངས་དང་འདོད་ཡོན་ལྔའི་བར་རྣམས་དངོས་གཞིའི་སྐབས་དང་འདྲ་བ་ལས། དེ་རྗེས། ཨོཾ་ཨ་མྲྀ་ཏ་སོགས་ནང་མཆོད་དང༌། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡི་སོགས་བསྟོད་པས་བསྟོད། དངོས་གཞིའི་སྐབས་ཀྱི་བདག་འཇུག་གི་འཇུག་ཏུ་འཆད་པར་འགྱུར་བ་ལྟར། ནང་གཏོར་ཕུལ་ནས། སྙན་གསན་དབབ་པར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་མ་དགོངས་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་
ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་འཛིན་པ་ཞེས་བྱ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་འབྲི། །དེང་འདིར་ཐམས་ཅད་ཀུན་གཤེགས་ཤིག །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། ལན་གསུམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོ་ཅུང་ཟད་བཟླ། ཨོཾ་བཛྲ་ཨུ་དྷིཥྛ་ཧཱུཾ་ཕཊ། ཅེས་ནམ་མཁའ་ལ་བཏེག་གོ །དཀྱིལ་འཁོར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཞུགས་ཤིང༌། ཨཱ་ལི་ཀཱ་ལིའི་འཕྲེང་བས་རྒྱས་འདེབས་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །དེ་ནས་ཡིག་བརྒྱ་བཟླས། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་འོས་པ་བྱ། རྗེས་ཆོག་གཞན་མི་དགོས། གསུམ་པ་སློབ་མ་སྟ་གོན་ནི། འོག་ཏུ་འཆད་པར་འགྱུར་ལ། ལྷ་གནས་ཀྱི་ཉིན་མོ་བྱེད་ན། གཏོར་འབུལ་གྱི་གོང་འོག་གཉིས་དང༌། དཀྱིལ་འཁོར་ནམ་མཁར་བཏེགས་ཟིན་པ་སྟེ། གནས་སྐབས་གསུམ་པོ་གང་དུ་བྱས་ཀྱང་འདྲའོ། །དེ་དག་ནི་སྨར་ཆེན་པོའི་དཀྱིལ་ཆོག་དང༌། རྒྱ་གཞུང་གི་ཡིག་སྣ་ས་བཅད་མཛད་པ་ནས་བརྩམས། ལུགས་འདིའི་བོད་ཀྱི་བླ་མ་རྣམས་དཀྱིལ་ཆོ་ག་གཞན་ཕལ་ཆེར་གུང་མཐུན་པའི་ཕྱག་ལེན་བརྒྱུད་པའི་རིམ་པ་ཡིན་ཞིང༌། དཀྱིལ་ཆོག་སྤྱི་འགྲོ་རྣམས་དང་གོ་རིམ་མཐུན་པའི་ཕྱིར་དང༌། ལག་ལེན་བདེ་བར་ངོས་འཛིན་པའི་ཆོས་འདི་འདྲའི་རིགས་རྣམས་མན་ངག་གཙོ་བོར་བྱེད་པའི་ཕྱིར་དང༌། ལག་ལེན་གྱི་རྒྱུན་ཡིན་པའི་ཕྱིར། ལག་ལེན་ལ་ནི་རིམ་པ་དེ་ལྟར་བྱའོ། །འོན་ཀྱང་གཞུང་གི་དངོས་བསྟན་ལ་ནི་གོ་རིམ་གཞན་དུ་སྣང་སྟེ། དཀྱིལ་ཆོག་སྤྱི་ལ་གྲགས་པའི་ས་ཆོག་དང་སྟ་གོན་འདྲེས་པ་ལྟ་བུར་ཡོད་ཀྱང༌། །རྒྱ་གཞུངདངོས་བསྟན་རང་ལུགས་ལ་ནི་མ་འདྲེས་ཤིང་གོ་རིམ་མ་འཆོལ་བ་སྟེ། དེ་ཡང་དཀྱིལ་ཆོག་འདིར་ས་བརྟག་པ་མི་གསུངས། གནས་ཀྱི་མཚན་ཉིད་གཞུང་གཞན་དུ་བཤད་ཟིན་པ་དང་འདྲ་བར་དགོངས། དེ་ན་སྐབས་
འདིར་བདག་བསྐྱེད་རྒྱས་པ་སྔོན་དུ་སོང་ནས་གཞི་བདག་ལས་ས་བསླང༌། སྦྱང་བ་ལ་ལས་དང་སྔགས་དང་སྦྱིན་སྲེག་དང༌། མཚན་མ་མེད་པས་སྦྱང་བའོ། །ཞེས་གསུངས། དང་པོ་ལ་ལྟོ་འཕྱེ་བ་རྟག་ཅེས་ཤོ་ལོ་ཀ་གཅིག་གིས་རྒྱས་བཤད་ཡོད། གཞན་རྣམས་ལ་རྒྱས་བཤད་མ་མཛད་དེ་དོན་གོང་དུ་བཤད་པ་བཞིན་ནོ། །ས་བཟུང་བ་ལ་བློ་དང་ལྷ་ཡིས་ས་བཟུང་ངོ༌། །ཞེས་འབྱུང༌། དང་པོ་དཀྱུས་སུ་བཤད་པ་བཞིན་ཡིན། ལྷ་ཡི་ས་བཟུང་བ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་ཐོད་པའི་སྣོད་བཞག །ལྷ་ཚོགས་ཀྱི་སྔགས་བརྗོད་བཞིན་དུ། དེར་མེ་ཏོག་དོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་བྱོན་ནས། ས་གཞི་བདག་གིར་མཛད་པར་བསམ་མཆོད་བསྟོད་ཅིག་བྱས་ལ་མི་དམིགས་པར་བསམས། དཀྱུས་ཀྱི་ས་གཞི་ནི་རྡོ་རྗེ་གདན་ཞེས་སོགས་ལའང་འདིའི་དོན་ཚང་བ་ཙམ་ཡིན། གཞུང་དངོས་ལས། བཟུང་བ་གཉིས་ལའང་རྒྱས་བཤད་མ་བྱུང་ངོ༌། །དེ་ནས་སྐབས་འདིར་དཀྱིལ་འཁོར་གྱི་ས་གཞི་ལ་བུམ་པ་རྣམས་བཤམས་ཏེ། ལྷའི་སྐུ་མདོག་དང་མཐུན་པའི་མཎྜལ་བྲིས་པའི་སྟེང་དུ་འགོད་པ་སོགས་ཡོད། བུམ་སྒྲུབ་ངོ་བོ་དཀྱུས་དང་འདྲ། དཀྱིལ་འཁོར་གྱི་ས་གཞིའི་སྟེང་དུ་བུམ་པའི་ལྷ་ཚོགས་འགོད་པ་ཉིད་དཀྱིལ་འཁོར་གྱི་ལྷས་ས་བཟུང་བའང་ཡིན། བུམ་སྒྲུབ་འདི་ཁོ་ནས་ཆོག་ལ་དགོངས་ནས། །སྟ་གོན་གྱི་སྐབས་སུ་མ་བཤད་དོ། །ས་སྲུང་བ་ནི། དཀྱིལ་འཁོར་གྱི་ས་གཞིར་བདག་བསྐྱེད་རྫོགས་པར་བསྒོམ། དཀྱིལ་འཁོར་ནམ་མཁར་བཏེག བདག་ཉིད་ཕྱག་གཉིས་པའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ་དང༌། སྟང་སྟབས་ཐུན་མོང་གི་སྲུང་འཁོར་ཙམ་གསུང་ཏེ། དྲ་བ་ར་བར་གྱུར་པའོ། །ཞེས་པ་ཡན་ཆད་ས་ཆོག་ཡིན། དེ་ནས་སའི་ལྷ་མོའི་ཆོ་ག་གསུངས་པ་ནི་ས་ལྷ་སྟ་གོན་ཡིན་ལ། འདིས་དོན་འགྲུབ་པར་དགོངས་
ནས་ས་ཆོག་གི་སྐབས་སུ་ས་ལྷའི་ཆོ་ག་མེད། བོད་ཀྱི་བླ་མ་རྣམས་འདི་ལ་གོ་ཟློག་སྟེ་འཆད། དེ་ནས་སློབ་དཔོན་གྱིས་མཆོད་པ་དང་བཅས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། ཞེས་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྙན་མནན། སློབ་དཔོན་གཙོ་བོར་གསལ་བ་ལ། ཕྱོགས་བཞིའི་གསོལ་འདེབས་བྱེད། དེ་རྗེས་ལྷ་སྟ་གོན་དངོས་ནི། ནམ་མཁའི་དཀྱིལ་འཁོར་ཕབ། ཡེ་ཤེས་པ་སྤྱན་འདྲེན་སོགས་བྱེད་པའོ། །དེའི་འཕྲོས་ལ་གསལ་ཁ་མ་བྱུང་ཡང། ཐིག་ཚོན་གྱི་སྔོན་དུ་དཀྱིལ་འཁོར་ནམ་མཁར་འདེགས་པ་བཤད་པ་སྐབས་འདིར་བླངས་ཀྱང་རུང༌། གཞུང་གི་དངོས་བསྟན་ནི། ལྷ་རྣམས་བཞུགས་བཞིན་པ་ལ་སྔར་བསྒྲུབ་པའི་བུམ་པ་རྣམས་སྤྱན་དྲངས་ཏེ་བཟླས་པ་དངམཆོད་བསྟོད་བྱས། ལས་བུམ་གྱིས་གནས་དང་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་ཙམ་བྱའོ། །དེ་ནས་ཡོལ་བས་བཅད་དེ། དེ་ནུབ་མཆོད་པ་མཚན་ཐུབ་ཡོད་པར་བྱེད། སྙན་གསན་དབབ་པ་མ་གསུངས་མོད། གསང་བ་སྤྱྀ་རྒྱུད་ལས་འབྱུང་བས་བྱས་ཀྱང་ལེགས། གང་ལྟར་ཡང་ནང་པར་སྔ་བར་མཆོད་བསྟོད་བྱས་ནས་དཀྱིལ་འཁོར་ནམ་མཁར་འདེགས། དེ་ནས་ཐིག་ཚོན་གྱི་ལས་རྣམས་བྱའོ། །བུམ་པ་སྟ་གོན་གྱི་སྐབས་འདིར་བསྙེན་པ་རྫོགས་པའི་བུམ་པ་ལ། ཞེས་པའི་ཚིག་འབྱུང་བས། བུམ་སྒྲུབ་ལ་བརྟེན་ནས་བསྙེན་པ་ཁ་གསོ་བྱེད་པར། ཟུར་གྱིས་བསྟན་པར་མངོན་ཡང༌། ས་བཟུང་བ་དང༌། སྲུང་བའི་བར་དུ་བསྙེན་པ་ཡོད་དོན་མེད་པས། གཞུང་གི་དཀྱུས་སུ་བཤད་པ་དེ་ནི་ལྷ་ཡིས་ས་བསྲུང་བ་ཡིན་གྱི་བསྙེན་པ་མིན་ནོ། །འོ་ན་གཞུང་དུ། དེ་ནས་བུམ་པའི་སྙིང་པོ་ནི། །འབུམ་ཚོ་གཅིག་ཏུ་བསྙེན་པ་འབུལ། །དུས་དང་གྲངས་དང་མཚན་མ་ཡི། །ཐུན་མཚམས་སྦྱོར་བ་རེ་རེ་ལ། །གཙོ་བའི་བསྙེན་པ་བརྒྱ་རུ་འབུལ། །འཁོར་ལ་
ལྔ་བཅུ་རིམ་གྱིས་འབུལ། ཞེས་འབྱུང་བའི་ཕྱིར། བུམ་བསྙེན་བསྟན་པ་ཡིན་སྙམ་ན། བསྙེན་པ་བརྒྱ་རུ་འབུལ་ཞེས་པ། བཟླས་པ་དང་བསྙེན་པའི་དབྱེ་བ་མ་ཕྱེད་པས་སྐྱེ་བོ་བླུན་པོའི་ཁ་རྒྱུགས་ཤོར་འདུག་ཅིང༌། གཞིའི་བསྙེན་པ་ཡིན་ན་བུམ་པ་ལ་བརྟེན་པ་མི་འཐད། སློབ་མའི་བསྙེན་པ་ཁ་གསོར་གྲགས་པ་དེ་ཡིན་ན་དུས་དང་ཞེས་པ་མི་འཐད། །འདིར་འབུམ་དང་བརྒྱ་དང་ལྔ་བཅུ་ཞེས་འབྱུང་བ། གོང་དུ་འཕྲེང་བའི་སྔགས་ནི་རྩ་གཅིག་བཟླས། ཞེས་པ་དང་འགལ་ཞིང༌། བུམ་པའི་སྙིང་པོ་ངོས་གཟུང་དུ་མེད་པ་སོགས་ཚིག་དོན་གཉིས་ཀ་མི་ལེགས་པ་ཁོ་ནར་སྣང་བས། རང་བཟོ་མཁན་གྱིས་ལྷད་བཅུག་པའི་ཚིག་ཡིན་པར་མངོན་ནོ། །འོག་ཏུ་བསྙེན་པ་རྫོགས་པའི་བུམ་པ་ལ་ཞེས་པ་ཡང༌། བསྙེན་པ་དང་དབང་གི་བུམ་སྒྲུབ་གཉིས་པོ་ཆོ་ག་འདྲ་བའི་དོན་ཡིན་པས། བུམ་པ་ལྟར་ཞེས་པའི་དོན་དུ་འཆད་དགོས་སོ། །གཞན་དུ་ན། བྱིན་གྱིས་བརླབ་ལ་སོགས་པ་ནས། ཞེས་གསུངས་པས། བུམ་བསྙེན་གྲུབ་པ་ལ་སླར་བྱིན་གྱིས་བརློབ་མི་དགོས་པའི་ཕྱིར་དང༌། བུམ་བསྙེན་གྱི་བུམ་པས་ཕྱིས་དབང་བསྐུར་ན་ཧ་ཅང་ཐལ་ཞིང༌། བུམ་བསྙེན་བྱེད་པའི་ལག་ལེན་གཞན་ཀུན་དང་ཡང་འགལ་བའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་བསྙེན་པ་རྫོགས་པའི་བུམ་པ་ལ་བྱིན་གྱི་བརླབ་ལ་སོགས་པ་ནས། མཆོད་པ་ཡན་ཆད་རྫོགས་པར་བྱ། ཞེས་པ་འདི་ཡང༌། དེ་ནས་བུམ་པའི་སྙིང་པོ་ནི། སོགས་ཀྱི་གཞུག་འཐུད་པའི་ཕྱིར་རང་བཟོར་བཅུག་པ་མིན་ན་རུང་སྟེ། ཞེས་བརྟག་པར་ཡང་བྱའོ། །ཡང་ཁ་ཅིག་འདི་སྙམ་དུ་གཞུང་གི་དངོས་བསྟན་གྱི་གོ་རིམ་འདི་ཁོ་ན་བཞིན་བྱེད་བ་ནི་མི་རུང་སྟེ། ཕྱོགས་བཞི་གསོལ་བཏབ་ནི། ས་ཆོག་གི་སྐབས་བགེགས་ལ་བཀའ་བསྒོ་བའི་སྔོན་དུ་དགོས་ཀྱི། སྟ་གོན་གྱི་སྐབས་སུ་མི་རུང་ངོ་སྙམ་ན་དཀྱིལ་ཆོག་གཞན་དང་བསྟུན་ན་དེ་
སྐད་ཅེས་སྨྲ་བ་བདེན་དུ་རུང་ཡང༌། འདི་དང་དཀྱིལ་ཆོག་གཞན་ལ་སྐབས་འདི་དག་ཏུ་མི་འདྲ་བ་ཆེར་ཡོད་པས་ལུགས་ཐ་དད་ཉིད་ཀྱི་ཕྱིར། དེ་དེ་འགོད་པར་མི་ནུས་སོ། །ཕྱོགས་བཞི་གསོལ་གདབ་འདི་གང་ནས་བཤད་པའི་རྩ་བར་རང་གི་ཁུངས་ནི། །དཔལ་གསང་བ་འདུས་པའི་ལེའུ་བཞི་པ་ཡིན་ལ། དེར་ནི་གསོལ་བ་བཏབ་པའི་རྗེས་སུ། དཀྱིལ་འཁོར་འབྲི་བ་དང་སྒྲུབ་ཅིང་མཆོད་པ་ཙམ་ཞིག་གསུངས་ཀྱི། ས་ཆོག་གི་སྒོས་ཆོས་ཡིན་པར་གསུངས་པ་མེད་པས། རྩ་བའི་ཁུངས་རྒྱུད་དང་ནི་མི་འགལ་ཏེ། འདིར་ཡང་དཀྱིལ་འཁོར་འབྲི་བའི་སྔོན་དུ་བྱེད་པས་སོ། །དེ་ལ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པ་ནི། དཀྱིལ་འཁོར་སྤྲུལ་ཞིང་བཤད་དུ་གསོལ། ཞེས་པ་ཡིན་ན། འདིར་ལྟ་སྟ་དགོན་ནས་བརྩམས་ཏེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྤྲུལ་པ་ཡིན་པར་དགོངས་པས་དེ་དང་སྦྲེལ་བ་ཡིན་གྱི་དོན་མེད་དུ་བཀྲུགས་པ་ནི་མ་ཡིན་ནོ། །དེས་ན་དཀྱིལ་ཆོག་རྒྱ་གཞུང་གི་དངོས་བསྟན་ཁོ་ན་ལ་གོ་རིམ་བསྒྱུར་བ་མེད་པར་ལག་ལེན་བྱས་ན་ཡང་འདི་ཉིད་ཀྱི་རང་ལུགས་ཡིན་པའི་ཕྱིར་ལེགས་སོ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །གྲུབ་ཐོབ་ཛ་བ་རི་པ་རང་གི་དགོངས་པའང་ཁོང་རང་གི་གཞུང་གི་དངོས་བསྟན་ཉིད་ཡིན་དགོས་ཏེ། རྒྱུད་རྣམས་སུ་ནི་ཆོ་གའི་རིམ་པ་འཐོར་ཐབས་དང་འཁྲུགས་ཅན་དུ་འབྱུང་བ་ཡིན་གྱི། དགོངས་འགྲེལ་གྱི་བསྟན་བཅོས་ཆོག་སྒྲིགས་སུ་བསྒྲིགས་པ་འདི་དག་ནི་འཐོར་བ་བསྡུས་འཁྲུགས་པ་བསལ་ཟིན་པ་ཡིན་པས། འདི་དག་ལའང་འཁྲུགས་སྡེབས་དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། བོད་དུ་བྱས་པའི་དཀྱིལ་ཆོག་རྣམས་ལའང་འཁྲུགས་སྡེབས་དགོས་པར་མི་འགྱུར་རམ། ཡང་གཞུང་འདི་ཉིད་ཁོ་ནའི་དབང་དུ་བྱས་པ་ལ་ཡང་ས་ཆོག་དང༌། སྟ་གོན་འཁྲུགས་ཅན་དུ་ཡོད་ན་སློབ་མ་དབང་བསྐུར་ལ་ཡང་ཡོད་དགོས་པ་ལས། སློབ་མ་སྟ་གོན་གྱི་རིམ་
པ་དང༌། དངོས་གཞི་དབང་བསྐུར་ལ་དངོས་བསྟན་གྱི་གོ་རིམ་བཞིན་བྱེད་དུ་རུང་བའི་ཕྱིར། ས་ཆོག་དང་སྟ་གོན་ལ་ཡང་རུང་བ་ཉིད་དེ་རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་སོ། །དེས་ན་གཞུང་གི་དངོས་བསྟན་མི་རུང་ངོ་ཞེས་སྨྲ་བར་མི་བྱ་ལ། གཞུང་གི་དངོས་བསྟན་ཀྱང་བྱ་རུང༌། སྒྱུར་བྱེད་ལོ་པཎ་གཉིས་ཀྱི་མན་ངག་འདི་ཡང་རུང༌། འོན་ཀྱང་ད་ལྟ་བྱིན་རླབས་འབྱུང་བའི་རྒྱུན་ཡོད་བཞིན་པ་ཡིན་པས་ལོ་པཎ་གྱི་མན་ངག་ལུགས་ལ་ལག་ལེན་བྱེད་ཟེར་ན་ལེགས་པ་ཡིན་ནོ། །ཛ་བ་རི་པ་རང་གི་མན་ངག་ནི་ཁོང་རང་གི་གཞུང་ལྟར་བྱེད་པ་ཉིད་ལས་གཞན་འོས་མེད་ཀྱང་ཕྱིས་ལོ་པཎ་རྣམས་ཀྱིས་ཀྱང་གནང་བ་ཐོབ་པར་ཤེས་པར་བྱའོ། །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ནི། ནང་པར་སྔ་བར་ཐིག་ཚོན་རྣམས་འདུས་བྱས། ཚོན་ལྔ་པོ་ལ་རིགས་ལྔའི་ས་བོན་བྲིས། དབུས་སུ་སྔོན་པོ་ཤར་དུ་དཀར་པོ་སོགས་འགོད། ཚོན་གྱི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་སྐུད་ཀྱང་འཇོག་སྟེ། བྱིན་རླབས་ཕྱོགས་གཅིག་ཏུ་བྱེད་པའི་ལུགས་སུ་འདུག སྤྱིར་གཞུང་རྣམས་ལས་སོ་སོར་བྱིན་རླབས་བྱེད་པར་གསུངས་ཤིང༌། འདི་ཉིད་ཀྱི་གཞུང་ལས་ཀྱང་གསལ་མོད། ཕྱོགས་གཅིག་ཏུ་བྱེད་པའི་ལག་ལེན་ཀ་མང་བར་བྱུང་འདུག བླ་ཆོས་སུ་ཐལ་བའི་ཉེས་སྐྱོན་ཅུང་ཟད་ཡོང་སྲིད་ནའང་རྣམ་པ་གཅིག་ཏུ་ན་འགལ་བ་ཆེར་མེད་དོ། །མཆོད་པ་ལྔ་དང་ནང་མཆོད་བཤམ། དཀྱིལ་འཁོར་ཆེན་པོའི་མངོན་རྟོགས་གཏོར་ཆོག་དང་བཅས་པ་སོང་ན་ལེགས། མིན་ནའང་རང་སྐད་ཅིག་གིས་གཙོ་བོར་བསྐྱེད་ནས་བཟླས་པ་ཅུང་ཟད་བྱ། ཐིག་ཚོན་ཨ་མྲྀ་ཏས་བསངས། སཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཐིག་ཚོན་སྔོན་པོ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཐིག་ཚོན་དཀར་པོ་ཨོཾ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཐིག་ཚོན་སེར་པོ་ཏྲཾ་ལས་རིན་
ཆེན་འབྱུང་ལྡན་གསེར་མདོག་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཐིག་ཚོན་དམར་པོ་ཧྲི་ལས་འོད་དཔག་མེད་བྱི་རུའི་མདངས་ཅན་པདྨ་དང་དྲིལ་བུ་འཛིན་པ། ཐིག་ཚོན་ལྗང་ཁུ་ཁཾ་ལས་དོན་ཡོད་གྲུབ་པ་མརྒད་འོད་ཅན་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རང་སྣང་གི་ཡུམ་གྱིས་འཁྱུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་རྒྱལ་བ་རིགས་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། མཆོད་པ་རྣམས་བྱིན་གྱིས་རླབས། ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ། བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར་ནང་མཆོད་སྔར་བྱིན་རླབས་མ་བྱས་ན་འདིར་བྱེད། ཧཱུཾ་ཨོཾ་ཏྲཾ་ཧྲིཾ་ཁཾ། ཨོཾ་ཨཱཿཧཱུཾ། ཞེས་ལན་གསུམ་གྱིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། སོགས་དེ་ཉིད་ལྔ་པས་བསྟོད། ཧཱུཾ་ཨོཾ་ཏྲཾ་ཧྲིཾ་ཁཾ། ཞེས་ལན་ཉེར་གཅིག་གམ་བརྒྱ་རྩ་སོགས་ཅི་ལྟར་འོས་པ་བཟླས། རྒྱལ་བ་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་ཚོན་རྣམས་སུ་གྱུར། ཐིག་སྐུད་རྣམས་ཕྱོགས་གཅིག་ཏུ་བཞག་ལ་བརྐྱང༌། ཨོཾ་བཛྲ་སུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ལན་མང་དུ་བརྗོད། རྡུལ་ཚོན་མཐེབ་སྲིན་གྱིས་མཉེ་ཞིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། མང་དུ་བརྗོད། སློབ་མ་རྡོ་རྗེ་ལྷ་མོ་མཛེས་ལྡན་མར་གྱུར། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨ་པ་རསྤ་ར་ཨ་ནུ་པྲ་
པྲིཥྟ་སརྦ་དྷརྨཿ ཨརྻནྟ་ཨ་ནུ་པྲ་པྲིཥྟ་སརྦ་དྷརྨཿཧཱུཾ། ཞེས་ཐིག་སྐུད་བསྒྲིལ་ལོ། །འདི་ཉིད་ཀྱི་གཞུང་ན་སྔགས་འདིའི་གསལ་ཁ་མེད་པས་སྔགས་འདི་བྱེད་ཕྱིན་སྤྱི་དང་མཐུན་པར་བྱེད་པ་ལེགས་སོ། །དེ་ནས་ཛྫ་ཛྫ་ཞེས་ཐིག་སྣ་སློབ་མ་ལ་གཏད༌། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱེད་ཀྱིས་འགྲོ་དོན་མཛད་དུས་ལགས། །ཐིག་སྐུད་སྒྲ་ཡིས་བསྐུལ་ནས་ནི། །ཐམས་ཅད་འདིར་ནི་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུཾ་སྭཱཧཱ། ཞེས་ཐིག་ཆེན་བརྒྱད་པོ་སྟེང་དང་འོག་ཏུ་གདབ། ནུབ་ཤར་ལྷོ་བྱང་མེ་དབང་དང༌། །རླུང་སྲིན་རླུང་དབང་མེ་སྲིན་པོ། །མེ་རླུང་སྲིན་འབྱུང་ཞེས་བྱའོ། །དེའི་རྗེས་སུ་ལས་ཐིག་རྣམས་བཏབ། སྙིང་པོ་བཟླ་བཞིན་དུ། སློབ་དཔོན་གྱིས་དང་པོར་དབང་ལྡན་གྱི་རྩིག་པ་ནས་འབྲི་སྟེ། དེ་ནས་གཞན་རྣམས་ཀྱིས་བགྱི་སྟེ་སྤྱི་དང་འདྲའོ། །འདི་དག་ནི་གཞུང་ལ་ཁ་འགེངས་བྱས་པ་མན་ངག་གི་ལུགས་ཡིན་ནོ། །གཞུང་གི་དངོས་བསྟན་ནི། ཐིག་སྐུད་ལ་ཡེ་ཤེས་ཀྱི་ཐིག་སྐུད་སྟིམ་པ་ཙམ་དང༌། ཐིག་སྣ་འདྲེན་པ་དང༌། ཨོཾ་ཨཱཿཧཱུཾ་སྭཱཧཱ་ས་ཐིག་འདེབས་པ་དང༌། རྡུལ་ཚོན་སྟོང་པའི་ངང་ལས་ཡིག་འབྲུ་ལྔ། ཡེ་ཤེས་ཀྱི་རྡུལ་ཚོན་སྤྱན་དྲངས་ཏེ་བསྟིམས་པས་རྡུལ་ཚོན་དུ་གྱུར། དེ་ནས་ཚོན་འགྱེད་པ་ཙམ་མ་གཏོགས་མ་གསུངས། རྡུལ་ཚོན་རིགས་ལྔའི་ས་བོན་ལས་བསྐྱེད་པར་གསུངས་པས། ཐིག་སྐུད་ཀྱང་རིགས་ལྔའི་ས་བོན་ལས་བསྐྱེད་པ་ཙམ་གོ་བར་ནུས། ཁ་འགེངས་མ་བྱས་པར་གཞུང་གི་དངོས་བསྟན་འདི་ཁོ་ནས་ཀྱང་ཆོག་པར་སེམས་སོ། །བྲིས་ཟིན་ནས་ཐིག་ཚོན་གྱི་ལྷག་མ་ལ་མཆོད་བསྟོད་གཤེགས་གསོལ་བྱ་སྟེ་སྤྱི་དང་འདྲ། དེ་ནས་རྒྱན་སྣ་ཚོགས་དགྲམ་སྟེ། ས་སྟེགས་ཀྱི་གྲྭ་བཞི་ལ་རལ་གྲི་དང༌། མདའ་དང༌། མེ་ལོང་རྣམས་བཞི་བཞི་འགོད་པར་བཤད། གོང་བཞིན་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ།
སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་རྣམས་སྔོན་དུ་འགྲོ་བའི་སྒོ་ནས། སྒྲུབ་ཐབས་ལྟར་བདག་བསྐྱེད་རྫོགས་པར་བསྒོམ་སྟེ། བཅོམ་ལྡན་འདས་མ་ཡང་གཙོ་བོའི་ཐུགས་ཀར་བསྡུ། ཞལ་ཕྱག་ལྷག་མ་རྣམས་ཀྱང་རྩ་བའི་ཞལ་ཕྱག་ལ་ཐིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། རོལ་མོའི་སྒྲ་དང་བཅས་ཏེ་དང་པོ་བུམ་པ་འགོད། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན་རང་རང་གི་གནས་སུ་འགོད་པར་བཤད་ཀྱང༌། །ལག་ལེན་མི་བདེ་བས་སོ་སོར་འཇོག་པའི་སྟང་ཀ་ཙམ་བྱས་ལ། གཙོ་བོའི་བུམ་པ་ཤར་སྒོའི་གཡས་ལ་ཉེ་བ་དང༌། གཞན་རྣམས་རང་རང་གི་ཕྱོགས་དང་འབྲེལ་བར་ཕྱི་རོལ་དུ་འགོད། བུམ་པ་གཉིས་ཀྱི་ཕྱོགས་ལ་རྣམ་རྒྱལ་བུམ་པ་ཤར་སྒོའི་གཡས་སུ་འགོད་ཅིང་ལས་བུམ་ནི་རྣམ་པ་ཀུན་ཏུ་བྱང་ཤར་དུའོ། །ཡང་གོ་སྐབས་དོག་པས་འགོད་སྟབས་མི་བདེ་བ་དང༌། རས་བྲིས་ཀྱི་ཕྱོགས་ལ་ནི་སྟེགས་བུ་གཞན་ལ་བཞག་པས་རུང་བའི་ཕྱིར། བུམ་པ་འགོད་པའི་ཆོ་ག་འདི་ངེས་པར་དགོས་པའང་མ་ཡིན་ནོ། །དེ་རྗེས་མདུན་གྱི་དཀྱིལ་འཁོར་ལ་དམིགས་ནས། བགེགས་སྦྱང་བ་གསུམ་དང༌། སྡིག་སྒྲིབ་སྦྱང་བ་དང༌། ལས་བུམ་གྱིས་ཁྲུས་གསོལ་བྱེད་པ་རྣམས་སྤྱི་དང་མཐུན་པར་བྱ། གཞུང་དུ་ཚོགས་གསོག་གཉིས་བྱེད་པར་གསུངས་པ་ནི། དངོས་གཞིའི་ཐོག་མར་བདག་བསྐྱེད་རྒྱས་པ་མི་བྱེད་པ་ལ་དགོངས། དེ་ཡང་ནུས་པ་དང་ལྡན་པའི་སློབ་དཔོན་གྱི་དབང་དུ་བྱས་ནས། དཀྱིལ་ཆོག་རྒྱ་གཞུང་ཕལ་ཆེར་ལ་ཡང་བདག་བསྐྱེད་རྒྱས་པ་མེད་མོད་ཀྱང༌། །བྱིན་རླབས་འཇུག་པའི་ཁྱད་ཆེ་བའི་ཕྱིར་དང༌། དཀྱིལ་འཁོར་ཕལ་ཆེར་གྱི་ད་ལྟའི་ལག་ལེན་ལ་བདག་བསྐྱེད་རྒྱས་པ་ཡོད་པ་ལྟར་འདིར་ཡང་སྟེ། དེས་ན་ཚོགས་བསགས་གཉིས་དང༌། དེ་ནས་བདག་ཉིད་ཧཱུཾ་དུ་བསམ། ཞེས་པ་སྐབས་འདིར་བསྒོམ་
མི་དགོས་སོ། །མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། ཨོཾ་ཤུ་ནྱ་ཏ་སོགས། རང་གི་ཐུགས་ཀ་ནས་རཾ་ཆད་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་བསྣོལ་མ་ཆད་པ་ལས་ཞེས་པ་ནས། གདན་རེ་རེའང་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་ཡིག་ཞུ་བ་ལས་བྱུང་བའི་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་དེ་རྣམས་གཅིག་ཏུ་འདྲེས་པ་ལས། ལྷ་མཚན་གཙོ་བོ་ཡབ་ཡུམ་གྱི་རྣམ་པར་གྱུར། སྒོ་འབྱེད་པའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་དྷ་ར་ཨུཏ་གྷ་ཊ་ས་མ་ཡ་ཧཱུཾ། ལན་བཞི་སྒོ་བཞི་རང་བྱེ་བར་གྱུར། རང་ཉིད་གཞལ་ཡས་ཁང་ཆེན་པོའི་ཤར་སྒོ་ནས་ཞུགས་ཏེ། དབུས་ཀྱི་མཚན་མའི་ལྷ་དང་གཉིས་སུ་མེད་པར་གྱུར། ཡབ་ཀྱི་གསང་གནས་ཧཱུཾ་ལས་ཞེས་པ་ནས། མདངས་ཅན་གྱི་ཕུང་པོར་གྱུར། དེ་ཉིད་ཆ་བཅོ་བརྒྱད་དུ་གྱུར། དབུས་ཀྱི་ཆ་གཉིས་ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པར་གྱུར། ཟླ་བ་རྡོ་རྗེ་དང༌། ཉི་མ་ཐོད་ཁྲག་ཏུ་གྱུར། ཐོད་ཁྲག་གི་ནང་དུ་རྡོ་རྗེ་ཕྱེད་ནུབ་ཙམ། དེ་ལས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡུམ་ལྷ་མོ་མཛེས་ལྡན་མའི་འཁྱུད་པའི་སྐུར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཕཊ། མཁའ་ནང་ནས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། སླར་འདུས་ཤིང་གཅིག་ཏུ་འདྲེས་པ་རང་ཉིད་ལ་ཐིམ་པ་ནི། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་གངྒཱའི་ཀླུང་ཞེས་པ་ནས།དགའ་བས་བརྒྱན་པའོ། །འཁོར་གྱི་ལྷ་ཚོགས་རྣམས་ལ་མཛད་པ་མི་དགོས། བདག་སྐྱེད་ལྟར་སྤྲོ་བ་ཡིན་
པས། བྱང་ཆུབ་ཀྱི་སེམས་ཆ་བརྒྱད། ཐིག་ལེ་དཀར་དམར་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་བཞིར་གྱུར། ཞེས་པ་ནས། གཡོན་བརྐྱང་བས་གནས་པའོའི་བར་དང༌། དེ་ལྟར་འཁོར་བཅོ་བརྒྱད་པོ་ཐམས་ཅད་ཀྱང་ནི་ཡི་གེ་འབྲུ་གསུམ་ལ་ཐིམ། ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་གོང་བཞིན། ཨ་མྲྀ་ཏས་བསངས། གོང་བཞིན་མཆོད་ནས། ཛཿཧཱུཾ་བཾ་ཧོཿ སྒྲུབ་མཆོད་ཞག་སྦྲེལ་གྱི་ཉི་མ་ཕྱི་མ་རྣམས་ལ་མི་དགོས། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནས། མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་གྱུར། ཞེས་པའི་བར་བདག་བསྐྱེད་བཞིན་ལས། བདག་ལ་རིགས་ཤེས་པར། ཞེས་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་རིགས་ཤེས་པ། ཞེས་འདོན་པ་སྤོ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། རང་ཉིད་ཕྱག་གཉིས་པའི་རྣམ་པ་ཅན་དུ་ཡོངས་སུ་བྱེ་སྟེ། དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཕྱོགས་སུ་གནས་པས་མཆོད་པའི་ལས་མཛད་པར་འགྱུར། ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ནས་ཤཔྟ་ཨཱཿཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤཱ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། ཧཱུཾ་རབ་མཆོག་བདུད་རྩི་ཨརྒྷའི་རྒྱུན། །དྭངས་ཤིང་གསལ་ལ་རོ་མཆོག་ལྡན། །རབ་ཏུ་དགྱེས་ཤིང་ཚིམ་བྱེད་འདི། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ།
ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བ་ཏ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། རབ་ཏུ་དྭངས་ཤིང་དྲི་མ་མེད། །ཡན་ལག་བརྒྱད་ལྡན་སྤོས་ཀྱི་ཆུ། །ཕྱག་དང་ཞབས་དང་བསིལ་བའི་ཕྱིར། །འབུལ་གྱི་མགོན་པོས་བཞེས་སུ་གསོལ། པཱདྱཾ༴ ཧ་རི་ཙན་དན་བརྡར་བའི་ཆབ། །ལྷ་རྫས་དྲི་ཞིམ་ཀུན་དང་སྦྱར། །འགྲོ་ཀུན་གདུང་བ་སེལ་སླད་དུ། །འཐོར་འཐུང་འབུལ་གྱི་བཞེས་སུ་གསོལ། ཨཉྫ་མ་ནཾ༴ ཧཱུཾ་མེ་ཏོག་དམ་པ་འདི་དག་དང༌། །དེ་བཞིན་མཛེས་པའི་མེ་ཏོག་ཀུན། །བདེ་གཤེགས་སྐུ་ལ་འབུལ་བར་བགྱི། །ཆགས་མེད་ཐུགས་རྗེས་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་མཎྜལ་དེ་བ་ཏ་ས་པཱ་རི་ཝ་ར་བཛྲ་པུཥྤེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་ནི། །གཙོ་བོ་འཁོར་དང་བཅས་ལ་འབུལ། །རྟོག་མེད་ཐུགས་རྗེས་བཞེས་སུ་གསོལ། བཛྲ་དྷུ་པེ༴ མུན་པའི་ཚོགས་རྣམས་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཡེ་ཤེས་ཐུགས་མཆོག་བཞེས་སུ་གསོལ། བཛྲ་ཨཱ་ལོ་ཀེ༴ ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཐུགས་ལ་དབུལ་བར་བགྱི། །ཀུན་བཟང་ཐུགས་རྗེས་བཞེས་སུ་གསོལ། བཛྲ་གནྡྷེ༴ ཁ་ཏོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །རང་རིག་ཡེ་ཤེས་བསྙེས་ཕྱིར་འབུལ། བཛྲ་ནཻ་ཝི་ཏེ༴
བླ་མེད་ཐེག་པ་མཆོག་གི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །ཐུགས་རྗེས་འགྲོ་ལ་མངའ་བརྙེས་འདི་བཞེས་ཤིག །བཛྲ་ཤཔྟ་འབུད་དཀྲོལ་བྱ། དེ་ནས་གོས་ཟུང་དང༌། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ་ལ་སོགས་པ་ཚིགས་བཅད་རྣམས་སྤྱི་ཁྱབ་ཏུ་གྲགས་པ་ལ་རིགས་མི་འདྲ་བ་དུ་མ་ཡོད་པས་ཇི་ལྟར་འོས་པ་དང་སྦྱོར་ཞིང༌། སྔགས་ཀྱི་འདོན་པ་བསྒྱུར་ཚུལ་གོང་དུ་བཤད་པས་རིགས་འགྲེའོ། །བར་འདིར་ཕྱི་རོལ་གཏོར་མ་གཏོང་སྟེ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་དཀར་གཏོར་དམར་གཏོར་མཆོད་པ་དང་བཅས་པ་བཤམ། བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད་ཅིང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ། མདུན་གྱི་ནམ་མཁའི་གནས་སུ་ཧཱུཾ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་གསང་བའི་བདག་པོ་བཞུགས་པར་གྱུར། ཕྱི་རོལ་རིམ་པ་དང་པོ་ལ་ཕུཿཡིག་བརྒྱད་ལས་ཀླུ་བརྒྱད། རིམ་པ་གཉིས་པ་ལ་ཧཱུཾ་བརྒྱད་ལས་བདུད་རྒྱལ་ཡི་དྭགས་ཆེན་པོ་བརྒྱད། གསུམ་པ་ལ་ཀྵ་ཡིག་བརྒྱད་ལས་གནོད་སྦྱིན་ཆེན་པོ་བརྒྱད། ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་ལ་སོགས་པ་སྲིད་པ་གསུམ་ཀྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དྲག་པོ་གསུམ་གྱི་ལྷ་ཚོགས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་
མཱ་ཛ། ཛ་ཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ནོར་རྒྱས་དུང་སྐྱོང་སེར་པོ་ཤར་ཞེས་པ་ནས། གནོད་སྦྱིན་འཁོར་སྡེ་ལྔ་བརྒྱར་བཅས། དམ་རྫས་གཏོར་མ་འདི་ལོང་ཞིགཅེས་པའི་བར་བྱ། དེ་རྗེས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་འཁའ་འགྲོ་སྤྱི་གཏོར་བཞིན་བསྔོས་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་གི་བར་དུ་བྱ། མཆོད་ཡོན་འབུལ་བའི་སྔགས་བརྗོད་པ་མེད་གཞན་ལག་ལེན་སྤྱི་དང་མཐུན། །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མཚམས་བཅད། ནང་དུ་ཡོངས་ནས། རང་ཉིད་ཞལ་གསུམ་ཕྱག་དྲུག་པའི་སྐུར་གྱུར། དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པར་འདྲེས། ཞེས་བརྗོད་དོ། །ནང་མཆོད་ནི། ཨོཾ་ཨ་མྲྀ་ཏ་ཀུནྚ་ལི་ནས་གཟུང༌། ནང་མཆོད་བྱིན་རླབས་དང༌། ཨོཾ་ནཱི་ལཾ་སོགས་ལ་ཨི་དཾ་སོགས་སྤྱར་བས་གཙོ་བོ་ལ་འབུལ་བའི་བར་ཡང་སྒྲུབ་ཐབས་བཞིན། ཨོཾ་པ་ར་ཀྲ་མ་ཡ་ཕཊ། སོགས་སྔགས་རེ་རེའི་མཐར་འབྲུ་གསུམ་བཏགས་ཏེ་འབུལ། ཧ་ར་ཧ་ར་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་སོགས་སྦྱོར་བ་ཡིན། དེ་བཞིན་དུ་སྤྱི་འགྲོའི་ཚིག་རྣམས་ཀྱང་སྦྱར་ཏེ། མགྲོན་སྣ་ཚོགས་པ་རྣམས་ལ་འབུལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། ཞེས་པ་ནས། བྱང་ཆུབ་ལུས་ཅན་རྣམས་ལ་བགོས། ཨཱཿ ཞེས་པའི་བར་སྒེག་སོགས་བརྒྱད་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གསང་བའི་མཆོད་པའོ། །དེ་ནས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ་ལ། སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ནས། འོན་ཀྱངསྐྱོབས་པའི་སྲས་སུ་སྐྱེ། ཞེས་
བརྗོད་དེ་བླ་ན་མེད་པའི་མཆོད་པའོ། །ཧཱུཾ་ཐབས་དང་ཤེས་རབ་སྦྱོར་བ་ཡི། ཞེས་པ་ནས། ལས་ཀུན་སྒྲུབ་ལ་བསྟོད། ཅེས་པས་བསྟོད་དོ། །སྤྲོས་པ་ལ་དགའ་ན་བསྟོད་པ་རྒྱས་པ་འདིས་ཀྱང་བསྟོད་པར་བྱ་སྟེ། ཧཱུཾ་རང་བཞིན་མཁའ་ལྟར་ཁྱབ་པ་ཆོས་ཀྱི་དབྱིངས། །སྟུག་པོ་བཀོད་པའི་གནས་མཆོག་དམ་པ་ན། །རྒྱལ་བ་ཀུན་གྱི་གཙོ་བོ་མི་བསྐྱོད་མགོན། །བྱང་ཆུབ་ལྔ་ལྡན་སངས་རྒྱས་སྤྲུལ་པའི་སྐུ། །དཔལ་ལྡན་ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །ཐུགས་རྗེ་འགྲོ་རྣམས་འདྲེན་མཛད་གསང་བའི་རྒྱལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ། །རིས་མེད་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་ཞུགས། །རྣམ་ཤེས་འཁོར་བཅས་དག་པའི་ཆོས་ཀྱི་སྐུ། །ཞེ་སྡང་རྣམ་དག་ཞེ་སྡང་ཆེན་པོའི་སྐུ། །གར་དགུའི་ཉམས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འགྱུར་མེད་སྐུ་ནི་ནམ་མཁའི་ཁ་དོག་འདྲ། །སྐུ་གསུམ་རྣམ་པར་དག་པའི་ཞལ་རས་གསུམ། །རྣམ་པར་དག་པའི་སྤྱན་གསུམ་མེ་འོད་འཕྲོ། །ཕྱག་དྲུག་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཆེ་བའི་ཡོན་ཏན་རྒྱས་པའི་དབུ་སྐྲ་འབར། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ་དང་ལྡན། །སྡིགས་མཛུབ་མ་རྟོགས་འགྲོ་ལ་ཐར་ལམ་སྟོན། །ས་སྟེང་གནོད་སྦྱིན་འདུལ་ལ་ཕྱག་འཚལ་ལོ། །ཟུང་འཇུག་ཐལ་མོས་བདག་ལྟའི་རི་བོ་འཇོམས། །འགྲོ་བའི་ཞེ་སྡང་འཇོམས་ཕྱིར་སྦྲུལ་གདུག་གསོལ། །ནམ་མཁའ་རྒྱུ་བའི་བདུད་དཔུང་འཇོམས་མཛད་ཅིང༌། །ས་འོག་ཀླུ་ཚོགས་འདུལ་ལ་ཕྱག་འཚལ་ལོ། །སྐུ་སྦོམ་གསུས་ཁྱིམ་རྒྱས་པ་ཆོས་ཉིད་ཀློང༌། །ཞབས་གཡས་བསྐུམས་པས་འཁོར་བ་རྟག་མཐའ་
སྤངས། །གཡོན་པ་བསྐྱངས་བས་མྱང་འདས་ཆད་མཐའ་བསལ། །ཚངས་དང་བརྒྱ་བྱིན་མནན་ལ་ཕྱག་འཚལ་ལོ། ཁ་ན་མ་ཐོ་སྤངས་པའི་ཆོས་གོས་སྔོ། །སྟག་ལྤགས་ལྷན་སྐྱེས་བྱང་སེམས་གཤིན་རྗེ་འདུལ། །སྦྲུལ་གྱིས་བརྒྱན་པས་ཉོན་མོངས་དུག་གསུམ་དག །འདོད་དགུའི་འཕྲིན་ལས་སྩོལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡུམ་མཆོག་རྡོ་རྗེ་མཱ་མ་ཀཱི །མཛེས་ལྡན་ལྷ་མོ་མཉམ་ཉིད་བྱང་ཆུབ་སེམས། །རྣམ་དག་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །གཟུགས་ཅན་སྣང་བ་ཆོས་ཀྱི་དབྱིངས་སུ་ཐིམ། །སྐུ་ཡི་མཛད་པ་སྣང་སྟོང་སྒྱུ་མའི་ངང༌། །འགྲོ་བའི་གཏི་མུག་དྲ་བ་འཇོམས་མཛད་པ། ཁྲོ་ཆེན་བདུད་ལས་རྒྱལ་ལ་ཕྱག་འཚལ་ལོ། །མྱོང་བའི་ཚོགས་ཀུན་མཉམ་ཉིད་ཐུགས་རྗེའི་ངང༌། །རྒྱལ་བའི་ཡོན་ཏན་རིན་ཆེན་འོད་ཟེར་འབར། །ང་རྒྱལ་སེར་སྣའི་དྲ་བ་འཇོམས་མཛད་པའི། །རྡོ་རྗེ་ཁྲོ་བོ་གཟི་བརྗིད་ལ་ཕྱག་འཚལ། །འཛིན་བྱེད་དག་པ་སོ་སོར་རྟོག་པའི་དངོས། །རྒྱལ་བ་ཀུན་གྱི་གསུང་གི་གསང་བ་ཅན། །བརྩེ་བའི་འོད་ཀྱིས་འདོད་ཆགས་རྒྱ་མཚོ་སྐེམ། །ཁྲོ་རྒྱལ་རྔམ་པ་སྒྲ་སྒྲོག་ལ་ཕྱག་འཚལ། །བྱ་བ་སྒྲུབ་མཛད་ལས་རྣམས་ཀུན་ལ་ཁྱབ། དེ་བཞེན་གཤེགས་པ་ཀུན་ཀྱི་འཕྲིན་ལས་མགོན། །ཕྲག་དོག་ནགས་ཚལ་ཡེ་ཤེས་འབར་བས་བསྲེགས། །ལེགས་མཛད་བདུད་རྩི་འཁྱིལ་བ་ལ་ཕྱག་འཚལ། །རྣམ་པར་དག་པ་ས་ཡི་ཁམས། །བྱམས་པ་ཚད་མེད་ངོ་བོ་ཉིད། །གདུག་ཅན་ཀུན་ལ་ཕུར་བུས་འདེབས། །འོད་ཟེར་ཅན་མ་ལ་
ཕྱག་འཚལ། །རྣམ་པར་དག་པ་ཆུ་ཡི་ཁམས། །སྙིང་རྗེ་ཚད་མེད་ངོ་བོ་ཉིད། །གདུག་པ་ཅན་རྣམས་རེངས་ཤིང་གནོན། །མདངས་ཅན་མ་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་མེ་ཡི་ཁམས། །དགའ་བ་ཚད་མེད་ངོ་བོ་ཉིད། །འགྲོ་བ་མ་ལུས་དབང་དུ་མཛད། །སྒྲ་དབྱངས་ཅན་མ་ལ་ཕྱག་འཚལ། །རྣམ་པར་དག་པ་རླུང་གི་ཁམས། བཏང་སྙོམས་ཚད་མེད་ངོ་བོ་ཉིད། །འཕྲིན་ལས་མ་ལུས་སྒྲུབ་མཛད་མ། །རྡོ་རྗེ་རླུང་འབྱིན་ལ་ཕྱག་འཚལ། །ཤེས་རབ་དང་བཅས་དད་པའི་སྟོབས། །མ་རིག་ཆུ་བོ་སྐེམ་མཛད་ཅིང༌། །འགུགས་བྱེད་རྡོ་རྗེ་ལྕགས་ཀྱུ་དང༌། །ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་བརྩོན་འགྲུས་སྟོབས། །སྲིད་པའི་སྦྱོར་བ་འཇོམས་མཛད་ཅིང༌། །འཆིང་བྱེད་རྡོ་རྗེ་ཞགས་པ་དང༌། །ཞགས་པ་མོ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་དྲན་པའི་སྟོབས། །འདོད་པའི་ཟག་པ་འཇོམས་མཛད་ཅིང༌། །སྡོམ་བྱེད་རྡོ་རྗེ་ལྕགས་སྒྲོག་དང། །ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །ཤེས་རབ་དང་བཅས་ཏིང་འཛིན་སྟོབས། །ལྟ་བ་ངན་པའི་ཉེར་ལེན་འཇོམས། །འབབས་བྱེད་རྡོ་རྗེ་དྲིལ་བུ་དང༌། །དྲིལ་བུ་མ་ལ་ཕྱག་འཚལ་ལོ། །ཀུན་གཞི་གནས་གྱུར་དག་པའི་ཀློང༌། །རྣམ་དག་ཡེ་ཤེས་འཇིག་རྟེན་ཁམས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །ལས་དང་ཉོན་མོངས་སྣ་ཚོགས་ཀྱི། །སྡུག་བསྔལ་འཁྲུལ་བའི་སེམས་ཅན་རྣམས། །རྡོ་རྗེའི་གནས་ལ་འགོད་པའི་རྟགས། །དུར་ཁྲོད་བརྒྱད་ལ་ཕྱག་འཚལ་ལོ། །
མི་འགྱུར་དོན་དམ་ཡེ་ཤེས་མཆོག །ཀུན་ཏུ་ཁྱབ་པར་འབར་བ་ཡི། །བླ་མེད་སྲུང་བའི་འཁོར་ལོ་ལ། །བདག་ཡིད་དང་བས་ཕྱག་འཚལ་ལོ། །ཐབས་ཤེས་ཉི་ཟླ་ཁ་སྦྱོར་འཕྲོ་འདུ་ལས། །འདོད་ཆགས་ཆེན་པོ་བདེ་བའི་ངང་ཚུལ་གྱི། །དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ། །གཉིས་མེད་ཚུལ་གྱིས་གུས་པར་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བའི་བདག་ཅག་རྣམས། །བདུད་ཀྱི་དཀྱིལ་འཁོར་མ་ལུས་འཇོམས་ནུས་པའི༌། །ཐུགས་ཀྱི་རྡོ་རྗེ་གསང་བའི་བདག་པོ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ཅེས་སོ། །བར་འདིར་ནུས་ན་སྦྱིན་སྲེག་གི་མཆོད་པས་ཀྱང་མཆོད་པར་བྱ་མོད། མ་གྲུབ་ཀྱང་འགལ་བ་མེད། དེ་རྗེས་མདུན་བསྐྱེད་ཀྱི་བཟླས་པ་ཇི་ལྟར་འོས་པ་བྱས་ཏེ། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་སྒྲུབ་མ་ལུས་པ་སྩལ་དུ་གསོལ། བདེན་སྟོབས་བརྗོད་དེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག ལན་གསུམ་བརྗོད་དོ། །སྡོམས་ནི། ཁྲུས་བྱས་མཎྜལ་གསོལ་གདབ་སྡོམ་པ་བཟུང༌། །ལྷར་བསྐྱེད་གདོང་གཡོགས་བསངས་བྱེད་སེམས་བསྐྱེད་བྱ། གསང་གདམ་དམ་ཆུ་སྦྱིན་ཏེ་ཕྱི་འཇུག་ཡིན། ནང་འཁྲིད་སྐོར་བ་གསོལ་བཏབ་ཡེ་ཤེས་དབབ། བརྟན་བྱེད་གསང་གདམས་བཀའ་
མཉན་མེ་ཏོག་དོར། །མེ་ཏོག་འཆིང་དང་ནམ་མཁའི་ཁ་དོག་བརྟག །གདོང་དབྱེ་ལྷ་ངོ་སྟོན་པ་ནང་འཇུག་ཡིན། ཞེས་སྡོམས་བློ་ལ་ངེས་པར་བྱའོ། །དང་པོ་ཁྲུས་ནི། ཇི་ལྟར་བལྟམས་པ་སོགས་དང༌། ཨབྷི་ཥེ་ཀ་ཏ་སོགས་བརྗོད། སློབ་མ་དབང་སྐུར་ལ་ནི། ཁྲུས་བྱས་ཏེ་མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་འདེབས་རྣམས་ཡིན། གཉིས་པ་ནི་འཇུག་པའི་ཡོན་དུ་མཎྜལ་འབུལ། གསུམ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་གསོལ་བ་གདབ། བཞི་པ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། ཀྱི་བར་རིགས་ལྔའི་སྡོམ་བཟུང་སྤྱི་དང་མཐུན། ལྔ་པ་ལྷར་བསྐྱེད་པ་ནི། རང་སྐད་གཅིག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། རང་ཉིད་ཅེས་པ་ཁྱེད་རང་རྣམས་སུ་འདོན་པ་སྤོ་སྟེ། འདི་ཐམས་ཅད་ལ་རིགས་འགྲེའོ། །འཇུག་པའི་སྐབས་སུ་ལུས་ཀྱི་སྤྱོད་པ་དང་མཐུན་པའི་སྐུའི་རྣམ་འགྱུར་སྣ་ཚོགས་སུ་འཕོ་བས། གཡོན་བརྐྱང་སོགས་ཀྱི་ངེས་ཅན་འདིར་མི་བཞེད་ཅིང༌། ཕྱག་མཚན་ཡང་སྐབས་འདིར་མི་མཛད་པའི་ལུགས་སོ། །དྲུག་པ་མིག་དར་བཅིང་བ་ནི། ཨཱ་ཁཾ་ཝཱི་ར་ཧཱུཾ། བདུན་པ་བསངས་བ་ནི། རྡོ་རྗེ་གསོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལན་གསུམ། སློབ་མ་དབང་བསྐུར་གྱི་སྐབས་ལས་བུམ་གྱི་ཆུས་གཏོར་རོ། །བརྒྱད་པ་སེམས་བསྐྱེད་པ་ནི། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བརྩེ་བ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར།
ཨོཾ་བཛྲ་ཡོ་ཀ་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེ་སྙིང་གར་བཞག སུ་ར་ཏེ་ས་མ་ཡ་སྟཱཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དགུ་པ་དཀྱིལ་འཁོར་གསང་གདམས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན་པ། །སུ་ལའང་སྟོན་པར་མ་བྱེད་ཅིག ཅེས་རྡོ་རྗེ་སྤྱི་བོར་བཞག བཅུ་པ་དམ་ཆུ་སྦྱིན་པ་ནི། ནང་མཆོད་བསང་སྟེ། འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་སྲུངས་སྲེག་པར་བྱེད། །སྲུངས་ན་དངོས་གྲུབ་སྟེར་བྱེད་པ། །བདུད་རྩི་འདི་ནི་མྱང་བར་གྱིས། ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ། དེ་དག་ནི་བྱིས་འཇུག་ཡིན་པས་སློབ་མ་དབང་བསྐུར་གྱི་སྐབས། དཀྱིལ་འཁོར་ཁང་པའི་ཕྱིའམ་ཡོལ་བའི་ཕྱི་རོལ་དུ་བྱའོ། །བཅུ་གཅིག་པ་ནང་འཇུག་གི་ཐོག་མ་ཡོལ་བའི་ནང་དུ་འཁྲུད་པ་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ལས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་སྲུང་འཁོར་གྱི་ནང་དུ་ཞུགས་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ། བཅུ་གཉིས་པ་སྐོར་བ་དང་ཕྱག་འཚལ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཞེས་དཀྱིལ་འཁོར་ལ་བསྐོར་བ་བྱས་པར་མོས། ཨོཾ་ན་མཿ་ཏེ་ཧཱུཾ། ན་མཿམེ་ཧཱུཾ༌། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ཤར་སྒོ་ནས་ཕྱག་འཚལ་བར་མོས། བཅུ་གསུམ་པ་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །དཔལ་ཕྱག་ན་རྡོ་རྗེ་བདག་ལ་དབབ་པར་མཛོད་ཅིག ལན་གསུམ། བཅུ་བཞི་པ་ཡེ་ཤེས་
དབབ་པ་ནི། འཁོར་བ་ཐམས་ཅད་ནི་སྡུག་བསྔལ། འདུས་བྱས་ཐམས་ཅད་ནི་མི་རྟག །སྣང་ཞིང་སྲིད་པས་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ། །བདག་གི་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་བླ་མ་དང་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ་བར་བགྱིའོ། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེ་ཕྱག་གཉིས་པའི་སྐུར་གསལ་བའི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གྱི་རྒྱུད་གྱེན་དུ་བསྟན་པ་ལ་རྐང་པ་གཉིས་བཞག་པ། སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཉམས་བདེ་བ་ཆེན་པོ་དང་ལྡན་པར་བཞུགས། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་མའི་ངོ་བོ་ཨཿཡིག་ལས། འབར་བའི་གཏུམ་མོ་ཙཎྜ་ལིའི་མེ་ལྕེ་ཚོན་གང་ཙམ་དུ་འཕགས། རྐང་འོག་གི་གཞུ་གཡོ་བའི་ཞུགས་ཀྱིས་རང་ཉིད་གྱེན་དུ་འདེགས་བཞིན་པ་དང༌། གཏུམ་མོའི་གདུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང༌། སྤྱི་བོའི་བླ་མའི་ཐུགས་ཀ་ནས་ཨཿཡིག་དམར་པོ་ཆར་བབས་པ་བཞིན་བྱོན། སྙིང་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་སེམས་ཐམས་ཅད་བདེ་བས་ཁྱབ། དཀྱིལ་འཁོར་ཀྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་ཤིང་ཐིམ་པར་གྱུར། ཏདྱ་ཐཱ། བྷོ་བྷོ་ནས།
ཥྱ་ཏི་ཧཱུཾ། བཛྲ་ཨ་བེ་ཤ་ཨ་ཨ། ཞེས་བརྗོད་ཅིང་རོལ་མོའི་སྒྲ་བྱའོ། །བཅོ་ལྔ་པ་བརྟན་པར་བྱ་བ་ནི། དཀྱིལ་འཁོར་ཀྱི་གཙོ་བོའམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སྤྱི་བོ་ནས་ཞུགས། སྙིང་གར་སངས་རྒྱས་གོས་སྔོན་ཅན་དུ་གྱུར། སྙིང་གའམ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཙིཏྟ་མཎྜ་ལ་བཛྲ་ས་མ་ཡ། ཏི་ཥྛནྟུ། བཅུ་དྲུག་པ་ལྷ་སྔགས་གསང་བར་གདམས་པ་ནི། མཐུ་སྟོབས་ཕྱག་ན་རྡོ་རྗེ་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་ཡིན་གྱི། །ཚུལ་འདི་སྨྲ་བར་མ་བྱེད་ཅིག །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། བཅུ་བདུན་པ་བཀའ་མཉན་པར་གདམས་པ་ནི། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བ་ཉན་པར་གྱིས། །ང་ལ་བརྙེས་པར་མ་བྱེད་ཅིག །གལ་ཏེ་ཁྱོད་ཀྱི་བསྙན་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་ལྟུང༌། བཅོ་བརྒྱད་མེ་ཏོག་འབུལ་བ་ནི། མཐུ་སྟོབས་མངའ་བདག་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ཚེ་ཡེ་ཤེས་བསྙེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏིཙྪ་བཛྲ་ཧོ། བཅུ་དགུ་པ་མེ་ཏོག་འཆིང་བ་ནི། ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏཱ་མཧཱ་བ་ལ། ཉི་ཤུ་པ་ནམ་མཁའི་ཁ་དོག་བརྟག་པ་ནི། རང་གི་ལས་དང་རྗེས་སུ་མཐུན་པའི་ཁ་དོག་མཐོང་བར་གྱུར། ཅེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། སྐབས་འདིར་དྲི་ལན་བྱེད་པ་ལག་ལེན་མི་བདེ་བའི་མེ་ཏོག་འདོར་བའི་སྔོན་དུ་བྱེད་པ་སྤྱི་དང་འདྲ་བའི་ལག་ལེན་ཡོད་པ་ལྟར་འགལ་བ་མེད་དོ། །ཡིག་རྙིང་འགའ་རེ་དང༌། སྔོན་གྱི་ལག་ལེན་ཞིག་ལ་སྐབས་འདིར་གསང་མིང་འདོགས་པའི་སྲོལ་ཞིག་བྱུང་བ། སྙིང་མ་བའི་
ལག་ལེན་འཆུགས་པ་ནི་མིན་ནམ། གང་ལྟར་མཁས་པ་རྣམས་ཕྱག་ལེན་མི་མཛད་པས་རེག་ཞིག་ལག་ལེན་མི་བྱེད་ལ། རྙིང་མ་ལ་དེ་ལྟར་བྱེད་པ་ལ་ཡང་དགོས་པ་ཅིག་ཡོད་དོ། །ཉེར་གཅིག་པ་གདོང་དབྱེ་བ་ནི། རང་བཞིན་རྣམ་དག་བདག་ཉིད་ཀྱི། །དཔའ་བོ་དབང་ཕྱུག་མ་ཡི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཿ ཉེར་གཉིས་པ་ལྷ་ངོ་བསྟན་པ་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས་མངོན་རྟོགས་ལྟར་ཞིབ་མོར་བསྟན་ན་ལེགས་སོ། །དེ་ནས་དངོས་གཞི་ལས། སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ། སྡོམས་ནི། གསོལ་གདབ་དབང་ལྷ་སྤྱན་འདྲེན་དང༌། །ཆུ་དང་ཅོད་པན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་སྔགས་དབང་དང༌། །བརྟུལ་ཞུགས་རྒྱན་དང་དབུགས་དབྱུང་དང༌། །ལུང་བསྟན་རྣམས་སུ་ཤེས་པར་བྱ། དང་པོ་ནི། བསམ་གྱིས་མི་ཁྱབ་ཆོས་ཀྱི་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། ལན་གསུམ། གཉིས་པ་ནི། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། འཁོར་གྱི་བུམ་ཆུ་རྣམས་རྣམ་རྒྱལ་བུམ་པར་བསྡུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་སེམས་མ། ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་བཛྲ་ས་མཱ་ཛ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་ཤཔྟའི་བར། ཕྱག་བྱར་འོས་པ་ཐམས་ཅད་ལ། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌།
ཡོན་ཏན་འབྱུང་ནས་ཇི་ལྟར་སྩལ། དེ་བཞིན་འདི་ལ་གནང་བར་ཞུ། ལན་གསུམ། གསུམ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་མི་དམིགས་ཏེ་སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་གྱི་སྟེང་དུ། གཉིས་ཀའང་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཅུང་ཟད་ཁྲོ་བོའི་ཉམས་ཅན། དར་དངརིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ། སྐབས་འདིར་རྒྱས་པ་ལ་མོས་ན། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་རྒྱས་གདབ་དང་མཆོད་བསྟོད་བྱ། བསྡུ་ན་མི་དགོས། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར། ཨོཾ་ཕུན་སུམ་ཚོགས་པ་མངའ་བ༴ སོགས་བཀྲ་ཤིས་ཚིག་བརྗོད། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག་ཅིང༌། སྐུ་གསུམ་དམ་ཚིག་ལས་བྱུང་བ། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡི། །མི་བསྐྱོད་པས་ནི་དབང་བསྐུར་རོ། །ཨོཾ་ཨཱ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཡ་མི། བུམ་ཆུ་བཏུང༌། དེ་ལྟར་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་མི་བསྐྱོད་པར་
གྱུར་པས་དབུས་བརྒྱན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། གོང་དུ་དབང་རྫས་དང་སློབ་མ་ལ་ལྷན་ཅིག་ཏུ་མཆོད་པ་ཕུལ་ནས། འདིར་སློབ་མའི་མཆོད་པ་མི་བྱེད་པའི་ལུགས་ཀྱང་ཡོད་དོ། །ལག་ལེན་དཀྱུས་ལྟར་བྱའོ། །དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེས་སྡང་དག རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །སྡོམས་ནི། བསངས་སྦྱང་སྔོན་དུ་འགྲོ་བ་ཡི། །ལྷར་བསྐྱེད་བྱིན་རླབས་ཡེ་ཤེས་དགུག །དབང་རྫས་ཞུ་ཞིང་ཤིས་པ་བརྗོད། །དབང་བསྐུར་མཆོད་དང་རྟོགས་པ་བསྐྱེད། །ཆུ་དབང་བསྐུར་བའི་སྡོམས་ཡིན་ཏེ། །ཤིས་བརྗོད་མ་གཏོགས་ཅོད་པན་སོགས། །ཕྱི་མ་བཞི་ལའང་འདྲ་བ་ཡིན། །བརྟན་བྱེད་ཆུ་དབང་ལྷག་པོར་བསྐུར། ཞེས་གོ་བར་བྱའོ། །བཞི་པ་ནི་བསངས་སྦྱངས། བདག་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ། གཉིས་ཀའང་ཨཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ༴ སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པ་སྤྱན་དྲངས༴ དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། དབུ་རྒྱན་བཅིངས་དར་དབྱངས་བསྐོན་བཞིན་དུ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་བླ་ན་མེད། །རིན་ཆེན་ཀུན་གྱི་མཆོག་འགྲོ་བ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མ་ཏཱ་ཛྙཱ་ན་རཏྣ་སྭ་བྷཱ་ཝ་ཧཱུཾ། ཨ་བྷི་ཥིཉྩ་མི། བུམ་ཆུས་སྤྱི་བོར་
གཏོར་ལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་དབང་བསྐུར་བས༴ ཞེས་དང༌། སྤྱི་བོར་འཁྱིལ་བ་རིན་ཆེན་འབྱུང་ལྡན་དུ་གྱུར་པས་དབུ་བརྒྱན༴ ཅོད་པན་གྱི་དབང་༴ སེར་སྣ༴ ཚོར་བའི་ཕུང་པོ༴ མཉམ་པ་ཉིད་ཀྱི༴ རིན་ཆེན་འབྱུང་ལྡན་གྱི༴ ཞེས་འདོན་པ་སྤོ། གཞན་ཐམས་ཅད་ཆུ་དབང་དང་འདྲ། དེ་ཁོ་ནས་ཕྱི་མ་གསུམ་ལ་རིགས་འགྲེ་སྟེ། ལྔ་པ་ནི། བདག་དང་དབང་རྫས་རྡོ་རྗེ༴ ཛྲིཾ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་གཡས་པདྨ་དང་༴ ཡུམ་གོས་དཀར་མོ་དམར་མོ༴ སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི༴ དབང་རྫས་ཀྱི་འོད་དཔག་མེད༴ དབང་རྫས་རྡོ་རྗེར་གྱུར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །མི་ཕྱེད་རྡོ་རྗེ་གསང་བ་ལས། ཆོས་རྣམས་ཀུན་གྱི་སྒོར་གྱུར་པའི། རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་པྲ་ཏི་བེ་ད་ཛྙཱ་ན་ཨ་བྷི་ཥིཉྩ་མི། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ༴ སྤྱི་བོར་འཁྱིལ་བ་འོད་དཔག་མེད་དུ་གྱུར་པས༴ འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་༴ འདོད་ཆགས༴ འདུ་ཤེས་ཀྱི་ཕུང་པོ༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་ཀྱི༴ ཞེས་འདོན་པ་སྤོ། དྲུག་པ་ནི། དབང་རྫས་དྲིལ་བུ༴ ཁཾ་ལས་དོན་ཡོང་གྲུབ་པ་སྐུ་མདོག་ལྗང་ཁུ། གཡས་རལ་གྲི༴ །ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ ཐམས་ཅད་དོན་ཡོད་གྲུབ་པའི༴ དབང་རྫས་ཀྱི་དོན་ཡོད་གྲུབ་པ༴ དྲིལ་བུར་གྱུར། ཤེས་རབ་ཐབས་དང་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་དང༌། །མཆོད་པའི་ལས་རྣམས་རྫོགས་བྱེད་པའི། །དྲིལ་བུ་ལུས་ཀྱི་དབང་སྐུར་རོ། །ཨོཾ་ཀྲྀ་ཏྱཱ་ནུ་
ཥྛན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲི༴ དོན་ཡོད་གྲུབ་པར་གྱུར་པས༴ དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི༴ ཕྲག་དོག༴ འདུ་བྱེད་ཀྱི་ཕུང་པོ༴ བྱ་བ་སྒྲུབ་པའི༴ དོན་ཡོད་གྲུབ་པའི༴ ཞེས་འདོན་པ་སྤོ། བདུན་པ་ནི། བདག་དང་དབང་རྫས་རྡོ་རྗེ་དང་དྲིལ་བུ་མི་དམིགས་ཏེ། བྷྲུཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། གཡས་འཁོར་ལོ༴ ཡུམ་སངས་རྒྱས་སྤྱན་མ་དཀར་མོ༴ སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི༴ དབང་རྫས་ཀྱི་རྣམ་པར་སྣང་མཛད༴ རྡོ་རྗེ་དང་དྲིལ་བུར་གྱུར། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བ། །རྡོ་རྗེའི་མིང་དུ་རབ་ཏུ་བསྒྲགས། ཨོཾ་ཏྲི་ཙཀྲ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མི། ཀྱཻ་དཔལ། ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་བཛྲི་བྷ་ཝ༴ རྣམ་པར་སྣང་མཛད་དུ་གྱུར་པས༴ རྣམ་པར་སྣང་མཛད་ཀྱི་སྒོ་ནས༴ གཏི་མུག༴ གཟུགས་ཀྱི་ཕུང་པོ༴ ཆོས་དབྱིངས་ཡེ་ཤེས༴ རྣམ་པར་སྣ་མཛད་གྱི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །ཞེས་འདོན་པ་སྤོ། བརྒྱད་པ་ནི། ཚོགས་ཞིང་གི་སྐབས་ལྟར། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་སྔགས་མཆོད་ཕུལ། ཐིག་ལེའི་རང་བཞིན་མི་ཤིགས་པ། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎ་ཧྲི་ད་ཡ། མཧྭ་ཀྲོ་རྡ་ས་ཏྭ་ཧཱུཾ་ཕཊ། ལན་གསུམ། བཅོམ་ལྡན་བདག་གི་
བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ལན་གསུམ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། འདི་ལ་སློབ་མ་དབང་བསྐུར་གྱི་སྐབས་ནི། སློབ་དཔོན་གྱིས་བཟླས་པ་ཅུང་ཟད་བྱས་ནས། ལག་ལེན་གསུང་གི་རྗེས་གནང་བཞིན་བྱེད་དོ། །དགུ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་མཛད་པ་ཞབས་གཡོན་བརྐྱང་གི་བཞུགས་པའི་སྐུར་གྱུར། དཔྲལ་བར༴ ནས སངས་རྒྱས་ཐམས་ཅད་ཕྱག་ན་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལག་པ་གཡས་སུ་གཏད། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །མཐུ་སྟོབས་མངའ་བདག་ཕྱག་ན་བསྣམས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། ལན་གསུམ་གསོར། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་བརྟུལ་ལ། ཕྱག་ན་རྡོ་རྗེའི་ཚུལ་ཞུགས་ལ་ཚུལ་བར་གྱིས་ཤིག སྤྲོས་པ་བྱེད་ན་འདིར་ཡང་ཆུ་དབང་བསྐུར་ནས་མི་བསྐྱོད་པའི་དབུ་རྒྱན་དང་མཆོད་པ་སོགས་བྱེད་དོ། །བཅུ་པ་ནི། བསངས་སྦྱངས་སོགས་བརྟུལ་ཞུགས་དང་འདྲ་བ་ལས། ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་མཐིང་ནག །ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་སྡིགས་
མཛུབ། བར་པ་གཉིས་ཐལ་མོ་རྡེབ་པ། ཐ་མ་གཉིས་སྦྲུལ་ནག་གི་སྐེད་པ་ནས་འཛིན་ཞིང༌། མགོ་བོ་ཞལ་དུ་གསོལ་ཞིང་མཇུག་མ་ཞབས་འོག་ཏུ་གནོན་པ། ཞབས་གཉིས་གཡོན་བརྐྱང་གི་སྟབས་ཀྱིས་པདྨ་ཚངས་པ་བརྒྱ་བྱིན་ཟླ་བ་ཉི་མ་རྣམས་ཀྱི་གདན་ལ་བཞུགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་ཁྲོ་བོའི་ཆ་བྱད་རྫོགས་པའོ། །དཔྲལ་བར་ཨོཾ༴ ནས་བཾ་ཧོའི་བར་བརྟུལ་ཞུགས་ཀྱི་སྐབས་བཞིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ན་བཟའ་ཆོས་གོས་སྔོན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། ཁམས་གསུམ་ཀུན་ལས་རྒྱལ་བར་ཤོག །རྒྱན་དང་ཆ་ལུགས་འབར་བ་འདི། །དཔའ་བོའི་བུ་ཡིས་བླང་བར་གྱིས། །ཕྱག་ན་རྡོ་རྗེའི་བརྟུལ་བཞུགས་བརྟན། །ཕྱི་དང་ནང་ན་ཡང་དག་གནས། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧེ་ཧེ། སྟངས་སྟབས་བྱ་ཞིང་རྡོ་རྗེ་གསོར་ལ། ཧཱུཾ་ཧཱུཾ་ཞེས་ལན་མང་དུ་བརྗོད། སློབ་མ་དབང་བསྐུར་གྱི་སྐབས་ཚིགས་བཅད་སྔ་མ་ལ་སྟག་ལྤགས་དང་གོས་སྔོན་ཚིགས་བཅད་ཕྱི་མའི་སྐབས་སྦྲུལ་རྒྱན་དང་ཁྲོ་ཞལ་དང་ཕྱག་མཚན་རྡོར་དྲིལ་སོགས་གཏོད། གཞན་མེད་ན་རྡོ་རྗེ་ཙམ་ལག་ཏུ་གཏད་པས་ཀྱང་ཆོག ཁྲོ་ཞལ་ཟེར་བ་འདི་ཁྲོ་འབག་གི་མིང་ཡིན། ཙ་ཀ་ལི་བྱེད་པ་ནོར་རོ། །ཨོཾ་བཛྲི༴ མི་བསྐྱོད་པར་གྱུར་པས་དབུ་རྒྱན། པུཥྤེ༴ སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། སོགས་ཀྱིས་བསྟོད། དེང་ནས་ཁྱོད་རྡོ་རྗེ་འཆང་ཆེན་པོའི་བརྟུལ་ཞུགས་ལ་གནས་པར་གྱིས་ཤིག བཅུ་གཅིག་པ་ནི། ང་ནི་ཤཱཀྱ་སེང་གེ་སྟེ། །རྒྱན་ཆ་ཕྱག་ན་རྡོ་རྗེར་བྱས། །འདི་ཀུན་ང་ཡིས་སྤྲུལ་པ་སྟེ། །མ་འཇིགས་འཇིགས་པར་མ་བྱེད་ཅིག །ཁྱོད་ནི་འཁོར་བའི་འཇིགས་
ལས་ཐར། །མི་བསྐྱོད་སངས་རྒྱས་ཞིང་ཁམས་སུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །དེ་ལྟར་བདག་གིས་ལུང་བསྟན་ཏོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཨ་བྷི་ཥིཉྩ་མི། ཀྱཻ་དཔལ། དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །བྷུརྦྷུ་ཝ་སྭ། དཀྱིལ་འཁོར་འདི་ལ་དབུགས་དབྱུང་ཟེར། སྤྱི་ཁྱབ་ཏུ་ལུང་བསྟན་ཟེར་བ་དེ་ཡིན། སློབ་མ་དབང་བསྐུར་གྱི་སྐབས་ཀྱི་ལག་ལེན་ནམ་ལུང་བསྟན་སྤྱི་དང་འདྲའོ། །བཅུ་གཉིས་པ་ནི། བུ་ཁྱོད་འཁོར་ལོའི་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཕྱག་ན་རྡོ་རྗེ་མཐུ་སྟོབས་ཅན། །དེ་བཞིན་གཤེགས་པར་ལུང་བསྟན་ནོ། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་དུ་ཞུགས་པ་ཡིན། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་སིདྡྷ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་མི། དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །དེ་དག་གིས་ནི་སློབ་མའི་དབང་མཆོག་བསྟན་ཟིན་ཏོ། །སྡོམས་ནི། རྡོ་རྗེ་སློབ་དཔོན་དབང་བསྐུར་ལ། །ཕྱིར་མི་ལྡོག་དང་རྗེས་གནང་གཉིས། །གསོལ་བཏབ་དབང་སྟེགས་ལྷ་སྐྱེད་དང༌། །བྱིན་རླབས་ཡེ་ཤེས་དབང་བསྐུར་དང༌། །ནང་གི་ལྷ་དབང་ཆོས་འཁོར་བསྐོར། །མཆོད་བསྟོད་བསྟན་བཞུགས་བྱ་བ་རྣམས། །ཕྱིར་མི་ལྡོག་པའི་དབང་བསྐུར་ཡིན། །མཆོད་དང་སེམས་ཅན་དོན་བྱེད་པའི། །རྗེས་གནང་རྣམ་པ་གཉིས་སུ་འདོད། ཅེས་པ་བློ་ལ་ངེས་པར་བྱའོ། །དང་པོ་གསོལ་གདབ་ནི། སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། མཚན་མ་མེད་པར་འགྲོ་བའི་དོན། །གང་དག་གིས་ནི་བྱེད་ནུས་པ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩལ། །ལན་གསུམ།
གཉིས་པ་དབང་སྟེགས་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། པདྨ་དང་ཟླ་བའི་གདན་དང་བཅས་པ། དེའི་སྟེང་ཐད་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་བླ་བྲེ། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། མཐའ་སྐོར་དུ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དང་བཅས་པར་གྱུར། གསུམ་པ་ལྷར་བསྐྱེད་པ་ནི། གདན་དེའི་སྟེང་དུ་རང་ཉིད་གནས་ཏེ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ༴ ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་༴ བཞི་པ་བྱིན་རླབས་དང་ལྔ་པ་ཡེ་ཤེས་ནི། དཔྲལ་བར༴ སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། དྲུག་པ་དབང་བསྐུར་ནི། དབང་གི་ལྷ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ༴ ནས། ཤྲི་ཡེ་ཧཱུཾ། དེ་ལྟར་དབང་བསྐུར་བས༴ རྡོ་རྗེ་འཆང་ཆེན་པོར་གྱུར་པས་དབུ་བརྒྱན། དེ་དག་ནི་ཆུ་དབང་ལ་འདོན་པ་སྤོ་རྒྱུ་ཡིན། བདུན་པ་ནང་གི་ལྷ་དབང་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་ལངས་པ། དེའི་ལྟེ་བར་དཔལ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བཞུགས་པར་གྱུར། ཨོཾ་ནཱི་ལཱཾ༴ ནས་ཧཱུཾ་ཧཱུཾ་ཕཊ། ལན་དགུའམ་བཅོ་བརྒྱད་བཟླས། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་
རྡོ་རྗེ་དེའི་ལྟེ་བར་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཏདྱ་ཐཱ། བྷོ་བྷོ༴ ནས་ཥྱ་ཏི་ཧཱུཾ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡུམ་ལྷ་མོ་མཛེས་ལྡན་མས་འཁྱུད་པ། ཐུགས་ཀ་ནས་བྱུང་རང་གི་སྙིང་གའི་ནང་གི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པར་གྱུར། ཨོཾ་པ་ར་ཀྲ་མ་ཡ་ཕཊ༴ ནས་ན་ཤ་ཡ་ཧཱུཾ་ཕཊ། གཙོ་བོའི་ཐུགས་ཀའི་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་ཀ་ནས་སྤྲོས། རང་གི་སྙིང་གའི་ནང་གི་དཀྱིལ་འཁོར་གྱི་སོ་སོའི་གདན་ལ་འཁོད་པར་གྱུར། སློབ་མ་དབང་བསྐུར་གྱི་སྐབས། གཙོ་འཁོར་རྣམས་ཀྱི་ཞལ་ཕྱག་སོགས་མངོན་རྟོགས་བཞིན་བརྗོད་ན་ལེགས། སྤྲོས་པ་ལ་དགའ་ན་འདིར་ཡང་གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་བྱེད་དེ་ལེགས་པའང་ཡིན་ལ། བསྡུ་ན་ལྷ་བཀོད་པ་ཙམ་གྱིས་ཆོག་གོ །བརྒྱད་པ་ཆོས་འཁོར་བསྐོར་དུ་བཞུག་པ་ནི། ཨོཾ་བཛྲ་ཧེ་ཏུ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷནྚེ་ཨཿ དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲྀ་མེད་ཀུན་དུ་གང་བར་གྱིས། ཞེས་བརྗོད། སློབ་མ་དབང་བསྐུར་གྱི་སྐབས། འཁོར་ལོ་དུང་དྲིལ་བུ་པོ་ཏི་རྣམས་གཏོད། བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་པ་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་གྱུར། དགུ་པ་མཆོད་བསྟོད་ནི། ཨརྒྷཾ༴ ནས་ཤཔྟའི་བར་མཆོད་པ་དགུ་ཚོགས་ཞིང་གི་སྐབས་ལྟར་ཕུལ། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མ་ལུས་འདུལ་མཛད་
པ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། བཅུ་པ་བརྟན་བཞུགས་སུ་གསོལ་བ་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། དེ་དག་གི་ཕྱིར་མི་ལྡོག་གི་དབང་ངོ༌། །རྗེས་གནང་གཉིས་ཀྱི་མཆོད་པའི་རྗེས་གནང་ནི། དེ་ཉིད་རིག་པའི་རྣལ་འབྱོར་པས། མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་ང་ཡི་བཀས། །འདོད་པ་ལྔ་ལ་སྤྱོད་པར་གྱིས། སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ནི། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ལུས་དང་སྲོག་ལ་མི་བལྟ་བར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་བའི་དོན་ནི་མཉམ་མེད་ཀྱིས། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། ཅེས་པའོ། །དེ་ནས་དེ་ཁོ་ན་ཉིད་བརྗོད་པ་ནི། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོག་སུམ་ཅུ་རྩ་བདུན་ནོ། །སྲུང་བའི་འཁོར་ལོ་ནི། འཇིག་རྟེན་པ་དང་ཐེག་པ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བའོ། །དུར་ཁྲོད་བརྒྱད་ནི་རྣམ་ཤེས་བརྒྱད་དག་པའོ། །ཕུང་པོ་ལྔ་དག་པའི་ཡེ་ཤེས་ལྔ་ནི་ཁྲོ་བོ་ལྔའོ། །འབྱུང་བ་ལྔ་དག་པའི་ཚད་མེད་ལྔ་ནི་ཡུམ་ལྔའོ། །བསྡུ་བའི་དངོས་པོ་བཞི་དང་འཕྲིན་ལས་དག་པའི་སྒོ་སྐྱོང་རྣམས་སོ། །བཅོམ་ལྡན་འདས་ནི་ཆོས་ཉིད་མི་འགྱུར་བས་སྐུ་མདོག་དང་རྩ་ཞལ་མཐིང་ཀའོ། །གཡས་ཞལ་དཀར་བ་ནི་སྐྱོན་དང་བྲལ་བ། གཡོན་ཞལ་དམར་བ་ནི་སེམས་ཅན་རྗེས་སུ་འཛིན་པ། སྤྱན་གསུམ་ནི་དུས་གསུམ་མཁྱེན་པ། ཞབས་གཉིས་ཀྱི་བསྐྱང་བསྐུམ་ནི་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པ། ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ས་གསུམ་
གྱི་གདོན་འཇོམས་པ། གཟུང་འཛིན་སྤངས་བའི་སྟག་ལྤགས། མི་དགེ་བ་སྤངས་པའི་གོས་སྔོན། སྣ་ཚོགས་པའི་ཡོན་ཏན་ནི་སྐུའི་རྒྱན་ནོ། །ཞེས་བརྗོད། དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་དང་འཕྲིན་ལས་སྒྲུབ་པ་ལ་དབང༌། ས་དང་པོ་མན་ཆད་ཀྱི་ནུས་པ་འཇོག སྐུ་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས། གསང་དབང་དུ་མནྚལ་ཕུལ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །གསང་བའི་སྤྱོད་པ་ཐབས་ལྡན་པའི། །ཤེས་རབ་ཆེན་པོའི་སྣོད་འགྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། ཞེས་པའམ། གསང་བའི་དབང་བསྐུར་སྩལ་དུ་གསོལ། ཞེས་འདོན་པ་སྤོས་ཀྱང་རུང༌། ལན་གསུམ། གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བདུད་རྩི་ཆེན་པོའི་རོ་མྱང་ཕྱིར། དབང་བསྐུར་འདི་ལ་ཁྱོད་སྤྲོའམ། ཚིག་གོང་མ་གསུམ་འདྲ་བ་ལས། དབང་བསྐུར་འདི་ལ་བདག་སྤྲོ་ལགས། ཨཱ་ཁཾ་ཝཱི་ར་ཧཱུཾ། མིག་དར་བཅིངས། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ། ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པར་ཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་སྐུ་ལ་རྗེས་སུ་བཞུགས་པར་གྱུར། ཡུམ་གྱི་པདྨའི་སྣ་རྩེར་པདྨ་འདབ་ལྔའི་ལྟེ་བ་ལ་རྡོ་རྗེ་མཱ་མ་ཀཱི། འདབ་མ་བཞི་ལ་སྤྱན་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་བཞུགས། ཡབ་ཀྱི་རྡོ་རྗེའི་བུ་གར་འཁོར་ལོ་རྩིབས་བཞི་
པའི་ལྟེ་བར་མི་བསྐྱོད་པ། རྩིབས་བཞི་ལ་རྣམ་སྣང་རིན་འབྱུང༌། འོད་དཔག་མེད། དོན་ཡོད་སྒྲུབ་པ་རྣམས་འཁོར་བར་གྱུར། ཕྱི་དང་ནང་གི་ལྷ་མོ་རྣམས་ཀྱི་མཁའ་ནི་ཨཿལས་བྱུང་བའི་པདྨ་ཨཿས་མཚན་པ་དང༌། དཔའ་བོ་རྣམས་ཀྱི་གསང་བ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། ཕྱི་དབྱིབས་ཀྱི་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པས། གཞིར་གནས་ཀྱི་ཐིག་ལེ་དཀར་དམར་དང༌། སྔར་སྤྱན་དྲངས་པའི་སངས་རྒྱས་འཁོར་བཅས་ཐམས་ཅད་གསང་བའི་རིགས་ལྔ་ཡབ་ཡུམ་ལ་ཐིམ། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་ཐབས་དང་ཤེས་རབ་རོ་མཉམ་པའི་བྱང་ཆུབ་ཀྱི་སེམས་བདེ་བའི་ངོ་བོར་ཞུ། དེ་ཉིད་ཐབས་ཤེས་ཀྱི་མཁའ་གསང་ལས་ཕྱིར་བྱུང་སྟེ། བདག་གི་ལྕེ་ལ་བཞག །དཔའ་བོ་རྣལ་འབྱོར་མ་ཀུན་གྱི། །དམ་ཚིག་འདི་ནི་ངོ་མཚར་ཆེ། ཁམས་ལྔ་ཡི་ནི་རོས་གང་བའི། །བདེ་བ་ཆེན་པོ་མྱང་བར་གྱིས། ཞེས་ཆེད་དུ་བརྗོད། ཨཱ་ཧོ་སུ་ཁ་སྐལ་ཆེན་པོ། །དངོས་སྒྲུབ་དམ་པ་རྩལ་དུ་གསོལ། གསང་རྫས་མྱངས་བར་གྱུར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། ཨོཾ་ཨཱཿཧཱུཾ། གདོང་གཡོགས་བཀྲོལ། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ས་བདུན་པ་མན་ཆད་ཀྱི་ནུས་པ་བཞག །ལམ་རྩ་དང་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང༌། གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །ཤེས་རབ་ཡེ་ཤེས་
ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་གདབ་དང་དྲི་བ་དྲི་ལན་མིག་དར་བཅིང་བ་གསང་དབང་དང་འདྲ་བ་ལས། ཤེས་རབ་ཡེ་ཤེས་དབངབསྐུར་སྩོལ། ཞེས་འདོན་པ་སྤོས་ཀྱང་རུང༌། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཡེ་ཤེས་བསྒྲུབ་པའི་དོན་དུ་གཏད་པར་གྱུར། ལྷ་མོ་འདི་ནི་ཁྱད་པར་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོང༌། །བུ་ཡི་བླ་མེད་མཆོད་པར་གྱིས། །དེས་ཀྱང་བྱང་ཆུབ་སེམས་ནི་བླ་ན་མེད། །བུ་ཡིས་ཅི་དགར་བཟའ་ནུས་སམ། །ཕྱག་རྒྱ་ལྔ་ལས་བྱུང་བ་ཡི། །རིག་མ་དད་པས་མཆོད་ནུས་སམ། །བཤང་གཅི་ཁུ་བ་རཀྟ་སོགས། །འདི་ཉིད་དུ་ནི་བསྟེན་ནུས་སམ། །ང་ཡི་གསང་བའི་པདྨ་ནི། །བདེ་བ་མྱུར་དུ་སྐྱེས་པ་སྟེ། ཁྱོད་ཀྱིས་རྟག་ཏུ་མཆོད་ནུས་སམ། ཞེས་བྲིས་པ་ལ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཞེས་ལན་བཏབ། སྟོང་པའི་ངང་ལས་བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། རིག་མ་ལྷ་མོ་མཛེས་ལྡན་མའི་སྐུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡབ་ཀྱི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་ཞིང༌། རྩེ་མོར་ཕཊ་ཀྱིས་བརྒྱན་པ། ཡུམ་གྱི་མཁའ་ཨཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ་ཨཿཡིག་གིས་མཚན་པ། ཡབ་ཡུམ་སྙོམ་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་སྤྱི་བོའི་ཧཾ་ཡིག་བཞུ་སྟེ། རྩ་འཁོར་ལོ་བཞིར་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བ་བཞི་མངོན་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུཾ། མིག་དར་བཀྲོལ། རྡོ་རྗེ་སྤྱི་བོར་བཞག ང་དང་རྡོ་རྗེ་སློབ་དཔོན་དང༌། །
མཆེད་དང་ལྕམ་དྲལ་ལ་སོགས་དང༌། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །མ་མོས་བརྙས་པར་མ་བྱེད་ཅིག །གཞན་ཡང་དམ་ཚིག་བཤད་པ་རྣམས། །རྟག་ཏུ་ཁྱོད་ཀྱིས་སྲུང་བར་གྱིས། །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །དོན་ནི་བདག་ཉིད་ཀུན་གྱིས་ཀྱཻ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང༌། དག་པ་ས་གསུམ་གྱི་ནུས་པ་བཞག ཐུགས་རྡོ་རྗེ་མངོན་དུ་འགྱུར་པའི་སྐལ་བ་ཅན་དུ་བྱས་སོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། དབང་བསྐུར་གསུམ་པོ་བདག་ལ་གནང༌། །དེ་རིང་རིང་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བདག་ལ་སྐྱོབས། ལན་གསུམ། ཡེ་ཤེས་འདི་ནི་ཆེར་ཕྲ་ཞིང༌། །རྡོ་རྗེ་རྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། ཁྱོད་རང་ཡང་ནི་དེ་ཡི་ཕ། སེམས་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མ་ནས་དོན་དམ་པའི་དཀྱིལ་འཁོར་དུ་རང་ཤར་བ། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་བཞི་པའི་དོན་གྱི་དེ་ཁོ་ན་ཉིད་དོ། །འདིའི་གཞུང་ན་དབང་བཞི་པ་ཞལ་ཤེས་སུ་མཛད། བོད་སྔ་མ་རྣམས་ཀྱི་ཡི་གེ་ན། བཞི་པ་ལ་མིག་དར་བཅིངས་འགྲོལ་རེ་ཡང་བྱེད་པར་བྱས་མོད། རང་ལུགས་ལ་མི་དགོས་སོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་
སྒོམ་པ་ལ་དབང༌། ས་བཅུ་གཅིག་པ་དང་བཅུ་གཉིས་པའི་ནུས་པ་བཞག །ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །གཙོ་བོས་ཇི་ལྟར་བཀའ་རྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི་ལན་གསུམ། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ༴ སོགས་བྱ། དགེ་བ་བསྔོའོ། །དེ་ནས་ནང་གཏོར་རྣམས་ནང་མཆོད་ལྟར་བྱིན་གྱིས་རླབས། དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ཀྱི་ས་གཞི་ལ་ཀླུ་དང་༴ ཞེས་པ་ནས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་པའི་བར་སྒྲུབ་ཐབས་ལྟར་ནང་གཏོར་རྒྱས་པར་འབུལ་ལོ། །དེ་དག་གིས་ནི་དངོས་གཞིའི་ཆོ་ག་ལས། བདག་འཇུག་གི་རིམ་པ་རྣམས་བསྟན་ཟིན་ཏོ། །སློབ་མ་དབང་བསྐུར་བའི་བྱ་བ་ལ་ནི། རྣམ་པ་གཉིས་ཏེ། ནུབ་དང་པོ་སློབ་མ་སྟ་གོན་གྱི་བྱ་བ་དང༌། ནུབ་ཕྱི་མ་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་དངོས་སོ། དང་པོ་ནི། ལྷ་སྟ་གོན་གྱི་ཉིན་པར་དེ་ཉིད་ཡིན་ན་ཚོམ་བུ་སོགས་ལ་རྗེས་མ་བསྡུས་ན། ཡོལ་བས་སྒྲིབ་པར་འདོད་ཀྱང་མཐའ་གཅིག་ཏུ་ངེས་པ་མི་དགོས་པས་ཅི་བདེར་བྱ། དཀྱིལ་འཁོར་བྲིས་ཟིན་ནས་དངོས་གཞིའི་དཀྱིལ་འཁོར་བསྒྲུབ་པའི་བྱ་བ་དང་འབྲེལ་བའི་སྐབས་ཡིན་ན། ཡོལ་བ་འཐུག་པོས་བསྒྲིབས་ཏེ་ཕྱོགས་ཙམ་ཡང་མི་མཐོང་བར་བྱེད་པ་གལ་ཆེ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། སློབ་མ་རྣམས་སེམས་བསྐྱེད་གསལ་འདེབས་སུ་བཅུག །ཆོས་བཤད་བྱ། སློབ་མས་སྟ་གོན་གྱི་དོན་དུ་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ནས། མགོན་པོས་བདག་ནི་འཇུག་པར་འཚལ། གྱི་བར་སྤྱི་དང་མཐུན་པ་གསོལ་བ་ལན་གསུམ་གདབ། བུ་ཚུར་ཐེག་པ་ཆེན་པོ་ཡི། ཞེས་པ་ནས། བུ་ཡི་བློ་གྲོས་འདི་གྱིས་ཤིག ཅེས་པའི་བར་སྤྲོ་བ་བསྐྱེད་པ་སྤྱི་དང་འདྲ་བ་ལས། རྫོགས་པའི་སངས་རྒྱས་གང་འདས་དང༌།
སོགས་ཚིག་རྐང་དྲུག་མི་བྱེད་པར། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམ་པས། ཞེས་བརྗོད་པའི་ལུགས་དེ་མཛད། དཔའ་བོས་བྱང་ཆུབ་ཤིང་དྲུད་དུ། ཞེས་པ་མན་ཆད་སྤྱི་འགྲོ་ལྟར་རོ། དེ་ནས་སྡོམ་པ་བཟུང་བའི་དོན་དུ་མཎྜལ་ཕུལ་ལ། སྒྲུབ་ཐབས་ནས་འབྱུང་བ་ལྟར་དགུ་རྣམ་པར་དག་པ་བྱ་སྟེ། དེ་ཡང།ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། དེ་དག་དོན་དུ་སེམས་བསྐྱེད་དོ། །ཞེས་པས་མཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། ཞེས་པ་ནས། མྱ་ངན་འདས་ལ་འགོད། ཀྱི་བར་རོ། དེ་ནས་བྱིན་གྱིས་བརླབ་པ་ནི། ཨམྲྀ་ཏས་སངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་མཛད་པ། པད་ཉི་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་རྒྱན་དང་ཆ་བྱས་ཡོངས་སུ་རྫོགས་པར་འགྱུར། དྲི་བཟང་བདུད་རྩི་དང་བསྲེས་པའི་ཐིག་ལེ་གནས་གསུམ་དུ་རེག ཨོཾ་ཨཱཿཧཱུཾ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཿས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པར་མོས་ཤིག
དེ་ནས་མཆོད་པ་ལྔ་པོ་རིམ་བཞིན་ཕུལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ཡི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག ཅེས་སོ། །དེ་ནས་སྙིང་པོ་བཟླས་པས་བྱིན་གྱིས་བརླབས་པའི་སོ་ཤིང་སྟེར་ཏེ། ཆོ་ག་སྤྱི་དང་འདྲ། དེ་ནས་སྤྲོ་བ་བསྐྱེད་པ་ཡང༌། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཞེས་སོགས་སྤྱི་དང་འདྲ་བར་བརྗོད་པ་ལས། གོ་འཕང་བླ་ན་མེད་པར་འགྱུར། ཞེས་པའི་རྗེས་སུ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འགྲོ་དོན་མཉམ་མེད་བྱེད་པར་ནུས། ཞེས་པ་འཇུག །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། དེ་ལ་བུ་ཡིས་བརྩོན་པར་གྱིས། ཞེས་པ་ནི་ཁྱད་པར་རོ། །དེ་ནས་དཔུང་སྐུད་འཆིང་སྟེ། ཨ་མྲྀ་ཏའི་སྔགས་ཀྱིས་སོ་དེ་ནས་ཀུ་ཤ་སྦྱིན་པ་ཡང་སྤྱི་དང་འདྲ། གཞུང་འདིར་མ་བཤད་ཀྱང༌། ཁྱོར་ཆུ་སྦྱིན་པ་ཡང་དགོས་པ་མངོན་ཏེ། བྱེད་ན་སོ་ཤིང་གི་རྗེས་ལའོ། དེ་ནས་རྨི་ལམ་བརྟག་ཅིང་ངན་ན་སྲུང་བ་ནི། བུ་ཀྱཻ་ནང་པར་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང། །རྨི་ལམ་མཐོངབ་གང་ཡིན་པ། །དེ་ཀུན་ང་ལ་ལེགས་པར་སྨོས། ཞེས་བརྗོད་ཅིང་དོན་བཤད་པ་ཡང་སྤྱི་དང་འདྲའོ། སློབ་མ་སྟ་གོན་མདོ་ཙམ་བསྟན་ཟིན་ཏོ། །དངོས་གཞི་སློབ་མ་དབང་བསྐུར་ནི། བདག་འཇུག་གྲོལ་བ་ན། སླར་ཡང་གོང་བཞིན་བདེན་སྟོབས་བརྗོད་ནས། བདག་འཇུག་ཇི་ལྟར་བྱས་པ་བཞིན་སློབ་མ་ལ་བསྐུར་བ་ཡིན་ལ། མི་འདྲ་བའི་ཁྱད་པར་རགས་རིམ་རྣམས་གོང་བདག་འཇུག་གི་སྐབས་སུ་བརྗོད་ཟིན་ལ། གཞན་ནི་ལག་ལེན་བྱེད་པའི་རིམ་པ་ལ་བལྟས་པས་ཤེས་པར་འགྱུར་གྱི་ཡི་གེས་ཅི་ཞིག་བྱ། དེང་སང་འདི་ན་ཆེན་རློམ་འགའ་ཞིག་གཞན་ལ་འགྲན་པའི་ཕྱིར་དང༌། ཆོས་རྒྱུན་རྣམ་དག་ལ་གནོད་པ་སྐྱེལ་བའི་ཕྱིར། དཔེ་སྒྲོགས་ཀྱི་དབང་བསྐུར་འདྲ་བྱེད་དེ། སངས་རྒྱས་དང་ཐམས་ཅད་མཁྱེན་པར་ཁས་ལེན་བཞིན་དུ།
དབང་བསྐུར་ལུགས་ལག་ལེན་འོལ་ཅི་ཙམ་ཡང་མི་ཤེས་པར་ཡུ་བ་མེད་པའི་གཞུག་སྡུམ་ཤེས་ལྡན་ཁྲེལ་བའི་རྒྱུ་མང་པོ་སྣང་བ། དེ་དག་ནི་དང་པོར་བླ་མ་ལ་མ་ཐོབ། བར་དུ་ལག་ལེན་མ་མཐོང༌། མཐར་དཔེ་ཆ་བལྟས་པས་གོ་ལ་རེ་བྱས་ཀྱང་ཁོང་མ་ཁྲོལ་བའི་སྐྱོན་ཡིན། གཞན་ལ་འདྲན་པའི་ཕྱིར་དུ་ཆོ་ག་འདྲ་བྱེད་འདོད་ནས། བརྒྱུས་པ་དང་ཁུངས་གང་ཡང་མི་འཚོལ་བར་གནས་གཞི་གོག་པོ་རེ་ནས་བླུན་པོ་དམ་མཉམ་སྡོམ་ཤོར་རེ་བོས་ཏེ། གསང་སྔགས་ཀྱི་ཕྱག་ལེན་ཡར་འབུལ་གྱིན་ཡོད་དོ། །ཟེར་བ་མཐོང་སྟེ། གར་འཆམས་འདྲ་དང་མགུར་དབྱངས་ཡིན་ཟེར་ནས་བོད་སྐད་རྒྱག །མི་ནག་མགོ་སྐོར་འདྲ་བྱེད། །སངས་རྒྱས་ཀྱི་བསྟན་པའི་རྨངས་ནས་ཞིག །གསང་སྔགས་ཀྱི་སྲོག་རྩ་བཅད། རྒྱལ་ཁམས་ཕུར་བར་བྱེད་པ་ཡིན་པ། དེ་ལྟར་མ་གོ་བར་ཤེས་ལྡན་ཡིན་དུ་རེ་བའི་དགེ་བཤེས་དང༌། སྡེ་དཔོན་དག་དེའི་རྗེས་ལ་རྒྱུག་པ་དག་སྣང་བ་ནི། རྡོ་རྗེ་འཛིན་པས་ཐབ་ཏུ་གཞུག་པར་བྱ་རྒྱུ་ཡིན་ནོ། །དེས་ན་གསང་སྔགས་ཀྱི་ཆོས་དེ་རྒྱུད་གཞུང་ཚད་ལྡན་ལས་བཤད་པ་ཞིག་དགོས། བརྒྱུད་པ་མ་ཆད་པ་ཞིག་དགོས། ལག་ལེན་མ་འཚོལ་བ་ཞིག་དགོས། བླ་མའི་འོག་ཏུ་སློབ་མ་འཛུལ་བ་ཞིག་དགོས། ཤེས་རབ་དང་རིག་པ་ཡོད་རློམ་གྱི་བླ་ཆོས་བྱས་པས་མི་འོང༌། ཤེས་རབ་ཀྱི་ཉི་མ་ཤར་བ་ཞིག་གིས་ཀྱང་ནན་ཏན་ཞིབ་ཏིག་བྱས་པ་ཞིག་དགོས་པ་ཡིན། པོ་ཏི་བལྟས་པ་གཅིག་པུས་ཀྱང་མི་འོང༌། ཉམས་མྱོང་ཡིན་རྫུ་དང༌། ཁོག་ནས་བརྡོལ་བ་ཡིན་ལོ་བའི་ཟོལ་སྦྱོར་དང༌། ཞལ་མཐོང་ཡིན་ཟེར་བ་དང༌། བླ་མ་མ་བསྟེན་པར་སྐྱེ་བ་དྲན་པ་ཡིན། ཕ་མེས་ཀྱི་ཆོས་ཡིན་ཟེར་བ་སོགས་ཀྱིས་གྲུལ་མི་བཏུབ་དུས་དེང་སང་བླ་མའི་ཞལ་གྱི་མན་ངག་གིས་ལེགས་པར་བརྒྱན་པ། སེལ་མེད་ཅིང་བྱིན་རླབས་དང་ལྡན་པ་ཞིག་དགོས་སོ། །རྗེས་ཀྱི་ཆོ་ག་ནི། མཆོད་པ་གསར་བ་བཤམས། སྙིང་པ་ཁ་གསོ། དཀྱིལ་འཁོར་སྒྲུབ་པའི་མཆོད་པའི་སྐབས་བཞིན་བྱིན་གྱིས་བརླབས། འགྲོ་བའི་མགོན་པོ་ཐུགས་རྗེ་
ཅན། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། གཟུང་འཛིན་དྲི་མས་མ་གོས་པར། །མཉེས་ཕྱིར་སྐུ་གསུང་ཐུགས་ལ་འབུལ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨརྒྷཾ། པཱ་དྱཾ་ཨཉྩ་མ་ནཾ། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་ཆུ་གསུམ་ཚིག་གཅིག་གིས་འབུལ། །གཞན་མེ་ཏོག་དམ་པ་འདི་དག་ནི། ཞེས་སོགས་རོལ་མོའི་བར་དུ་གོང་བཞིན། ཐབས་དང་ཤེས་རབ་སྦྱོར་བ་ཡི། ཞེས་པ་ནས། ལས་ཀུན་སྒྲུབ་ལ་བསྟོད། སྤྱི་དང་མཐུན་པར་དངོས་སྒྲུབ་ཞུ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་མང་དུ་བཟླ། མ་འབྱོར་བ་དང་༴ སོགས། ལྷག་པ་དང་ནི་༴ སོགས། གཙོ་བོ་ནུས་པ༴ སོགས་ཀྱིས་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་བརྟན་བཞུགས་སྤྱི་དང་མཐུན། རྡུལ་ཚོན་གྱི་ཆོ་ག་ཞག་སྦྲེལ་བྱེད་པའི་སྔ་མ་རྣམས་ལའང་གཤེགས་གསོལ་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད། རྡུལ་ཚོན་གཤེགས་གསོལ་བྱེད་ན་སྔོན་དུ་ཐོ་ཕྱིན་རྟེན་གསུམ་ཡོད་པ་རྣམས་ལ་བརྟན་བཞུགས་བྱས། དེ་རྗེས་རྡུལ་ཚོན་གཤེགས་གསོལ་དང༌། རྡུལ་ཚོན་ཆུ་བོར་སྦྱན་འདྲེན་དང་བུམ་པ་བསྡུ་བ་དང༌། ཐིག་ཆས་བསྡུ་བ་གནས་གསུམ་བྱིན་རླབས་དང༌། སྲུང་བ་དང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱ་སྟེ་སྤྱི་དང་འདྲའོ། །འཁོར་ལོ་ཆེན་པོ་དབང་གི་ཆེ་བར་གྲགས། །རྒྱུད་སྡེའི་མཐར་ཐུག་རྣལ་འབྱོར་བླ་མེད་ལུགས། །གསང་སྔགས་ཕྱི་འགྱུར་ཚད་ལྡན་དབང་བཞིའི་སྲོལ། །མཁས་མང་བྱེ་བས་བསྟེན་འདི་ངོ་མཚར་རྨད། །དབང་ཆོག་བྲིས་པའི་དགེ་བ་གང༌། །སྟོན་ཀའི་ཟླ་ལྟར་དཀར་བ་དེས། །འགྲོ་བ་དྲུག་ན་སྤྱོད་པ་རྣམས། རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་ཆོག་སྲིད་གསུམ་འདུལ་བྱེད་ཅེས་བྱ་བ་འདི་ནི། ཛ་བ་རི་པའི་དཀྱིལ་ཆོག་གི་གཞུང་ཡོད། སྨ་ར་ཆེན་པོའི་གསལ་བྱེད་
དང༌། ཀུན་མཁྱེན་སངྒྷ་བ་དང༌། ལོ་ཙཱ་བ་རིན་རྣམ་མ་དང༌། འདུལ་འཛིན་གྲགས་རྒྱལ་མ་སོགས་དཀྱིལ་ཆོག་སྔ་ཕྱི་མང་པོའང་མཐོང་མོད་ཀྱི། ཐམས་ཅད་ཁ་སྐོངས་ཐན་ཐུན་མ་གཏོགས་དོན་ལ་འགལ་བ་མི་འཇུག་ཅིང༌། དཀྱིལ་ཆོག་བོད་མ་རྣམས་ན་མི་གསལ་བ་གཞུང་ན་ཡོད་པའང་ཅི་རིགས་སྣང༌། འདིར་ནི་གཞུང་དང་མཐུན་པར་སྙིང་པོའི་གནད་བསྡུས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བཀོད་པའོ།། །།ཛ་ཡ་ཛ་ཡ་ཛ་ཡནྟུ། ཡང་སྨྲས་པ། འདི་ལ་དཀྱིལ་ཆོག་མང་ན་ཡང༌། །མན་ངག་ལུགས་དང་གཞུང་གི་ལུགས། །མ་འདྲེས་འབྱེད་པ་ཉུང་བའི་ཕྱིར། །འདིར་ནི་གསལ་བར་བཀོད་པ་ཡིན། །བར་སྐབས་བྱུང་བའི་མན་ངག་ལ། །གཞུང་གི་དོན་དུ་རློམ་པ་རྣམས། །གཞུང་ནི་འཁྲུགས་ཅན་ཡིན་ནོ་ཞེས། །གཞུང་དོན་ལོག་པར་འཛིན་པ་མཐོང༌། །ལོ་པཎ་དངོས་ཀྱི་མན་ངག་ཀྱང༌། །སྨད་པར་མི་བྱ་བཟང་མོད་ཀྱི། །ཀྱཻ་རྡོར་འབྲོག་ལུགས་འཕགས་སྐོར་དང༌། །འཕྲེང་བའི་ཁ་བསྐོངས་འདིར་མི་དགོས། །འདི་ནི་ཐུན་མོང་མན་ངག་སྟེ། །ཀུ་ས་ལི་བའི་ལུགས་ཡིན་པས། །མང་པོ་བལྟས་པའི་ལེགས་བསྡུས་ཀྱིས། །ཆོས་འདིའི་ལུགས་སུ་མི་འགྱུར་རོ། །མཁས་པའི་ལུགས་ལ་མཁས་པ་དང༌། །ཀུ་ས་ལི་ལ་རྣལ་འབྱོར་པའི། །ལུགས་བཞིན་ལེགས་པར་ཤེས་ན་ནི། །སྐྱོན་མེད་ཡོན་ཏན་ཀུན་ལྡན་འགྱུར། ཞེས་པའང་ཏཱ་ར་ན་ཐས་ཆེད་དུ་བརྗོད་པའོ། །ཞུས་དག། མངྒལཾ། །